དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๒ · หน้า 109a
དང་ལྷན་ཅིག་ཕྲད་པ་ནི་སྦྱོར་བའོ། །རྣམ་པར་འགྱུར་བ་ནི་ལོག་པར་འཇུག་པ་སྟེ། འཁྲིག་པ་ཀུན་དུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ལ་སོགས་པ་རྣམས་ནི་གོམས་པའི་སྟོབས་ཉིད་ཀྱིས་རང་གི་ངང་གིས་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་ནི་གདོན་མི་ཟ་བར་ངེས་པར་
བྱའོ། །འདི་ལྟར་ཤེས་རབ་དང་ཚུལ་ཁྲིམས་ལ་སོགས་པ་གང་དག་འཁོར་བར་མི་འོས་པ་འཁོར་བར་མ་གོམས་པ་དེ་དག་རང་གི་ངང་གིས་འབད་པ་མེད་པར་འཇུག་པར་མི་འགྱུར་རོ། །མྱོས་སོགས་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་སྟེ། མྱོས་པ་ནི་དྲེགས་པའོ། །འདི་ལྟ་མ་ཡིན་ན་མྱོས་པ་
ལ་སོགས་པ་བཞིན་དུ་ཤེས་རབ་ལ་སོགས་པ་ཡང་རང་གི་ངང་གིས་འཇུག་པར་འགྱུར་རོ། །ཁ་ཅིག་ན་རེ་བད་ཀན་ལས་འདོད་ཆགས་སོ། །མཁྲིས་པ་ལས་ཞེ་སྡང་ངོ་། །རླུང་ལས་ནི་རྨོངས་པ་ཞེས་ཟེར་བ་དེ་ལ། འོན་ཏེ་བད་ཀན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བད་ཀན་ནི་བད་ཀན་གྱི་
ནད་དོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་སོ་སོར་རྟོག་པ་ཡོད་པ་ན། དེ་ཡོད་ཀྱང་དེ་མི་འབྱུང་ཕྱིར། །ཞེས་བྱ་བ་ལ་སོགས་པས་དཔེར་ན་ཡུལ་ལ་འཁྲུལ་པ་བརྗོད་པ་བཞིན་ནོ། །གཞན་ཡང་བད་ཀན་ལ་སོགས་པ་འཕེལ་བ་དང་འགྲིབ་པ་དག་གི་འདོད་ཆགས་ལ་སོགས་པ་འཕེལ་བ་དང་འགྲིབ་པར་འགྱུར་
བ་མ་ཡིན་ལ། གང་ཞིག་ཐ་དད་པས་གང་ཐ་དད་པར་མི་འགྱུར་བ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་བད་ཀན་ཅན་ཡང་ཞེ་སྡང་ཤས་ཆེ་བར་མཐོང་གི་འདོད་ཆགས་དྲག་པོ་ནི་མ་ཡིན་ལ། མཁྲིས་པའི་རྒྱུ་ཅན་ཡང་འདོད་ཆགས་
བདོ་བར་མཐོང་གི་ཞེ་སྡང་ལ་སོགས་པ་ཤས་ཆེ་བ་ནི་མ་ཡིན་ནོ་ཞེས་འཆོལ་བར་མཐོང་ངོ་། །གང་མེད་ཀྱང་གང་ཡོད་པ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཞིང་། གནས་སྐབས་གང་དུ་ཆགས་པ་ཅན་དུ་མཐོང་བ་དེའི་གནས་སྐབས་སུ་ཞེ་སྡང་ཡང་ཡིན་པས་དེའི་ཕྱིར་ཡང་འཁྲུལ་པས་འདོད་ཆགས་
ལ་སོགས་པ་ནི་བད་ཀན་ལ་སོགས་པས་ཆོས་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བས་ནི་མཇུག་སྡུད་པ་ཡིན་ནོ། །གང་གོམས་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི་གང་ལ་སྔོན་དུ་འགྲོ་བ་ནི་གང་གོམས་པ་སྔོན་དུ་འགྲོ་བ་སྟེ། གང་དག་ལ་རྒྱུ་སྔ་མ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལ་གོམས་པ་
เล่ม ๑๙๒ · หน้า 109b
སྔོན་འགྲོ་ཉིད། །ཅེས་བྱ་བ་ལ་སོགས་པས་གཞན་གྱི་ཀླན་ཀ་དོགས་པར་བྱེད་པ་ཡིན་ནོ། །དེ་ལ་ཀླན་ཀ་ནི་འདི་ཡིན་ཏེ། དང་པོར་བྱུང་བ་དག་འཇིག་རྟེན་འདི་ལ་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་བསྒྲུབ་པར་བྱ་བ་ཡིན་ནམ། འཇིག་རྟེན་ཕ་རོལ་དུ་གོམས་པ་སྔོན་དུ་འགྲོ་བ་ཉིད་དམ། དེ་གྲུབ་པ་ན་
ཤུགས་ཀྱིས་འཇིག་རྟེན་ཕ་རོལ་དུ་གོམས་པ་སྔོན་དུ་སོང་བ་ཅན་ཉིད་ཀྱི་འདོད་པ་གྲུབ་པར་འགྱུར་བ་ཁྱད་པར་མེད་པ་གོམས་པ་སྔོན་དུ་སོང་བ་ཙམ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཕྱོགས་གསུམ་མོ། །དེ་ལ་ཕྱོགས་དང་པོ་ལ་མཐོང་བ་དང་འདོད་པས་གནོད་དེ། འདོད་ཆགས་ལ་སོགས་པ་དང་
པོར་བྱུང་བ་འདོད་ཆགས་ལ་སོགས་པ་རྣམས་ནི་ཚེ་འདི་ལ་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་མ་མཐོང་ལ། འཇིག་རྟེན་ཕ་རོལ་དུ་སྨྲ་བ་འདོད་པ་ཡང་མ་ཡིན་པས་མཐོང་བ་དང་འདོད་པ་དག་གིས་གནོད་དོ། །ཕྱོགས་གཉིས་པ་ལ་ཡང་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ། །འཇིག་རྟེན་རྒྱང་པན་
པ་ལ་འཇིག་རྟེན་ཕ་རོལ་དུ་གོམས་པ་སྔོན་དུ་སོང་བ་ཉིད་དང་ལྡན་པ་དཔེ་འགར་ཡང་ཡོད་པ་མ་ཡིན་ནོ། །ཕྱོགས་གསུམ་པ་ལ་ཡང་གཏན་ཚིགས་འགལ་བ་ཡིན་ཏེ། དེ་བཞིན་ནི་དཔེ་བཞིན་དུ་སྟེ། སྲིད་པ་གཞན་དུ་གོམས་པ་སྔོན་དུ་སོང་བ་ཉིད་ཀྱི་འདོད་པ་མེད་པར་སྒྲུབ་པར་བྱེད་པའི་ཕྱིར་རོ། །སྤྱི་
ཙམ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདིར་ཕྱོགས་གསུམ་པ་ཁོ་ན་མངོན་པར་འདོད་ལ། གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་གང་གིས་འཇིག་རྟེན་ཕ་རོལ་དུ་གོམས་པ་སྔོན་དུ་སོང་བ་ཉིད་འདི་ཟློག་པར་བྱེད་པ་འདོད་ཆགས་ལ་སོགས་པ་འདི་སྲིད་པ་
གཞན་དུ་གོམས་པ་སྔོན་དུ་སོང་བ་དེ་དང་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ཞེས་ཐ་དད་དུ་རྣམ་པར་གཞག་པ་བྱས་པ་འདི་ནི་རྣམ་པར་གཞག་པ་ཙམ་ཡིན་ཏེ། བྱིས་པ་དང་ལང་ཚོའི་བྱེ་བྲག་བཞིན་ནོ། །རྣམ་པ་འདིས་ཐོག་མ་མེད་པ་ཉིད་
དུ་བསྒྲུབ་པའི་ཕྱིར་འདི་ལ་མངོན་པར་ཞེན་པར་མི་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། །འཇིག་རྟེན་རྒྱང་པན་བརྟག་པ་སྟེ། ཉི་ཤུ་བདུན་པའོ།། །།དེ་ནི་གཟུགས་བརྙན་ལ་སོགས་པ་ལྟ་བུ་ཡིན་ཞེས་བྱ་བའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཁྱད་པར་བསྒྲུབ་པར་
เล่ม ๑๙๒ · หน้า 110a
བྱ་བའི་ཕྱིར། རྣམ་པར་ཤེས་པ་སྨྲ་བ་ཉེ་བར་འགོད་དོ། །དེ་ལ་ཁམ་གསུམ་པ་འདི་ནི་རྣམ་པར་རིག་པ་ཙམ་ཉིད་དོ། །རྣམ་པར་ཤེས་པ་དེ་ཡང་དེ་ཁོ་ན་ཉིད་མ་རྟོགས་པ་རྣམས་ལ་སེམས་ཅན་རེ་རེའི་རྒྱུད་ཐ་དད་པའི་ཕྱིར་མཐའ་མེད་པ་དང་མ་དག་པ་ཡིན་ལ། སྒྲིབ་པ་སྤངས་
པ་རྣམས་ཀྱི་ནི་དག་པ་དང་སྐད་ཅིག་རེ་རེ་ལ་ཐ་དད་པར་སྲོག་ཆགས་ཐམས་ཅད་ལ་སྐྱེ་བ་ཡིན་གྱི། ཇི་ལྟར་གསང་བར་སྨྲ་བ་ལྟར་མི་འགྱུར་བ་གཅིག་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སངས་རྒྱས་པའི་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱི་ལུགས་ཡིན་ནོ། །དེ་ལ་ས་ལ་སོགས་པའི་རང་བཞིན་གྱི་གཟུང་
བར་བྱ་བའི་ཕྱི་རོལ་མེད་པ་ཉིད་ཀྱིས་གཟུང་བར་བྱ་བ་མེད་ན་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རམ། རྒྱུད་གཞན་ཡོད་ན་ཡང་གཟུང་བ་དང་འཛིན་པའི་མཚན་ཉིད་མི་འཐད་པའི་ཕྱིར་རྣམ་པ་གཉིས་ཀྱིས་རྣམ་པར་རིག་པ་ཙམ་དུ་འདོད་དོ། །དེ་ལ་སྦྱོར་བ་ནི་གང་དང་གང་ཤེས་པ་ཡིན་པ་དེ་དང་དེ་ནི་
གཟུང་བ་དང་འཛིན་པ་གཉིས་དང་བྲལ་བ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་གཟུགས་བརྙན་གྱི་ཤེས་པ་བཞིན་ནོ། །རྩོད་པའི་གཞིར་གྱུར་པའི་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་ཤེས་པ་འདི་ཡང་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་
ཁྱབ་པ་མེད་པ་ཡིན་པར་བསམ་པར་མི་བྱ་སྟེ། འདི་ལྟར་རེ་ཞིག་འདིའི་གཟུང་བར་བྱ་བ་ལ་སོགས་པའི་ཕྱིར་རོལ་གྱི་དོན་ནི་ཡོད་པ་མ་ཡིན་ཏེ། དེ་ནི་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་ནི་རྟོག་པ་དང་ལྡན་པས་
ཡོད་པ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ། དཔེར་ན་ནམ་མཁའི་ཨུཏྤལ་བཞིན་ནོ། །གཞན་གྱི་མངོན་པར་འདོད་པའི་ས་ལ་སོགས་པ་ཡང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཕུང་པོ་གཞན་གསུམ་པ་མེད་པས་གཅིག་དང་
དུ་མ་དག་གིས་ཡོད་པ་ལ་ཁྱབ་པའི་ཕྱིར་ཁྱབ་པར་བྱ་བ་དང་བྱེད་པའི་དངོས་པོ་མི་འཐད་པ་ནི་ཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མ་ཡིན་པའི་ཕྱིར་དེ་མ་ཐག་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །འདིར་གཏན་
เล่ม ๑๙๒ · หน้า 110b
ཚིགས་འདི་མ་གྲུབ་པ་ཉིད་དུ་བསྟན་པ་དང་། གང་ཡང་། འབྱུང་བ་ཉིད་ཀྱང་ཡོད་མིན་ཞེས། །རིགས་པའི་མཆོག་འདི་འདོད་པར་གྱིས། །ཞེས་བཤད་པའི་དམ་བཅའ་བ་མངོན་སུམ་ལ་སོགས་པ་དང་འགལ་བར་བསྟན་པ་དང་གཏན་ཚིགས་དང་པོ་ཁྱབ་པ་མེད་པ་ཉིད་དུ་བསྟན་པར་འདོད་
ནས། གཞན་གྱིས། གལ་ཏེ་ཤེས་པ་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཆད་དང་ཞེས་བྱ་བ་འདིས་ཤེས་པ་ལས་ཐ་དད་པའི་གཟུང་བར་བྱ་བ་གྲུབ་པ་ཉིད་དུ་སྟོན་ཏོ། །ནམ་གསལ་བར་ཞེས་བྱ་བ་འདིས་ནི་མངོན་སུམ་ཉིད་དུ་བསྟན་ཏོ། །འདི་ཉིད་ཐལ་བར་འགྱུར་
བའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། དེའི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱི་རོལ་དོན་འདི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་གྲུབ་པ་ཡིན་ན། རྡུལ་ཕྲ་རབ་ཐ་དད་པ་དུ་མའམ། དེ་དག་གིས་བརྩམས་པའི་ཡན་ལག་ཅན་རགས་པ་
གཅིག་གམ། མ་བརྩམས་པ་ཞེས་བྱ་བའི་ཕྱོགས་རྣམས་སུ་འགྱུར་བ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། ཆ་མེད་པའི་ལུས་ཅན་གྱི་རྡུལ་ཕྲ་རབ་དུ་མའི་ཤེས་པ་སོ་སོར་རིག་པ་མེད་པའི་ཕྱིར་དང་། རྟག་ཏུ་ཤེས་པ་རགས་པའི་རྣམ་པ་ཅན་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །ཡང་ན་
ཤེས་པ་དེ་དག་རིག་པ་མེད་པའི་ཕྱིར་རོ་ཞེས་བདུན་པའི་མཐའ་ཅན་དུ་སྟོན་ལ་བསྡུ་བར་བྱའོ། །སྦྱོར་བ་ནི་གང་ཞིག་མངོན་སུམ་དུ་མངོན་པར་འདོད་པའི་ཤེས་པ་ལ་རང་གི་རྣམ་པས་མི་སྣང་བ་དེ་ནི་མངོན་སུམ་ཉིད་དུ་གཟུང་བར་བྱ་བ་མ་ཡིན་ཏེ། དཔེར་ན་ནམ་མཁའི་པདྨོ་བཞིན་ནོ། །མངོན་སུམ་དུ་མངོན་
པར་འདོད་པའི་ཤེས་པ་ལས་རྡུལ་ཕྲ་རབ་དུ་མའི་ལུས་ཅན་གྱིས་རིགས་པའི་རྣམ་པ་དང་ལྡན་པ་སྣང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་སྟེ། རང་གི་རྣམ་པ་སྣང་བ་ཉིད་ཀྱིས་མངོན་སུམ་ཉིད་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཆའི་དབྱེ་བ་ཞེས་བྱ་བ་ལ་
སོགས་པ་སྣོས་སོ། །ཡང་ཅི་སྟེ་ཚོགས་པ་ཁོ་ན་སྐྱེ་བ་དང་འཇིག་གོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར། དེས་ན་རྡུལ་ཕྲ་རབ་རེ་རེ་སྣང་བ་མ་ཡིན་ནོ་སྙམ་དུ་སེམས་ཏེ། ཇི་སྐད་དུ་བཙུན་པ་དགེ་སྲུངས་ཀྱིས། །རྡུལ་ཕྲན་རྣམས་ཀྱི་རང་དབང་དུ། །རེ་རེ་འབྱུང་བ་ཡོད་མ་ཡིན། །འདི་ཡི་ཕྱིར་ཡང་
เล่ม ๑๙๒ · หน้า 111a
རྡུལ་ཕྲན་རྣམས། །རེ་རེ་སྣང་བ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་ནི་ལན་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་དག་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གནས་སྐབས་དེ་རྣམས་སུ་ཞེས་བྱ་བ་ནི་ལྷན་ཅིག་པའི་གནས་སྐབས་སུའོ། །གཞན་ཡང་གལ་ཏེ། རྡུལ་
ཕྲ་རབ་རྣམས་ཆ་མེད་པ་ཡིན་ན། འོ་ན་ལུས་ཅན་ཞེས་བརྗོད་པར་མི་བྱ་བའི་ཕྱིར་དམ་བཅའ་བ་རང་གི་ཚིག་དང་འགལ་བར་འཆད་པ་ནི། དེ་དག་ཕྲ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་སྟེ་རང་བཞིན་གང་གི་ཕྲ་བའི་མཐར་ཐུག་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་སྐད་དུ་བསྟན་པ་
ཡིན་ཏེ། གལ་ཏེ་ཕྲ་བའི་ཡན་ལག་གི་རྣམ་པར་དབྱེ་བས་ཕྲ་བའི་རང་བཞིན་མ་ཡིན་པར་མི་འགྱུར་ན་སྟེ། གལ་ཏེ་ཆ་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེའི་ཚོར་བ་ལ་སོགས་པ་བཞིན་དུ་ལུས་ཅན་དུ་གྲུབ་པར་མི་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འདྲ་བའི་སྐད་ཅིག་ཅེས་
བྱ་བ་ལ་སོགས་པས་བཙུན་པ་དགེ་སྲུངས་ཀྱི་ལན་འདེབས་པར་བྱེད་དེ་དེ་ན་རེ། དཔེར་ན་འདྲ་བའི་སྐད་ཅིག་གཞན་དང་གཞན་སྐྱེ་བའི་ཕྱིར་འཁྲུལ་པས་མངོན་སུམ་གྱིས་བཟུང་ན་ཡང་སྒྲ་ལ་སོགས་པ་ལ་རྟོག་པ་ཉིད་དུ་འཁྲུལ་པ་དེ་བཞིན་དུ་རིགས་མཐུན་པའི་རྡུལ་ཕྲ་རབ་ཡུལ་བར་མ་མེད་པ་
རྣམས་ཅིག་ཅར་འཛིན་པ་ན་རགས་པའོ་སྙམ་པའི་ཡིད་ཀྱི་འཁྲུལ་པ་འབྱུང་ངོ་། །དེ་ལྟ་ཡིན་དང་། ཆ་མེད་ལུས་ཅན་རྡུལ་དུ་མའི། །ཤེས་པ་རིག་པ་མེད་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་ཟེར་རོ། །རང་གི་བྱ་བའི་སྟོབས་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་
འཆད་དོ། །རང་གི་བྱ་བའི་སྟོབས་ཉིད་ཀྱིས། །ཞེས་བྱ་བ་ནི། རྟགས་དང་ལུང་གིས་བྱ་བ་ལ་ལྟོས་པ་མེད་པར་ཞེས་ངེས་པར་གཟུང་བས་བསྟན་ཏོ། །འདི་ལྟར་མངོན་སུམ་ཁྱད་པར་མེད་པར་སྐྱེ་ན་ཡང་ཇི་ལྟར་ཡོངས་སུ་བཟུང་བའི་རྣམ་པའི་ཆ་གང་ཁོ་ན་ལ་རྟོག་པ་སྐྱེད་པར་བྱེད་པ་དེ་ཉིད་
མངོན་སུམ་དུ་འདོད་དེ། ཐ་སྙད་དུ་རུང་བ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་སྐྱེད་པར་མི་བྱེད་པ་དེ་ནི་བཟུང་དུ་ཟིན་ཀྱང་མ་ཟིན་པ་དང་མཚུངས་པ་ཡིན་ནོ། །དེ་ལྟ་ཡིན་དང་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་རིགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་མངོན་སུམ་དུ་མངོན་
เล่ม ๑๙๒ · หน้า 111b
པར་འདོད་པའི་ཤེས་པ་ལ་རྟོག་པའི་རྒྱུར་མི་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་འདི་མངོན་པར་འདོད་པ་མ་ཡིན་ནོ། །གང་ཡང་རགས་པའོ་སྙམ་པ་ཉིད་ཀྱི་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར། འདི་ཚད་མས་གྲུབ་པ་ཡིན་ན་འཁྲུལ་པར་རྣམ་པར་གཞག་པར་
འགྱུར་ཏེ། དཔེར་ན་སྐད་ཅིག་མ་ཉིད་ཚད་མས་གྲུབ་པའི་ཕྱིར་རྟག་པ་ཉིད་དུ་འཛིན་པ་འཁྲུལ་པ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་ནི་ཚད་མས་གྲུབ་པ་མ་ཡིན་ཏེ། དེ་དག་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །རགས་པ་འདི་ཡིད་ཀྱི་འཁྲུལ་པ་ཡང་མ་
ཡིན་ཏེ། གསལ་བར་སྣང་བའི་ཕྱིར་རོ། །རྣམ་པར་རྟོག་པ་རྗེས་སུ་འབྲེལ་པ་ནི་གསལ་བའི་རྣམ་པ་ཅན་དུ་རིགས་པ་ཡང་མ་ཡིན་ཏེ། སྤྱིའི་རྣམ་པ་ཅན་ནི་མི་གསལ་བ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་སྤྱིའི་རྣམ་པ་མེད་པར་ཡང་རིགས་པ་མ་ཡིན་ནོ། །འདི་སྙམ་དུ་མི་རྟག་པ་ཉིད་
ལ་སོགས་པ་བཞིན་དུ་རྡུལ་ཕྲ་རབ་རྣམས་ཀྱང་ཚད་མས་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་གང་དང་གང་རགས་པ་ཡིན་པ་དེ་དང་དེ་ནི་ཕྲ་མོ་འདུས་པའི་བདག་ཉིད་ཡིན་ཏེ། རི་ལ་སོགས་པ་བཞིན་ནོ། །མིག་གིས་གཟུང་བར་བྱ་བ་ཕྱི་རོལ་གྱི་ཡན་ལག་ཅན་ཡང་རགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་
བཞིན་གྱི་གཏན་ཚིགས་སོ། །མིག་གིས་གཟུང་བར་བྱ་བ་སྨོས་པ་ནི་མིག་གིས་གཟུང་བར་བྱ་བ་མ་ཡིན་པ་རྡུལ་ཕྲ་རབ་གཉིས་འབྱར་བ་ལ་སོགས་པ་རྣམ་པར་གཅད་པའི་དོན་དུའོ། །དེའི་ཕྱིར་འདིར་གལ་ཏེ་རགས་པའི་ཕྱིར་ཞེས་བྱ་བའི་དངོས་པོའི་ཆོས་ལ་བརྟེན་ནས་དོན་དམ་པའི་རགས་པ་
ཉིད་གཏན་ཚིགས་སུ་བརྗོད་ན་དེའི་ཚེ་ཕྱིར་རྒོལ་བ་བསྒྲུབ་བྱའི་ཆོས་ཅན་དང་དཔེའི་ཆོས་ཅན་གཉི་ག་ལ་ཡང་རགས་པ་ཉིད་ཅེས་བྱ་བ་མ་གྲུབ་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་དང་དཔེ་ཡང་སྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ནོ། །ཅི་སྟེ་གནག་རྫི་ལ་སོགས་པའི་བར་ལ་གྲགས་པ་མ་
བརྟགས་ན་ཉམས་དགའ་བ་ཡུལ་ལ་ཁྱབ་པར་སྣང་བའི་ངོ་བོ་གང་ཡིན་པ་དེ་རགས་པ་ཉིད་དུ་བརྗོད་ན་དེའི་ཚེ་རྨི་ལམ་ལ་སོགས་པའི་ཤེས་པ་འཁྲུལ་པ་ཡང་རྡུལ་ཕྲ་རབ་བསགས་པ་མེད་ཀྱང་དེ་ལྟར་སྣང་བའི་ངོ་བོ་ཡོད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཅི་སྟེ་མ་འཁྲུལ་པ་ཉིད་
เล่ม ๑๙๒ · หน้า 112a
ཡིན་པ་ན། ཞེས་ཁྱད་པར་ཁས་ལེན་པར་བྱེད་པ་དེའི་ཚེ་རྣམ་པར་ཤེས་པ་སྨྲ་བ་ལ། ཇི་སྲིད་དུ་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྣམ་པར་རྨི་ལམ་ལ་སོགས་པའི་ཤེས་པ་རྣམ་པ་ལས་ཁྱད་པར་བྱེ་བྲག་མ་བསྒྲུབས་པ་དེ་སྲིད་དུ་གང་དུ་
ཡང་མ་འཁྲུལ་བ་ཉིད་དུ་མ་འགྲུབ་པའི་ཕྱིར་ཁྱད་པར་ཡང་མ་གྲུབ་པོ། །འདི་སྙམ་དུ་རང་བཞིན་དུ་གནས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྨི་ལམ་ལ་སོགས་པའི་རྣམ་པར་ཤེས་པ་ལས་དོན་བྱ་བ་བྱེད་པ་ལ་མི་སླུ་བས་ཁྱད་པར་ཡོད་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ལ་དོན་བྱ་བ་
བྱེད་པ་ལ་མི་སླུ་བ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་ཕྱི་རོལ་གྱི་དོན་ཐོབ་པ་ཡིན་ན་དེ་ནི་མ་གྲུབ་པོ། །ཕྱི་རོལ་གྱི་དོན་གྲུབ་པར་བྱ་བའི་ཕྱིར་ཏེ་དེ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །ཅི་སྟེ་མངོན་པར་འདོད་པའི་དོན་བྱེད་པར་སྣང་བའི་ཤེས་པ་ཉིད་དོན་བྱེད་པ་ལ་མི་སླུ་བ་ཡིན་པ་
དེའི་ཚེ་གཞན་དུ་ཡང་སྟེ་ཕྱི་རོལ་གྱི་དོན་ཉིད་དམིགས་པ་མེད་པར་ཡང་འདི་སྲིད་པའི་ཕྱིར། དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཇི་ལྟར་གཞན་དུ་ཡང་སྲིད་ཅེ་ན། རྒྱུ་ཡི་ནུས་པ་ངེས་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་སོ། །རྒྱུ་ནི་མཚུངས་པ་དེ་མ་ཐག་པའི་
རྐྱེན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ནུས་པའི་ཁྱད་པར་ངེས་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ཁ་ཅིག་ཁོ་ན་ཤེས་པ་འགའ་ཞིག་སྐྱེད་པར་ནུས་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། དཔེར་ན་ཁྱེད་ཅག་གིས་ཕྱིའི་དོན་བཞིན་ནོ་ཞེས་བྱ་བ་དེ་ཉིད་ལས་ངེས་པ་གྲུབ་པོ། །རྡུལ་ཕྲན་གཉིས་ཀྱི་
ཞེས་བྱ་བ་ལ་སོགས་པས་ནམ་མཁའི་གོས་ཅན་ལེགས་པའི་བློ་གྲོས་ཀྱིས། ཤེས་པ་རིགས་པ་མེད་ཕྱིར་རོ། །ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པར་སྟོན་པ་ཡིན་ཏེ། དེ་ནི་འདི་སྐད་དུ་ཟེར་ཏེ། དངོས་པོ་ཐམས་ཅད་ནི་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཡིན་པའི་ཕྱིར། རྡུལ་ཕྲ་
རབ་རྣམས་ནི་འདྲ་བ་དང་མི་འདྲ་བའི་ངོ་བོ་གཉིས་ཡིན་ནོ། །དེ་ལ་འདྲ་བའི་ངོ་བོ་གང་ཡིན་པ་དེ་ནི་དབང་པོས་གཟུང་བར་བྱ་བ་ཡིན་གྱི། མི་འདྲ་བ་ནི་མ་ཡིན་ནོ། །དེ་བས་ན་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་ནི་རྡུལ་ཕྲ་རབ་དག་ལ་མི་འགལ་བའི་ཕྱིར་རྡུལ་ཕྲ་རབ་རྣམས་མངོན་སུམ་གྱིས་གྲུབ་
เล่ม ๑๙๒ · หน้า 112b
པ་ཡིན་ནོ་ཞེའོ། །འཁྲུགས་པ་ཞེས་བྱ་བ་ནི་མི་གནས་པ་སྟེ། ངོ་བོ་གཅིག་ངེས་པ་མེད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་གཉིས་ཀྱི་ངོ་བོ་ཉིད་དོ་ཞེས་ངེས་པའི་ངོ་བོར་སྨྲས་པ་ཉིད་མ་ཡིན་ནམ་ཞེ་ན། སྨྲས་པ་ནི་བདེན་མོད་ཀྱི་མི་རིགས་པར་སྨྲས་སོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་ཇི་ལྟར་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དངོས་པོའི་ངོ་བོས་གཉིས་ལས་གཞན་མ་ཡིན་པའི་ཕྱིར། དངོས་པོ་གཉིས་ཉིད་དུ་འགྱུར་ཏེ། ངོ་བོ་གཉིས་ཡིན་པ་འབའ་ཞིག་ཏུ་ཟད་དེ། ཕན་ཚུན་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གཅིག་ལ་ངོ་བོ་གཉིས་ཉིད་རིགས་པ་མ་ཡིན་ནོ། །ངོ་བོ་གཉིས་ཕན་ཚུན་
བདག་ཉིད་ཡིན་ན་ཡང་དངོས་པོ་གཅིག་གི་རང་གི་ངོ་བོ་བཞིན་དུ་ངོ་བོ་གཉིས་དངོས་པོ་གཅིག་ལས་ཐ་མི་དད་པའི་ཕྱིར་ཇི་ལྟར་གཅིག་གཉིས་ཀྱི་ངོ་བོ་ཉིད་དུ་འགྱུར། གཞན་ཡང་སྤྱིའི་ངོ་བོ་དང་ཐ་མི་དད་པའི་ཕྱིར། ཁྱད་པར་གྱི་ངོ་བོ་དམིགས་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་འདྲ་བའི་ངོ་བོ་ནི་དབང་
པོའི་ཤེས་པའི་སྤྱོད་ཡུལ་ཡིན་ལ། མི་འདྲ་བ་ནི་རྣལ་འབྱོར་གྱི་མངོན་སུམ་དུ་འདོད་དོ་ཞེས་བྱ་བ་ནི་མ་འཆོལ་བ་རྣམ་པར་གཞག་པ་འདིར་མི་འགྱུར་རོ། །གཞན་ཡང་གཅིག་གཉིས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བ་འདི་ཕན་ཚུན་འགལ་བ་ཡིན་པ་འབའ་ཞིག་ཏུ་མ་ཟད། ཕན་ཚུན་འགལ་བ་ངོ་བོ་
གཉིས་ཀྱིས་བདག་ཉིད་གཅིག་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་ཆེས་ཆེར་འགལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདྲ་བ་དང་མི་འདྲ་བའི་ངོ་བོ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དེའི་བདག་ཉིད་དེ་ཇི་ལྟར་གཅིག་ཏུ་འགྱུར།
གལ་ཏེ་རིག་བྱེད་ཕྱིར་ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་དོགས་པར་བྱེད་དེ། དེ་ན་རེ། དངོས་པོ་གཅིག་ལ་ཕན་ཚུན་འགལ་བའི་རྣམ་པ་རྣམས་མི་སྲིད་དོ་ཞེས་བྱ་བ་དེ་ལྟ་བུ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིགས་ཕྱིར་ཏེ་རྒྱུའི་ཕྱིར་རོ། །འདི་ལྟར་
དངོས་པོ་གཅིག་གིས་རྣམ་པ་གཅིག་ཏུ་འགྱུར་བར་བྱ་དགོས་སོ་ཞེས་བྱ་བ་འདི་རྒྱལ་པོའི་བཀའ་ནི་མ་ཡིན་ནོ། །འོན་ཀྱང་གལ་ཏེ་ཇི་ལྟར་དམིགས་པ་དེ་དེ་ལྟར་ཁས་བླང་བར་བྱ་དགོས་ཏེ། དངོས་པོ་རྣམ་པར་འཇོག་པའི་རྒྱུ་མཚན་ནི་ཤེས་པ་ཡིན་པའི་ཕྱིར་རོ། །གཅིག་དང་དུ་མའི་
เล่ม ๑๙๒ · หน้า 113a
རྣམ་པ་ཡང་ཡོད་པ་དང་གཟུགས་ལ་སོགས་པའི་བྱེ་བྲག་གིས་ཤེས་པར་འགྱུར་བ་དམིགས་ཏེ། དེའི་ཕྱིར་དེ་ཁོ་ན་ལྟར་རྣམ་པར་གཞག་པ་ཡིན་ནོ་ཞེས་ཟེར་རོ། །དེ་མིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟ་ན་རྣམ་པར་ཤེས་པ་འགའ་ཡང་
འཁྲུལ་པར་མི་འགྱུར་ལ། ཐ་དད་པའི་ཐ་སྙད་ཀྱང་འཆད་པར་འགྱུར་རོ། །ཅི་སྟེ་གནོད་པའི་ཕྱིར་འགའ་ཞིག་འཁྲུལ་པ་ཉིད་དུ་འགྱུར་ན། དངོས་པོ་གཅིག་ལ་གནོད་པའི་རྣམ་པར་ཤེས་པ་དུ་མ་ཇི་ལྟར་མ་འཁྲུལ་བར་འགྱུར། དེ་ལྟར་རེ་ཞིག་རྡུལ་ཕྲ་རབ་རྣམས་མངོན་སུམ་གྱིས་མ་
གྲུབ་ལ། རྗེས་སུ་དཔག་པས་ཀྱང་མ་གྲུབ་པའི་ཕྱིར་ཕྱི་རོལ་གྱི་དོན་ལ་བསྙོན་པ་ལ་དམ་བཅའ་བ་མངོན་སུམ་དང་འགལ་བ་མ་ཡིན་ལ། གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ནོ། །ད་ནི་གཞན་གྱིས་གཅིག་དང་དུ་མའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་
བའི་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲན་ཚད་མས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྱར་བ་དང་ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྦྱོར་བ་ནི་གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དེ་ནི་མེད་པའི་ཐ་སྙད་དུ་རུང་བ་ཡིན་ཏེ། ནམ་མཁའི་
པདྨོ་བཞིན་ནོ། །གཞན་གྱིས་མངོན་པར་འདོད་པའི་རྡུལ་ཕྲ་རབ་དག་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། འདི་ལྟར་རེ་ཞིག་རྡུལ་ཕྲ་རབ་རྣམ་པ་གཅིག་ཉིད་དུ་
མ་གྲུབ་སྟེ། བསགས་པའི་ངོ་བོའི་རི་ལ་སོགས་པ་ལ་ཕྱོགས་ཆའི་དབྱེ་བ་ཡོད་པའི་ཕྱིར་རོ། །རི་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱི་བསགས་པ་གཞན་དུ་མི་འཐད་པས་ཕྱོགས་ཆའི་དབྱེ་བ་དེ་ཉིད་དུ་ཐལ་བར་འགྱུར་བའི་སྒོ་ནས་རེ་ཞིག་གཅིག་ཉིད་དགག་པ་བཤད་པ་ནི། འབྱར་
བ་དང་ནི་བསྐོར་བའམ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཁ་ཅིག་ན་རེ། རྡུལ་ཕྲ་རབ་རྣམས་ཕན་ཚུན་འབྱར་བ་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་རྟག་ཏུ་བར་དང་བཅས་པ་ཉིད་ཡིན་ཏེ། མི་རེག་གོ་ཞེས་ཟེར་རོ། །གཞན་དག་ནི་བར་མེད་པ་ཉིད་ལ་རེག་པར་འདུ་ཤེས་པ་ཡིན་ནོ་ཞེས་
เล่ม ๑๙๒ · หน้า 113b
ཟེར་རོ། །དེ་ལ་ཕྱོགས་གསུམ་པོ་དེ་ལ་ཡང་མང་པོས་བསྐོར་བའི་དབུས་ན་གནས་པའི་རྡུལ་ཕྲ་རབ་ལ་གལ་ཏེ་ཕྱོགས་ཆའི་བྱེ་བྲག་མེད་པར་གྱུར་ན་དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་ཚོགས་བཞིན་དུ་རྒྱས་པར་མི་འགྱུར་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དབུས་ན་
གནས་པའི་རྡུལ་ཕྲ་རབ་ངོ་བོ་གང་ཁོ་ནས་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་ངོ་བོ་དེ་ཉིད་ཀྱིས་རྡུལ་ཕྲ་རབ་གཞན་ལ་ཡང་བལྟས་པར་གྱུར་ན་དེའི་ཚེ་བསྐོར་བའི་རྡུལ་ཕྲ་རབ་རྣམས་ཡུལ་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རྒྱས་པར་མི་འགྱུར་རོ། །སྦྱོར་བ་ནི་གང་ཞིག་རྡུལ་ཕྲ་རབ་གཅིག་གི་ངོ་
བོ་ལ་བལྟས་པའི་རང་བཞིན་དེ་ནི་ཡུལ་གཅིག་པ་ཡིན་ཏེ། དཔེར་ན་དེ་ཉིད་ཤར་གྱི་ཡུལ་ན་གནས་པའི་རྡུལ་ཕྲ་རབ་གཅིག་ལ་བལྟས་པ་ལྟ་བུའམ། ཤར་གྱི་ཁང་བཟངས་ལྟ་བུའོ། །བསྐོར་ནས་གནས་པའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་ཀྱི་ངོ་བོ་གཅིག་ལ་བལྟས་པའི་
རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེས་ན་རྒྱས་པར་མི་འགྱུར་རོ། །ཅི་སྟེ་ངོ་བོ་གཞན་གྱིས་བལྟས་ན་དེའི་ཚེ་ཕྱོགས་ཆའི་དབྱེ་བ་ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་གཅིག་ཉིད་དུ་མི་འགྱུར་རོ། །བཙུན་པ་དགེ་སྲུངས་ན་རེ། དཔེར་ན་རང་བཞིན་གཅིག་
ལ་ཡོད་པ་མ་ཡིན་པ་དང་རྫས་མ་ཡིན་པ་ལས་ལྡོག་པའི་སྤྱི་དུ་མ་བརྟགས་པ་ཡིན་གྱི་དེ་ཁོ་ན་ཉིད་མ་ཡིན་པ་དེ་ལྟར་འདིར་ཡང་རྡུལ་ཕྲ་རབ་དུ་མའི་བར་ན་གནས་པའི་ཕྱིར་དུ་མ་ཉིད་དུ་བརྟགས་པ་ཡིན་གྱི། ཡང་དག་པའི་དོན་ནི་མ་ཡིན་ནོ། །འདི་ལྟར་གཟེགས་ཟན་ལ་སོགས་པས་བརྟགས་པའི་
ཕྱོགས་ཀྱི་དངོས་པོ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། དེ་ནི་གཅིག་ཡིན་པའི་ཕྱིར་ཤར་ལ་སོགས་པའི་ཤེས་པ་དུ་མའི་ངོ་བོར་མི་འགྱུར་ཏེ། རྡུལ་ཕྲ་རབ་རྣམས་ཉིད་ཤར་དང་ནུབ་ཏུ་གནས་པ་ན་ཕྱོགས་ཀྱི་སྒྲས་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེས་ལྟ་བས་ན་ཕྱོགས་ཆའི་བྱེ་བྲག་དང་ལྡན་
པའི་ཕྱིར་ཞེས་བྱ་བ་མང་པོ་དག་གིས་བསྐོར་བ་ཉིད་ལ་བསྟན་པ་ཉིད་ཡིན་པ་འབའ་ཞིག་ཏུ་ཟད་ཀྱི། ཆ་ཤས་དང་བཅས་པ་ཉིད་ནི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་ཆ་ཤས་མེད་པའི་ཕྱིར་སེམས་བཞིན་དུ་རྡུལ་ཕྲ་རབ་རྣམས་དོན་དམ་པར་སྟེང་དང་འོག་
เล่ม ๑๙๒ · หน้า 114a
གི་ཆ་ཡོད་པ་མ་ཡིན་པའི་ཕྱིར་མང་པོ་དག་གིས་བསྐོར་བ་ཉིད་དུ་ཡང་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་བཞིན་ནོ། །དེ་ལྟ་ཡིན་དང་སྐོར་བར་བྱེད་པའི་རྡུལ་ཕྲ་རབ་རྣམས་དོན་དམ་པར་མེད་པའི་ཕྱིར་གང་གི་ཡུལ་གྱིས་བྱས་པའི་གཅིག་ཉིད་དུ་
རྟོགས་པར་བྱེད་པ་ཇི་ལྟར་དེའི་སྒོ་ནས་དུ་མའི་དབུས་ན་གནས་པ་ཉིད་ཡིན། ཅི་སྟེ་དོན་དམ་པར་སྟེང་འོག་གི་ཆ་ཡོད་པ་མ་ཡིན་ཀྱང་དབུས་མ་ལ་མང་པོས་ཡོངས་སུ་བསྐོར་བར་འགྱུར་ན་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་འགྱུར་རོ། །དེ་ལྟ་བས་ན་རྡུལ་ཕྲ་རབ་བཞིན་
དུ་སེམས་ལ་སོགས་པ་རྣམས་ཀྱང་ཡུལ་ན་གནས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེ་ན་ནི་རྡུལ་ཕྲ་རབ་རྣམས་ཀྱང་མི་འགྱུར་རོ། །དེ་ལྟར་ན་སེམས་ལ་སོགས་པ་བཞིན་དུ་རྒྱས་པར་མི་འགྱུར་རོ་ཞེས་བྱ་བར་ངེས་སོ། །འདི་སྙམ་དུ་དཔེར་ན་ད་ལྟར་བྱུང་བའི་སེམས་ཀྱི་སྐད་ཅིག་འདས་
པ་དང་མ་འོངས་པའི་སེམས་ཀྱི་སྐད་ཅིག་དག་དུས་ཀྱིས་བྱས་པའི་བར་མེད་པ་ཉིད་ཡོད་ཅིང་། ཡང་ད་ལྟར་བའི་སེམས་ཀྱི་སྐད་ཅིག་དང་ཡུད་ཙམ་ལ་སོགས་པ་བཞིན་དུ་ཆ་དང་བཅས་པ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་རྣམས་མང་པོས་བསྐོར་བ་ཡིན་ན་ཡང་ཡུལ་གྱིས་བྱས་
པའི་ཆ་དང་བཅས་པ་ཉིད་དུ་འགྱུར་བ་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། ད་ལྟར་བྱུང་བའི་སེམས་ཀྱི་སྐད་ཅིག་སྔ་མ་དང་ཕྱི་མ་དག་དང་དོན་དམ་པར་མེད་པ་ཉིད་ཡོད་པ་མ་ཡིན་ཏེ། དེའི་ཚེ་དེ་དག་མེད་པའི་ཕྱིར་རོ། །མེད་པ་དང་ལྷན་ཅིག་སྔ་མ་དང་
ཕྱི་མ་ཡང་དག་པར་རིགས་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་བ་དག་ལ་རྒྱུ་དང་འབྲས་བུའི་ངོ་བོ་མེད་པའི་ཕྱིར་སྔ་མ་དང་ཕྱིས་མེད་པ་བཞིན་དུ་དེའི་སྒོ་ནས་སྔ་མ་དང་ཕྱི་མའི་སྐད་ཅིག་དག་གིས་ཡོད་པ་བརྟགས་པས་ཀུན་ནས་བསླང་བ་འབའ་ཞིག་ཏུ་ཟད་དོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་སྔ་
མ་དང་ཕྱི་མའི་ཡུལ་གྱིས་བྱས་པའི་ཀུན་བརྟགས་པ་མ་ཡིན་ཏེ། རྒྱས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རེ་ཞིག་དངོས་པོ་རྣམས་ཀྱི་རྒྱུ་མེད་པ་ཉིད་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བའི་ཕྱིར་རོ། །གང་ཡང་དངོས་
เล่ม ๑๙๒ · หน้า 114b
པོ་རྣམས་ཀུན་རྫོབ་ཉིད་དུ་ཁས་ལེན་པ་དེས་ཀྱང་གདོན་མི་ཟ་བར་དངོས་པོ་ཐམས་ཅད་རྒྱུ་དང་བཅས་པ་ཉིད་དུ་འདོད་དགོས་སོ། །རྒྱུ་དང་བཅས་པ་ཉིད་ཡིན་ན། རེ་ཞིག་རྒྱུ་དང་འབྲས་བུ་དག་ནི་དུས་མཚུངས་པར་རིགས་པ་མ་ཡིན་ཏེ། འབྲས་བུ་སྐྱེ་བ་ལས་རྒྱུ་མེད་པ་ཉིད་ཀྱིས་མི་ནུས་པའི་
ཕྱིར་ལ། ཕྱིས་འབྲས་བུ་སྐྱེས་ན་ཡང་རྒྱུ་དགོས་པ་མེད་པའི་ཕྱིར་རོ། །དེས་ན་གདོན་མི་ཟ་བར་རྒྱུ་ཐམས་ཅད་སྔར་ཡོད་པར་ཁས་བླང་བར་བྱ་དགོས་ཏེ། ཅི་སྐད་དུ། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །དེའི་
ཕྱིར་རང་བློ་ཅན་དོན་མིན། །ཞེས་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་དངོས་པོ་ཐམས་ཅད་རིགས་པས་རྣམ་པར་གཞག་པའི་ཆ་མེད་པ་ཉིད་ཡིན་ན་ཡང་གལ་ཏེ་ཆ་དང་བཅས་པ་ཉིད་དུ་མ་གྱུར་ན་ཡུལ་དང་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མ་དག་ཏུ་ཇི་ལྟར་འགྱུར་ཞེས་རྒོལ་ན་ཅི་སྟེ་ཆ་དང་
བཅས་པ་ཉིད་མ་ཡིན་ན་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མ་དག་ཏུ་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ལུས་ཅན་གྱིས་བྱས་པའི་ཁྱད་པར་ཡོད་དོ་ཞེ་ན། མ་ཡིན་ཏེ་དེ་ཉིད་མ་གྲུབ་སྟེ། ཆ་ཤས་དང་བཅས་
པ་ཉིད་ཡིན་ན་རྣམ་གྲངས་ཀྱི་ཆ་དང་བཅས་པ་ཉིད་དུ་འགྱུར་བ་ཁོ་ནར་ཟད་ཀྱི་ཁྱད་པར་གཞན་མེད་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་ཐམས་ཅད་ཀྱི་དུས་ཀྱིས་བྱས་པའི་སྔ་མ་དང་ཕྱི་མའི་རིགས་པ་མ་ཡིན་ན་འགའ་ཞིག་ལ་ཡུལ་གྱིས་བྱས་པའི་སྔ་མ་དང་ཕྱི་མ་
ལྷག་པར་གཞན་གང་ཡིན་པ་དེ་ཆ་དང་བཅས་པ་ཉིད་མེད་ན་མི་སྲིད་པའི་ཕྱིར། གང་ལ་ཕྱོགས་ཆ་ཐ་དད་ཡོད། །དེ་ནི་གཅིག་ཏུ་མི་རུང་ངོ་། །ཞེས་བཤད་པ་ཡང་རིགས་པ་ཡིན་ཏེ། །སྤྲོས་པས་ཆོག་གོ། །དེ་ལ་ཁ་ཅིག་ན་རེ། འོ་ན་ཤིན་ཏུ་ཕྲ་བའི་ཆ་དེ་དག་ཉིད་རྡུལ་ཕྲ་རབ་ཡིན་
དུ་ཆུག་མོད། དེ་ལྟ་ན་ཡང་ཆ་ཤས་རྟོག་པ་ན་ཡང་ཆ་ཉིད་དུ་རྡུལ་ཕྲ་རབ་ཏུ་འགྱུར་ཏེ། འོན་ཀྱང་ཐུག་པ་མེད་པ་ཉིད་དུ་འགྱུར་གྱི་ཆ་ཤས་དང་བཅས་པ་ཉིད་དུ་ཐལ་བ་ནི་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་བརྟགས་སུ་ཡོད་པ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ལ། ཅི་སྟེ་བརྟགས་སུ་
เล่ม ๑๙๒ · หน้า 115a
ཡོད་པ་དེ་ལྟ་ན་ཡང་། ངེས་པར་གདགས་པའི་ཉེ་བར་ལེན་པ་ཁས་བླང་བར་བྱ་དགོས་ཏེ། བརྟགས་པའི་ཉེ་བར་ལེན་པ་གང་ཡིན་པ་དེ་ཉིད་རྡུལ་ཕྲ་རབ་ཏུ་འགྱུར་རོ། །ཅི་སྟེ་རྡུལ་ཕྲ་རབ་རྣམས་ཀྱང་མེད་པ་ཉིད་དུ་བསྒྲུབ་པ་དེ་ལྟ་ན་ཡང་། ཕྱོགས་ཆའི་དབྱེ་བ་ཡོད་
པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གཏན་ཚིགས་མེད་པའི་བོང་བུའི་རྭ་ལ་སོགས་པ་ལ། ཤར་ལ་སོགས་པའི་ཕྱོགས་ཆའི་དབྱེ་བ་དང་ལྡན་པར་འགྱུར་བ་ཡང་མ་ཡིན་ལ། འདི་ཐལ་བ་བསྒྲུབ་པ་ཡང་མ་ཡིན་ཏེ། ཕྱོགས་ཆའི་དབྱེ་བ་ཁས་
མ་བླངས་པའི་ཕྱིར་རོ་ཞེས་ཟེར་རོ། །འདི་ལ་ལན་འདེབས་པ་ནི་གཞན་གྱིས་ཆའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྨྲ་བས་གདོན་མི་ཟ་བར་མཐར་ཐུག་པའི་ངོ་བོའི་དངོས་པོ་ཅུང་ཟད་ཅིག་རྡུལ་ཕྲ་རབ་ཉིད་དུ་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ཏེ། ཐུག་པ་མེད་པ་ཉིད་ཡིན་ན་ངོ་
བོ་ངེས་པར་མ་བཟུང་བའི་ཕྱིར་རང་ཉིད་ཀྱིས་ཉེ་བར་བརྗོད་པ་མེད་པ་ཉིད་དུ་བསྟན་པར་འགྱུར་ཏེ། དེ་ལྟ་ཡིན་དང་གཞན་གྱི་འདོད་པ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་ངེས་པའི་ངོ་བོ་ཉིད་ཀྱིས་རྡུལ་ཕྲ་རབ་ཉིད་དུ་རྣམ་པར་གཞག་པ་གང་ཡིན་པ་དེ་ཉིད་ལ་མ་བརྟེན་པར་ཐུག་པ་མེད་
པའི་རྣམ་པར་རྟོག་པ་ཡིན་ཏེ། གང་གི་ཚེ་སྤྱོད་པར་བྱེད་པ་དེའི་ཚེ་ཇི་ལྟར་ཐུག་པ་མེད་པར་འགྱུར། འོན་ཀྱང་ཐུག་པ་མེད་པས་རང་གིས་ཁས་བླངས་པ་དང་འགལ་བར་བྱས་པར་འགྱུར་གྱི། གཞན་ལ་མི་འདོད་པ་ཅུང་ཟད་བསྒྲུབ་པ་ནི་མ་ཡིན་ཏེ། འདི་ཙམ་ཉིད་ཀྱིས་གཞན་གྱི་འདོད་
པ་གྲུབ་པའི་ཕྱིར་རོ། །འདི་ནི་ཐལ་བ་བསྒྲུབ་པ་ཡིན་ལ། གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་གཞན་གྱིས་རྡུལ་ཕྲ་རབ་རྣམས་འབྱར་བ་ཉིད་དང་། བར་མེད་པ་ཉིད་དང་། དེ་བཞིན་དུ་བར་དང་བཅས་པ་མང་པོས་ཡོངས་སུ་བསྐོར་བ་ཡིན་ནོ་ཞེས་ཁས་
བླངས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་རྒྱས་པར་འགྱུར། དེ་ལྟ་ན་གལ་ཏེ་ཡང་ཕྱོགས་ཆའི་དབྱེ་བ་བརྗོད་པར་མི་བྱ་བར་ཁས་བླངས་པ་དེ་ལྟ་ན་ཡང་འབྱར་བ་ལ་སོགས་པའི་ཆོས་ཁས་བླངས་པའི་སྟོབས་ཉིད་ལས་འོངས་པ་ཡིན་ནོ། །སྟེང་འོག་གི་ཆ་ལ་སོགས་པའི་ཕྱོགས་
เล่ม ๑๙๒ · หน้า 115b
ཀྱི་དབྱེ་བ་མེད་ན་འབྱར་བ་ལ་སོགས་པའི་ཕྱོགས་གསུམ་རིགས་པ་མ་ཡིན་ཏེ། སེམས་ལ་སོགས་པ་བཞིན་ནོ་ཞེས་བཤད་ཟིན་ཏོ། །གང་ཡང་རྡུལ་ཕྲ་རབ་བཏགས་སུ་ཡོད་པ་ཡིན་ན་གདོན་མི་ཟ་བར་ཉེ་བར་ལེན་པ་ཁས་བླང་བར་བྱ་དགོས་ལ་ཉེ་བར་ལེན་པ་གང་ཡིན་པ་དེ་ཉིད་རྡུལ་ཕྲ་རབ་ཏུ་
འགྱུར་རོ་ཞེས་སྨྲས་པ་དེ་ལ། འདིར་ལོག་པའི་བསྟན་བཅོས་ཐོས་པ་དང་བསམ་པ་ལས་བསྒོས་པའི་བག་ཆགས་ཡོངས་སུ་སྨིན་པ་དང་། སྐར་ཁུང་ལ་སོགས་པའི་རྡུལ་སྣང་བའི་འཁྲུལ་པའི་བློའི་རྒྱུ་མཚན་ཡོད་པ་ཉིད་དོ། །བཏགས་པ་གང་ཡིན་པ་དེ་ཉིད་རྒྱུར་རིགས་པ་མ་ཡིན་ཏེ།
བཏགས་སུ་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་བདག་ཏུ་གདགས་པའི་རྒྱུ་བདག་ཉིད་ཡིན་པར་འགྱུར་གྱི། ཕུང་པོ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་རྡུལ་ཕྲ་རབ་བཞིན་དུ་བདག་གདགས་པར་ཡང་མི་འགྱུར་རོ། །དེ་ལྟར་རེ་ཞིག་རྡུལ་ཕྲ་རབ་རྣམས་གཅིག་
ཉིད་དུ་མ་གྲུབ་པོ། །དེ་མ་གྲུབ་པས་ན་དུ་མ་ཉིད་ཀྱང་མ་གྲུབ་སྟེ། དེ་ནི་དེ་བསགས་པའི་བདག་ཉིད་ཡིན་པའི་ཕྱིར། རྡུལ་ཕྲ་རབ་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའི་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཕྱི་རོལ་གྱི་དོན་དུ་མའི་རང་བཞིན་དང་བྲལ་བ་ཉིད་དུ་བསྒྲུབས་ནས།
ད་ནི་གཅིག་གི་རང་བཞིན་དང་བྲལ་བ་ཉིད་དུ་བསྒྲུབ་པའི་ཕྱིར། རྡུལ་ཕྲན་མི་རིགས་པ་ཡི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་དག་རགས་པ་རྡུལ་ཕྲ་རབ་རྣམས་ཀྱིས་མ་བརྩམས་པར་འདོད་པ་དེ་དག་གི་ལྟར་ན་འདི་ཡང་རྡུལ་ཕྲ་རབ་བཞིན་དུ་གཅིག་ཏུ་མི་རིགས་ཏེ། ཕྱོགས་ཆ་ཐ་དད་
པའི་ཕྱིར་དང་། ལག་པ་ལ་སོགས་པ་གཡོ་བ་ན་ཐམས་ཅད་གཡོ་བ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ལན་མང་དུ་དཔྱད་པས་གསལ་བའི་ཕྱིར་ལོགས་ཤིག་ཏུ་སུན་འབྱིན་པ་མ་བརྗོད་དོ། །དེའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་མེད་པའི་ཐ་སྙད་དུ་བསྒྲུབ་པ་ན་གཅིག་དང་དུ་མའི་
རང་བཞིན་དུ་འགྱུར་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་གཏན་ཚིགས་མ་གྲུབ་པ་མ་ཡིན་པའི་ཕྱིར་ཕྱི་རོལ་ས་ལ་སོགས་པའི་གཟུང་བར་བྱ་བ་མེད་པའི་ཐ་སྙད་དུ་གྲུབ་པོ། །དེ་མེད་ན་དེ་ལ་ལྟོས་ནས་བཏགས་པའི་ཤེས་པའི་འཛིན་པར་བྱེད་པ་ཡང་མེད་པའི་ཕྱིར་རྣམ་པར་རིག་པ་
เล่ม ๑๙๒ · หน้า 116a
ཙམ་ཉིད་དུ་གྲུབ་པོ། །དེའི་ཕྱིར་དེ་ལྟར་ཕྱི་རོལ་གྱི་དོན་མི་འཐད་པའི་ཕྱིར་རྣམ་པར་རྟོག་པ་ཙམ་དུ་བསྟན་ནས། ད་ནི་གཟུང་བ་དང་འཛིན་པའི་མཚན་ཉིད་འགལ་བ་ཉིད་དུ་བསྟན་པའི་ཕྱིར། རྣམ་པ་མེད་པ་དང་རྣམ་བཅས། །ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྣམ་པ་མེད་པའམ། རྣམ་པ་དང་བཅས་པའམ། གཞན་གྱི་རྣམ་པས་ཀྱང་ཕྱི་རོལ་གྱི་དོན་འཛིན་པར་རིགས་པ་མ་ཡིན་ལ། རྣམ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཕྱི་རོལ་གྱི་རྒྱུ་གཞན་ཡོད་ན་ཡང་ཤེས་པ་ནི་བདག་ཉིད་རིག་པ་ཙམ་ཁོ་ན་ཡིན་པའི་ཕྱིར་རྣམ་
པར་རིག་པ་ཙམ་དུ་གྲུབ་པོ། །ཁ་ཅིག་ནི་ཤེས་པ་གཞན་གྱི་རྣམ་པ་ཅན་ཡང་དོན་གཞན་གྱི་རྣམ་པར་རིག་པར་འདོད་དེ། དཔེར་ན་དཀར་པོའི་རྣམ་པ་ཅན་གྱི་ཤེས་པ་ཡང་དུང་སེར་པོར་འཛིན་པ་ཡིན་ནོ་ཞེས་གྲགས་པ་ལྟ་བུའོ། །ཅི་སྐད་དུ་ཀུ་མཱ་ར་རི་ལས། སྐྱེ་བ་གཅིག་
པོ་དེ་ལ་ནི། །ཡུལ་དུ་གཞན་གྱི་བདག་ཉིད་ཀྱི། །ཕྱི་རོལ་ཐམས་ཅད་དུ་དམིགས་ཏེ། །དེའི་ཚེ་དུས་གཞན་དུ་ཡང་ཡིན། །ཞེས་སྨྲས་པའི་ཕྱིར་ཕྱོགས་གསུམ་པོ་དགོས་པར་བྱས་སོ། །འོན་ཏེ་བདག་རིག་པ་ལ་ཡང་རྣམ་པ་མེད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཅིའི་ཕྱིར་འཇུག་པར་
མི་འགྱུར་ཞེ་ན། རྣམ་ཤེས་བེམས་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བ་དང་འཛིན་པའི་ངོ་བོས་བདག་ཉིད་རིག་པར་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ནམ་མཁའི་དཀྱིལ་དུ་གནས་པའི་སྣང་བ་བཞིན་དུ་རང་ཉིད་རང་བཞིན་གྱིས་གསལ་བ་ཡིན་ནོ། །ཡང་ཅིའི་ཕྱིར་གཟུང་བ་དང་
འཛིན་པའི་ངོ་བོར་མི་འདོད་ཅེ་ན། གཅིག་པ་ཆ་མེད་རང་བཞིན་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུམ་གྱི་རང་བཞིན་ནི་རིག་བྱ་དང་རིག་བྱེད་དང་། རིག་པའི་བྱེ་བྲག་གིས་སོ། །ཡང་ཅི་སྟེ་ཕྱི་རོལ་གྱི་བདག་ཉིད་རིག་པ་བཞིན་དུ་གཟུང་བ་དང་འཛིན་པའི་ངོ་བོ་མེད་ན་ཡང་རིག་པར་
འགྱུར་རོ་སྙམ་ན། དེའི་རང་བཞིན་གཞན་ལ་མེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་དངོས་པོ་རྣམས་ལ་མེད་པ་ལ་སོགས་པ་ལ་ལྡོག་པའི་ཡོད་པ་ལ་སོགས་པའི་ངོ་བོ་གཅིག་ཡིན་པ་དེ་ལྟ་ན་ཡང་དེ་དངོས་པོ་རེ་རེ་ལ་དོན་དམ་པར་ཐ་དད་པའི་ཕྱིར་གཅིག་ཉིད་དུ་ཡོད་པ་མ་ཡིན་
เล่ม ๑๙๒ · หน้า 116b
ནོ་ཞེ་ན། དམ་པའི་དོན་དུ་ཞེས་བྱ་བ་སྨོས་སོ། །གལ་ཏེ་འདི་སྙམ་དུ་ཕྱི་རོལ་གྱི་དོན་ཤེས་པ་ལས་ཐ་དད་པ་དེ་ལྟ་ན་ཡང་ཤེས་པ་བཞིན་དུ་རིག་པར་འགྱུར་རོ་སྙམ་དུ་སེམས་ན་རྟོག་པའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་རང་རིག་པ་བསྒྲུབས་ནས། ད་ནི་ཇི་ལྟར་རྣམ་པ་མེད་པའི་ཤེས་
པས་ཕྱི་རོལ་རིག་པར་མི་རིགས་པ་དེ་ལྟར་བསྒྲུབ་པའི་ཕྱིར། ཤེས་པ་རྣམ་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་བརྙན་ནི་ཤེས་པའི་རྣམ་པའོ། །འདྲ་བས་ནི་ཞེས་བྱ་བ་ནི་དོན་དང་འདྲ་བ་ལས་སོ། གདགས་པ་ཞེས་བྱ་བ་ནི་དངོས་མ་ཡིན་པའོ། །འདི་ཡང་ཞེས་བྱ་བ་ནི་དེ་དང་
འདྲ་བས་ཉེ་བར་གཏགས་པས་དངོས་མ་ཡིན་པའོ། །ཡང་ཅི་སྟེ་དཔེར་ན་རལ་གྲིས་གླང་པོ་ལ་སོགས་པ་གསོད་པ་དང་ཡང་ཇི་ལྟར་མེས་བུད་ཤིང་སྲེག་པར་བྱེད་ལ་རལ་གྲི་ལ་སོགས་པ་དེ་དག་གླང་པོ་ལ་སོགས་པའི་ངོ་བོ་ཡང་མ་ཡིན་པ་དེ་བཞིན་དུ་ཤེས་པ་ཡུལ་གྱི་རྣམ་པར་མ་ཐོབ་ཀྱང་ཡུལ་
ཡོངས་སུ་གཅོད་པར་འགྱུར་རོ་སྙམ་ན། བརྒྱ་ལ་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་ཤེས་པ་འདིའོ། །སོགས་པའི་སྒྲས་ནི་དཔེར་ན་སྒྲོན་མ་ལ་སོགས་པ་སྔོན་པོ་ལ་སོགས་པ་གསལ་བར་བྱེད་པ་ལ་སོགས་པ་བཟུང་ངོ་། །འདི་མི་མཚུངས་དཔེ་ཞེས་བྱ་བ་
ལ་སོགས་པས་ལན་བཤད་པ་ཡིན་ཏེ། རལ་གྲི་ལ་སོགས་པ་ནི་གླང་པོ་ལ་སོགས་པའི་སྐྱེད་པར་བྱེད་པ་ཡིན་པས་ན་གཅོད་པར་བྱེད་པ་ལ་སོགས་པ་ཉིད་དུ་གྲགས་ཏེ། རལ་གྲི་ལ་སོགས་པའི་སོས་བརྒྱབ་པ་ན་གླང་པོ་ཁྱད་པར་ཅན་གྱི་ཚིགས་ཐ་དད་པ་སྐྱེ་བ་དང་། དེ་བཞིན་དུ་མེ་དང་ཕྲད་
པ་ལས་བུད་ཤིང་སོལ་བ་ལ་སོགས་པའི་ངོ་བོར་སྐྱེ་ལ། དེ་བཞིན་དུ་བུམ་པ་ལ་སོགས་པ་ཡང་སྣང་བའི་དབང་གིས་ཤེས་པ་སྐྱེད་པར་རུང་བ་ཉིད་དུ་འགྱུར་བ་དེ་ལྟར་ཤེས་པས་ཡུལ་ལ་ཕན་པ་འགའ་ཞིག་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཡུལ་ཉིད་ཀྱིས་རྣམ་པར་ཤེས་པའི་ཁྱད་པར་
བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་དེའི་རིག་པར་བྱེད་པར་འགྱུར། འདི་མིག་ལ་སོགས་པ་རིག་པར་བྱེད་པར་ཡང་འགྱུར་དུ་འོང་བས་ཤེས་པ་དེའི་འབྲས་བུ་ཉིད་དེའི་རིག་པར་བྱེད་པར་བརྟགས་པར་རིགས་པ་ཡང་མ་ཡིན་ནོ། །བཙུན་པ་དགེ་སྲུངས་ན་རེ། རྣམ་པར་ཤེས་
เล่ม ๑๙๒ · หน้า 117a
པའི་ཡུལ་གྱི་རྣམ་པ་མ་ཐོབ་ན་ཡང་ཡུལ་རྟོགས་པར་བྱེད་པ་ཡིན་ཏེ། དེ་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཇི་ལྟར་ཡོངས་སུ་གཅོད་ཅིང་ཅི་དང་འདྲ་བར་ཡོངས་སུ་གཅོད་ཅེས་དོགས་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ། །ཡང་སྨྲས་པ། གལ་
ཏེ་ཇི་ལྟར་དེ་འཛིན་བྱེད། །དེ་ཡང་གཅོད་པའི་མཚན་ཉིད་ཀྱི། །ཤེས་པ་དེ་ཕྱིར་ཇི་ལྟར་དང་། །ཅི་འདྲ་བར་ཞེས་དོགས་མི་བྱ། །ཞེས་སོ། །དེའི་ཕྱིར་འདི་ལ། གང་ཚེ་གཟུང་བྱ་ཤེས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པའི་དོན་ཡོངས་སུ་གཅོད་པའི་བདག་ཉིད་དུ་
གྲུབ་ན་འདི་ཐམས་ཅད་དུ་འགྱུར་ན་དེ་ཉིད་གྲུབ་པ་མ་ཡིན་ཏེ། འདི་ལྟར་ཞེས་པ་ནི་ཡོད་པ་ཙམ་གྱིས་ཡོངས་སུ་གཅོད་པ་མ་ཡིན་ཏེ། ཐམས་ཅད་ཡོངས་སུ་གཅོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་འབྲས་བུ་ཉིད་ཀྱིས་ཀྱང་མ་ཡིན་ཏེ། མིག་ལ་སོགས་པ་ཡང་གཅོད་པར་འགྱུར་བའི་
ཕྱིར་རོ། །གང་གིས་དེ་དང་འདྲ་བས་ཀྱང་དེས་རིག་པ་བཏགས་པར་འགྱུར་བ་རྣམ་པ་དང་བཅས་པ་ཉིད་ཀྱིས་ཀྱང་མ་ཡིན་ནོ། །དེ་ལྟ་བས་ན་གཟུང་བར་བྱ་བ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་གལ་ཏེ་ཤེས་པའི་ངོ་བོར་གྱུར་པ་དེ་ལྟ་ན་ཤེས་པ་དོན་ཡོངས་སུ་གཅོད་པའི་ངོ་བོར་འགྱུར་རོ། །དེ་ལྟ་མ་ཡིན་
ན་ཇི་ལྟར་ཤེས་པ་དོན་ཡོངས་སུ་གཅོད་པའི་ངོ་བོ་ཉིད་ཡིན་ཞེས་བྱ་བ་གསལ་པོར་བརྗོད་པར་གྱིས་ཤིག །དེ་ལྟ་ཡིན་དང་དོན་ཡོངས་སུ་གཅོད་པ་ལས་མ་གཏོགས་པའི་ཤེས་པའི་བདག་ཉིད་ཐ་མི་དད་པར་གྲུབ་པའི་ཕྱིར་རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པོ། །འདི་སྙམ་དུ་གང་གིས་དོན་ཁོ་ན་ཡོངས་སུ་
གཅོད་ལ། དེ་ཡང་འདི་ལྟ་བུ་ཞིག་གོ། །ཞེས་བསྟན་པར་མི་ནུས་པ་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་ལྟར་དོན་རིག་མ་བསྟན་པར། །ཞེས་བྱ་བ་སྨོས་ཏེ། འགྱུར་རོ་ཞེས་བྱ་བ་ལྷག་མའོ། །གལ་ཏེ་ཡང་ཐུན་མོང་མ་ཡིན་པའི་དངོས་པོ་ཐམས་ཅད་བསྟན་པར་མི་ནུས་པ་དེ་ལྟ་ན་ཡང་བཏགས་
པའི་ཀུན་རྫོབ་ཏུ་སྨྲས་པ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཡང་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལྟར་ངེས་པར་མ་བཟུང་བའི་ངོ་བོས་ཤེས་པ་དོན་རིག་པར་བྱེད་པ་ཡིན་པའི་ཕྱིར་གསལ་པོར་ཐེ་ཚོམ་མི་ཟ་བར་བསྟན་པར་འགྱུར་རོ། །དེ་ལྟ་བས་ན་
เล่ม ๑๙๒ · หน้า 117b
རྣམ་པར་མ་དཔྱད་པའི་ངོ་བོས་དངོས་པོ་རྣམ་པར་འཇོག་པ་ན་དངོས་པོ་རྣམས་ལེགས་པར་རྣམ་པར་གཞག་པ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །འདི་སྙམ་དུ་གཅད་པར་བྱ་བ་དོན་མེད་པ་ན་འདི་གང་གིས་ཡོངས་སུ་གཅོད་པར་བྱེད་པར་འགྱུར་སྙམ་དུ་སེམས་ན། དེ་ནི་གང་གི་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་དེ་གསལ་བའི་བདག་ཉིད་དུ་ཡོངས་སུ་གཅོད་པ་ཞེས་བརྗོད་དེ། དཔེར་ན་བདེ་བ་ལ་སོགས་པ་ཉིད་ཀྱིས་སིམ་པ་ཉིད་ཅེས་བྱ་བ་བཞིན་ནོ། །བདེ་བའི་ཞེས་བྱ་བ་ཐ་དད་དུ་བསྟན་པ་ཙམ་གྱིས་སིམ་པ་ཉིད་དེ་ལ་གཞན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟ་
བས་ན་གལ་ཏེ་ཡང་སྔོན་པོའི་ཡོངས་སུ་གཅོད་པ་ཡིན་གྱི་སེར་པོའི་མ་ཡིན་ནོ་ཞེས་ཐ་དད་པ་ལྟ་བུར་བསྟན་པ་དེ་ལྟ་ན་ཡང་དེ་ནི་རང་བཞིན་ཉིད་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པའི་ངོ་བོར་གསལ་བ་བཞིན་པ་ཉིད་དེ་སྐད་དུ་བརྗོད་དེ། ཤེས་པ་ནི་རང་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །
ཅི་སྟེ་གང་གི་མཐུས་དེ་སྐད་ཅེས་བརྗོད་པར་བྱ་བར་རང་རིག་པའི་དོན་འདི་ཅི་ཞིག་ཅེ་ན། རང་གི་ངོ་བོ་རིག་བྱ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་དོན་རྟོགས་བྱ་ཕྱིར་རྩོལ། །ཞེས་བྱ་བ་ལ་སོགས་པས་རང་གིས་ངོ་བོ་རིག་པར་བྱ་བ་ལ་ལྟོས་པ་མེད་པ་ཞེས་བྱ་བ་འདི་ལ་གཞོན་ནུ་
མ་ལེན་གྱི་ཀླན་ཀ་དོགས་པར་བྱེད་པ་ཡིན་ཏེ། དེ་ན་རེ་གལ་ཏེ་ཡང་ཤེས་པ་གསལ་བའི་བདག་ཉིད་ཡིན་པ་དེ་ལྟ་ན་ཡང་བདག་ཉིད་གསལ་བར་བྱ་བའི་གཞན་ལ་ལྟོས་པ་མེད་པ་ཡིན་གྱི་རང་གི་བདག་ཉིད་རྟོགས་པ་དེ་ཤེས་པ་ནི་མ་ཡིན་ཏེ། དེ་ནི་དོན་གསལ་བ་ཉིད་བྱ་བ་དང་ལྡན་པའི་ཕྱིར་རོ། །
གཅིག་ལ་བྱ་བ་དང་ལྡན་པ་དེ་ཡོངས་སུ་མ་སྤངས་པར་དེ་ཉིད་ཀྱི་ཚེ་གཞན་དུ་བྱ་བ་དང་ལྡན་པ་རིགས་པ་མ་ཡིན་ནོ། །འདིར་སྒྲོན་མས་འཁྲུལ་པ་ཉིད་དུ་དོགས་ནས་ཕྱོགས་གཞན་བཤད་པ་ནི། འདི་འདྲ་བ་ཉིད་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་གསལ་བ་མེད་ན་འདིའི་ཕྱི་རོལ་
གསལ་བ་ཉིད་ཀྱང་ཇི་ལྟར་རྣམ་པར་གཞག་ཅེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་ཉིད་གསལ་བ་མེད་ན་ཡང་མིག་ལ་སོགས་པ་རྣམས་གཟུགས་ལ་སོགས་པའི་ཡུལ་ལ་གསལ་བ་ཉིད་དུ་རྣམ་པར་གཞག་པ་དེ་བཞིན་དུ་འདིར་ཡང་སྟེ་ཤེས་པ་ལ་ཡང་འགྱུར་རོ། །འདི་
เล่ม ๑๙๒ · หน้า 118a
སྙམ་དུ་བདག་ཉིད་ཀྱིས་ཉེ་བས་ཡོངས་སུ་སྤངས་ནས་ཅིའི་ཕྱིར་ཕྱི་རོལ་ཁོ་ན་གསལ་བར་བྱེད་སྙམ་དུ་སེམས་ན། ཕྱི་རོལ་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་བདག་གསལ་བ་ལ་ནུས་པ་མེད་ཅེ་ན། དངོས་པོ་རྣམས་ཀྱི་ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ་མེ་ནི་
སྲེག་བྱེད་ནམ་མཁའི་མིན། །འདི་ལ་རྒལ་དུ་ཅི་ཞིག་ཡོད། །ཅེས་བཤད་པ་ཡིན་ནོ་ཞེས་ཟེར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། གང་ཡང་དོན་རྟོགས་བྱ་ཕྱིར་རྩོལ། །ཞེས་གང་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། དོན་རིག་པ་ནི་ཤེས་པ་ལས་གཞན་
མ་ཡིན་ཏེ། འདི་ལྟར་རིག་པ་དང་དམིགས་པ་དང་དོན་རྣམ་པར་རིག་པ་ཞེས་ཤེས་པ་ཉིད་རྣམ་གྲངས་དེ་དག་གིས་བརྗོད་པ་ཡིན་ནོ། །དེ་ལ་ནི་དོན་རིག་པ་ལའོ། །དེའི་བདག་ཉིད་དུ་གྱུར་ན་ནི་ཤེས་པའི་བདག་ཉིད་དུ་གྱུར་པ་ནའོ། །གང་གིས་དོན་རིག་པ་ལ་བྱ་བ་དང་བཅས་པ་ཞེས་བྱ་བར་འགྱུར་
བ་ན་བདག་ཉིད་ལས་ཐ་དད་པ་ཤེས་པ་དོན་རིག་པའི་བདག་ཉིད་ཀྱི་བྱ་བར་འགྱུར་བ་གཞན་ཅི་འདྲ་བ་ཞིག་ཡིན། བདག་ཉིད་ལ་བྱ་བ་དང་ལྡན་པར་རིག་པ་མ་ཡིན་ནོ། །འདི་སྙམ་དུ་གང་གིས་ཤེས་པ་དང་དོན་རིག་པ་དག་རྣམ་གྲངས་པ་ཉིད་དུ་འགྱུར་བ་ཇི་ལྟར་དོན་རིག་པ་ཤེས་པའི་བདག་ཉིད་ཡིན་
སྙམ་དུ་སེམས་ན། དོན་ནི་ཉམས་མྱོང་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དོན་ཉམས་སུ་མྱོང་བའི་ངོ་བོ་སྟེ། རང་བཞིན་ཁས་བླང་བར་བྱ་སྟེ། །དེ་ལྟ་མ་ཡིན་ན་ཅི་ལྟར་ཤེས་པ་དེ་ལ་བྱ་བ་དང་བཅས་པར་འགྱུར། མེད་པ་རི་བོང་གི་རྭ་ལ་སོགས་པ་ལ་བྱ་བ་འགའ་ཞིག་
རིགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་དེའི་དོན་ཉམས་སུ་མྱོང་བའི་བདག་ཉིད་ཀྱི་ངོ་བོ་སྟེ་རང་བཞིན་གལ་ཏེ་ཤེས་པ་ལ་ཐ་དད་པར་གྱུར་ན་དེའི་ཚེ་ཤེས་པ་ལས་དོན་ཉམས་སུ་མྱོང་བ། དེ་དོན་ཉམས་སུ་མྱོང་བའི་བདག །འདི་འདྲ་བ་ཉིད་གསལ་བ་ཉིད། །ཅེས་གང་བཤད་པ་དེ་རིགས་པ་ཉིད་དུ་འགྱུར་
རོ། །རེས་འགའ་གཞན་འདོན་བཞིན་པ་དག །ཤེས་པ་དོན་ཉམས་མྱོང་བ་ལས། །ཐ་དད་ཁས་ལེན་བྱེད་ན་ཡང་། །དེ་ཡང་མེད་ཅེས་བྱ་བ་སྨོས་ཏེ། དེ་ནི་ཤེས་པ་ལས་ཐ་དད་པ་ཉིད་ཀྱི་ཉམས་སུ་མྱོང་བའོ། །ཁས་བླངས་ན་ནི་ཤེས་པའི་བདག་ཉིད་རིག་པ་དང་བྲལ་བའི་མཚན་ཉིད་ཁས་
เล่ม ๑๙๒ · หน้า 118b
བླངས་པའོ། །དེ་ཡོངས་སུ་དོར་བར་ཐལ་བར་འགྱུར་བ་ནི་ཤེས་པ་ཉམས་སུ་མྱོང་བ་ལས་ཐ་དད་པར་ཁས་ལེན་ན་རང་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་ཤེས་པ་དོན་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་གསལ་བ་ཉིད་དུ་མི་འདོད་དོ། །འོ་ན་ཅི་ཞེ་ན། ཉམས་སུ་མྱོང་
བའི་བདག་ཉིད་གསལ་བ་ཡིན་པ་འབའ་ཞིག་གི་ཕྱིར་རོ་ཞེས་འཆད་པ་ནི། དེ་རང་ལས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཤེས་པ་དེ་ཉམས་སུ་མྱོང་བའི་བདག་ཉིད་ཁོ་ནར་སྐྱེ་བ་ཡིན་གྱི། དོན་ཉམས་སུ་མྱོང་བའི་བདག་ཉིད་མ་ཡིན་པ་དེ་ལྟ་ན་ཡང་འདི་ནི་སྔོན་པོའི་རིགས་པ་ཡིན་གྱི། སེར་པོའི་ནི་
མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཐ་དད་དུ་དོན་རིག་པར་གྲུབ་པར་མི་འགྱུར་རོ། །ཅིའི་ཕྱིར་གྲུབ་པར་མི་འགྱུར་ཞེ་ན། ཇི་ལྟར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལ་ཞེས་བྱ་བ་ནི་རྣམ་པ་དང་ལྡན་པ་ནི་ཕྱི་རོལ་གྱི་དོན་ཡིན་ལ། བློ་ནི་རྣམ་པ་མེད་པ་ཡིན་ནོ་ཞེས་བྱ་བ་གང་གི་
ལྟ་བ་ཡིན་པའི་རྣམ་པ་མེད་པའི་ཤེས་པ་སྨྲ་བ་ལའོ། །དེ་དོན་ཉམས་སུ་མྱོང་བའི་བདག །འདི་འདྲ་བ་ཉིད་གསལ་བ་ཉིད། །ཅེས་གང་སྨྲས་པ་འདི་ལ། གལ་ཏེ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་བེམས་པོའི་ངོ་བོ་ཉིད་ཀྱིས་བདག་ཉིད་རིག་པར་བྱེད་པ་མ་ཡིན་པ་དེའི་
ཚེ་དེ་རང་ལས་མངོན་སུམ་མ་ཡིན་པ་ན། དོན་ཉམས་སུ་མྱོང་བ་ཡང་མངོན་སུམ་མ་ཡིན་པ་ཉིད་དུ་ཡང་མི་འཐད་དོ། །འདི་སྙམ་དུ་གལ་ཏེ་ཤེས་པ་མངོན་སུམ་མ་ཡིན་ན་ཅིའི་ཕྱིར་དོན་ཉམས་སུ་མྱོང་བ་ཡང་མངོན་སུམ་དུ་འགྱུར། གཟུགས་མངོན་སུམ་མ་ཡིན་པས་ནི་སྒྲ་ཡང་མངོན་སུམ་མ་ཡིན་
པ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། ཤེས་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་ཉམས་སུ་མྱོང་བ་མ་གཏོགས་པར་གཞན་གྱི་ངོ་བོ་ངེས་པར་གཟུང་བ་ཡོད་པ་མ་ཡིན་ནོ། །གཞན་ཉིད་དུ་ངེས་པ་སྔོན་དུ་འགྲོ་བ་ངེས་པར་མ་བཟུང་བར་ཐ་སྙད་བྱེད་ན་ཅི་ལྟར་རང་དང་གཞན་དག་
སླུ་བར་བྱེད་ཤེས་པ་དེའི་ངོ་བོ་མ་གྲུབ་པ་ན་དེའི་དོན་ཉམས་སུ་མྱོང་བ་གཞན་གང་ཞིག་གྲུབ་པ་ཡིན་ཏེ། འགའ་ཡང་མ་ཡིན་ནོ། །ཡང་ཅི་སྟེ་ཤེས་པ་གཞན་གྱིས་དེ་གྲུབ་པར་འགྱུར་རོ་སྙམ་ན། རང་གིས་མ་མྱོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲུབ་པ་ནི་ཤེས་པ་སྟེ་མ་གྲུབ་པའོ། །གསལ་བ་
เล่ม ๑๙๒ · หน้า 119a
མ་གྲུབ་པ་ནི་གསལ་བ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །འདི་ལྟར་རེ་ཞིག་བདག་ཉིད་དོན་ཉམས་སུ་མྱོང་བའི་དུས་ན་གྲུབ་པ་མ་ཡིན་ཏེ། དེའི་གསལ་བ་ཉམས་སུ་མྱོང་བའི་རང་བཞིན་དེའི་དུས་ན་མ་གྲུབ་པའི་ཕྱིར་རོ། །དེ་གང་གི་ཚེ་འགྲུབ་པར་འགྱུར་བ་བརྗོད་པར་བྱ་དགོས་
སོ། །དེའི་ཤེས་པའི་ཤེས་པ་སྐྱེས་པ་ན་སྟེ། རང་གི་ཤེས་པའི་ཤེས་པ་སྐྱེ་བའི་དུས་སུ་འགྲུབ་པར་འགྱུར་རོ་ཞེ་ན། དེ་ནི་ལེགས་པར་སྨྲས་པ་ཡིན་ཏེ། གང་ཞིག་རང་ཉམས་སུ་མྱོང་བའི་དུས་ན་མ་གྲུབ་པ་དེ་ཇི་ལྟར་གཞན་ཉམས་སུ་མྱོང་བའི་དུས་ན་གྲུབ་པར་འགྱུར། གལ་ཏེ་ཐུག་པ་མེད་པར་
མི་འགྱུར་ན་གྲུབ་པར་འགྱུར་བ་ཞིག་ན་དེ་ནི་བཟློག་པར་དཀའོ་ཞེས་བསྟན་པའི་ཕྱིར། དེའི་ཡང་ཉམས་མྱོང་མ་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་དོན་ཤེས་པའི་ཤེས་པ་གཉིས་པའོ། །དང་པོ་ཞེས་བྱ་བ་ནི་དོན་ཉམས་སུ་མྱོང་བའོ། །མ་གྲུབ་པ་ཉིད་ཅེས་བྱ་བ་ནི་འདི་
ལ་གྲུབ་པ་མེད་པས་མ་གྲུབ་པ་སྟེ། དེའི་དངོས་པོ་ནི་མ་གྲུབ་པ་ཉིད་དོ། །གཞན་ཡང་གལ་ཏེ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་ཁས་ལེན་པར་བྱེད་པ་དེའི་ཚེ་ཤེས་པ་གཞན་དེ་ལ་ཡང་བདག་ལ་ཤེས་པའི་ཤེས་པ་སྐྱེས་སོ་ཞེས་དྲན་པ་སྐྱེ་བ་ཉིད་ཡིན་ལ་དེ་ཡང་གཞན་གྱིས་ཉམས་སུ་མྱོང་
བར་བརྗོད་པར་བྱ་སྟེ། ཉམས་སུ་མྱོང་བ་ལ་ནི་དྲན་པ་སྐྱེ་བར་རིགས་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ལས་མེད་པ་སུ་ཞིག་ཤེས་པའི་ཕྲེང་བ་འདི་དག་སྐྱེད་པར་བྱེད་ཅེས་བྱ་བར་བརྗོད་པར་བྱ་དགོས་སོ། །རེ་ཞིག་དོན་ནི་མ་ཡིན་ཏེ། དེ་ནི་རྩ་བའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །དབང་པོ་དང་
སྣང་བ་དག་ཀྱང་མ་ཡིན་ཏེ། དེ་དག་ནི་དབང་པོའི་ཤེས་པ་ཉིད་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །རྒྱུ་མཚན་མེད་པ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །བློ་སྔ་མ་དེ་ཉིད་བློ་ཕྱི་མ་ཕྱི་མ་སྐྱེད་པར་བྱེད་དོ་ཞེ་ན། དེ་བཞིན་ཡུལ་གཞན་ལ་འཕོ་བར། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་ཡུལ་གཞན་ལ་འཕོ་བར་མི་འགྱུར་ཏེ། འདི་ལྟར། བློ་སྔ་མ་སྔ་མ་ཤེས་པ་ཕྱི་མ་ཕྱི་མའི་ཡུལ་གྱི་ངོ་བོས་ཉེ་བར་ལེན་པའི་རྒྱུ་ཡིན་པ་ཉིད་ཀྱིས་ཉེ་བ་ཉིད་དུ་རྣམ་པར་གཞག་པའི་ཉེ་བར་བརྗོད་པ་དེ་འདྲ་བ་སྤངས་ནས་ཇི་ལྟར་མི་ཉེ་བའི་དོན་འཛིན་པར་
เล่ม ๑๙๒ · หน้า 119b
བྱེད་པ་ཡིན། དོན་ཉེ་ན་ཡང་དེ་ལ་གེགས་བྱེད་པར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་མི་ཉེ་བ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་མི་ཉེ་ཡང་གེགས་བྱེད་པ་ཡིན་པ་དེའི་ཚེ་ནམ་ཡང་འགའ་ལ་ཡང་བློ་ཉམས་སུ་མྱོང་བར་མི་འགྱུར་རོ། །དོན་གང་ཞིག་མི་ཉེ་བའི་གནས་སྐབས་དེ་ནི་འགའ་ཡང་ཡོད་པ་མ་ཡིན་
པའི་ཕྱིར་དོན་མི་ཉེ་བ་ཡིན་ནོ་ཞེས་བྱ་བའི་དྲན་པ་ཡང་འཆད་པར་འགྱུར་ཏེ། ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གཞན་ཡང་གང་དག་འདས་པ་ལ་སོགས་པའི་རྣམ་པར་རྟོག་པའི་ཡུལ་ཉེ་བ་མེད་པར་འབྱུང་བ་དེ་དག་ལ་འཕོ་བའི་རྒྱུ་མེད་པའི་ཕྱིར་རྣམ་པར་རྟོག་པའི་རྒྱུད་ལ་འཁོར་བ་ཇི་སྲིད་པར་
གནས་པའི་ཕྱིར་སུས་ཀྱང་དོན་ཤེས་པར་མི་འགྱུར་རོ། །དོན་གཞན་ལ་འཕོ་བ་མི་འཐད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་མཐའ་ཤེས་པ་གང་ཡིན་པ་དེ་སུ་ཞིག་གིས་ཉམས་སུ་མྱོང་བར་བྱེད་ཅེས་བྱ་བ་བརྗོད་པར་བྱ་དགོས་སོ། །ཡང་ཅི་སྟེ་བློ་ཕྱི་མ་འདི་ཉིད་དོན་གཞན་འཛིན་པའི་བློ་སྔ་མ་དང་དོན་གཉི་ག་
འཛིན་པ་ཡིན་ནོ་སྙམ་ན། འདི་ལྟར་སྒྲའི་ཤེས་པའི་མཇུག་ཐོགས་སུ་གཟུགས་འཛིན་པའི་ཤེས་པ་འབྱུང་བ་དེའི་ཚེ་གཟུགས་འཛིན་པའི་ཤེས་པ་དེ་ལ་སྒྲའི་ཤེས་པ་སྣང་བའི་ཕྱིར་དེ་ལ་སྣང་བའི་སྒྲ་ཡང་སྣང་བར་འགྱུར་རོ། །གང་གི་ལྟར་ན་ཤེས་པ་རྣམ་པ་མེད་པ་དེའི་ལྟར་ན་ཡང་སྒྲ་འཛིན་པ་མེད་པར་དེ་
འཛིན་པར་བྱེད་པར་འཛིན་པར་མི་རིགས་ཏེ། དབྱིག་པ་འཛིན་པ་མེད་པར་དེ་འཛིན་པ་བྱེད་པའི་དབྱིག་པ་ཅན་མི་འཛིན་པར་རིགས་སོ་ཞེས་བྱ་བས་གཟུགས་འཛིན་པའི་རྣམ་པར་ཤེས་པ་ལ་སྒྲ་ཡང་སྣང་བར་འགྱུར་རོ། །དེ་བཞིན་དུ་བསམ་པའི་ཤེས་པ་ལ་ཡང་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཡི་གེ་ཨ་ལ་
སོགས་པའི་ཡུལ་ཅན་གྱི་མངོན་པར་བརྗོད་པ་གཉིས་གཅིག་ལ་རིམ་མ་ཡིན་པར་འགྱུར་རོ། །འདི་ལྟར་གང་གི་ཚེ་ཡི་གེ་ཨི་སེམས་པའི་དེ་མ་ཐག་ཏུ་ཡི་གེ་ཨ་སེམས་པར་བྱེད་པ་དེའི་ཚེ་དེའི་ཡི་གེ་ཨ་སེམས་པར་བྱེད་པའི་ཤེས་པ་ཨི་འཛིན་པར་བྱེད་པ་ཡང་སེམས་པར་བྱེད་པའི་ཕྱིར་རང་གི་ཤེས་པ་
ལ་སྣང་བའི་ཡི་གེ་ཨིའི་བརྗོད་པ་ཡི་གེ་ཨའི་བརྗོད་པའི་ཤེས་པ་ལ་ཡང་སྣང་བར་འགྱུར་རོ། །གཞན་ཡང་དངོས་པོ་ཐམས་ཅད་ལ་ལན་གཉིས་སུ་སྣང་བར་འགྱུར་ཏེ། རང་གི་ཤེས་པའི་དུས་སུ་དང་རང་གི་རིག་པས་ཤེས་པའི་དུས་སུ་སྣང་བའི་ཕྱིར་རོ། །དེ་ལྟར་སྣང་བ་ཡང་ཡོད་པ་མ་ཡིན་པའི་
เล่ม ๑๙๒ · หน้า 120a
ཕྱིར་བློ་ཕྱི་མས་གཉིས་འཛིན་པ་ནི་མི་རིགས་པས་སྨྲས་པ་ཡིན་ནོ། །ཡང་ཅི་སྟེ་མའི་ཤེས་པ་གཅིག་པོ་དེ་ཉམས་སུ་མ་མྱོང་བ་དང་མ་དྲན་པར་འགྱུར་མོད། སྐྱོན་ཅིར་འགྱུར་སྙམ་ན། སྤྱོད་ཡུལ་གཞན་དུ་འཕོ་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་རིག་པ་ཁས་མི་
ལེན་པའི་ཕྱིར་རང་ལས་མ་ཡིན་ལ་ཐུག་པ་མེད་པའི་ཉེས་པས་གཞན་ལས་ཀྱང་མ་ཡིན་ནོ། །འདིའི་མཐའ་མ་གྲུབ་པ་ན་སྔ་མ་སྔ་མ་ཡང་མ་གྲུབ་སྟེ། དམིགས་པ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་ཡང་མ་གྲུབ་པའི་ཕྱིར་ནམ་ཡང་འགའ་ཡང་དམིགས་པར་མི་འགྱུར་རོ། །དེ་ལྟ་ཡིན་
དང་འགྲོ་བ་མཐའ་དག་ལོང་བ་ཉིད་དུ་འགྱུར་རོ། །ཅི་སྟེ་ཇི་སྐད་བཤད་པའི་ཉེས་པས་འཇིགས་ནས། ཐ་མ་རང་ལས་ཏེ་རང་རིག་པས་གྲུབ་པར་ཁས་ལེན་པར་བྱེད་ན་དེའི་ཚེ། དེ་ཁོ་ན་བཞིན་དུ་ཐམས་ཅད་ཤེས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རང་རིག་པ་ཡིན་ལ་རག་མོད། སྦྱོར་བ་ནི་གང་ཞིག་
ཤེས་པ་ཡིན་པ་དེ་ནི་བདག་ཉིད་རིག་པ་ལས་གཞན་གྱི་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་མཐའི་ཤེས་པ་བཞིན་ནོ། །རྩོད་པའི་གཞིར་གྱུར་པ་ཡང་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟ་མ་ཡིན་ན་གང་ཞིག་རང་ལས་མ་གྲུབ་པ་དེ་ནི་བུམ་པ་ལ་སོགས་པ་
བཞིན་དུ་གཟུགས་ཀྱི་ཡུལ་ཅན་གྱི་ཤེས་པ་ཉམས་པར་འགྱུར་རོ་ཞེས་བྱ་བ་ནི་གནོད་པ་ཅན་གྱི་ཚད་མའོ། །མིག་ལ་སོགས་པ་གསལ་བྱེད་པར། །རྣམ་པར་གཞག་པ་མཐོང་བ་ལྟར། །ཞེས་བྱ་བ་འདི་ལ། མིག་ནི་གཟུགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ནི་གཟུགས་ཀྱི་
ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ན་གཟུགས་ཀྱི་གསལ་བར་བྱེད་པ་བརྗོད་ཀྱི། རྣམ་པར་ཤེས་པ་ནི་གཟུགས་ལ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ཏེ། གཟུགས་ཉིད་དེ་སྐྱེད་པར་བྱེད་པའི་ཕྱིར་རོ། །ཅུང་ཟད་ཀྱང་མི་བྱེད་པ་ནི་གསལ་བར་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ནི་དེའི་ཕྱིར་རོ། །མཚུངས་པ་ནི་འདྲ་བའོ། །གང་ཞིག་རིག་པ་ཞེས་བྱ་བ་ལ་སོགས་པས་སྔོན་པོའི་རྣམ་པ་དང་དེའི་བློ་དག་ཐ་མི་དད་པར་བསྒྲུབ་པར་བྱ་བའི་ཕྱིར། ཤེས་པ་རྣམ་པ་མེད་པར་སྨྲས་པ་ལ་ཚད་མ་བྱེད་པ་ཡིན་ཏེ། གང་ནི་རིག་པ་སྟེ་གང་ཞིག་
เล่ม ๑๙๒ · หน้า 120b
རིག་པ་ན་གང་རིག་པ་དེ་ཉིད་ངེས་པར་གཞན་མ་ཡིན་ཏེ། དེ་ལྟ་བས་ན་དང་པོའི་གང་ཞིག་གི་སྒྲས་བརྗོད་པར་བྱ་བའི་ཐ་མི་དད་པ་ཉིད་དུ་ངེས་པ་དེ་ནི་གཅིག་ཏུ་གང་གི་སྒྲ་གཉིས་པའི་བརྗོད་པར་བྱ་བ་ཡིན་ནོ། །ཡང་ན་བཟློག་ནས་ཐ་མི་དད་པ་ནི་བསྒྲུབ་པར་བྱ་བའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གང་
ཞིག་གང་ལས་ལོགས་ཤིག་མ་ཡིན་པར་རིག་པ་ཉིད་དེ་ནི་དེ་ལས་ཐ་མི་དད་པ་ཡིན་ཏེ། དཔེར་ན་སྔོན་པོའི་བློ་རང་གི་རང་བཞིན་ཡིན་པ་ལྟ་བུའམ། ཡང་རབ་རིབ་ཅན་གྱི་ཤེས་པ་ལ་སྣང་བའི་ཟླ་བ་དེ་ཟླ་བ་གཉིས་པ་བཞིན་ནོ། །རིག་པ་འདི་ལ་ཡང་སྔོན་པོའི་བློ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལ་ཆོས་ཉེ་
བར་བསྡུས་པའོ། །ཆོས་ཅན་འདི་ལ་སྔོན་པོའི་རྣམས་པ་དང་དེའི་བློ་དེ་དག་ཐ་མི་དད་པ་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །ཇི་སྐད་དུ་བཤད་པའི་ལྷན་ཅིག་དམིགས་པ་ངེས་པ་ནི་གཏན་ཚིགས་སོ། །སློབ་དཔོན་གྱིས་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་ཞེས་བྱ་བའི་སྦྱོར་བ་ལ་གཏན་ཚིགས་ཀྱི་
དོན་འདི་འདྲ་བར་འདོད་དོ། །དེ་ལ་བཙུན་པ་དགེ་སྲུངས་ན་རེ། གཏན་ཚིགས་འདི་འགལ་གང་གི་ཕྱིར། །འཇིག་རྟེན་འདི་ན་ལྷན་ཅིག་སྒྲ། །གཞན་མེད་པར་ནི་གང་ནའང་མེད། །གལ་ཏེ་ལྷན་ཅིག་རིག་ཡོད་ན། །དེའི་ཕྱིར་གཏན་ཚིགས་འདི་འགལ་ལོ། །ཞེས་ཟེར་བ་དེ་ནི་ཡང་དག་པ་
མ་ཡིན་ཏེ། གང་ཞིག་མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་དེ་ནི་གཏན་ཚིགས་འགལ་བ་ཡིན་ལ། འདི་མི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡང་ཡོད་པའི་ཕྱིར་རོ། །འདི་ལྟར་ཟླ་བ་གཉིས་ལྷན་ཅིག་དམིགས་པར་འཇིག་རྟེན་ན་མངོན་པར་འདོད་མོད་ཀྱི། དེ་
དག་དོན་དམ་པར་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་སྨྲ་བ་པོ་ཁོ་བོས་ཟླ་བ་གཉིས་དམིགས་སོ་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འདི་ལ་ཡང་ཤེས་པ་ལས་ཐ་མི་དད་ཀྱང་ཕྱི་རོལ་ལྟ་བུར་སྣང་བའི་རྣམ་པ་གཉིས་པར་བྱས་ནས་བརྟགས་པའི་ཐ་དད་པའི་རྒྱུ་མཚན་ཅན་གྱི་ལྷན་ཅིག་པའི་
སྒྲ་སྦྱོར་བ་ཡིན་ནོ། །གང་ལས་གཏན་ཚིགས་འགལ་བར་འགྱུར་བ་གང་གིས་ལྷན་ཅིག་པའི་སྒྲ་སྦྱོར་བ་ཙམ་གྱིས་དངོས་པོ་དང་འབྲེལ་པའི་རྟགས་གཞན་ཉིད་དུ་འགྱུར་བ་སྒྲ་ལས་བྱུང་བའི་ཐ་སྙད་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་ནི་མ་ཡིན་ནོ། །ཡང་དེ་ཉིད་ན་རེ། གལ་ཏེ་ལྷན་ཅིག་
เล่ม ๑๙๒ · หน้า 121a
གི་སྒྲ་དོན་གཅིག་ཡིན་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། འདི་ལྟར་གར་དང་ཟླ་བ་དང་གྱེད་ལ་ལྟ་བ་དག་ལ། ལྟ་བ་པོ་གཅིག་ཁོ་ནས་དམིགས་པའམ། སྔོན་པོ་ལ་སོགས་པ་ལ་ཡང་སྔོན་པོ་དང་དེ་དམིགས་པ་དག་གཅིག་ཁོ་ན་ལས་དམིགས་པ་མ་ཡིན་ཏེ། འདི་
ལྟར་སྔོན་པོ་དམིགས་ན་ཡང་རྒྱུད་གཞན་དུ་གཏོགས་པའི་དེ་དམིགས་པ་རྣམས་མ་དམིགས་པའི་ཕྱིར་རོ། །ཡང་གང་གི་ཚེ་སྲོག་ཆགས་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཐམས་ཅད་མཁྱེན་པས་སེམས་པ་དེའི་ཚེ་ཇི་ལྟར་གཅིག་ཁོ་ནས་དམིགས་པར་གྲུབ་པར་འགྱུར། གཞན་ཡང་གཞན་གྱིས་དམིགས་པ་
བཀག་པ་ན་གཅིག་གིས་དམིགས་པ་ངེས་པར་གྲུབ་པར་གྱུར་ན། གཞན་གྱིས་དམིགས་པ་དགག་པ་སྲིད་པ་ཡང་མ་ཡིན་ཏེ། རང་བཞིན་གྱིས་བསྐལ་བ་ནི་བསྒྲུབ་པ་དང་དགག་པར་མི་རིགས་པའི་ཕྱིར་རོ། །ཡང་ལྷན་ཅིག་པའི་སྒྲ་དུས་གཅིག་ལ་བརྗོད་པར་འདོད་པ་དེའི་ཚེ། དུས་གཅིག་བརྗོད་
པར་འདོད་པ་ཡིས། །སངས་རྒྱས་མཁྱེན་པར་བྱ་སེམས་དང་། །སེམས་དང་སེམས་ལས་བྱུང་རྣམས་ཀྱིས། །ཀུན་དུ་གཏན་ཚིགས་མ་ངེས་སོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པར་བྱ་བའི་རྒྱུད་གཞན་གྱི་སེམས་གང་ཡིན་པ་དེ་དང་སངས་རྒྱས་ཀྱི་ཡེ་ཤེས་འདི་ལྷན་ཅིག་
དམིགས་པ་ངེས་པ་ཡིན་པ་ན་ཡང་སྣ་ཚོགས་པ་ཉིད་ཡིན་པ་དང་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ལྷན་ཅིག་དམིགས་པ་ངེས་པ་ཡིན་ན་ཡང་གཅིག་ཉིད་མ་ཡིན་པས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་ཟེར་བ་དེ་ཐམས་ཅད་ཡང་དག་པ་མ་ཡིན་ཏེ། འདིར་གཅིག་ཁོ་
ནས་དམིགས་པ་ནི་གཅིག་དམིགས་པ་ཞེས་བྱ་བའི་དོན་འདི་མངོན་པར་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་པ་དང་ཤེས་བྱ་དག་ནི་ཕན་ཚུན་གཅིག་ཉིད་དུ་དམིགས་པ་ཡིན་གྱི། ལོགས་ཤིག་ཏུ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། ཤེས་པ་དམིགས་པ་གང་ཡིན་པ་དེ་ཁོ་ན་ཤེས་བྱ་
དམིགས་པ་ཡིན་ལ་ཤེས་བྱ་དམིགས་པ་གང་ཡིན་པ་དེ་ཁོ་ན་ཤེས་པ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཤེས་བྱ་དམིགས་པའི་བདག་ཉིད་ཤེས་བྱ་དམིགས་པ་མ་ཡིན་པ་དང་། གང་ཞིག་ཤེས་པ་དམིགས་པའི་བདག་ཉིད་མ་ཡིན་པ་གར་དང་ཟླ་བ་དང་གྱད་ལ་ལྟ་བ་དག་ལ་
เล่ม ๑๙๒ · หน้า 121b
ཤེས་པ་དམིགས་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་གང་ལས་མ་གྲུབ་པ་ཉིད་ཡིན། ཐེ་ཚོམ་ཟ་བ་ཡང་མ་ཡིན་ཏེ། འདི་ལྟར་ཤེས་པའི་བདག་ཉིད་རིག་པ་གང་ཡིན་པ་དེ་ཉིད་ཀྱི་དོན་ཡིན་ནོ་ཞེས་ཕྱི་རོལ་གྱི་དོན་སྨྲ་བ་གཞན་གྱིས་ཀྱང་ཁས་བླངས་པ་ཡིན་ནོ། །འདིས་ནི་གཅིག་ཁོ་ན་དམིགས་པ་ཞེས་དེ་
ལྟར་བརྟགས་ནས་མ་གྲུབ་པར་སྨྲས་པ་གང་ཡིན་པ་དེའི་ཕྱོགས་ཁས་མ་བླངས་པ་ཉིད་ཀྱིས་གསལ་བར་བལྟ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གཞན་གྱི་རྒྱུད་ལ་འཇུག་པའི་སེམས་ཀྱི་སྐད་ཅིག་ངེས་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་དེ་ནི་སྒྲིབ་པ་ཐམས་ཅད་སྤངས་པས་
གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ། དེ་ལ་གཟུང་བྱ་མེད་ཅིང་འཛིན་པ་ཡོད་མ་ཡིན། །དེ་ཕྱིར་ཤེས་པ་གཞན་གྱིས་གཟུང་བྱ་ན་ཡང་སྟོང་། །ཞེས་བཤད་པ་ལྟ་བུ་སྟེ་ཕྱིན་ཅི་མ་ལོག་པ་བསྒྲུབ་པ་ནི་བདག་པོ་ཙམ་གྱི་ཡིན་ནོ། །ཇི་སྐད་དུ། སྔོན་གྱི་སྨོན་ལམ་གྱིས་བསྒོས་པས་
རྟག་ཏུ་གཞན་གྱི་བྱ་བ་ལ་ལྷུན་གྱིས་གྲུབ་པར་འཇུག་གོ་ཞེས་བཤད་པ་ལྟ་བུའོ། །འོན་ཏེ་སློབ་དཔོན་ཆོས་ཀྱི་གྲགས་པས་ཡུལ་ཤེས་པའི་རྒྱུ་ཉིད་ཀྱིས་ཉེ་བ་ན་སྔར་དམིགས་ལ། ཕྱིས་རིག་པའོ་ཞེ་ན་ཞེས་དེ་ལྟར་ཕྱོགས་སྔ་མ་བསྟན་ནས། འདིར་ལྷན་ཅིག་པའི་སྒྲ་ནི་དུས་གཅིག་པའི་དོན་དུ་བསྟན་གྱི། ཐ་མི་དད་
པའི་དོན་ནི་མ་ཡིན་ཏེ། དུས་གཅིག་བརྗོད་པར་འདོད་པ་ན་གཞན་ལ་དུས་ཐ་དད་དུ་བསྟན་པར་རིགས་ཀྱི། ཐ་མི་དད་ན་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དུས་ཐ་དད་པ་ལ་དངོས་པོ་ཐ་དད་པས་ཁྱབ་པའི་ཕྱིར་རོ། །དུས་ཐ་དད་དུ་བསྟན་པ་ནི། དམིགས་པ་སྣ་ཚོགས་ཉིད་དུ་བསྟན་པའི་དོན་ཉིད་དུ་ཆེས་རིགས་
ཏེ། ཁྱབ་པར་བྱ་བ་ཁྱབ་པར་བྱེད་པ་ལ་མི་འཁྲུལ་པའི་ཕྱིར་རོ། །སངས་རྒྱས་ཀྱི་མཁྱེན་པར་བྱ་བའི་སེམས་ཀྱིས་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། འདི་ལྟར་དེ་ལ་གཅིག་ལ་དམིགས་པ་ངེས་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱི་རང་རང་སོ་སོར་རིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་
སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཀྱང་འཁྲུལ་པ་མ་ཡིན་ཏེ། དེ་དག་ཀྱང་སོ་སོར་བདག་ཉིད་རིག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གཞན་གྱི་སེམས་མཁྱེན་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་མ་ངེས་པ་ཉིད་མ་ཡིན་ཏེ། ངེས་པར་ལྡོག་པའི་ཕྱིར་རོ། །གང་
เล่ม ๑๙๒ · หน้า 122a
དག་ཕན་ཚུན་དམིགས་པ་སྣ་ཚོགས་པ་ཉིད་སྲིད་པ་གང་ཡིན་པ་དེ་ནི་ངེས་པར་ལྡོག་པ་ཡིན་གྱི། དམིགས་པ་དང་། རྒྱུད་གཞན་དང་། དུས་ཐ་དད་པས་རང་གི་མཚན་ཉིད་སྣ་ཚོགས་པ་ཉིད་ནི་མ་ཡིན་ནོ། །དེས་ན་དོན་འདིར་འགྱུར་ཏེ། གང་དམིགས་པ་ཁོ་ན་ན་གང་
དམིགས་ཀྱི་གཞན་དུ་ཡང་མ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་དམིགས་པ་ཁོ་ན་རྒྱུད་གཞན་དུ་གཏོགས་པའི་སེམས་དམིགས་པ་མ་ཡིན་ལ། རྒྱུད་གཞན་དུ་གཏོགས་པའི་སེམས་དམིགས་པ་ཁོ་ན་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་དམིགས་པ་ཡང་མ་ཡིན་གྱི། འོན་ཀྱང་
གཞན་དུ་ནི་མ་ཡིན་ཏེ། རང་རང་གི་སེམས་སོ་སོར་རིག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་སྣང་བ་དག་གིས་འཁྲུལ་པ་ཡང་མ་ཡིན་ཏེ། སྣང་བ་འབའ་ཞིག་ཀྱང་མཐོང་བའི་ཕྱིར་ལ། སྣང་བ་དང་བྲལ་བའི་གཟུགས་ལ་སྲོག་ཆགས་ཀྱི་བྱེ་བྲག་འགའ་ཞིག་གིས་དམིགས་པའི་ཕྱིར་རོ། །དེ་ལྟ་
བས་ན་མི་མཐུན་པའི་ཕྱོགས་ལ་ཡོད་པའང་མི་སྲིད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང་མི་མཐུན་པའི་ཕྱོགས་ལ་ཡོད་པར་མ་ངེས་ཀྱང་ཐེ་ཚོམ་ཟ་བ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གཏན་ཚིགས་མ་ངེས་པ་ཁོ་ན་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་
ཐེ་ཚོམ་ཟ་བའི་ཕྱིར་རོ། །འདི་ལྟར་ཡུལ་དང་ཡུལ་ཅན་གྱི་ངོ་བོས་ངེས་པའི་ཕྱིར་གཞན་དུ་ཡང་ལྷན་ཅིག་དམིགས་པ་ངེས་པ་སྲིད་པ་ཁོ་ན་སྟེ། གང་གི་ཕྱིར་ཤེས་པ་ནི་འཛིན་པར་བྱེད་པ་ཉིད་ཀྱི་རང་བཞིན་ཡིན་ཏེ། དེའི་ཆོས་ནི་ཡུལ་འཛིན་པ་ཡིན་པའི་ཕྱིར་རོ། །ཡུལ་ཡང་དེའི་གཟུང་བར་བྱ་བ་
ཉིད་ཀྱིས་རང་བཞིན་ཡིན་ཏེ། དེ་དག་ནི་ཚོགས་པ་གཅིག་ལ་རག་ལས་པའི་ཕྱིར་རྟག་ཏུ་ལྷན་ཅིག་འབྱུང་བ་ཉིད་ཡིན་ནོ། །ལྷན་ཅིག་འབྱུང་བར་ཁྱད་པར་མེད་ན་ཡང་མིག་ལ་སོགས་པ་ཡུལ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་རང་བཞིན་མེད་པའི་ཕྱིར་རོ། །འདི་ལྟར་
ཚོགས་པས་སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་ངེས་པའི་ངོ་བོ་ཉིད་ཀྱི་ཤེས་པ་བསྐྱེད་པར་བྱ་བ་ཡིན་གྱི། མིག་ལ་སོགས་པར་ངེས་པའི་ངོ་བོ་ནི་མ་ཡིན་ལ། སྔོན་པོ་ལ་སོགས་པ་ཡང་དེས་ངེས་པའི་ངོ་བོ་སྐྱེད་ཀྱི། མིག་ལ་སོགས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ཏེ། འཛིན་བྱེད་ཤེས་བྱ་ལས་
เล่ม ๑๙๒ · หน้า 122b
གཞན་མེད། །དབང་བློ་ཡུལ་མེད་པར་མེད་དེ། །དེ་ལྟ་ཡིན་དང་ལྷན་ཅིག་རིག །སྔོ་དང་དེ་བློ་གཅིག་མ་ཡིན། །ཚོགས་པ་སྔ་མ་ཉིད་ཀྱིས་ནི། །སྣང་བ་དང་བཅས་གཟུགས་ལྡན་པའི། །ཤེས་བཅས་ཡུལ་གྱི་སྐད་ཅིག་བྱེད། །དེས་ན་ལྷན་ཅིག་རིག་པར་འགྱུར། །ཞེས་ཀྱང་
བཤད་དོ། །འདིར་སྨྲས་པ། ཤེས་བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་མེད་པར་ཐ་དད་པར་ལྷན་ཅིག་དམིགས་པར་ངེས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་ཐ་དད་པ་རིག་པ་ལ་འབྲེལ་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་
འབྲེལ་པ་ཡིན་པ་ན་དེའི་བདག་ཉིད་དམ་དེ་ལས་བྱུང་བ་ཡིན་གྲང་། རེ་ཞིག་འདི་ལ་དེའི་བདག་ཉིད་ནི་གཞན་གྱི་འདོད་པ་མ་ཡིན་ཏེ། དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡང་མ་ཡིན་ཏེ། ལྷན་ཅིག་རིག་པའི་ལྷན་ཅིག་འབྱུང་བ་དག་ལ་ནི་རྒྱུ་དང་འབྲས་བུའི་དངོས་པོ་
མེད་པའི་ཕྱིར་དང་། མིག་ལ་སོགས་པ་རྣམས་ཀྱང་དམིགས་པ་ཉིད་དུ་ཐལ་བའི་ཕྱིར་རོ། །ཚོགས་པ་སྔ་མའི་དབང་གིས་ཅིག་ཅར་བ་ཙམ་གྱིས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་དང་། མིག་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ཡུལ་
དང་ཡུལ་ཅན་གྱི་ངོ་བོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཚོགས་པ་སོ་སོར་ངེས་པས་ཡུལ་དང་ཡུལ་ཅན་གྱི་ངོ་བོར་སྐྱེད་པའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་རིགས་པ་མ་ཡིན་ཏེ། རྣམ་པར་དཔྱད་པ་ཉིད་ཀྱིས་ཡུལ་དང་ཡུལ་ཅན་ཉིད་མ་གྲུབ་པའི་ཕྱིར་
རོ། །འབྲེལ་པ་གྲུབ་ན་ཡུལ་དང་ཡུལ་ཅན་རིགས་ན། གང་གི་ཕྱིར་ཡུལ་དང་ཡུལ་ཅན་གྱི་དངོས་པོ་རྣམ་པར་གཞག་པ་ན་འབྲེལ་པ་དེ་ཉིད་རྣམ་པར་དཔྱད་པར་བྱ་བ་ཡིན་ནོ། །གང་ལས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་གྲུབ་པར་འགྱུར་བ་དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་མ་
གཏོགས་པ་འབྲེལ་པ་གཞན་ཡོད་པ་ནི་མ་ཡིན་ལ། དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་ཡུལ་དང་ཡུལ་ཅན་གྱི་དངོས་པོར་རིགས་པ་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཐ་དད་པ་ལ་ཇི་ལྟར་ཡང་ལྷན་ཅིག་དམིགས་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཐེ་
เล่ม ๑๙๒ · หน้า 123a
ཚོམ་ཟའི་མ་གྲུབ་པ་ག་ལ་ཡིན། རྣམ་པ་དང་བཅས་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་གཉིས་པ་བཤད་པ་ནི། རིག་པ་འདི་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དང་རང་རིག་པ་ཡིན་པ་དེ་དང་དེ་ནི་ཤེས་པ་ལས་དོན་གཞན་དུ་གྱུར་པའི་ཡུལ་ཅན་
མ་ཡིན་ཏེ། བདག་ཉིད་རིག་པ་བཞིན་ནོ། །སྔོན་པོ་ལ་སོགས་པའི་རྣམ་པ་འདི་ཡང་རིག་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། དོན་གཞན་གྱི་ཡུལ་ཅན་ཉིད་དང་འགལ་བ་དོན་གཞན་དུ་གྱུར་པ་མ་ཡིན་པའི་ཡུལ་ཅན་ཉིད་ཀྱིས་རིག་པ་ལ་ཁྱབ་པའི་ཕྱིར་རོ། །ཁྱབ་པ་དེ་
ཉིད་བསྒྲུབ་པའི་ཕྱིར། །རང་རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པའི་ཕྱིར། དོན་དམ་པར་འགའ་ཞིག་འགའ་ཞིག་གིས་འཛིན་པ་ནི་མ་ཡིན་གྱི་གསལ་བའི་བདག་ཉིད་ཡིན་པས་དེ་ལྟར་སྣང་བ་ན་རྣམ་པར་ཤེས་པའི་བདག་ཉིད་འཛིན་པར་བྱེད་པར་
བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟར་ཤེས་པ་དངོས་སུ་དོན་འཛིན་པར་བྱེད་པར་རིགས་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །དེའི་བདག་ཉིད་གང་ཡིན་པ་དེ་ནི་གཞན་གྱི་མ་ཡིན་ནོ། །འདི་སྙམ་དུ་ཤེས་པའི་དངོས་སུ་རིག་པ་ཅི་འདྲ་བ་དེ་འདྲ་བ་དོན་གྱི་ཡིན་
པར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། རང་སྣང་བ་སྐྱེད་པར་བྱེད་པ་ཉིད་དོན་རིག་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་དངོས་སུ་རིག་པ་གཏན་ཚིགས་སུ་ལེན་པར་བྱེད་པ་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ལ། ཡང་ཅི་སྟེ་ཇི་ཞིག་ལྟར་རིག་པའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་སྒྲུབ་པར་བྱེད་པ་
ཡིན་པ་དེ་ལྟ་ན་ཡང་རྣམ་པ་དེ་ལྟ་བུ་ལས་འདོད་པ་སྒྲུབ་པ་ཡིན་ཏེ། གོའི་སྒྲར་མཚུངས་པས་ངག་ལ་སོགས་པ་རྣམས་རྭ་ཅན་དུ་གྲུབ་པ་ནི་མ་ཡིན་ནོ། །ཡང་ཤེས་པ་ལ་ཡོད་པའི་སྔོན་པོའི་ལ་སོགས་པའི་རྣམ་པའི་ཆོས་ཅན་ལ་བརྟེན་ནས་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་རྣམ་པ་གཉིས་
ཀ་ཡང་གཏན་ཚིགས་སུ་འདོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཇི་སྐད་དུ། ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དེ་ཡི་རྣམ་པ་རིག་པ་ཉིད། །དེ་ནི་ཐ་མི་དད་གྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཞེས་བཤད་པ་ལྟ་བུའོ་སྙམ་དུ་སེམས་པ་འདི་ཐམས་ཅད་བཙུན་པ་དགེ་སྲུངས་དེའི་
เล่ม ๑๙๒ · หน้า 123b
དོགས་པ་བསུ་ནས། དོན་གྱི་རྣམ་པའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དོན་གྱི་རྣམ་པ་སྟེ་དོན་དང་འདྲ་བ་ཡང་ཡིན་ལ། གཟུགས་བརྙན་ཏེ། སྣང་བ་ཡང་ཡིན་པས་དོན་གྱི་རྣམ་པའི་གཟུགས་བརྙན་ནོ། །འདི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཏེ། གང་གི་
ཕྱིར་རྣམ་པ་མེད་པར་སྨྲ་བ་ལ་ལྟ་བ་ཡིན་པ་དེས་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །ཉེ་བར་བཏགས་ནས་དོན་གཞན་རིག་པ་ཡང་ཡོད་པ་མ་ཡིན་ཏེ། གདགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྣམ་པ་མེད་པའི་ཤེས་པས་ཕྱི་རོལ་གྱི་དོན་ཤེས་པ་མ་ཡིན་ནོ་ཞེས་བསྟན་ནས། ཕྱོགས་
གཉིས་པ་ལ་བརྟེན་ནས་རྣམ་པ་དང་བཅས་པ་ཞེས་བྱ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོ་ན་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་དེའི་དབང་གིས་དོན་རྣམ་པར་འཇོག་པར་འགྱུར་བ་ཡང་དག་པའི་རྣམ་པར་རིག་པ་མ་ཡིན་ལ། བརྫུན་པའི་རྣམ་པས་དོན་རིག་པར་འགྱུར་བ་ཡང་མ་
ཡིན་ཏེ། རྣམ་པ་དེ་ལྟ་བུ་ནི་འཁྲུལ་པའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཇི་ལྟར་རྣམ་པ་རྣམས་བརྫུན་པ་ཉིད་ཡིན་ཞེ་ན། ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟན་ཁྲ་བོ་མཐོང་བ་ན་ཤེས་པ་གཅིག་ལས་ཐ་མི་དད་པའི་ཕྱིར་ཤེས་པའི་རང་བཞིན་བཞིན་དུ་རྣམ་པ་རྣམས་ཀྱང་དུ་མ་ཉིད་དུ་མི་
འགྱུར་རོ། །དེ་བཞིན་དུ་རྣམ་པ་ལས་ཐ་མི་དད་པའི་ཕྱིར་ཤེས་པ་ཡང་དུ་མ་ཉིད་དུ་འགྱུར་རོ། །གང་དག་རིགས་འདྲ་བའི་ཤེས་པ་རྣམས་ཀྱང་རྣམ་པའི་གྲངས་བཞིན་དུ་མང་པོར་སྟན་ཁྲ་བོ་ལ་སོགས་པ་ལ་རིགས་མི་འདྲ་བའི་གཟུགས་དང་སྒྲ་ལ་སོགས་པའི་ཤེས་པ་བཞིན་དུ་ཅིག་ཅར་སྐྱེ་བས། དེ་ལྟ་ཡིན་དང་
ཐལ་བར་འགྱུར་བ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གི་ལྟར་ན་ཡང་སྟན་ཁྲ་བོ་ལ་ཇི་ལྟར་སྔོན་པོ་ལ་སོགས་པའི་རྣམ་པ་མང་པོ་རིག་པ་དེ་ལྟར་དཀར་པོ་ལ་སོགས་པའི་རྣམ་པ་གཅིག་ལ་ཡང་ཚུ་རོལ་དང་དབུས་དང་ཕ་རོལ་གྱི་ཆའི་ངོ་བོའི་རྣམ་པ་མང་པོ་ཡིན་པའི་ཕྱིར་དེའི་བདག་ཉིད་དེ་ལ་ཡང་
ཤེས་པ་རྣམ་པ་དུ་མའི་བདག་ཉིད་དུ་འགྱུར་རོ། །འདོད་པ་ཁོ་ནའོ་ཞེ་ན། ད་ནི་གཅིག་པ་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་པར་བྱའོ། །རྡུལ་ཕྲ་རབ་ཆ་མེད་པའི་ཡུལ་ཅན་གང་ཡིན་པའོ་ཞེ་ན། དེ་ནི་ཉམས་སུ་མྱོང་བ་དང་འགལ་ཏེ། གང་དུ་ཡང་རྡུལ་ཕྲ་རབ་ཆ་མེད་པའི་ངོ་བོར་སྣང་བར་མི་མངོན་ནོ། །གང་གིས་དེ་བདེན་པ་ཉིད་དུ་གྲུབ་པར་
เล่ม ๑๙๒ · หน้า 124a
བྱ་བའི་ཕྱིར་ཤེས་པ་དུ་མ་བརྟགས་པ་ལེགས་པར་འགྱུར་བ། ཡུལ་ཅན་མ་ཡིན་པའི་ཤེས་པ་ལ་ཡུལ་གྱིས་བྱས་པའི་སྔ་མ་དང་ཕྱི་མར་གནས་པ་རིགས་པ་མ་ཡིན་ནོ། །ཡུལ་ལ་ཁྱབ་པ་དང་ལྡན་པར་སྣང་བ་ཡང་བརྫུན་པ་ཉིད་ཡིན་ན་ཇི་ལྟར་རྣམ་པ་རྣམས་བདེན་པར་འགྱུར། ཡུལ་
ལ་ཁྱབ་པར་གནས་པའི་སྔོན་པོ་ལ་སོགས་པར་སྣང་བ་ལས་མ་གཏོགས་པའི་སྔོན་པོ་ལ་སོགས་པའི་ཤེས་པའི་རྣམ་པ་གཞན་རིགས་པ་ནི་མ་ཡིན་ཏེ། དེས་ན་ཤེས་པ་དུ་མ་བརྟགས་པ་དོན་མེད་པ་ཉིད་དོ། །སྐྱོན་གཞན་ཡང་བཤད་པ་ནི། བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ།
མི་ཤེས་པ་ནི་བེམས་པོའི་ངོ་བོ་ཉིད་དོ། །སོགས་པའི་སྒྲས་འདོད་ཆགས་དང་བཅས་པ་མ་ཡིན་པ་དང་། ཞེ་སྡང་དང་བཅས་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །གཞན་གྱི་རྣམ་པ་ཞེས་བྱ་བའི་ཕྱོགས་གསུམ་པ་འདི་ལ་བརྟེན་ནས། གལ་ཏེ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཅི་སྟེ་
ཤེས་པ་འགའ་ཞིག་གང་གིས་བསྐྱེད་པ་དེ་ནི་དེ་ཉིད་རིག་པར་འགྱུར་ཏེ། དེས་ན་ཐམས་ཅད་རིག་པར་མི་འགྱུར་རོ་སྙམ་ན། རྒྱུ་ཡང་ངེས་པར་བྱེད་པར་མི་འགྱུར། མིག་ལ་སོགས་པ་ཡང་རིག་པར་བྱ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ཁྱེད་ཀྱི་ཞེས་བྱ་བ་ལ་སོགས་
པས་བཙུན་པ་དགེ་སྲུངས་ཀྱི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེ་ན་རེ། ཇི་ལྟར་རྣམ་པར་ཤེས་པར་སྨྲ་བ་ཁྱེད་ཅག་གི་རྣམ་པར་ཤེས་པ་དོན་དམ་པར་རྣམ་པ་མེད་པ་ཡིན་ཏེ། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་གཞིན་དུ་དག་པར་འདོད། །ཅེས་གསུངས་པའི་ཕྱིར། ཡང་
རྣམ་པ་ཡང་རིག་པར་འདོད་པ་དེ་བཞིན་དུ་ཕྱི་རོལ་ལ་ཡང་ཡིན་ནོ་ཞེས་ཟེར་རོ། །འདིར་སེམས་དང་སེམས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པ་མ་ཡིན་པ་ནི་དངོས་སུ་རིག་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་གསལ་བའི་བདག་ཉིད་ཐུན་མོང་མ་ཡིན་པ་ང་རྒྱལ་གྱི་གཞན་སིམ་
པ་ལ་སོགས་པའི་ངོ་བོས་སྣང་བ་གང་ཡིན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་བཞིན་བདག་ཉིད་དེ་དག་གི་དངོས་སུ་རིག་པ་ཡིན་ལ་ཤེས་པའི་བདག་ཉིད་དེ་ལས་གཞན་དེ་ཡང་དག་པ་མ་ཡིན་པའི་རྣམ་པ་རྣམས་ཀྱི་རིག་པ་དེ་ནི་དངོས་སུ་རིག་པ་མ་ཡིན་ཏེ། དེ་དག་ཡང་དག་པ་མ་
เล่ม ๑๙๒ · หน้า 124b
ཡིན་པ་ཉིད་ཀྱི་ཕྱིར་རོ། །བཏགས་པ་ཡང་མ་ཡིན་ཏེ། གདགས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལྟར་ཚོགས་པ་གཅིག་ལ་རག་ལས་པ་ཉིད་དམ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དང་། སོགས་པའི་སྒྲས་འདྲ་བ་སྟེ། འདི་དག་གདགས་པའི་རྒྱུ་མཚན་དུ་འགྱུར་ན། ཡང་དག་པ་
མ་ཡིན་པ་ལ་ནི་འདི་ཐམས་ཅད་ཡོད་པ་མ་ཡིན་ལ། ཉེ་བར་བཏགས་པའི་རྒྱུ་མཚན་གཞན་ཡང་མེད་དེ། མ་རིག་པའི་དབང་གིས་ཡུལ་མེད་པ་ཉིད་དུ་ཡང་དག་པ་མ་ཡིན་པའི་རྣམ་པ་སྟོན་པར་བྱེད་པའི་ཤེས་པ་འཁྲུལ་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །འོ་ན་འཁྲུལ་པ་དེ་ཉིད་མེད་པའི་རྣམ་པ་
རིག་པའི་གདགས་པའི་རྒྱུ་མཚན་དུ་འགྱུར་རོ་ཞེ་ན། འདིར་སྨྲས་པ་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པའི་རྣམ་པའི་ཡུལ་ཅན་དུ་བསྟན་པའོ། །འདི་ལྟར་དོན་དམ་པར་ཡང་དག་པ་མ་ཡིན་པའི་རྣམ་པ་རིག་པར་བྱ་བ་ཡོད་པ་མ་ཡིན་ཏེ། དེ་རིག་
པས་རིག་པར་བྱ་བ་ཉིད་དུ་ཁས་ལེན་ན་ཡང་དག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་དེ་ཉིད་ན་རེ། སངས་རྒྱས་ཀྱི་ནི་ཡེ་ཤེས་ལའང་། །དེ་ནི་རྣམ་བཅས་རྣམ་མེད་དང་། །དུས་མཚུངས་དུས་མི་མཚུངས་སྐྱེ་ཞེས། །བསམ་པ་ཅི་ཡི་ཕྱིར་མི་འཇུག །ཅེས་སོ། །དཔེར་ན་རྣམ་པ་དང་བཅས་
པས་དོན་འཛིན་པར་བྱེད་པ་རིགས་པ་མ་ཡིན་ནོ་ཞེས་སེམས་པར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱིས་དོན་འཛིན་པ་ལ་ཡང་ཅིའི་ཕྱིར་མི་དཔྱོད་ཅེས་ཟེར་རོ། །འདིར་དེ་ནི་རྣམ་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་འདི་ལ་ཡང་སེམས་པར་བྱེད་པ་བཅོམ་ལྡན་འདས་ཀྱི་ཡེ་
ཤེས་ནི་དེའི་འཛིན་པར་མི་འདོད་དོ། །གང་གི་ཕྱིར་དེ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར། གཟུང་བ་དང་འཛིན་པའི་རྣམ་རྟོག་ཡོད་པ་མ་ཡིན་ནོ་ཞེས་འདོད་དོ། །གལ་ཏེ་ཡང་ཕྱི་རོལ་གྱི་དོན་གཟུང་བར་བྱ་བ་མེད་པ་དེ་ལྟ་ན་ཡང་རྒྱུད་གཞན་ལ་གནས་པའི་སེམས་གཞན་ཡོད་པ་མ་ཡིན་ནམ།
ཅིའི་ཕྱིར་དེ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱི་གཟུང་བར་བྱ་བར་མི་འགྱུར་ཞེ་ན། འདི་ལ་གཞན་གྱི་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་རྒྱུད་ལ་ཡོད་པའི་འདོད་ཆགས་ལ་སོགས་པ་རིག་པ་ནི་འདྲ་བ་ཉིད་སྟོན་པར་ལྷུར་ལེན་པ་ཡིན་ཏེ། དེ་ལྟ་མ་ཡིན་ཧ་ཅང་ཐལ་བར་
เล่ม ๑๙๒ · หน้า 125a
འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་གལ་ཏེ་བདག་ཉིད་ཐམས་ཅད་ཀྱིས་འདྲ་བ་ཉིད་ཡིན་ན་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱང་ཆགས་པར་འགྱུར་ལ། དེ་ལྟ་ཡིན་ན་ཉོན་མོངས་པའི་སྒྲིབ་པ་མ་སྤངས་པར་འགྱུར་བའི་ཕྱིར་སྒྲིབ་པ་ཡོད་པར་འགྱུར་རོ། །དམིགས་
པས་སྤྱོད་པ་ན་དམིགས་པ་ཅན་ཏེ། དེ་དག་གི་ལྟ་བ་ནི་གཞུང་ལུགས་སོ། །ཡང་ན་བཅོམ་ལྡན་འདས་ཀྱི་ལྟ་བ་ལ་དམིགས་པ་ཅན་དུ་ཁས་ལེན་པ་ན་ཞེས་བྱ་བའི་དོན་འདི་ཡིན་ནོ། །ཡང་ཕྱོགས་གཅིག་གིས་འདྲ་བ་དེ་ལྟ་ན་ཡང་གཉིས་ཀྱིས་རྣམ་པ་མ་སྤངས་པའི་ཕྱིར་ཤེས་བྱའི་སྒྲིབ་པ་ཡོད་
པར་འགྱུར་ཏེ། གཟུང་བར་བྱ་བའི་རྣམ་པ་དང་ལྡན་པའི་ཕྱིར་རོ། །འདི་ལྟར་གཅིག་ལ་ཡང་དག་པའི་ངོ་བོ་གཉིས་རིགས་པ་མ་ཡིན་པའི་ཕྱིར་དེ་ནི་གདོན་མི་ཟ་བར་འཁྲུལ་པ་ཉིད་དུ་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་དང་འཁྲུལ་པའི་ས་བོན་གནས་ངན་ལེན་མ་སྤངས་པའི་ཕྱིར་
བཅོམ་ལྡན་འདས་ཀྱིས་སྒྲིབ་པ་མ་སྤངས་པ་ཁོ་ནར་འགྱུར་རོ། །འོ་ན་གལ་ཏེ་ཅུང་ཟད་ཀྱང་མི་ཤེས་ན་ཐམས་ཅད་མཁྱེན་པར་ཇི་ལྟར་འགྱུར་ཞེ་ན། དཔག་བསམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གཟིགས་ཞེས་བྱ་བ་ནི་འདི་ལ་གཟིགས་པ་སྟེ། དམིགས་པ་ཡོད་པ་མ་ཡིན་པས་ན་མ་
གཟིགས་པའོ། །སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པར་དཔག་བསམ་གྱི་ཤིང་ལྟར་སྐལ་བ་ཇི་ལྟ་བ་བཞིན་དུ་འགྲོ་བ་མཐའ་དག་གི་དོན་སྒྲུབ་པར་བྱེད་པའི་ཕྱིར། ཐམས་ཅད་མཁྱེན་པར་བརྗོད་ཀྱི། དམིགས་པའི་སྟོབས་ཀྱིས་ནི་མ་ཡིན་ཏེ། རང་བཞིན་གཞན་རྣམ་པ་
ཐམས་ཅད་དུ་དམིགས་པར་མི་རུང་བའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་གྱི་དོན་འགེགས་པར་བྱེད་པའི་ཚད་མ་བརྗོད་ནས། གཞན་གྱིས་སྨྲས་པ་དེའི་སྒྲུབ་པར་བྱེད་པའི་ཚད་མ་བསལ་བའི་ཕྱིར། བློ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕྱི་རོལ་གྱི་དོན་མངོན་སུམ་གྱིས་སམ། རྗེས་
སུ་དཔག་པས་གྲུབ་པར་འགྱུར། ཚད་མ་གཞན་ཡོད་ན་ཡང་འདིར་འདུས་པའི་ཕྱིར་རོ། །དེ་ལ་རེ་ཞིག་མངོན་སུམ་གྱིས་ནི་མ་ཡིན་ཏེ། འདི་ལྟར་མངོན་སུམ་དུ་མངོན་པར་འདོད་པའི་ཤེས་པ་རྣམ་པ་མེད་པས་དོན་འཛིན་པར་འགྱུར་རམ་རྣམ་པ་དང་བཅས་པས་ཡིན་གྲང་། རེ་ཞིག་རྣམ་པ་མེད་
เล่ม ๑๙๒ · หน้า 125b
པས་ནི་མ་ཡིན་ཏེ། ཉེ་བའི་རྒྱུ་མཚན་མེད་པའི་ཕྱིར་རོ། །བློ་དཀར་པོ་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ན་བློ་དེ་ཅི་ལྟར་དོན་དེའི་ཉམས་སུ་མྱོང་བར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་སྔར་བསྟན་ཟིན་ཏོ། །ཅི་སྟེ་རྣམ་པ་དང་བཅས་པས་ཡིན་ན་དེའི་ཚེ། སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་པུ་
ཤེས་པར་གཏོགས་པ་དམིགས་པའི་ཕྱིར་ཕྱི་རོལ་གྱི་དོན་ལྐོག་ཏུ་གྱུར་པ་ཁོ་ནར་འགྱུར་གྱི་མངོན་སུམ་ནི་མ་ཡིན་ནོ། །འདི་ལྟར་གཅིག་ནི་ཤེས་པའི་གཟུགས་བརྙན་ལ། གཞན་ནི་དེ་གཏོད་པར་བྱེད་པ་སྔོན་པོ་གཉིས་ནི་ནམ་ཡང་རིག་པ་མེད་དོ། །དེ་ལྟར་རེ་ཞིག་མངོན་སུམ་གྱིས་མ་གྲུབ་པོ། །འོ་ན་
རྗེས་སུ་དཔག་པས་གྲུབ་པ་ལ་རག་མོད་ཅེ་ན། འདི་ལ་བཙུན་པ་དགེ་སྲུངས་ཚད་མ་བྱེད་པ་ནི་གང་ཞིག་མི་སླུ་བ་ཉིད་ན་ཤེས་པའི་རྣམ་པ་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུའི་དངོས་པོ་གཞན་གྱིས་བསྐྱེད་པ་ཡིན་ཏེ། དཔེར་ན་འཛིན་པའི་རྣམ་པ་བཞིན་ནོ། །དབང་པོ་མ་བསླད་པའི་སྔོན་པོ་ལ་སོགས་
པ་སྣང་བའི་ཁྱད་པར་གྱི་མི་སླུ་བ་འདི་ཡང་ཤེས་པའི་རྣམ་པ་ཡིན་ནོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལྟར་འདི་དོགས་པ་བསུ་ནས། སྔོན་པོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་སླུ་བ་ཉིད་ཀྱིས་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ཀྱི་གསུམ་པའོ། །མི་སླུ་བ་ཉིད་
ཀྱིས་ཉེ་བར་མཚོན་པའི་ཤེས་པའི་རྣམ་པ་གང་དག་ཡིན་པ་དེ་དག་རྒྱུ་དེ་ཤེས་པའི་རྣམ་པ་རིགས་མཐུན་པ་ལས་སྐྱེས་པར་བསྒྲུབ་པར་བྱས་སོ། །ཤེས་པ་བཞིན་ཏེ་འཛིན་པའི་རྣམ་པ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་འཆད་དེ།
དེ་ལ་གལ་ཏེ་ཕྱི་རོལ་གྱི་དོན་ཐོབ་པའམ། དེ་ཐོབ་པར་ནུས་པའི་མི་སླུ་བ་ཉིད་དུ་གཏན་ཚིགས་ཀྱི་ཁྱད་པར་དུ་འདོད་པ་དེའི་ཚེ་ཕྱི་རོལ་གྱི་དོན་ལ་བསྙོན་པའི་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་དེ་མ་གྲུབ་པའི་ཕྱིར་གཏན་ཚིགས་གང་ཡང་རུང་བ་ལ་གྲུབ་པ་ཡིན་ནོ། །ཅི་སྟེ་མངོན་པར་འདོད་པའི་
དོན་བྱེད་པར་སྣང་བའི་ཤེས་པའི་རྒྱུ་ཉིད་མི་སླུ་བ་ཉིད་དུ་འདོད་པ་དེའི་ཚེ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བས་གཏན་ཚིགས་མ་ངེས་པ་ཡིན་ཏེ། དམིགས་པ་མེད་པའི་ཤེས་པ་ལ་ཡང་རྣམ་པ་དེ་ལྟ་བུའི་
เล่ม ๑๙๒ · หน้า 126a
མི་སླུ་བ་ཉིད་མི་འགལ་བའི་ཕྱིར་རོ། །མི་འགལ་བ་ཉིད་དུ་སྒྲུབ་པའི་དོན་དུ་དཔེར་ན་ཆུ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གཞན་ཡང་དམིགས་པ་མེད་པ་ཉིད་ཡིན་ན་ཡང་རྗེས་སུ་དཔག་པ་ལ་མི་སླུ་བ་ཉིད་ཡོད་པས་མི་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པའི་ཕྱིར་གཞལ་བྱ་ལ་
སོགས་པ་བཞིན་དུ་གཏན་ཚིགས་ཐུན་མོང་གི་མ་ངེས་པ་ཉིད་དུ་གསལ་ལོ། །འདི་སྙམ་དུ་རྗེས་སུ་དཔག་པར་རྣམ་པར་རྟོག་པའི་དམིགས་པ་མེད་པ་ཉིད་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ན། མེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་གང་གིས་རྣམ་པས་སྟོང་པ་དེ་ནི་དེའི་
ཡུལ་ཅན་མ་ཡིན་ཏེ། དཔེར་ན་གཟུགས་ཀྱི་ཤེས་པ་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །རྗེས་སུ་དཔག་པའི་ཤེས་པ་ཡང་ཕྱི་རོལ་གྱི་རྣམ་པས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་མེ་ལ་སོགས་པ་
གསལ་བ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པའི་ཤེས་པའི་རྣམ་པ་དེ་དང་འདྲ་བ་སྟེ་མཚུངས་པ་མ་ཡིན་ཏེ། དེ་ནི་མི་གསལ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་སོ་སོར་ངེས་པའི་རྩྭ་དང་ལོ་མའི་མེ་ལ་སོགས་པའི་ཁྱད་པར་གྱི་ངོ་བོས་མངོན་སུམ་གྱི་ཤེས་པ་ལ་སྣང་བ་དེ་ལྟར་རྗེས་སུ་དཔག་པའི་
ཤེས་པ་ལ་ཡང་སྣང་བར་འགྱུར་རོ། །འདི་ལྟར་སོ་སོར་ངེས་པའི་ངོ་བོ་སྤངས་ནས་གོ་བར་བྱེད་པའི་རྗེས་སུ་འཇུག་པའི་སྤྱིའི་ངོ་བོས་རྗེས་སུ་དཔག་པ་ལ་ལྐོག་ཏུ་གྱུར་པའི་མེ་ལ་སོགས་པ་སྣང་ལ། སྤྱི་དང་ཁྱད་པར་གྱི་བདག་ཉིད་ཀྱིས་ཕན་ཚུན་འགལ་བ་གཉིས་གཅིག་ལ་རིགས་པ་ཡང་མ་ཡིན་ནོ། །
ཞེས་སྔར་བསྟན་ཟིན་ཏོ། །གཏན་ཚིགས་འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞལ་བྱ་ཉིད་སོགས་ཞེས་བྱ་བ་ལ་སོགས་པས་འོད་བྱེད་པའི་ཚད་མ་དག་དོགས་པར་བྱེད་པ་ཡིན་ཏེ།
དེ་ན་རེ། གང་འདི་སྔོན་པོ་ལ་སོགས་པ་ཡུལ་རྣམ་པར་ཆད་པར་སྣང་བ་དེ་ནི་ཉམས་སུ་མྱང་བ་ལས་ཆད་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། འབྲས་བུ་ཡིན་པའི་ཕྱིར་དང་། རྐྱེན་ཡིན་པའི་ཕྱིར་དང་། རྒྱུ་དང་ལྡན་པའི་ཕྱིར། རྒྱུད་གཞན་གྱི་སེམས་བཞིན་ནོ་
เล่ม ๑๙๒ · หน้า 126b
ཞེས་ཟེར་བའི་གཏན་ཚིགས་ཐམས་ཅད་ལ་འཁྲུལ་པ་སྟེ་མ་ངེས་པ་ཡིན་ཏེ། ནང་དུ་ཉམས་སུ་མྱོང་བ་ལ་ཡང་གཞལ་བྱ་ཉིད་ལ་སོགས་པ་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་རབ་རིབ་ཅན་ལ་སོགས་པའི་ཤེས་པ་ལ་ཡང་སྣང་བའི་ཟླ་བ་གཉིས་ལ་སོགས་པས་ཀྱང་མ་ངེས་པ་ཡིན་ཏེ། ཟླ་བ་ལ་སོགས་
པའོ་སྙམ་པའི་རྣམ་པར་རྟོག་པའི་ཤེས་པའི་ཡུལ་ཉིད་ཀྱིས་ཟླ་བ་གཉིས་ལ་སོགས་པ་གཞལ་བྱ་ཉིད་དུ་བལྟ་བར་བྱའི་ཤེས་པ་གང་ལ་དེ་དག་སྣང་བ་དེ་ལ་ལྟོས་ནས་ནི་མ་ཡིན་ཏེ། དེ་དག་ལ་དོན་དུ་ཞེན་པ་མེད་པའི་ཕྱིར་རོ། །སྐྲ་ཤད་ལ་སོགས་དོན་མིན་ཏེ། །དོན་དུ་ཞེན་པ་མེད་ཕྱིར་རོ། །ཞེས་
གང་བཤད་པ་ཡིན་ནོ། །འདི་ལ་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལའི་ལུགས་ཀྱིས་འཁྲུལ་པའི་ཡུལ་མ་གྲུབ་པར་དོགས་པར་བྱེད་དེ། དེ་ན་རེ། འདིར་སེར་པོ་དང་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ལ་འཁྲུལ་པའི་ཡུལ་ཉིད་དུ་ཉེ་བར་བཀོད་པ་ལ་ཕྱི་རོལ་གྱི་དུང་ལ་སོགས་པའི་དོན་
ཉིད་སེར་པོ་ལ་སོགས་པའི་ངོ་བོས་དམིགས་ཏེ། དེ་ཕྱིར་འཁྲུལ་པར་མི་འགྲུབ་པོ། །ཞེས་ཟེར་རོ། །འདིར་སྨྲས་པ། སྣང་བཞིན་པའི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་སྡུད་པའི་དོན་ནི་འདི་ཡིན་ཏེ། ཤེས་པ་གང་ལ་རྣམ་པ་གང་ཁོ་ན་སྣང་བ་དེ་ཁོ་ན་དེས་རིག་གོ་ཞེས་བྱ་བར་
རིགས་ཀྱི་དེ་ལྟ་མ་ཡིན་ན་ཤེས་པ་ཐམས་ཅད་ཐམས་ཅད་ཀྱི་ཡུལ་ཅན་དུ་འགྱུར་རོ། །དེ་ལྟ་བས་ན་སྣང་བས་རིག་པ་ལ་ཁྱབ་ལ། སེར་པོའི་རྣམ་པ་ཅན་གྱི་ཤེས་པ་ལ་དཀར་པོའི་རྣམ་པ་སྣང་བ་ཡང་མ་ཡིན་ཏེ། སྣང་བར་མངོན་པར་འདོད་པ་མ་དམིགས་པའི་ཕྱིར་ཁྱབ་པར་བྱེད་པ་སྣང་བ་ལོག་པ་
ན་ཁྱབ་པར་བྱ་བ་རིག་པ་ཡང་ལྡོག་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རྣམ་པ་གང་ལ་མི་སྣང་བ་དེ་ནི་དེས་རིག་པར་བྱ་བ་མ་ཡིན་ཏེ། དཔེར་ན་སྒྲའི་ཤེས་པ་ལ་གཟུགས་བཞིན་ནོ། །དུང་དཀར་པོའི་ངོ་བོ་ཡང་སེར་པོའི་རྣམ་པ་ཅན་གྱི་ཤེས་པ་ལ་མི་སྣང་ངོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །
དེ་ཡང་རིག་ལ་ཞེས་བྱ་བ་ལ་འདིས་ནི་རང་གི་ཚིག་དང་འགལ་བར་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་ཧ་ཅང་ཐལ་བར་འགྱུར་བས་རང་རིག་པ་སྒྲུབ་པར་བྱེད་དེ། དེས་ན་རྒྱལ་དཔོག་པས་བློ་མངོན་སུམ་མ་ཡིན་པ་དང་རྣམ་པ་མེད་པའོ་ཞེས་འདོད་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་
เล่ม ๑๙๒ · หน้า 127a
ཞེས་བྱ་བ་ལ་སོགས་པ་མཇུག་སྡུད་པར་བྱེད་དེ། རྟོག་པར་བྱེད་པ་ན་དོན་ཉིད་རྣམ་པ་གཞན་དེ་ཡོད་པ་བདོག་པ་རྟོག་པར་བྱེད་དོ་ཞེས་འབྲེལ་ཏེ། འདིས་ཀྱང་ཀུ་མཱ་ར་རི་ལས་སྨྲས་པ་བཀག་པ་ཡིན་ནོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཀུ་མཱ་ར་རི་ལ་ཉིད་ཀྱི་ཚད་མའི་
ཕྲེང་བ་ཆད་པ་ཡིན་ཏེ། གང་ཞིག་གཟུགས་འཛིན་པར་བྱེད་པའི་ཤེས་པ་དེ་ནི་གཟུགས་དེ་ལས་ཐ་དད་པ་ཡིན་ཏེ། གཟུགས་དེ་རིག་པ་ན་དེ་མི་རིག་པའི་ཕྱིར་རོ། །ལ་སོགས་པ་འཛིན་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་གཟུགས་ལ་སོགས་པའི་གཟུང་བར་བྱ་བའི་འཛིན་པ་ལས་ཐ་དད་པ་ཡིན་ཏེ།
འདི་ལྟ་སྟེ་གང་གི་ཕྱིར་འཛིན་པ་དེ་རྟོག་པ་མ་རྟོག་པའི་ཕྱིར་ཏེ། རོ་ལ་སོགས་པ་འཛིན་པ་བཞིན་ནོ། །ཡང་ན་གཉིས་པོ་ནི་གཟུགས་ལ་སོགས་པ་དང་ནི་འཛིན་པའོ། །ཕན་ཚུན་ཐ་དད་པ་ཡིན་ཏེ། གང་ཡང་རུང་བ་རྣམ་པར་རྟོག་པ་ན་གཞན་མི་རྟོག་པའི་ཕྱིར་རོ་དང་གཟུགས་ལ་སོགས་པ་བཞིན་ནོ། །ཡང་
ན་གཅིག་ཏུ་མི་ཤེས་པའི་ཕྱིར་རྒྱུད་གཞན་གྱི་སེམས་བཞིན་ནོ། །ཡང་ན་ཤེས་པ་ནི་རང་གི་ཆ་འཛིན་པ་མ་ཡིན་ཏེ། ཤེས་པ་ལས་སྐྱེས་པའི་ཕྱིར་བག་ཆགས་ཞེས་བྱ་བའི་ཤེས་པའི་ནུས་པ་བཞིན་ནོ། །དེ་བཞིན་དུ་ཤེས་པ་གཟུང་བའི་ཆ་དགག་པ་ཡང་བརྗོད་པར་བྱའོ། །འདི་ལྟ་སྟེ་དཔེར་ན་ཤེས་པའི་ཆ་ནི་ཤེས་
པའི་གཟུང་བར་བྱ་བ་མ་ཡིན་ཏེ། ཤེས་པ་ལས་སྐྱེས་པའི་ཕྱིར་ཤེས་པའི་ནུས་པ་བག་ཆགས་བཞིན་ནོ། །ཇི་ལྟར་དེ་མ་ཐག་པའི་གཏན་ཚིགས་གཉིས་པོ་འདི་ལ་བསྒྲུབ་བྱའི་ཆོས་དང་ལྡན་པའི་དཔེ་གྲུབ་ཅེ་ན། བག་ཆགས་གཉིས་དང་བྲལ་བ་ཡིན། །ཞེས་བྱ་བ་སྨོས་ཏེ། གཉིས་དང་ནི་གཟུང་
བ་དང་འཛིན་པ་དང་ངོ་། །ཡང་སྦྱོར་བ་གཞན་ནི་ནག་པོའི་ཤེས་པ་ནི་ནག་པོའི་ཤེས་པ་ལས་བྱུང་བའི་ཤེས་པའི་ཆ་རྟོག་པར་བྱེད་པ་མ་ཡིན་ཏོ། ཤེས་པ་ཡིན་པའི་ཕྱིར་ཇི་ལྟར་དེའི་ནག་པོའི་ཤེས་པ་ལས་བྱུང་བའི་ཤེས་པའི་ཆ་བྱམས་མའི་བུ་ལ་སོགས་པ་གཞན་ལས་སྐྱེས་པའི་ཤེས་པ་བཞིན་ནོ། །དེ་
ཕྱིར་འདི་ལ་སོ་སོ་རུ། །ཞེས་བྱ་བ་ལ་སོགས་པ་སུན་འབྱིན་པར་བྱེད་དེ། སོ་སོར་རིག་པ་མེད་པའི་ཕྱིར། །ཞེས་བྱ་བ་ནི་སྔོན་པོ་དང་དེའི་བློ་དག་ལྷན་ཅིག་དམིགས་པ་ངེས་པའི་ཕྱིར་རོ། །དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་བར་ཏུ་འགྲུབ་མི་འགྱུར། །ཞེས་རང་རིག་པ་སྒྲུབ་པས་
เล่ม ๑๙๒ · หน้า 127b
བསྟན་ཟིན་ཅིང་། སྔོན་པོ་དང་དེའི་བློ་དག་ཐ་མི་དད་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར། གཅིག་གི་ངོ་བོར་ཡོངས་སུ་མི་ཤེས་པའི་མཐུར་ཐུག་པའི་གཏན་ཚིགས་རྣམས་མ་གྲུབ་པོ། །དེ་ནི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པས་གཞན་དག་གྲུབ་པ་ཉིད་དུ་སོན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ནི་རྣམ་པ་དང་ལྡན་པ་
མ་ཡིན་ཏེ། དེ་ནི་ཕྱི་རོལ་ཡུལ་དང་འབྲེལ། །མངོན་སུམ་དུ་ནི་དམིགས་པར་འགྱུར། །ཞེས་བྱ་བའི་གཞུང་འདིས་བཤད་པ་བྱེད་པ་རི་ཁྲོད་པས། འཛིན་པ་ཉམས་སུ་མྱོང་བ་མེད་ན་ཡང་གཟུང་བ་རིག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟ་ཡིན་དང་། དེ་རིག་པ་ནི་མི་རིག་ཕྱིར། །ཞེས་བྱ་བ་འདི་གྲུབ་
པོ། །གཏན་ཚིགས་གཉིས་པ་ལ་སོགས་པ་རྣམས་ཇི་ལྟར་གྲུབ་ཅེ་ན། དེའི་ཕྱིར། དེ་ཚེ་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུང་བ་མི་དྲན་ན་ཡང་འཛིན་པ་དྲན་པར་མཐོང་ངོ་། །ཡང་གལ་ཏེ་འཛིན་པ་དེ་ལས་གཅིག་ཏུ་གཟུང་བར་བྱ་བ་ཐ་དད་པར་གྱུར་པ་དེའི་ཚེ་འཛིན་པ་བཞིན་དུ་གཟུང་བ་ལ་
ཡང་དྲན་པར་འགྱུར་བ་ཞིག་ན། འགྱུར་བ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་གཟུང་བ་དང་། འཛིན་པ་དག་ཐ་དད་དོ། །འདི་སྙམ་དུ་གཟུང་བ་ལ་ཡང་དྲན་པར་འགྱུར་བ་ཡིན་ནོ་སྙམ་ན། འཛིན་པ་དྲན་པ་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེར་མི་ཞེས་བྱ་བ་
ནི་འཛིན་པ་དྲན་པ་ཡོད་པའི་ཚེའོ། །དེ་ཉིད་འཛིན་པ་ཉིད་འཛིན་པ་ཡིན་གྱི་གཟུང་བ་ནི་མ་ཡིན་ནོ་ཞེས་ཉིད་ཀྱི་སྒྲ་རིམ་པ་བཞིན་དུའོ། །རྗེས་སུ་འགྲོ་ལྡོག་ལས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་དྲན་པ་དག་སྟེ་ཡོད་པ་དང་མེད་པ་དག་ལས་སོ། །འདི་ལྟར་འཛིན་པ་དྲན་པ་མེད་པར་གཟུང་བ་དྲན་པ་
མེད་དོ། །དམིགས་པ་རབ་ཏུ་མ་གྲུབ་ན། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ནི་ཕྱི་རོལ་ཡུལ་འབྲེལ་པའི། །མངོན་སུམ་དུ་ནི་དམིགས་པར་འགྱུར། །ཞེས་བྱ་བ་འདི་མ་ངེས་པ་ཉིད་དུ་འཆད་པ་ནི། དེ་བཞིན་མིག་ནད་ཅན་རྣམས་ཀྱིས། །ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གསལ་བར་ངེས་པ་ཞེས་བྱ་བ་འདིར་དཔྱད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་བདེན་པར་མངོན་པར་འདོད་པའི་སེར་པོ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་དང་འབྲེལ་པ་གསལ་བར་དམིགས་པ་དེ་བཞིན་དུ་མིག་སེར་གྱིས་ཉམས་པའི་མིག་ཅན་ལ་ཡང་དམིགས་པ་པར་མཐོང་ངོ་། །
เล่ม ๑๙๒ · หน้า 128a
གལ་ཏེ་མཐོང་མོད་དེ་ལས་ཅིར་འགྱུར་ཞེ་ན། བཤད་པ་འཛིན་པའི་ཆ་ལས་རིག་པ་མ་ཡིན་ཞེས་བྱ་བར་བཤད་དོ། །འཛིན་པའི་ཆ་ལས་ཞེས་བྱ་བ་ལ་བཏོན་ནས་ཞེས་ཁོང་ནས་འབྱུང་ངོ་། །རིག་པར་མི་འགྱུར་རོ་ཞེས་བྱ་བ་ལྷག་མའོ། །དེས་ན་དོན་འདིར་འགྱུར་ཏེ། རབ་རིབ་ཅན་ལ་སོགས་པས་དམིགས་
པའི་སེར་པོ་ལ་སོགས་པ་དེ་ཡང་འཛིན་པ་ལས་བཏོན་ནས་ལོགས་ཤིག་ཏུ་རིག་པར་བྱ་བ་མ་ཡིན་ལ། ཡང་ཕྱི་རོལ་གྱི་ཡུལ་དང་འབྲེལ་པར་ཡང་དམིགས་ཏེ། དེ་ལྟ་བས་ན་འདི་ནི་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་ནི་གཞན་ཡང་ཡིན། །ཞེས་བྱ་བ་ནི་བདེན་པར་མངོན་པར་འདོད་པའི་སེར་པོ་ལ་སོགས་པ་ཡང་ངོ་། །འདིས་ནི་རྣམ་པར་
ཆད་པ་གསལ་བར་སྣང་བ་ཙམ་གྱིས་གཉི་ག་ཡང་མཚུངས་པར་བསྒྲུབས་པ་ཡིན་ནོ། །དེའི་ཚེ་བདག་གིས་ཞེས་བྱ་བ་འདི་ལ་ཁྱད་པར་མ་བཟུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་འཛིན་པ་དང་དྲན་ན་གཟུང་བ་མི་དྲན་པར་མི་གྲུབ་པར་བཤད་དོ། །འདི་སྙམ་དུ་གལ་ཏེ་གཟུང་བ་ལ་དྲན་པ་མེད་པ་ཡིན་ན་ཅིའི་ཕྱིར་ཁྱད་པར་མ་
བཟུང་བར་འགྱུར། འདི་ལྟར་གཟུང་བ་དེ་རིགས་མཐུན་པ་དང་རིགས་མི་མཐུན་པ་ཐམས་ཅད་ལ་ཐ་དད་པ་དེ་ཁོ་ན་བཞིན་དུ་དེ་དྲན་ན་དེ་ལྟ་ན་དེ་དེའི་ཡུལ་ཅན་དུ་འགྱུར་གྱི། གཞན་དུ་ཁྱད་པར་དེ་མ་བཟུང་ན་ཇི་ལྟར་དེའི་ཡུལ་ཅན་དུ་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་ན། ཀུན་ལས་ལྡོག་པ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། རེ་ཞིག་རྣམ་པར་རྟོག་པ་ནི་ཇི་ལྟ་བ་བཞིན་དུ་གནས་པའི་དངོས་པོ་འཛིན་པར་ནུས་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ལས་གང་ཁོ་ན་ལ་དོན་དུ་གཉེར་བ་ལ་སོགས་པ་ངེས་པའི་རྒྱུ་ཡོད་པ་དེ་ལ་
དེའི་རྣམ་པ་ཅན་གྱི་དྲན་པའི་ཤེས་པ་དོན་དམ་པར་ཡུལ་མེད་པ་ཉིད་དུ་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཐམས་ཅད་འཁྲུལ་པ་ཁོ་ནར་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །དེ་ནི་ཞེན་པའི་དབང་གིས་ཡུལ་དུ་གཞག་གི་དོན་དམ་པར་ནི་མ་ཡིན་ནོ། །དྲན་པ་ཡང་གཟུང་བར་ཞེན་པ་འབའ་ཞིག་ལ་ཡོད་པར་མ་ཟད་
གང་གིས་དྲན་པ་གཞན་ལས་ཁྱད་པར་དུ་འགྱུར་བ་རྣམ་པ་དེ་ལྟ་བུའི་གོམས་པ་གསལ་བ་གཞན་མྱུར་བ་དང་ཆེས་མྱུར་བ་ལ་སོགས་པའི་རྒྱུ་མེད་པའི་ཕྱིར་ཁྱད་པར་མ་བཟུང་བ་ཡིན་ནོ། །འདི་སྙམ་དུ་འདིར་གཟུང་བར་ཞེན་པ་ལ་ཇི་ལྟར་དྲན་པ་ཡོད་པར་ངེས་པར་བྱ་སྙམ་དུ་སེམས་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
เล่ม ๑๙๒ · หน้า 128b
གལ་ཏེ་དྲན་པ་དེ་ཁྱད་པར་མ་བཟུང་བའི་བཟུང་བའོ་ཞེས་མ་ཞེན་པ་དེའི་ཚེ་ཅི་ཞིག་གཟུང་ཞེས་བྱ་བ་དེ་ལྟ་བུ་ཡང་སྤྱིའི་རྣམ་པ་གཟུང་བ་རྟོགས་པས་འཇུག་པར་མི་འགྱུར་རོ། །གང་གིས་གཟུང་བའི་ངོ་བོ་དང་བྲལ་བའོ། །འཛིན་པ་སྐྱེས་པ་དྲན་པར་འགྱུར། །ཞེས་བརྗོད་པ་འབའ་ཞིག་ལ་གཟུང་
བའི་རྣམ་པ་དང་བྲལ་བའི་ལུས་ཅན་གྱི་འཛིན་པ་ཤེལ་གོང་དག་པ་ལྟ་བུར་དྲན་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་དེ་དྲན་པ་ན་དེ་མི་དྲན་པར་མ་གྲུབ་པོ། །གང་ཡང་ཤེས་པ་ལས་སྐྱེས་པའི་ཕྱིར། ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཕྱི་མ་འདི་དག་ནི་དུང་ལ་སེར་པོ་ལ་
སོགས་པའི་ཤེས་པས་འཁྲུལ་པ་ཡིན་ཏེ། འདི་ལྟར་དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་ཤེས་པ་ལས་སྐྱེས་པ་ཡིན་ན། རང་གི་ཆ་སེར་པོ་ལ་སོགས་པའི་རྣམ་པ་འཛིན་པ་དང་། ཡང་ཇི་ལྟར་ཤེས་པ་ཡིན་ཡང་ཤེས་པའི་ཆ་སེར་པོ་ལ་སོགས་པའི་གཟུང་བར་བྱ་བ་རྟོགས་པ་ཡིན་ནོ། །
དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར་གཏན་ཚིགས་འཁྲུལ་པ་ཡིན་ནོ། །དུང་ལ་སེར་པོ་ལ་སོགས་པའི་ཤེས་པ་དམིགས་པ་མེད་པ་ཉིད་དུ་ཡང་བསྒྲུབས་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་དུ་གཏོགས་པའི་སེར་པོ་ལ་སོགས་པའི་རྣམ་པར་རིག་པའི་ཕྱིར་དང་། རང་རིག་པ་བསྒྲུབ་པོ་ཞེས་བྱ་བ་འདི་
ཡང་བསྒྲུབས་ཟིན་ཏོ། །ཕྱོགས་འདི་ཡིན་ཞེས་བྱ་བ་ནི་གཞན་དུ་ཕྱི་རོལ་གྱི་དོན་བསྒྲུབ་པའི་ཕྱིར་ཉེ་བར་བཀོད་པ་ལ་འདི་ནི་ཉེས་པའི་ཕྱོགས་ཡིན་ནོ། །གཞན་གྱིས་ཇི་ལྟར་གཉིས་སུ་མེད་པ་བསྒྲུབ་བྱ་ཉིད་དུ་འདོད་ཅི་སྣང་བཞིན་པའི་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པའི་ངོ་བོ་ཉམས་སུ་
མྱོང་བ་གྲུབ་པ་མེད་པའི་ཕྱིར་ཡིན་ན། འདི་ཇི་ལྟར་འཐད་པ་ཡིན། དེ་ལྟ་ཡིན་ན་ཐམས་ཅད་མེད་པར་འགྱུར་བར་གང་སྨྲས་པ་འདིར་བརྗོད་པར་བྱ་སྟེ། ཐམས་ཅད་མེད་པ་མ་ཡིན་ཏེ། རང་ལས་ཐ་དད་པའི་གཟུང་བར་བྱ་བ་ས་ལ་སོགས་པ་རང་གི་མཚན་ཉིད་མེད་པའི་ཕྱིར་ལ། རྒྱུད་
གཞན་གྱི་གཟུང་བར་བྱ་བའི་ངོ་བོར་མེད་པའི་ཕྱིར་གཟུང་བའི་རྣམ་པས་སྟོང་པ་ཡིན་ལ་དེ་ལ་ལྟོས་པའི་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ཤེས་པའི་བྱེད་པ་པོ་ཉིད་དུ་རབ་ཏུ་བརྟགས་པ་གང་ཡིན་པ་དེ་མེད་པའི་ཕྱིར་འཛིན་པའི་རྣམ་པས་སྟོང་པ་ཡིན་གྱི་རྣམ་པར་ཤེས་
เล่ม ๑๙๒ · หน้า 129a
པའི་རང་གི་མཚན་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། སོ་སོར་ལ་སོགས་གང་ཤེས་ལས། །ཕྱི་རོལ་ལྟ་བུར་སྣང་བ་དེ། །མི་བདེན་དེ་ཕྱིར་ཕྱི་རོལ་གྱི། །ཤེས་བྱ་ཉིད་དུ་བྱེད་ཡོད་མིན། །རིག་པའི་བྱེད་པོའི་
ངོ་བོ་ཉིད། །དེ་ལ་ལྟོས་པར་འདོད་པ་གང་། །དེ་ནི་མི་བདེན་དེ་ལྟར་ན། །རིག་པ་གཉིས་མེད་ངེས་པར་བྱ། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟར་བྱས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་མཚན་ཉིད་སྟོང་པ་ཉིད་ཉེ་བར་བཟུང་ནས་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་
ངོ་བོས་སྟོང་ངོ་ཞེས་བྱ་བ་འདི་ཡང་ལེགས་པར་དྲངས་པར་འགྱུར་རོ། །དེ་ལྟ་ན་གང་དང་གང་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རྩ་བའི་གཏན་ཚིགས་ཀྱི་སྦྱོར་བ་ལ་བསྒྲུབ་བྱ་དང་། གཏན་ཚིགས་ཀྱི་ཁྱབ་པ་བསྒྲུབས་ནས་མཇུག་སྡུད་པ་ནི། དེ་ཕྱིར་རྩོད་པའི་གཞིར་གྱུར་ཡིད། །
ཅེས་བྱ་བ་ལ་སོགས་པ་སྨོས་སོ། །རྩོད་པའི་གཞིའི་ཁྱད་པར་གྱིས་ནི་འདིར་སྐྱོན་མེད་པའི་མིག་ལ་སོགས་པའི་ཁྱད་པར་འདི་བསྒྲུབ་བྱའི་ཆོས་ཅན་དུ་བསྟན་གྱི། ཐམས་ཅད་ཀྱི་སྤྱི་ནི་མ་ཡིན་ནོ་ཞེས་ཤེས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེས་ན་དམ་བཅའ་བའི་དོན་གྱི་
ཕྱོགས་གཅིག་གཏན་ཚིགས་ཉིད་མ་ཡིན་ནོ། །རིག་བྱ་བྱེད་པོ་དང་བྲལ་ཕྱིར། །ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཁྱད་པར་ཡིན་ནོ། །རིག་བྱ་དང་རིག་བྱེད་གཉིས་དང་བྲལ་བས་གཉིས་མེད་པར་འདོད་ཀྱི། ཐམས་ཅད་དུ་མེད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཟུགས་བརྙན་
ཞེས་བྱ་བ་ནི་ཡུལ་ཅན་ལ་ཡུལ་བཏགས་པའི་ཕྱིར་གཟུགས་བརྙན་གྱི་ཤེས་པ་ནི་གཟུགས་བརྙན་གྱི་སྒྲས་བརྗོད་དོ། །ཡང་ན་བདུན་པའི་མཐའ་ཅན་གྱི་ལྡན་པར་བྱ་སྟེ། དེས་ན་ཤེས་པ་ཉིད་ཤུགས་ཀྱིས་བརྟེན་པར་འགྱུར་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ།
ཁྱད་པར་གཞན་སྤངས་ནས་རང་གི་ངོ་བོ་ཉིད་དེ་ལྟར་བསྟན་པའི་ཕྱིར་ཏེ། ཤེས་པ་པོ་ཉིད་དུ་ནི་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །གཟུགས་བརྙན་ལ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་དག་དཔེ་བསྒྲུབ་བྱ་ལ་ཚང་བ་ཉིད་དུ་སྟོན་ཏེ།
เล่ม ๑๙๒ · หน้า 129b
གང་གི་ཕྱིར་མིག་གི་འོད་ཟེར་དག་མེ་ལོང་ལ་སོགས་པའི་ངོས་ལ་གཏུགས་ནས་ལོག་པ་ན་རང་གི་བྱད་ལ་སོགས་པ་དང་འབྲེལ་པ་ཡིན་ལ། དེ་ལས་དེ་དག་དེ་ལྟ་བུར་བྱད་ལ་སོགས་པ་རྟོགས་པའི་རྒྱུར་འགྱུར་བ་ཡིན་ནོ། །དེས་ན་རང་གི་བྱད་ལ་སོགས་པ་ཉིད་དེ་ལྟར་མེ་ལོང་ལ་སོགས་
པའི་ནང་དུ་ཆུད་པ་ལ་སོགས་པའི་ངོ་བོས་སྣང་བ་ཡིན་ནོ། །དེ་ལྟ་ཡིན་དང་གཟུགས་བརྙན་གྱི་ཤེས་པ་ལ་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བར་མ་གྲུབ་པོ། །དེ་ལྟར་རང་བཞིན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་གི་བྱད་ལ་སོགས་པ་དེ་ལྟར་མཐོང་བ་
ནི་མ་ཡིན་ཏེ། རང་གི་བྱད་ལ་སོགས་པ་དེ་མངོན་སུམ་དུ་ཕྱོགས་པར་མཐོང་བའི་ཕྱིར་དང་། ཡུལ་དང་ཚད་དང་ཁ་དོག་ལ་སོགས་པ་ཐ་དད་པས་མཐོང་བའི་ཕྱིར། དེ་ལྟར་རང་བཞིན་ལ་སོགས་མཐོང་མིན་ཞེས་འབྲེལ་ཏོ། །དངོས་པོ་གཞན་བཞིན་ནོ་ཞེས་བྱ་བ་ནི་སྒྲ་ལ་སོགས་
པའི་དངོས་པོ་བཞིན་ནོ། །ཇི་སྐད་དུ་ཡང་བསྟན་པ་ཡིན་ཏེ། གལ་ཏེ་ཤེས་པ་བྱད་ལ་སོགས་པ་འཛིན་པར་གྱུར་ན་དེའི་ཚེ་ཇི་ལྟར་དེའི་བྱད་ལ་སོགས་པ་རྣམ་པར་གནས་པ་དེ་ཁོ་ན་ལྟར་འཛིན་པར་འགྱུར་ཏེ། གཞན་གྱི་རྣམ་པ་ཅན་གྱི་ཤེས་པའི་གཟུང་བར་བྱ་བ་གཞན་དུ་རིགས་
པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལྷོ་ཕྱོགས་སུ་ཁ་བལྟས་ནས་གནས་པ་མེ་ལོང་གི་ངོས་ལ་ལྟ་བ་ན་རང་གི་བྱད་ལ་ནང་དུ་བལྟས་པར་མཐོང་ངོ་། །དེ་བཞིན་དུ་མེ་ལོང་ཤིན་ཏུ་ཆུང་བའི་ངོས་ལ་རང་གི་བྱད་ཤིན་ཏུ་ཆེན་པོ་ཡང་གཟུགས་བརྙན་ཤིན་ཏུ་ཆུང་བར་
དམིགས་ལ། དེ་བཞིན་དུ་མེ་ལོང་གི་ངོས་དང་འབྲེལ་པ་ནི་ཁྲོན་པར་གཏིང་དུ་ཞུགས་པ་ལྟ་བུར་སྣང་སྟེ། དེའི་ཚེ་མེ་ལོང་གི་ངོས་ཀྱང་དེ་སྙེད་ཟབ་པ་མ་ཡིན་ལ་བདག་ཉིད་བྱད་དེ་དང་འབྲེལ་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་མཚོ་ཆུ་དྲི་མ་མེད་པའི་འགྲམ་ན་གནས་པའི་ཤིང་དང་རི་ལ་སོགས་
པའི་གཟུགས་བརྙན་ཤིང་དང་རིའི་རྩེ་མོ་ཐུར་དུ་བལྟས་པ་དམིགས་ན། དེ་ལྟར་དེ་དག་གནས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དེ་ལྟ་ཡིན་གྱི་ཤེས་པ་ནི་རང་གི་བྱད་ལ་སོགས་པ་འཛིན་པ་མ་ཡིན་ཏེ། དེ་དང་མི་འདྲ་བའི་ཕྱིར་སྒྲའི་ཤེས་པ་བཞིན་ནོ། །བཙུན་པ་དགེ་སྲུངས་ན་རེ། བློ་ཙམ་ཉིད་ནི་
เล่ม ๑๙๒ · หน้า 130a
བསྒྲུབ་བྱ་ལ། །ཤེས་ཕྱིར་ལ་སོགས་སྒྲུབ་བྱེད་གང་། །རིགས་མི་མཐུན་དང་མི་འགལ་ཕྱིར། །ཐམས་ཅད་ལྷག་ལྡན་ཡིན་པར་བརྗོད། །ཅེས་ཟེར་ཏེ། དེ་ལ་རྣམ་ཤེས་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་བཅས་རྣམ་པ་མེད་པ་དང་། །ཞེས་བྱ་བ་ལ་སོགས་
པས་དང་པོ་ཉིད་དུ་ཁྱབ་པ་བསྒྲུབས་ཟིན་པའི་ཕྱིར། གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས། དམིགས་པའི་རྐྱེན་རྣམ་པར་གཞག་པར་བྱ་བའི་ཕྱིར། ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། །དོན་ཡིན་རྣམ་ཤེས་ངོ་བོའི་
ཕྱིར། །དེ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ། །ཞེས་གསུངས་ཏེ། འདིས་ནི་གཟུང་བའི་ཆ་ལ་ཡུལ་དུ་རྣམ་པར་གཞག་པར་བསྟན་ཏོ། །གཞན་ཡང་ཡང་ན་ནུས་པ་འཇོག་ཕྱིར་རིམ་གྱིས་ཀྱང་། དོན་དུ་སྣང་བ་དེ་ནི་རང་དང་མཐུན་པའི་འབྲས་བུ་སྐྱེད་པར་བྱེད་པའི་ནུས་པ་རྣམ་པར་ཤེས་པའི་
རྟེན་ཅན་བྱེད་པས་མི་འགལ་ལོ་ཞེས་བྱ་བ་སྟེ། འདིས་ནི་དོན་གཞན་མ་ཡིན་པའི་ཤེས་པ་ལ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པའི་རྒྱུ་མཚན་ནུས་པ་འཇོག་པའི་ཕྱིར་སོ་སོར་སྣང་བ་དེ་རྒྱུ་ཉིད་དུ་བསྒྲུབས་པ་ཡིན་ནོ། །དེ་ལ་བཙུན་པ་དེ་ཉིད་ཀྱིས། གལ་ཏེ་དབང་པོའི་རྣམ་རིག་
ནི། །གཟུང་བའི་ཆ་ནི་རྒྱུར་གྱུར་ནའང་། །དེ་ནི་དེ་ལྟར་མི་སྣང་བས། །དབང་པོ་བཞིན་དུ་དེ་ཡུལ་མིན། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་སྨྲས་པ་འདི་ལ། མཇུག་ཐོགས་ཤེས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཇུག་ཐོགས་ཤེས་པ་ནུས་པ་ལ་གཞི་ཐ་དད་པའི་
བདུན་པ་གཉིས་པའོ། །མཇུག་ཐོགས་ཤེས་ལ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཀུན་གཞི་ཞེས་བྱ་བ་ལ་ནུས་པ་གང་ཡིན་པ་རྣམ་པ་དེ་ལྟ་བུའི་དོན་སྣང་བས་བསྒྲུབས་པ་དེ་ཁོ་ན་ཉིད་དུ་མི་འདོད་དོ། །གང་གི་ཕྱིར་སློབ་དཔོན་གྱིས་རྡུལ་ཕྲ་རབ་ལ་སོགས་པ་ལས་མ་གཏོགས་པའི་
དམིགས་པ་རིགས་པ་མ་ཡིན་ནོ་ཞེས་རྒྱས་པར་བསྟན་ནས། ཐམས་ཅད་དུ་དམིགས་པའི་རྐྱེན་བཀག་ནས་གྲགས་པས་གནོད་པ་དང་། དེ་བཞིན་དུ་མོས་ལས་དམིགས་པ་དང་། བདག་པོ་དང་མཚུངས་པ་དེ་མ་ཐག་པ་དང་། རྒྱུའི་རྐྱེན་གྱིས་མཚན་ཉིད་ཀྱི་རྐྱེན་བཞིའོ་ཞེས་གསུངས་
เล่ม ๑๙๒ · หน้า 130b
པའི་ཕྱིར་ཁས་བླངས་པས་གནོད་པར་ཡང་འགྱུར་ན་མི་རུང་ངོ་སྙམ་པས་མི་འགལ་བར་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་དང་བསྟན་བཅོས་སུ་རྣམ་པ་ཇི་ལྟ་བུའི་དམིགས་པའི་རྐྱེན་མངོན་པར་འདོད་པ་དེ་ལྟར་ཀུན་རྫོབ་ཏུ་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ཤེས་པ་
ཐམས་ཅད་དམིགས་པ་མེད་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་ཕྱི་རོལ་གྱི་དོན་བརྟག་པ་སྟེ་ཉི་ཤུ་བརྒྱད་པའོ།། །།རང་དབང་ཐོས་ལ་མ་ཞེན་ཅིང་། །ཞེས་བྱ་བ་འདི་བསྒྲུབ་པའི་དོན་དུ་གཞན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ཅེས་བྱ་བ་ནི་རྒྱལ་
དཔོག་པ་རྣམས་སོ། །དེ་དག་ནི་འདི་སྐད་དུ་ཟེར་ཏེ་སྐུལ་བར་བྱེད་པ་ཉིད་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་མཚན་ཡིན་ཏེ། སྲོག་ཆགས་ཐམས་ཅད་ཀྱི་སྣང་བར་གྱུར་པ་ཐུན་མོང་གི་མིག་ལྟ་བུར་རྣམ་པར་གཞག་གོ། །གདོན་མི་ཟ་བར་དེ་ཉིད་ཆོས་དང་ཆོས་མ་ཡིན་
པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པའི་སྐྱེས་བུ་རྣམས་ཀྱིས་ཚད་མ་ཉིད་དུ་བརྟེན་པར་བྱའོ། །གཞན་སྐྱེས་བུས་བྱས་པའི་ཚིག་ལ་སོགས་པ་ནི་མ་ཡིན་ནོ། །འདི་ལྟར་འདོད་ཆགས་པ་དང་མ་རིག་པ་དང་ལྡན་པའི་སེམས་ཅན་གྱི་སྐྱེས་བུའི་ཚིག་ནི་དབང་པོ་ལས་འདས་པ་ཕྱིན་ཅི་མ་ལོག་པའི་
དོན་རྟོགས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་དེས་ཆོས་ལ་སོགས་པ་རྟོགས་པར་ནུས་པ་མ་ཡིན་ལ། ཚུ་རོལ་མཐོང་བའི་མངོན་སུམ་གྱིས་རྟོགས་པར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཆོས་དང་ཆོས་མ་
ཡིན་པ་དག་གི་མཚན་ཉིད་ནི་འདོད་པ་དང་མི་འདོད་པ་སྒྲུབ་པར་བྱེད་པར་རུང་བ་ཡིན་ནོ། །ཇི་སྐད་དུ་རི་ཁྲོད་པས་བྱས་པའི་བཤད་པ་ལས། ལེགས་པར་བྱེད་པ་གང་ཡིན་པ་དེ་ཁོ་ན་ཆོས་ཀྱི་སྒྲས་བརྗོད་དོ། །ཇི་ལྟར་ཤེས་ཤེ་ན། གང་མཆོད་སྦྱིན་ཉམས་སུ་ལེན་པའི་སྐྱེས་བུ་དེ་ནི་ཆོས་བྱེད་ཡིན་ནོ་ཞེས་
བརྗོད་དོ། །གང་གི་བྱེད་པ་པོ་གང་ཡིན་པ་དེ་ནི་དེས་བརྗོད་དེ། དཔེར་ན་འཚེད་པ་ཡོད་པ་བཅའ་བ་པོ་བཞིན་ནོ་ཞེས་བཤད་པ་བཞིན་ནོ། །དེས་ན་གང་ཞིག་སྐྱེས་བུ་ལ་ལེགས་པར་བསྒྲུབ་པ་དེ་ཁོ་ན་ཆོས་ཀྱི་སྒྲས་བརྗོད་དོ། །དེའི་ཕྱིར་འདིས་ནི་རྫས་ལ་སོགས་པ་འདོད་པའི་དོན་སྒྲུབ་པར་བྱེད་པར་རུང་བ་ཉིད་
เล่ม ๑๙๒ · หน้า 131a
ཆོས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་མཆོད་སྦྱིན་གྱི་སྒྲས་རྫས་དང་ཡོན་ཏན་དང་ལས་ལེགས་པར་སྒྲུབ་པར་བྱེད་པའི་ཁྱད་པར་རྣམས་བརྗོད་དོ། །དེ་ལ་ཆོས་ཀྱི་སྒྲ་འཇུག་པར་བསྟན་ཏོ། །གལ་ཏེ་ཡང་རྫས་ལ་སོགས་པ་དེ་དག་རང་གི་ངོ་བོས་མངོན་
སུམ་ཡིན་གྱི། ལེགས་པར་བསྒྲུབ་པ་ཉིད་ཀྱིས་ནི་མ་ཡིན་ལ། དེའི་ངོ་བོས་དེ་དག་ཆོས་ཉིད་དུ་འདོད་ཀྱི་རང་གི་ངོ་བོ་ཙམ་གྱིས་ནི་མ་ཡིན་ནོ། །ཇི་སྐད་དུ། ལེགས་པ་སྐྱེས་བུའི་ཡིད་འོང་སྟེ། །དེ་རྫས་ལས་དང་ཡོན་ཏན་གྱི། །སྐུལ་བའི་མཚན་ཉིད་ཀྱིས་བསྒྲུབ་བྱ། །དེ་ཕྱིར་དེ་དག་ལ་ཆོས་ཉིད། །འདི་
དག་དབང་པོའི་ཡུལ་ཅན་ན། །དེ་ཡི་ངོ་བོས་ཆོས་མ་ཡིན། །འདི་དག་ལེགས་པར་སྒྲུབ་བྱེད་པ། །རྟག་ཏུ་རིག་བྱེད་ཀྱིས་རྟོགས་འགྱུར། །དེ་ཡི་ངོ་བོ་ཉིད་ཀྱི་ཆོས། །དེའི་ཕྱིར་དབང་པོའི་སྤྱོད་ཡུལ་མིན། །ཞེས་ཟེར་བ་བཞིན་ནོ། །དེའི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་ལེགས་པར་བསྒྲུབ་པའི་ངོ་བོས་
སོ། །དེ་ལྟ་བས་ན་རུང་བ་ཉིད་ནི་ཆོས་ཡིན་ནོ་ཞེས་བྱ་བར་གནས་སོ། །ཆོས་ལས་བཟློག་པས་ཤུགས་ཀྱིས་ཆོས་མ་ཡིན་པ་ཡང་མི་འདོད་པའི་དོན་བསྒྲུབ་པར་རུང་བ་ཞེས་གསལ་བར་ངེས་པར་བྱའོ། །རུང་བ་ཉིད་ཚུ་རོལ་མཐོང་བས་མངོན་དུ་བྱ་བར་ནུས་པ་ཡང་མ་ཡིན་ཏེ། དེ་ནི་རྟག་ཏུ་འབྲས་བུས་རྗེས་
སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་ནུས་པ་ནི། །འབྲས་བུ་དོན་གྱི་གོ་བས་བསྒྲུབ། །ཅེས་གང་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚུ་རོལ་མཐོང་བ་ཉིད་ཉམས་པར་འགྱུར་རོ། །རྣལ་འབྱོར་པའི་མངོན་སུམ་གྱིས་ཀྱང་དབང་པོ་ལས་འདས་པ་ཡུལ་དུ་བྱེད་པ་མ་ཡིན་ཏེ།
མངོན་སུམ་ཡིན་པའི་ཕྱིར་མངོན་སུམ་གཞན་བཞིན་ནོ། །རྗེས་སུ་དཔག་པས་ཆོས་དང་ཆོས་མ་ཡིན་པ་རྟོགས་པར་བྱེད་པར་རིགས་པ་ཡང་མ་ཡིན་ཏེ། འབྲེལ་པ་གྲུབ་པ་ཉིད་ཀྱིས་དངོས་པོ་དེས་ཡོངས་སུ་གཅོད་པའི་ཕྱིར་ལ། ཆོས་ཀྱང་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །ཆོས་རྟོགས་པར་
བྱ་བ་ལ་ཉེ་བར་འཇལ་བ་ཡང་ནུས་པ་མ་ཡིན་ཏེ། འདི་ལྟར་ཉེ་བར་འཇལ་བ་ནི་བསྐལ་བ་ལ་འདྲ་བའི་བློ་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་བ་མེན་མཐོང་བ་ན་བ་ལང་དྲན་པ་བཞིན་ནོ། །གང་ལས་འདྲ་བ་ལས་དེ་རྟོགས་པར་འགྱུར་བ་ཆོས་དང་འདྲ་བ་འགའ་ཞིག་རྟོགས་པར་འགྱུར་བ་ནི་མ་ཡིན་ནོ། །
เล่ม ๑๙๒ · หน้า 131b
ཆོས་དང་ཆོས་མ་ཡིན་པ་རྟོགས་པར་འགྱུར་ལ། དོན་གྱིས་གོ་བ་ཡང་ནུས་པ་མ་ཡིན་ཏེ། འདི་ལྟར་མཐོང་བ་དང་ཐོས་པའི་དོན་གཞན་དུ་མི་འཐད་པའི་ཕྱིར་དོན་གཞན་རྟོག་པ་ནི་དོན་གྱིས་གོ་བ་ཡིན་ལ། གང་ལས་འདི་རྟོག་པར་འགྱུར་བ་ཆོས་མེད་པར་དོན་མི་འཐད་པ་ནི་འགའ་ཡང་ཡོད་པ་
མ་ཡིན་ནོ། །ཚད་མ་མེད་པའི་དངོས་པོ་མེད་པ་ཡང་མེད་པ་ཞེས་བྱ་བའི་དོན་འདི་བསྒྲུབ་པར་བྱ་བའི་ཕྱིར་ནུས་ཀྱི་སྒྲུབ་པ་ལ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དངོས་པོ་མེད་པའི་ཁར་ཞུགས་པའི་ཆོས་དང་ཆོས་མ་ཡིན་པ་དག་གལ་ཏེ་སྐུལ་བར་བྱེད་པས་གདོན་མི་ཟ་བར་མི་ནུས་ན་དེ་ཉིད་ཀྱིས་ཟོས་པར་
འགྱུར་བའི་ཕྱིར་སྐུལ་བར་བྱེད་པའི་མཚན་ཉིད་ཀྱི་དོན་གྱི་ཆོས་ལ་སོགས་པ་དབང་པོ་ལ་སོགས་པས་མི་མཚོན་གྱི། སྐུལ་བར་བྱེད་པས་བྱུང་བ་དང་འབྱུང་བ་དང་འབྱུང་བར་འགྱུར་བ་དང་ཕྲ་བ་དང་། ཆོད་པ་དང་བསྐལ་པ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་གྱིས་དོན་རྟོགས་པར་ནུས་ཀྱི། གཞན་
དབང་པོས་ནི་ནམ་ཡང་མ་ཡིན་ནོ། །དེའི་ཕྱིར་གདོན་མི་ཟ་བར་སྐུལ་བར་བྱེད་པ་ཚད་མར་བྱའོ། །སྐུལ་བར་བྱེད་པ་ཞེས་བྱ་བ་ནི་བྱ་བ་ལ་འཇུག་པར་བྱེད་པ་དང་ལྡོག་པར་བྱེད་པའི་ངག་ལ་བརྗོད་དེ། འདི་ལྟ་སྟེ་དཔེར་ན་མཐོ་རིས་འདོད་པ་སྦྱིན་སྲེག་གིས་མཆོད་སྦྱིན་བྱའོ་ཞེས་བྱ་བ་ནི་འཇུག་པར་བྱེད་པའོ། །
འབྱུང་པོ་རྣམས་ལ་འཚེ་བར་མི་བྱའི་ཞེས་བྱ་བ་ནི་ལྡོག་པར་བྱེད་པའོ། །དེ་ཡང་ཚད་མ་ཡིན་པ་ན་གང་འདི་ཁྱེད་ཅག་གི་ཁམས་གསུམ་པོ་ནི་རྣམ་པར་རིག་པ་ཙམ་མོ་ཞེས་དམ་བཅས་པའི་དོན་དེ་རིགས་པ་མ་ཡིན་ནོ། །གང་ལས་ཤེ་ན། ཐོས་པས་གནོད་པའི་ཕྱིར་རོ། །ཐོས་པ་སྟེ་རིག་བྱེད་ཀྱིས་
གནོད་པའི་ཕྱིར་རོ། །སེམས་ལས་མ་གཏོགས་པའི་མེའི་སྦྱིན་སྲེག་ལ་སོགས་པ་བསྟན་པའི་ཕྱིར་དང་། བདག་ཉིད་ཀྱང་སེམས་ལས་ཐ་དད་དུ་གནས་པའི་ཕྱིར་རོ། །སེམས་ཙམ་གྱི་ཚུལ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་སྐད་ཅིག་མ་དང་བདག་མེད་པ་དང་། ཐམས་ཅད་མཁྱེན་པ་
དང་། འདོད་ཆགས་དང་བྲལ་བ་ལ་སོགས་པའི་དམ་བཅའ་བ་ལ་ཡང་གནོད་པ་ཁོ་ན་སྟེ། དེ་དང་འགལ་བའི་དོན་ཡོངས་སུ་གསལ་བས་གནས་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་དེ་ཚད་མ་ཉིད་དུ་གྲུབ་པར་གྱུར་ན་འདི་ཐམས་ཅད་ལ་གནོད་པར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་
เล่ม ๑๙๒ · หน้า 132a
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིན་ཅི་མ་ལོག་པའི་ཤེས་པ་ནི་ཚད་མ་ཡིན་ལ། དེའི་རྒྱུ་ཡིན་པའི་ཕྱིར་དེ་ཡང་ཚད་མ་ཞེས་བྱའོ། །ཇི་ལྟར་ཞེ་ན། སྐྱེས་བུས་མ་བྱས་པས་ཞེས་བྱ་བ་སྨོས་ཏེ། སྐྱེས་བུས་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཕྱིན་ཅི་ལོག་གི་རྒྱུ་འདོད་
ཆགས་ལ་སོགས་པའི་ཉེས་པའི་ཚོགས་མེད་པས་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཉིད་དུ་བསྟན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་ལོག་པ་ཉིད་ཀྱི་རྒྱུ་འདོད་ཆགས་ལ་སོགས་པའི་ཉེས་པ་དང་ལྡན་པ་དང་བྲལ་བ་དེ་ནི་ཕྱིན་ཅི་མ་ལོག་པའི་ཤེས་པའི་རྒྱུ་ཡིན་ཏེ། དཔེར་ན་མིག་རབ་རིབ་ལ་སོགས་པས་
མ་བསླད་པ་བཞིན་ནོ། །རིག་བྱེད་ཀྱང་སྐྱེས་བུས་མ་བྱས་པའི་ཕྱིར་ལོག་པ་ཉིད་ཀྱི་རྒྱུ་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཆོས་མི་མཐུན་པའི་དཔེའི་སྒོ་ནས་མ་ངེས་པ་སྤང་བར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། འདིས་ནི་སྒྲུབ་པར་བྱེད་པ་མེད་པ་དང་བསྒྲུབ་པར་བྱ་བ་མེད་པའི་ཁྱབ་པ་བསྟན་ཏོ། །འདི་ལྟར་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་རྣམས་གང་ལ་ཉེ་བ་དེ་ཉིད་ལ་རང་གི་འབྲས་བུ་ལོག་པ་ཉིད་ཉེ་བར་གནས་པར་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། རྒྱུ་མེད་པར་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །
འབྱུང་ན་ཡང་རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་མེད་པར་འབྱུང་བ་ནི་དེའི་འབྲས་བུ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟ་བས་ན་ལོག་པ་ཉིད་དང་ཉེས་པ་དག་གི་རྒྱུ་དང་འབྲས་བུའི་དངོས་པོ་མི་འཐད་པའི་ཕྱིར་རྒྱུ་མེད་པར་ཐལ་
བར་འགྱུར་བ་ནི་ལོག་པ་ཉིད་ཀྱི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །སྦྱོར་བ་ནི་གང་ལ་གང་གི་རྒྱུ་མེད་པ་དེ་ནི་དེར་འགྱུར་བ་མ་ཡིན་ཏེ། དཔེར་ན་ཆུ་ལ་རྒྱུ་བ་མེད་པའི་དུ་བ་བཞིན་ནོ། །ཐོས་པ་ལ་ཡང་ཕྱིན་ཅི་ལོག་གི་རྒྱུ་རྨོངས་པ་ལ་སོགས་པའི་
སྐྱོན་གྱི་ཚོགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཉེས་པ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཡིན་ཏེ། དེའི་ཆོས་ཡིན་པའི་ཕྱིར་དེ་ཇི་ལྟར་དེ་དག་རང་གི་རྟེན་མེད་པར་འབྱུང་བར་
เล่ม ๑๙๒ · หน้า 132b
འགྱུར། འགྱུར་ན་ཡང་རྟེན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་བརྟེན་པའི་ཆོས་ནི་འདི་ཡིན་ཏེ། རྟེན་གྱི་རྗེས་སུ་བྱེད་པ་ཉིད་གང་ཡིན་པའོ། །ཉེས་པའི་རྟེན་ཡང་བྱེད་པ་པོའི་སྐྱེས་བུ་ཡིན་ཏེ། དེ་ཡང་རིག་བྱེད་ལ་སོགས་པའི་ཕྱིར་གང་གིས་གཏན་ཚིགས་ཐེ་
ཚོམ་ཟ་བའི་མ་གྲུབ་པར་ཡང་འགྱུར་བ་ཉེས་པའི་དོགས་པ་ག་ལས་ཡིན། འདི་སྙམ་དུ་ཉེས་པའི་རྟེན་གྱི་བྱེད་པ་པོ་མེད་པར་ཡང་ཇི་ལྟར་གྲུབ་སྙམ་དུ་སེམས་ན། དེའི་ཕྱིར་དེ་འཛིན་པར་བྱེད་པའི་ཚད་མ་ལྔ་ལྡོག་པས་དེ་མེད་པར་སྟོན་པ་ནི། རེ་ཞིག་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པ་སྟེ།
རེ་ཞིག་རིག་བྱེད་ཀྱི་བྱེད་པ་པོ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ཏེ། འདི་ལྟར་དེ་ནི་འདི་ཡིན་ནོ་ཞེས་རྭ་ནས་བཟུང་ནས་བསྟན་པར་ནུས་པ་མ་ཡིན་ཏེ། དེ་ལྟར་མ་དམིགས་པའི་ཕྱིར་རོ། །བྱེད་པ་པོ་བྱུང་བར་གྱུར་ཏོ་ཞེས། དེ་ལྟར་བརྟག་པར་བྱ་བ་ཡིན་ན་དེ་ཡང་མ་མཐོང་བ་ན་ནམ་ཞིག་བྱུང་
བར་གྱུར་ཏོ་ཞེས་འདོད་པ་གང་ཡིན་པ་དེ་ནི་ཚད་མ་མེད་པ་ཅན་ཞེས་བྱ་བ་ལྷག་མའོ། །རྗེས་སུ་དཔག་པས་ཀྱང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། སྔོན་དུ་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལ་སྨོད་པ་རྣམས་ཀྱིས་རིག་བྱེད་ཀྱི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་
དངོས་པོའི་མཚན་ཉིད་ཀྱི་བྱེད་པ་པོའི་འབྲེལ་པ་གང་ཞིག་དེ་ལྟར་སྔར་མ་མཐོང་བས་བྱེད་པ་དེ་ནི་མི་ཤེས་པའི་རྒྱུ་ཅན་ཡིན་ཏེ། ཤེས་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །འགའ་ཞིག་གིས་མ་མཐོང་བའི་མེ་དང་ལྷན་ཅིག་དུ་བའི་འབྲེལ་པ་གཟུང་བར་ནུས་པ་མ་ཡིན་ཏེ། དེ་ལྟ་བས་ན་
རྗེས་སུ་དཔག་པ་དང་བྲལ་ཡང་དེ་ནི་བྱེད་པ་པོར་རྟོགས་པ་བྱེད་དོ། །ཡང་གི་སྒྲས་མངོན་སུམ་དང་བྲལ་བ་འབའ་ཞིག་ཏུ་མ་ཟད་པའོ། །སྒྲ་ལས་བྱུང་བའི་ཚད་མ་དགག་པ་ནི། དེ་གྲུབ་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལས་མ་གཏོགས་པའི་མ་བྱས་པ་མེད་པའི་ཕྱིར་རེ་ཞིག་མ་བྱས་
པ་ནི་ཡོད་པ་མ་ཡིན་ནོ། །བྱས་པ་ཡང་མེད་དེ། དེ་ནི་རང་ཉིད་ཚད་མ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ལུང་བྱས་པ་ཡིན་པ་ན། རིག་བྱེད་དང་འབྲེལ་པ་དྲང་སྲོང་ཤེད་ལ་སོགས་པའི་སྐྱེས་བུ་བྱེད་པ་པོ་ཡིན་པའམ། དེ་དང་མ་འབྲེལ་པའི་ཤཱཀྱ་ཐུབ་པ་ལ་སོགས་པས་བྱས་པ་ཡིན་གྲང་། ཕྱོགས་
เล่ม ๑๙๒ · หน้า 133a
དབང་པོའི་དབང་དུ་བྱས་ནས། ཤེད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱིས་ཏེ། འདིས་ནི་རང་གིས་ཚད་མའི་དངོས་པོར་བསྟན་ཏོ། །ཕྱོགས་གཉིས་པ་ལ་ཡང་སྐྱོན་བཤད་པ་ནི། འབྲེལ་པ་མེད་ཅིང་ཞེས་བྱ་བ་
སྟེ། འབྲེལ་པ་མེད་པ་ནི་རིག་བྱེད་དང་སྟེ། དེ་ལ་མི་དབང་བའི་ཕྱིར་རོ། །རིག་བྱེད་བྱེད་པ་པོའི་ལུང་ནི་རིག་བྱེད་པ་སྟོན་པའོ། །བྱེད་པོ་གཞན་ཅན་ཞེས་བྱ་བ་ནི་འབྲེལ་པ་མེད་པའི་སྐྱེས་བུའི་བྱེད་པ་པོ་ཅན་ནོ། །ཉེ་བར་འཇལ་བ་མེད་པར་འཆད་པ་ནི། གལ་ཏེ་རིག་བྱེད་ཅེས་བྱ་བ་ལ་སོགས་
པའོ། །དོན་གྱིས་གོ་བ་མེད་པར་འཆད་པ་ནི། གལ་ཏེ་རིག་བྱེད་བྱེད་མེད་པར། །ཞེས་བྱ་བ་སྟེ་གཞལ་བྱ་ཞེས་བྱ་བ་ནི་ཚད་མ་དྲུག་གིས་ཡོངས་སུ་བཅད་པའོ། །དེ་མེད་ན་ཞེས་བྱ་བ་ནི་བྱེད་པ་པོའོ། །ཅུང་ཟད་ཅེས་བྱ་བ་ནི་གཞལ་བྱའོ། །དེ་ཡོད་ན་ཞེས་བྱ་བ་ནི་བྱེད་པ་པོའོ། །ཚད་མ་
སོགས་ཞེས་བྱ་བའི་སོགས་པའི་སྒྲས་ཆོས་ལ་སོགས་པ་རྣམ་པར་གཞག་གོ། །དངོས་པོ་མེད་པས་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚད་མས་མེད་དོ་ཞེས་བྱ་བ་དེ་ལྟ་བུ་གོ་སྟེ། དེའི་ཡུལ་ནི་དགག་པ་ཡིན་པའི་ཕྱིར་རོ། །ཡང་ན་དངོས་པོ་མེད་པར་རང་གི་ངོ་བོར་དེ་མེད་དོ་ཞེས་བྱ་བ་དེ་ལྟ་བུར་རྟོགས་
སོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་མེད་ཚད་མས་གནོད་ཕྱིར་རོ། །ཞེས་བྱ་བ་ནི་ཚད་མ་རྣམས་ཀྱིས་མེད་པ་སྟེ་ལྡོག་པ་ནི་དངོས་པོ་མེད་པའི་ཚད་མ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ན་གནོད་པའི་ཕྱིར་རིག་བྱེད་ཀྱི་བྱེད་པ་པོ་མེད་དོ་ཞེས་བྱ་བར་གྲུབ་བོ། །འདི་སྙམ་དུ་གལ་ཏེ་རིག་བྱེད་སྐྱེས་བུས་མ་
བྱས་པ་ཉིད་དུ་བསྒྲུབས་ནས་དེ་ལས་ཚད་མ་ཉིད་དུ་བསྒྲུབ་ན། ཨའི་འོ་ན་རིག་བྱེད་གཞན་ལས་ཚད་མ་ཉིད་དུ་འགྱུར་ཏེ། འདི་ལྟར་འདི་ཇི་སྲིད་དུ་སྐྱེས་བུས་བྱས་པ་ཉིད་དུ་སྒྲུབ་པར་མི་བྱེད་པ་དེ་སྲིད་དུ་རིག་བྱེད་ཚད་མ་ཉིད་དུ་རྟོགས་པར་མི་འགྱུར་རོ་སྙམ་དུ་དོགས་པ་ལ། ཚད་མ་མིན་པ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འདི་ནི་འདི་སྐད་དུ་སྟོན་ཏེ། ཁོ་བོ་ཅག་གིས་ཚད་མ་ཉིད་དུ་མ་གྲུབ་པ་ལ་བསྒྲུབ་པའི་ངོ་བོས་སྒྲུབ་པར་བྱེད་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། གཞན་གྱིས་ཚད་མ་ལ་ཡིན་པར་ཐལ་བར་འགྱུར་བ་གང་ཡིན་པ་དེ་ཟློག་པར་བྱེད་པ་ཡིན་ནོ། །དམིགས་ཀྱིས་བསལ་བ་བཀག་པ་
เล่ม ๑๙๒ · หน้า 133b
ན་སྤྱིར་བཏང་བ་ལ་མི་གནོད་པར་རང་ཉིད་ཀྱིས་གྲུབ་པར་གནས་སོ། །གང་ལས་དེ་གྲུབ་པར་བྱེད་པའི་སྒོ་ནས་ཤུགས་ཀྱིས་གཞན་ལས་ཚད་མར་ཐལ་བར་འགྱུར་བ་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་སྐྱེས་བུས་བྱས་པ་ལྡོག་པ་ཙམ་གྱི་མཚན་ཉིད་ཀྱིས་དངོས་པོ་
མ་ཡིན་པའི་ཕྱིར་རོ། །གལ་ཏེ་མི་བསྒྲུབ་པ་ན་འོ་ན་ཅི་ལྟར་རང་ཉིད་གྲུབ་པར་འགྱུར་ཞེ་ན། སྐྱེས་བུས་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཞན་གྱི་ཕྱོགས་བསལ་ན་ཡང་ཚད་མས་རང་གི་ཕྱོགས་མ་བསྒྲུབས་པ་མ་ཡིན་ནམ་གང་གིས་རིག་བྱེད་སྨྲ་བས་དོན་བྱས་པར་འགྱུར་
བ་ཇི་ལྟར་དེ་གྲུབ་པ་ཡིན་ཞེ་ན། གང་དག་དངོས་པོར་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཙོ་བོ་དང་ནི་རྡུལ་ཕྲན་བཞིན། །ཞེས་བྱ་བ་འདི་འཆད་པ་ནི། གཙོ་བོའི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བྱེ་བྲག་པས་གྲངས་ཅན་གྱིས་ཉེ་བར་བཀོད་པའི་འགྲོ་བའི་རྒྱུ་
གཙོ་བོ་ཡིན་པའི་སྒྲུབ་པར་བྱེད་པ་གསལ་བ་དེ་ལྟ་ན་ཡང་གཏན་ཚིགས་གཞན་ཁོ་ནས་འགྲོ་བ་རྡུལ་ཕྲ་རབ་ཀྱིས་ཁྱབ་པ་བསྒྲུབ་པར་བྱ་དགོས་སོ། །དེ་བཞིན་དུ་འདི་ལ་ཡང་འགྱུར་རོ་ཞེ་ན། དངོས་པོའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་ཕྱོགས་ནི་སྐྱེས་བུས་བྱས་
པའོ། །དེ་བཟློག་པ་ནི་དངོས་པོ་མེད་པའི་ཕྱོགས་ཏེ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དང་ནི་གཅིག་དགག་པ་ནི་གཞན་བསྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར། དངོས་པོ་མེད་པ་རང་ཉིད་ཀྱིས་གྲུབ་པོ་སྙམ་དུ་བསམས་པའོ། །དེ་བཞིན་དུ་རིག་བྱེད་ཀྱི་སྔོན་དང་ཕྱི་མའི་
མཐའ་སྐྱེས་པ་དང་འཇིག་པའི་མཚན་ཉིད་དག་བསྒྲུབ་པར་བྱ་བའི་ཕྱིར། སངས་རྒྱས་པས་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་བསལ་བ་ཙམ་གྱིས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དང་། མཐའ་གཉིས་ཀྱིས་སྟོང་པ་བསྒྲུབ་པ་ན་འདོད་པ་གྲུབ་པའི་ཕྱིར་རིག་བྱེད་སྨྲ་བར་བྱ་བ་རྫོགས་པ་
ཡིན་ནོ། །འོན་ཏེ་དེའི་སྒྲུབ་བྱེད་བསམས་ན་ཡང་རིག་བྱེད་ཀྱི་རྟག་པ་ཉིད་བསྒྲུབ་པའི་ངོ་བོ་འབད་པ་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་ནམ། དེའི་ཕྱིར་རིག་བྱེད་ཀྱི་རྟག་པ་ཉིད་མི་སྒྲུབ་ན་ཇི་ལྟར་རིག་བྱེད་སྨྲ་བའི་དོན་བྱས་པར་འགྱུར་ཞེ་ན། དངོས་པོའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་
เล่ม ๑๙๒ · หน้า 134a
སྨོས་ཏེ། ཕྱོགས་སྔ་མ་གཉིས་ནི་སྔ་མ་དང་ཕྱི་མའི་མཐའ་སྒྲུབ་པར་བྱེད་པའོ། །ཅི་ནས་ཀྱང་ཕྱོགས་སྔ་མ་གཉིས་སུན་ཕྱུང་ན་རྟག་པ་ཉིད་རང་ཉིད་ཀྱིས་གྲུབ་པར་འགྱུར་བ་དེ་སྟོན་པ་ནི། རིག་བྱེད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། རྟག་པ་ནི་སྔོན་
དང་ཕྱི་མའི་མཐའ་གཉིས་དང་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ལ། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་ནི་གཅིག་དགག་པ་གཞན་ཡོད་པ་མེད་ན་མི་འབྱུང་བའི་ཕྱིར་ཞེས་བཤད་ཟིན་ཏོ། །གལ་ཏེ་དེ་མེད་པ་རྟག་པ་ཡིན་པ་དེ་ལྟ་ན་འོ་ན་
རྟག་པ་ཉིད་དངོས་པོའི་ཆོས་སུ་མི་འགྱུར་ཞེ་ན། གང་ཕྱིར་རིག་བྱེད་དང་པོར་ནི། །ཞེས་བྱ་བ་སྨོས་ཏེ། འདིས་ནི་ཆོས་འདིའི་དངོས་པོའི་ཆོས་རིག་བྱེད་ཀྱི་བདག་ཉིད་དུ་གཏོགས་པ་ཉིད་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ན་དངོས་པོར་གྱུར་པའི་ཕྱིར་འོ་ན་མི་རྟག་པ་ཉིད་བསྒྲུབ་
པར་བྱ་བར་འགྱུར་རོ་ཞེས་གཞན་གྱི་ཚིག་གི་གོ་སྐབས་དོགས་པར་བྱེད་པ་ནི། དེ་འདོད་ཤེས་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་བྱ་བ་ནི་ཚད་མས་ཤེས་པར་བྱ་བ་སྟེ། བསྒྲུབ་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ཅེས་བྱ་བ་ནི་མ་བྱས་པ་དང་མི་འཇིག་པ་གཉིས་
སོ། །རང་གི་ངོ་བོའི་སྒྲུབ་པར་བྱེད་པ་ནི་རང་གི་བསྒྲུབ་པ་སྟེ། དངོས་པོ་མེད་པ་ཡང་དངོས་པོ་ཉིད་དུ་འགལ་བ་མེད་པའི་ཕྱིར་རོ། །མ་བྱས་པ་དང་མི་འཇིག་པའི་མཚན་ཉིད་ཡིན་ན་ཡང་རྟག་པ་ནི་དངོས་པོ་མེད་པ་མ་ཡིན་ནོ་སྙམ་དུ་བསམས་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཚད་
མ་རྣམ་པ་ལྔ་ལོག་པས་རིག་བྱེད་ཀྱི་བྱེད་པ་པོ་མེད་པར་གྲུབ་པས་གང་ཞིག་ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་དང་ལྡན་པ་དང་བྲལ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་པ་མ་ཡིན་ལ། འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་
མེད་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་པས་རིག་བྱེད་ཚད་མ་ཉིད་དུ་གྲུབ་པ་ཡིན་ནོ། །ད་ནི་གཞན་གྱི་རིག་བྱེད་ཚད་མ་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་པ་གཉིས་རྒྱས་པར་སུན་འབྱིན་པ་རྩོམ་མོ། །དེ་ལ་སྒྲུབ་པར་བྱེད་པ་གཉིས་ནི་འདི་ཡིན་ཏེ། གང་དབང་པོའི་ཡུལ་ཅན་དང་བསལ་མ་ཐག་ཏུ་
เล่ม ๑๙๒ · หน้า 134b
བྱུང་བ་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །སྒྲ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་དག་གོ། །སྤྱིར་སྒྲ་མི་རྟག་པ་ཉིད་དུ་གྲུབ་པ་ན་ཤུགས་ཀྱིས་རིག་བྱེད་ཀྱང་མི་རྟག་པ་ཉིད་དུ་གྲུབ་པས་ལམ་པོ་ཆེའི་སྐྱེས་བུའི་ཚིག་བཞིན་དུ་ལོག་པ་ཉིད་དུ་གྲུབ་པར་
འགྱུར་རོ་ཞེས་ཕ་རོལ་སངས་རྒྱས་པ་ལ་སོགས་པའི་བསམ་པ་ཡིན་ནོ། །འདིར་སྒྲ་ལ་སོགས་པའི་ཚད་མ་དམ་བཅའ་བ་ལ་གནོད་པ་རྒྱས་པར་སྟོན་པ་ཡིན་ཏེ། དེ་ལ་རེ་ཞིག་སྒྲའི་ཚད་མས་གནོད་པ་ནི། གང་ཞིག་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལས་བྱུང་
བ་ནི་རིག་བྱེད་ཅན་ཏེ། མེའི་སྦྱིན་སྲེག་ལས་མཐོ་རིས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ། །དེའི་སྟོབས་ཀྱིས་ཕྱོགས་ཟློག་པར་བྱེད་དེ། དེ་གནོད་པའི་ཕྱིར་རོ། །ཇི་སྐད་དུ་འདིའི་སྐུལ་བར་བྱེད་པ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་གྱི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ལ། འདི་
ནི་ལོག་པ་ཡིན་ནོ་ཞེས་བྱ་བའི་ཕྱིན་ཅི་ལོག་ཀྱང་མ་ཡིན་ཏེ། དུས་གཞན་དང་སྐྱེས་བུ་གཞན་དང་ཡུལ་གཞན་དང་གནས་སྐབས་གཞན་ལ་ཡང་གནོད་པ་མེད་པའི་ཤེས་པར་འགྱུར་བ་ཡིན་ནོ། །གང་ཡང་ཤེས་པ་གཞན་ཕྱིན་ཅི་ལོག་ཏུ་མཐོང་ནས་འདིར་ཡང་ཕྱིན་ཅི་ལོག་ཏུ་བྱེད་
པའི་རྗེས་སུ་དཔག་པ་ལས་བྱུང་བའི་ཤེས་པ་སྐྱེས་པ་དེ་ཡང་མངོན་སུམ་འདིས་གནོད་པ་ན་འགེགས་པ་ཡིན་ནོ། །འོན་ཏེ་སྟོབས་མཚུངས་པ་དག་ཇི་ལྟར་གཅིག་གིས་ཅིག་ཤོས་ལ་གནོད་པ་ཡིན། ཅི་སྟེ་སྟོབས་མཚུངས་ཀྱང་གནོད་ན། འོ་ན་རྗེས་སུ་དཔག་པས་ཅིག་ཤོས་
ལ། ཅིའི་ཕྱིར་མི་གནོད་ཅེ་ན། རིག་བྱེད་ཅན་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ཇི་ལྟར་རྗེས་སུ་དཔག་པ་ལ་དེས་གནོད་ཅེ་ན། གང་ཕྱིར་བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རིག་བྱེད་ཀྱི་ཚིག་ལ་ནི་མངོན་སུམ་གྱི་ཤེས་པ་ཡིན་གྱི། རྗེས་སུ་དཔག་པ་
ནི་མངོན་སུམ་དང་འགལ་བས་ཚད་མར་མི་འགྱུར་རོ་ཞེས་ཟེར་རོ། །གང་གིས་དེ་མངོན་སུམ་དང་མཚུངས་པ་ཉིད་ཡིན་པ་ཇི་ལྟར་རྗེས་སུ་དཔག་པ་ལས་ལུང་སྟོབས་དང་ལྡན་པ་ཉིད་ཡིན་ཞེ་ན། ལུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་ཡིན་པ་ལ་ཞེས་བྱ་བ་ནི་ཟོར་ཡང་བ་ལ་
เล่ม ๑๙๒ · หน้า 135a
ལྟོས་ཏེ་ཡུལ་གྱི་བདུན་པ་ཡིན་ནོ། །རྗེས་སུ་དཔག་པ་དེ་ལྟ་མིན། །ཞེས་བྱ་བ་དེ་ནི་དཔེ་ལ་ལྟོས་པའི་ཕྱིར་དང་། ཉེས་པ་ཡོད་པའི་ཕྱིར་ཏེ། ཉེས་པ་མངོན་སུམ་དང་མཚུངས་པའི་རིག་བྱེད་ལས་བྱུང་བའི་ཤེས་པས་གནོད་པའི་ཕྱིར་རོ། །འོན་
ཏེ་གཉི་ག་ལ་གྲུབ་པ་གང་ཡིན་པ་དེ་ཁོ་ན་སུན་འབྱིན་པ་མ་ཡིན་ནམ། སངས་རྒྱས་པ་ལ་ནི་ལུང་ཚད་མ་ཡང་མ་ཡིན་ཏེ། ཚད་མ་ནི་གཉིས་ཁོ་ནའོ། །ཞེས་ངེས་པར་གཟུང་བའི་ཕྱིར་རོ། །དེ་ཇི་ལྟར་ཚད་མ་ཉིད་དུ་མ་གྲུབ་པའི་ལུང་གིས་སངས་རྒྱས་པ་ལ་གནོད་པ་བྱེད་ཅེས་དོགས་
པ་ལ། རིག་བྱེད་དོན་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྙམ་དུ་སེམས་ཏེ་གང་གིས་ཁས་བླངས་པ་ཙམ་གྱིས་མ་གྲུབ་པའི་ལུང་ཚད་མ་ཉིད་དུ་འགྱུར་བ་འདོད་པ་ཙམ་གྱིས་དངོས་པོ་གྲུབ་པ་དང་མ་གྲུབ་པར་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཚད་མའི་སྟོབས་ཀྱིས་
ཏེ་གང་གྲུབ་པ་དེ་ནི་གཉི་ག་ལ་ཡང་གྲུབ་པ་ཡིན་ཏེ། མེ་ལ་སྦྱིན་སྲེག་ལ་སོགས་པའི་ངག་ལས་བྱུང་བའི་ཤེས་པ་འདི་ནི་ཆེས་བསྟན་པ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་ཚད་མ་མ་ཡིན་ནོ་ཞེས་བརྗོད་པར་ནུས་ཏེ། ཁྱེད་ཀྱི་འདི་ནི་ཚིག་ཙམ་རིག་པ་དང་བྲལ་བ་འབའ་
ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །མི་འདོད་པ་ཞེས་བྱ་བ་ནི་འཇིག་རྟེན་པའོ། །འདོད་པ་ཞེས་བྱ་བ་ནི་འཇིག་རྟེན་འདོད་པ་ཉིད་དོ། །རིང་ན་གནས་པ་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པ་ལ་སོགས་པའི་རིག་བྱེད་ལ་སྟེ། དེ་འཛིན་པ་ལ་སོགས་པའི་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་
རོ། །མངོན་སྦྱོར་དེ་འབྲེལ་དགོས་པ་ཅན། །ཞེས་བྱ་བ་ནི་རིག་བྱེད་དེ་ལ་མངོན་པར་སྦྱོར་བ་སྟེ། བརྗོད་པ་དགོས་པ་སྐྱེས་བུའི་དོན་མཆོད་སྦྱིན་ལ་སོགས་པའི་མཚན་ཉིད་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཚངས་ལྷ་སྡང་བ་ཞེས་བྱ་བ་ནི་རིག་བྱེད་ལ་སྡང་བའོ། །ཡང་ན་
དེ་ལས་བྱུང་བའི་ཤེས་པ་ནི་ཚངས་པའོ། །རྣམ་པ་གཅིག་ཏུ་ན་ལུང་གིས་གནོད་པར་མ་གྱུར་མོད། དེ་ལྟ་ན་ཡང་དམ་བཅའ་བའི་དོན་མངོན་སུམ་ལ་སོགས་པ་སུན་ཕྱུང་བ་ཉིད་ཡིན་ཏེ། ཚད་མས་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
เล่ม ๑๙๒ · หน้า 135b
འདིས་ནི་མངོན་སུམ་གྱིས་གནོད་པ་བཤད་དོ། །འདི་ལྟར་དུས་ཐམས་ཅད་དུ་དེ་ཉིད་འདི་ཡིན་ནོ་སྙམ་པའི་ངོ་ཤེས་པར་བྱ་བའི་ཕྱིར་རོ། །ངོ་ཤེས་པ་ཞེས་བྱ་བའི་མངོན་སུམ་ལས་མི་རྟག་པ་ཉིད་དུ་གྲུབ་པོ། །ཡུལ་ཐམས་ཅད་དུ་ངོ་ཤེས་པའི་ཕྱིར་ཁྱབ་པ་ཉིད་ཀྱང་གྲུབ་པས་
སུ་ཞིག་གིས་རྟག་པ་དང་ཁྱབ་པ་དག་གི་བཟློག་པ་ངེས་པར་འགྱུར་ཏེ། འགའ་ཞིག་གིས་ཀྱང་མ་ཡིན་ནོ་ཁྱབ་བདག་ཉིད་ནི་ཁྱབ་པ་དང་བདག་ཉིད་དོ། །ཕྱིན་ཅི་ལོག་དག་ནི་མི་རྟག་པ་ཉིད་དང་ཁྱབ་བྱེད་མ་ཡིན་པ་ཉིད་དེ། དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པར་བྱེད་དོ། །དུས་
ཀུན་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ལའོ། །འདིའི་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གིའོ། །མེ་ལྕེ་ལ་སོགས་ཞེས་བྱ་བ་ལ་སོགས་པས་ངོ་ཤེས་པ་འཁྲུལ་པ་ཅན་ཉིད་དུ་དོགས་པར་བྱེད་དོ། །སོགས་པའི་སྒྲས་ཡང་འབྱུང་བའི་སྐྲ་དང་། སེན་མོ་དང་རྩྭ་དང་།
ཆུ་བོའི་རྒྱུན་ལ་སོགས་པ་བཟུང་སྟེ། གང་གི་ཕྱིར་དེ་ལ་ཡང་སྒྲ་འདི་དག་ནི་དེ་ཉིད་ཡིན་ནོ། །རྩྭ་འདི་དག་ནི་དེ་དག་ཉིད་ཡིན་ནོ། །ཆུ་བོའི་རྒྱུན་དེ་ཉིད་ཆུ་ཡི་རྒྱུན་འདི་ཉིད་ཡིན་ནོ་ཞེས་ངོ་ཤེས་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་དེ་ལ་མེ་ཉིད་ལ་སོགས་པའི་སྤྱི་ངོ་
ཤེས་པར་བྱེད་དེ། དེ་ཡང་རྟག་པར་འདོད་པ་ཉིད་ཀྱི་ཕྱིར། ག་ལས་འཁྲུལ་པ་ཡིན། གང་ཡང་གསལ་བའི་ངོ་བོ་མི་རྟག་པ་དེ་ནི་ངོ་ཤེས་པ་ཉིད་མེད་པའི་ཕྱིར། དེ་ལྟ་ནའང་ག་ལས་འཁྲུལ་པ་ཡིན་ནོ། །ཆ་འགའ་ཞིག་ལ་ཞེས་བྱ་བ་ནི་དམན་པ་དང་ཆེས་དང་། ཆེས་ཆེར་དམན་
པ་ལ་སོགས་པ་ལའོ། །ཁྱད་པར་འགའ་ཞིག་གིས་ཞེས་བྱ་བ་ནི་དམན་པ་ཉིད་དང་སྟེང་དུ་འགྲོ་བ་ལ་སོགས་པས་སོ། །ཇི་ལྟར་རྟོགས་ཤེ་ན། ཐ་དད་བློས་ངེས་པས་ཞེས་བྱ་བ་སྨོས་ཏེ། བློ་ཐ་དད་པས་འདིར་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ཏུ་གསལ་བས་ཞེས་འདོན་པ་དེར་
ནི་དོན་འདི་ཡིན་ཏེ། བློ་ཐ་དད་པ་འདི་སྤངས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པས་གནོད་པ་བཤད་པ་ནི། ཡུལ་དང་དུས་ཞེས་བྱ་བ་ལ་སོགས་པ་སྟེ། བ་ལང་གི་སྒྲའི་གསལ་བ་དག་ལ་བློ་རྣམས་ཡུལ་དང་དུས་མྱུར་བ་དང་། དལ་བ་དང་། བར་མ་ལ་སོགས་པར་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด