དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ

ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๒ · หน้า 269b

སྐྱེ་བ་མི་སྲིད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་དུ་བརྟག་པར་བྱ་བར་ཐལ་བར་འགྱུར་རོ། །གཞན་ཡང་གང་དག་ལ་ཐམས་ཅད་མཁྱེན་པ་མི་ཉེ་བ་ནི་རྟོགས་པར་མི་ནུས་སོ་ཞེས་བྱ་བ་རེ་ཞིག་ལྟ་ཞོག །འོན་ཀྱང་ཐམས་ཅད་མཁྱེན་པ་རིགས་པ་མ་ཡིན་པས་དེའི་དུས་ན་ཉེ་བ་

དེ་ཡང་ཤེས་པར་མི་ནུས་པ་ཁོ་ནའོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། འདི་ནི་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེ་ཐམས་ཅད་མཁྱེན་པའི་ཤེས་པ་ནི་དེའི་ཤེས་པའོ། །དེ་ཉིད་ཀྱི་ཤེས་བྱ་སྟེ་ཡུལ་ཡོངས་སུ་གཅད་པར་བྱ་བ་ཤེས་པ་གང་ལ་ཡོད་པ་དེ་ནི་

དེ་ལྟ་བུ་ཡིན་ལ། དེ་ནི་དེ་ཡང་ཡིན་ལ་ཤེས་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །དེས་སྟོང་པ་ནི་བྲལ་བའོ། །ཡང་ན་ཤེས་པ་དེའི་ཤེས་བྱ་གང་ཡིན་པ་དེ་དེའི་ཤེས་པ་སྟེ་དེས་སྟོང་པ་ནི་ཐམས་ཅད་མཁྱེན་པ་ཡིན་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ལུས་ཙམ་མཐོང་བ་ལས་

ཐམས་ཅད་མཁྱེན་པའི་ཞེས་བྱ་བ་དེ་ལྟར་ནི་ངེས་པར་མི་ནུས་ཏེ། ངེས་པ་འདི་ནི་ཁྱད་པར་ཅན་གྱི་ཤེས་པ་དང་འབྲེལ་པ་འཛིན་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཁྱད་པར་ཅན་གྱི་ཤེས་པ་དེ་ཡང་དངོས་པོ་མཐའ་དག་གི་ཡུལ་ཅན་ཡིན་ལ། དངོས་པོ་མཐའ་དག་གི་ཡུལ་ཅན་

དེ་ཡང་དེའི་ངེས་པ་གཟུང་བར་བྱ་བའི་ཡུལ་འཛིན་པ་མེད་པ་ངེས་པར་མི་ནུས་ཏེ། གང་གི་ཕྱིར་དབྱིག་པ་མ་བཟུང་བར་དབྱིག་པ་ཅན་གྱི་བློར་འགྱུར་བ་ནི་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་གི་འཛིན་པའི་ཁྱད་པར་མ་འཛིན་ན་འཛིན་པར་མི་འགྱུར་ཏེ། དཔེར་ན་དབྱིག་པ་

འཛིན་པའི་ཁྱད་པར་ཅན་དབྱིག་པ་ཅན་འཛིན་པ་ནི་དབྱིག་པའི་དངོས་པོ་མ་བཟུང་ན་མི་འགྱུར་བ་བཞིན་ནོ། །ཚུ་རོལ་མཐོང་བ་རྣམས་ལ་ཡང་ཐམས་ཅད་མཁྱེན་པའི་ཤེས་པའི་ཞེས་བྱ་ཁྱད་པར་ཅན་ཤེས་བྱའི་དངོས་པོས་ཁྱད་པར་འཛིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་

བྱེད་པ་མི་དམིགས་པ་སྟེ། ཁྱད་པར་འཛིན་པས་ཁྱད་པར་ཅན་ཡིན་པ་ལ་ཁྱབ་པའི་ཕྱིར་དེ་ཡང་འདི་ལ་མེད་དོ། །དེ་ལྟ་ཡིན་དང་ད་ལྟ་ཉེ་བའི་ཐམས་ཅད་རིག་པ་མ་ཡིན་པ་གང་གིས་ཐམས་ཅད་མཁྱེན་པ་མ་ངེས་པ་དེ་ལ་ཐམས་ཅད་མཁྱེན་པའི་ཚིག་ཐམས་ཅད་ཡོད་ན་

เล่ม ๑๙๒ · หน้า 270a

ཡང་མ་ངེས་པའི་ཕྱིར་ཚད་མ་མ་ཡིན་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པ་ངེས་པར་བྱེད་པའི་རྩ་བའི་རྒྱུ་ཚད་མ་མེད་པའི་ཕྱིར་རོ། །དེ་ལས་གཞན་གྱི་ཚིག་བཞིན་ཞེས་བྱ་བ་ནི་ལམ་པོ་ཆེའི་སྐྱེས་བུའི་ཚིག་བཞིན་ནོ། །ཅི་སྟེ་སློབ་མའི་སྐྱེ་བོའི་ཚོགས་

མཐའ་དག་གི་སེམས་ཀྱི་སྤྱོད་པ་ལ་སོགས་པ་རྣམ་པ་དུ་མ་ཡོངས་སུ་ཤེས་པའི་ཕྱིར་ཀུན་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་སྐྱེ་བོའི་ཡི་རངས་པར་བྱེད་པ་ན་འདི་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་འབད་པ་མེད་པར་དེ་དག་གིས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་

བར་འདོད་ན། འདིར་སྨྲས་པ་ནི་སློབ་མ་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་འདིའི་དུས་ན་ཉེ་བའི་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་རྣམས་མཁྱེན་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། དེའི་དུས་སུ་ཉེ་བར་མི་གནས་པའི་འཇིག་རྟེན་

པ་གཞན་གྱིས་ཡོངས་སུ་ཤེས་པའི་དོན་མི་མཁྱེན་པའི་ཕྱིར་རོ། །གང་གི་ཕྱིར་ཕྱོགས་གཅིག་ཡོངས་སུ་ཤེས་པའི་ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་དུས་ན་གནས་པའི་སྐྱེ་བོ་མ་ལུས་པའི་དོན་ཡོངས་སུ་ཤེས་པ་དང་ལྡན་

པའི་དོན་ལ་མི་སླུ་བ་ཡང་སྲིད་པ་མ་ཡིན་ཏེ། ཐག་རིང་བར་གནས་པ་དང་དོན་དུ་མི་གཉེར་བ་རྣམས་ལ་མི་སླུ་བ་མེད་པའི་ཕྱིར་རོ། །འདི་སྙམ་དུ་གང་གི་ཚེ་སྐྱེ་བོ་ཐམས་ཅད་དེ་བཞིན་གཤེགས་པའི་དྲུང་དུ་ཅིག་ཅར་ཕྱིན་ཏེ། གང་དང་གང་དྲིས་པ་དེའི་ཚེ་བཅོམ་ལྡན་འདས་དེ་དང་

དེ་ཁོ་ན་ལུང་སྟོན་པས་དེས་ན་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་པའི་ཤེས་བྱ་ལ་མི་སླུ་བ་ཡོད་པ་ཉིད་དོ་སྙམ་དུ་སེམས་ན། འདིར་སྨྲས་པ་ནི། དུས་གསུམ་འཇིག་རྟེན་གསུམ་གནས་པའི། །ཞེས་བྱ་བ་ལ་སོགས་པ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་

ཡོད་པའི་མི་རྣམས་དང་འགའ་ཞིག་ཏུ་ཕྲད་པ་སྲིད་པ་མ་ཡིན་ལ། མཐོ་རིས་དང་ས་འོག་དང་ས་སྟེངས་ཀྱི་བདག་ཉིད་ཀྱི་འཇིག་རྟེན་གསུམ་ན་གནས་པ་རྣམས་དང་ཡང་མ་ཡིན་ནོ། །ཡང་ན་འཇིག་རྟེན་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་

เล่ม ๑๙๒ · หน้า 270b

གྱི་བདག་ཉིད་དུ་རྟོགས་པར་བྱའོ། །གལ་ཏེ་འདི་སྙམ་དུ་དེའི་འཇིག་རྟེན་མཐའ་དག་གིས་ཡོངས་སུ་ཤེས་པའི་དོན་ཤེས་པའི་ནུས་པ་མེད་པར་གྱུར་ན། དེའི་ཚེ་སྐྱེ་བོ་ཅུང་ཟད་ཙམ་གྱིས་ཡོངས་སུ་ཤེས་པའི་དོན་ལ་མི་སླུ་བ་ཡང་ཇི་ལྟར་འགྱུར། འགྱུར་བ་ཡང་མ་ཡིན་ཏེ། དེས་ན་དེའི་

དངོས་པོ་མཐའ་དག་ཡོངས་སུ་ཤེས་པའི་ནུས་པ་ཡོད་པ་ཉིད་དོ་སྙམ་དུ་ཁོ་བོ་ཅག་སེམས་པ་ཡིན་ནོ་སྙམ་དུ་སེམས་ན། འདི་ལ་སྨྲས་པ། འདི་ལྟར་ཅུང་ཟད་ཤེས་པས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དབང་པོ་ལས་འདས་པའི་དོན་ཅུང་ཟད་ཡོངས་སུ་ཤེས་པ་

ཙམ་གྱིས་དེ་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཡོངས་སུ་ཤེས་པར་འགྲུབ་པ་མ་ཡིན་ཏེ། གཞན་སླུ་བ་ཤེས་པ་ལ་སོགས་པ་དང་སྒྱུ་མ་དང་མིག་འཕྲུལ་ལ་སོགས་པ་ལ་མཁས་པ་རྣམས་ཀྱིས་མ་ངེས་པ་ཡིན་ཏེ། འདི་ལྟར་སྔགས་དང་སྨན་ལ་སོགས་པའི་སྦྱོར་བས་ཇི་

ལྟར་ཟོས་པ་སྟེ། བཟའ་བ་དང་ཚོད་མ་ལ་སོགས་པ་དང་། ཇི་ལྟར་བསམ་པ་སྟེ་ཡིད་ཀྱི་དངོས་པོ་དང་། ཆད་པ་ན་གནས་པའི་རྫས་ལ་མི་སླུ་བར་བྱེད་པ་བཞིན་ཏེ། དེ་ཙམ་གྱིས་ནི་ཆོས་ལ་སོགས་པ་ཤེས་པ་མ་ཡིན་ནོ། །དེ་བཞིན་དུ་མིག་འཕྲུལ་ལ་མཁས་པ་ལ་ལ་

དག་ངོ་མཚར་བའི་སྐྱེད་མོས་ཚལ་དང་། གཞལ་ཡས་ཁང་དང་། ལྷའི་ཚོགས་དང་། ལྷའི་བུ་ལ་སོགས་པ་ནམ་མཁའ་ལ་སྟོན་པར་བྱེད་དེ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །འོན་ཏེ་དེ་ལྟ་བུ་བྱེད་ནའང་གནའ་རབས་ལ་སོགས་པ་ལས་ཚངས་པ་ལ་སོགས་པ་ཐམས་

ཅད་མཁྱེན་པ་ཉིད་དུ་བསྟན་པ་མ་ཡིན་ནམ། འདི་ལྟར་དེར་ཚངས་པའི་ཤེས་པ་ནི་ཐོགས་པ་མེད་པ་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་འདོད་དོ། །དེས་ནི་ཇི་ལྟར་ལུང་ལས་ཐམས་ཅད་མཁྱེན་པ་མི་འགྲུབ་ཅེ་ན། འདི་ལ་སྨྲས་པ་ནི། འདི་ལྟར་བྱུང་བ་བརྗོད་ཅེས་བྱ་བ་

ལ་སོགས་པ་སྟེ། ཇི་ལྟར་སྔགས་དག་ལ་དྲང་དོན་དུ་བསྟན་པ་དེ་བཞིན་དུ་དེ་ལྟ་བུ་བྱུང་བ་ལ་སོགས་པ་ལ་ཡང་ཚངས་པ་ལ་སོགས་པའི་ཐམས་ཅད་མཁྱེན་པ་ཉིད་དྲང་དོན་དུ་རྟོགས་པར་བྱའོ། །དོན་གཞན་གྱི་སྒྲ་དོན་གཞན་བརྗོད་པས་ན་དྲང་དོན་ཞེས་བྱའོ། །རྣམ་པ་

เล่ม ๑๙๒ · หน้า 271a

གཅིག་ཏུ་ནི་ཆོས་དང་དོན། འདོད་པ་དང་ཐར་པ་སྟེ། སྐབས་སུ་བབ་པ་དག་ལ་ཤེས་པ་ཐོགས་པ་མེད་པའི་ཕྱིར། ཚངས་པ་ལ་སོགས་པ་དེ་ཤེས་པ་ཐོགས་པ་མེད་པ་ཉིད་དུ་བསྟན་གྱི། དོན་ཐམས་ཅད་ལ་ཐོགས་པ་མེད་པས་ནི་མ་ཡིན་ནོ། །གལ་

ཏེ་ཆོས་ལ་སོགས་པ་ལ་དངོས་པོ་གཞན་ལ་ཤེས་པ་ཐོགས་པ་མེད་པར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ཐོགས་པ་མེད་པ་ཞེས་བྱ་ཞེ་ན། དེའི་ཕྱིར། གང་ཕྱིར་ཐོགས་པ་མེད་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་གལ་ཏེ་རང་གི་དོན་ལ་ཐོགས་

པ་མེད་པའི་ཕྱིར་ཐོགས་པ་མེད་པ་ཞེས་བརྗོད་པ་དེའི་ཚེ་སྐྱེས་བུ་ཐམས་ཅད་ཀྱི་ཤེས་པ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་གང་གི་དེ་ཉིད་ལ་ཤེས་པ་ཐོགས་པ་མེད་པ་ཞེས་བརྗོད་ཀྱི། གཞན་དག་ལ་ནི་མ་ཡིན་པ་ཚངས་པ་ལ་སོགས་པ་ལས་ཏེ་ཁྱད་པར་ཅི་ཞིག་ཡོད་

ཅེ་ན། འདི་ལ་གནས་པ་ནི་ཤེས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པ་ལ་ཚངས་པའི་ཤེས་པ་དེ་ཉིད་ཐོགས་པ་མེད་པར་འཇུག་གི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་བཤད་པའི་དོན་དུ་འདི་བསྟན་ཏེ།

ཚངས་པ་ལ་སོགས་པ་ལ་རང་གི་དོན་ལ་ཐོགས་པ་མེད་པའི་ཕྱིར་ཐོགས་པ་མེད་པའི་ཤེས་པ་ཞེས་བརྗོད་ཀྱི་གཞན་དག་ནི་མ་ཡིན་ནོ། །ཇི་སྙེད་ཐབས་ལས་བྱུང་བའི་ཤེས། །ཞེས་བྱ་བ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བའི་ཆོས་ལ་སོགས་པའི་ཐབས་ལས་བྱུང་བའི་ཤེས་

པ་ཐབས་ལས་བྱུང་བའོ། །ཇི་སྙེད་ཅེས་བྱ་བ་ནི་མ་ལུས་པ་སྟེ། འདི་ཡང་ཐབས་ལས་བྱུང་བའི་ཤེས་པའི་ཁྱད་པར་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་འཆད་པ་ཡིན་ནོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུ་ལའོ། །དེ་ཉིད་ཅེས་བྱ་བ་ནི་བདག་གི་ཡུལ་ཅན་གྱི་

ཤེས་པའོ། །འོན་ཏེ་དབང་ཕྱུག་གི་ཡོན་ཏན་ཡེ་ཤེས་ལ་སོགས་པ་མི་ཟད་པ་བཅུ་འདོན་པ་མ་ཡིན་ནམ། དེ་ཇི་ལྟར་འདི་མི་ཟད་པའི་ཤེས་པ་དང་ལྡན་པའི་ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་ཞེ་ན། གང་ཡང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་

เล่ม ๑๙๒ · หน้า 271b

ནི་དེ་ཁོ་ན་ཉིད་རྟོགས་པའོ། །ཆགས་བྲལ་ནི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའོ། །དབང་ཕྱུག་ནི་རྣམ་པ་བརྒྱད་དེ། ཕྲ་བ་དང་། ཡང་བ་དང་། མཆོད་པར་བྱ་བ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། བདག་པོར་གྱུར་པ་དང་། དབང་དུ་གྱུར་པ་དང་།

དགའ་མགུར་གནས་པའོ། །ཡེ་ཤེས་ལ་སོགས་པ་བཅུ་པོ་འདི་དག་མི་ཟད་པ་སྟེ། མི་འཇིག་པ་གང་ལ་ཡོད་པ་དེ་ནི་མི་ཟད་པ་བཅུ་ཅན་ནོ། །དེ་ལ་ཕྲ་བ་ནི་རྡུལ་ཕྲ་རབ་ཏུ་གྱུར་ནས་འབྱུང་པོ་ཐམས་ཅད་ཀྱིས་མི་མཐོང་བ་ན་འཇིག་རྟེན་ཐམས་ཅད་དུ་སྤྱོད་པ་གང་ཡིན་པའོ། །

ཡང་བ་ནི་ཡང་བའི་ཕྱིར་རླུང་བཞིན་དུ་སྤྱོད་པ་གང་ཡིན་པའོ། །མཆོད་པར་བྱ་བ་ནི་འཇིག་རྟེན་ཐམས་ཅད་དུ་མཆོད་ཅིང་ཕྱག་འཚལ་ཞེས་བརྗོད་དོ། །ཆེན་པོ་པས་ཀྱང་ཆེས་ཆེན་པོར་གྱུར་པ་གང་ཡིན་པའོ། །གར་ཡང་ཕྱིན་པ་སྟེ་གང་དུ་ཡིད་ཀྱིས་བསམས་པ་དེ་དང་དེར་

ཕྱིན་པའོ། །འདོད་དགུར་ལྡན་པ་ནི་འདོད་པ་མང་པོར་གྱུར་པ་གང་ཡིན་པ་སྟེ། ཡུལ་ལོངས་སྤྱོད་པར་ནུས་པ་ཞེས་བྱ་བའི་དོན་ཏོ། །བདག་པོར་གྱུར་པ་ནི་འཇིག་རྟེན་གསུམ་གྱི་མངའ་བདག་གང་ཡིན་པའོ། །དབང་དུ་གྱུར་པ་ནི་རྒྱུ་བ་དང་མི་རྒྱུ་བའི་འབྱུང་པོ་དབང་

དུ་བྱེད་པ་དང་། དབང་པོ་དབང་དུ་བྱེད་པ་གང་ཡིན་པའོ། །དགའ་མགུར་གནས་པ་ནི་ཚངས་པ་དང་། སྐྱེ་དགུའི་བདག་པོ་དང་། ལྷ་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་རྣམས་དང་། མི་རྣམས་དང་དུད་འགྲོའི་སྐྱེ་གནས་པ་རྣམས་དང་། གནས་

གཞན་རྣམས་སུ་གང་དང་གང་དུ་དགའ་བ་དེ་དང་དེར་གནས་པ་གང་ཡིན་པའོ། །བདག་བསམ་པ་ཞེས་བྱ་བ་ནི་བདག་གི་རིག་པ་སྟེ། ཤེས་པ་དང་ལྡན་པ་ཡིན་གྱི། དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པ་དང་ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་

ཕྱིར་ཕྱོགས་གཅིག་ཏུ་ཤེས་ན་ཡང་བདེ་བྱེད་དེ་ཉིད་ཤེས་པ་དང་ལྡན་པར་བརྗོད་ཀྱི། གཞན་ནི་མ་ཡིན་ཞེ་ན། བདག་ཉིད་རྣམ་པར་དག་མཐོང་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་བདག་ཉིད་ཡིན་ལ་དག་པ་ཡང་ཡིན་པས་དེ་སྐད་ཅེས་བྱ་ལ། དེའི་མཐོང་བ་

เล่ม ๑๙๒ · หน้า 272a

ཞེས་བསྡུའོ། །དེའི་རྒྱུ་མཚན་ཞེས་བྱ་བ་ནི་དེའི་སྟེ་བདག་རྣམ་པར་དག་པ་མཐོང་བའོ། །རྒྱུ་མཚན་ནི་དེའི་རྒྱུ་མཚན་ནོ། །དེ་ཡང་ཅི་ཞེ་ན། དེའི་བདག་ཉིད་དོ། །དེའི་རྒྱུ་མཚན་གྱི་བདག་དེ་མ་དག་ན་དེའི་མཚན་ཉིད་མཐོང་བ་དེ་མ་དག་པར་འཇུག་པ་

དེ་ནི་མི་ཤེས་པ་ཞེས་བརྗོད་དེ་སྨད་པར་བྱ་བའི་ཕྱིར་རོ། །གལ་ཏེ་བསམ་གཏན་གོམས་པ་ལས་ཚངས་པ་ལ་སོགས་པའི་རྣམ་པར་དག་པའི་ཤེས་པ་སྲིད་པ་ཁས་ལེན་པ་དེའི་ཚེ་གང་གིས་དེ་དག་ཀྱང་ཐོགས་པ་མེད་པ་དང་དག་པའི་ཤེས་པ་འདོད་པས་སངས་རྒྱས་ལ་སོགས་

པ་ལ་ཅི་ཞིག་སྟེ་ཞེས་དོགས་པ་བསུ་ནས། ཕྱོགས་གཞན་པ་འདོད་པའི་སྒོ་ནས་ཚངས་པ་ལ་སོགས་པ་ཁྱད་པར་དུ་བསྟན་པའི་ཕྱིར་ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར་རིག་བྱེད་ཀྱི་ལུས་ཅན་ཞེས་བྱའོ། །དངོས་པོ་ཐམས་ཅད་

ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རིག་བྱེད་ནི་ཀུན་ཤེས་པ་ཀུན་གྱི་རང་བཞིན་ཡིན་ནོ། འདི་སྐད་དུ་བསྟན་པ་ཡིན་ཏེ། ཚངས་པ་ལ་སོགས་པ་རང་དབང་གི་ཆོས་ལ་སོགས་པ་ལ་ཤེས་པ་ཐོགས་པ་མེད་པར་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིག་བྱེད་ཀྱི་སྒོ་ནས་སོ། །

དེ་ལྟར་ཁྱེད་ཅག་གིས་སངས་རྒྱས་པ་ལ་སོགས་པ་འདོད་པ་ནི་མ་ཡིན་ཏེ། དེ་དག་གི་ཤེས་པ་ནི་རང་བྱུང་ཡིན་པའི་ཕྱིར་རོ། །གཞན་ཡང་ཚངས་པ་ལ་སོགས་པ་ནི་བསམ་གཏན་གོམས་པ་ལས་ཤེས་པ་རྣམ་པར་དག་པར་རིག་པ་ཉིད་ཡིན་ཏེ། དེ་དག་ནི་ལྷ་ཉིད་ཡིན་

པས་སྐྱེ་བོ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་དང་རིག་བྱེད་ཀྱིས་མི་གནོད་པའི་ཕྱིར་རོ། །མི་རྣམས་ལ་ནི་ནམ་ཡང་འདི་འདྲ་བའི་ནུས་པ་སྲིད་པ་མ་ཡིན་ཏེ། དེ་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་མི་རྣམས་ཀྱང་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་

ནི་རྨོངས་པ་སྟེ། འདི་ནི་རྨོངས་པའི་ལྟ་བ་ཅན་ཁྱེད་ཅག་གི་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཚངས་པ་ལ་སོགས་པའི་རིག་བྱེད་དུ་འདོད་ན་དེའི་ཚེ་ཇི་ལྟར་མི་རྟག་པའི་བརྗོད་པར་བྱ་བ་དང་འབྲེལ་པའི་ཕྱིར་རིག་བྱེད་ཀྱང་མི་རྟག་པ་ཉིད་དུ་ཐལ་བར་མི་འགྱུར་རམ། ཡང་རིག་བྱེད་

เล่ม ๑๙๒ · หน้า 272b

རྣམས་རྟག་པ་ཉིད་དུ་འདོད་ན་ཚངས་པ་ལ་སོགས་པ་རིག་བྱེད་རྟག་པ་བརྗོད་པར་བྱ་བ་འགལ་ཏེ་དེ་དག་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་འདི་མི་འགལ་ན་དེའི་ཚེ་སངས་རྒྱས་པ་ལ་སོགས་པ་དེའི་བརྗོད་བྱ་ཉིད་དུ་མི་འགལ་ལོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། རིག་བྱེད་ལུང་

ནི་རྟག་པར་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་རྟག་ཉིད་ཕྱིར་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་དེ་དག་ནི་རྟག་པའི་ཕྱིར་རོ། །དེ་དག་རྟག་པའི་ཞེས་བྱ་བ་ལ་སོགས་པས་འདི་ཉིད་གསལ་བར་བྱེད་པ་ཡིན་ནོ། །རྟག་པ་ནི་ལུང་གིས་རྟོགས་པར་བྱ་བ་མ་ཡིན་ཏེ།

སྒྲ་དང་དོན་གྱི་འབྲེལ་པ་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། རྟག་པའི་ལུང་ཡང་གཞན་གྱིས་ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་ན་ཡང་ཐམས་ཅད་མཁྱེན་པ་རྟོགས་པར་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། ཐམས་ཅད་

མཁྱེན་པ་ཤེས་བྱེད་པས། །ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཤེས་པར་བྱེད་པ་ལས་རྟག་པའི་ལུང་གི་དོན་རྟོགས་པ་མཆོག་ཉིད་དུ་འདོད་དོ། །ཇི་ལྟར་དེ་མཆོག་ཡིན་ཞེ་ན། རིག་བྱེད་ཀྱིས་རྟོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ལ་བརྟེན་པས་ཆོས་ཤེས་པ་འབྱུང་

བ་ན་མ་བསྒྲིབས་པར་འགྱུར་ཏེ། འཇིག་རྟེན་གནས་ཀྱི་བར་དུ་ཁྱད་པར་མེད་པ་ཐམས་ཅད་ལ་སྲིད་པའི་ཕྱིར་རོ། །རིག་བྱེད་ཀྱིས་རྟོགས་པའི་ཆོས་ཐམས་ཅད་མཁྱེན་པས་རྟོགས་པར་བྱ་བའི་ཆོས་ནི་བསྒྲིབས་པ་ཡིན་ཏེ། དེའི་མྱ་ངན་ལས་འདས་པ་ནི་དེ་མི་གསལ་བའི་ཕྱིར་

རོ། །མྱ་ངན་ལས་མ་འདས་པའི་གནས་སྐབས་ན་ཡང་མ་ངེས་པས་ཉེ་བར་བསྟན་པ་མེད་པའི་ཕྱིར་ལ། ཉེ་བར་སྟོན་པ་ན་ཡང་ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་ཐམས་ཅད་ཀྱིས་ཐོས་པ་མེད་པའི་ཕྱིར་རོ། །ཉེ་བར་འཇལ་བའི་ཚད་མས་ཀྱང་ཐམས་ཅད་མཁྱེན་པ་རྟོགས་པར་

བྱེད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཀུན་མཁྱེན་དང་འདྲ་འགའ། །ཞེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་འཇལ་བ་ནི་འདྲ་བ་དང་དེའི་ཁྱད་པར་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་འདྲ་བའི་དངོས་པོ་འབྱུང་བ་མེད་ན་མི་འབྱུང་ཞིང་མི་ཉ་བའི་དོན་གྱི་སྤྱོད་ཡུལ་ཅན་

เล่ม ๑๙๒ · หน้า 273a

ཡིན་ཏེ། དཔེར་ན་བ་མེན་འཛིན་པའི་སྒོ་ནས་བ་ལང་དྲན་པ་བཞིན་ནོ། །ཐམས་ཅད་མཁྱེན་པ་དང་འདྲ་བ་འགའ་ཞིག་རྟོགས་པ་སྲིད་པ་ཡང་མ་ཡིན་པས་དེས་ན་འདྲ་བའི་དངོས་པོ་འཛིན་པ་མེད་པའི་ཕྱིར་མི་འཇུག་གོ། །སྦྱོར་བ་ནི་གང་ལ་འདྲ་བ་འཛིན་པ་མེད་པ་དེ་ནི་ཉེ་

བར་འཇལ་བས་གོ་བར་བྱ་བ་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ། །ཐམས་ཅད་མཁྱེན་པའི་འདྲ་བ་འཛིན་པ་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཞན་ཡང་ཉེ་བར་འཇལ་བ་ལས་ཐམས་ཅད་མཁྱེན་པ་གོ་བར་མི་བྱེད་པ་འབའ་ཞིག་ཏུ་མ་ཟད།

འོན་ཀྱང་སླར་ལ་སྐྱེས་བུ་ཐམས་ཅད་ཉེ་བར་འཇལ་བ་ལས་ཐམས་ཅད་མཁྱེན་པ་མ་ཡིན་པ་ཁོ་ནར་རིགས་སོ་ཞེས་སྟོན་པ་ནི། དེ་ལྟར་ཡོད་པའི་མི་རྣམས་ཞེས་བྱ་བ་ལ་སོགས་པའོ། །དོན་གྱིས་གོ་བས་ཀྱང་ཐམས་ཅད་མཁྱེན་པ་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་

འདོད་ནས་རེ་ཞིག་གཞན་གྱི་འདོད་པར་བྱེད་པ་ནི། ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་ཆོས་ལ་སོགས་པ་དེས་དངོས་སུ་རིག་པར་མ་གྱུར་ན་སངས་རྒྱས་པ་ལ་སོགས་པ་ཉེ་བར་སྟོན་པ་གང་ཡིན་པ་དེ་བཞིན་དུ་མི་འགྱུར་རོ། །དེ་ལྟ་བས་ན་གལ་ཏེ་ཡང་

ཐམས་ཅད་མཁྱེན་པ་རྟོགས་པར་བྱེད་པའི་མངོན་སུམ་ལ་སོགས་པ་མེད་པ་དེ་ལྟ་ན་ཡང་དོན་གྱིས་གོ་བ་ནི་ཐམས་ཅད་རིག་པའི་སྐྱེས་བུ་གྲུབ་པོ་ཞེས་དེ་ལྟར་སྟོན་པར་བྱེད་པ་གང་ཡིན་པ་དེ་མི་རིགས་པར་བསྟན་པར་བྱ་སྟེ། འཆད་པར་འགྱུར་བའི་རིགས་པ་ལས་སོ་སྙམ་དུ་

བསམས་པ་ཡིན་ནོ། །ཡང་ན་འདི་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་གྱི་དོན་གྱིས་གོ་བ་ནི་མ་ཡིན་ཏེ། ཚུལ་གསུམ་སྲིད་པའི་ཕྱིར་རོ་ཞེས་སྟོན་པ་ནི། ཡང་ན་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱིར་མ་མཐོང་བ་ཞེས་བྱ་བ་འདིས་ནི་བྱེ་བྲག་ཏུ་མཐོང་བ་མི་སྲིད་པར་བསྟན་

ཏོ། །རྟགས་དང་རྟགས་ཅན་གང་ཁོ་ན་མངོན་སུམ་གྱིས་འབྲེལ་པ་མཐོང་བའི་རྟགས་ཅན་དེ་ཁོ་ན་རྟགས་དེ་ཉིད་ཀྱིས་དུས་གཞན་དུ་ཐེ་ཚོམ་གཅད་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་གང་ཡིན་པ་དེའི་ཚེ་ཁྱད་པར་དུ་མཐོང་བའི་རྗེས་སུ་དཔག་པ་ཞེས་བྱའོ། །ཐམས་ཅད་

เล่ม ๑๙๒ · หน้า 273b

མཁྱེན་པ་ལ་སོགས་པ་དང་ལྷན་ཅིག་སྐྱེས་པ་ལ་སོགས་པ་ཉེ་བར་སྟོན་པ་འགས་ཀྱང་འབྲེལ་པ་མ་བཟུང་བ་དེས་ན་འདིར་ནི་སྤྱིར་མཐོང་བ་ཁོ་ནའོ། །འདི་ལྟར་སྤྱིར་ཉེ་བར་བསྟན་པ་ནི་གཞན་དུ་སྟེ། རང་གི་རྒྱུད་ལ་ཤེས་པ་སྔོན་དུ་འགྲོ་བ་ཅན་དུ་མཐོང་སྟེ། དེའི་ཕྱིར་ཇི་ལྟར་ལྷ་

སྦྱིན་སྔོན་དུ་འགྲོ་བ་ཅན་ཡུལ་གཞན་དུ་ཕྱིན་པར་དམིགས་པ་ལས་ཉི་མ་ཡུལ་གཞན་དུ་ཕྱིན་པས་འགྲོ་བ་རྗེས་སུ་དཔག་པར་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཆོས་ལ་སོགས་པ་ཉེ་བར་སྟོན་པ་ལས་དེའི་ཤེས་པ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ། །སྦྱོར་

བ་ནི་གང་ལ་ལ་ཉེ་བར་སྟོན་པ་གང་ཡིན་པ་དེ་ནི་སྨྲ་བ་པོའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་ཨ་རུ་ར་ལ་སོགས་པའི་ནུས་པ་ཉེ་བར་བསྟན་པ་བཞིན་ནོ། །སངས་རྒྱས་ལ་སོགས་པའི་ཆོས་ལ་སོགས་པ་ཉེ་བར་བསྟན་པ་འདི་ཡང་ཉེ་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་

རང་བཞིན་གྱི་གཏན་ཚིགས་སོ། །འདིར་ལན་སྨྲ་བ་ནི། གཞན་དུ་ཡང་ནི་སྲིད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྟེ། གཞན་དུ་ཡང་སྟེ་རྨོངས་པས་ཉེ་བར་བསྟན་པ་ཡང་སྲིད་པའི་ཕྱིར་རྗེས་སུ་དཔག་པ་དང་དོན་གྱིས་གོ་བ་གཉི་ག་ཡང་མ་ངེས་པ་ཉིད་ཡིན་ནོ། །ཇི་ལྟར་

གཞན་དུ་ཡང་སྲིད་ཅེ་ན། རྨི་ལམ་ལ་སོགས་མཐོང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་རི་ཁྲོད་པའི་བཤད་པ་ལས། ཉེ་བར་བསྟན་པ་ནི་རྨོངས་པ་ལས་ཀྱང་འགྱུར་ལ། རྨོངས་པ་མེད་པ་ནི་རིག་བྱེད་ལས་ཀྱང་འགྱུར་རོ། །དེ་ལ་རྨོངས་པ་ལས་འགྱུར་བ་མཐོང་སྟེ།

དཔེར་ན་རྨི་ལམ་དུ་དམིགས་པའི་དོན་བཞིན་ནོ། །རིག་བྱེད་ལས་མཐོང་བ་ནི་དཔེར་ན་ཤེད་ལ་སོགས་པ་བཞིན་ནོ། །གང་དག་བདེ་བར་གཤེགས་པར་རིག་བྱེད་མངོན་པར་མི་ཤེས་པ་དེ་དག་ནི་རྨོངས་པ་ལས་སམ། གཞན་བསྲུང་བར་བྱ་བའི་ཕྱིར་ཉེ་བར་སྟོན་པ་ཡིན་ནོ་ཞེས་

བཤད་དོ། །དེ་ཉིད་སྟོན་པ་ནི་གང་དག་རིག་བྱེད་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མི་བརྟེན་ཞེས་བྱ་བ་ནི་རིག་བྱེད་ལ་མི་བརྟེན་པའོ། །ཉེ་བར་བསྟན་པ་འདི་རིག་བྱེད་ལ་མི་རྟོན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། གལ་ཏེ་རིག་བྱེད་ཅེས་བྱ་བ་ལ་

เล่ม ๑๙๒ · หน้า 274a

སོགས་པ་སྨོས་ཏེ། གལ་ཏེ་སངས་རྒྱས་ལ་སོགས་པའི་ཆོས་ལ་སོགས་པ་བསྟན་པ་རིག་བྱེད་ཀྱི་རྩ་བ་ཅན་དུ་གྱུར་ན་དེའི་ཚེ་ཤེད་ལ་སོགས་པ་བཞིན་དུ་རིག་བྱེད་ཤེས་པའི་བྲམ་ཟེ་རྣམས་ཁོ་ན་ལས་སྟོན་པར་འགྱུར་བ་ཞིག་ན། འདི་དག་ནི་བྲམ་ཟེ་རྣམས་

ཁོ་ན་ལ་ཉེ་བར་བསྟན་པ་ཡང་མ་ཡིན་གྱི་འོན་ཀྱང་དམངས་རིགས་རྨོངས་པ་རྣམས་ལ་ཡིན་ནོ། །དེའི་ཕྱིར་ཉེ་བར་བསྟན་པ་ཀུན་རྫོབ་པ་ལྷར་བརྫུན་ཡིན་པར་གོ་སྟེ། དཔེར་ན་སླུ་བའི་ཚིག་ལ་སོགས་པ་དང་། དོང་ཙེ་སེ་ན་ལ་སོགས་པའི་ལས་བཞིན་ནོ། །གང་ཡང་ཤེད་

ལ་སོགས་པ་དེ་དག་ནི་རིག་བྱེད་ཤེས་པའི་ཕྱིར་ཆོས་ལ་སོགས་པ་ཉེ་བར་བསྟན་པ་རིག་བྱེད་ཀྱི་རྩ་བ་ཅན་ཁོ་ན་ཡིན་གྱི་རང་དབང་ཅན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་གང་དག་གཙོ་བོས་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་བརྗོད་དང་། མཆོད་སྦྱིན་དང་སྙན་ངག་ཅེས་བྱ་བ་གསུམ་ནི་རིག་

བྱེད་གསུམ་དུ་བརྗོད་དོ། །དེ་དག་རིག་པས་ན་གསུམ་རིག་པ་སྟེ་བྲམ་ཟེ་རྣམས་ལ་བརྗོད་དོ། །གསུམ་རིག་པ་རྣམས་ཀྱིས་བསྟན་པའི་ཆོས་བསྟན་བཅོས་ལ་སོགས་པ་གཞུང་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་གཞུང་ལ་བརྟེན་པ་ལ་རྒྱུ་བསྟན་པ་ནི། རིག་བྱེད་སྟོབས་ཀྱིས་སྨྲས་པ་

ཡིན། །ཞེས་བྱ་བ་སྟེ། རིག་བྱེད་ཀྱི་སྟོབས་ཀྱིས་སྨྲས་པ་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདི་ཡང་ཇི་ལྟར་ངེས་ཤེ་ན། རིག་བྱེད་ཚིག་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོན་པ་ནི་རྟོགས་པའོ། །དེ་ལྟར་ཚད་མ་རྣམ་པ་ལྔས་ཀྱང་ཐམས་ཅད་མཁྱེན་པ་

གྲུབ་པ་མ་ཡིན་པའི་ཕྱིར། ལྷག་མར་གྱུར་པས་དངོས་པོ་མེད་པ་ཉིད་ཀྱིས་གོ་བར་བྱ་བ་ཡིན་པས་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་གྲུབ་པ་ཡིན་ནོ། །མ་ངེས་པ་ཡང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏེ་མེད་

པའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་ཁོ་བོ་ཅག་གིས་རྭ་ནས་བཟུང་ནས་ཐམས་ཅད་མཁྱེན་པ་བསྒྲུབས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྤྱིར་སྲིད་པ་ཙམ་བསྒྲུབ་པར་བྱ་བ་སྟེ། ཐམས་ཅད་མཁྱེན་པ་འགའ་ཞིག་ཡོད་

เล่ม ๑๙๒ · หน้า 274b

པའམ་འགའ་ཞིག་ཏུ་ཐམས་ཅད་མཁྱེན་པ་ཡོད་པ་ཡིན་ཏེ། ཤེས་རབ་ལ་སོགས་པ་རབ་ཀྱི་མཐར་ཕྱིན་པར་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། སྐྱེས་བུ་ཀུན་མཁྱེན་འགའ་ཞིག་ཡོད། །ཅེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། རེ་ཞིག་གཏན་ཚིགས་ནི་སྔར་མ་ངེས་པ་ཉིད་

དུ་བསྟན་ཟིན་པས་དེས་ན་ཕྱོགས་ཀྱི་སྐྱོན་ཉིད་སྟོན་པར་བྱེད་དོ། །གལ་ཏེ་གཞན་བསྒྲུབ་པར་འདོད་པ་ན་གཞན་དམ་འཆའ་བར་བྱེད་པ་ནི་དམ་བཅའ་བ་མ་ཚང་བའི་ཕྱོགས་ཀྱི་སྐྱོན་ཡིན་ལ། འདིར་ཡང་རང་གི་སྟོན་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བར་འདོད་ཀྱི་སྤྱིར་ནི་

མ་ཡིན་ནོ། །འདི་ལྟར་རྟོགས་པ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཚོལ་བ་ཞེན་པའི་དབང་གིས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་ཚེ་གང་ལས་ཆོས་དང་ཆོས་མ་ཡིན་པ་དག་ཤེས་ནས་འཇུག་པར་བྱ་བའམ་ལྡོག་པར་བྱ་བའི་ཕྱིར་འཇུག་པ་དང་ལྡོག་པའི་འདོད་པ་ཡིན་ནོ། །སྤྱིར་

གྲུབ་ན་ཡང་དེས་སྐྱེས་བུའི་འཇུག་པ་ལ་ཉེ་བར་མཁོ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཁྱད་པར་ཡོངས་སུ་ཤེས་པ་མེད་པར་དེའི་ཚིག་ཏུ་མ་ངེས་པའི་ཕྱིར་རོ། །དེ་ལྟ་བས་ན་འཇུག་པར་འདོད་པས་ཁྱད་པར་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། སྤྱིར་དམ་བཅའ་བ་ནི་དམ་བཅའ་

བ་མ་ཚང་བ་ཉིད་ཡིན་ནོ། །བསྒྲུབ་པར་བྱ་བའི་འདོད་པའི་དོན་ཞེས་བྱ་བ་ནི་བསྒྲུབ་པར་འདོད་པའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་ཁྱད་པར་རང་གི་སྟོན་པའོ། །འདི་ཡིས་ཞེས་བྱ་བ་ནི་དམ་བཅའ་བའོ། །གང་བརྗོད་པ་ཞེས་བྱ་བ་ནི་ཁྱད་པར་ལ་མ་རེག་པར་སྐྱེས་བུ་ཐམས་ཅད་

མཁྱེན་པ་འགའ་ཞིག་ཡོད་པའམ་ལ་ལར་ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་གྲུབ་པ་དས་ཀྱང་དོགས་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ཞེ་ན། གང་གིས་ལུང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་གང་གིས་ལུང་བདེན་པ་ཉིད་དུ་གྲུབ་པའོ། །ཅིའི་ཕྱིར་མི་

རྙེད་ཅེ་ན་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་སྲིད་དུ་སངས་རྒྱས་ཐམས་ཅད་མཁྱེན་པར་མ་གྲུབ་པ་དེ་སྲིད་དུ་དེའི་ཚིག་ཀྱང་བདེན་པར་ངེས་པ་ཡོད་པ་མ་ཡིན་ལ། སྤྱིར་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་ན་སངས་རྒྱས་ཀྱི་ཚིག་བདེན་པར་གྲུབ་པར་འགྱུར་བ་ཡང་

เล่ม ๑๙๒ · หน้า 275a

མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །འདི་སྟོན་པ་ནི། གཞན་དུ་ཀུན་མཁྱེན་ཡོད་པ་ནི། །ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་དེ་དག་འབྲེལ་པར་འགྱུར་ཞེ་ན། དེ་དག་གཞི་མཐུན་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞི་མཐུན་

པ་ནི་སྐྱེས་བུ་གཅིག་ལ་བརྟེན་པ་ཉིད་དོ། །དེ་དག་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་ཚིག་དག་གོ། །ཡན་ལག་དང་ཡན་ལག་ཅན་ཉིད་རྒྱུ་དང་འབྲས་བུ་དག་གོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གཅིག་ལ་བརྟེན་པ་ཉིད་ཡིན་ན་ཐམས་ཅད་མཁྱེན་པའི་ཚིག་བདེན་པའི་

རྒྱུར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏོ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གཞན་དག་གིས་ཐམས་ཅད་མཁྱེན་པ་བསྒྲུབ་པར་བྱ་བའི་ཕྱིར་སྒྲུབ་པར་བྱེད་པ་བཀོད་པ་དེ་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ནོ་ཞེས་བསྟན་པའི་དོན་དུ། གང་ཞིག་འཇིག་རྟེན་ལ་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། གང་གཞལ་བྱ་ཉིད་དང་དངོས་པོ་ཉིད་དང་ལྡན་པ་དེ་ནི་འགའ་ཞིག་གི་མངོན་སུམ་མ་ཡིན་ཏེ། དཔེར་ན་ཞོའི་གཟུགས་དང་རོ་ལ་སོགས་པ་བཞིན་ནོ། །དངོས་པོའི་ངོ་བོ་ཐམས་ཅད་ཀྱང་གཞལ་བྱ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་

བཞིན་གྱི་གཏན་ཚིགས་སོ། །འདི་ལ་སྔ་མ་བཞིན་དུ་དམ་བཅའ་བ་མ་ཚང་བ་ཉིད་དང་གཏན་ཚིགས་ཀྱང་མ་ངེས་པ་ཉིད་དུ་བརྗོད་པར་བྱའོ། །དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་གྲུབ་པ་ནི་ཁྱད་པར་གྱི་སྒོ་ནས་སྲིད་པ་མ་ཡིན་ལ། སྤྱིའི་སྒོ་ནས་ཀྱང་མ་ཡིན་པས་དེས་ན་དེ་མེད་

དོ་ཞེས་བྱ་བར་གྲུབ་པོ། །དེ་མེད་པའི་ཕྱིར་དེའི་ཚིག་ཀྱང་མེད་པས་དེའི་ཚིག་ལས་སུ་ཡང་འཇུག་པ་སྲིད་པ་མ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་སྐྱེས་བུ་ཐམས་ཅད་མཁྱེན་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་གང་ལས་ཁྱེད་ཅག་འཇུག་པར་འགྱུར་བ་ཐམས་ཅད་མཁྱེན་པས་བྱས་པའི་

ཚིག་མི་སྲིད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། ས་བཅུ་དག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ས་བཅུ་ལ་རབ་ཏུ་གནས་པ་འདོད་ཆགས་ལ་སོགས་པའི་དྲི་མའི་རྟོགས་པ་མ་ལུས་པ་དང་བྲལ་བའི་ཕྱིར་ཤེལ་དག་པ་དང་མཚུངས་པའི་ཡེ་ཤེས་ཀྱིས་ཤེས་བྱ་མཐའ་དག་རྟོགས་

เล่ม ๑๙๒ · หน้า 275b

སོ་ཞེས་བྱ་བ་དེ་ལྟར་ཁྱེད་ཅག་གིས་བརྗོད་པར་གྲགས་ཏེ། དེ་ལྟ་ཡིན་དང་གནས་སྐབས་འདི་འཛིན་པ་སྟེ། སེམས་རྩེ་གཅིག་པ་དང་ལྡན་པ་འདི་དོན་རྟོགས་པ་ཁོ་ན་ལ་སྟོན་པའི་ཕྱིར་ཆོས་ཉེ་བར་སྟོན་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་གིས་བྱ་བ་འདི་ཙམ་

ཞིག་བྱེད་པར་ནུས་པ་ནི་མ་ཡིན་ནོ། །གལ་ཏེ་བསམ་གཏན་ལས་ལངས་ནས་སྟོན་པ་ཡིན་ནོ་ཞེ་ན། གང་གི་ཚེ་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོག་པ་རིག་པ་མེད་པར་ཚིག་འཇུག་པ་ཡོད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་སེམས་ཀྱི་གནས་སྐབས་ན་

འདིའི་ཆོས་སྟོན་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གནས་སྐབས་འདིར་བྱིས་པ་དང་མཁས་པ་དག་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པ་དེས་བཤད་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་བཤད་པ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་རྟོག་པ་མེད་པའི་ཏིང་ངེ་

འཛིན་ལ་གནས་པའི་ཕྱིར་འདི་ཅུང་ཟད་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེའི་དབང་གིས་ཆོས་སྟོན་པ་སྣ་ཚོགས་པར་སྣང་བའི་རྣམ་པར་རིག་པ་སྐལ་བ་དང་ལྡན་པ་རྣམས་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། གང་གི་ནུབ་མོ་དེ་བཞིན་གཤེགས་པ་མངོན་པར་

རྫོགས་པར་སངས་རྒྱས་ནས། གང་གི་ནུབ་མོ་ཡོངས་སུ་མྱ་ངན་ལས་འདའ་བའི་བར་འདིར་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་ཤིང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །འོན་ཀྱང་

ཡི་གེ་དང་བརྗོད་པ་དང་བསྟན་པ་རྣམས་ཀྱིས་འདུལ་བར་འགྱུར་བ་གང་ཡིན་པ་དེ་དག་གིས་གང་དེ་བཞིན་གཤེགས་པའི་ཞལ་དང་། དབུའི་གཙུག་ཏོར་དང་མཛོད་སྤུ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཐོས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ།

དེ་ཡི་བསམ་གཏན་ལ་བཞུགས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡིད་བཞིན་རིན་ཆེན་ནི་ཡིད་བཞིན་ནོར་བུའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གང་དག་དད་པ་དང་ལྡན་པ་དེ་དག་ལ་ཚད་མ་མེད་པ་འདི་བརྗོད་པ་ནི་མཛེས་པར་འགྱུར་གྱི། གང་ཡང་ཁོ་བོ་ཅག་

เล่ม ๑๙๒ · หน้า 276a

ལྟ་བུས་ཚད་མས་འཐད་པའི་དོན་འཛིན་པ་ཉིད་ཀྱིས་རིགས་པ་ཁོ་ན་དོན་དུ་གཉེར་བ་དེ་དག་ནི་དེ་དག་ཇི་ལྟར་ཚད་མ་མེད་པ་ཅན་འདི་བརྗོད་པ་ནི་འཛིན་པར་འགྱུར་གཞན་ཡང་རྟོག་པ་དེ་ལྟ་བུ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་རྩིག་པ་ལ་སོགས་པ་ནས་འབྱུང་བ་

བསྟན་པ་དག་ལ་ཐམས་ཅད་མཁྱེན་པའི་དབང་གིས་འབྱུང་བ་ཉིད་དུ་ཐེ་ཚོམ་ཟ་བའི་ཕྱིར་དེ་ལ་རྟོག་པ་དང་ལྡན་པ་རྣམས་ཚད་མ་ཉིད་དུ་ཡིད་ཆེས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། རྩིག་པ་སོགས་ནས་འབྱུང་བའི་ཚོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་གོ་བར་

ཟད་དོ། །འདི་ཙམ་གྱི་བར་དུ་ཀུ་མཱ་ར་རི་ལས་སྨྲས་པ་ཕྱོགས་སྔ་མར་བྱས་པ་ཡིན་ལ། ད་ནི་ལ་བ་ཅན་དང་མཆོད་སྦྱིན་ཅན་དག་གི་ལུགས་ཀྱིས་སླར་ཐམས་ཅད་མཁྱེན་པ་སུན་འབྱིན་པ་སྨྲས་པ་ནི། སླར་ཡང་འདི་ལྟར་དཔྱད་བྱ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་ཅིག་ཅར་

མ་ལུས་པ་རྣམ་པར་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡིན་ནམ། འོན་ཏེ་རིམ་གྱིས་ཏེ་གོ་རིམས་སུ་ཡིན། ཡང་ན་འགྲོ་བ་ཐམས་ཅད་མི་རྟག་པ་ལ་སོགས་པ་གཅིག་གི་ངོ་བོར་ཤེས་པ་ལས་ཡིན་ནམ་རྣམ་པ་གཅིག་ཏུ་ནི་གཙོ་བོ་ཇི་ལྟ་བ་བཞིན་དུ་སྟེ། སྐྱེས་བུའི་དོན་ལ་ཉེ་བར་

མཁོ་བའི་ལས་དང་འབྲས་བུ་ལ་སོགས་པ་གང་ཡིན་པ་དེ་ཁོ་ན་ཤེས་པ་ལས་སམ་ཡང་ན་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ནུས་པ་དང་ལྡན་པའི་ཕྱིར་དཔེར་ན་མེས་ཐམས་ཅད་རིམ་གྱིས་དང་ཅིག་ཅར་དག་གིས་མི་ཟན་ཡང་ཐམས་ཅད་ཟ་ཞེས་བྱ་བ་ལྟ་བུར་ཐམས་ཅད་

མཁྱེན་པར་བརྗོད་གྲང་། དེ་ལ་ཕྱོགས་དང་པོ་ལ་རྣམ་པར་རྟོག་པ་གཉིས་ཏེ། བློ་གཅིག་གིས་ཅིག་ཅར་མ་ལུས་པ་ཤེས་སམ་དུ་མས་ཡིན། རེ་ཞིག་གཅིག་གིས་ནི་མ་ཡིན་ཏེ། དག་པ་དང་མ་དག་པ་ལ་སོགས་པ་ཕན་ཚུན་འགལ་བའི་དོན་རྣམས་ཅིག་ཅར་ཤེས་པ་

གཅིག་གིས་མ་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་དེའི་འགལ་བའི་དངོས་པོ་དུ་མའི་ཡུལ་ཅན་གྱི་བློ་མང་པོ་ཅིག་ཅར་འཇུག་པ་ཡིན་ནོ་སྙམ་དུ་སེམས་ན། འགར་ཡང་བློ་རྣམས་ཐ་དད་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ནི་མ་མཐོང་ངོ་ཞེས་རྣམ་པར་

เล่ม ๑๙๒ · หน้า 276b

དབྱ་བ་བསྒྱུར་ལ་སྦྲེལ་བར་བྱའོ། །བློ་ཐ་དད་པ་རྣམས་ཅིག་ཅར་མཐོང་བ་མ་ཡིན་ཏེ། སེམས་ཅན་རྣམས་ནི་རྣམ་པར་ཤེས་པའི་རྒྱུད་གཅིག་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེའི་ཕྱི་བློ་དུ་མས་ཀྱང་ཅིག་ཅར་འཛིན་པ་རིགས་པ་མ་ཡིན་ནོ། །

རིམ་གྱིས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། བྱུང་བ་དང་འབྱུང་བ་དང་ད་ལྟར་བྱུང་བའི་དངོས་པོ་ནི་མཐའ་ཡས་པའི་ཕྱིར་ལོ་བརྒྱས་ཀྱང་ཤེས་པར་མི་ནུས་པའི་ཕྱིར་རོ། །ལོ་བརྒྱ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། བསྐལ་པས་ཀྱང་མི་ནུས་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་ཐ་མ་

མེད་པ་ཉིད་ཉམས་པར་འགྱུར་རོ། །གཅིག་གི་ངོ་བོས་ཀྱང་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པ་སྲིད་པ་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱང་མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་བཟུང་བས་དེ་དག་འཛིན་པར་འགྱུར་བ་ཕན་ཚུན་ཐ་དད་པའི་དངོས་པོའི་

རང་བཞིན་རྣམས་ཀྱི་ངོ་བོ་གཅིག་ཡོད་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ལ་རག་ལས་པའི་དོན་བྱ་བ་བསྒྲུབ་པ་ནི་དོན་གྱི་བྱ་བ་མི་བྱེད་པ་སྤྱིའི་རྣམ་པ་ཅན་དེའི་རྟོགས་པ་པོ་སྟེ་ཤེས་པ་པོ་ཐམས་ཅད་མཁྱེན་པས་རྟོགས་པ་ཅུང་ཟད་ཀྱང་དགོས་པ་མེད་དེ་རང་གི་མཚན་ཉིད་ཡོངས་

སུ་མི་ཤེས་པའི་ཕྱིར་རོ། །དེས་སྤྱིའི་སྒོ་ནས་ཀྱང་རང་གི་མཚན་ཉིད་རྣམས་ཤེས་པར་བྱེད་དོ་ཞེ་ན། གཞན་གྱི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ཀྱི་ཤེས་པས་ཀྱང་རོ་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གཅིག་གི་ངོ་བོ་འཛིན་པའི་ཤེས་པ་

དེ་བདེན་པའི་དོན་ཅན་ཡིན་ནམ། ལོག་པའི་དོན་ཅན་ཡིན་གྲང་། དེ་ལ་བདེན་པའི་དོན་ཅན་ཡིན་ན་དམ་བཅའ་བ་མངོན་སུམ་དང་འགལ་བ་ཐོབ་པོ། །ཇི་ལྟར་ཞེ་ན། ཐམས་ཅད་མཁྱེན་པ་མེད་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། འདི་ལྟར་གལ་ཏེ་དངོས་པོ་ཐམས་ཅད་ཀྱི་ཡུལ་

ཅན་གཅིག་གི་ངོ་བོའི་རྣམ་པ་ཅན་གྱི་ཤེས་པ་ཡང་དག་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ཤུགས་ཀྱིས་དངོས་པོ་ཐམས་ཅད་གཅིག་ཉིད་དུ་ཁས་བླངས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན། ཇི་ལྟར་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་བདེན་པའི་དོན་ཅན་དུ་འགྱུར། གལ་ཏེ་དེས་

เล่ม ๑๙๒ · หน้า 277a

གཟུང་བར་བྱ་བའི་དངོས་པོ་རྣམས་ངོ་བོ་གཅིག་ཏུ་བདེན་པར་མ་གྱུར་ན་ཇི་ལྟར་རྣམ་པ་གཅིག་པ་ཅན་གྱི་ཤེས་པ་བདེན་པའི་དོན་ཅན་དུ་འགྱུར། འདི་ཡང་མཐོང་བ་དང་འགལ་བ་ཡིན་ཏེ། ཡུལ་དང་དུས་དང་རང་བཞིན་ཐ་དད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཐ་

དད་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགྲོ་བ་ཐམས་ཅད་གཉིས་སུ་མེད་པར་འགྱུར་རོ། །གཉིས་ནི་བསྟན་པར་བྱ་བ་དང་སྟོན་པར་བྱེད་པའམ། བསྟན་པ་དང་སྟོན་པ་པོ་ཞེས་བྱ་བ་ལ་སོགས་པ་དེ་གང་ལ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟ་ཡིན་དང་

སློབ་མ་ལ་སོགས་པའི་རྣམ་པར་དབྱེ་བར་མི་འགྱུར་ཏེ། མ་འདྲེས་པའི་རང་བཞིན་ངེས་པར་མ་བཟུང་བའི་ཕྱིར་རོ། །ཅི་སྟེ་ལོག་པའི་དོན་ཅན་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་རྟོག་པ་གཅིག་ལོག་པ་ཉིད་དུ་ཁས་ལེན་པར་བྱེད་ན་ཐམས་ཅད་མཁྱེན་པ་འཁྲུལ་པར་འགྱུར་ཏེ།

ལོག་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་སྐྱོན་ཅི་ཡོད་ཅེ་ན། སྨྱོན་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཁྲུལ་པར་གྱུར་ན་དེའི་ཚེ་དེའི་ཚིག་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པས་གུས་པར་བྱ་བ་མ་ཡིན་པར་འགྱུར་

ཏེ། སྨྱོན་པ་ལ་སོགས་པའི་ཚིག་བཞིན་ནོ། །གཙོ་བོ་ཇི་ལྟ་བ་བཞིན་ནམ། །ཞེས་བྱ་བ་འདི་ལ། གལ་ཏེ་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་འདས་པའི་ཞེས་བྱ་བ་ནི་མཉམ་པར་གཞག་པས་སམ། ཟག་པ་མེད་པས་སོ། །དེ་ལྟར་གྱུར་པ་འདིའི་

སྒྲུབ་པར་བྱེད་པའི་མངོན་སུམ་ལ་སོགས་པའི་ཚད་མ་ལྔ་མེད་དོ་ཞེས་སྔར་རྒྱས་པར་བསྟན་ཟིན་པའི་ཕྱིར། དེས་ན་དེ་འདྲ་སྟེ་སྐྱེས་བུའི་དོན་གྱི་གཙོ་བོ་ཤེས་པ་ཞེས་བྱ་བ་མེད་དོ། །དངོས་པོའི་བྱེ་བྲག་མཐའ་དག་མ་བཟུང་བར་གཙོ་བོའི་དོན་རྟོགས་པ་སྲིད་པ་མ་ཡིན་ཏེ། གཙོ་བོ་དང་

གཙོ་བོ་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ། གནས་པའི་ཕྱིར་གདོན་མི་ཟ་བའི་དངོས་པོའི་གཙོ་བོ་མ་ཡིན་པ་ལས་རྣམ་པར་ཕྱེ་ནས་གཙོ་བོའི་རང་བཞིན་རྟོགས་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་གཙོ་བོའི་རང་གི་ངོ་བོ་མ་འཆོལ་བར་རྟོགས་པར་འགྱུར། དེ་ལྟ་

เล่ม ๑๙๒ · หน้า 277b

ཡིན་དང་འདི་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཡིན་ལ་འདི་ནི་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་ཕྱེ་ནས་གཙོ་བོ་ངེས་པར་འཛིན་པའི་ཕྱིར་ཇི་ལྟར་གཙོ་བོ་མ་ཡིན་པ་ཡང་ངེས་པར་འཛིན་པར་མི་འགྱུར། ནུས་པའི་ཕྱོགས་ཀྱང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཇི་ལྟར་རིམ་དང་

ཅིག་ཅར་གྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ནུས་པ་ནི་འབྲས་བུ་རྗེས་སུ་དཔག་པར་བྱ་བ་ཡིན་ལ། གང་ལས་འདི་རྗེས་སུ་དཔོག་པར་བྱེད་པ་ཐམས་ཅད་མཁྱེན་པའི་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ནུས་པའི་འབྲས་བུར་གྱུར་ན་དངོས་

པོ་མ་ལུས་པའི་ཡུལ་ཅན་གྱི་ཤེས་པ་ཉིད་དུ་འགྱུར་རོ། །དེ་ཡང་རིམ་དང་ཅིག་ཅར་དག་གིས་ཀྱང་སྲིད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་རིམ་མམ་ཅིག་ཅར་གྱིས་ནུས་པའི་འབྲས་བུ་ཞེས་བྱ་བ་གང་ཡིན་པ་དེ་མེད་དོ། །དེ་ལྟ་བས་ན། མེད་ན་གང་ཞིག་རྗེས་

དཔོག་ནུས། །ཞེས་བྱ་བ་ལྷག་མ་དེ་མི་སྲིད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རིམ་དང་ཅིག་ཅར་ནི་ཉེ་བར་མཚོན་པ་སྟེ། རང་བཞིན་གཅིག་དང་གཙོ་བོ་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ་ཡང་བལྟ་བར་བྱའོ། །དེའི་ཕྱིར་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པའི་ནུས་པ་ནི་འགའ་ཞིག་ལ་

ཡང་ཡོད་པ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་འབྲས་བུ་མེད་པའི་ཕྱིར་རོ། །ཅི་སྟེ་འབྲས་བུ་མི་བྱེད་ཀྱང་ནུས་པར་གྱུར་ན་ཐམས་ཅད་འབྲས་བུ་ཐམས་ཅད་ལ་ནུས་པར་འགྱུར་ཞེས་སྟོན་པ་ནི། །ཡང་ན་ཐམས་ཅད་ནུས་པ་ཉིད། །ཅེས་བྱའོ། །རྣམ་པ་འདི་ལྟ་བུའི་ཐམས་ཅད་མཁྱེན་

པ་བསྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། ཐམས་ཅད་ཐམས་ཅད་རྟོགས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཞིང་ཐམས་ཅད་ཤེས་པ་ནི་བདག་གོ། །དངོས་པོ་ཐམས་ཅད་རྟོགས་པ་ལ་ནུས་པའི་ངང་ཚུལ་ནི་ནུས་པ་ཞེས་བྱ་བར་འདོད་དོ། །

དངོས་པོ་ཐམས་ཅད་རྟོགས་པའི་ཐབས་མེད་པའི་ཕྱིར་སྐྱེས་བུ་འགའ་ཡང་ཐམས་ཅད་རྟོགས་པ་མ་ཡིན་ནོ་ཞེས་འདོད་པ་འབའ་ཞིག་ཏུ་ཟད་ཀྱི་སྟོང་པས་ནི་མ་ཡིན་ནོ། །དེ་བས་ན་དངོས་སུ་དངོས་པོ་ཐམས་ཅད་རིག་པའི་སྐྱེས་བུ་ཡོད་དོ་ཞེས་བྱ་བ་འདི་ནི་ཚད་མ་མེད་པ་ཅན་ཡིན་པའི་

เล่ม ๑๙๒ · หน้า 278a

ཕྱིར། གང་ཞིག་ཚད་མ་ལྔ་དང་བྲལ་བའི་རང་བཞིན་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་དེ་ནི་མོ་གཤམ་གྱི་བུ་བཞིན་དང་ནམ་མཁའི་པདྨའི་ཡུལ་ཅན་བཞིན་ནོ་ཞེས་བྱ་བ་འདི་གྲུབ་པོ། །གཞན་ཡང་ཅི་རྣམ་པ་མེད་པའི་ཤེས་པས་ཐམས་ཅད་ཤེས་

སམ། འོན་ཏེ་རྣམ་པ་དང་བཅས་པས་ཞེས་བྱ་བ་འདི་ཡང་བརྗོད་པར་བྱའོ། །ཕྱོགས་དང་པོ་ལ་བླང་བར་བྱ་བ་དང་དོར་བར་བྱ་བའི་དངོས་པོ་རྣམ་པར་ཕྱེ་ནས་ཡོངས་སུ་གཅོད་པར་མི་འགྱུར་ཏེ་ཤེས་པ་དེ་ཤེས་བྱ་ཐམས་ཅད་ལ་མཚུངས་པ་ཉིད་ཀྱིས་ལས་སོ་སོ་ལ་རྣམ་པར་དབྱེ་བ་མི་

སྲིད་པའི་ཕྱིར་རོ། །དེ་རྣམ་པར་མ་ཕྱེ་བ་ཡང་ཇི་ལྟར་ཡུལ་ཐ་དད་པ་ཡང་རྣམ་པར་འཇོག་པར་འགྱུར་ཏེ། དེའི་རྒྱུ་མཚན་ནི་རྟོགས་པ་ཐམས་ཅད་ཡིན་པའི་ཕྱིར་རོ། །རྣམ་པ་དང་བཅས་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། རང་གི་རྣམ་པར་ཤེས་ལས་འདི་ཉིད་ཀྱིས་རྣམ་པར་རིག་

པའི་ཕྱིར་རྣམ་པར་ཤེས་པའི་རང་བཞིན་དུ་གྱུར་པ་ལས་ཐ་དད་པའི་དོན་གྱི་རྣམ་པ་མི་རིག་པའི་ཕྱིར་ཤེས་པ་ཙམ་ཤེས་པར་འགྱུར་གྱི་ཐམས་ཅད་ཤེས་པ་ནི་མ་ཡིན་ནོ། །རྣམ་པ་འཛིན་པས་དོན་རྣམས་ལ་མཐོང་བ་ལ་སོགས་པའི་ཐ་སྙད་དུ་བྱེད་ན་འཁྲུལ་པར་འགྱུར་ཏེ། གང་ཞིག་

གཞན་མཐོང་བ་ལ་བརྟེན་ནས་བདག་མཐོང་བ་ཞེས་རྟོག་པར་བྱེད་པ་དེ་ཇི་ལྟར་འཁྲུལ་པར་མི་འགྱུར། ཇི་སྐད་དུ་བཤད་པའི་རྣམ་པ་གཉིས་ལས་མ་གཏོགས་པར་ཤེས་པའི་དོན་འཛིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་དབང་པོ་ལས་འདས་པའི་དོན་མཐོང་བ་ནི་འགའ་

ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལས་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱིར་ཕྱོགས་སྔ་མ་ཉེ་བར་སྡུད་པ་ཡིན་ནོ། །ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱོགས་སྔ་མའོ། །དེ་ལྟར་ཐོབ་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ནས་

བརྩམས་སུན་འབྱིན་པར་རྩོམ་མོ། །རེ་ཞིག །དེ་ཕྱིར་དབང་པོ་ལས་འདས་དོན། །དངོས་སུ་བལྟ་བ་ཡོད་མ་ཡིན། །ཚིག་ནི་རྟག་པ་ཉིད་ཀྱིས་ནི། །འགའ་ཞིག་མཐོང་བ་དེས་མཐོང་ངོ་། །ཞེས་ཆོས་ཤེས་པ་བཀག་པ་བྱས་ནས་རང་གི་ཕྱོགས་བཞག་པ་བྱས་པ་གང་ཡིན་པ་དེ་མི་

เล่ม ๑๙๒ · หน้า 278b

རིགས་སོ་ཞེས་བསྟན་པའི་ཕྱིར་རིག་བྱེད་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྔར་ཐོས་པ་བརྟག་པར་རིག་བྱེད་རྣམས་རྒྱས་པར་སྐྱེས་བུས་བྱས་པ་ཉིད་དུ་བསྒྲུབས་ཟིན་པ་དེས་ན་ཚིག་རྟག་པ་མི་སྲིད་པའི་ཕྱིར་དབང་པོ་ལས་འདས་པ་རྟོག་པའི་ཁྱད་པར་ཚིག་རྟག་པ་ལ་བརྟེན་པ་ཉིད་

མ་གྲུབ་པོ། །དེས་ན་དངོས་སུ་དབང་པོ་ལས་འདས་པའི་དོན་མཐོང་བ་པོ་ཡོད་པ་ཡིན་གྱི་ཚིག་རྟག་པའི་སྒོ་ནས་ནི་མ་ཡིན་ཏེ། ཚིག་རྟག་པ་དེ་མི་སྲིད་པའི་ཕྱིར་རོ། །གཟིགས་པ་ཡོད་པ་ཉིད་ཅེས་པའི་ངེས་པར་གཟུང་བའི་རིམ་པ་བཞིན་དུ་དངོས་སུ་ཞེས་བྱ་བ་འདིའི་མཇུག་ཏུ་

བལྟ་བར་བྱའོ། །ཚིག་རྟག་པ་ཉིད་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་དེ་ནི་དབང་པོ་ལས་འདས་པའི་དོན་རྟོག་པ་ལ་རྒྱུ་ཡི་དངོས་པོར་རིག་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར་རྟག་པའི་ཚིག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རང་དོན་ནི་རང་གི་བརྗོད་པར་བྱ་བའམ།

ཡང་ན་རང་གི་དོན་ནི་བདག་ཉིད་དེ་སྒྲ་ཡི་རང་བཞིན་ནོ། །དོན་ནི་བརྗོད་པར་བྱ་བའོ། །རང་དང་དོན་ནི་རང་དོན་དག་གོ། །དེ་དག་གི་ཤེས་པ་དེ་བསྐྱེད་པ་ལ་སྟེ། དེ་བསྐྱེད་པར་བྱ་བའི་ཕྱིར་ཚིག་རྟག་པའི་ནུས་པའི་ངོ་བོ་ཉིད་ཀྱིས་གྲུབ་པ་དེ་རང་ལས་ཡིན་ནམ། ལྷན་ཅིག་བྱེད་

པའི་རྒྱུ་གཞན་ལས་ཡིན་གྲང་། དེ་ལ་རེ་ཞིག་རང་ལས་ནི་མ་ཡིན་ནོ་གང་ལས་ཤེ་ན། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་འབྲས་བུ་བསྐྱེད་པར་འགལ་བའི་ཕྱིར་ཏེ་གང་གི་དོན་བྱེད་པར་འགྱུར་བ་རིམ་པར་ཅིག་ཅར་དག་ལས་རྣམ་པ་གཞན་ནི་ཡོད་པ་མ་ཡིན་ཏེ། འདི་དག་ནི་ཕན་

ཚུན་རྣམ་པར་བཅད་ནས་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེས་ན་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་ལ་ཁྱབ་ལ་ཚིག་རྟག་པ་ལ་རིམ་གྱིས་རང་གི་དོན་ལ་ནུས་པ་སྐྱེད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། དང་པོའི་འབྲས་བུ་བསྐྱེད་པའི་གནས་སྐབས་ལ་དུས་ཕྱིས་འབྱུང་བའི་ཤེས་

པའི་འབྲས་བུ་བསྐྱེད་པའི་རང་བཞིན་མ་ཉམས་པའི་ཕྱིར་དེ་ཙམ་ལས་བྱུང་བའི་འབྲས་བུ་རྣམས་ཅིག་ཅར་ཁོ་ནར་འགྱུར་རོ། །རིམ་མ་ཡིན་པས་ཀྱང་རིམ་པ་མ་ཡིན་ཏེ་དུས་ཕྱིས་ཀྱང་དང་པོའི་འབྲས་བུ་བྱེད་པའི་ནུས་པ་ཚང་བའི་རང་བཞིན་རྗེས་སུ་འཇུག་པས་མི་བསྐྱེད་པ་ཉིད་དུ་འགལ་

เล่ม ๑๙๒ · หน้า 279a

བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་གི་ཁྱབ་པར་བྱེད་པའི་ཆོས་དང་བྲལ་བ་ལ་ནི་དེའི་ཁྱབ་པར་བྱ་བའི་ཆོས་དང་བྲལ་བ་ཡིན་ཏེ། དཔེར་ན་ཤིང་ཉིད་ཀྱི་ཆོས་ཀྱིས་སྟོང་པའི་བུམ་པ་ལ་སོགས་པ་ནི་དེའི་ཁྱབ་པར་བྱ་བ་ཤིང་ཤ་པ་ཉིད་ཀྱི་ཆོས་ཀྱིས་སྟོང་པ་

བཞན་ནོ། །རིག་བྱེད་དུ་བརྗོད་པའི་ཚིག་དག་ཀྱང་དོན་བྱེད་པར་ནུས་པའི་ཆོས་ཀྱི་ཁྱབ་པར་བྱེད་པ་རིམ་དང་རིམ་མ་ཡིན་པའི་ཆོས་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་དོན་བྱེད་པ་མི་དམིགས་པ་ཡིན་ནོ། །དེ་བས་ན་རྟག་པའི་ཚིག་གི་ནུས་པ་རང་ལ་ཡོད་པ་མ་ཡིན་ལ་ལྷན་ཅིག་བྱེད་

པའི་རྒྱུ་གཞན་ལས་ཀྱང་ཡོད་པ་མ་ཡིན་ཏེ། དེས་ན་དེའི་རང་བཞིན་དང་ཐ་མི་དད་པའི་ནུས་པ་ནི་དེའི་རང་བཞིན་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །གཞན་ཉིད་ཡིན་ན་ཡང་འབྲེལ་པ་མ་གྲུབ་པའི་ཕྱིར་ཞེས་འདི་ནི་མང་དུ་དཔྱད་ཟིན་ཏོ། །དེ་ལྟ་བས་ན་དབང་པོ་ལས་འདས་

པའི་དོན་ཡོངས་སུ་ཤེས་པའི་གཏན་ཚིགས་རྟག་པ་རྗེས་སུ་དཔག་པས་གནོད་པའི་ཕྱིར་རིགས་པ་མ་ཡིན་ནོ། །གང་ཡང་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཆོས་ཤེས་པ་མེད་དོ་ཞེས་སྨྲས་པ་དེ་ལ་གཞན་གྱིས་ཁས་བླངས་པ་ཉིད་ཀྱི་ཆོས་

ཤེས་པ་མེད་པར་དམ་བཅའ་བའི་དོན་གྱི་གོ་རིམས་ཚང་མའི་གནོད་པ་ཉིད་དང་གཏན་ཚིགས་ཀྱང་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། དེ་ཕྱིར་མཐོ་རིས་མཆོད་སྦྱིན་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གིས་ཞེས་བྱ་བ་ནི་རང་དབང་གིས་ཏེ་རིག་བྱེད་ལ་ལྟོས་པ་མེད་

པའི་ཤེས་པས་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བའི་ཞེས་བྱ་བ་ནི་ཁྱེད་ཅག་གིས་བཀག་པ་ཅི་འདྲ་བའོ། །དོན་གྱིས་རྙེད་པའོ་ཞེས་བྱ་བ་ནི་རིག་བྱེད་ཚད་མ་ཉིད་དུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ཐོབ་པས་སོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་

ཉིད་ཀྱང་མ་གྲུབ་སྟེ། དོན་གྱིས་གོ་བས་ཡུལ་དུ་བྱས་པའི་ཕྱིར་རོ། །གང་ཡང་ཐམས་ཅད་ཀྱི་སྒྲ་སྐབས་ཀྱི་དོན་ལ་ལྟོས་ཏེ་མང་དུ་བརྟགས་ནས་སུན་འབྱིན་པ་སྨྲས་པ་དེ་མི་འཇུག་པ་ཉིད་དོ། །ཕྱོགས་འདི་ཁས་མ་བླངས་པའི་ཕྱིར་ཏེ། གང་གི་དེ་ལ་སུན་འབྱིན་པར་འགྱུར་བ་ཁོ་བོ་

เล่ม ๑๙๒ · หน้า 279b

ཅག་གིས་ཆོས་ལ་སོགས་པ་ལས་མ་གཏོགས་པར་བརྗོད་པ་འདོད་པའི་དོན་མཐའ་དག་ཤེས་པས་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གང་ཞིག་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དྲི་མ་མཐའ་དག་དང་བྲལ་བའི་སེམས་ཀྱི་ཆོས་ལ་སོགས་པའི་

ཤེས་བྱ་མཐའ་དག་གསལ་བྱ་དེ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་འདོད་ན་དེ་ལ་ཁྱེད་ཅག་གིས་གནོད་པར་བྱེད་པ་ཅུང་ཟད་ཀྱང་མ་བརྗོད་དོ། །གང་ཡང་། ལུས་པོ་གཅིག་པོ་ཁོ་ན་ཡི། །རྡུལ་ཕྲན་ཇི་སྙེད་ཡོད་པ་རྣམས། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་

དེ་ནི་ཚད་མ་མེད་པ་ཅན་གྱི་དམ་བཅའ་བ་ཙམ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །འཐད་པས་སྟོང་པའི་དམ་བཅའ་བ་ཙམ་ལས་དོན་གྲུབ་པ་སྲིད་པ་ཡང་མ་ཡིན་ཏེ། ཐམས་ཅད་ཀྱིས་དོན་ཐམས་ཅད་གྲུབ་པ་ལ་ཐལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཐམས་ཅད་ཞེ་ལ་བཞག་ནས།

གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མེད་ཅེས་བྱ་བ་ལ་རྒྱུ་ནི་འཐད་པ་སྟེ། ཚུལ་གསུམ་པའི་རྟགས་ཞེས་བྱ་བ་ལ་སོགས་པ་གང་ལ་ཡོད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མས་དབེན་པའི་ཕྱིར་དྲི་མ་མེད་པའོ། །

ཕྱི་རོལ་མུ་སྟེགས་བྱེད་ཀྱིས་རྒོལ་བའི་ཕྱིར་རླུང་གིས་མི་གཡོ་བའོ། །ཡེ་ཤེས་གང་ཡིན་པ་དེ་ཉིད་ཀྱི་སྒྲོན་མ་ཡིན་ཏེ་གསལ་བར་བྱེད་པ་མཚུངས་པའི་ཕྱིར་རོ། །དེས་ན་གང་གིས་ཆོས་ལ་སོགས་པའི་དངོས་པོ་མ་ལུས་པ་གསལ་བ་སྟེ་ཡུལ་དུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྟོས་

པ་དང་བཅས་པ་ཉིད་ཡིན་ན་ཡང་གོ་བར་བྱེད་པ་ཡིན་པའི་ཕྱིར་བསྡུ་བར་བྱའོ། །འདི་ལ་གནོད་བྱེད་མ་བརྗོད་དོ། །ཞེས་བྱ་བ་ནི་ཚད་མ་ཞེས་བྱ་བ་ལྷག་མའོ། །མ་བརྗོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འདི་ལ་གནོད་པ་བྱེད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པ་

ཡིན་ནོ། །དེ་ལྟར་རེ་ཞིག་མངོན་སུམ་ནི་གནོད་པར་བྱེད་པ་མ་ཡིན་ཏེ། དེ་ནི་དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་དངོས་པོ་གང་ཁོ་ན་མངོན་སུམ་གྱིས་ཡུལ་དུ་བྱེད་པ་དེ་ལ་མངོན་སུམ་གྱིས་གྲུབ་པ་ལས་བཟློག་པའི་ཆོས་ཁས་ལེན་པ་ལ་མངོན་སུམ་གྱིས་གནོད་པ་

เล่ม ๑๙๒ · หน้า 280a

ཡིན་ཏེ། །དཔེར་ན་ཆོས་ཅན་སྒྲ་ལ་མཉན་པར་བྱ་བ་མ་ཡིན་པ་ཉིད་མཉན་པར་བྱ་བ་ཉིད་ཀྱིས་གནོད་པ་ལྟ་བུ་ཡིན་གྱི། གང་དུ་མངོན་སུམ་མི་འཇུག་པ་ནི་མ་ཡིན་ནོ། །གང་གི་དེ་ལ་ཐམས་ཅད་མཁྱེན་པ་ཉིད་དུ་དམ་བཅའ་བ་མངོན་སུམ་གྱིས་གནོད་པར་འགྱུར་

བ་གཞན་གྱི་རྒྱུད་ལ་ཡོད་པའི་སེམས་ཐམས་ཅད་ཐམས་ཅད་མཁྱེན་པ་མ་ཡིན་པ་འགའ་ཞིག་གིས་མངོན་སུམ་གྱི་ཡུལ་དུ་བྱས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཚུ་རོལ་མཐོང་བ་ཡིན་པའི་ཕྱིར་རོ། །ཡུལ་དུ་བྱེད་ན་དེ་ཉིད་ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་མི་སྤང་ངོ་། །

འདི་སྙམ་དུ་ཁོ་བོ་ཅག་ནི་མངོན་སུམ་འཇུག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། ལོག་པ་ན་སྟེ་འདི་ལྟར་དངོས་པོ་གང་ལ་མངོན་སུམ་ལོག་པའི་དོན་དངོས་པོ་མེད་པར་བྱེད་དེ་དཔེར་ན་རི་བོང་གི་རྭ་བཞིན་ནོ། །གང་ལ་འཇུག་པ་དེར་ནི་ཡོད་པ་

སྟེ་དཔེར་ན་གཟུགས་ལ་སོགས་པ་བཞིན་ནོ། །ཐམས་ཅད་མཁྱེན་པའི་ཡུལ་ཅན་གྱི་མངོན་སུམ་འཇུག་པ་ནི་འགའ་ཡང་མེད་པ་དེ་བས་ན་དེ་ལོག་པས་དེ་མེད་པར་ངེས་པར་བྱེད་དོ་སྙམ་དུ་སེམས་ན་དེ་ནི་འབྲེལ་པ་མེད་དེ་འདི་ལྟར་ལོག་པ་ལས་དངོས་པོ་མེད་པར་ངེས་པ་གང་ཡིན་

པ་དེ་མངོན་སུམ་ལས་འགྱུར་བ་ནི་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་གཅིག་ཏུ་འགལ་བའི་ཕྱིར་རོ། །གང་གི་དངོས་པོ་མེད་པ་འདི་དེ་ལས་ངེས་པར་བྱེད་པ་མངོན་སུམ་ལོག་པ་ལ་དངོས་པོ་མེད་པས་ཁྱབ་པ་ཡང་མ་ཡིན་ནོ། །དངོས་པོ་ཡོད་ན་ཡང་ཆོད་པ་ལ་སོགས་

པ་ལ་མངོན་སུམ་ལོག་པར་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་མངོན་སུམ་ལོག་པ་ལས་དངོས་པོ་མེད་པ་ངེས་སོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཞེ་ན། འོན་ཀྱང་མངོན་སུམ་ལྡོག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་དོ་སྙམ་དུ་སེམས་ན། འདི་ཉིད་ཁྱེད་ཅག་གིས་སྒྲ་གཞན་གྱི་བརྗོད་པ་

འབའ་ཞིག་ཏུ་ཟད་ཀྱི་དོན་ཐ་དད་པ་ནི་མ་ཡིན་ནོ། །སྒྲ་གཞན་པ་ཙམ་ལས་དོན་གཞན་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ལོག་པའི་སྒྲས་དངོས་པོ་ཡོད་པ་བཀག་པ་བརྗོད་པ་བཟློག་པའི་སྒྲས་ཀྱང་དོན་དམ་པར་དེ་ཉིད་བརྗོད་དོ། །འོན་ཀྱང་

เล่ม ๑๙๒ · หน้า 280b

གཅིག་ཉིད་ཁྱད་པར་གཞན་སྤངས་ནས་དེ་ཙམ་ཤེས་པར་འདོད་པ་ལས་དེ་བརྗོད་ལ་གཞན་ནི་མི་སྤངས་པས་སོ་ཞེས་བྱ་བ་ནི་ཁྱད་པར་རོ། །དོན་དམ་པར་ནི་གཉི་གས་ཀྱང་དངོས་པོ་མེད་པ་ཉིད་བསྟན་པ་ཡིན་ལ་མེད་པ་ནི་རྒྱུའི་དངོས་པོར་ཡང་སྲིད་པ་མ་ཡིན་ཏེ། དེའི་མཚན་ཉིད་ནི་ནུས་

པ་ཐམས་ཅད་ཀྱི་སྟོང་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཞིག་གང་གི་སྐྱེད་པར་བྱེད་པའམ། གསལ་བར་བྱེད་པ་ཡིན་པ་དེ་ནི་དེའི་སྐྱེད་པར་བྱེད་པ་དང་གསལ་བར་བྱེད་པ་ཡིན་པས་ཉེ་བར་ཡོད་པ་ཅན་དུ་འགྱུར་གྱི་ལྡོག་པའི་རང་བཞིན་དུ་ནི་མ་ཡིན་ཏེ། མྱུ་གུའི་ས་བོན་དང་

གཟུགས་ཀྱི་སྒྲོན་མ་བཞིན་ནོ། །དེ་དག་བཟློག་པ་ན་མྱུ་གུ་དང་བུམ་པའི་གཟུགས་ལ་སོགས་པ་སྐྱེད་པར་བྱེད་པ་དང་གསལ་བར་བྱེད་པར་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་མངོན་སུམ་ལྡོག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདིར་དོན་ཅི་ལ་འདོད། གལ་

ཏེ་རེ་ཞིག་དེ་ལྟར་གནས་པ་ལས་ལྡོག་གོ་ཞེས་བྱ་བའི་དོན་ཡིན་ན་དེའི་ཚེ་ཤུགས་ཀྱིས་འདས་པ་དང་མ་འོངས་པའི་གནས་སྐབས་ཡིན་ནོ་ཞེས་བྱ་བ་དེ་ལྟར་བརྗོད་པར་འགྱུར་ལ། འདས་པ་དང་མ་འོངས་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏེ་དེ་ཇི་ལྟར་མེད་པ་ལ་བྱ་བ་གྲུབ་

པར་འགྱུར། ཅི་སྟེ་དེ་ལྟར་ཡིན་ཡང་གང་ཞིག་ཡུལ་གང་ལ་མི་སྐྱེ་བ་དེ་ནི་དེ་ལས་ལྡོག་པར་བརྗོད་ན་དེ་ལྟ་ན་དེ་ལས་དངོས་པོ་མེད་པ་གྲུབ་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པ་དྲི་དང་རོ་ལ་སོགས་པའི་ཡུལ་ལ་མི་སྐྱེ་བ་ཞེས་བྱ་བ་དེ་ཙམ་གྱིས་དེ་ལས་དེ་མེད་པར་

ཡུལ་དུ་བྱེད་པའི་ཕྱིར་དངོས་པོ་མེད་པར་མི་འགྱུར་རོ། །དེ་ལྟ་བས་ན་མངོན་སུམ་གྱིས་འགའ་ཞིག་གི་དངོས་པོ་མེད་པ་མི་འགྲུབ་པོ། །དེ་ལྟ་ན་ཇི་ལྟར་ཁྱེད་ཅག་གིས་མི་དམིགས་པ་ཞེས་བྱ་བའི་མངོན་སུམ་ལས་ཕྱོགས་ཀྱི་བྱེ་བྲག་གཞན་དུ་དངོས་པོ་མེད་པ་གྲུབ་པར་བརྗོད་ཅེ་ན་དེ་

ནི་ཡོད་པ་མ་ཡིན་ཏེ། དེ་ལས་མངོན་སུམ་དངོས་པོ་མེད་པ་ཡུལ་དུ་བྱེད་པའི་ཕྱིར་དངོས་པོ་མེད་པ་སྒྲུབ་པར་བྱེད་དོ་ཞེས་ནི་མི་བརྗོད་དོ། །འོ་ན་ཅི་ཞེ་ན། ཤེས་པ་གཅིག་ལ་འདྲེར་རུང་བའི་དོན་དག་ལ་གང་ཡང་རུང་བ་གྲུབ་པ་གང་ཡིན་པ་དེ་ཉིད་ཅིག་ཤོས་མེད་པར་གྲུབ་པ་ཡིན་ནོ་

เล่ม ๑๙๒ · หน้า 281a

ཞེས་བྱ་བ་དེ་ལྟར་བྱས་པས་སོ། །གང་གི་ཕྱིར་དེ་དག་ཡོད་པ་ན་ངོ་བོ་གཅིག་ངེས་པར་རྟོགས་པར་འགྱུར་བ་ནི་མ་ཡིན་ཏེ་རུང་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གང་ཞིག་འབའ་ཞིག་དམིགས་པའི་ཕྱིར་དེ་མེད་པར་ངེས་པ་དེ་ལྟར་ཐམས་ཅད་མཁྱེན་པ་ནི་འགའ་ཞིག་

དང་ལྷན་ཅིག་ཤེས་པ་གཅིག་དང་འདྲེ་བར་ངེས་པའང་མ་ཡིན་ཏེ། དེ་ནི་རྟག་ཏུ་ཤིན་དུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པ་མངོན་སུམ་སྲིད་པ་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པར་བྱེད་པ་མ་

ཡིན་ཏེ། དོན་སྒྲུབ་པའི་ཡུལ་ཅན་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གང་གི་ཕྱིར་ཁྱེད་ཅག་གིས་དངོས་པོ་མེད་པ་ཁོ་ན་ཚད་མ་དངོས་པོ་མེད་པའི་ཡུལ་དུ་བརྗོད་ཀྱི་གཞན་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་དོན་གྱིས་གོ་བ་ལ་སོགས་པ་གསུམ་ཡང་གནོད་པར་བྱེད་པ་མ་ཡིན་ནོ། །

ཅི་སྟེ་ཡང་ཁོ་བོ་ཅག་གིས་མེད་པར་དགག་པའི་ངོ་བོ་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེས་བུ་ཐམས་ཅད་ཕྱོགས་སུ་བྱས་ནས་མ་ཡིན་པར་འཇུག་པ་དེ་དག་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་སྒྲུབ་པར་བྱེད་དོ། །དེས་ན་རྗེས་སུ་

དཔག་པ་ལ་སོགས་པའི་བྱ་བ་ཡོད་པ་ཡིན་ནོ་སྙམ་ན། དེ་ལྟ་བུ་ཡོད་མོད་དེ་ལྟ་ན་ཡང་རེ་ཞིག་རྗེས་སུ་དཔག་པས་སྲིད་པ་མ་ཡིན་ཏེ། སྐྱེས་བུ་ཐམས་ཅད་ལ་ཐམས་ཅད་མཁྱེན་པ་མེད་པ་ལ་མི་འཁྲུལ་པའི་རྟགས་མ་གྲུབ་པའི་ཕྱིར་རོ། །གང་ཡང་གཞལ་བྱ་ཉིད་དང་སྨྲ་བ་པོ་ཉིད་ལ་

སོགས་པ་སྨྲས་པ་དེ་ཡང་འཁྲུལ་པ་ཡིན་ནོ་ཞེས་ཕྱིས་བཤད་པར་བྱའོ། །དོན་གྱིས་གོ་བ་ཡང་ཐམས་ཅད་མཁྱེན་པ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་ལས་མ་གཏོགས་པར་གཞན་དག་ཚད་མ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །ཚད་མ་གཞན་ཉིད་

ཡོད་ན་ཡང་རེ་ཞིག་དོན་གྱིས་གོ་བས་ནི། ཐམས་ཅད་མཁྱེན་པ་མེད་པ་ཉིད་དུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་མཐོང་བའམ། ཐོས་པའི་དོན་གཞན་དུ་མི་མཐད་པའི་ཕྱིར་མ་མཐོང་བ་རྟོག་པར་བྱེད་པ་ན་དོན་གྱིས་གོ་བ་ཡིན་ལ་གང་ལས་དེ་དོན་གྱིས་གོ་བར་རྟོག་པར་བྱེད་པ་

เล่ม ๑๙๒ · หน้า 281b

ཐམས་ཅད་མཁྱེན་པ་མེད་པར་སྐྱེས་བུ་ཐམས་ཅད་ལ་མཐོང་བའི་དོན་འགའ་ཞིག་འཐད་པ་ཡང་མ་ཡིན་ནོ། །ཉེ་བར་འཇལ་བ་ཡང་ནུས་པ་མ་ཡིན་ཏེ། འདི་ལྟར་དྲན་པར་བྱ་བའི་དངོས་པོ་མདུན་ན་ཡོད་པའི་དངོས་པོ་དང་འདྲ་བའི་ཁྱད་པར་རམ། མདུན་ན་གནས་པའི་དྲན་པར་བྱ་བའི་དངོས་

པོར་རྟོགས་པའི་འདྲ་བ་ཙམ་ཉེ་བར་འཇལ་བས་རྟོག་པར་བྱེད་དེ་དཔེར་ན་བ་ལང་མཐོང་བའི་ཉམས་སུ་མྱོང་བའི་ནགས་ན་གནས་པའི་སྐྱེས་བུ་བ་མེན་མཐོང་བ་ལས་སྔར་ཉམས་སུ་མྱོང་བའི་བ་ལང་ལ་དེ་དང་ཆོས་མཚུངས་པའི་ཤེས་པ་བཞིན་ཏེ་ཇི་སྐད་དུ། དེ་ཕྱིར་འདྲ་བས་ཁྱད་པར་དུ། །

བྱས་པའི་དྲན་པ་གང་ཡིན་པའམ། དེ་ལ་བརྟེན་པའི་འདྲ་བ་སྟེ། །ཉེ་བར་འཇལ་བའི་གཞལ་བྱ་ཞེས་བཤད་པ་བཞིན་ནོ། །དེ་ལྟ་བས་ན་དྲན་པར་བྱ་བ་ཉིད་ཀྱི་ཆོས་ཅན་ཉེ་བར་འཇལ་བའི་ཡུལ་ཡིན་ལ་ཉམས་སུ་མྱོང་བ་ཉིད་ཀྱང་དྲན་པས་ཡུལ་དུ་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །

གང་ལ་དྲན་པས་ཡུལ་དུ་བྱེད་པར་འགྱུར་བ་ཐམས་ཅད་མཁྱེན་པ་མ་ཡིན་པ་འགའ་ཞིག་གིས་སྐྱེས་བུ་ཐམས་ཅད་ལ་ཡོད་པའི་སེམས་རྣམས་ཉམས་སུ་མྱོང་བ་ཡང་མ་ཡིན་ལ་གང་གི་དབང་གིས་སྐྱེས་བུ་ཐམས་ཅད་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་རྗེས་སུ་དཔོག་པར་བྱེད་པ་སྐྱེས་བུ་

ཐམས་ཅད་དང་ཉམས་སུ་མྱོང་བའི་དངོས་པོའི་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐུན་མོང་བའི་ཆོས་ངེས་པ་ཡང་ཡོད་པ་མ་ཡིན་ནོ། །གང་ཡང་ཡོད་པ་ཉིད་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་འགའ་ཞིག་ལ་མཐོང་བ་དེ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱིས་ཐུན་མོང་བར་

གྲུབ་པ་མ་ཡིན་ཏེ་ཐམས་ཅད་མཁྱེན་པ་ལ་ཡང་ཡོད་པ་ལ་སོགས་པ་མི་འགལ་བའི་ཕྱིར་རོ། །བ་མེན་ལ་ཡོད་པ་ལ་སོགས་པའི་ཆོས་མཐོང་བའི་ཕྱིར་བུམ་པ་ལ་སོགས་པ་ཡང་བ་མེན་དང་འདྲ་བར་རྗེས་སུ་དཔོག་པ་ནི་མ་ཡིན་ནོ། །སྐྱེས་བུ་ཐམས་ཅད་ཡོད་པ་ལ་སོགས་པས་

ཆོས་མཐུན་པ་ཡིན་ལ་རག་མོད། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་ནི་མི་འགྲུབ་པོ། །འདིས་ནི། དེ་ལྟར་ཡོད་པའི་མི་རྣམས་ཀུན། །ཀུན་མཁྱེན་མིན་པར་མཐོང་ནས་ནི། །ཞེས་བྱ་བ་ལ་སོགས་པ་འདི་ཡང་གསལ་བ་ཡིན་ནོ། །ཐམས་ཅད་མཁྱེན་པ་ལ་གནོད་པར་བྱེད་

เล่ม ๑๙๒ · หน้า 282a

པའི་ཚད་མ་སྒྲ་ཞེས་བྱ་བ་ལ་ཡང་ཡོད་པ་མ་ཡིན་ཏེ། རེ་ཞིག་སྐྱེས་བུས་བྱས་པ་གང་ཡིན་པ་དེ་ནི་དབང་པོ་ལས་འདས་པའི་དོན་གྱིས་ཡུལ་ལས་ཚད་མ་མ་ཡིན་པ་ཉིད་དུ་དཔྱོད་པ་པ་རྣམས་རང་ཉིད་ཀྱིས་ཁས་བླངས་ལ། གང་ཡང་སྐྱེས་བུས་མ་བྱས་པ། །དེ་ཡང་ཚད་

མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །སྐྱེས་བུ་ཐམས་ཅད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་པའི་རིག་བྱེད་ཀྱི་ཚིག་འགའ་ཞིག་དམིགས་པ་ཡང་མ་ཡིན་ནོ། །དེར་མ་བསྟན་པས་ཀྱང་དོན་གཞན་མེད་པར་གྲུབ་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་བསྟན་བཅོས་སུ་བསྟན་པའི་

དབང་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཁྱོད་ཀྱི་མ་བག་མར་བླངས་པ་ལ་སོགས་པ་ཡང་མེད་པར་ཐལ་བར་འགྱུར་ཏེ་དེར་མི་འདོད་པའི་ཕྱིར་རོ། །འགའ་ཞིག་ཕྱོགས་གཅིག་ཏུ་འདོན་པར་མ་མཐོང་བའི་ཕྱིར་ཐམས་ཅད་དུ་མི་འདོན་པར་རིགས་པ་མ་ཡིན་ཏེ། དངོས་

པོ་ཐམས་ཅད་བསྟན་བཅོས་སུ་བསྟན་པའི་དབང་དུ་བྱས་པ་མ་ཡིན་པའི་ཕྱིར་རོ། །འཕྲོས་པ་བརྒྱ་ཕྲག་གཅིག་ཏུ་མ་ནུབ་པར་ཐོས་པའི་ཕྱིར་གཏན་དུ་ཡང་འདོན་པ་སྲིད་པའི་ཕྱིར་རོ། །ལྟས་ཅན་ཞེས་བྱ་བའི་འཕྲོས་པ་གཞན་དུ་གསལ་རབ་ཏུ་ཐམས་ཅད་མཁྱེན་པ་འདོན་པ་ཡིན་

ནོ་ཞེས་ཕྱིས་བསྟན་པར་བྱའོ། །དངོས་པོ་མེད་པའི་ཚད་མ་ཡུལ་དུ་བྱས་པའི་ཕྱིར་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཚད་མ་མེད་པ་ལོག་པ་ཙམ་མེད་པར་དགག་པའི་མཚན་ཉིད་དངོས་པོ་མེད་པའི་ཚད་མར་བརྗོད་ན་དེའི་ཚེ་འདི་འགའ་ཞིག་གིས་

རྟོགས་པ་མ་ཡིན་ཞིང་རྟོག་པའི་རྒྱུ་ཡང་མ་ཡིན་པ་དེས་ཡུལ་དུ་བྱེད་པ་རིགས་པ་མ་ཡིན་ཏེ། དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ཚད་མ་མ་ཡིན་ནོ། །ཅི་སྟེ་མ་ཡིན་པར་འཇུག་པས་ཚད་མ་ཞེས་བྱ་བའི་དངོས་པོ་ལས་གཞན་པའི་དངོས་པོ་ཉིད་དུ་འདོད་པ་

དེ་ལྟ་ན་ཡང་ཚད་མ་ལས་བཟློག་པའི་བདག་ཉིད་ཡིན་པས་ཚད་མ་ཉིད་དུ་འགྲུབ་པར་མི་འགྱུར་ཏེ། བྲམ་ཟེ་ལས་གཞན་ནི་བྲམ་ཟེ་ཉིད་དུ་མི་རིགས་པ་བཞིན་ནོ། །འདིར་འདི་སྙམ་དུ་འདི་ཚད་མ་ཐམས་ཅད་ལས་ལྡོག་པ་ཉིད་མི་བརྗོད་དོ། །འོ་ན་ཅི་ཞེ་ན། བརྗོད་པར་

เล่ม ๑๙๒ · หน้า 282b

འདོད་པའི་ཚད་མ་ལྔ་ལས་གཞན་པའི་ཤེས་པའི་ཁྱད་པར་ཉིད་དོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་འདི་ལྟ་བུའི་རྣམ་པ་ཡིན་པ་བརྗོད་པར་བྱའོ། །གང་གི་ཕྱིར་ཚད་མ་ལྔའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཐམས་ཅད་མཁྱེན་པ་འདི་མེད་དོ་སྙམ་པ་དེ་ལྟ་བུའི་རྣམ་པ་ཅན་

ཡིན་ནོ་ཞེ་ན། རྣམ་པ་དེ་ལྟ་བུ་ཡིན་ན་འོ་ན་ཚད་མ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །གང་གི་ཕྱིར་གང་གིས་ཤེས་པ་འདི་བདེན་པར་འགྱུར་བ་རང་བཞིན་མ་ཡིན་པ་དང་རྒྱུ་མ་ཡིན་པར་གྱུར་པའི་ཚད་མ་ལྔ་པོ་ལྡོག་པ་ན་འབྲེལ་པ་མེད་པའི་ཐམས་ཅད་མཁྱེན་པ་ལ་

སོགས་པའི་ངེས་པ་ལྡོག་པ་མ་ཡིན་ཏེ། དེ་ལྟ་བས་ན་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་ཁྱེད་ཅག་གིས་རྗེས་སུ་དཔག་པ་ཉིད་དུ་བརྗོད་པའི་མི་དམིགས་པ་གང་ཡིན་པ་དེ་

ཉིད་ཐམས་ཅད་མཁྱེན་པའི་གནོད་པར་བྱེད་པར་འགྱུར་ཏེ། འདི་ཁོ་བོ་ཅག་ལ་ཚད་མ་གཞན་གྱིས་ཅི་ཞེས་བྱ་སྙམ་དུ་སེམས་ན། མི་དམིགས་པ་ཚད་མ་མ་ཡིན་པ་ནི་བདེན་ཏེ་འོན་ཀྱང་འདིར་ཅི་ཁྱོད་ཀྱིས་རང་གི་དམིགས་པ་ལྡོག་པ་ཐམས་ཅད་མཁྱེན་པ་མེད་པར་

བསྒྲུབ་པ་ལ་མི་དམིགས་པར་འདོད་དམ་འོན་ཏེ། སྐྱེས་བུ་ཐམས་ཅད་ཀྱིས་དམིགས་པ་ལྡོག་པར་འགྱུར། རང་གི་མི་དམིགས་པ་ལ་ཡང་ཅི་དམིགས་པའི་མཚན་ཉིད་དུ་གྱུར་པའི་ཁྱད་པར་ལ་མི་རྟེན་པའི་ཕྱིར་ཁྱད་པར་མེད་པ་མངོན་པར་འདོད་དམ། འོན་ཏེ་ཁྱད་པར་དང་

བཅས་པ་ཡིན་ཞེས་བྱ་བ་འདི་དཔྱད་པར་བྱ་སྟེ། དེ་ལ་རེ་ཞིག་རང་གི་མི་དམིགས་པ་ཁྱད་པར་མེད་པ་རྣམས་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ལ་ཚད་མར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ནི་མ་མཐོང་བ་ཙམ་གྱིས། །ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ་ཙམ་སྨོས་པ་ནི། དམིགས་པའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བའི་ཁྱད་པར་འདི་བསལ་བའི་དོན་དུའོ། །མེད་པར་ངེས་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་མེད་པར་མི་ངེས་པའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་ལ་སྟེ། དངོས་

เล่ม ๑๙๒ · หน้า 283a

པོའི་ཡུལ་ལ་དམིགས་པ་རྒྱུ་དང་ཁྱད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཤིང་ཤ་པ་ཉིད་ཀྱི་ཤིང་བཞིན་དུ་ཚུ་རོལ་མཐོང་བའི་དམིགས་པ་ནི་དངོས་པོ་རྣམས་ཀྱི་ཁྱད་པར་བྱེད་པ་མ་ཡིན་ཏེ། དངོས་པོ་ཡོད་ན་ཡང་ཡུལ་ལ་སོགས་པས་བསྐལ་

པ་ལ་མི་དམིགས་པ་སྲིད་པའི་ཕྱིར་རོ། །དུ་བའི་མེ་བཞིན་དུ་རྒྱུ་ཡང་མ་ཡིན་ཏེ། དངོས་པོ་རྣམས་ཉིད་དམིགས་པ་ལ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་མ་ཡིན་པ་དང་ཁྱད་པར་བྱེད་པར་གྱུར་པ་མ་ཡིན་པ་གཞན་ལོག་པ་ན་གཞན་ལྡོག་པ་ནི་རིགས་པ་མ་ཡིན་ཏེ།

ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་འབྲས་བུ་མི་དམིགས་པ་བཤད་པ་དེ་ནི་རྒྱུ་ཙམ་གྱི་མེད་པ་གོ་བར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནུས་པ་ཐོགས་པ་མེད་པ་ཁོ་ནའོ། །གང་གིས་དེ་ལོག་པ་ན་དངོས་པོ་རྣམས་ཀྱི་མེད་པ་སྒྲུབ་པར་བྱེད་པ་ཚུ་རོལ་

མཐོང་བའི་དམིགས་པ་ལ་དངོས་པོ་རྣམས་ནུས་པ་ཐོགས་པ་མེད་པ་ཉིད་ནི་མ་ཡིན་ནོ། །རྒྱུ་དང་ཁྱབ་པར་བྱེད་པའི་དངོས་པོ་མེད་པ་དང་ལོག་པ་ན་ཡང་ཇི་ལྟར་གཞན་ལྡོག་པ་ཡིན་ཞེ་ན། འདིར་རྒྱུ་དང་ཁྱབ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་རྒྱུ་ཡོད་

པ་དེ་ནི་རྒྱུ་དང་ལྡན་པ་སྟེ་འབྲས་བུ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་ལྡན་པ་དང་ཁྱད་པར་བྱེད་པ་ཞེས་ཚིག་རྣམ་པར་སྦྱར་ལ། རྒྱུ་དང་ལྡན་པ་དང་ཁྱབ་པར་བྱེད་པ་དེ་དག་ལྡོག་པ་རིགས་པ་ཡིན་ནོ་ཞེས་སྔ་མ་དང་སྦྱར་རོ། །འདི་ལ་རྒྱུ་ནི་དེ་ལས་བྱུང་ཕྱིར་གཅིག་ཡིན་

ཞེས་བྱ་བ་སྟེ། རྒྱུ་ལྡོག་པ་ན་རྒྱུ་དང་ལྡན་པ་ལོག་སྟེ་རྒྱུ་དེ་ལས་བྱུང་བའི་ཕྱིར་ཏེ། རྒྱུ་དང་ལྡན་པའི་བདག་ཉིད་ཀྱིས་དངོས་པོ་ཐོབ་པའི་ཕྱིར་དཔེར་ན་མེ་ལྡོག་པ་ན་དུ་བ་ལྡོག་པ་བཞིན་ནོ། །དེ་བཞིན་དུ་ཁྱབ་པར་བྱེད་པ་ལྡོག་པ་ན་ཁྱབ་པར་བྱ་བ་ལྡོག་སྟེ། ཁྱབ་པར་བྱེད་

པ་དེ་དང་ལྷན་ཅིག་ཡིན་པའི་ཕྱིར་རོ། །གཅིག་གི་རང་བཞིན་ཡིན་པའི་ཕྱིར། དཔེར་ན་ཤིང་ལོག་པ་ན་ཨ་མྲ་ལ་སོགས་པ་ལྡོག་པ་བཞིན་ནོ། །ཤིང་གི་ཁྱད་པར་ཉིད་ཨ་མྲ་ལ་སོགས་པར་གྲགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་རྒྱུ་ལོག་པ་ན་ཡང་མི་

เล่ม ๑๙๒ · หน้า 283b

ལྡོག་ན་དེ་རྒྱུ་ཉིད་དུ་མི་འགྱུར་ཏེ། གང་ཞིག་གང་མེད་ཀྱང་འབྱུང་བ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ལོག་ཀྱང་གང་མི་ལྡོག་པ་དེ་ནི་དེའི་རང་བཞིན་དུ་ཡང་རིགས་པ་མ་ཡིན་ཏེ། བ་མེན་གྱིས་བ་ལང་བཞིན་ནོ། །དེ་ལྟ་

བས་ན་རྒྱུ་དང་ཁྱབ་པར་བྱེད་པ་ལྡོག་པ་ན་འབྲས་བུ་དང་ཁྱབ་པར་བྱ་བ་ལྡོག་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱི་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ཀྱང་། །

འབྲས་བུ་འཁྲུལ་པ་མེད་ཕྱིར་རོ། །དེ་ལྟ་མིན་ན་གཅིག་ལོག་པས། །ཇི་ལྟར་གཞན་ནི་ལྡོག་པར་འགྱུར། །མི་ལ་རྟ་མི་བདོག་ཅེས་ཏེ། །ཕྱུགས་ཀྱང་བདོག་པ་མིན་ནམ་ཅི། །ཞེས་བཤད་པ་བཞིན་ནོ། །ཅི་སྟེ་ཡང་རང་གི་དམིགས་པ་དོན་ཐམས་ཅད་

ལ་རྒྱུ་ཉིད་དང་ཁྱབ་པར་བྱེད་པ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་དམ་བཅའ་བར་རང་གི་ཚིག་དང་འགལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། མ་ལུས་པའི་དོན་དག་ལ་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་དེ་དག་ནི་ཞེས་བྱ་བ་ནི་ངེས་པ་ལ་ལྟོས་ནས་དྲུག་

པའི་དམིགས་པ་དང་དོན་དག་ལ་ཞེས་བྱ་བ་ནི་དྲུག་པ་དང་བདུན་པ་གཉིས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་དག །ཅེས་བྱ་བ་འདི་ལ་ལྟོས་ནས་གོ་རིམས་བཞིན་དུ་འབྲེལ་པ་དང་ཡུལ་གྱི་དངོས་པོར་སྦྱར་བར་བྱའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། གལ་ཏེ་རེ་ཞིག་ཚད་

མ་འགའ་ཞིག་ལས་རང་གི་དམིགས་པའི་དོན་ཐམས་ཅད་ལ་རྒྱུ་ཉིད་དང་ཁྱབ་པར་བྱེད་པ་ཉིད་དུ་ངེས་པ་དེའི་ཚེ། ཁྱོད་ཀྱིས་བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་གསལ་རབ་ཏུ་དམ་བཅའ་བར་འགྱུར་རོ། །ཐམས་ཅད་མཁྱེན་པ་མ་ཡིན་པའི་ཤེས་པ་ནི་ཤེས་བྱ་མ་

ལུས་པ་ལས་ཁྱབ་པར་བྱེད་པ་མ་ཡིན་ལ། ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ལ་ཡང་སྒྲུབ་པར་བྱེད་པ་ཉེ་བར་ལེན་པའི་ཕྱིར་དེ་ཉིད་འགེགས་པས་རང་གི་ཚིག་དང་འགལ་ལོ། །དེ་ལྟར་རེ་ཞིག་ཁྱབ་པར་བྱེད་པ་མེད་པའི་རང་གི་མི་དམིགས་པ་ནི་ཐམས་ཅད་

เล่ม ๑๙๒ · หน้า 284a

མཁྱེན་པ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་བསྟན་པར་འོས་པ་མ་ཡིན་ནོ། །དམིགས་པ་མཚན་ཉིད་དུ་གྱུར་པ་མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་གྱིས་ཁྱད་པར་དང་བཅས་པ་ཡང་མ་ཡིན་ཏེ། འདི་ལྟར་དེ་སྟོན་པ་ན་ཡང་དཔེར་ན་ཕྱོགས་ཀྱི་

བྱེ་བྲག་འགའ་ཞིག་ན་བུམ་པ་མེད་དེ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པའི་ཕྱིར་རོ་ཞེས་རང་གི་སྒྲས་སྟོན་ན་ཐམས་ཅད་མཁྱེན་པ་མེད་པ་སྒྲུབ་པ་ལ་ཡང་འགྱུར་རོ། །ཡང་ན་དཔེར་ན་འདི་ན་དུ་བ་མེད་དེ་མེ་མེད་པའི་ཕྱིར་རོ། །ཤིང་ཤ་པ་མེད་དེ་ཤིང་མེད་པའི་ཕྱིར་རོ་

ཞེས་བྱ་བ་དེ་ལྟ་བུ་དོན་གཞན་དེའི་རྒྱུ་དང་ཁྱབ་པར་བྱེད་པའི་བདག་ཉིད་དམིགས་པའི་མཚན་ཉིད་ཀྱི་འགྱུར་པ་མེད་པར་མཐོང་བའི་ཕྱིར་ཏེ། འབྲེལ་མེད་པ་རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་མ་ཡིན་པར་གྱུར་པ་གཞན་ལོག་པ་ན་གཞན་ངེས་པར་ལྡོག་པར་རིགས་པ་མ་ཡིན་ཏེ།

ཧ་ཅང་ཐལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །རང་གི་རྒྱུ་དང་ཁྱབ་པར་བྱེད་པ་ལྡོག་པ་མ་ངེས་པའི་དོན་རྒྱུ་དང་ཁྱབ་པར་བྱེད་པ་ལོག་པ་ལས་ལྡོག་པར་གྲུབ་པ་ཡང་མ་ཡིན་པའི་ཕྱིར་དེས་ན་དེ་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བའི་ཁྱབ་པ་ལ་བསྟེན་

པར་བྱའོ། །དེ་ལྟར་ཐམས་ཅད་མཁྱེན་པ་ལ་ཡང་འགྱུར་རོ། །ཡང་ན་དོན་གཞན་དུ་གྱུར་པ་དངོས་དང་བརྒྱུད་པས་འགལ་བ་ཉིད་གྲུབ་པ་ལས་དེ་དག་འགལ་བ་ནི་མ་ཡིན་ཏེ། དེ་དང་ལྷན་ཅིག་འབྱུང་བ་ཉིད་སྲིད་པའི་ཕྱིར་རོ། །དཔེར་ན་འདི་ན་གྲང་བའི་རེག་པ་

མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དངོས་སུ་འགལ་བའི་མེ་བསྒྲུབ་པ་ལས་གྲང་བའི་རེག་པ་འགེགས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་འགེགས་པ་ལ་ཡང་འགྱུར་རོ། །ཡང་ན་བརྒྱུད་པས་ཀྱང་རེས་འགའ་འགལ་བ་ནི་དེའི་ཁྱབ་པར་བྱེད་པ་དང་འགལ་བ་

བསྒྲུབས་པས་ཐམས་ཅད་མཁྱེན་པ་འགེགས་ཏེ། དཔེར་ན་བ་མོའི་རེག་པའི་ཁྱབ་པར་བྱེད་པ་གྲང་བ་དང་འགལ་བའི་མེ་བསྒྲུབ་པ་ལས་བ་མོའི་རེག་པ་འགེགས་པ་བཞིན་ནོ། །རྣམ་པ་གཅིག་ཏུ་ན་དཔེར་ན་བ་སྤུ་ལྡང་བ་ལ་སོགས་པའི་རྒྱུ་གྲང་བའི་རེག་པ་དང་

เล่ม ๑๙๒ · หน้า 284b

འགལ་བ་གདུང་བར་བྱེད་པའི་བྱེ་བྲག་བསྒྲུབ་པ་ལས་གྲང་བའི་འབྲས་བུ་སྤུ་ལོང་བྱེད་པ་ལ་སོགས་པ་འགེགས་པ་བཞིན་དུ་དེའི་རྒྱུ་འགལ་བ་བསྒྲུབས་པས་སམ། ཡང་ན་དཔེར་ན་ཕྱོགས་ཀྱི་བྱེ་བྲག་འགའ་ཞིག་ཏུ་གྲང་བའི་རེག་པ་ལ་སོགས་པ་དང་འགལ་བའི་མེ་

ལ་སོགས་པའི་འབྲས་བུ་དུ་བ་ལ་སོགས་པ་བསྒྲུབ་པ་ལས་གྲང་བའི་རེག་པ་འགེགས་པ་བཞིན་དུ་དེ་དང་འགལ་བའི་འབྲས་བུ་བསྒྲུབས་པ་ལས་སམ། ཡང་ན་དཔེར་ན་སྤུ་ལོང་ལ་སོགས་པའི་རྒྱུ་གྲང་བ་དང་འགལ་བའི་མེའི་འབྲས་བུ་དུ་བ་མཐོང་བའི་ཕྱིར་

སྤུ་ལོང་ལ་སོགས་པ་འགེགས་པ་ཡིན་ཏེ། ཕྱོགས་འདི་ན་དུ་བ་ཡོད་པའི་ཕྱིར་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མེ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུ་དེའི་རྒྱུ་འགལ་བའི་འབྲས་བུ་དམིགས་པ་ལས་ཡིན་ནམ། ཡང་ན་དཔེར་

ན་ངེས་པར་འགྱུར་བ་དང་འགལ་བ་ངེས་པར་འགྱུར་བ་མེད་པའི་ཁྱབ་པར་བྱ་བའི་ལྟོས་པ་དང་བཅས་པ་ཉིད་བསྒྲུབས་པས་ངེས་པར་འགྱུར་བ་ཉིད་འགེགས་པ་བཞིན་དུ་དེ་དང་འགལ་བས་ཁྱབ་པ་བསྒྲུབ་པ་ལས་ཡིན་ཞེས་བྱ་བའི་མི་དམིགས་པའི་སྦྱོར་བ་

འདི་ཐམས་ཅད་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་སྲིད་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་དེ་རྟག་ཏུ་དམིགས་པའི་མཚན་ཉིད་དུ་མ་གྱུར་པའི་ཕྱིར་རོ། །འདི་ཐམས་ཅད་མི་དམིགས་པའི་དབྱེ་བ་ཉིད་ཡིན་པའི་ཕྱིར་ཞེས་བསྟན་པར་བྱ་བའི་

ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་ནི་རང་གི་ཚིག་དང་འགལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱེད་ཅག་གི་ཐམས་ཅད་མཁྱེན་པར་རང་ཉིད་ཀྱིས་དམིགས་པའི་མཚན་ཉིད་དུ་གྱུར་པར་ཁས་བླང་བར་མི་བྱ་

སྟེ། དེ་ལྟ་ཡིན་དང་རང་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་བླངས་པར་འགྱུར་རོ། །ཇི་ལྟ་ཞེ་ན། གལ་ཏེ་ཁྱེད་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཅག་ལ་ཡང་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་པ་ཅན་ཡིན་ན། དེ་

เล่ม ๑๙๒ · หน้า 285a

ལྟ་ན་ཁྱེད་ལ་ཐམས་ཅད་མཁྱེན་པའི་དམིགས་པའི་མཚན་ཉིད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པའི་སྤྱོད་ཡུལ་དུ་ཐམས་ཅད་མཁྱེན་པར་འགྱུར་བ་ནི་མ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་ལ་ཐམས་ཅད་

མཁྱེན་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་མོད། དེ་ལྟ་ན་ཡང་ཅིའི་ཕྱིར་དེ་མེད་པར་བསྒྲུབ་པར་བྱ་བ་ལ་མི་དམིགས་པའི་སྦྱོར་བ་འདི་དག་མི་སྲིད་སྙམ་དུ་སེམས་ན། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱེད་ལ་ཐམས་

ཅད་མཁྱེན་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པའི་རྒྱུའི་ཕྱིར་ཐམས་ཅད་མཁྱེན་པའི་རྒྱུ་དང་ཁྱབ་པར་བྱེད་པ་དང་། རང་བཞིན་མ་མཐོང་བའི་ཁྱད་པར་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་མི་འགྲུབ་ཏེ། རང་བཞིན་དང་རྒྱུ་དང་ཁྱབ་

པར་བྱེད་པ་མི་དམིགས་པའི་སྦྱོར་བ་དང་པོ་གསུམ་མ་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་འོ་ན་ཁྱད་པར་གཞན་དག་གྲུབ་པ་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་མེད་པར་གྲུབ་པ་ཡིན་ནོ་ཞེ་ན། མི་དམིགས་པ་ནི་རྣམ་གསུམ་འདི། །ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་རང་བཞིན་དང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་རྣམ་པ་གསུམ་པོ་འདི་ཉིད་སྤྲོས་ན་རྣམ་པ་མང་དུ་བྱེད་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་དང་དེ་འགལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྒྲས་

ནི་སྐབས་སུ་བབ་པའི་རང་བཞིན་དང་ཁྱབ་པར་བྱེད་པ་དང་། རྒྱུ་ཞེས་བྱ་བ་གསུམ་དང་འབྲེལ་པར་བྱའོ། །རང་བཞིན་ལ་སོགས་པ་དེ་དང་འགལ་བ་ནི་དེ་དང་འགལ་བ་སྟེ། དེ་ཡང་རང་བཞིན་དང་། ཁྱབ་པར་བྱེད་པ་དང་། རྒྱུ་འགལ་བའི་བྱེ་བྲག་

གིས་རྣམ་པ་གསུམ་དུ་འགྱུར་རོ། །དེ་དང་འགལ་བ་དང་པོ་གང་ལ་ཡོད་པ་དེ་ནི་དེ་དང་འགལ་བ་ལ་སོགས་པའོ། །སོགས་པའི་སྒྲས་འགལ་བའི་འབྲས་བུ་དང་རྒྱུ་འགལ་བའི་འབྲས་བུ་དང་འགལ་བས་ཁྱབ་པ་གསུམ་གཟུང་ངོ་། །ཡང་དེའི་སྒྲ་གཉིས་

เล่ม ๑๙๒ · หน้า 285b

པས་རང་བཞིན་ལ་སོགས་པ་གསུམ་པོ་དེ་ཉིད་དང་སྦྱར་བར་བྱའོ། །དེ་ནི་དེ་ཡང་ཡིན་ལ་དེ་དང་འགལ་བ་ཡིན་པས་དེ་དང་དེ་འགལ་བ་ལ་སོགས་པ་ཞེས་བྱ་བ་སྟེ། གོ་རིམས་བཞིན་དུ་དེ་དག་མ་རྟོགས་པ་དང་རྟོགས་པ་ནི་དེ་འགལ་བ་

ལ་སོགས་པ་རྟོགས་པ་དང་མ་རྟོགས་པའོ། །དེ་མ་རྟོགས་པ་དང་དེ་དང་འགལ་བ་ལ་སོགས་པ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དབྱེ་བ་ནི་དེའི་སྒོ་ནས་དབྱེ་བ་ཞེས་བྱ་བར་བསྡུའོ། །དེ་ལ་མ་རྟོགས་པས་དངོས་སུ་རང་བཞིན་

དང་རྒྱུ་དང་ཁྱབ་པར་བྱེད་པ་ལ་མི་དམིགས་པ་རྣམ་པ་གསུམ་བསྟན་ལ། མི་དམིགས་པ་རྣམ་པ་གསུམ་པོ་འདི་ཉིད་ཀྱིས་མི་དམིགས་པ་ལྷག་མ་རྣམས་བརྒྱུད་ནས་སྟོན་པར་བྱེད་པ་ཡིན་པས་འདི་དག་གི་རྩ་བའི་དབྱེ་བའི་ངོ་བོ་མི་དམིགས་

པས་རྣམ་པ་གསུམ་ཡིན་ནོ། །དེ་འདི་ལྟར་དེ་དང་འགལ་བ་རྟོགས་པ་རང་བཞིན་དང་འགལ་བ་དམིགས་པ་དང་། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་དང་། རྒྱུ་འགལ་བ་དམིགས་པ་བསྟན་ཏེ། སོགས་པའི་སྒྲས་འགལ་བའི་འབྲས་

བུ་དམིགས་པ་དང་། རྒྱུ་འགལ་བའི་འབྲས་བུ་དམིགས་པ་དང་། འགལ་བས་ཁྱབ་པ་དམིགས་པ་རྣམས་གཟུང་ངོ་། །འདི་དག་གིས་ཀྱང་བརྒྱུད་ནས་ཅི་རིགས་པར་རང་བཞིན་དང་། ཁྱབ་པར་བྱེད་པ་དང་། རྒྱུ་མི་དམིགས་པ་རྣམས་མཚོན་

པ་ཡིན་པ་དེའི་ཕྱིར་རྩ་བའི་དབྱེ་བ་གསུམ་གྱི་ངོ་བོ་རྣམ་པ་གསུམ་ཐམས་ཅད་མཁྱེན་པ་མེད་པར་བསྒྲུབ་པ་ལ་ནུས་པ་མེད་པར་བསྟན་པའི་ཕྱིར་དེའི་ཡན་ལག་ཏུ་གྱུར་པ་རྣམས་འབད་པ་མེད་པར་དེ་སྟོན་པར་བྱེད་པ་ཡིན་པས་འདི་དག་ལོགས་ཤིག་ཏུ་

ནུས་པ་མེད་པར་བསྟན་པའི་ཕྱིར་འབད་པ་མི་བྱ་སྟེ། རྩ་བ་ཆད་པ་ན་ཡལ་ག་རྣམས་གནས་པར་མི་འགྱུར་རོ། །དོན་དམ་པར་ནི་རང་བཞིན་མི་དམིགས་པ་ཁོ་ན་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་ཏེ། ནང་གསེས་ཀྱི་དབྱེ་བ་ལ་བརྟེན་པའི་ཕྱིར་

เล่ม ๑๙๒ · หน้า 286a

རྣམ་པ་གསུམ་རྩ་བ་ཉིད་དུ་བརྗོད་དོ། །གལ་ཏེ་འདི་སྙམ་དུ་ཐམས་ཅད་མཁྱེན་པ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་དེའི་ཚེ་མི་དམིགས་པའི་ཁྱད་པར་གྲུབ་པར་མི་འགྱུར་རོ། །དེའི་རྒྱུ་དང་ཁྱབ་པར་བྱེད་པ་དག་ནི་དམིགས་

པའི་མཚན་ཉིད་དུ་གྱུར་པའི་ཕྱིར་ཅིའི་ཕྱིར་མི་དམིགས་པའི་ཁྱད་པར་དེ་མ་གྲུབ་པར་འགྱུར་ཏེ། དེ་དང་འགལ་བ་ལ་སོགས་པ་ནི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར། ཅིའི་ཕྱིར། དམིགས་པ་འགྲུབ་པར་མི་འགྱུར་སྙམ་དུ་སེམས། རྒྱུ་དང་

འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་ཉིད་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཉིད་དང་འགལ་བ་ཉིད་དང་ཞེས་ཟླས་དབྱེའོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་བསྒྲུབ་པར་བྱ་བ་ཡིན་ན་ཐམས་ཅད་མཁྱེན་

པ་ལ་སོགས་པ་ནི་མི་སྣང་བ་ཉིད་ཡིན་པའི་ཕྱིར་དེ་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་འགྲུབ་པར་འགྱུར་བ་མ་ཡིན་ནོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་མ་ཡིན་ཏེ། དེ་ལ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་

དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་ལོག་པ་ན་གང་ངེས་པར་ལྡོག་པ་ནི་དེས་ཁྱབ་པར་བསྟན་ལ། ལྡོག་པ་ཡང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་མེད་པར་འགྲུབ་པར་མི་འགྱུར་རོ། །

འགལ་བ་ཡང་སྣང་དུ་རུང་བ་དག་ཁོ་ན་ལ་གྲུབ་པར་འགྱུར་གྱི་མི་སྣང་བ་དག་ནི་མ་ཡིན་ཏེ། འདི་ལྟར་རེ་ཞིག་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ནི་རྒྱུ་མ་ཚང་བ་མེད་པར་འབྱུང་བ་ལ་གཞན་ཡོད་ན་མེད་པའི་ཕྱིར་རྟོགས་ཏེ། མི་

དམིགས་པའི་རང་བཞིན་གྱིས་དངོས་པོ་ཡོད་པ་དང་མེད་པ་དག་ངེས་པར་ནུས་སོ། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡང་གང་ཡོངས་སུ་གཅོད་པ་གང་ཞིག་རྣམ་པར་བཅད་པ་པ་མེད་ན་མི་འབྱུང་བ་དེ་དག་ལ་རྣམ་པར་གཞག་

เล่ม ๑๙๒ · หน้า 286b

སྟེ། རིམ་དང་རིམ་མ་ཡིན་པ་དག་ལྟ་བུ་ཡིན་ལ། ཡོངས་སུ་གཅོད་པ་ཡང་མི་སྣང་བ་དག་ལ་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡོད་པ་དང་མེད་པ་ལ་སོགས་པ་དག་ཇི་ལྟར་འགལ་བར་འགྱུར་སྟེ། དེ་ལ་གཉི་ག་སྣང་དུ་རུང་བ་ཉིད་དུ་

གྲུབ་པ་ནི་མ་ཡིན་ནོ་ཞེ་ན། ཉེས་པ་འདི་མེད་དེ། ཡོད་པ་དང་མེད་པ་དག་ལོགས་ཤིག་ཏུ་ཡོངས་སུ་བཅད་ནས་ཕྱིས་དེ་དག་རྣམ་པར་གཅད་པར་བྱ་བ་དང་། རྣམ་པར་གཅོད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་གསལ་བར་རྣམ་པར་གཞག་པར་

བྱ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ལོགས་ཤིག་ཏུ་ཡོངས་སུ་གཅོད་པ་དག་ལའོ། །འདི་ལྟར་ཆོས་ཅན་གཅིག་ལ་དུས་གཅིག་ཏུ་དེ་དག་འགལ་བར་རྣམ་པར་གཞག་གི །ཆོས་ཅན་གཞན་ལ་ནི་མ་ཡིན་ཏེ། བ་ལང་མེད་པ་ལ་རྟ་ཡོད་པ་ལ་ནི་འགལ་

བ་ཅུང་ཟད་ཀྱང་མེད་དོ། །ཆོས་ཅན་གཅིག་ལ་དུས་ཐ་དད་དུ་དེ་དག་འགལ་བ་ཡང་མ་ཡིན་ཏེ་སྔར་ཡོད་པའམ་མེད་པ་ནི་ཕྱིས་མེད་པའམ་ཡོད་པར་མི་སྲིད་པ་མ་ཡིན་ཏེ། དངོས་པོ་གཅིག་ལ་དེ་དག་ཅིག་ཅར་ཡོངས་སུ་མི་གཅོད་པའི་ཕྱིར་འགལ་གྱི་དེ་ཉིད་དུ་

ཡོངས་སུ་མི་གཅོད་པ་དང་རྣམ་པར་མི་གཅོད་པས་ནི་མ་ཡིན་ནོ། །ཡོངས་སུ་མི་གཅོད་པ་ཇི་ལྟར་རྣམ་པར་མི་གཅོད་ཅེ་ན། དེ་ཉིད་ཀྱི་ཕྱིར་ཏེ། གང་ཁོ་ན་ལ་ཆོས་ཅན་དེ་ལ་ཡོངས་སུ་མི་གཅོད་པ་དེ་ཁོ་ན་ལས་དེ་རྣམ་པར་གཅོད་པར་འགྱུར་གྱི། དེ་ལྟ་བུ་མ་ཡིན་

ན་དེ་ལས་ཡོངས་སུ་གཅོད་པའི་ཆོས་ཇི་ལྟར་རྣམ་པར་གཅད་པར་བྱ་བར་ནུས། དེ་མེད་པར་རྣམ་པར་གཅོད་པ་གང་ཡིན་པ་འདི་ཉིད་དེ་ཡོངས་སུ་གཅོད་པ་ཡིན་ལ། གང་ཁོ་ན་གཞན་གྱིས་དབེན་པ་དེ་ཡོངས་སུ་གཅོད་པ་དེ་ཉིད་དེ་ལ་གཞན་མེད་པ་ཡོངས་སུ་གཅོད་པ་

ཡིན་ནོ། །དེ་ལྟ་བས་ན་ཆོས་ཅན་གང་གི་དངོས་པོ་མེད་པ་རྣམ་པར་གཅོད་པ་དང་དངོས་པོ་ཡོངས་སུ་གཅོད་པ་འདི་གདོན་མི་ཟ་བར་སྣང་བར་ཁས་བླང་བར་བྱ་སྟེ། མི་སྣང་བ་ནི་ཡོངས་སུ་གཅད་པར་བྱ་བ་མ་ཡིན་ལ་ཡོངས་སུ་མ་བཅད་པ་ནི་དེ་དང་འགལ་བའི་ཆོས་རྣམ་པར་

เล่ม ๑๙๒ · หน้า 287a

གཅོད་པ་སྲིད་པ་ཡང་མ་ཡིན་ནོ། །གང་གི་དེ་དག་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཡོངས་སུ་གཅོད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་གཅོད་པར་གྲུབ་པར་འགྱུར་བ་ཆོས་ཅན་སྐྱེས་བུ་ཐམས་ཅད་འགའ་ཞིག་ལ་སྣང་བ་ནི་མ་

ཡིན་ཏེ། དེ་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་མི་དམིགས་པས་ཐམས་ཅད་མཁྱེན་པ་ཉིད་དང་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དག་འགལ་བར་མི་འགྲུབ་པོ། །རང་གི་རྒྱུ་ལ་ནི་གྲུབ་སྟེ། དེ་ལ་

ཡང་མ་འོངས་པའི་གནས་སྐབས་ལ་ནི་མ་ཡིན་ཏེ། དེ་ནི་ད་ལྟ་མི་དམིགས་པའི་ཕྱིར་རོ། །དེ་ལྟ་བས་ན་སྣང་བ་ཉིད་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །གང་གི་བདག་ཉིད་ཁྱད་པར་བཅས། །ཞེས་

བྱ་བ་ནི་གྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །དེ་ལ་བདག་ཉིད་ནི་རང་བཞིན་ནོ། །ཁྱད་པར་དང་ལྷན་ཅིག་འཇུག་པས་ན་ཁྱད་པར་བཅས་སོ། །དེ་ལ་ཁྱད་པར་ནི་སྐལ་བ་རྣམ་པ་གསུམ་དང་བྲལ་བ་ཉིད་དོ། །དེས་ན་མི་དམིགས་པ་འདི་དག །

ཅེས་བྱ་བ་ནི་རྒྱུ་ལ་སོགས་པ་མི་དམིགས་པ་རྣམས་སོ། །ཐམས་ཅད་མཁྱེན་པ་ཉིད་ནི་འགའ་ཞིག་དང་ལྷན་ཅིག་རྒྱུ་དང་འབྲས་བུའི་དངོས་པོ་དང་འགལ་བ་དང་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་མ་གྲུབ་པའི་ཕྱིར་དང་། དམིགས་པའི་རྒྱུ་གཞན་

ཡོད་ན་ཡང་ལ་ལར་རེས་འགའ་མངོན་སུམ་ཉིད་དུ་མ་གྲུབ་པའི་ཡང་ཕྱིར་རོ། །དགག་པའི་ཡན་ལག་གཞན་ཡང་མེད། །ཅེས་བྱ་བ་ནི་མི་དམིགས་པའི་ཁྱད་པར་མ་གཏོགས་པའོ། །གཞན་ཡང་ཁྱད་པར་མེད་པའི་རང་གི་མི་དམིགས་པ་སྦྱོར་བ་ན་ཧ་ཅང་

ཐལ་བར་འགྱུར་བ་ཐོག་ཏུ་བབ་པའི་སྒོ་ནས་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་མ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བག་མར་ལེན་པ་ལ་སོགས་པ་ཞེས་བྱ་བའི་སོགས་པའི་སྒྲས་ཕ་མའི་དགའ་བ་ཉམས་སུ་མྱོང་བ་གཟུང་ངོ་། །དེ་ལྟ་ཡིན་དང་ཁྱོད་

เล่ม ๑๙๒ · หน้า 287b

ནལ་ཕྲུག་ཉིད་དུ་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་སྐད་དུ་གལ་ཏེ་འདིར་ཁྱེད་ཅག་གི་མིག་རྡུལ་གྱིས་མ་དམིགས་པས་དོན་སྤོང་བར་བྱེད་ན། ཕའི་ཐ་སྙད་ཀྱི་རྒྱུ་མཚན་ཡང་མི་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རྒྱུ་ཁྱོད་ཉིད་ཉམས་པར་འགྱུར་རོ་ཞེས་བཤད་

པ་བཞིན་ནོ། །འདིར་གཞན་གྱི་ལན་དོགས་པར་བྱེད་པ་ནི། རྒྱུར་བརྗོད་པ་དེའི་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྟེ། མ་བག་མར་ལེན་པ་ལ་སོགས་པ་དེའི་འབྲས་བུ་ཞེས་བྱ་བའི་རྒྱུའི་ཕྱིར་རྗེས་སུ་དཔག་པའི་ཚད་མས་གྲུབ་པའི་ཕྱིར་རྒྱུ་དེ་མེད་པར་ཐལ་བར་འགྱུར་བ་དེ་

མི་དམིགས་པས་གྲུབ་པ་མ་ཡིན་ནོ། །དེ་མེད་ཀྱང་ཞེས་བྱ་བ་ལ་སོགས་པས་འབྲས་བུའི་གཏན་ཚིགས་འདི་འཁྲུལ་པ་ཉིད་དུ་སྟོན་པ་ཡིན་ཏེ། དེ་མེད་ཅེས་བྱ་བ་ནི། མ་བག་མར་ལེན་པ་ལ་སོགས་པ་དེ་མེད་པར་རོ། །དེ་བཞིན་དུ། གང་ལ་མ་བག་མར་

ཕྱིན་པ་དེ་དང་དགའ་བ་ཉམས་སུ་མྱོང་བ་མེད་པར་བུད་མེད་གཡེམ་མ་འགའ་ཞིག་སྐྱེས་བུ་གཞན་དང་ཕྲད་པར་བུ་ཞེས་བྱ་བའི་འབྲས་བུ་དམིགས་པས་དེ་བཞིན་དུ་ཁྱོད་ཀྱི་མ་ལ་ཡང་འགྱུར་བས་རྗེས་སུ་དཔག་པ་མ་གྲུབ་པོ། །དེ་ལྟ་ཡིན་དང་ཁྱོད་ནལ་ཕྲུག་ཏུ་

ཐལ་བར་བཟློག་པར་དཀའོ། །སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་ཁྱད་པར་ཅན་གྱི་ཕའི་ཐ་སྙད་ཀྱི་རྒྱུ་མཚན་མེད་པར་ཐལ་བར་འགྱུར་བ་བརྗོད་པར་འདོད་པའི་ཕྱིར་ནལ་ཕྲུག་ཉིད་ཐལ་བར་འགྱུར་བ་ཁོ་ན་མཛད་དོ། །གལ་ཏེ་དེ་ནི་གཞན་དམིགས་

པས། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་དོགས་པར་བྱེད་པ་ཡིན་ཏེ། སྐྱེས་བུ་གཞན་དག་གིས་དམིགས་པ་ནི་གཞན་དམིགས་པས་སོ། །དེ་ནི་ཞེས་བྱ་བ་ནི་མ་བག་མར་ལེན་པ་ལ་སོགས་པའོ། །དེ་ནི་མེད་པར་རྟོགས་མ་ཡིན། །ཞེས་བྱ་བ་ལ་འོ་ན་

ཅི་ཞེ་ན། ཡོད་པ་ཉིད་དུའོ། །འདིར་གཞན་གྱིས་དམིགས་པ་མ་གྲུབ་པར་བསྟན་པའི་ཕྱིར། འོན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཞེས་དྲིས་པ་ལས། གཞན་གྱིས་སྨྲས་པ་ཉེ་བར་བསྟེན་ཕྱིར་ན། །ཞེས་བྱ་བ་ལ་གྲུབ་ཅེས་སྐབས་དང་སྦྱར་རོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཉེ་བར་བསྟན་པ་མ་ངེས་

เล่ม ๑๙๒ · หน้า 288a

པར་བསྟན་པར་བྱ་བའི་ཕྱིར། །ཀུན་མཁྱེན་ལ་ཡང་འདི་ཅིས་མེད། །ཅེས་བྱ་བ་སྨོས་ཏེ། འདི་ཞེས་བྱ་བ་ནི་ཉེ་བར་བསྟན་པའོ། །ཀུན་མཁྱེན་ལ་ཡང་ཅིའི་ཕྱིར་མེད་དེ་འོན་ཀྱང་ཡོད་པ་ཁོ་ནའོ། །དེ་ལ་གལ་ཏེ་མ་བག་མར་ལེན་པ་ལ་སོགས་པའི་ཉེ་བར་བསྟན་པ་ཚད་མར་

བྱེད་ན་ཐམས་ཅད་མཁྱེན་པ་ཡོད་དོ་ཞེས་བྱ་བའི་ཁོ་བོ་ཅག་གིས་ཉེ་བར་བསྟན་པ་འདི་ཡང་ཅིའི་ཕྱིར་ཚད་མར་མི་བྱེད་དེ་ཁྱད་པར་མེད་པའི་ཕྱིར་རོ། །གཞན་ཡང་རང་གི་ཚིག་ཉིད་ཀྱིས་ཉེ་བར་བསྟན་པ་ཚད་མ་མ་ཡིན་པར་བསྟན་པ་ཡིན་ནོ་ཞེས་སྟོན་པ་ནི། སྐྱེས་བུ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་

པ་སྟེ། དེ་ལྟར་རེ་ཞིག་ཁྱད་པར་མེད་པ་ནི་མ་ངེས་པའི་ཕྱིར་དང་། ཁྱད་པར་དང་བཅས་པ་ཡང་མ་གྲུབ་པའི་ཕྱིར་རང་གི་དམིགས་པ་ལོག་པ་ནི་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་ཚད་མར་རིགས་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ད་ནི་སྐྱེས་བུ་ཐམས་ཅད་ཀྱི་དམིགས་པ་ལོག་པ་མ་གྲུབ་

པའི་ཕྱིར་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་ཚད་མ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར། ཡང་ན་ཉེ་བར་བསྟན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེར་བསྟན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟོན་པར་བྱེད་པ་ཞེས་བྱ་བ་ལྷག་མའོ། །ཡང་ན་ཉེ་བར་བསྟན་པ་

འདིའི་ཚད་མ་ཞེས་བྱའོ། །སེམས་ཅན་ཀུན་གྱིས་བདག་མཐོང་ན། །ཞེས་བྱ་བ་ནི་སེམས་ཅན་ཀུན་གྱི་རང་བཞིན་མཐོང་བ་ནའོ། །ཁོ་བོ་ཅག་གི་སེམས་ཅན་ཐམས་ཅད་ཀྱིས་བདག་མཐོང་བ་ཡོད་པ་ཉིད་དོ་ཞེ་ན། དེ་མཐོང་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མཐོང་བ་ནི་སེམས་ཅན་ཐམས་

ཅད་ཀྱིས་བདག་མཐོང་བའོ། །དེ་ལྟ་མིན་ན་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིས་བདག་མཐོང་བ་མེད་ནའོ། །ཡོད་པ་བཞིན་ཞེས་བྱ་བ་ནི་ཡུལ་ལ་སོགས་པས་བསྐལ་པའི་དངོས་པོའི་ཡོད་པ་བཞིན་ཏེ། ཡོད་པ་ལྟ་བུའོ། །འདི་སྐད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་ཡུལ་ལ་སོགས་པས་བསྐལ་པའི་

དངོས་པོ་མི་དམིགས་པ་ཡིན་ན་ཡང་དེ་ཡོད་པར་ཐེ་ཚོམ་ཟ་བ་བཞིན་དུ་དངོས་པོ་ཡོད་ན་ཡང་མི་དམིགས་པའི་ཕྱིར་དེ་ལྟར་སྐྱེས་བུ་གཞན་ལ་ཡོད་པའི་ཐམས་ཅད་མཁྱེན་པའི་ཡུལ་ཅན་ལ་ཡང་ཐེ་ཚོམ་ཉིད་དུ་རིགས་པ་ཡིན་ནོ། །ཡང་ན་དོན་ནི་འདི་ཡིན་ཏེ། ཇི་ལྟར་མི་དམིགས་ན་ཡང་ཐམས་ཅད་མཁྱེན་པ་ཡོད་

เล่ม ๑๙๒ · หน้า 288b

པ་ལ་ཐེ་ཚོམ་ཟ་བ་དེ་བཞིན་དུ་དམིགས་ན་ཡང་ཐམས་ཅད་མཁྱེན་པའི་ཡུལ་ལ་ཐེ་ཚོམ་བྱ་བ་ཡིན་ཏེ། གཉིས་ཀ་ཡང་རང་བཞིན་གྱིས་བསྐལ་པས་མི་དམིགས་པར་སྲིད་པའི་ཕྱིར་རོ། །འོན་ཏེ་དངོས་པོ་ཡོད་པ་ལ་ཡང་ཐེ་ཚོམ་རིགས་པ་མ་ཡིན་ནམ། གང་གི་ཕྱིར་དངོས་པོ་ཡོད་པ་ལ་དེ་མི་དམིགས་པ་མཐོང་བའི་

ཕྱིར་རེས་འགའ་འགྱུར་རོ་སྙམ་དུ་སྲིད་པའི་ཕྱིར་རོ། །ཚུ་རོལ་མཐོང་བ་འགའ་ཞིག་ལ་ཐམས་ཅད་མཁྱེན་པ་སྲིད་པ་ཡང་མ་ཡིན་ནོ། །མི་སྲིད་པའི་དངོས་པོ་ལ་རྟོག་པ་དང་ལྡན་པ་ཐེ་ཚོམ་ཟ་བར་རིགས་པ་ཡང་མ་ཡིན་ནོ་ཞེ་ན། འགའ་ཞིག་ཀུན་མཁྱེན་ཡིན་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

རང་ཉིད་ཀྱིས་ཞེས་བྱ་བ་ནི། གཞན་གྱི་གྲུབ་མཐའ་ཁས་བླངས་ནས་བརྗོད་པ་ཡིན་ནོ། །རང་ཉིད་ཅེས་བྱ་བ་བསྟན་པ་ནི་བདག་གིས་ཞེས་བྱ་བའོ། །བདག་ཉིད་ཅེས་བྱ་བ་ནི་སྐྱེས་བུའོ། །གསལ་བ་ཞེས་བྱ་བ་ནི་བདག་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་

ལ་སོགས་པ་འདི་ཉིད་སྒྲུབ་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའོ། །གལ་ཏེ་འདི་སྙམ་དུ་ཚུ་རོལ་མཐོང་བ་རྣམས་ཁོ་ན་ཐམས་ཅད་ཀྱིས་སྒྲ་བརྗོད་པར་འདོད་པ་ཡིན་གྱི་ཐམས་ཅད་མཁྱེན་པ་རྣམས་ནི་མ་ཡིན་ནོ། །དེས་ན་དོགས་པར་མི་འགྱུར་རོ་སྙམ་དུ་སེམས་ན། དེ་གཅིག་

ཡོངས་སུ་དོར་བ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་དེ་ཡོངས་སུ་སྤངས་ནས་ཚུ་རོལ་མཐོང་བ་གཞན་དག་གིས་མི་དམིགས་པས་གཏན་ཚིགས་ཉིད་དུ་ཁས་ལེན་ན་དེའི་ཚེ་མ་ངེས་པ་ཉིད་ཡིན་ཏེ། དེ་ནི་རང་གི་མི་དམིགས་པ་བཞིན་དུ་ཐམས་ཅད་མཁྱེན་པ་མེད་པ་དང་

ལྷན་ཅིག་མེད་ན་མི་འབྱུང་བའི་མཚན་ཉིད་ཀྱིས་འབྲེལ་བ་མེད་པའི་ཕྱིར་རོ། །གཞན་གྱིས་ཡོངས་སུ་མི་ཤེས་ཕྱིར། །ཞེས་བྱ་བ་ལ་སོགས་པས་འབྲེལ་བ་མེད་པ་དེ་ཉིད་སྒྲུབ་པར་བྱེད་དོ། །དེ་ལྟར་མི་དམིགས་པ་ཞེས་བྱ་བའི་ཚད་མ་མ་ངེས་པ་ཉིད་དང་། མ་གྲུབ་པ་ཉིད་དུ་བསྟན་ཏོ། །ད་ནི་དངོས་པོ་མེད་

པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར། ཚུ་རོལ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཐོང་བ་མཁས་པའི་བློ་ཅན་འགའ་ཞིག་ཀྱང་རེས་འགའ་རྗེས་སུ་དཔག་པ་ལས་ཐམས་ཅད་མཁྱེན་པ་རྟོགས་

เล่ม ๑๙๒ · หน้า 289a

སོ་ཞེས་བྱ་བ་སྲིད་པའི་ཕྱིར་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་རིག་བྱེད་ཀྱི་སྒྲ་དང་། དྲི་དང་། ལུས་དང་། རྡོ་རྗེ་ལ་སོགས་པ་སྐད་ཅིག་མ་ཉིད་དང་། བདག་མེད་པ་ཉིད་ལ་

སོགས་པར་གསལ་རབ་ཀྱང་ཁྱེད་ཅག་སྤྱོད་པ་པ་ཕྱུགས་རྣམས་ཀྱིས་མ་མཚོན་པ་ན། ཁོ་བོ་ཅག་གིས་སྒྲུབ་པར་བྱེད་པ་རྟེན་པ་བསྟན་པའི་སྒོ་ནས་བསྒྲུབས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ལ་གལ་ཏེ་དེ་ལྟར་སྒྲུབ་པར་བྱེད་པ་མི་དམིགས་པ་དེ་ལྟ་ན་ཡང་སྲིད་པའི་ཕྱིར་ཐེ་ཚོམ་ཟ་བས་དེའི་ཕྱིར་ཚད་མ་ལྔ་དང་

བྲལ་བའི་རང་བཞིན་གྱི་དངོས་པོ་མེད་པའི་ཚད་མས་ཡུལ་དུ་བྱས་པའི་ངོ་བོ་ཉིད་མ་གྲུབ་སྟེ། ཐེ་ཚོམ་ཟ་བའི་ཕྱིར་རོ། །གང་ལ་ཞེས་བྱ་བ་ནི་ཚད་མ་མེད་པ་ལའོ། །གཞན་ཡང་ཚུ་རོལ་མཐོང་བ་ཐམས་ཅད་ལ་ཐམས་ཅད་མཁྱེན་པ་བསྒྲུབ་པ་ལ་རྗེས་སུ་དཔག་པ་མེད་དུ་ཆུག་མོད། དེ་ལྟ་ན་ཡང་གཏན་

ཚིགས་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྗེས་སུ་དཔག་པ་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་ཡང་མ་ཡིན་པའི་ཚད་མ་དེ་ཇི་ལྟར་འདི་ལྡོག་པ་ན་ཡང་དངོས་པོ་ལྡོག་པར་འགྱུར་ཞེས་སྔར་བསྟན་ཟིན་ཏོ། །འདི་ལྟར་ལྕགས་ཀྱི་གོང་

བུའི་མེ་ལ་སོགས་པ་དུ་བ་ལ་སོགས་པའི་འབྲས་བུ་མི་རྩོམ་པ་ཁང་པའི་ནང་གི་ཕུགས་ན་གནས་པ་ལ་རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་མི་སྐྱེ་ལ་དེའི་ཡོད་པ་ཡང་མི་ལྡོག་པའི་ཕྱིར་མེད་པ་ཡང་མི་ངེས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་མེད་པར་སྒྲུབ་པ་ལ་རྗེས་སུ་དཔོག་པ་མེད་ན་ཐེ་

ཚོམ་ཟ་བ་ཡིན་ནོ། །དེའི་ཞེས་བྱ་བ་ནི་རྗེས་སུ་དཔོག་པ་མེད་པས་སོ། །མེ་ལ་སོགས་པ་གང་གིས་དུ་བ་ལ་སོགས་པའི་འབྲས་བུ་མི་རྩོམ་པ་དེ་ལ་དེ་སྐད་ཅེས་བྱ་ལ། འདི་ནི་དུ་བ་ལ་སོགས་པའི་འབྲས་བུ་མི་རྩོམ་པ་ཡང་ཡིན་ལ་མེ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་ཡོད་པ་ཉིད་བཞིན་ཏེ་ཡོད་པ་ཉིད་

ལྟ་བུའོ། །རེས་འགའ་དམིགས་པའི་དོན་ལ་ནི། །ཞེས་བྱ་བ་ལ་སོགས་པས་གཞན་གྱིས་ལྕགས་ཀྱི་གོང་བུ་ལ་སོགས་པའི་དཔེ་ཐེ་ཚོམ་ཟ་བའི་རྒྱུར་དམིགས་པར་སྟོན་ཅིང་ཐམས་ཅད་མཁྱེན་པ་ལ་ཡང་དེ་མེད་པའི་ཕྱིར་ཐེ་ཚོམ་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་སྒྲུབ་པར་

เล่ม ๑๙๒ · หน้า 289b

བྱེད་པ་ཡིན་ནོ། །དོན་གང་ཞིག་སྔར་རེས་འགའ་དམིགས་པས་དེ་ཉིད་ལ་ཐེ་ཚོམ་བྱ་བར་རིགས་ཏེ། དཔེར་ན་མཐོ་ཡོར་ལ་མི་བཞིན་དུ་དེ་གཉི་གའི་ཆ་ལ་དམིགས་པའི་ཕྱིར་ཏེ། གཞན་དུ་ན་གང་ཅུང་ཟད་མ་མཐོང་བ་དེ་ཐམས་ཅད་ཐེ་ཚོམ་གྱིས་དམིགས་པར་འགྱུར་རོ། །དེ་ལྟ་ཡིན་དང་ཆ་གཉི་ག་ལ་དམིགས་པ་

ཉིད་ཀྱིས་ངེས་པར་འགྱུར་རོ། །དེས་ན་ལྕགས་ཀྱི་གོང་བུའི་མེ་ལ་སོགས་པ་ཐེ་ཚོམ་ཟ་བར་རིགས་ཀྱི་ཐམས་ཅད་མཁྱེན་པ་ལ་ནི་མ་ཡིན་ཏེ་དེ་ནི་རེས་འགའ་ཡང་མ་དམིགས་པའི་ཕྱིར་རོ། །རྣམ་པ་འདི་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་རེས་འགའ་དམིགས་པའི་

དོན་ལ་ཐེ་ཚོམ་ཟ་བ་ལ་གཞན་དུ་མེད་པར་ངེས་པ་ན་དེའི་ཚེ་རིགས་པ་འདི་ཉིད་ཀྱིས་ཁྱེད་ཅག་གིས་མ་བག་མར་ལེན་པ་ལ་སོགས་པ་ཐེ་ཚོམ་མེད་པར་འགྱུར་ཏེ། གང་གིས་འདི་ལ་ཡང་ཁྱེད་ཀྱིས་མེད་ངེས་པར་མི་འགྱུར་བ་ཁྱེད་ཀྱིས་རེས་འགའ་སྔར་མ་བག་མར་ལེན་པ་དམིགས་པ་ནི་མ་ཡིན་ནོ། །དེ་ལ་རྒོལ་

བ་དང་ལན་ལྷག་མ་ནི་སྔ་མ་བཞིན་དུ་བརྗོད་པར་བྱའོ། །བློ་ལྡན་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པའི་ཚིག་གོ། །དེ་ལྟ་ན་འོ་ན་ཐེ་ཚོམ་རྒྱུ་མཚན་མེད་པར་འགྱུར་རོ་ཞེ་ན། ངེད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མ་མེད་པ་ནི་དངོས་པོ་ཡོད་པ་དང་མེད་པ་གཉིས་ཀ་ལ་ཡང་མཐོང་བའི་ཕྱིར་རྣམ་པར་མི་གནས་

པ་ཡིན་ཏེ། དེས་ན་ཡོད་པ་དང་མེད་པར་ངེས་པ་མི་སྐྱེ་བའི་ཕྱིར་ཐེ་ཚོམ་དུ་བརྗོད་དོ། །ཇི་སྐད་དུ། དམིགས་པ་དང་མི་དམིགས་པར་རྣམ་པར་མི་གནས་པའི་ཕྱིར་ཁྱད་པར་ལ་ལྟོས་པའི་རྣམ་པར་སྤྱོད་པ་ནི་ཐེ་ཚོམ་མོ་ཞེས་སྨྲས་པ་ལྟ་བུའོ། །འདི་སྙམ་དུ་དངོས་པོ་ཡོད་པ་དང་མེད་པ་གཉི་ག་ལ་ཡང་

ཚད་མ་ལྡོག་པར་མཐོང་བ་མ་ཡིན་ནོ་སྙམ་དུ་སེམས་ན། དངོས་པོ་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་བུམ་པ་ལ་སོགས་པའི་དངོས་པོ་ཡོད་ཀྱང་མིག་མ་ཚང་བ་ལ་ཚད་མ་མི་འཇུག་ལ། མིག་ལ་སོགས་པ་དེ་དག་མ་ཚང་བ་མེད་ན་ཡང་ཡུལ་ཞེས་བྱ་བའི་དངོས་པོ་མི་ཉེ་བ་ཉིད་ཀྱིས་མེད་ན་ཡང་

མི་འཇུག་གོ་ཞེས་རྣལ་མ་དང་སྦྱར་རོ། །དཔེར་ན་རུང་བའི་ཡུལ་ན་མི་ཉེ་བའི་བུམ་པ་ལ་སོགས་པ་བཞིན་ནོ། །འབའ་ཞིག་ཅེས་བྱ་བ་ནི་བལྟར་རུང་བའི་ཁྱད་པར་དང་བྲལ་བའོ། །གཉིས་སུ་མཐོང་བའི་ཕྱིར་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་ཡང་ངོ་། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །མཆོག་

เล่ม ๑๙๒ · หน้า 290a

ཅེས་བྱ་བ་ནི་དགེ་བའི་རྩ་བ་མཚམས་སྦྱོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་ལོག་པའི་ལྟ་བས་དགེ་བའི་རྩ་བ་རྒྱུན་བཅད་པ་རྣམས་ལ་ཐེ་ཚོམ་དང་ཡོད་པར་ལྟ་བ་དག་གིས་དགེ་བའི་མཚམས་སྦྱོར་བ་བརྗོད་པ་ཡིན་ཏེ། མཚམས་ནི་ཐེ་ཚོམ་ཡོད་ལྟ་བས། །ཞེས་བཤད་པའི་ཕྱིར་རོ། །

དེ་ཉིད་ཀྱི་ཕྱིར་དེ་དང་དེར་སློབ་དཔོན་རྣམས་ཀྱིས་ཐེ་ཚོམ་སྐྱེད་པ་ཡིན་ནོ། །གལ་ཏེ་ཡོད་པ་ལ་ཚད་མ་ཅི་ཡོད་ཅེ་ན། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཡིན་ལ་རག་མོད། འདི་སྙམ་དུ་གལ་ཏེ་ཐམས་ཅད་མཁྱེན་པ་ཡོད་ན། ཅིའི་ཕྱིར་རེས་འགའ་འགའ་ཞིག་གིས་དམིགས་པར་མི་འགྱུར། གལ་ཏེ་འདི་ཚུ་རོལ་མཐོང་

བས་རྟག་ཏུ་མི་དམིགས་པ་ཞེས་པ་དེ་ལྟ་ན་ཡང་དེའི་འབྲས་བུ་འགའ་ཞིག་གིས་ཅིའི་ཕྱིར་མི་འཛིན། མིག་ལ་སོགས་པ་རྣམས་མངོན་སུམ་མ་ཡིན་པ་ན་དེའི་འབྲས་བུའི་ཤེས་པ་ཡང་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་དེ་ནི་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་

མཐོང་ཞེས་བྱ་བ་ནི་དངོས་སུ་ཞེས་བྱ་བ་དང་འབྲེལ་པར་བྱའོ། །གང་གིས་དམིགས་པ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་མེད་པར་འགྱུར་གང་ཅུང་ཟད་ཡོད་པ་དེ་ཐམས་ཅད་དམིགས་པ་ནི་མ་ཡིན་ནོ། །སྐྱེས་བུ་གཞན་ལ་ཡོད་པའི་རྣམ་པར་རྟོག་པ་ཡོད་ན་ཡང་གཞན་དག་གིས་མི་དམིགས་པའི་

ཕྱིར་རོ། །གང་གིས་ཐམས་ཅད་མཁྱེན་པའི་འབྲས་བུ་མི་དམིགས་པས་མེད་པར་འགྱུར་བ་གདོན་མི་ཟ་བར་རྒྱུ་རྣམས་ནི་རྟག་ཏུ་འབྲས་བུ་རྩོམ་པར་འགྱུར་བ་ཡང་མ་ཡིན་ཏེ། དུ་བའི་འབྲས་བུ་མི་རྩོམ་པའི་ལྕགས་ཀྱི་གོང་བུའི་མེ་ལ་སོགས་པ་མཐོང་བའི་ཕྱིར་རོ། །རྒྱུ་རྣམས་ནི་རྣག་ཏུ་འབྲས་བུ་དང་ལྡན་པ་

མ་ཡིན་ནམ། དེ་ལྟ་ན་ཡང་དེའི་འབྲས་བུ་མེད་པར་ངེས་པ་མ་ཡིན་ཏེ། གང་གིས་འབྲས་བུ་མ་དམིགས་པས་དེའི་མེད་པར་གྲུབ་པར་འགྱུར་བ་འབྲས་བུ་ཐམས་ཅད་སྐྱེས་ན་ཡང་སྣང་བ་ཉིད་ཀྱིས་ཁྱབ་པ་མ་ཡིན་ཏེ། འབྲས་བུ་སྐྱེས་ན་ཡང་མ་མཐོང་བའི་ཕྱིར་གཞན་གྱི་རྟོག་པ་ལས་བྱུང་བའི་ཆགས་པ་

བཞིན་ནོ། །དཔེར་ན་སྐྱེས་བུ་གཞན་གྱི་རྟོག་པ་ལས་བྱུང་བ་སྟེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཆགས་པ་ཡང་མི་དམིགས་པ་ཡིན་ཏེ་འདི་ནི་མེད་པ་ཡང་མ་ཡིན་ཏེ། ཡང་ན་འབྲས་བུ་མ་འོངས་པ་ཡོད་ན་ཡང་དེའི་རྒྱུ་དབང་པོ་ལས་འདས་པ་ཡིན་པའི་ཕྱིར་དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་

เล่ม ๑๙๒ · หน้า 290b

མ་བཟུང་བའི་སྐྱེས་བུ་དེ་ལ་རྗེས་སུ་དཔོག་པ་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡོད་ན་ཡང་རྗེས་སུ་དཔག་པ་ལས་གྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །བླུན་བློས་མཐོང་བ་ཞེས་བྱ་བ་ལ་བློ་ཉིད་མཐོང་བ་ནི་བློས་མཐོང་བ་སྟེ། རྨོངས་པའི་བློས་མཐོང་

བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ཚད་མ་དངོས་པོའི་རྒྱུ་མ་ཡིན་ཞིང་ཁྱབ་པར་བྱེད་པ་ཡང་མ་ཡིན་པར་སྔར་བསྟན་པ་ཡིན་ཏེ། དེ་ཇི་ལྟར། རྒྱུ་མ་ཡིན་ཞིང་ཁྱབ་པར་བྱེད་པར་གྱུར་པ་མ་ཡིན་པའི་རྗེས་སུ་དཔག་པ་འདི་ལོག་ན་དངོས་པོ་ལྡོག་པ་ཡིན་སྙམ་དུ་སེམས་

པ་ཡིན་ནོ། །འདི་ནི་རྒྱུ་མ་ཡིན་པ་ཡང་ཡིན་ལ། ཁྱབ་པར་བྱེད་པ་མ་ཡིན་པ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །རྒྱུ་མ་ཡིན་པ་དང་ཁྱབ་པར་བྱེད་པ་མ་ཡིན་པའི་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་ལྡོག་པ་ན་དངོས་པོ་ལྡོག་པར་མཐོང་བ་ཉིད་དོ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། མཐོང་བ་ལ་ནི་མི་འཐད་

པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་དགོས་པ་ལ། དེ་ལོག་ན་ཡང་དོན་ཡོད་པར་མཐོང་སྟེ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་འདི་ལོག་པ་ཡིན་ན་ཡང་དངོས་པོ་འདི་ཡོད་པར་ཡང་མཐོང་སྟེ། དཔེར་ན་ལྕགས་ཀྱི་གོང་བུའི་མེ་བཞིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟར་རྒྱས་པར་ཐམས་ཅད་མཁྱེན་པ་མེད་པར་

སྒྲུབ་པར་བྱེད་པའི་གནོད་པར་བྱེད་པའི་ཚད་མ་མེད་པར་བསྟན་ནས་མཇུག་སྡུད་པར་བྱེད་པ་ནི། དེའི་ཕྱིར་ཀུན་མཁྱེན་ཡོད་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་སྙམ་དུ་ཇི་ལྟར་ཁོ་བོ་ཅག་ལ་གནོད་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ལྟར་ཁྱེད་ཅག་ལ་ཡང་དེ་སྒྲུབ་པར་བྱེད་པ་མེད་དོ་སྙམ་དུ་སེམས་

ན། འདིའི་སྒྲུབ་བྱེད་ནི་ཞེས་བྱ་བ་སྨོས་སོ། །ཡན་ལག་གསལ་བ་མ་ལུས་པ། །རྒྱས་པར་ཤེས་པ་སྒྲུབ་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། མ་ལུས་དོན་ནི་ཡོངས་ཤེས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་པ་འདི་ཡིས་ཞེས་བྱ་བ་ནི་དགོངས་པ་འདིས་སོ། །འདི་

ཡང་གང་ཡིན་ཞེ་ན། མཐོ་རིས་ཐར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཁོ་བོ་ཅག་གིས་བཅོམ་ལྡན་འདས་གཙོ་བོར་མཐོ་རིས་དང་ཐར་པ་ཐོབ་པར་བྱེད་པའི་རྒྱུ་སྒྲུབ་པར་བྱེད་ལ། གང་ཡང་འདིའི་མ་ལུས་པའི་ཡོངས་སུ་ཤེས་པ་པོ་ཉིད་ཡིན་པར་ཤེས་པར་སྒྲུབ་པར་བྱེད་པ་དེ་ནི་ཞར་ལས་བྱུང་བ་ཡིན་

เล่ม ๑๙๒ · หน้า 291a

ཏེ། གཞན་དུ་ཡང་བཅོམ་ལྡན་འདས་ཀྱིས་མཁྱེན་པ་འཇུག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །དངོས་སུ་དོན་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་བ་ལ་འགས་ཀྱང་མི་གནོད་པའི་ཕྱིར་དེ་ན་རྟོག་པ་དང་ལྡན་པ་དེ་སྤོང་བར་ནུས་པ་མ་ཡིན་

ནོ། །འོན་ཀྱང་དེ་དག་ཐམས་ཅད་མཁྱེན་པ་ཐོབ་པ་དོན་དུ་གཉེར་བ་དེ་དག་དེའི་དོན་དུ་འཇུག་པར་རིགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་གནོད་པར་བྱེད་པའི་ཚད་མ་མེད་ཅིང་འཆད་པར་འགྱུར་བ་ཐམས་ཅད་མཁྱེན་པའི་སྒྲུབ་པར་བྱེད་པ་ཡང་གསལ་བ་ཡོད་པ་ན། སྐྱེས་བུ་ཐམས་ཅད་

འདོད་ཆགས་ལ་སོགས་པ་དང་མ་རིག་པས་བསླད་པ་ཡིན་ནོ་ཞེས་ཁྱེད་ཅག་ངེས་པ་གཅིག་གི་ཡུལ་ཅན་གྱི་ཐམས་ཅད་མཁྱེན་པ་སྤོང་བ་གང་ཡིན་པ་དེ་ནི་རྨོངས་པ་འབའ་ཞིག་ལས་ཡིན་ནོ་ཞེས་སྟོན་པ་ནི། དེ་ནས་གནོད་བྱེད་མེད་པ་དང་། །ཞེས་བྱ་བ་ལ་སོགས་པའོ། །དེ་འདི་སྙམ་དུ་དེ་ལྟ་བུའི་

སྐྱེས་བུ་སྒྲུབ་པར་བྱེད་པའི་རྣམ་པ་དེ་ལྟ་བུའི་ཚད་མ་མེད་དོ་ཞེས་དེ་ལྟར་སེམས་པ་ཁོ་བོ་ཅག་གིས་སྤོང་བར་བྱེད་ཀྱི་རྨོངས་པ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེ་ལ་སྒྲུབ་བྱེད་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདི་ཡང་ཁས་བླངས་ནས་བརྗོད་ཀྱི་འདིའི་སྒྲུབ་པར་བྱེད་པ་འཆད་པར་འགྱུར་བ་ཡོད་པ་

ཁོ་ནའོ། །དེས་འདི་ཞེས་བྱ་བ་འདི་ཐམས་ཅད་མཁྱེན་པ་མེད་དོ་ཞེས་བྱ་བ་འདིའོ། །གང་ཡང་ཁྱེད་ཅག་གིས་སྐུལ་བར་བྱེད་པ་ཁོ་ན་འབྱུང་བ་དང་འབྱུང་བར་འགྱུར་བ་དང་། ཕྲ་བ་དང་ཆད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུའི་རིགས་ཅན་གྱི་དོན་རྟོགས་པར་ནུས་པ་ཡིན་གྱི་གཞན་དབང་པོས་

ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་འདི་ཡང་གུས་པར་སྨྲ་བས་ཚད་མ་མེད་པ་ཅན་དམ་བཅའ་བ་འབའ་ཞིག་སྨྲ་བ་ཡིན་ནོ་ཞེས་སྟོན་པ་ནི། སྐུལ་བྱེད་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་གྱིས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་མངོན་སུམ་ལ་སོགས་པའོ། །གཞན་མེད་ཅེས་བྱ་བ་

ནི་གཞན་ཆོས་ཤེས་པ་མེད་པར་ངེས་ན་འདི་སྐད་དུ་བརྗོད་པར་ནུས་ཀྱི་གཞན་དུ་ནི་མ་ཡིན་ཏེ། ངེས་པར་བཟུང་བ་འབྲས་བུ་མེད་པའི་ཕྱིར་རོ། །དེ་ལ་འགྲོ་ཀུན་ཕྲ་བ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། སྐྱེས་བུའི་དོན་གྱི་གཙོ་བོ་མཁྱེན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གིས་ཆོས་ཤེས་པའི་

เล่ม ๑๙๒ · หน้า 291b

ཡུལ་ཅན་གྱི་བསམ་པ་སྤངས་ནས་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ་འབད་པ་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཙོ་བོར་གྱུར་པའི་ཆོས་ཤེས་པ་བསྒྲུབ་པ་ཉིད་ལའོ། །དེ་བཞིན་དུ་སྔར་གཞན་དུ། དོན་གྱིས་གོ་བས་རྙེད་པ་ཡི། །ཁྱོད་ཀྱིས་ཆོས་ཞེས་ཁས་བླངས་དེས། །ཞེས་བྱ་བ་ལ་

སོགས་པས་ཆོས་ཞེས་བྱ་བ་སྒྲུབ་པ་ལ་དོན་གྱིས་གོ་བ་ཞེས་བྱ་བ་ཁྱེད་ཀྱི་ལུགས་ཉིད་ཀྱིས་ཚད་མར་བརྗོད་པ་ལ་ཕྱིས་རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་འཆད་པར་འགྱུར་ཏེ། དེས་ན་འཇིག་རྟེན་གནས་མ་ཡིན་པ་ལ་ངལ་བ་མ་ཡིན་པའོ། །འོ་ན་ཅི་ཞེ་ན། །གནས་གཉིས་ལའོ། །ཚད་མ་བྱེད་པ་ཀུན་

འབྲེལ་པའི། །ཞེས་བྱ་བ་ལ་སོགས་པ་ལ། ཚད་མ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ལ་སོགས་པའི་ཡུལ་ཅན་ཚད་མ་བྱེད་པ་པོ་དང་འབྲེལ་པའི་མངོན་སུམ་ལ་སོགས་པས་མ་མཐོང་བ་ཙམ་གྱིས་འགག་པར་མི་ནུས་པའི་ཕྱིར་ཆོས་དང་ཆོས་མ་ཡིན་པ་དག་ལུང་ཙམ་གྱིས་རྟོགས་

པར་བྱ་བར་མི་འགྱུར་རོ། །ཇི་སྐད་དུ། འདི་ཙམ་གྱིས་ནི་སྤྱོད་པ་ཡིས། །ཕྱོགས་གྲུབ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་པ་འདི་ལ། འདི་ཙམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་གྲུབ་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཤེས་པ་མ་གྲུབ་པའི་ཕྱིར་རོ། །གཞན་དག་

གིས་ཞེས་བྱ་བ་ནི་དཔྱོད་པ་པ་རྣམས་ཀྱིས་སོ། །གང་ཡང་རྩ་བ་བཅད་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གང་ཡང་རྩ་བ་མ་བཅད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་བཅོམ་ཞེས་དགག་པའི་ཚིག་གདོན་པར་བྱའོ། །དེ་ཡིས་ཞེས་བྱ་བ་ནི་སངས་རྒྱས་པ་རྣམས་ཀྱིས་སོ། །དངོས་སུ་མངོན་

སུམ་གྱིས་མཐོང་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ། ལྕེ་ཡི་དབང་པོ་དང་འབྲེལ་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་སུ། ཆང་གི་རོ་ལ་སོགས་པ་རིག་པར་འགྱུར་བ་དེ་ལྟ་ན་ཡང་ཆོས་ཞེས་བྱ་བ་ཉིད་ཉམས་པར་མི་འགྱུར་རོ། །སྨད་པར་བྱ་བ་ཉིད་དུ་འགྱུར་ཞེ་ན་མ་ཡིན་

ཏེ། གང་ཡང་ལྕེའི་དབང་པོས་རེག་ནས་རོ་ལ་སོགས་པ་དེ་དག་མྱོང་བར་མཛད་ན། །དེ་འཇིག་རྟེན་སྨད་པར་བྱ་བ་ཉིད་དུ་འགྱུར་ན། བཅོམ་ལྡན་འདས་ནི་དེ་ལྟར་རིགས་པར་མཛད་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡིད་ཀྱིས་སོ། །དེ་ཡང་མ་ཕྲད་པའི་ཡུལ་ཅན་ཡིན་པའི་ཕྱིར་འཇིག་རྟེན་ན་དེས་བྱས་པ་སྨད་

เล่ม ๑๙๒ · หน้า 292a

པ་ཉིད་དུ་གྲགས་པ་མ་ཡིན་ནོ། །དོན་དམ་པར་སྨད་པར་བྱ་བ་ཉིད་འགའ་ཡང་ཡོད་པ་མ་ཡིན་ཏེ། དེ་མི་གནས་པའི་ཕྱིར་རོ། །འདི་ལྟར་གཙང་སྦྲ་ཅན་གྱིས་སྨད་པར་བྱ་བ་གང་ཡིན་པ་དེ་རོ་སྲེག་མཁན་གྱིས་མ་ཡིན་ནོ། །འོན་ཀྱང་འཇིག་རྟེན་ན་ཆང་ལ་སོགས་པ་སྨད་པ་ཡིན་ཏེ། དེ་དག་

ཉམས་སུ་མྱོང་བར་མཛད་པ་དེ་ལྟ་ན་ཡང་། བཅོམ་ལྡན་འདས་སྨད་པར་བྱ་བ་མ་ཡིན་ཏེ། ཆང་ནི་ཡིད་ཀྱིས་མྱོང་བའི་ཕྱིར་རོ། །འདི་སྙམ་དུ་ཇི་ལྟར་ལྕེའི་དབང་པོ་དང་འབྲེལ་པའི་ཕྱིར་གཞན་དག་ཆང་ལ་སོགས་པ་མྱོང་བ་ན་སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བ་དེ་ལྟར་ཡིད་ཀྱིས་ཀྱང་ཉམས་སུ་མྱོང་བར་

འགྱུར་རོ་སྙམ་དུ་སེམས་ན། འདི་ཡོད་པ་མ་ཡིན་ཏེ། རོ་ལ་སོགས་པ་ལྕེའི་དབང་པོ་དང་འབྲེལ་བ་ཉམས་སུ་མྱོང་བ་དབང་པོ་ལ་ཕན་འདོགས་པ་དང་གནོད་པར་བྱེད་པ་ན་སྡུག་བསྔལ་ལ་སོགས་པའི་རྒྱུར་འགྱུར་ལ། དེ་དག་ཀྱང་ལས་དགེ་བ་དང་མི་དགེ་བའི་རྗེས་སུ་བྱེད་པས་ཕྱིན་ཅི་ལོག་གི་བློ་ཅན་འགའ་

ཞིག་ཁོ་ན་ལ་དེ་བཞིན་དུ་སྡུག་བསྔལ་ལ་སོགས་པའི་རྒྱུ་ཉིད་དུ་བརྗོད་ཀྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །ཇི་ལྟར་ཡི་དགས་རྣམས་ལ་ཆུ་ལ་སོགས་པ་རྣག་ལ་སོགས་པའི་ངོ་བོར་སྣང་བ་དེ་བཞིན་ནོ། །བཅོམ་ལྡན་འདས་ལ་དེ་ལྟ་བུ་ཐམས་ཅད་མངའ་བ་མ་ཡིན་ཏེ། ཡིད་ཁོ་ནས་ཉམས་སུ་མྱོང་བར་མཛད་

པའི་ཕྱིར་དབང་པོ་ལ་གནོད་པ་ལ་སོགས་པར་འགྱུར་བ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་ཟག་པ་མེད་པའི་དབང་པོ་ལྔའི་བདག་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་ལས་ཀྱི་དབང་དུ་འགྱུར་བ་མི་སྲིད་ལ། ཕྱིན་ཅི་མ་ལོག་པའི་མི་རྟག་པ་ལ་སོགས་པའི་ངོ་བོས་མྱོང་བར་མཛད་པའི་ཕྱིར་ཕྱིན་ཅི་ལོག་

ཀྱང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་ཡིད་ལས་བྱུང་བའི་ཡིད་མི་བདེ་བ་ལ་སོགས་པའི་མཚན་ཉིད་ཀྱི་སྡུག་བསྔལ་ལ་སོགས་པ་མི་སྲིད་དེ་དེ་ནི་རྨོངས་པ་ལས་བྱུང་བའི་ཕྱིར་རོ། །ཀླན་ཀ་འདི་ཐམས་ཅད་ཕྱི་རོལ་གྱི་དོན་ཡོད་པ་ན་འཇུག་པ་ཡིན་གྱི་རྣམ་པར་ཤེས་པར་སྨྲ་བའི་ཚུལ་ལ་ནི་གོ་

སྐབས་འདི་ཐག་རིང་དུ་བསྲིངས་པ་ཡིན་ཏེ། འདི་ལྟར་དོན་དམ་པར་གཟུགས་ཀྱི་ཕུང་པོར་མེད་པའི་ཕྱིར་མི་གཙང་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་དག་ནི་ཡང་དག་པ་མ་ཡིན་པ་བརྟགས་པའི་བག་ཆགས་སད་པ་ཙམ་ལས་བྱུང་བའི་ཕྱིར་རོ། །དེས་ན་དོན་དམ་པ་མཐོང་བའི་བདག་ཉིད་དུ་གྱུར་པ་མི་གཙང་བ་ལ་སོགས་

เล่ม ๑๙๒ · หน้า 292b

པ་མ་ལུས་པ་ཐག་བསྲིངས་པའི་མཐོང་བ་ལ་དེ་དག་སྣང་བ་མ་ཡིན་ཏེ། དཔེར་ན་རབ་རིབ་ལ་སོགས་པའི་སྐྱོན་དང་བྲལ་བ་ན་མིག་ཉམས་པས་མཐོང་བ་ལ་སྐྲ་ཤད་ལ་སོགས་པ་བཞིན་ནོ་ཞེས་བཤད་པ་ལྟ་བུའོ། །ཇི་སྐད་དུ། དེ་ཉིད་དེ་ཡི་ཡེ་ཤེས་ལ། །མི་གཙང་རོ་སོགས་སྣང་མི་འགྱུར། །རིག་པར་

མི་འགྱུར་བདག་ཉིད་ཕྱིར། །མི་འགྲུབ་ཟླ་བ་གཉིས་གཟུགས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །བྲམ་ཟེ་གང་གིས་ཁྱབ་པར་བྱེད་པ་ཉིད་ཀྱི་རྟག་ཏུ་མི་གཙང་བའི་ཡུལ་ཐམས་ཅད་དུ་འབྲེལ་པའི་རིག་བྱེད་ཀྱི་སྒྲ་ཁ་དང་ཁོང་པ་ལ་སོགས་པར་གནས་པ་དེ་ཇི་ལྟར་འཇིག་རྟེན་འདིར་སྨད་པར་བྱ་བར་མི་འགྱུར།

རིག་བྱེད་ཉེ་བའི་རིག་བྱེད་དང་། །ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་རིག་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །གང་ཞིག་ཡོད་པ་ལ་སོགས་པའི་ངོ་བོས་ཇི་ལྟར་གནས་པའི་དངོས་པོ་དེ་དེ་ལྟར་མཁྱེན་པའི་ཕྱིར་ཐམས་ཅད་མཁྱེན་པར་འགྱུར་ལ། ཇི་ལྟར་རིག་བྱེད་དུ་བསྟན་པའི་བདག་ལ་སོགས་

པའི་དོན་རྣམས་དེ་ལྟར་ཡོད་པ་མ་ཡིན་ཏེ། ཚད་མས་གནོད་པའི་ཕྱིར་རོ། །དེ་ཇི་ལྟར་དེ་ཁོ་ན་ལྟར་དེ་སྟོན་པ་ན་དེ་ཁོ་ན་ཉིད་མཐོང་བར་འགྱུར་བ་དེ་བཞིན་དུ། དེས་དེ་ལོག་པ་ཉིད་དུ་ཤེས་སོ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་མཁྱེན་པ་ཉིད་དེ་ཁོ་ན་ཉིད་དོ། །འདི་ལྟར་རིག་བྱེད་དུ་བཤད་པའི་

སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་དང་ངན་འགྲོའི་རྒྱུ་ཉིད་དུ་བསྟན་ལ། དེ་བཞིན་དུ་འདི་ལ་བདག་གི་སེམས་ཅན་མེད། ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་བྱ་བ་ལ་སོགས་པས་བདག་ལ་སོགས་པ་ཡང་མེད་པ་ཉིད་དུ་གསུངས་སོ། དེའི་ཕྱིར། བཅོམ་ལྡན་འདས་ཀྱིས་

རིག་བྱེད་དུ་བརྗོད་པའི་དངོས་པོ་མི་མཁྱེན་པར་མ་གྲུབ་པོ། །རང་གཞུང་དུ་དོན་མ་བསྟན་ཀྱང་། །ཞེས་བྱ་བ་ལ་སོགས་པ་ལ། དེས་ན་གཉིས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་མུ་སྟེགས་བྱེད་ཀྱང་མ་གཏོགས་པའི་ཕྱིར་གཉིས་སུ་མེད་པ་སྟེ་དེ་དག་ཐམས་ཅད་ནི་ཕྱིན་ཅི་ལོག་གི་བདག་ཏུ་ལྟ་བ་

ལ་མངོན་པར་ཞེན་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱང་བདག་མེད་པའི་ཁྱད་པར་ཡིན་ནོ། །ཞི་བའི་སྒོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་འཇུག་པའི་ཐབས་སུ་འགྱུར་བའི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ལ་བརྗོད་དོ། །ལྟ་བ་ངན་རྣམས་ཞེས་བྱ་བ་ནི་བདག་ལ་སོགས་པའི་

เล่ม ๑๙๒ · หน้า 293a

ལྟ་བ་ངན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པ་ཞེས་བྱ་བའི་དོན་དུའོ། །ཇི་སྐད་དུ། །བདག་ཡོད་མ་ཡིན་ཡོད་མི་འགྱུར། །བདག་གི་ཡོད་མིན་མི་འགྱུར་ཞེས། །བྱིས་པ་རྣམས་ནི་དེ་ལྟར་སྐྲག །མཁས་

པ་རྣམས་ལ་སྐྲག་པ་ཟད། །ཅེས་བཤད་པ་བཞིན་ནོ། །འདིས་ནི་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་ལ་གནས་པས་དེ་ལ་མོས་པར་ཡང་མི་ནུས་པས་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པ་ཡིན་ནོ། །སོ་སོའི་སྐྱེ་བོའི་ས་ལ་གནས་པ་འགའ་ཞིག་གིས་ནམ་ཡང་དེ་སྔར་ཤེས་པ་མ་ཡིན་ནོ་ཞེས་སྟོན་

པ་ནི། འཁོར་བ་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་པའི་སོ་སོའི་སྐྱེ་བོ་རྣམས་ཀྱིས་མ་འདྲིས་པ་སྟེ་གོམས་པར་མ་བྱས་པ་ཞེས་བྱ་བའི་དོན་ཏོ། །གང་གིས་དེའི་དོན་དུ་སྟོན་པ་ཇི་ལྟར་ཕན་པར་འགྱུར་བ་ཡིན་ཞེ་ན། ཤེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་ན་དེ་མངོན་སུམ་བྱས་ན་

ཉོན་མོངས་པ་དང་སྐྱེ་བའི་མཚན་ཉིད་ཀྱི་གནོད་པའི་ཕུང་པོ་མ་ལུས་པ་ལྡོག་པར་འགྱུར་རོ། །དུས་ཕྱིས་ཀྱང་དེ་གོམས་པར་བྱས་པ་ན། རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན་མཆོག་ཏུ་གྱུར་པའི་སྐྱེས་བུ་ལ་ཉེ་བར་མཁོ་བའི་དེ་ཁོ་ན་ཉིད་གལ་ཏེ་སྙན་དངགས་

མཁན་གྱིས་ཤེས་པ་ན་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཡིན་ལ་རག་མོད། གང་གི་ཕྱིར་ཁོ་བོ་ཅག་གིས་སྐྱེས་བུ་གཅིག་རིས་སུ་བཅད་དེ་ཐམས་ཅད་མཁྱེན་པ་ཉིད་དུ་ཁས་ལེན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཇི་སྐད་དུ་བཤད་པའི་དེ་ཁོ་ན་ཉིད་མཁྱེན་པ་གང་ཡིན་པ་དེ་ཁོ་ན་ཐམས་ཅད་མཁྱེན་པ་འདོད་ཀྱི་གཞན་

ནི་མ་ཡིན་ནོ། །དེ་ལྟ་བུ་སྙན་དངགས་མཁན་རྣམས་ལ་ནི་ཡོད་པ་མ་ཡིན་ཏེ་དེས་ན་ཧ་ཅང་ཐལ་བར་མི་འགྱུར་རོ། །དེས་ན་འགལ་བ་ཉེ་བར་སྟོན་པ་ནི་ཞེས་བྱ་བ་ལ་སོགས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་མེད་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཇི་

སྐད་དུ་བཤད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྡོང་རིས་དང་སེར་སྐྱ་ལ་སོགས་པ་ལ་སྲིད་པར་འགྱུར་ན་དེའི་ཚེ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་ན། གང་གི་ཕྱིར་འདི་དག་ཐམས་ཅད་ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ་ལོག་པའི་བདག་ཉིད་དུ་འཛིན་པའི་གདོན་གྱིས་བཟུང་བ་ཡིན་ཏེ། གང་གིས། སེར་སྐྱ་མིན་

เล่ม ๑๙๒ · หน้า 293b

ཞེས་ཚད་མ་ཅི། །ཞེས་བརྗོད་པས་མངོན་སུམ་ལ་སོགས་པའི་ཚད་མས་གནོད་པའི་དངོས་པོ་རྣམས་ཀྱི་སྐད་ཅིག་མ་མ་ཡིན་པ་ལ་སོགས་པ་སྟོན་པའོ། །དེ་ཇི་ལྟར་བྱས་པའི་བར་ལ་ཤིན་ཏུ་གྲགས་པའི་ལམ་དུ་གྱུར་པའི་དངོས་པོ་དག་ལ་ཡང་འཁྲུལ་པ་འདི་དག་དབང་པོ་ལས་འདས་པའི་དོན་མཐོང་བ་

སྲིད་པའི་ལམ་ལ་འཇུག་པར་འགྱུར། འདི་ལྟར་འདིར་ཚད་མ་འདི་གསལ་རབ་ཏུ་བརྗོད་པར་ནུས་ཏེ། གང་དག་ལོག་པའི་ཤེས་པ་དང་འབྲེལ་པ་དེ་དག་ནི་ཐམས་ཅད་མཁྱེན་པ་ནི་མ་ཡིན་ཏེ། དཔེར་ན་མཐོ་ཡོར་ལ་མིའོ་སྙམ་དུ་འཁྲུལ་པ་སྐྱེས་པའི་སྐྱེས་བུ་བཞིན་ནོ། །སྡོང་རིས་ལ་སོགས་པ་ལ་

ཡང་ལོག་པའི་ཤེས་པ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། ཐམས་ཅད་མཁྱེན་པ་དང་འགལ་བ་ཐམས་ཅད་མཁྱེན་པ་མ་ཡིན་པས་ལོག་པའི་ཤེས་པ་དང་འབྲེལ་པ་ལ་ཁྱབ་པའི་ཕྱིར་རོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཕྱིན་ཅི་ལོག་གི་དོན་

གསལ་བར་བྱེད་པའི་ཕྱིར་འདི་དག་ནི་ལོག་པའི་ཤེས་པ་དང་འབྲེལ་པ་ཉིད་གྲུབ་པོ། །འདི་དག་གི་ལོག་པའི་དོན་གསལ་བར་བྱེད་པ་དེ་ཡང་བརྟག་པ་ཐམས་ཅད་ཀྱིས་མ་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཡང་མ་ཡིན་ནོ། ཅིག་ཅར་དངོས་པོ་མ་ལུས་པ་ཡང་དག་པར་

ཤེས་པ་པོ་ཡིན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འདོད་ལ། གང་ལ་ཡང་དག་པའི་ཤེས་པ་ཡོད་པ་དེ་ལ་དེ་དང་འགལ་བ་ལོག་པའི་ཤེས་པ་སྲིད་པ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་འདི་དག་ཕྱིན་ཅི་ལོག་གི་དོན་གསལ་བར་བྱེད་པ་དེ་ལྟ་ན་ཡང་དེ་ལས་ལོག་པའི་ཤེས་པ་དང་ལྡན་པ་ཉིད་དུ་ངེས་པར་ནུས་

པ་ཡང་མ་ཡིན་ཏེ། གང་གི་ཕྱིར་རྣམ་པ་གཞན་དུ་ཡང་ཐ་སྙད་བྱ་བར་ནུས་པ་ཡིན་ཏེ། སྐྱེས་བུ་རྣམས་ཀྱི་བསམ་པ་ནི་སྣ་ཚོགས་པའི་ཕྱིར་རོ། །དེས་ན་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། དེ་དག་གི་ཚིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་

དེ་དག་གི་དགོངས་པ་གཞན་གྱིས་འགྱུར་བ་སྨྲ་བ་ལ་སོགས་པའི་ཚད་མ་དང་འགལ་བ་འདི་སྨྲས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེ་ན། བརྗོད་པར་བྱ་བ་ཡིན་མོད། ཁོ་བོ་ཅག་གིས་རང་དགར་ཁྱུ་མཆོག་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང་

เล่ม ๑๙๒ · หน้า 294a

ཁྱེད་ཅག་གིས་འདོད་པ་ནི་འགལ་བ་ལ་གནས་པས་སེར་སྐྱ་ལ་སོགས་པ་ལ་གལ་ཏེ་བདེ་གཤེགས་ཀུན་མཁྱེན་ཡིན་པ་དེའི་ཚེ་སེར་སྐྱ་མ་ཡིན་ནོ་ཞེས་བྱ་བ་ལ་ཚད་མ་ཅི་ཞིག་ཡོད་ཅེས་སྨྲས་པ་འདི་ལ། ཁོ་བོ་ཅག་གིས་ཁྱེད་ཅག་གི་འདོད་པ་དེ་དག་ལུགས་ཐ་དད་པར་ཁས་བླངས་ནས་

ཚད་མར་བརྗོད་པ་ཡིན་ཏེ། དེས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་ལྟར་གལ་ཏེ་འདི་དག་དགོངས་པ་ཅན་གྱི་ཚིག་ཏུ་བརྗོད་པ་དེའི་ཚེ་འདི་དག་གི་དོན་དམ་པའི་དངོས་པོའི་ངོ་བོ་ཇི་ལྟ་བུ་ཞིག་འདོད་ཅེས་བྱ་བ་བརྗོད་པར་བྱ་དགོས་སོ། །དེ་སྐད་ཅེས་དྲིས་པ་ལ་གཞན་གྱིས་སྨྲས་པ། བདག་མེད་

སྐད་ཅིག་ཉིད་ལ་སོགས། །ཞེས་བྱ་བ་སྟེ། གལ་ཏེ་བདག་ཡིན་ནོ་ཞེས་སྨྲས་ན་དེའི་ཚེ་ལུགས་ཐ་དད་པ་ཁོ་ན་བརྗོད་པར་འགྱུར་བའི་ཕྱིར་མ་གྲུབ་པར་མི་འགྱུར་རོ། །དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པས་ལན་འཆད་པར་བྱེད་དོ། །ཁོ་བོ་ཅག་གིས་ནི་འདི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་རྭ་ནས་

བཟུང་བ་དེ་ལྟ་བུར་འགྲུབ་པར་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང་སྦྱོར་རོ། །གལ་ཏེ་སེར་སྐྱ་ལ་སོགས་པ་རྣམས་རྣམ་པ་དེ་ལྟ་བུའི་དེ་ཁོ་ན་ཉིད་ཤེས་པར་ཁས་ལེན་པར་བྱེད་ན། འོ་ན་ཁྱེད་ཅག་གིས་དེ་དག་ཇི་ལྟར་བློ་མི་མཐུན་ཞེས་བརྗོད་པར་བྱ་སྟེ་ཐམས་ཅད་ལུགས་གཅིག་ཏུ་གནས་པའི་ཕྱིར་རོ། །གང་

ཡང་ཕན་ཚུན་འགལ་བའི་དོན་སྟོན་པ་དེ་དག་གིས་དེ་ནི་འདོད་པའི་དོན་ཉིད་དུ་གནས་པ་མ་ཡིན་ནོ། །ལུགས་གཅིག་ཏུ་གནས་པ་རྣམས་ནི་ཕན་ཚུན་འགལ་བ་བརྗོད་པའི་དོན་དང་དེ་ཁོ་ན་ཉིད་ཀྱི་ངོ་བོར་སྨྲའོ་ཞེས་བྱ་བར་རིགས་པ་ཡང་མ་ཡིན་ནོ། དེ་བས་ན་ལུགས་ཐ་དད་པར་འདོད་ན་འདི་དག་ནི་ཚིག་དགོངས་པ་

ཅན་ཡིན་ནོ་ཞེས་བརྗོད་པར་མི་བྱ་ལ། ལུགས་ཐ་དད་པར་མི་འདོད་ན་ཡང་སུ་ཞིག་གཅིག་ཉིད་ངེས་པར་བྱེད་ཅེས་བརྗོད་པར་མི་བྱའོ། །གང་གི་ཕྱིར་བདེ་བར་གཤེགས་པ་ཁོ་ན་ཇི་སྐད་དུ་བཤད་པའི་ཡེ་ཤེས་དང་ལྡན་པ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་བཟུང་གི་གཞན་ནི་མ་ཡིན་ནོ་ཞེས་གཏན་ལ་ཕབ་

ཟིན་ཏོ། །གཞན་ཡང་སེར་སྐྱ་ལ་སོགས་པ་རྣམས་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཁས་ལེན་པར་བྱེད་ན་བདེ་བར་གཤེགས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་འདི་བསྟན་པའི་ཕྱིར་དངོས་པོ་ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་བསྟན་པས་དེ་ཚད་མས་བསྒྲུབས་པའི་ངོ་བོ་སྟེ་རང་བཞིན་

เล่ม ๑๙๒ · หน้า 294b

བདག་མེད་པ་ལ་སོགས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ལ་ཞེས་བྱ་བ་ནི་སྡོང་རིས་ལ་སོགས་པ་ལའོ། །དེ་ཙམ་ཞེས་བྱ་བ་ནི་བསྔགས་པའི་ཡེ་ཤེས་དང་ལྡན་པ་ཉིད་དོ། །དེའི་ཞེས་བྱ་བ་ནི་བདེ་བར་གཤེགས་པ་ཉིད་ཀྱིའོ། །གང་གི་ཕྱིར་བདག་མེད་

པའི་ཡེ་ཤེས་ཀྱིས་བསྔགས་པར་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་སྤངས་པར་གཤེགས་པས་ན་བདེ་བར་གཤེགས་པ་ཞེས་བྱའོ། །གཞན་ཡང་སྤྱིར་ཐམས་ཅད་མཁྱེན་པ་ཡོད་པར་བསྒྲུབས་ནས་ཡང་ཤུགས་ཀྱིས་བཅོམ་ལྡན་འདས་ཁོ་ན་གནས་པ་ཡིན་ནོ་ཞེས་སྟོན་པ་ནི། དེས་ན་ཐམས་ཅད་

མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེ་མཚན་ཉིད་མེད་པ་མི་འབྱུང་བའི་ཕྱིར་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པའི་མཚན་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ། །འོན་ཏེ་ཁྱད་པར་འདི་མ་བསྟན་པ་ཇི་ལྟར་རྙེད་ཅེ་ན། ཁྱད་པར་མ་བསྟན་པ་ན་ཡང་། །ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། གང་ཞིག་ལ་འགྲོ་བ་ཐམས་ཅད་བདག་མེད་པ་ལ་སོགས་པའི་ངོ་བོས་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་དེ་ལྟར་ཐམས་ཅད་མཁྱེན་པའི་མཚན་ཉིད་སྤྱིར་བྱས་ནས་ཡང་གང་ལ་དེ་དམིགས་པའི་ཁྱད་པར་དེ་ཤུགས་ཀྱིས་རྟོགས་པ་ཉིད་ཀྱི་ཕྱིར་ཁྱད་

པར་ཁས་ལེན་པར་བྱེད་པ་དོན་མེད་དོ། །ཐམས་ཅད་མཁྱེན་པའི་མཚན་ཉིད་འདི་ཡང་བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཀྱིས་གཞན་ལ་ནི་མ་ཡིན་ནོ། །ཐབས་རྣམ་པ་སྣ་ཚོགས་པས་མ་ཚང་བ་མེད་པའི་བདེན་པ་བཞིའི་མཚན་ཉིད་བླང་བར་བྱ་བ་དང་དོར་བར་བྱ་བ་ཐབས་དང་བཅས་པ་ཅན་

གྱི་དེ་ཁོ་ན་ཉིད་གསལ་བར་མཛད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུའི་དངོས་པོ་ངོ་བོ་མ་རྟོགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་མ་ཚང་བ་མེད་པར་སྟོན་པར་ནུས་པ་མ་ཡིན་ཏེ། །ཇི་སྐད་དུ། ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན། །

ཞེས་བཤད་པ་ལྟ་བུའོ། །གལ་ཏེ་འདི་སྙམ་དུ་འདི་བདག་མེད་པ་ལ་སོགས་པའི་ངོ་བོས་འགྲོ་བ་རིག་པ་དེ་ལྟ་བུ་ཡང་འདི་ཇི་ལྟར་ཐམས་ཅད་མཁྱེན་པར་གྲུབ་པར་འགྱུར་སྙམ་དུ་སེམས་ན། བདག་མེད་མངོན་སུམ་བྱས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་ནི་ཉོན་མོངས་

เล่ม ๑๙๒ · หน้า 295a

པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡིན་ནོ། །དེ་ལ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཉིད་ཡང་དག་པའི་དོན་མཐོང་བའི་གེགས་སུ་གྱུར་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་ཞེས་བྱའོ། །བླང་བར་བྱ་བ་དང་དོར་བར་བྱ་བའི་དེ་ཁོ་ན་ཉིད་མཐོང་ན་ཡང་རྣམ་པ་ཐམས་ཅད་

ཡོངས་སུ་མི་ཤེས་པ་དང་། སྟོན་པར་མི་ནུས་པ་གང་ཡིན་པ་དེ་ནི་ཤེས་བྱའི་སྒྲིབ་པའོ། །དེ་ལ་ཉོན་མོངས་པའི་སྒྲིབ་པ་ནི་བདག་མེད་པ་མངོན་སུམ་དུ་བྱས་པའི་ཕྱིར་སྤངས་པ་ཡིན་ལ། ཤེས་བྱའི་སྒྲིབ་པ་ནི་བདག་མེད་པ་མཐོང་བ་འཇུག་པ་ཉེ་བར་མེད་པར་དུས་ཡུན་རིང་པོར་གོམས་པ་ལས་སྤངས་པ་

ཡིན་ནོ། །འདི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་དག་ནི་བདག་ཏུ་ལྟ་བའི་རྩ་བ་ཅན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་ཀྱི། ཕྱི་རོལ་གྱི་དོན་གྱི་མཐུ་ལས་བྱུང་བ་ནི་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་ཡོད་ན་ཡང་ཚུལ་བཞིན་མ་ཡིན་པ་ཉིད་ལ་བྱེད་པ་མེད་པར་མི་འབྱུང་ལ།

དོན་མེད་ན་ཡང་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མངོན་སུམ་དུ་གྱུར་པ་ལས་སྐྱེ་བ་ཡིན་ནོ། །གང་ཞིག་གང་ཡོད་པ་དང་མེད་པའི་རྗེས་སུ་མི་བྱེད་པ་དེ་ནི་དེའི་འབྲས་བུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་ནི་གཞན་གྱིས་ཀུན་དུ་བརྟགས་པའི་བདག་དང་འདུ་

བ་ཡང་མ་ཡིན་ཏེ། བདག་དེ་ནི་བཀག་ཟིན་པའི་ཕྱིར་རོ། །དེ་ཡོད་ན་ཡང་རྟག་ཏུ་འདོད་ཆགས་ལ་སོགས་པ་འབྱུང་བ་དང་མི་འབྲལ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱེ་བ་དང་གནས་པའི་རྒྱུ་བདག་མ་ཚང་བ་མེད་པ་རྟག་ཏུ་ཉེ་བའི་ཕྱིར་དང་། གཞན་གྱིས་བོགས་དབྱུང་དུ་མེད་པ་ནི་དེ་ལ་ལྟོས་པར་མི་

འཐད་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་རྣམ་པ་མང་དུ་བཤད་ཟིན་ཏོ། །ཡོད་པ་དང་མེད་པ་དག་ལ་རྟེན་དང་བརྟེན་པ་བཀག་པའི་ཕྱིར་ལ་ལར་འདི་དག་འདུ་བ་རིགས་པ་མ་ཡིན་པ་དེའི་ཕྱིར་རྟག་པའི་རྒྱུ་དང་འབྲེལ་བའི་བདག་ཉིད་དུ་གནས་པ་མ་ཡིན་ལ་ཕྱི་རོལ་གྱི་དོན་གྱི་མཐུ་ལས་བྱུང་བ་ཡང་མ་ཡིན་ནོ། །འོན་

ཀྱང་ཡང་དག་པ་མ་ཡིན་པའི་དོན་མཐོང་བའི་སྟོབས་ཀྱིས་བྱུང་བ་ཡིན་ཏེ། འདི་ལྟར་བདག་ཅེས་མ་མཐོང་བར་ནི་བདག་ལ་ཆགས་པ་འབྱུང་བ་མ་ཡིན་ལ། བདག་གིས་ཞེས་མ་བཟུང་བར་ཡང་བདག་ལ་བདེ་བ་བསྐྱེད་པ་དང་རྗེས་སུ་མཐུན་པ་ཉིད་དུ་མ་བཟུང་བའི་དངོས་པོ་ལ་བདག་གི་བ་ཉིད་དུ་མངོན་

เล่ม ๑๙๒ · หน้า 295b

བར་ཞེན་པ་འབྱུང་བ་མ་ཡིན་ནོ། །ཞེ་སྡང་ཡང་བདག་གི་བ་དང་རྗེས་སུ་མི་མཐུན་པ་ཉིད་དུ་མ་བཟུང་བའི་དངོས་པོ་འགའ་ཞིག་ལ་སྐྱེ་བ་མ་ཡིན་ཏེ། བདག་དང་བདག་གི་ལ་མི་གནོད་པ་དང་དེ་ལ་གནོད་པའི་གཉེན་པོ་ཅན་ལ་དེ་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ང་རྒྱལ་ལ་སོགས་པ་ལ་ཡང་བརྗོད་

པར་བྱའོ། །དེ་ལྟ་བས་ན་ཐོག་མ་མེད་པའི་རིགས་འདྲ་བ་སྔ་མ་སྔ་མ་གོམས་པས་བསྐྱེད་པའི་བདག་ཏུ་ལྟ་བས་ནི་བདག་གིར་འཛིན་པ་སྐྱེད་པར་བྱེད་ལ་དེས་ཀྱང་བདག་ལ་ཆགས་པའོ། །དེ་ཡང་ཞེ་སྡང་ལ་སོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འདི་དག་བདག་ཏུ་འཛིན་པའི་རྩ་བ་ཅན་ཉིད་

དུ་གསལ་རབ་ཏུ་གནག་རྫིའི་ཆུང་མའི་བར་ལ་གྲགས་པ་ཉིད་ཡིན་ནོ། །བདག་ཏུ་ལྟ་བ་དང་འགལ་བ་ཡང་བདག་མེད་པར་ལྟ་བ་ཡིན་ཏེ། དེ་ལས་བཟློག་པའི་རྣམ་པར་དམིགས་པའི་ཕྱིར་རོ། །འདི་དག་ཅིག་ཅར་རྒྱུད་གཅིག་ལ་ཐག་པ་དང་སྦྲུལ་གྱི་ཤེས་པ་བཞིན་དུ་ལྷན་ཅིག་གནས་པ་དང་

གཅིག་ཡིན་པ་འགལ་ལོ། །དེས་ན་བདག་མེད་པར་ལྟ་བ་དང་བདག་ཏུ་ལྟ་བ་འགལ་བའི་ཕྱིར་དེའི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་འགལ་བ་ཡིན་ཏེ། དཔེར་ན་གདུང་བར་བྱེད་པའི་བྱེ་བྲག་དང་གྲང་བས་བྱས་པའི་སྤུ་ལོང་བྱེད་པ་ལ་སོགས་པའི་བྱེ་བྲག་ལྟ་བུའོ། །དེས་ན་ཉེས་

པ་ཐམས་ཅད་དང་འགལ་བའི་བདག་མེད་པ་མཐོང་བ་མངོན་སུམ་དུ་བྱས་པ་ན་དེ་དང་འགལ་བའི་འདོད་ཆགས་ལ་སོགས་པ་ཉེས་པའི་ཚོགས་གནས་རྙེད་པ་མ་ཡིན་ཏེ། སྣང་བ་དང་ལྡན་པའི་ཡུལ་ཕྱོགས་སུ་མུན་པ་བཞིན་ཏེ། དེས་ན་བདག་མེད་པའི་ཕྱིར་ཉོན་མོངས་པའི་སྒྲིབ་པ་སྤངས་པ་བཞིན་

ནོ། །སྦྱོར་བ་ནི་གང་ན་གང་དང་འགལ་བའི་དངོས་པོ་ཡོད་པ་དེ་ན་དེ་ལས་གཞན་གནས་པ་མ་ཡིན་ནོ། །དཔེར་ན་སྒྲོན་མའི་འོད་དང་ལྡན་པའི་ས་ཕྱོགས་སུ་མུན་པ་བཞིན་ནོ། །བདག་མེད་པ་མཐོང་བ་མངོན་སུམ་དུ་བྱས་པའི་སྐྱེས་བུ་ལ་ཡང་ཉེས་པའི་ཚོགས་དང་འགལ་བ་བདག་མེད་པ་མཐོང་བ་

ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་འགལ་བ་དམིགས་པའོ། །འདི་སྙམ་དུ་ཇི་ལྟར་བདག་མེད་པ་མཐོང་བ་དང་ལྡན་པའི་སེམས་ལ་འགལ་བ་ཉིད་ཀྱིས་བདག་ཏུ་ལྟ་བ་སྐྱེ་བའི་གོ་སྐབས་མེད་པ་དེ་བཞིན་དུ་བདག་ཏུ་ལྟ་བ་དང་ལྡན་པའི་སེམས་ལ་ཡང་བདག་མེད་པར་ལྟ་བ་སྐྱེ་བའི་གོ་སྐབས་མེད་དེ།

เล่ม ๑๙๒ · หน้า 296a

འགལ་བ་ཉིད་དུ་མཚུངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བདག་མེད་པ་མཐོང་བ་འགའ་ཡང་མི་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །བདག་མེད་པ་མཐོང་བ་སྲིད་པ་དེ་ལྟ་ན་ཡང་འདི་དག་འགལ་ན་ཡང་ཤིན་ཏུ་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་གྲུབ་པ་

མ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་བཞིན་ནམ། བདེ་བ་དང་སྡུག་བསྔལ་དག་བཞིན་ནོ། །གང་གི་ཕྱིར་འདི་ལ་གཏན་དུ་ཐ་དད་པ་བསྒྲུབ་པར་འདོད་པ་ཡིན་གྱི་དུས་དེ་ཙམ་ཞིག་མངོན་སུམ་དུ་སྨྲ་བ་ཙམ་ནི་མ་ཡིན་པ་དེས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །ཉི་མ་རེ་རེར་དངོས་པོ་མཐའ་དག་ལ་

ཡོད་པའི་བདག་མེད་པའི་དེ་ཁོ་ན་ཉིད་རྗེས་སུ་དཔག་པས་བསྒྲུབ་པ་ཡང་མ་ཉམས་པའི་འདོད་ཆགས་ལ་སོགས་པའི་དབང་དུ་གྱུར་པའི་སྒྲུབ་པར་བྱེད་པ་མཐོང་སྟེ། དེའི་ཕྱིར་ཡང་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན། དེ་ནི་ཡོད་པ་མ་ཡིན་ཏེ། གལ་ཏེ་ཉོན་མོངས་པ་མ་སྤངས་པའི་རྒྱུད་

ལ་བདག་མེད་པའི་རྣམ་པར་རྟོག་པ་སྐྱེ་བ་མི་སྲིད་པ་ཡིན་ན་དེའི་ཚེ་བདག་མེད་པ་མཐོང་བ་སྐྱེ་བའི་གོ་སྐབས་མེད་པར་འགྱུར་ན། གང་གི་ཕྱིར་ཐམས་ཅད་ལ་བདག་མེད་པའི་རྣམ་པར་རྟོག་པ་མངོན་དུ་ཕྱོགས་པ་ཡོད་པ་རེ་ཞིག་ཉམས་སུ་མྱོང་བས་གྲུབ་པ་ཉིད་ཡིན་ནོ། །དེ་ཉིད་ཀྱང་གོམས་པས་འདོད་

པ་ཅན་གྱི་རྣམ་པར་རྟོག་པ་བཞིན་དུ་རབ་ཀྱི་མཐར་ཐུག་པར་འགྲོ་བ་སྲིད་པའི་ཕྱིར་ཐ་མར་གསལ་བར་སྣང་བ་ཉིད་དང་། ཚད་མས་དག་པའི་དོན་འཛིན་པ་ཉིད་ཀྱིས་མངོན་སུམ་དུ་འགྱུར་བའི་ཕྱིར་ཇི་ལྟར་བདག་མེད་པ་མཐོང་བ་སྐྱེ་བ་མི་སྲིད་པ་ཡིན། གཞན་ཡང་མུན་པ་དང་ལྡན་པའི་ཡུལ་དུ་དུས་ཕྱིས་སྣང་བར་འགྱུར་

བའི་གོ་སྐབས་སྲིད་པ་བཞིན་དུ་འདིར་ཡང་ཅིའི་ཕྱིར་སྲིད་པར་མི་འགྱུར། གང་ཞིག་དེ་ལྟ་བུར་གྱུར་པའི་མངོན་སུམ་གྱིས་ཤེས་པའི་འབྲས་བུར་འགྱུར་ཏེ། འདྲ་བར་དེ་ཉིད་སྒོམ་པ་འབའ་ཞིག་ལ་སྲིད་པ་མ་ཡིན་ནོ་ཞེས་དེ་ལྟར་ཡང་བརྗོད་པར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་མི་སྲིད་པའི་རྒྱུ་འདི་ལྟར་རྟོག་པ་དང་ལྡན་

པའི་འཇུག་པ་ལ་དོན་དུ་གཉེར་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་སྒོམ་པ་ལ་སྦྱོར་བ་མེད་པའི་རྒྱུ་ཐམས་ཅད་དོན་དུ་མི་གཉེར་བ་ཉིད་ཡིན་ནམ། དོན་དུ་གཉེར་བ་ཡོད་ན་ཡང་ངོ་བོ་ཉིད་མི་ཤེས་པ་སྤོང་བར་མི་ནུས་པའི་ཕྱིར་སྤང་བར་བྱ་བའི་རང་གི་ངོ་བོ་མི་ཤེས་པས་རྟག་པ་དང་ལྡན་པ་མི་འཇུག་པའམ། དེའི་རང་གི་ངོ་བོ་ཤེས་

เล่ม ๑๙๒ · หน้า 296b

པ་ཡོད་ན་ཡང་རྟག་པ་སྤང་བར་མི་ནུས་པའི་ཕྱིར་ཉེས་པ་རྣམས་རྟག་པར་མཐོང་བ་ན་དེ་སྤང་བའི་ཕྱིར་འབད་པ་མི་རྩོལ་བ་དང་མི་རྟག་པ་ཉིད་ཡིན་ན་ཡང་རང་དབང་ཅན་ནི་རྒྱུན་ཆད་པར་མི་སྲིད་པའི་ཕྱིར་འདི་དག་རྒྱུ་ཉིད་དུ་རྟོགས་ན་མི་འཇུག་པའམ། རྒྱུ་དང་ལྡན་པ་ཉིད་ཡིན་ན་ཡང་གཞི་མི་ཤེས་པའི་ནད་བཞིན་དུ་སྤང་

བར་མི་ནུས་པའི་ཕྱིར་དེའི་རྒྱུ་རང་གི་ངོ་བོ་མ་ངེས་པའི་ཕྱིར་བསྒོམ་པའི་དོན་དུ་མ་གྲུབ་པའམ། དེའི་རྒྱུ་ཡོངས་སུ་ཤེས་པ་ཡིན་དུ་ཆུག་མོད། །འོན་ཀྱང་རྒྱུ་མ་ཚང་བ་མེད་པ་ནི་གེགས་བྱར་མི་ནུས་པའི་ཕྱིར་དེའི་རྒྱུ་རྟག་པའོ་སྙམ་དུ་རྟོགས་ནས་དེ་སྤང་བར་བྱ་བའི་དོན་དུ་རྟོག་པ་སྔོན་དུ་གཏང་བ་དག་མི་སྤྲོ་བ་འམ། དེའི་

རྒྱུ་མི་རྟག་པ་ཡིན་ན་ཡང་། རང་བཞིན་ནི་སྤང་བར་མི་ནུས་པའི་ཕྱིར་ཉེས་པ་རྣམས་སྲོག་ཆགས་ཀྱི་ཆོས་ཉིད་དུ་རིག་ནས་འབད་པ་མི་བྱེད་པའམ། སྐྱོན་རྣམས་རང་བཞིན་མ་ཡིན་པ་ཉིད་ཡིན་ན་ཡང་ཟད་པའི་ཐབས་མི་སྲིད་པའི་ཕྱིར་མི་འདུག་པའམ་སྟེ། གང་གི་ཕྱིར་ཐབས་མ་ཚང་བའི་ཐབས་ལས་བྱུང་

བ་ཉིད་ཡོད་པ་ནི་མ་ཡིན་ནོ། །ཐབས་ཡོད་ན་ཡང་རང་གི་ངོ་བོ་ཡོངས་སུ་མི་ཤེས་པ་ནི་ཉམས་སུ་ལེན་པ་མི་སྲིད་པའི་ཕྱིར་དེ་ཡོངས་སུ་ཤེས་པ་མི་སྲིད་པའི་ཕྱིར་ནན་ཏན་དུ་སྒྲུབ་པར་མི་འགྱུར་བའམ། ཡོངས་སུ་ཤེས་ན་ཡང་མཆོངས་པ་ལ་སོགས་པ་བཞིན་དུ་ཁྱད་པར་མི་གནས་པ་ཉིད་ཀྱིས་སམ། ཡང་ན་

སྐྱེ་བ་གཞན་མི་སྲིད་པས་བསྒོམ་པ་ཤིན་ཏུ་རབ་ཀྱི་མཐར་ཕྱིན་པ་མི་སྲིད་པའི་ཕྱིར་མངོན་པར་བརྩོན་པ་དང་མི་ལྡན་པའམ། ཤིན་ཏུ་གོམས་པ་མཐར་ཕྱིན་པ་སྲིད་པའི་ཕྱིར་གཉེན་པོ་སྐྱེས་པས་ཉེས་པ་རྣམས་ཟད་པ་དེ་ལྟ་ན་ཡང་ཟངས་མ་ལ་སོགས་པའི་སྲ་བ་བཞིན་དུ་ཉེས་པ་འབྱུང་བ་སྲིད་པ་ན་ཡང་འབད་

པ་རྩོམ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་དགོས་ཏེ། དེ་ལ་རེ་ཞིག་དོན་དུ་མི་གཉེར་བ་ཉིད་ནི་མ་གྲུབ་སྟེ། འདི་ལྟར་རེ་ཞིག་གང་ཞིག་སྐྱེ་བ་ལ་སོགས་པ་སྡུག་བསྔལ་གྱིས་གཟིར་བའི་ཡིད་ཅན་འཁོར་བ་ལས་སྐྲག་པ་ན་བདག་ཉིད་ལས་དེ་ཞི་བར་བྱ་བའི་ཕྱིར་དོན་དུ་གཉེར་བ་ཉན་ཐོས་ལ་སོགས་པའི་བྱང་

ཆུབ་དུ་ངེས་པར་འགྱུར་བ་དེ་དག་ནི་འཁོར་བ་ལས་འཇིག་པ་ཉིད་བདག་མེད་པ་སྒོམ་པ་དོན་དུ་གཉེར་བའི་རྒྱུ་མཚན་ཡིན་ལ། གང་དག་རིགས་ཀྱི་ཁྱད་པར་ལས་རང་བཞིན་གྱིས་གཞན་ལ་ཕན་པར་བྱེད་པ་ལ་མངོན་པར་དགའ་བ། འགྲོ་བ་འདུ་བྱེད་ལ་སོགས་པའི་སྡུག་བསྔལ་གྱིས་གཟིར་བ་མཐོང་ནས་

เล่ม ๑๙๒ · หน้า 297a

སྙིང་རྗེས་གཞན་གྱི་དབང་དུ་གྱུར་པས་དེའི་སྡུག་བསྔལ་གྱི་སྡུག་བསྔལ་བ་རྣམས་བདག་ལ་ཆགས་པ་བསལ་ནས། འཁོར་བ་ཐམས་ཅད་བདག་ཉིད་དུ་ཁས་བླངས་པས་བསྐྱབ་པར་བྱ་བའི་དོན་དུ་སྨོན་ལམ་བཏབ་པ་དེ་དག་སྒོམ་པ་ལ་འཇུག་པའི་རྒྱུ་མཚན་ནི་སྙིང་རྗེ་ཉིད་ཡིན་ཏེ། ལྐོག་

ཏུ་གྱུར་པའི་ཐབས་ལས་བྱུང་བ་དེ་འཆད་པ་ནི་དཀའ་བའི་ཕྱིར་རོ། །རྟོག་པ་དང་ལྡན་པས་གཞན་ལ་ཕན་པ་བྱེད་པ་ལ་དགོས་པ་ཅི་ཡོད་ཅེ་ན་མ་ཡིན་ཏེ། དེ་ཉིད་དགོས་པ་ཡིན་ཏེ། དེའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །རྟོག་པ་དང་མི་ལྡན་པ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་ཏེ། བདག་ལ་

ཕན་པ་བྱེད་པ་ལ་མངོན་པར་ཞེན་པའི་རྒྱུ་མཚན་ནི་ཀུན་དུ་བརྟགས་པའི་བདག་ཏུ་འཛིན་པ་ཡིན་པའི་ཕྱིར་རོ། །གཞན་ལ་ཕན་པར་བྱེད་པ་ནི་དམ་པའི་སྐྱེ་བོ་མཐའ་དག་གི་འདོད་པ་ཡིན་པའི་ཕྱིར་དང་། རང་གི་འབྲས་བུ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁྱེད་ཅག་གི་འདི་སྒོམ་པ་ལ་འཇུག་པ་དོན་

དུ་གཉེར་བ་མི་སྲིད་པ་བསྟན་པར་བརྩམས་ཏེ། དེའི་ཕྱིར་གལ་ཏེ་རྟོག་པ་དང་མི་ལྡན་པར་འགྱུར་ན་ཅིའི་ཕྱིར་དེ་ཙམ་གྱིས་དེ་དེ་ལ་འཇུག་པ་དོན་དུ་མི་གཉེར་བར་འགྱུར། དེ་ལྟ་བས་ན་གཞན་ལ་ཕན་པར་བྱ་བའི་དོན་དུ་འགའ་ཡང་འཇུག་པ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་ཞེས་བྱ་བ་འདི་ཉིད་བརྗོད་པར་བྱ་ལ་དེ་

ལ་ཡང་བཤད་ཟིན་ཏོ། །གཞན་ཡང་བརྩེ་བ་མེད་པ་ཆེས་ཤིན་ཏུ་གོམས་པ་ལས་གོམས་པ་རྒྱུ་མེད་པ་ཁོ་ནར་གཞན་གྱི་སྡུག་ཕོངས་ལ་མངོན་པར་དགའ་ཞིང་གཞན་སྡུག་བསྔལ་བས་བདེ་བ་འབའ་ཞིག་དམིགས་པ་དེ་བཞིན་དུ་དགོས་པ་གཞན་མེད་ན་ཡང་སྙིང་རྗེ་གོམས་པ་འགའ་ཞིག་གཞན་བདེ་བ་ལ་མངོན་

པར་དགའ་ཞིང་། གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་བར་འགྱུར་རོ་ཞེས་བྱ་བར་ཅིའི་ཕྱིར་མི་སྲིད། རང་གི་ཉེས་པའི་ངོ་བོ་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མངོན་པར་ཆགས་པ་དང་ཁོང་ཁྲོ་བ་དང་། བདག་དང་། བདག་གི་དང་། རྟག་པ་ལ་སོགས་པའི་རྣམ་པས་འདོད་ཆགས་

དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། རྒྱས་པ་དང་། ཕྲག་དོག་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཚོགས་རང་གི་རང་བཞིན་རིག་པ་ཉིད་དུ་སྐྱེ་བ་དང་འཇིག་པ་ཡིན་ནོ། །དེ་དག་རྟག་པ་ཡང་མ་ཡིན་ཏེ། རེས་འགའ་བ་ཉིད་དུ་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด