དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
ชื่อสันสกฤต (อักษรทิเบต ตามตัวบท) ཏཏྭ་སཾ་གྲ་ཧ་པཉྫི་ཀ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๑ · หน้า 287a
རྒྱུ་ཉིད་མ་མཐོང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞལ་བྱའི་དེ་ཁོ་ན་ཉིད་རྣམ་པར་འཇོག་པ་ནི་ཚད་མ་ལ་རག་ལས་པ་ཡིན་ནོ། །གང་གི་དེའི་ཐ་སྙད་དུ་འགྱུར་བ་གོས་ལ་སོགས་པ་ལ་འདིའི་རབ་ཏུ་གྲགས་པའི་རྒྱུ་ལས་མ་གཏོགས་པ་མངོན་སུམ་དང་མི་དམིགས་པ་དག་གིས་སམ། མིག་ལ་
སོགས་པ་བཞིན་དུ་འབྲས་བུ་ལྡོག་པ་ལས་རྒྱུ་ཉིད་དུ་མཐོང་བ་སྟེ། ངེས་པ་ནི་མ་ཡིན་ནོ། །ཅི་སྟེ་ནུས་པ་མ་མཐོང་བ་ཡང་རྒྱུ་ཉིད་དུ་རྟོག་པར་བྱེད་ན། དེའི་ཚེ་འདུས་བྱས་པའམ་གཞན་དབྱུག་པ་ལ་སོགས་པ་ཡང་སྐྱེ་བའི་རྒྱུར་འགྱུར་ཏེ། བརྟག་པར་བྱའོ་ཞེས་བྱ་བ་ལྷག་མའོ། །གང་གིས་ཁྱེད་ཅག་ནུས་པ་ཡོངས་སུ་
མ་ངེས་པའི་འདུས་བྱས་པའི་བདག་ཉིད་གཅིག་ཡོངས་སུ་བརྟགས་པས་ཡོངས་སུ་ཚིམ་པར་འགྱུར་བ་ནུས་པ་མ་མཐོང་བ་ཉིད་དུ་ནི་ཁྱད་པར་འགའ་ཡང་མེད་དོ། །འདི་ཁྱེད་ཅག་གི་སྐྱེ་བའི་རྒྱུར་འདོད་པ་ཡང་མ་ཡིན་ཏེ། འོན་ཀྱང་གོས་ལ་སོགས་པ་སྐྱེས་པ་ཡོད་པའི་དུས་ཕྱིས་འཇིག་པར་འགྱུར་བའི་ཡོན་ཏན་
དུ་འདོད་དོ། །དེ་ལ་ཡང་འདི་ནི་ཅུང་ཟད་ཀྱང་མི་བྱེད་དོ་ཞེས་དང་པོར་བརྗོད་ཟིན་ཏོ། །སྐྱེ་བའི་རྒྱུ་ཉིད་དུ་ཁས་བླངས་ནས་ཉེས་པ་འདི་བརྗོད་པ་ཡིན་ཏེ། རེས་འགའ་ལ་ལ་རང་གི་གཞུང་ལུགས་ཀྱི་ལུགས་ལས་འདས་ནས་འདི་ལྟར་རྟོགས་པར་བྱེད་དོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་
ཐམས་ཅད་ཀྱི་དོན་ཉེ་བར་སྡུད་པར་བྱེད་དོ། །ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་ཀྱི་ཡོན་ཏན་སུན་དབྱུང་བའི་ཕྱིར། ཡིད་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་མཐོང་བའི་བྱེད་པ་པོ་ནི་འབྲས་བུ་སྟེར་བ་བདག་གི་ཡོན་ཏན་བདག་དང་ཡིད་ལྡན་པ་ལས་སྐྱེས་པ་རང་གི་འབྲས་བུ་དང་འགལ་བ་
མེད་པའོ། །དེ་ཡང་ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་ལ་ཆོས་ནི་བྱེད་པ་པོ་ལ་འདོད་པ་དང་ཕན་པ་དང་ཐར་པའི་རྒྱུའོ། །ཆོས་མ་ཡིན་པ་ནི་མི་འདོད་པ་དང་མི་ཕན་པ་དང་འཆིང་བའི་རྒྱུའོ་ཞེས་གཞན་དག་གིས་མ་མཐོང་བའི་མཚན་ཉིད་སྨྲས་པ་དེ་འདི་ནི་བདག་དང་ཡིད་དང་
དེ་དག་གི་ལྡན་པ་དེའི་རྒྱུ་ཉིད་དུ་འདོད་པ་སྔར་བཀག་པའི་ཕྱིར་རྒྱུ་མེད་པས་མེད་དོ་ཞེས་བྱ་བར་གྲུབ་པོ། །སྒྲ་ནི་ནམ་མཁའི་ཡོན་ཏན་ཉིད་དུ་འདོད་དེ། དེ་ནི་དང་པོ་ཉིད་དུ་རིམ་སོགས་ཐོས་ཞེས་བྱ་བ་ལ་སོགས་པས་བསལ་ཟིན་པའི་ཕྱིར་ཡང་འདིའི་སུན་འབྱིན་པ་མི་བརྗོད་དོ། །དེ་ཁོ་ན་ཉིད་བསྡུས་པའི་
เล่ม ๑๙๑ · หน้า 287b
དཀའ་འགྲེལ་ལས། ཡོན་ཏན་གྱི་དོན་བརྟག་པ་སྟེ་བཅུ་དྲུག་པའོ།། །།ལས་ཀྱི་ཚིག་གི་དོན་དབྱུང་བའི་ཕྱིར། སྐད་ཅིག་གིས་འཇིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས། འདེགས་པ་དང་། འཇོག་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། འགྲོ་བ་ཞེས་བྱ་བ་རྣམས་ནི་ལས་ཡིན་ནོ་
ཞེས་འབྱུང་ངོ་། །དེ་ལ་འདེགས་པ་ནི་སྟེང་དང་འོག་གི་ཕྱོགས་དག་དང་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་ལས་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན་ལུས་ཀྱི་ཡན་ལག་གམ་དེ་དང་འབྲེལ་པའི་ལུས་ཅན་གྱི་རྫས་བོད་པ་ལ་སོགས་པ་ལ་ནམ་མཁའ་ལ་སོགས་པའི་སྟེང་དང་འོག་དང་ཐད་ཀའི་ཆའི་ཁྱད་པར་དག་དང་ལྡན་པའི་
རྒྱུ་འོག་ཕྱོགས་ཀྱི་ཆ་རྣམ་པར་དབྱེ་བའི་རྒྱུ་འབད་པ་ལ་སོགས་པའི་དབང་གིས་ལས་སྐྱེ་བ་གང་ཡིན་པ་དེ་ནི་འདེགས་པ་ཞེས་བྱའོ། །འདི་ལས་བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུའི་ལས་ནི་འཇོག་པའོ། །རྫས་དྲང་པོ་འཁྱོག་པ་ཉིད་ཀྱི་རྒྱུ་ནི་བསྐུམ་པ་སྟེ། ཇི་སྐད་དུ་དཔུང་པ་ལ་སོགས་པའི་རྫས་དྲང་པོའི་
སོར་མོ་ལ་སོགས་པ་རྩེ་མོའི་ཡན་ལག་གང་དག་ཡིན་པ་དེ་དག་ནམ་མཁའ་ལ་སོགས་པའི་རང་དང་ལྡན་པ་དག་དང་རྣམ་པར་དབྱེ་བ་དང་བདག་ཉིད་རྩ་བའི་ཡུལ་དག་དང་ལྡན་པ་ན་ལས་གང་གིས་དཔུང་པ་ལ་སོགས་པའི་མཚན་ཉིད་ཀྱི་ཡན་ལག་ཅན་གུག་པོར་གྲུབ་པར་བྱེད་པ་དེ་ནི་བསྐུམ་པ་ཞེས་བྱའོ། །འདི་ལས་
བཟློག་པའི་ལྡན་པ་དང་རྣམ་པར་དབྱེ་བ་སྐྱེད་པ་ལས་གང་གིས་ཡན་ལག་ཅན་དྲང་པོར་སྒྲུབ་པར་བྱེད་པ་དེ་ནི་བརྐྱང་བའོ། །ཡུལ་དང་ཕྱོགས་མ་ངེས་པའི་བུམ་པ་ལ་སོགས་པ་དང་རྣམ་པར་དབྱེ་བའི་རྒྱུ་གང་ཡིན་པ་དེ་ནི་འགྲོ་བའོ། །འདེགས་པ་ལ་སོགས་པ་ལས་རྣམ་པ་བཞི་ནི་ཡུལ་དང་ཕྱོགས་ངེས་པའི་ནམ་མཁའ་
ལ་སོགས་པ་དག་དང་ལྡན་པ་དང་རྣམ་པར་དབྱེ་བའི་རྒྱུ་ཡིན་ལ། འགྲོ་བ་ནི་མ་ངེས་པའི་ཕྱོགས་དང་ཕྱོགས་ཀྱི་ཆོས་ཐམས་ཅད་དང་ལྡན་པ་དང་རྣམ་པར་དབྱེ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ལས་རྣམ་པ་ལྔ་ཁོ་ནས་འགྱུར་ཏེ། འཁྱམ་པ་དང་གཡོ་བ་དང་སྤྲོ་བ་ལ་སོགས་པ་རྣམས་ནི་འགྲོ་བ་ཉིད་ཀྱི་ཁོངས་སུ་འདུས་
པའི་ཕྱིར་རོ། །ལས་རྣམ་པ་ལྔ་པོ་འདི་ཡང་ལུས་ཅན་གྱི་རྫས་ལ་གནས་པའི་ལྡན་པ་དང་རྣམ་པར་དབྱེ་བའི་འབྲས་བུས་དཔག་པས་ཡོད་པ་ཉིད་དུ་གྲུབ་པོ། །ལྡན་པ་དང་རྣམ་པར་དབྱེ་བའི་ཁྱད་པར་གྱི་ཐུན་མོང་གི་འབྲས་བུ་ཡིན་ཏེ། དེའི་ཕྱིར་འདི་འབྲས་བུ་ལས་གྲུབ་པོ། །དེ་བཞིན་དུ་མངོན་སུམ་གྱིས་ཀྱང་ཡིན་
เล่ม ๑๙๑ · หน้า 288a
ཏེ། ཇི་སྐད་དུ་གྲངས་དང་ཚད་དང་སོ་སོ་བ་ཉིད་དང་ལྡན་པ་དང་རྣམ་པར་དབྱེ་བ་དག་དང་གཞན་ཉིད་དང་། གཞན་མ་ཡིན་པ་ཉིད་དག་དང་། ལས་རྣམས་ནི་གཟུགས་ཅན་དང་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་བས་ན་འདི་དག་ནི་མདོར་བསྡུས་པས་གཞན་གྱི་
གཞུང་ལུགས་བསྟན་པའོ། །དེའི་ཕྱིར་འདི་ལ་ལྡན་པ་དང་རྣམ་པར་དབྱེ་བ་དག་ནི་སྔར་བཀག་པའི་ཕྱིར་དེའི་འབྲས་བུ་ཉིད་མ་གྲུབ་བོ། །ཅི་སྟེ་བར་མ་ཆད་པར་སྐྱེ་བ་ཙམ་གྱི་མཚན་ཉིད་ཀྱིས་ལྡན་པ་དང་རྣམ་པར་དབྱེ་བ་དག་དེའི་འབྲས་བུ་ཡིན་པ་ཉིད་ཀྱིས་རྒྱུ་ཉིད་དུ་བརྗོད་ན་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཡིན་
ཏེ། རྣམ་པ་དེ་ལྟ་བུའི་ལས་དང་དེ་དག་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ལས་བཟློག་པས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་འགལ་བ་ཡང་ཡིན་ནོ། །རྒྱུ་རྩམ་ཡོད་པ་ཉིད་དུ་སྒྲུབ་ན་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། རླུང་ལ་སོགས་པ་རྣམ་པ་དེ་ལྟ་བུའི་ལྡན་པ་དང་རྣམ་པར་དབྱེ་བའི་
རྒྱུ་ཉིད་དུ་འདོད་པའི་ཕྱིར་རོ། །ཁྱད་པར་སྒྲུབ་པ་ཡང་དམ་བཅའ་བ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ཏེ། འདི་ལྟར་བྱ་བ་དང་འདུ་བའི་དངོས་པོ་སྐད་ཅིག་མ་ཡིན་པའམ། སྐད་ཅིག་མ་མ་ཡིན་པ་ཡིན། རེ་ཞིག་སྐད་ཅིག་མ་ནི་མ་ཡིན་ཏེ། དེ་ནི་སྐྱེ་བའི་ཡུལ་ཉིད་དུ་ཞིག་པའི་ཕྱིར་ཏེ། ཉམས་པའི་ཕྱིར་
ཡུལ་གཞན་དུ་ཕྱིན་པར་མི་སྲིད་པའི་ཕྱིར་རོ། །སྦྱོར་བ་ནི་གང་དག་ཡུལ་གང་དུ་ཞིག་པ་དེ་ནི་དེའི་དུས་ཕྱིས་དེ་ལས་ཡུལ་གཞན་དུ་ཕྱིན་པ་མ་ཡིན་ཏེ། སྒྲོན་མ་ལ་སོགས་པ་བཞིན་ནོ། །བརྗོད་པར་འདོད་པའི་དངོས་པོ་ཐམས་ཅད་ཀྱང་སྐྱེ་བའི་ཡུལ་ཉིད་དུ་ཞིག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་
དམིགས་པའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤིན་ཏུ་མྱུར་བར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆེས་མྱུར་དུ་འཇིག་པར་འདོད་པ་གང་ཡིན་དེ་དག་དེ་ལྟ་བུ་ཡིན་ནོ། །ཡང་ཆེས་མྱུར་དུ་འཇིག་པར་འདོད་པའི་སྒྲོན་མ་ལ་སོགས་པ་ཡང་སྐྱེ་བའི་དུས་ཕྱིས་ཀྱི་བྱ་བ་ཡིན་ཏེ། འདི་
ནི་སྐད་ཅིག་དྲུག་ཏུ་གནས་པ་ཉིད་ཀྱིས་སྐད་ཅིག་མ་མ་ཡིན་པའི་ཕྱིར། ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རེ་ཞིག་རང་གི་རྒྱུ་དང་འབྲེལ་བའི་དུས་ནི་དང་པོ་ཡིན་ནོ། །དེ་ནས་ཕྱིས་སྤྱི་གསལ་བའི་དུས་སོ། །དེ་ནས་ཡན་ལག་གི་ལས་ཀྱི་དུས་སོ། །དེའི་མཇུག་ཐོགས་སུ་
เล่ม ๑๙๑ · หน้า 288b
ཡན་ལག་རྣམ་པར་དབྱེ་བའི་དུས་སོ། །དེ་ནས་རང་རྩོམ་པར་བྱེད་པའི་ཡན་ལག་གི་ལྡན་པ་ཞིག་པའོ། །དེ་ནས་རྫས་འཇིག་པའོ་ཞེས་བྱ་བ་སྒྲོན་མ་ལ་སོགས་པའི་དངོས་པོ་ཡང་སྐད་ཅིག་མ་དྲུག་ཏུ་གནས་པར་འདོད་དེ། དེའི་ཕྱིར་དངོས་པོ་སྐད་ཅིག་ལ་འགྲོ་བ་དང་ལྡན་པ་འགའ་ཡང་མེད་པའི་ཕྱིར་བྱ་བ་དང་
ལྡན་པ་ཐམས་ཅད་ནི་སྐྱེས་པ་ལས་དུས་ཕྱིས་བྱུང་བ་ཉིད་ཀྱི་བྱ་བ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། །གཞན་ནི་སྐད་ཅིག་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ཡང་གལ་ཏེ་ཁོ་བོ་ཅག་གིས་ཀྱང་དངོས་པོ་རྣམས་སྐད་ཅིག་མ་ཉིད་དུ་འདོད་དེ། དེ་ལྟ་ན་ཡང་འདི་དག་གི་བྱ་བ་སྐྱེ་བའི་དུས་ཉིད་དུ་
འབྱུང་བར་ཅིའི་ཕྱིར་མི་འགྱུར་སྙམ་ན། རྒྱབ་དང་མདུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་རྒྱབ་ཀྱི་ཡུལ་དང་བྲལ་ལ་མདུན་ཡུལ་དང་འཇུག་པ་དང་། ཕྲད་པ་ནི་འགྲོ་བ་པོ་ཡིན་པའམ། །རྒྱབ་ཏུ་བརྐྱང་བ་ལ་སོགས་པའི་རྟེན་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་
ནོ། །གང་གིས་སྔར་གྱི་ཡུལ་ཡོངས་སུ་སྤངས་པ་སྔོན་དུ་འགྲོ་བ་ཅན་རྒྱབ་ཀྱི་ཡུལ་ནོན་པར་འགྱུར་བ་སྐད་ཅིག་གཅིག་ཙམ་དུ་འབྱུང་བ་འདི་ཙམ་ཞིག་སྡོད་པ་ནི་ཡོད་པ་ཡང་མ་ཡིན་ནོ། །ཡོད་པའི་དུས་སུ་ཡང་འཇིག་པས་དབང་བྱས་པའི་ཕྱིར་ཡུལ་གཞན་དུ་ཕྱིན་པར་མི་ནུས་སོ། །དེ་ལྟ་བས་ན་སྐྱེ་བའི་དུས་སུ་
འབྱུང་བའི་བྱ་བ་ཡང་རིགས་པ་མ་ཡིན་ནོ། །སྔོན་དང་ཕྱི་མ་དག་གི་མཐར་ཡང་མ་ཡིན་ཏེ། དེ་ནི་དེའི་དུས་ན་ཉེ་བར་བརྗོད་པ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་ཀྱང་མེད་པ་གང་ཡིན་པ་དེ་ཡུལ་ཤིན་ཏུ་ཐག་རིང་པར་ཕྱིན་པར་འགྱུར་བ་ལྟ་རེ་ཞིག་ཞོག །འོན་ཀྱང་རྡུལ་ཕྲ་རབ་ཙམ་གྱི་ཡུལ་
ཕྱོགས་སུ་ཕྱིན་པ་ཡང་མེད་པའི་ཕྱིར་སྐད་ཅིག་མ་ལ་བྱ་བ་ག་ལ་ཡོད་སྐད་ཅིག་མ་མ་ཡིན་པ་ལ་ཡང་མེད་དོ་ཞེས་སྟོན་པ་ནི། དངོས་པོ་བརྟེན་ན་ཞེས་བྱ་བ་ལ་སོགས་པའི་རྟག་ཏུ་གཅིག་གི་ངོ་བོའི་དངོས་པོ་ནི་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བ་ལ། དེ་ནི་བྱ་བ་དང་མི་འདུ་བ་གསལ་རབ་པ་ཉིད་དེ། ནམ་མཁའ་
བཞིན་དུ་ཐམས་ཅད་དུ་ཁྱད་པར་མེད་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཐམས་ཅད་དུ་ཁྱད་པར་མེད་པའི་དེ་ལ་ནི་བྱ་བ་སྲིད་པ་མ་ཡིན་ཏེ། ནམ་མཁའ་བཞིན་ནོ། །སྐད་ཅིག་མ་མ་ཡིན་པར་འདོད་པའི་དངོས་པོ་ཡང་ཐམས་ཅད་དུ་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་
เล่ม ๑๙๑ · หน้า 289a
འགྱུར་བའོ། །གལ་ཏེ་འདི་སྙམ་དུ་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཁྱད་པར་མེད་པ་དེ་ལྟ་ན་ཡང་རང་བཞིན་གྱིས་དེ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་བྱ་བ་དང་ལྡན་པ་ཉིད་དུ་འགྱུར་བས་དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གལ་ཏེ་ལྷ་སྦྱིན་ལ་སོགས་པ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་འདོད་པ་འདི་དག་རང་བཞིན་གྱིས་འགྲོ་བ་དང་། འདེགས་པ་ལ་སོགས་པ་དང་ལྡན་པ་ཡིན་ན་དེའི་ཚེ་ནམ་ཡང་མི་གནས་པར་མི་འགྱུར་ཏེ། ཐམས་ཅད་དུ་འགྲོ་བ་པོ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འགྲོ་བ་ལ་སོགས་པ་དང་
ལྡན་པའི་ལྷ་སྦྱིན་ལ་སོགས་པའི་འདི་མི་གཡོ་བའི་གནས་སྐབས་སུ་འགྲོ་བ་ལ་སོགས་པ་མེད་ན་ཡང་དེ་དག་སྟེ་འགྲོ་བ་ལ་སོགས་ཐོབ་པར་འགྱུར་ཏེ། འགྲོ་བ་ལ་སོགས་པ་རྩོམ་པའི་དུས་བཞིན་དུ་ངོ་བོ་མ་དོར་བའི་ཕྱིར་རོ། །ཅི་སྟེ་སྐྱོན་འདིས་འཇིགས་ནས་འདི་འགྲོ་བ་པོ་མ་ཡིན་པ་ལ་སོགས་པའི་ངོ་བོ་ཉིད་དུ་ཁས་ལེན་པར་
བྱེད་པ་དེ་ལྟ་ཡིན་ན་ཐམས་ཅད་ཀྱི་ཚེ་མི་འགྲོ་བ་ལ་སོགས་པར་འགྱུར་ཏེ། གཅིག་གི་ངོ་བོ་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །སོགས་པའི་སྒྲས། འདེགས་པ་ལ་སོགས་པ་གཟུང་ངོ་། །དེ་ལྟ་ཡིན་དང་འགྲོ་བ་ལ་སོགས་པ་ཡོད་ན་ཡང་དེ་མི་གཡོ་བ་ཁོ་ནར་འགྱུར་ཏེ། འགྲོ་བ་པོ་མ་ཡིན་པའི་ངོ་བོ་
མ་དོར་བའི་ཕྱིར་མི་གཡོ་བའི་གནས་སྐབས་བཞིན་ནོ། །གཡོ་བའི་ལས་འདི་ལ་ཡོད་པས་གཡོ་ལྡན་ནོ། །གཡོ་མིན་ངོ་བོའི་དུས་བཞིན་ནོ། །ཞེས་བྱ་བ་ལ་བཞིན་ནི་བདུན་པའི་མཐའ་ཅན་ནོ། །ཅི་སྟེ་ཡང་འདི་གཅིག་གི་ངོ་བོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འགྲོ་བ་པོ་ལ་སོགས་པ་དང་འགྲོ་བ་པོ་མ་ཡིན་
པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་གཉི་གའི་ངོ་བོ་ཡིན་པས་དེའི་ཕྱིར་ཇི་སྐད་དུ་བཤད་པའི་སྐྱོན་དུ་ཐལ་བར་མི་འགྱུར་ལ། གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་གཅིག་ཅེས་བྱ་བ་ལ་སོགས་པའོ། །གཅིག་ཚེའང་ཞེས་བྱ་བ་ལ། འང་གི་སྒྲ་ནི་རིམ་པ་ཐ་དད་པ་སྟེ། ཡང་ཞེས་
བྱ་བའི་མཇུག་ཏུ་བལྟ་བར་བྱའོ། །ཡང་གཞན་དུ་ཡང་ཞེས་བྱ་བའི་དོན་ཏོ། །གཞན་དུ་ཞེས་བྱ་བ་ནི་འགྲོ་བ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ནི་འགྲོ་བ་པོ་ཉིད་དང་འགྲོ་བ་པོ་མ་ཡིན་པ་ཉིད་ལ་སོགས་པ་འགལ་བའི་ཆོས་དང་ལྡན་པས་གཅིག་ཉིད་ཉམས་པར་ཐལ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་སྐད་ཅིག་
เล่ม ๑๙๑ · หน้า 289b
མ་ཉིད་དུ་གྲུབ་པོ་ཞེས་བསྟན་པའི་ཕྱིར། དེ་དག་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་གཡོ་བ་དང་མི་གཡོ་བའི་གནས་སྐབས་སུ་འབྱུང་བ་དག་གོ། །གཡོ་དང་མི་གཡོ་དངོས་པོ་བཞིན། །ཞེས་བྱ་བ་ནི་ལྕུག་མ་དང་རེ་ལྡེ་ལ་སོགས་པ་བཞིན་ནོ། །དེ་ལྟར་རེ་ཞིག་དམ་བཅའ་བ་ལ་རྗེས་སུ་
དཔག་པས་གནོད་པ་བསྒྲུབས་ནས། མངོན་སུམ་གྱིས་གནོད་པ་ཡང་བསྒྲུབ་པའི་ཕྱིར། མཐོང་བ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་པ་མ་དམིགས་པ་དེ་ནི་རྟོག་པ་དང་ལྡན་པ་རྣམས་མེད་པའི་ཐ་སྙད་འཇུག་པ་ཡིན་ཏེ། དཔེར་ན་ཕྱོགས་འགའ་ཞིག་ན་
བུམ་པ་མ་དམིགས་པ་བཞིན་ནོ། །གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ཀྱང་མི་དམིགས་སོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པའོ། །དེ་ལྟ་དེ་ལྟར་ཡུལ་གཞན་བདག་གིར་བྱེད་པས་སྐྱེ་བའི་གཟུགས་ལ་སོགས་པ་ལས་མ་གཏོགས་པའི་ལས་ནི་དབང་པོའི་ཤེས་པ་ལ་སྣང་བར་རྟོགས་པ་མ་
ཡིན་ནོ། །གང་ཡང་འདེགས་པ་དང་འཇོག་པ་པོ་སྙམ་པའི་བརྗོད་པ་དང་ལྡན་པའི་བློ་འདི་སྐྱེ་བ་དེ་ནི་བརྗོད་པ་དང་བཅས་པའི་ཕྱིར་མངོན་སུམ་མ་ཡིན་ནོ། །འདི་ནི་ལས་ཀྱི་ཚིག་གི་དོན་ཉམས་སུ་མྱོང་བའི་སྟོབས་ཀྱིས་འབྱུང་བར་ཡང་རིགས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཉིད་དེ་ལྟ་དེ་ལྟར་སྐྱེ་བ་མཐོང་བའི་
ཕྱིར། བརྡ་ཇི་ལྟ་བ་བཞིན་དུ་དེ་དག་ཁོ་ན་ལ་ཞེན་ནས་འཇུག་པའི་ཕྱིར་རོ། །འདི་ཡང་རྟག་པ་དང་མི་རྟག་པ་དག་ལ་འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་ཞེས་དེ་མ་ཐག་ཏུ་བསྟན་ཟིན་ཏོ། །དེས་ན་མངོན་སུམ་ཁོ་ན་ལས་གྲུབ་པ་ཡིན་ནོ་ཞེས་གང་སྨྲས་པ་འདི་ནི་མ་གྲུབ་པོ། །ཇི་སྐད་དུ་བཤད་པ་ཉིད་ཀྱི་དོན་
ཉེ་བར་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་པའི་མངོན་སུམ་དང་། རྗེས་སུ་དཔག་པ་དག་གིས་བསལ་ཟིན་པའི་ཕྱིར་རོ། །བྱེ་དང་ཕྲད་པ་མི་རིགས་ཕྱིར། །ཞེས་བྱ་བ་ནི་སྔོན་མ་དང་བྱེ་བ་མི་རིགས་པའི་ཕྱིར་ལ། རྒྱབ་མ་དང་ཕྲད་པ་མི་རིགས་པའི་
ཕྱིར་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །འོ་ན་གལ་ཏེ་ཇི་ལྟར་འཇིག་རྟེན་ན་འགྲོ་བའི་ཐ་སྙད་དུ་འགྱུར་ཞེ་ན། འདྲ་བ་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲ་བ་གཞན་གྱི་དངོས་རྣམས་ཞེས་བྱ་བ་ནི་དེ་དག་ནི་འདྲ་བ་ཡང་ཡིན་ལ་གཞན་ཡང་ཡིན་ནོ་ཞེས་བསྡུ་བ་བྱས་ལ་དེ་དག་ཀྱང་ཡིན་ལ་དངོས་
เล่ม ๑๙๑ · หน้า 290a
པོ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །འདྲ་བ་གཞན་གྱི་དངོས་པོ་དེ་དག་བར་ཆད་མེད་པར་རང་གི་ཉེ་བར་ལེན་པའི་རྒྱུའི་ཡུལ་སྤངས་ནས་སྐྱེ་བ་ཡོད་པ་གང་ཡིན་པ་དེའི་སྐྱེ་བ་དམིགས་པའི་རྒྱུའི་ཕྱིར་དེ་ཉིད་འགྲོ་བ་འདི་ཡིན་ནོ་ཞེས་འཁྲུལ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་
ངེས་པའི་སྒྲོན་མ་ཡུལ་གཞན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་བློའི་རྒྱུ་ཉིད་དུ་འགྱུར་བ་བཞིན་ཏེ། སྒྲོན་མ་དེ་ཉིད་ཡུལ་གཞན་དུ་ཕྱིན་པ་ནི་མ་ཡིན་ཏེ། དེ་ནི་སྐད་ཅིག་མ་དྲུག་ཏུ་གནས་པ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དངོས་པོའི་རང་བཞིན་ཉིད་སྔོན་དང་ཕྱི་མའི་མཐས་སྟོང་པར་སྐྱེའོ་ཞེས་བརྗོད་དེ། དེས་
ན་དེ་ནི་དམིགས་པ་ཉིད་དུ་རིགས་པ་ཁོ་ནའོ། །རྣམ་པ་གཅིག་ཏུ་ན་སྐྱེ་བ་ཞེས་བྱ་བ་འདི་ནི་ལྔ་པའི་མཐའ་ཅན་ཏེ། བར་མེད་པར་སྐྱེ་བ་ལས་འདྲ་བ་གཞན་གྱི་དངོས་པོ་རྣམས་ཡུལ་གཞན་དུ་དམིགས་པའི་ཕྱིར་ཞེས་སྦྱར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། །ལས་ཀྱི་ཚོགས་ཀྱི་དོན་བརྟག་
པ་སྟེ་བཅུ་བདུན་པའོ།། །།རྫས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྤྱི་དང་ཁྱད་པར་དབྱུང་བ་རྩོམ་མོ། །རིགས་རྣམས་ཞེས་བྱ་བ་ནི་སྤྱི་རྣམས་སོ། །དེ་དག་ཀྱང་རྫས་དང་ཡོན་ཏན་དང་ལས་ཀྱི་བདག་ཉིད་ཀྱི་ཚིག་གི་དོན་གསུམ་ལ་བརྟེན་པའི་ཕྱིར་དེ་བསལ་བ་ཉིད་ཀྱིས་སྤངས་པ་ཡིན་
ནོ། །རྟེན་མེད་པར་ནི་གང་དུ་ཡང་བརྟེན་པ་རྣམས་གནས་པ་ཡོད་པ་མ་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རིགས་སྨོས་པ་ནི་ཉེ་བར་མཚོན་པ་སྟེ་བྱེ་བྲག་ཀྱང་མཐའི་རྫས་ལ་འཇུག་པའི་ཕྱིར་བརྟེན་པ་ཉིད་དུ་འདོད་དོ། །དེའི་ཕྱིར་དེ་དག་ཀྱང་བརྟེན་བརྩམ་པ་ཉིད་ཀྱིས་
སྤངས་པ་དེ་ལྟ་ན་ཡང་སླར་ཡང་ཁྱད་པར་དུ་སུན་དབྱུང་བ་བརྗོད་པར་འདོད་པ་རང་གི་ངོ་བོ་ངེས་པར་ཤེས་པ་སུན་དབྱུང་བར་ནུས་པའི་ཕྱིར། རེ་ཞིག་སྤྱི་དང་བྱེ་བྲག་དག་གི་རང་གི་ངོ་བོ་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱི་ནི་རྣམ་པ་གཉིས་ཏེ། མཆོག་དང་མཆོག་
མ་ཡིན་པའོ། །མཆོག་ནི་ཡོད་པ་ཞེས་བྱ་བ་སྟེ། དེ་ཡང་རྫས་དང་ཡོན་ཏན་དང་ལས་གསུམ་པོ་མཐའ་དག་ལ་འཇུག་པའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར། སྤྱི་ཁོ་ན་ཡིན་གྱི་བྱེ་བྲག་ནི་མ་ཡིན་ནོ། །མཆོག་མ་ཡིན་པ་ནི་རྫས་དང་ཡོན་ཏན་དང་ལས་ཉིད་ལ་སོགས་པའི་མཚན་ཉིད་དེ། དེ་
เล่ม ๑๙๑ · หน้า 290b
ཡང་རང་གི་རྟེན་རྫས་ལ་སོགས་པ་ལ་འཇུག་པའི་ཤེས་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་ཞེས་བྱ་བ་ལ། རང་གི་རྟེན་རིགས་མི་མཐུན་པ་དག་ལས་ལྡོག་པའི་ཤེས་པའི་རྒྱུ་ཉིད་ཀྱིས་ཁྱད་པར་དུ་བྱེད་པའི་ཕྱིར་སྤྱི་ཡིན་ན་ཡང་བྱེ་བྲག་ཅེས་བརྗོད་དོ། །འདི་ལྟར་ཡོན་ཏན་ལ་སོགས་པ་ལ་རྫས་མ་ཡིན་པ་
དང་ཡོན་ཏན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་བཟློག་པའི་བློ་འདི་སྐྱེ་བ་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ལ་ཡོན་ཏན་ཉིད་དང་རྫས་ཉིད་ལ་སོགས་པ་འདི་དག་ཉིད་ཀྱི་རྣམ་པར་གནས་ཀྱི་གཞན་གྱི་ནི་མ་ཡིན་ཏེ། རྫས་མ་ཡིན་པ་ཉིད་ཅེས་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །ལྟོས་པ་ཐ་དད་པའི་ཕྱིར་གཅིག་དང་སྤྱི་དང་
ཁྱད་པར་གྱི་དངོས་པོར་མི་འགལ་བ་ཁོ་ནའོ་སྙམ་དུ་བསམས་པའོ། །བྱེ་བྲག་གཞན་གྱི་མཚན་ཉིད་བཤད་པ། བྱེ་བྲག་དག་ཀྱང་ཁ་ཅིག་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི་བྱེ་བྲག་ཁོ་ནར་འདོད་ཀྱི་སྤྱི་ནི་མ་ཡིན་ཏེ། ལྡོག་པ་ཉིད་ཡིན་པས་ལྡོག་སྟེ། ལྡོག་པའི་ཤེས་པ་ཉིད་ཀྱི་རྒྱུ་ཞེས་བྱ་བའི་དོན་
ཏོ། །དེ་དག་གང་ཞེ་ན། རྟག་པའི་རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ་ཡང་རྟག་པའི་རྫས་ལ་འཇུག་པའི་མཐའ་ནི་བྱེ་བྲག་གོ་ཞེས་བཤད་དོ། །རྟག་པའི་རྫས་ལ་འཇུག་པ་ཞེས་བྱ་བ་ནི་རྡུལ་ཕྲ་རབ་དང་ནམ་མཁའ་དང་དུས་དང་ཕྱོགས་དང་བདག་དང་ཡིད་ལ་འཇུག་པའི་ཕྱིར་རོ། །འགྲོ་
བ་འཇིག་པ་དང་རྩོམ་པའི་མཐར་གྱུར་པའི་ཕྱིར་དང་། གྲོལ་བའི་བདག་དང་གྲོལ་བའི་ཡིད་ནི་འཁོར་བའི་མཐར་གྱུར་པའི་ཕྱིར་མཐའ་ཉིད་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ཡོད་པ་ནི་མཐའ་ཞེས་བྱ་བ་སྟེ། དེ་དག་ལ་གསལ་བར་མི་དམིགས་པའི་ཕྱིར་རོ། །འཇུག་པ་ནི་འདི་དག་རྡུལ་ཕྲ་རབ་ལ་སོགས་
པ་རྟག་པའི་རྫས་ལ་འཇུག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང་། མཐའ་ཞེས་བྱ་བ་གཉི་ག་གཟུང་ངོ་། །དེ་དག་ཀྱང་ཕན་ཚུན་དུ་ཐ་དད་པའི་བློའི་རྒྱུ་ཉིད་ཡིན་པའི་ཕྱིར་རང་གི་རྟེན་གཞན་ལས་ཁྱད་པར་བྱེད་པས་བྱེ་བྲག་ཅེས་བྱའོ། །ཡང་འདི་དག་ག་ལས་གྲུབ་ཅེ་ན། གང་གི་
སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་བདག་ཅག་ལ་སོགས་པས་བ་ལང་ལ་སོགས་པ་ལ་བྱད་གཟུགས་དང་ཡོན་ཏན་དང་བྱ་བ་དང་ཡན་ལག་དང་ལྡན་པའི་རྒྱུ་མཚན་རྟ་ལ་སོགས་པའི་ཤེས་པ་མཐོང་སྟེ་འདི་ལྟར་བ་ལང་དང་དཀར་པོ་དང་མྱུར་བར་འགྲོ་བ་དང་ནོག་རྒྱས་པ་ཞེས་བྱ་བ་
เล่ม ๑๙๑ · หน้า 291a
དང་གོ་རིམས་བཞིན་ནོ། །དེ་བཞིན་དུ་བདག་ཅག་ལས་ཁྱད་པར་དུ་གྱུར་པའི་རྣལ་འབྱོར་པ་རྣམས། བྱད་གཟུགས་དང་ཡོན་ཏན་དང་བྱ་བ་མཚུངས་པའི་རྡུལ་ཕྲ་རབ་རྟག་པ་རྣམས་དང་གྲོལ་བའི་བདག་དང་ཡིད་རྣམས་ལ་རྒྱུ་མཚན་གཞན་མེད་པ་ན་གང་གི་སྟོབས་ཀྱིས་རྟེན་སོ་སོ་ལ་
འདི་དང་མི་འདྲའོ་སྙམ་པའི་ཤེས་པ་གང་ལས་ལྡོག་པའི་ཡུལ་དང་དུས་དང་བསྐལ་པ་མ་མཐོང་བ་ལ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ངོ་ཤེས་པ་རྣལ་འབྱོར་པ་རྣམས་ལ་འབྱུང་བ་ཁྱད་པར་གྱི་ཤེས་པས་དཔག་པའི་ཡོད་པ་མཐའ་དང་ཁྱད་པར་གྲུབ་བོ། དེ་དག་ཀྱང་བདག་ཉིད་ཇི་ལྟ་བ་བཞིན་དུ་རྟེན་སོ་
སོ་ལ་བརྟེན་པ་ཡིན་ལ། རྣལ་འབྱོར་པ་རྣམས་ཀྱིས་ནི་མངོན་སུམ་ཉིད་ཀྱིས་གྲུབ་བོ། །ཅི་སྟེ་རིགས་རྣམས་ཇི་ལྟར་གྲུབ་ཅེ་ན། ཡོད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་གང་དུ་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་བ་དེ་ནི་དེ་ལས་བྱུང་བ་ཡིན་ནོ་ཞེས་རྣམ་
པར་གཞག་པར་བྱ་བ་ཡིན་ལ། རྫས་ལ་སོགས་པ་ལ་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་ཡང་དབང་པོར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ནི། དེ་ལས་གཞན་པའི་དབང་པོའི་ཤེས་པ་བཞིན་དུ་ཅིའི་ཕྱིར་དབང་པོས་བསྐྱེད་པར་བྱ་བའི་ཐ་སྙད་འཇུག་པར་མི་བྱེད་དེ་དེ་ལྟ་མ་ཡིན་
ན་ཧ་ཅང་ཐལ་བར་འགྱུར་རོ། །རྗེས་སུ་དཔག་པས་ཀྱང་འདི་དག་གི་ཡོད་པ་ཉིད་བསྒྲུབ་པའི་ཕྱིར་རྗེས་སུ་དཔག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པའི་བྱེ་བྲག་ནི་ཞེས་བྱ་བ་ནི་རྫས་ལ་སོགས་པའི་དངོས་པོ་དང་མི་འདྲ་བའི་རྣམ་པའི་ཤེས་པའོ། །རྒྱུ་མཚན་གཞན་ལས་བྱུང་བ་ཅན་ནི་རྒྱུ་
མཚན་གཞན་ལས་བྱུང་བ་སྟེ་སྐྱེས་པ་དེ་འདི་ལ་ཡོད་པའི་ཕྱིར་རོ། །སྦྱོར་བ་ནི་དངོས་པོ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་གང་ཡིན་པ་དེ་ནི་དེ་ལས་མ་གཏོགས་པའི་རྒྱུ་མཚན་གཞན་ལས་བྱུང་བ་ཡིན་ཏེ། གོས་དང་པགས་པ་དང་བལ་ལ་སོགས་པ་ལ་དམར་པོ་ལ་སོགས་པའི་ཤེས་པ་བཞིན་
ནོ། །རྫས་ལ་སོགས་པ་ལ་ཡོད་པ་ལ་སོགས་པའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སུ་གཞན་དག་སེམས་སོ། །ཚད་མའི་དོན་འདི་ཉིད། བ་ལང་གླང་ཆེན་ལ་སོགས་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམ་པར་འབྱེད་པ་ལ་སོགས་པས་བཀོད་པའི་ཚད་
เล่ม ๑๙๑ · หน้า 291b
མ་སྟོན་པ་ཡིན་ཏེ། དེ་དག་དངོས་པོ་རྣམ་པར་འབྱེད་པས་སྨྲས་པ། བ་ལང་དང་ཕག་དང་གླང་པོ་ཆེ་ལ་སོགས་པ་ལ་བ་ལང་ལ་སོགས་པའི་ཤེས་པ་དང་བརྗོད་པའི་ཁྱད་པར་རྣམས་ནི། བརྡ་དང་ཆ་བྱད་དང་གོང་བུ་ལས་ཐ་དད་པའི་རང་གི་ངོ་བོ་དང་རྗེས་སུ་མཐུན་པའི་འདྲ་བའི་རྒྱུ་མཚན་གཞན་གྱི་རྒྱུ་མཚན་
ཅན་ཡིན་ཏེ་ཞེས་སྨྲས་ཏེ། བ་ལང་ལ་སོགས་ཡུལ་ཉིད་ཡིན་པ་ན། གོང་བུ་ལ་སོགས་པར་རང་གི་ངོ་བོའི་ཤེས་པ་དང་བརྗོད་པ་ལས་ཐ་དད་པའི་ཤེས་པ་དང་བརྗོད་པ་ཡིན་པའི་ཕྱིར་རོ། །བ་ལང་ལ་སོགས་པ་དེ་དག་ཉིད་ལ་བེའུ་དང་བཅས་པའི་བ་ལང་ཁལ་བཀལ་བའི་མ་ཧེ་ཟུག་རྔུ་དང་བཅས་
པའི་ཕག །ལྕགས་ཀྱུ་དང་བཅས་པའི་གླང་པོ་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་དང་ཤེས་པའི་ཁྱད་པར་བཞིན་ནོ། །ཆོས་མི་མཐུན་པ་ནི་གོང་བུ་ལ་སོགས་པའི་རང་གི་ངོ་བོ་བརྗོད་པ་དང་ཤེས་པའི་ཁྱད་པར་རྣམས་སོ། །གང་དག་རྒྱུ་མཚན་གཞན་ཡིན་པ་དེ་དག་ནི་བ་ལང་ཉིད་ལ་སོགས་པ་ཡིན་
པར་གྲུབ་པོ། །དེ་ལ་བརྗོད་པ་ནི་སྒྲའོ། །ཤེས་པ་ནི་ཤེས་པ་དང་བརྗོད་པ་ཞེས་བྱ་བའི་དོན་ཏོ། །ཤེས་པ་བརྗོད་པ་དག་ཉིད་ཁྱད་པར་གྱི་བསྡུ་བའོ། །བརྡ་ནི་བརྡར་བྱས་པའོ། །བྱད་གཟུགས་ནི་དབྱིབས་སོ། །གོང་བུ་ནི་རྫས་སོ། །སོགས་པའི་སྒྲས་གཟུགས་ལ་སོགས་པ་གཟུང་ངོ་། །
དེ་དག་ལས་ཐ་དད་པའི་རང་གི་ངོ་བོ་རང་གི་བརྗོད་པ་དང་ཤེས་པ་སོ་སོ་ལ་རྗེས་སུ་མཐུན་པ་དང་ཁྱད་པར་ཡིན་པའི་ཕྱིར་འདྲ་བའི་རྒྱུ་མཚན་གཞན་རྣམས་གང་དག་ཡིན་པ་དེ་དག་རྒྱུ་མཚན་དུ་གང་དག་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །ཡང་ན་དེ་དག་ནི་བརྡ་ལ་སོགས་པ་ལས་ཐ་དད་པ་ཡང་ཡིན་ལ་
ཡོད་པ་ལ་སོགས་པའི་ཤེས་པ་དང་བརྗོད་པར་རང་གི་ངོ་བོའི་རྗེས་སུ་བྱེད་པ་དང་འདྲེས་པ་ཡིན་ཞེས་ཚིག་རྣམ་པར་སྦྱར་བར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །སྨྲས་སྟེ་ཞེས་བྱ་བ་ནི་དམ་བཅའ་བའོ། །རི་བོང་གི་རྭ་ལ་སོགས་པའི་ཤེས་པས་འཁྲུལ་པར་དོགས་པ་ལ་དེ་ཡོངས་སུ་སྤང་བའི་དོན་དུ་བ་ལང་ལ་
སོགས་པ་ཡུལ་ཉིད་ཡིན་པ་ན་ཞེས་ཁྱད་པར་དུ་བྱས་སོ། །གོང་བུ་ལ་སོགས་པའི་རང་གི་ངོ་བོའི་བརྗོད་པ་དང་ཤེས་པ་ལས་ཐ་དད་པའི་བརྗོད་པ་དང་ཤེས་པ་གང་ལ་ཡོད་པ་དེའི་དངོས་པོ་ནི་དེ་ཉིད་དོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཆོས་མི་མཐུན་པའི་གོང་བུ་ལ་སོགས་པའི་རང་གི་ངོ་བོའི་ཡུལ་ཅན་གྱི་
เล่ม ๑๙๑ · หน้า 292a
བརྗོད་པ་དང་ཤེས་པའི་ཁྱད་པར་ཞེས་བྱ་བ་དེ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་གཞན་མེད་པ་ན་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱང་མེད་པའི་ཕྱིར་རོ། །འོད་བྱེད་པས་སྨྲས་པ། བ་ལང་ལ་སོགས་པ་ལ་རྗེས་སུ་འཇུག་པའི་ཤེས་པ་ནི་གོང་བུ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་
མཚན་ལས་བྱུང་བ་ཡིན་ཏེ། བྱེ་བྲག་དང་ལྡན་པའི་ཕྱིར། སྔོན་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེ་བཞིན་དུ་བ་ལང་ཉིད་ནི་བ་ལང་ལ་དོན་གཞན་ཡིན་ཏེ། ཤེས་པ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར། གཟུགས་དང་རེག་པ་ལ་སོགས་པ་བཞིན་ནོ། །དེའི་ཤེས་བྱའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར། དཔེར་ན་ནག་པའི་རྟ་
བཞིན་ནོ་ཞེས་བྱ་བ་ནི་ནག་པ་ལས་ཐ་དད་པར་བསྟན་པ་ཡིན་ནོ། །འདི་ཉིད་བསྟན་པ་ནི་བ་ལང་ལ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་ཟད་དོ། །དེ་ཀུན་སྙིང་པོ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གང་ཡང་ཡོད་པ་ལ་སོགས་པའི་ཤེས་པ་ནི་དབང་པོའི་བྱ་བ་ཡོད་པའི་ཕྱིར་
དབང་པོ་ལ་བརྟེན་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ། གལ་ཏེ་དངོས་སུ་དབང་པོའི་བྱ་བའི་དེ་མ་ཐག་ཏུ་འབྱུང་བའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན་དེའི་ཚེ་གཏན་ཚིགས་མ་གྲུབ་སྟེ་རྟོག་པ་དང་བཅས་པ་ཉིད་ཀྱིས་བརྡ་གཟོ་བ་དང་དྲན་པ་ལ་སོགས་པས་བར་ཆོད་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་
གཅིག་མེད་པར་ཕན་ཚུན་ཟློག་པའི་བདག་ཉིད་ཀྱི་དངོས་པོ་རྣམས་བརྒྱུད་པས་ཀྱང་ཐ་མི་དད་པ་རྣམ་པའི་ཤེས་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཞེས་བྱ་བ་འདི་ཡང་བརྗོད་པར་རིགས་པ་མ་ཡིན་ཏེ་ཞེས་དོགས་པ་ལ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱུ་རུ་ར་ལ་སོགས་པ་ཕན་ཚུན་ཤིན་ཏུ་ཐ་དད་
པའི་ལུས་ཅན་རྣམས་ཀྱང་རེ་རེའམ་ཚོགས་པས་རྗེས་སུ་འགྲོ་བ་མེད་པ་ཡང་ནད་རྣམ་པ་སྣ་ཚོགས་པ་བཟློག་པ་དང་ལྡན་པ་ཡིན་ནོ། །དེ་ལ་སྤྱི་ཉིད་རྣམ་པ་དེ་ལྟ་བུའི་དོན་བྱ་བ་བྱེད་པ་སྒྲུབ་པར་བྱེད་དོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། གང་གི་ཕྱིར་དེ་དག་ལ་དོན་བྱེད་པ་སྣ་ཚོགས་པ་སྒྲུབ་པར་བྱེད་པའི་
སྤྱི་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་ཡོད་ན་དེའི་ཚེ་གང་འདི་འགའ་ཞིག་ཏུ་རེས་འགའ་སྐྱུ་རུ་ར་ལ་སོགས་པ་མྱུར་བ་དང་འགོར་བར་ནད་ལ་སོགས་པ་ཞི་བར་བྱེད་པའི་ནུས་པ་དམིགས་པ་དེར་མི་འགྱུར་ཏེ། སྤྱི་གཅིག་གི་ངོ་བོ་ཡིན་པའི་ཕྱིར་རོ། །ཞིང་དང་འོ་མས་བཅུས་པ་ལ་སོགས་པའི་འདུ་བྱེད་
เล่ม ๑๙๑ · หน้า 292b
པའི་ཁྱད་པར་བསྒྲུབ་པའི་སྤྱི་ཉིད་དོན་བྱ་བ་སྣ་ཚོགས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་རིགས་པ་ནི་མ་ཡིན་ཏེ། དེ་ནི་རྟག་པ་ཉིད་ཀྱིས་ཞིང་ལ་སོགས་པའི་ཁྱད་པར་ལས་ཀྱང་གཞན་གྱིས་རྣམ་པར་འགྱུར་བར་མ་སྐྱེད་པ་ལས་ནི་ཁྱད་པར་འགའ་ཡང་མེད་དེ། གཅིག་གི་ངོ་བོ་ཡིན་པའི་ཕྱིར་རོ། །སྐྱུ་རུ་ར་ལ་
སོགས་པ་མི་རྟག་པ་རྣམས་ནི་ཞིང་ལ་སོགས་པ་ཁྱད་པར་ལས་ཁྱད་པར་དང་བཅས་པ་ཡོད་པས་དེའི་ཕྱིར་དེ་ཉིད་ནད་ལ་སོགས་པ་ཞི་བ་ལ་སོགས་པ་ཞི་བའི་ནུས་པ་དང་ལྡན་པ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་ལ་སོགས་པ་དངོས་པོ་གཞན་ཡང་དེ་བཞིན་ཏེ། རྒྱུ་དང་རྐྱེན་དག་ལས་དེ་ལྟར་སྐྱེ་བའི་ཕྱིར་རང་བཞིན་གྱིས་རྣམ་པ་གཅིག་
གི་ངོ་ཤེས་པ་ལ་སོགས་པར་འགྱུར་བ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདྲ་བར་ཤེས་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་ལ་སོགས་པའི་སྒྲས་ཆུ་འཛིན་པ་ལ་སོགས་པའི་དོན་བྱེད་པར་ནུས་པ་གཟུང་ངོ་། །ཡང་ཇི་ལྟར་འདི་དག་གི་བརྡ་གཟོ་བ་ལ་སོགས་པ་བར་དུ་ཆོད་པ་ཉིད་འགྲུབ་པ་ཡིན་ཞེ་ན། འབྲས་བུ་ཙམ་
ལ་ཞེས་བྱ་བ་སོགས་པ་སྨོས་ཏེ་བརྡ་མ་བཟུང་བ་རྣམས་ལ་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་མ་ཡིན་ཏེ། གཞན་དུ་ན་བརྡ་བྱེད་པ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་གཅིག་གི་རྣམ་པར་ཞེན་པ་འདི་ལ་བར་དུ་ཆོད་པའི་དོན་བྱེད་པར་ནུས་པ་ཙམ་བསྟན་པར་འདོད་པ་ཁྱད་པར་གཞན་མ་སྤངས་པར་ཡོད་པ་ཞེས་
སྒྲ་སྦྱོར་བར་བྱེད་པ་ཡིན་ནོ། །བརྡ་བྱེད་པའམ་ཇི་ལྟར་དགའ་བར་གཞན་ལ་ཡང་ཞེས་བྱ་བ་ནི་གཞན་དངོས་པོའི་སྒྲའོ། །དེ་བཞིན་བ་ལང་ལ་སོགས་པའི་ཁྱད་པར་གྱི་སྒྲ་ཡང་འགལ་བ་ལ་སོགས་པའི་ནུས་པའི་ཁྱད་པར་ཤེས་པར་འདོད་པ་ན་བརྡ་བྱེད་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །དེ་ལྟ་ཡིན་དང་བརྡའི་དུས་སུ་
ཕྱིས་ཐ་སྙད་ཀྱི་དུས་སུ་མཐོང་བའི་བ་ལང་ལ་སོགས་པ་ལ་ཡང་སྔར་བརྡ་གཟོ། །དེ་ལས་དེ་དྲན་པར་བྱའོ། །དེའི་འོག་ཏུ་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་ཡིན་ཞེས་གསལ་བ་རབ་ཏུ་ཤེས་པ་ཡིན་ནོ། །ཤིན་ཏུ་གོམས་པ་འགའ་ཞིག་ནི། ཆེས་མྱུར་བར་སྐྱེ་བའི་ཕྱིར་འདི་དག་གི་རིམ་པ་མི་འཛིན་ལ། གོམས་པ་
ཞན་པ་ནི་གསལ་རབ་ཏུ་འཛིན་པར་བྱེད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། དེའི་ཕྱིར་ནི་དེ་ལྟ་བས་ན་སྟེ། དེའི་ཕྱིར་དེ་ལྟར་ན་བརྡ་གཟོ་བ་ལ་སོགས་པས་བར་དུ་ཆོད་པའི་ཕྱིར་དངོས་སུ་མི་སྐྱེ་བས་འདི་དག་མངོན་སུམ་ཉིད་དུ་མ་གྲུབ་པོ། བརྒྱུད་ནས་སྐྱེ་བ་ན་ཡང་མངོན་སུམ་ཉིད་
เล่ม ๑๙๑ · หน้า 293a
དུ་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་སྙམ་དུ་བསམས་པའོ། །དྲན་པ་ཡིན་པའི་ཕྱིར་དེ་ལས་གཞན་པའི་དྲན་པ་བཞིན་དུ་ཡོད་པ་ལ་སོགས་པའི་ཤེས་པ་ནི་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་ཀྱང་ངོ་ཞེས་བསྟན་པའི་ཕྱིར། དང་པོར་རྟོག་པ་མེད་ཅེས་
བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ལ་བརྡ་མི་བྱེད་པའི་ཕྱིར་མཐོང་བའི་དོན་ལ་མི་རྟོགས་པས། དངོས་པོའི་རང་གི་མཚན་ཉིད་ཡུལ་ཡིན་པ་ཉིད་ཀྱིས་བརྗོད་པ་དང་འདྲེས་པས་དབེན་པའི་ཆོས་དང་པོར་ཡོད་པའི་རྣམ་པར་ཤེས་པ་དབང་པོ་ལ་བརྟེན་པ་སྐྱེའོ། །དེ་ལས་ཏེ་ཕྱིས་མཐོང་བའི་དངོས་པོ་དེ་ཉིད་
ལ་བརྡ་གཟོའོ། །དེའི་འོག་ཏུ་བརྡ་ཇི་ལྟ་བ་བཞིན་དུ་མཐོང་བའི་དོན་གྱི་ཡུལ་དེ་ངེས་པ་ཉིད་ཀྱིས་མཐོང་བའི་དོན་དེ་ཉིད་ལ་བརྗོད་པའི་ཡོད་པ་ལ་སོགས་པའི་ཤེས་པ་སྐྱེ་བ་ཅི་ལྟར་དྲན་པ་ཉིད་སྒྲུབ་པར་མི་འགྱུར། དེ་ལས་ཀྱང་ཞེས་བྱ་བ་ནི་ཇི་ལྟར་མཐོང་བ་ངེས་པ་ལས་སོ། །དེ་དག་གོ་ཞེས་བྱ་བ་ནི་ཡོད་པ་ལ་
སོགས་པའི་ཤེས་པའོ། །ཡང་གང་ལས་ཤེས་པ་རྣམས་ཀྱི་སྐྱེ་བའི་རིམ་པ་འདི་ངེས་པ་ཡིན་ཞེ་ན། གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཡོད་པ་ལ་སོགས་པའི་ཤེས་པ་དེ་དག་རིམ་པ་འདིས་སྐྱེ་བ་དེ་ཉིད་ཀྱིས་གཞན་དུ་སྟེ་ཡུལ་གཞན་དུ་སོང་བའི་སེམས་ནི། སེམས་ཡེངས་པའོ། །མདུན་
ན་གནས་པའི་དངོས་པོ་མཐོང་བ་དངོས་པོའི་བརྡ་ཡིད་ལ་བྱེད་པ་ལ་སོགས་པ་འཇུག་པ་མངོན་དུ་ཕྱོགས་པ་ཆེས་དང་པོར་ཁྱད་པར་ཐམས་ཅད་ཀྱི་དབེན་པའི་དངོས་པོ་ཙམ་མཐོང་བར་འཇུག་གོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་རྟོག་པ་དང་བཅས་པ་ཡིན་ན་དེའི་ཚེ་ཡིད་གཞན་དུ་སོང་
བས་ཁྱད་པར་ཐམས་ཅད་ཀྱིས་སྟོང་པའི་དངོས་པོ་ཇི་ལྟར་མཐོང་བར་འགྱུར། དུས་གཅིག་ཏུ་ཅིག་ཅར་རྣམ་པར་རྟོག་པ་གཉིས་རིགས་པ་ནི་མ་ཡིན་ཏེ། དེ་ལྟ་བས་ན་དེ་ལྟར་དངོས་སུ་དབང་པོའི་རྗེས་སུ་འགྲོ་བ་དང་རྟོག་པའི་རྗེས་སུ་བྱེད་པ་ཉིད་མ་གྲུབ་པོ། །དེ་ལ། བ་ལང་གླང་ཆེན་ལ་
སོགས་ལ། །ཞེས་གང་སྨྲས་པ་དེ་ལ། དེ་དག་བརྡ་ལ་གཟོ་བ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིར་རྗེས་སུ་བྱེད་པའི་འབྲེལ་པའི་རྒྱུ་མཚན་གཞན་ཙམ་འདི་དག་གི་རྒྱུ་མཚན་དུ་གྲུབ་པ་ཡིན་ཏེ། འདི་ལྟར་བ་ལང་ལ་སོགས་པའི་ཤེས་པ་ཐ་སྙད་རྣམས་ཀྱི་རྗེས་སུ་མཐུན་པའི་
เล่ม ๑๙๑ · หน้า 293b
འབྲེལ་པ་ཅན་ནི་བ་ལང་ལ་སོགས་པའི་བརྡ་གཟོ་བ་ཁོ་ན་ཡིན་ནོ། །འདི་ལྟར་དེ་ཡོད་ན་འབྱུང་ལ་རིགས་མི་མཐུན་པའི་ཡིད་ལ་བྱེད་པ་ཡོད་ན་མི་འབྱུང་བ་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་དེ་ཉིད་འདི་དག་གི་རྒྱུར་གྲུབ་སྟེ། དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྒྱུ་འདི་འགྲུབ་པ་
ནི། དེ་ཡོད་པ་དང་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ཀྱི་རྗེས་སུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་ཀྱི་སྦྱོར་བ་ནི་ངལ་བ་ནི་འབྲས་བུ་མེད་པ་ཡིན་ནོ། །ཅི་སྟེ་བརྡ་ཉིད་ལ་བྱེད་པ་འདི་ནི་ཕྱོགས་ཉིད་ཀྱི་ཁོངས་སུ་འདུས་པའི་ཕྱིར་དེ་དག་ལས་མ་གཏོགས་པའི་རྗེས་སུ་འགྲོ་བ་རྟག་པ་དང་གཅིག་
པུའི་སྤྱི་ཞེས་བྱ་བའི་འབྲེལ་པ་ཅན་འདི་དག་གི་རྒྱུ་མཚན་དུ་སྒྲུབ་ན། དེའི་ཚེ་དཔེ་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ནོ། །དེ་ལྟ་བུར་གྱུར་པ་དང་གང་དུ་ཡང་རྗེས་སུ་འགྲོ་བ་མ་གྲུབ་སྟེ། གང་ཡང་བེའུ་དང་མྱུ་གུ་ལ་སོགས་པ་འདི་དག་བེའུ་དང་བཅས་པ་ལ་སོགས་པ་བརྗོད་པ་དང་ཤེས་པའི་རྒྱུ་ཉིད་དུ་བརྗོད་
དེ། དེ་དག་ཀྱང་དེའི་རྒྱུ་ཅན་ཉིད་དུ་མ་གྲུབ་སྟེ། རང་གི་མཚན་ཉིད་ཐོབ་པ་ཅན་གྱི་དངོས་པོ་འདི་རྣམས་ནི་དངོས་སུ་བརྗོད་པ་དང་ཤེས་པའི་ཁྱད་པར་གྱི་རྒྱུ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ནི་ངག་དང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་
ཕྱིར་དཔེ་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །བརྒྱུད་པས་རྒྱུ་ཉིད་དུ་རྟོགས་པར་བྱེད་ན་ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཐམས་ཅད་ལ་བརྒྱུད་པས་ཉེ་བར་སྦྱོར་བ་ཡིན་པའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟ་ན་ཕྱི་རོལ་གྱི་ལྕགས་ཀྱུ་ལ་སོགས་པ་འདི་རྒྱུ་ཉིད་དུ་ཇི་ལྟར་ངེས་པར་བྱེད་ཅེ་ན། ནང་ཙམ་ལ་ནི་བརྟེན་
ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ལྕགས་ཀྱུ་ལ་སོགས་པ་བརྟགས་པ་ཉེ་བར་ལེན་པའི་རང་གི་མཚན་ཉིད་གང་ཡིན་པ་དེ་ནི་རྣམ་པར་རྟོག་པར་རིགས་པ་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ཀུན་རྫོབ་པ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པའི་བཟོ་བོས་སྤྲུལ་པའི་བདག་ཉིད་ཀྱི་ངོ་བོ་ཡིན་པ་ཉིད་
ཀྱིས་ནང་ཙམ་ལ་ཡོད་པ་ཉིད་ཡིན་གྱི། ཕྱི་རོལ་ནི་མ་ཡིན་ནོ། །སྐྱེ་བོས་མཐོང་བ་དང་རྣམ་པར་བརྟག་པ་དག་གི་རྣམ་པར་དབྱེ་བ་མི་ཤེས་པ་ཉིད་ཀྱིས་དེའི་རྣམ་པ་ཕྱི་རོལ་ལྟ་བུར་ཞེན་པ་ན་ཕྱི་རོལ་གྱི་དངོས་པོ་ཉིད་ལ་རྒྱུག་པས་དེའི་ཕྱིར་ལྕགས་ཀྱུ་ལ་སོགས་པ་རྣམས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མ་གྲུབ་བོ། །
เล่ม ๑๙๑ · หน้า 294a
ལྕགས་ཀྱུ་སོགས་ཞེས་བྱ་བ་དང་། དམིགས་ནས་ཞེས་བྱ་བ་སྔ་མ་དང་སྦྲེལ་བར་བྱའོ། །ཕྱི་རོལ་གྱི་ངོ་བོ་ཉིད་དུ་ངེས་པའི་ནང་ཙམ་དུ་ཡོད་པའི་ལྕགས་ཀྱུ་ལ་སོགས་པ་ལ་དམིགས་ནས་ཕྱི་རོལ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནང་ཙམ་ནི་བློའོ། །གང་ཡང་། བ་ལང་ལ་སོགས་ཡུལ་
ཉིད་ན། །ཞེས་ཁྱད་པར་དུ་བྱས་པ་དེ་ཡང་མི་རིགས་པ་ཉིད་དེ། རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་དངོས་པོ་མེད་པའི་ཞེས་བྱ་བ་ལ་སོགས་པ་རྒྱུ་ཉིད་སྨོས་ཏེ། ཁྱེད་ཅག་གི་བྱ་བ་དང་། ཡོན་ཏན་གྱི་ཐ་སྙད་མེད་པ་ཉིད་ཀྱང་མེད་པའི་ཤེས་པའི་རྒྱུ་ཉིད་དུ་བརྗོད་པ་དེ་ཡང་མི་
རིགས་སོ་ཞེས་བྱ་བའོ། །བྱ་བ་ལ་སོགས་པ་མེད་པ་རྒྱུ་ཉིད་དུ་བརྗོད་དོ། །འདི་ལྟར་འབྲས་བུ་སྐྱེད་པར་བྱེད་པར་ནུས་པ་རྒྱུ་ཉིད་དུ་བརྗོད་ལ། ནུས་པ་དེ་ཡང་དངོས་པོ་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་མེད་པ་ཡང་རྣམ་པ་དེ་ལྟ་བུའི་ནུས་པ་དང་ལྡན་པར་འགྱུར་ན། དེའི་ཚེ་ཇི་ལྟར་
དངོས་པོ་ཉིད་དུ་སྒྲུབ་པར་མི་བྱེད་དེ། དངོས་པོའི་རྒྱུ་མཚན་ཉིད་དེ་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་མེད་པའི་ངོ་བོ་ཉིད་སྤོང་བར་འགྱུར་ཏེ། མེད་པ་ནི་དངོས་པོའི་རང་གི་ངོ་བོ་ཉམས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བྱ་བ་དང་ཡོན་ཏན་མེད་པ་མེད་པའི་ཤེས་པའི་རྒྱུ་ཉིད་དུ་
འགྱུར་ན། དེའི་ཚེ་ཡོད་པ་ལ་སོགས་པ་ཡང་མེད་པ་རྒྱུ་ཉིད་དུ་འགྱུར་རོ། །དེ་ལ་ཡང་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་བྱ་བ་ཡང་ཡོན་ཏན་གྱི་ཐ་སྙད་མེད་པའི་ཕྱིར་རོ། །གཏན་ཚིགས་ཀྱང་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་གོང་བུ་གཟུགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་འདི་དག་དེའི་ཤེས་
པ་ལས་གཞན་ཉིད་དུ་འགྱུར་བ་བ་ལང་ལ་སོགས་པའི་ཤེས་པ་རྣམས་ནི་གོང་བུ་ལ་སོགས་པ་ལས་མ་གཏོགས་པའི་དོན་གཞན་དུ་གྱུར་པར་ངེས་པ་ཡོད་པ་ནི་མ་ཡིན་ནོ། །དམ་བཅའ་བ་ཡང་རྗེས་སུ་དཔག་པས་གནོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཕྱིར་རྗེས་འགྲོ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། ཁྱེད་ཅག་གིས་རྗེས་སུ་འགྲོ་བའི་ཤེས་པ་གོང་བུ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་དམིགས་པར་གྱུར་པ་སྒྲུབ་པར་འདོད་ན་དེ་ཡང་མི་རིགས་ཏེ། དེ་མི་སྣང་བའི་ཕྱིར་དང་མི་མཐུན་པའི་ཁ་དོག་དང་དབྱིབས་སྣང་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་ཁ་དོག་དང་དབྱིབས་
เล่ม ๑๙๑ · หน้า 294b
དང་ཡི་གེ་དང་རྣམ་པས་སྟོང་པ་ནི་བ་ལང་ཉིད་ལ་སོགས་པའི་སྤྱི་ཡིན་པར་བརྗོད་ལ། རྣམ་པར་ཤེས་པ་ལ་ཡང་ཁ་དོག་ལ་སོགས་པ་སྣང་བ་དང་ལྡན་པར་ཉམས་སུ་མྱོང་སྟེ། དེའི་ཕྱིར་ཇི་ལྟར་འདིའི་དམིགས་པ་ཡི་གེ་ལ་སོགས་པས་སྟོང་པ་མ་ཡིན་པར་འགྱུར། གཞན་གྱི་རྣམ་པ་ཅན་གྱི་ཤེས་པ་ནི་
གཞན་དམིགས་པ་ཡིན་པར་རིགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་དང་མི་འདྲ་བའི་དོན་སྣང་བ་ཤེས་པ་དེ་ནི་དེ་འཛིན་པ་མ་ཡིན་ཏེ། དཔེར་ན་སྒྲའི་ཤེས་པ་གཟུགས་འཛིན་པར་བྱེད་པ་མ་ཡིན་པ་བཞིན་ནོ། །རྗེས་སུ་འགྲོ་བའི་ཤེས་པ་ཡང་རིགས་དང་
མི་འདྲ་བའི་ཁ་དོག་ལ་སོགས་པ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །སྒྲ་དང་གསལ་བར་སྣང་བ་ཅན། །ཞེས་བྱ་བ་ལ། སྒྲ་ནི་བ་ལང་ངོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་དང་། གསལ་བ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དོ། །དེ་དག་སྣང་བ་ནི་གསལ་བའོ། །དེ་
འདི་ལ་ཡོད་པས་དེ་དང་ལྡན་པའོ། །ཡི་གེ་ནི་པ་དང་ལ་ལ་སོགས་པའོ། །བདེ་བྱེད་བདག་པོས་སྨྲས་པ། སྔོན་པོ་ལ་སོགས་སྤྱི་ནི་སྔོན་པོ་ལ་སོགས་པ་རྣམ་པ་ཉིད་ཡིན་ཏེ། གཞན་དུ་ན་སྔོན་པོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་རྗེས་སུ་འཇུག་པའི་ཤེས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་གཏན་ཚིགས་
མ་ཡིན་ལ་རྗེས་སུ་དཔག་པ་ཡང་མི་འགལ་ལོ་ཞེ་ན། དེ་ལྟ་བས་ན་འདིར་སྤྱི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ནི་སྔོན་པོ་ལ་སོགས་པའི་ཡོན་ཏན་ལས་སྔོན་པོ་ཉིད་ལ་སོགས་པའི་སྤྱི་བྱེ་བྲག་ཡོད་པར་མི་འགྱུར་ཏེ། རྣམ་པ་ཐ་མི་དད་པའི་ཕྱིར་རོ། །འདི་སྙམ་དུ་སྔོན་པོ་ལ་སོགས་པ་ཡོན་ཏན་ནི་
རྗེས་སུ་འགྲོ་བ་མ་ཡིན་ལ། སྤྱི་ནི་ཡུལ་དང་དུས་ཐ་དད་པའི་གསལ་བ་ལ་རྗེས་སུ་འགྲོ་བས་དེས་ན་རྣམ་པ་ཐ་དད་པ་ཡོད་དོ་སྙམ་ན། གཅིག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་གྱི་སྔོན་པོ་ལ་སོགས་པའི་ཡོན་ཏན་ལ་མ་གཏོགས་པའི་སྔོན་པོ་ལ་སོགས་པའི་རྣམ་པའི་རྗེས་སུ་འགྲོ་བ་
གཞན་སྔོན་པོ་ཉིད་ལ་སོགས་པ་རྗེས་སུ་འཇུག་པ་སྣང་བ་ནི་མ་ངེས་ཏེ། ཐུན་མོང་མ་ཡིན་པའི་སྔོན་པོ་ལ་སོགས་པ་གཅིག་སྣང་བའི་ཕྱིར་རོ། །རྣམ་པར་རྟོག་པའི་སེམས་ལ་ཡང་སྔོན་པོ་ཉིད་ལ་སོགས་པ་གཉིས་པ་སྣང་བ་མ་ཡིན་ཏེ། མཐོང་བ་ཇི་ལྟ་བ་བཞིན་དུ་དེས་ངེས་པའི་ཕྱིར་རོ། །འདི་
เล่ม ๑๙๑ · หน้า 295a
སྙམ་དུ་ཇི་ལྟར་ཁྱེད་ཅག་གི་སྐད་ཅིག་མ་ཉིད་སྣང་ཡང་ཞེན་པ་རྣམས་ཀྱིས་རྣམ་པར་ཕྱེ་ནས་མི་མཚོན་པ་དེ་བཞིན་དུ་སྤྱི་འདི་ཡང་ཡིན་ནོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་པ་ཁོ་ན་སྟེ། དེ་མཐོང་བའི་སྟོབས་ཀྱིས་གསལ་བ་ཐ་དད་པའི་སྒྲ་དང་བློར་འགྱུར་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་
མི་འཐད་དེ། ཁྱད་པར་བྱེད་པ་མ་མཚོན་པར་ཁྱད་པར་དུ་བྱ་བ་ལ་བློ་སྐྱེ་བ་ནི་མ་ཡིན་ཏེ། དཔེར་ན་དབྱིག་པ་མ་མཐོང་བར་དབྱིག་པ་ཅན་ནོ་སྙམ་པའི་ཤེས་པ་མི་འབྱུང་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་ཏེ། འདི་ལྟར་ཁྱེད་ཅག་གིས་ཁྱད་པར་རང་ལ་སྒྲ་དང་ཤེས་པའི་སྤྱོད་ཡུལ་ལས་འདས་པར་བརྗོད་པ་ལ།
རང་ལས་བློ་དང་སྒྲའི་ཡུལ་ལས་འདས་པའི་ལུས་ཅན་ཁྱད་པར་དེ་དག་ཀྱང་སྤྱི་མཐོང་བའི་སྟོབས་ཀྱིས་རྟོགས་པས་ཤེས་པ་ཇི་ལྟར་དེ་ཉིད་མི་མཚོན་པ་ཞེས་བྱ་བ། གཞན་ཡང་གང་གི་ལྟར་ན་མངོན་སུམ་རྟོགས་པ་མེད་པ་ཡིན་པ་དེའི་ལྟར་ན་སྣང་ཡང་མ་མཚོན་ཏོ་ཞེས་བྱ་བ་འདི་བརྗོད་པར་རིགས་ཏེ། མཚོན་པ་ནི་
ངེས་པའི་ཤེས་པའི་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཁྱེད་ཅག་གང་གི་མངོན་སུམ་ཐམས་ཅད་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེའི་མི་མཚོན་པ་ཉིད་མི་རིགས་ཏེ། མི་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རང་གི་དོན་རྟོགས་པ་གང་ཡིན་པ་འདི་ཉིད་ངེས་པ་རྣམས་ཀྱི་ངེས་པ་ཡིན་ནོ། །དེ་དག་
ངེས་པ་དང་ལྡན་པ་མ་ཡིན་ནོ་ཞེ་ན། དེ་ནི་འཛིན་པར་བྱེད་པ་ཉིད་མ་ཡིན་པར་འགྱུར་རོ། །སྔོན་པོ་ལ་སོགས་པ་ལས་ཐ་དད་པའི་དོན་གཞན་དུ་གྱུར་པ་གྲུབ་པར་ཁས་བླངས་ནས་ཀྱང་ཁྱེད་ཅག་གི་འདོད་པ་གྲུབ་པ་མ་ཡིན་ཏེ། མངོན་པར་འདོད་པའི་བསྒྲུབ་པར་བྱ་བའི་དོན་རྗེས་སུ་དཔག་པས་གནོད་པ་ཉིད་ཀྱི་
ཕྱིར་རོ། །དེས་ན་ཁྱབ་པ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། རྒྱུ་མཚན་གཞན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་བརྟན་པ་ལས་དབེན་པའི་ཞེས་བྱ་བ་ནི་མི་རྟག་པ་ལས་དབེན་པ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་མི་འགྲུབ་ཅེ་ན། རིམ་གྱིས་འབྱུང་བའི་ཕྱིར་ཏེ། བ་ལང་ལ་
སོགས་པའི་བརྗོད་པ་དང་ཤེས་པ་རྣམས་ཞེས་བྱ་བ་ལྷག་མའོ། །གལ་ཏེ་རྣམ་པ་དེ་ལྟ་བུའི་སྤྱིའི་ཆོས་འདི་དག་གི་རྒྱུ་ཉིད་དུ་གྱུར་ན། དེའི་ཚེ་འདི་དག་རིམ་གྱིས་སྐྱེ་བར་མི་འགྱུར་གྱི། རྒྱུ་མ་ཚང་བ་མེད་པའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་ཏེ། ཅིག་ཅར་སྐྱེ་བའི་དངོས་པོ་དུ་མ་བཞིན་ནོ། །གཞན་གྱིས་
เล่ม ๑๙๑ · หน้า 295b
ཕན་གདགས་པར་བྱ་བ་མ་ཡིན་པ་ལ་ནི་ལྟོས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །ད་ནི་གཏན་ཚིགས་གྲུབ་པ་ཉིད་དུ་ཁས་བླངས་ནས་འཁྲུལ་པ་ཉིད་དུ་བཤད་པ་ནི། ཚིག་གི་དོན་སྒྲ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཚིག་གི་དོན་ཞེས་རྗེས་སུ་འགྲོ་བའི་ཤེས་པར་འགྱུར་བ་ཚིག་གི་དོན་དྲུག་པོ་རྣམས་ལ་
ཚིག་གི་དོན་ཉིད་ཅེས་བྱ་བ་གཞན་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གང་གིས་དེ་དག་ལ་ཡོད་ཅེས་བྱ་བའི་ཤེས་པར་འགྱུར་བ་ཡོད་པ་དང་སྤྱི་དང་བྱེ་བྲག་དང་འདུ་བ་དག་ལ་ཡོད་པ་ནི་མ་ཡིན་ནོ། །ཡོད་པ་ནི་རྫས་དང་ཡོན་ཏན་དང་ལས་རྣམ་པ་ཁོ་ན་ལ་གནས་པའི་ཕྱིར་རོ། །རྫས་ལ་སོགས་པ་ལ་སྤྱིའི་རྒྱུ་མཚན་
ཉིད་ཀྱི་ཐ་སྙད་གཞན་དགག་པར་འདོད་པའི་ཕྱིར་དེའི་སྒོ་ནས་འཁྲུལ་པ་མ་བརྗོད་དོ། །འདི་སྙམ་དུ་ཡོད་པ་ལ་སོགས་པ་འདི་ལ་ཡང་ཡོད་པ་དམིགས་པའི་ཚད་མ་ཉིད་ཀྱི་ཡུལ་ཆོས་ཡོད་དེ། དེའི་ཕྱིར་འདི་ལ་ཡང་ཐ་སྙད་འདི་གཞན་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་འཁྲུལ་པ་མེད་པ་ཁོ་ནའོ་སྙམ་དུ་
སེམས་ན། དེ་ལ་གཞན་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་གཞན་རྒྱུ་མཚན་ཉིད་དུ་ཁས་ལེན་ན་འཁྲུལ་པའི་སྐྱོན་དེའི་གནས་སྐབས་ཉིད་ཡིན་ནོ། །གང་གི་ཕྱིར་ཆོས་གཞན་དེ་ལ་ཡང་ཆོས་དེ་ཡོད་དོ་ཞེས་ཡོད་པའི་བློ་ཡོད་པ་ཁོ་ནའོ། །དེ་ལ་ཡང་ཆོས་གཞན་ལེན་ན་ཐུག་པ་མེད་པར་ཐལ་བར་
འགྱུར་རོ། །གཞན་དག་ཀྱང་ཆོས་གཞན་གྱི་རྟེན་ཡིན་པའི་ཕྱིར་ཆོས་ཅན་ཉིད་དུ་ཐལ་བ་ཡིན་ནོ། །དེ་ལྟ་ཡིན་དང་ཆོས་ཅན་ནི་ཚིག་གི་དོན་དྲུག་ཁོ་ནའོ་ཞེས་བྱ་བའི་དྲུག་གི་གྲངས་ངེས་པར་མི་འགྱུར་རོ། །ཅི་སྟེ་ཐུག་པ་མེད་པས་འཇིགས་ནས་ཆོས་གཞན་མི་བརྟེན་པ་དེའི་ཚེ་ཚིག་གི་དོན་རྣམས་
ལ་ཡོད་པ་ལ་སོགས་པའི་ཆོས་འཇུག་པའི་ཤེས་པ་འདི་དག་གིས་གཏན་ཚིགས་འཁྲུལ་པ་ཡིན་ནོ། །འདི་ཐུན་མོང་གི་མ་ངེས་པ་མ་ཡིན་མོད་ལྡོག་པ་ཐེ་ཚོམ་ཟ་བ་གང་གིས་སྤང་ཞེས་བྱ་བ་འདི་བཤད་པ་ནི་ཐམས་ཅད་ཉེ་བར་སྡུད་པའི་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཅན་ཐམས་ཅད་དུ་གཏན་ཚིགས་ལ་
བསྒྲུབ་བྱས་ཁྱབ་པ་སྟོན་པ་ནི་ཐམས་ཅད་ཉེ་བར་སྡུད་པའོ། །འདི་སྙམ་དུ་འདིར་ཁྱབ་པ་རིགས་པ་ཉིད་ཡིན་ཏེ། རྒྱུ་མཚན་གཞན་མེད་ན་དངོས་པོ་དེའི་ཤེས་པ་མི་འདྲ་བར་ཇི་ལྟར་འཐད་པར་འགྱུར། ཤེས་པ་མང་པོ་ཡུལ་མི་གཅིག་པ་རྣམས་མི་འདྲ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་དེའི་ཚེ་གཟུགས་
เล่ม ๑๙๑ · หน้า 296a
དང་རོ་ལ་སོགས་པའི་ཤེས་པ་རྣམས་ཀྱང་ཡུལ་ཐ་དད་པར་གྲུབ་པར་མི་འགྱུར་རོ། །ཡུལ་ཐ་དད་པ་རྣམ་པར་འཇོག་པ་ནི་ཤེས་པ་ཐ་དད་བྱས་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ཡང་མི་རིགས་ཏེ། དོན་དམ་པར་སྤྱིའི་ཤེས་པ་དངོས་པོའི་རང་གི་མཚན་ཉིད་ཀྱི་ཡུལ་གཅིག་ཏུ་རིགས་པ་མ་
ཡིན་ཏེ། བརྗོད་པ་དང་འདྲེས་པའི་ཤེས་པས་རང་གི་མཚན་ཉིད་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །འོན་ཀྱང་དངོས་པོ་གཅིག་པོ་དེ་གང་ལས་ལྡོག་པ་དེའི་རྒྱུ་མཚན་ཅན་དེ་ལ་བརྡ་ཇི་ལྟ་བ་བཞིན་དུ་གོམས་པའི་དངོས་པོ་དེ་ཡང་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ་རྣམ་པར་རྟོག་པ་དང་བརྗོད་པ་སྤྱི་མེད་ན་ཡང་གལ་ཏེ་རྣམ་
པར་རྟོག་པ་འཇུག་ན་དེའི་ཚེ་འགལ་བ་ཅི་ཞིག་ཡོད། དེའི་ཕྱིར་ཁྱབ་པ་མེད་དོ་ཞེས་བརྗོད་དེ། གང་ཡང་། བ་ལང་སོགས་ལ་རྗེས་འགྲོ་བའི། །ཞེས་བྱ་བ་ལ་སོགས་པ་ལ་དེའི་འོག་ཏུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཀྱིས་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བཤད་པའི་གཏན་ཚིགས་སུན་འབྱིན་པ་
ཉིད་ཀྱིས་ཏེ། དེ་ལ་སྐྱོན་མཚུངས་པའི་ཕྱིར་རོ། །འདི་ལྟར་འདོད་པ་སྒྲུབ་པ་ལ་སོགས་པ་འདི་ལ་ཡང་མཚུངས་སོ། །སོགས་པའི་སྒྲས་དཔེ་བསྒྲུབ་བྱས་སྟོང་པ་དང་གཏན་ཚིགས་མ་གྲུབ་དང་། འཁྲུལ་པ་ལ་སོགས་པ་གཟུང་ངོ་། །རྣམ་པ་གཞན་གྱིས་ཀྱང་འཁྲུལ་པ་ཉིད་དུ་བཤད་པ་རྗེས་སུ་འཇུག་པ་ཞེས་བྱ་
བ་ལ་སོགས་པ་སོགས་པ་སྨོས་པ་སྟེ། གང་གིས་འཚེད་པ་པོ་དང་འདོན་པ་པོ་ཞེས་བྱ་བ་རྗེས་སུ་འཇུག་པའི་ཤེས་པར་འགྱུར་བ་དེ་ལ་གཅིག་རྗེས་སུ་འགྲོ་བའི་རྒྱུ་མཚན་འཚེད་པར་བྱེད་པ་ཉིད་དང་འདོན་པར་བྱེད་པ་ཉིད་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་སྔ་ན་མེད་པ་ལ་སོགས་པ་མེད་པ་གཞི་ལ་
མེད་པའོ་སྙམ་པའི་ཤེས་པ་ཇི་ལྟར་འཇུག་པར་འགྱུར། དེ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། དེ་ནི་དངོས་པོ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །འདོད་པས་སྦྱར་བའི་ངོ་བོ་རྒྱལ་པོ་ཟླ་བ་གཟིར་བ་ལ་སོགས་པ་དང་། ནམ་མཁའི་དཀྱིལ་དུ་བརྟགས་པའི་ཁང་པ་དཀར་པོ་ལ་སོགས་པ་དང་ཞིག་པ་དང་མ་སྐྱེས་པའི་
རྒྱལ་པོ་མང་པོས་བཀུར་བ་དང་དུང་ལ་སོགས་པའི་བློ་གཅིག་རྗེས་སུ་འགྲོ་བ་མེད་པར་ཇི་ལྟར་འགྱུར། དེ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། དེ་ནི་གསལ་བ་ལ་བརྟེན་པའི་ཕྱིར་རོ། །འཚེད་པ་པོའི་ཞེས་བྱ་བ་ལ་སོགས་པས་འཚེད་པ་པོ་ལ་སོགས་པ་ཤེས་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འཚེད་པ་
เล่ม ๑๙๑ · หน้า 296b
པོ་ལ་སོགས་པ་དག་ལ་ལས་ཀྱིས་རྒྱུ་མཚན་ཅན་གྱི་བློ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། ལས་དེ་ཡང་གསལ་བ་རེ་རེ་ལ་གསལ་བ་བཞིན་དུ་ཐ་དད་པ་ཁས་བླངས་པའི་ཕྱིར་རོ། །ཐ་དད་པ་དག་ལ་རྗེས་སུ་འགྲོ་བ་མེད་པར་རྗེས་སུ་འགྲོ་བའི་ཤེས་པ་མི་འཐད་པའི་ཕྱིར། ཁྱེད་ཅག་གིས་གསལ་
བ་ཐམས་ཅད་ལ་རྗེས་སུ་ཞུགས་པའི་སྤྱི་བརྟགས་པ་ཡིན་ནོ། །གལ་ཏེ་ལས་རྗེས་སུ་འགྲོ་བས་སྟོང་ཡང་ཐ་མི་དད་པའི་ཤེས་པ་དང་བརྗོད་པའི་རྒྱུར་འགྱུར་ན། དེའི་ཚེ་གང་གིས་དེ་དག་ཡོངས་སུ་སྤངས་ནས་སྤྱི་དེའི་རྒྱུ་ཉིད་དུ་རྟོག་པར་བྱེད་པ་གསལ་བ་དག་ལ་ཅི་ཞིག་གསུང་། གཞན་ཡང་གལ་ཏེ་འཚེད་པ་
པོ་ལ་སོགས་པ་ལ་ཤེས་པ་ལས་ཀྱི་རྒྱུ་མཚན་ཅན་དུ་འགྱུར་ན་དེའི་ཚེ་བྱ་བ་དང་བྲལ་བ་སྟེ་འཚེད་པར་མི་བྱེད་པ་ལ་འཚེད་པ་པོ་ཞེས་བྱ་བ་ཤེས་པར་མི་འགྱུར་རོ། །གང་གིས་བྱ་བ་དང་བྲལ་བ་ལ་ཡང་ཤེས་པར་འགྱུར་བ་ཁྱེད་ཅག་གིས་རིགས་པ་བཞིན་དུ་ལས་རྟག་ཏུ་ཉེ་བར་འདོད་པ་ནི་མ་ཡིན་ནོ། །གང་ཞིག་གང་གི་
རྒྱུ་མཚན་ཡིན་པ་དེ་ནི་དེ་མེད་པར་འབྱུང་བར་འོས་པ་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་ཏེ། དེ་ལྟ་ན་ཐམས་ཅད་ཐམས་ཅད་ཀྱི་རྒྱུར་འགྱུར་རོ། །འདས་པ་དང་མ་འོངས་པའི་ལས་ནི་དེའི་ཤེས་པའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཏེ། འདས་པ་ལ་སོགས་པ་དེ་དག་མེད་པའི་ཕྱིར་རོ། །མེད་པ་ཡང་རྒྱུར་མི་
འཐད་པའི་ཕྱིར་རོ། །བདེ་བྱེད་བདག་པོ་ན་རེ། འཚེད་པ་པོ་ལ་སོགས་པ་རྗེས་སུ་འཇུག་པའི་ཤེས་པ་དེའི་ལས་ཀྱི་རིགས་དང་འབྲེལ་པའི་བྱ་བ་དང་ལྡན་པ་དེ་ལས་འགྱུར་ཏེ། དེས་ན་བྱ་བ་དང་བྲལ་བ་ལ་ཡང་བྱ་བས་བསྟན་པའི་རྒྱུ་མཚན་པའི་ཕྱིར། འཚེད་པ་པོ་ལ་སོགས་པའི་ཤེས་པ་ཞེས་ངེས་པར་བྱེད་
པ་ཡིན་ནོ་ཞེས་ཟེར་ཏེ། དེ་སྟོན་པ་ནི་གལ་ཏེ་ཞིག་པའི་ཞེས་བྱ་བ་ལ་སོགས་པའོ། །དེས་ཞེས་བྱ་བ་ནི་བྱ་བས་སོ། །བསྟན་པའི་རྒྱུ་ནི་བྱ་བ་ཉིད་ཀྱིས་རིགས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རང་གི་རྟེན་ནི་བྱ་བའི་རིགས་ཏེ། དེ་ཉིད་བྱ་བ་ཡིན་ནོ། །རྟེན་འཛིན་པ་མེད་པར་རིགས་
འབའ་ཞིག་འཛིན་པ་འམ་གནས་པ་ནི་ཡོད་པ་མ་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་ལན་ཅིག་རིགས་མཚོན་པ་ཉིད་ཀྱི་ཕྱིར་ལས་དང་བྲལ་ན་ཡང་དེའི་རྒྱུ་མཚན་གྱི་ཤེས་པ་དེའི་རྟེན་ལ་འཇུག་གོ་སྙམ་དུ་སེམས་ན། དབྱིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་
เล่ม ๑๙๑ · หน้า 297a
ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དབྱིག་པ་ལ་སོགས་པའི་རིགས་རྣམས་ལན་ཅིག་མཚོན་པའི་ཕྱིར་ལྷ་སྦྱིན་ལ་སོགས་པ་དབྱིག་པ་ལ་སོགས་དོར་བ་དེ་དག་ལ་ཡང་དབྱིག་པ་ཅན་དང་རྣ་ཆ་ཅན་ཞེས་བྱ་བ་ལ་སོགས་པའི་བློར་འགྱུར་རོ། །འཚེད་པ་པོ་ཉིད་ལ་སོགས་པའི་རིགས་འདི་ལ་ཡང་
ཡོད་དོ་ཞེས་བྱ་བར་ཡང་མི་རིགས་ཏེ། དེང་སྐྱེས་པ་ལ་ཡང་རིགས་ཡོད་པའི་ཕྱིར་འཚེད་པ་པོ་ལ་སོགས་པའི་བློར་འགྱུར་རོ། །འདི་སྙམ་དུ་དཔེར་ན་ཡོད་པ་ཞེས་བྱ་བའི་བློ་འབྱུང་བའི་རྒྱུ་མཚན་ཡོད་པ་ཡིན་ན་ཡང་ཐམས་ཅད་དུ་མི་འགྱུར་བ་དེ་བཞིན་དུ་རིགས་ཀྱང་རྟེན་གྱི་ཁྱད་པར་དང་འདུ་བ་ཅན་དུ་འགྱུར་ན་ཡང་
ཐམས་ཅད་དུ་མི་འགྱུར་བའི་ཕྱིར། དེས་ན་དེང་སྐྱེས་པའི་གནས་སྐབས་སུ་རིགས་དང་འདུ་བ་ཉིད་དུ་མི་འགྱུར་རོ། །འདུ་བ་ཅན་ཞེས་བྱ་བ་ནི་མཚོན་པ་སྟེ། གསལ་བ་མ་ཡིན་པ་ཞེས་བྱ་བ་ཡང་ཤེས་པར་བྱའོ། །འོ་ན་དེ་ལྟ་ན་ནམ་ཡང་དེ་དེ་དང་འདུ་བར་མི་འགྱུར་ཏེ། འདི་ལྟར་ཆེས་དང་པོར་རིགས་དང་
རྫས་དེ་དག་དེ་དང་འབྲེལ་པའི་རང་བཞིན་དང་མི་མཐུན་པའི་ཕྱིར་འདུ་བ་མི་སྐྱེ་ལ། ཕྱིས་ཀྱང་དེ་དང་མི་མཐུན་པ་དེའི་གནས་སྐབས་ཉིད་ཡིན་པའི་ཕྱིར། ཇི་ལྟར་འདུ་བར་འགྱུར། གང་གིས་དེ་ཕྱིས་ཁྱད་པར་ཅན་དུ་འགྱུར་བ་ཁྱེད་ཅག་གི་ལུགས་ཀྱིས་རྫས་སྐད་ཅིག་མ་ནི་མ་ཡིན་ནོ། །དེ་བཞིན་ཞེས་བྱ་བ་ནི་འདུ་བ་
ཅན་ནོ། །དེ་དག་གི་ཞེས་བྱ་བ་ནི་རིགས་དང་རྫས་དག་གིའོ། །དེ་བདག་ཉིད་ཅེས་བྱ་བ་ནི་སྔ་མའི་རང་བཞིན་མི་མཐུན་པའི་ངོ་བོ་མ་དོར་བ་ཉིད་པའོ། །ཇི་སྟེ་རྫས་མི་རྟག་པ་ཉིད་དུ་ཁས་ལེན་ན་དེའི་ཚེ་ཡང་ཉེས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། གལ་ཏེ་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མི་
རྟག་པ་ཉིད་ཀྱིས་གསལ་བ་ཁྱད་པར་དུ་འགྱུར་བ་ཡིན་ན་རིགས་རྟག་པའི་ཕྱིར་སྔར་བཞིན་དུ་ཕྱིས་ཀྱང་དེ་དང་འདུ་བའི་མི་མཐུན་པའི་ངོ་བོ་ཡོད་པའི་ཕྱིར་ཕྱིས་ཀྱང་འདུ་བ་ཅན་དུ་ཇི་ལྟར་འགྱུར། དུས་ཕྱིས་འབྱུང་བའི་རྫས་འདུ་བ་དང་མི་མཐུན་པའི་ངོ་བོ་ཉིད་ཡིན་ལ་རིགས་ནི་ཐམས་ཅད་གནས་པ་ཡིན་ནོ་ཞེས་བརྗོད་
པར་ཡང་མི་ནུས་ཏེ། དེ་དང་འབྲེལ་བའི་རང་བཞིན་གྱི་རིགས་རྟག་ཏུ་གནས་པའི་ཕྱིར་རྫས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འབྲེལ་པ་ཅན་གཉིས་པ་མེད་ན། དེ་དང་འབྲེལ་པའི་རང་བཞིན་མི་མཐུན་པར་རིགས་པ་མ་ཡིན་ནོ། །འཚེད་པ་ལ་སོགས་ཞེས་བྱ་བ་ལ་སོགས་པས་འོད་
เล่ม ๑๙๑ · หน้า 297b
བྱེད་པར་སྨྲས་པའི་ལན་དོགས་པར་བྱེད་པ་ཡིན་ཏེ་དེས་སྨྲས་པ། འདི་ནི་གཏན་ཚིགས་ཀྱི་དོན་བརྗོད་པ་ཡིན་ཏེ། འཚེད་པ་པོ་ལ་སོགས་པའི་སྒྲས་རྗེས་སུ་འཇུག་པ་ཡང་ཡིན་ལ། །འཚེད་པ་པོ་ཉིད་ཅེས་བྱ་བའི་སྤྱི་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བ་ལང་ལ་སོགས་པ་ལ་རྗེས་སུ་འཇུག་པའི་ཤེས་པ་ཞེས་བྱ་
བ་སྟེ། འདི་ལྟར་ཁྱད་པར་གྱི་ཤེས་པ་གློ་བུར་བ་མ་ཡིན་པས་དེས་ན་འདིའི་གཏན་ཚིགས་ཀྱི་དོན་གོང་བུའི་ཤེས་པ་ལས་མ་གཏོགས་པའི་ཤེས་པ་རྒྱུ་མཚན་གཞན་ལས་སྐྱེ་བ་ཞེས་བྱ་བ་འདི་ཡིན་གྱི། རྗེས་སུ་འཇུག་པའི་ཤེས་པ་ཐམས་ཅད་སྤྱི་ཉིད་ལས་བྱུང་བ་ནི་མ་ཡིན་ནོ། །དེ་ལྟར་ཡིན་ན་འཚེད་པར་བྱ་བའི་
གཙོ་བོའི་སྒྲུབ་བྱེད་གང་ཡིན་པ་དེ་འཚེད་པ་པོའི་སྒྲས་བརྗོད་པ། གཙོ་བོ་དེ་ཡང་འཚེད་པ་པོ་གཞན་ལ་ཡང་ཡོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། གཙོ་བོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གཙོ་བོ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་ནུས་པ་ཡིན་ན་དེ་མི་རིགས་ཏེ། དེའི་རྟེན་སོ་སོ་ལ་ངེས་
པ་ཉིད་ཀྱིས་གསལ་བ་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །རྫས་ལ་སོགས་པའི་བདག་ཉིད་ཀྱི་རང་བཞིན་རང་དབང་ཅན་ཡང་མ་ཡིན་ཏེ། རྫས་སུ་འགྲོ་བ་མེད་པ་དེ་ཉིད་ཀྱི་ཕྱིར་རོ། །སོགས་པའི་སྒྲས་ནི་ཚིག་གི་དོན་དྲུག་ལས་ཐ་དད་པར་འདོད་པའི་ཆོས་བཟུང་ངོ་། །གང་ཡང་རྒྱུ་མཚན་གཞན་ལས་
སྐྱེ་བ་ཞེས་བྱ་བ་འདི་ཡིན་གྱི་ཞེས་སྨྲས་པ་དེ་ལ། སྤྱི་བརྩལ་ནས་རྒྱུ་མཚན་གཞན་ཅུང་ཟད་ཅིག་ཡོད་དོ་ཞེས་སྒྲུབ་པར་བྱེད་ན། གྲུབ་པ་ལ་སྒྲུབ་སྟེ། བརྡ་ཡིད་ལ་བྱེད་པ་རྒྱུ་མཚན་དུ་འདོད་པའི་ཕྱིར་རོ། །ཁྱད་པར་སྒྲུབ་ན་རྗེས་སུ་འགྲོ་བ་མ་ཚང་བ་དང་། འཚེད་པ་ལ་སོགས་པའི་ཤེས་པས་འཁྲུལ་
པ་ཡང་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པས་འཇུག་སྡུད་པར་བྱེད་དེ། དེས་ན་སྟེ་དེའི་ཕྱིར་རོ། །གང་གི་ཕྱིར་རྒྱུ་མཚན་གཞན་རྣམ་པར་དཔྱད་པ་ན་འཚེད་པ་པོ་ལ་སོགས་པའི་ཡུལ་ལ་མི་འཐད་པ་དེའི་ཕྱིར་བརྡ་ཇི་ལྟ་བ་བཞིན་དུ་འཚེད་པ་པོའི་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་དང་ལྡན་པ་རིགས་མི་མཐུན་
པ་རྣམ་པར་གཅོད་པའི་དངོས་པོ་ཙམ་ངེས་པ་ཐ་དད་པའི་དངོས་པོ་འཚེད་པ་པོ་ལ་སོགས་པ་ལ་ཡང་ཐ་མི་དད་པས་བློ་སྟེ་ཤེས་པ་སྐྱེ་བ་ཡིན་ཏེ། ཐམས་ཅད་དུ་རིགས་མི་མཐུན་པ་རྣམ་པར་གཅོད་པ་ཡོད་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་སྤྱི་མེད་ན་ཡང་བ་ལང་ལ་སོགས་པ་ལ་བརྡ་ཇི་ལྟ་བ་བཞིན་དུ་རྣམ་པ་
เล่ม ๑๙๑ · หน้า 298a
ཐ་མི་དད་པའི་ངེས་པའི་ཤེས་པ་དག་འབྱུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དེ་ལྟར་ཡང་ཞེས་བྱ་བ་ལ་སོགས་པས་མེད་པ་ལ་མེད་པའི་བློ་ཞེས་བྱ་བ་དེ་སྒྲུབ་པར་བྱེད་དོ། །འདི་ཉིད་སྤྱིའི་ཤེས་པའི་རྒྱུ་མཚན་ལ་ཁྱབ་པ་ཡིན་ཏེ། འདི་ལྟ་སྟེ་བརྡ་གཟོ་བའོ། །དེ་ལྟ་མ་ཡིན་
ན་མོ་གཤམ་གྱི་བུ་ལ་སོགས་པ་ལ་མེད་པའོ་ཞེས་པར་རྗེས་སུ་འཇུག་པའི་སྒྲ་དང་བློ་གང་གིས་འགལ་བར་འགྱུར། འདི་ལ་རིགས་པ་ནི་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོ་དང་འདུ་བ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་མི་འགལ་ཞེས་བྱ་བ་འདི་ལ་རྒྱུ་བཤད་པ། དེ་དག་དོན་མེད་པའི་ནི་བརྡའི་རྗེས་
སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་དོན་མེད་པ་བརྡ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་རྗེས་སུ་འཇུག་པའི་ཕྱིར་ནི་རྗེས་སུ་འགྲོ་བའི་ཕྱིར་རོ། །དེ་དག་ནི་ཤེས་དང་སྒྲ་དག་སྟེ་བརྡ་ཙམ་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་
ཚིག་གོ། །འདི་ནི་བུམ་པ་ཞེས་བྱ་བ་ལ་སོགས་པས་འདིར་བདེ་བྱེད་བདག་པོའི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། དངོས་པོ་མེད་པ་དེ་དག་ལ་ཁྱད་པར་མེད་པའི་ཤེས་པ་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུམ་པའི་སྔ་ན་མེད་པའོ། །བུམ་པའི་ཞིག་ནས་མེད་པ་ཞེས་བྱ་བ་
དེ་ལྟ་བུ་ཐམས་ཅད་དུ་མེད་པའི་ཤེས་པ་དངོས་པོ་ཁྱད་པར་ཅན་ཉིད་ལ་མེད་པ་དམིགས་པ་ཡིན་ཏེ། དེ་ལྟ་བས་ན་དེའི་བློ་ཐམས་ཅད་དུ་ཁྱད་པར་དུ་གཏོགས་པའི་སྤྱིའི་དབང་གིས་འཇུག་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་ནི་ཞེས་བྱ་བ་ནི་བློ་སྟེ་རྣལ་མ་དང་སྦྲེལ་ལོ། །དེ་ལྟར་མིན་ཞེས་བྱ་བ་ལ་
སོགས་པས་ལན་འདེབས་པར་བྱེད་དོ། །མི་འདྲ་བ་དང་ལྷན་ཅིག་དེ་ལ་བརྟེན་པ་མེད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་བའམ། གཅིག་ཏུ་བསྡུ་བའི་ཟླས་དབྱེ་བ་ཡིན་ནོ། །མི་འདྲ་བའི་ཕྱིར་དང་དེ་ལ་བརྟེན་པ་མེད་པའི་ཕྱིར་དེ་ལྟར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རེ་ཞིག་མི་འདྲ་
བའི་ཕྱིར་ཞེས་བྱ་བ་འདི་རྒྱས་པར་བསྒྲུབ་པའི་ཕྱིར། བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གཅིག་རྣམ་པ་ཐ་མི་དད་པའི་བློའི་རྒྱུ་མཚན་དུ་རིགས་པ་མ་ཡིན་ཏེ། གཅིག་ཉིད་ཀྱིས་སྤྱི་ཐམས་ཅད་ཀྱི་འབྲས་བུ་བསྒྲུབས་ཟིན་པའི་ཕྱིར། སྤྱི་དུ་མ་རྟོག་པ་དོན་མེད་པར་ཐལ་
เล่ม ๑๙๑ · หน้า 298b
བར་འགྱུར་པའི་ཕྱིར་རོ། །དེ་ལྟ་བས་ན་བུམ་པ་ཉིད་ལ་སོགས་པའི་སྤྱིའི་དབང་གིས་བུམ་པ་ཞེས་བྱ་བ་ལ་སོགས་པའི་བློར་འགྱུར་དུ་ཆུག་མོད། ཤིན་ཏུ་མི་འདྲ་བའི་དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་དེའི་རྒྱུ་མཚན་དུ་འགྱུར། ཡོད་པའི་དབང་གིས་བ་ལང་ཉིད་ལ་སོགས་པའི་བློར་འགྱུར་
བ་ནི་མ་ཡིན་ནོ། །དངོས་པོ་རྣམ་པར་འབྱེད་པར་སྨྲས་པ། རྒྱུ་མཚན་དང་རྗེས་སུ་མཐུན་པའི་ཤེས་པ་ཐམས་ཅད་དུ་འདོད་པ་ནི་མ་ཡིན་ཏེ། འདི་ལྟར་གླང་པོ་དང་རྟ་དང་རྡ་བ་དང་སེང་ལྡིང་ལ་སོགས་པ་འདུས་པ་དང་མང་པོ་ཉིད་ཀྱི་གྲངས་དམག་དང་ནགས་ལ་སོགས་པའི་བློ་རྣམས་ཀྱི་རྒྱུ་མཚན་ཡིན་ལ། བཏུང་བ་སྐྱུར་པོ་
ལ་སོགས་པ་རྣམས་ཀྱི་རྒྱུ་མཚན་ནི་རིགས་མི་མཐུན་པའི་རྫས་སྦྱར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་མང་པོ་སྦྱར་བ་ཞེས་བྱ་བའི་ཤེས་པས་འགྱུར་རོ་ཞེས་བྱ་བ། གལ་ཏེ་བློ་ནི་ཞེས་བྱ་བས་དོགས་པར་བྱས་ནས། གལ་ཏེ་ཐ་དད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །འདི་ཞེས་བྱ་བ་ནི་སྤྱིའི་བློའོ། །
བརྡའི་ཐ་དད་ནི་ཁྱད་པར་རོ། །ཡང་གང་གིས་དེ་སྐད་དུ་བརྗོད་པ་འདི་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ཅེ་ན། ཁྱད་པར་ཤེས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པར་རྟོགས་པར་བྱ་བ་ཡིན་ནོ། །དེ་ཡང་སྤྱིའི་བློ་ལ་འདོད་པས་སྦྱར་བའི་བརྡ་གཟོ་བ་ཙམ་དུ་ངེས་
པ་ཡིན་ཏེ། འདི་ལྟར་རེ་ཞིག་དང་པོར་ཁྱད་པར་གྱི་ཡུལ་ལ་ཉམས་སུ་མྱོང་བའི་ཤེས་པ་སྐྱེའོ། །དེ་སྐྱེས་པ་ན་བརྡ་བྱེད་པར་འདོད་པ་འབྱུང་ངོ་། །འདོད་པ་དེ་ལས་བརྡ་དེ་བྱེད་པ་སྟེ་བྱས་པའོ། །དེ་ནས་དེ་ཉིད་ཐ་སྙད་ཀྱི་དུས་སུ་ཐོས་པ་སྟེ་མཉན་པའོ། །འདི་ཐོས་པ་ལས་ཐོས་པ་ཇི་ལྟ་བ་བཞིན་དུ་
བརྡའི་ཡུལ་ལ་དུས་ཕྱིས་གཟོ་བའོ། །དེ་ལས་ཏེ་གཟོ་བ་ལས་ཐ་དད་པ་དེ་དག་ཉིད་ལ་དེ་ངེས་པས་འཇུག་པ་ལས་བུམ་པའི་སྙམ་པ་ལ་སོགས་པའི་བློ་སྐྱེ་བ་སྒྲུབ་པར་བྱེད་པས་གནག་རྫིའི་བར་ལ་འདི་ཙམ་ཞིག་བློ་འདིའི་རྒྱུ་ཉིད་དུ་ངེས་པ་ཡིན་ནོ། །ནུས་པ་མ་མཐོང་བའི་སྤྱི་རྒྱུ་ཉིད་དུ་རྟོགས་པ་ན་ཧ་ཅང་ཐལ་
བར་འགྱུར་རོ། །དེ་ཡང་རྟོག་ན་ནུས་པ་མ་མཐོང་བ་ཉིད་དུ་མཚུངས་པའི་ཕྱིར་གཞན་ཡང་ཅིའི་ཕྱིར་མི་རྟོག་འདི་རྒྱས་པའི་ཕྱིར། འདྲེ་བ་རྗེས་སུ་མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗོད་པར་བྱེད་པ་ཁྱེད་ཅག་གིས་སྤྱིའི་བློ་ལ་སོགས་པའི་རྒྱུ་མཚན་ཐ་དད་པ་སྤངས་ནས་ངོ་བོ་མ་ཡིན་པའི་དམིགས་པ་ཞེས་
เล่ม ๑๙๑ · หน้า 299a
བྱ་བའི་སྤྱི་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་ཡང་བརྟགས་པའི་སྤྱི་དེ་ཡང་གཞན་གྱི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་ཚེ་ཇི་སྐད་དུ་བཤད་པའི་ནུས་པ་མཐོང་བ་བརྟགས་པར་འགྱུར་བ་ཉིད་མཆོག་ཡིན་ནོ། །དེ་ལྟ་ན་ནི་མ་མཐོང་བའི་བརྟག་པ་བྱས་པར་མི་འགྱུར་རོ། །གཞན་ཡང་ཐ་མི་དད་པའི་སྤྱི་ཇི་
ལྟར་མི་འདྲ་བའི་བློ་སྤྱད་པར་བྱེད་ཅེས་དྲིས་པ་ན། འདི་ལྟ་སྟེ། འདི་ནི་དངོས་པོ་རྣམས་གྱིས་ངེས་པ་སོ་སོར་ངེས་པ་ཡིན་ཏེ། གལ་ཏེ་གཅིག་ཡིན་ན་ཡང་རྣམ་པ་དུ་མའི་ཤེས་པ་སྐྱེད་པར་བྱ་བར་ནུས་པ་ཡིན་ནོ་ཞེས་བྱ་བར་གདོན་མི་ཟ་བར་བརྗོད་པར་བྱ་དགོས་སོ། །གལ་ཏེ་དེ་ལྟ་ན་ནུས་པ་ཤེས་པ་མཐུ་ངེས་
པའི་ཐ་དད་པ་དེ་དག་ཉིད་ལ་ནུས་པ་ངེས་པ་ཅིའི་ཕྱིར་རྟོག་པར་མི་བྱེད། དེ་ལྟ་ཡིན་ན་ཉམས་སུ་མྱོང་བ་དང་མི་གསལ་བ་རྗེས་སུ་བསྒྲུབས་པར་འགྱུར་རོ། །འདི་སྙམ་དུ་སྤྱི་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ནུས་པ་ངེས་པ་ཡིན་ནོ་སྙམ་དུ་སེམས་ན། རྗེས་སུ་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་
པས་མ་སྐྱེས་པའི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པའི་ཤེས་པ་འདི་དག་དེར་གཏོགས་པའི་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་ཉིད་རིགས་པ་མ་ཡིན་ནོ། །གལ་ཏེ་འདི་སྤྱིའི་རྗེས་སུ་བྱེད་པར་འགྱུར་ན། དེའི་ཚེ་སྤྱི་ཐམས་ཅད་དུ་གནས་པས་ཅིའི་ཕྱིར་རྟག་ཏུ་མི་འགྱུར། སྤྱི་ནི་འགའ་ཞིག་ལ་ལྟོས་པ་མ་
ཡིན་ཏེ། དེའི་ཁྱད་པར་གཞན་གྱིས་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་དེར་གཏོགས་པའི་རྗེས་སུ་འགྲོ་བའི་རྗེས་སུ་བྱེད་པ་མ་ཡིན་ལ། ལྡོག་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་ཡོད་པ་ལ་སོགས་པའི་ཤེས་པ་འདི་སྐྱེ་བ་དེའི་ཚེ་དེར་སྤྱི་མེད་པ་རྒྱུ་ཡིན་
ནོ་ཞེས་བྱ་བ་ནི་བརྗོད་པར་མི་ནུས་ཏེ། རྟག་པ་རྣམས་རྟག་ཏུ་གནས་པ་ཉིད་ཀྱིས་ལྡོག་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདི་དག་ལ་དེར་གཏོགས་པའི་ལྡོག་པའི་རྗེས་སུ་བྱེད་པ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་བཞིན་དུ་རྒྱུ་མཚན་གཞན་ཁས་བླངས་པ་ན་སྤྱི་ལ་སོགས་པའི་བློའི་ཉེས་པ་
ཡིན་པ་དེ་ལྟ་བས་ན་གཞན་གྱི་ཡོན་ཏན་ལ་སོགས་པ་ལ་རྫས་མ་ཡིན་པ་དང་ལས་མ་ཡིན་པ་ལ་སོགས་པའི་ཤེས་པའི་རྒྱུ་ཡོན་ཏན་ཉིད་ལ་སོགས་པའི་སྤྱིའི་ཁྱད་པར་ཡོད་པ་ལ་སོགས་སྤྱི་ལ་སྤྱི་ཞེས་བྱ་བའི་རྗེས་སུ་འགྲོ་བ་ཤེས་པའི་རྒྱུ་མཚན་དོན་དུ་མ་དང་འདུ་བ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཡང་བསལ་
เล่ม ๑๙๑ · หน้า 299b
བ་ཡིན་ནོ་ཞེས་བྱ་བ་འདི་བཤད་པ་ནི། རྫས་ལ་སོགས་པ་མིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་བརྟགས་པ་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་སྤྱིའི་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྤྱིའི་བློའི་གཅིག་གི་རྒྱུ་མཚན་དོན་དུ་མ་ལ་འདུ་བ་ཡིན་ན། གྲངས་
དང་ལྡན་པ་དང་རྣམ་པར་དབྱེ་བ་དང་ཡན་ལག་ཅན་གྱི་རྫས་ལ་སོགས་པ་ལ་རྫས་དུ་མ་སྟོན་པ་ཉིད་ཡོད་པའི་ཕྱིར་དེ་དག་ལ་ཡང་སྤྱིའོ་སྙམ་པའི་བློའི་རྒྱུ་མཚན་འགྱུར་བ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །ཡོད་པ་ལ་སོགས་པའི་བློ་གཅིག་གི་རྒྱུ་ཉིད་ཀྱང་ཡོད་པ་ལ་སོགས་པའི་རྣམ་པས་རང་གི་
བདག་ཉིད་ལ་ངེས་པའི་ཕྱིར་སྤྱི་གཞན་ལ་བརྟེན་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་དེའི་སྟོབས་ཀྱིས་ཀྱང་སྤྱི་དག་ལ་སྤྱིའི་སྙམ་པའི་རྗེས་སུ་འཇུག་པའི་ཤེས་པ་སྐྱེ་བ་མ་ཡིན་ནོ། །དེ་ལྟར་ན། དེ་ཕྱིར་ཐ་དད་དག་ལ་གཅིག །འཇུག་པའི་རྒྱུ་མཚན་གང་ཡིན་ཏེ། །ཡོད་པ་སོགས་ལ་སྤྱི་སྒྲའམ། །ཡང་
ན་བློ་གཅིག་བྱེད་པ་ཡིན། །ཞེས་ཀུ་མཱ་ར་རི་ལས་སྨྲས་པ་འདི་ཡང་འབྲེལ་པ་མེད་པ་ཡིན་ནོ། །དེ་ལྟར་རེ་ཞིག་མི་འདྲ་བའི་ཕྱིར་ཞེས་བྱ་བ་སྟེ་བཤད་ཟིན་ཏོ། །དེ་ལ་བརྟེན་པ་མེད་ཕྱིར་རོ། །ཞེས་བྱ་བ་དེ་འཆད་པར་འདོད་ནས། བུམ་པ་ཉིད་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ་སྤྱི་བུམ་པ་ལ་སོགས་
པ་དག་ལ་འདུ་བ་མེད་པ་དག་ལ་ནི་མ་ཡིན་ཏེ་དེ་དག་ནི་དངོས་པོ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་མེད་པ་དེ་དག་ལ་བུམ་པ་ལ་སོགས་པ་དེ་ལས་གཞན་ལ་འདུ་བས་སྤྱིའི་རྣམ་པའི་རྗེས་སུ་བྱེད་པའི་ཤེས་པར་འགྱུར། རྟ་ལ་སོགས་པ་གཅིག་གི་རྣམ་པ་ཤེས་པའི་རྒྱུ་མཚན་ནི་གླང་པོ་ཉིད་ལ་
སོགས་པ་མ་ཡིན་ནོ། །འོན་ཏེ་འདི་ལྟ་སྟེ་དཔེར་ན་རོ་མངར་རོ། །ནུབ་མོ་བསིལ་ལོ། །ལྕིའོ་ཞེས་བྱ་བ་ལྟ་བུར་གཞན་དུ་འཇུག་པས་ཀྱང་གཞན་དུ་ཤེས་པ་སྐྱེ་བར་མཐོང་བ་མ་ཡིན་ནམ་ཞེ་ན། དེ་ལ་སྨྲས་པ། འདིར་དོན་གཅིག་ལ་བརྟེན་པ་མིན་ཞེས་བྱ་བ་ལ། རྫས་གང་ཁོ་ན་ལ་མངར་བ་
ཉིད་འདུ་བ་དེ་ཁོ་ན་ལ་བསིལ་བ་ཉིད་ལ་སོགས་པ་ཡང་ཡིན་པའི་ཕྱིར་དོན་གཅིག་ལ་འདུ་བའི་སྟོབས་ཀྱིས་འདིར་གཞི་མཐུན་པར་འགྱུར་གྱི། མེད་པ་བུམ་པ་ཉིད་ལ་སོགས་པའི་སྤྱི་དང་ལྷན་ཅིག་གང་དུ་ཡང་རྫས་གཅིག་ལ་འདུ་བ་ནི་མ་ཡིན་ཏེ། ཉེ་བར་བརྗོད་པ་མེད་པ་དེ་ནི་གང་དུ་
เล่ม ๑๙๑ · หน้า 300a
ཡང་འདུ་བ་མི་རུང་བའི་ཕྱིར་རོ། །འདིར་གལ་ཏེ་ཁྱད་པར་ཞེས་བྱ་བ་ལ་སོགས་པས་འོད་བྱེད་པའི་ལན་གྱི་དོགས་པ་བསུ་བ་ཡིན་ཏེ། དེས་སྨྲས་པ། བུམ་པ་ཉིད་ལ་སོགས་པའི་སྤྱི་ན་བུམ་པ་ལ་སོགས་པ་དང་ལྷན་ཅིག་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་ལ། མེད་པ་རྣམས་ནི་ཁྱད་པར་དང་ཁྱད་པར་
ཅན་གྱི་དངོས་པོའི་མཚན་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་སྤྱི་དང་མེད་པ་དག་དོན་གཅིག་ལ་འདུ་བའི་འབྲེལ་པ་འདི་ལ་ཡང་ཐ་སྙད་ཀྱི་རྒྱུ་ཡོད་པ་ཁོ་ནའོ་ཞེའོ། །དེ་ལ་ལན་གདབ་པའི་ཕྱིར། འབྲེལ་པ་གཞན་ནི་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ཀྱི་ཕན་ཚུན་ཁྱད་པར་དང་ཁྱད་པར་
ཅན་གྱི་དངོས་པོ་ནི་འབྲེལ་པ་གཞན་གྱིས་བསྐྱེད་པ་ཡིན་ཏེ། འདི་ལྟ་སྟེ། དཔེར་ན་དབྱིག་པ་དང་ལྷ་སྦྱིན་དག་དང་རྒྱལ་པོ་དང་སྐྱེས་བུ་དག་གི་རྗེ་ཁོལ་གྱི་དངོས་པོ་ལ་སོགས་པའི་འབྲེལ་པ་ལ་བརྟེན་ནས་ཁྱད་པར་དང་ཁྱད་པར་ཅན་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ལ་རྒྱུ་མཚན་དུ་གྱུར་པའི་འབྲེལ་པ་
གཞན་དེ་མེད་པ་ལ་ཁྱད་པར་ཅན་དང་ཁྱད་པར་དེ་ཅི་ལྟར་འགྱུར། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་ཏེ། དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་ཀྱི་ཁྱད་པར་དུ་འགྱུར་རོ། །ད་ནི་ཇི་ལྟར་འབྲེལ་པ་མེད་པར་འཇིག་རྟེན་ན་བུམ་པའི་སྔ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་
རྟོགས་ཤེ་ན། བུམ་པ་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་མེད་པར་གྱུར་ནས་ཡོད་པ་ཞེས་བྱ་བའི་དོན་དེ་ཙམ་ཞིག་ཤེས་པར་འདོད་པ་ལ་བློ་འདི་བརྟགས་པ་ཡིན་ཏེ། དངོས་པོ་ལས་དོན་གཞན་དུ་གྱུར་པ་ལྟ་བུ་དང་འབྲེལ་པ་ལྟ་བུའི་སྔ་ན་མེད་པ་རྟོག་པ་སྐྱེ་བ་ཡིན་ནོ། །དེའི་བསམ་པའི་
དབང་གིས་འདིར་ཁྱད་པར་དང་ཁྱད་པར་གྱི་དངོས་པོ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ནོ། །ཇི་ལྟར་རྟོགས་པའི་བཟོ་བོས་བཅོས་པའི་དཔའ་བ་ལ་སོགས་པའི་ཆོས་ཀྱི་ཁྱད་པར་ཉིད་ཉེ་བར་བཟུང་བ་ཡིན་ཏེ། གང་དུ་ཁྱེད་ཅག་གིས་དངོས་པོ་ལ་བརྟེན་པའི་ཁྱད་པར་དང་ཁྱད་པ་ཅན་གྱི་དངོས་པོ་བཟུང་བ་དེར་
གདོན་མི་ཟ་བར་འབྲེལ་པ་གཞན་བཙལ་བར་བྱ་བ་ཡིན་ནོ། །གཞན་དུ་ན་རྣམ་པར་གཞག་པ་ངེས་པར་མི་འགྱུར་རོ། །གཞན་ཡང་བདེ་བྱེད་བདག་པོས་སྨྲས་པའི་ལན་འདི་ནི་ཀླན་ཀ་དང་རྗེས་སུ་མཐུན་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མེད་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་
เล่ม ๑๙๑ · หน้า 300b
འདི་བུམ་པ་མེད་པ་དང་སྣམ་བུ་མེད་པ་དང་རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་མེད་པའི་སྙམ་པའི་རྗེས་སུ་འགྲོ་བའི་ཤེས་པ་འཇུག་པའི་ཤེས་པ་དེ་ལ་ཁོ་བོ་ཅག་གི་སྤྱི་མེད་ན་ཡང་རྗེས་སུ་འགྲོ་བའི་ཤེས་པ་མཐོང་བའི་ཕྱིར་གཞན་དུ་སྤྱི་རྟོག་པ་དོན་མེད་དོ་ཞེས་ཀླན་ཀ་བྱས་ཀྱི། བུམ་པ་ལ་སོགས་པ་རིགས་མཐུན་པ་
མང་པོ་རྣམས་ཀྱིས་གང་སྔ་ན་མེད་པ་ལ་སོགས་པའི་ཤེས་པ་གང་ཡིན་པ་དེ་ལ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་དེ་ལས་ཅིར་འགྱུར་ཞེ་ན་ཁྱད་པར་ལ་ནི་གནས་པའི་སྤྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པའི་ཁྱད་པར་ལ་གནས་པའི་སྤྱི་བུམ་པ་ཉིད་ལ་སོགས་པ་གང་ཡིན་པ་
དེའི་རྟེན་བུམ་པ་ལ་སོགས་པ་ཉིད་ལ་འཇུག་གི་སྣམ་བུ་ལ་སོགས་པ་རྟེན་གཞན་ལ་ནི་མ་ཡིན་ནོ། །དེ་ཇི་ལྟར་སྔ་ན་མེད་པ་ལ་སོགས་པ་ལ་རིགས་མི་མཐུན་པའི་སྣམ་བུ་ལ་སོགས་པ་ལ་ཡོད་པ་དེ་ལས་ཤེས་པར་འགྱུར་ཞེས་བསམས་པའོ། །ཐམས་ཅད་དུ་རྗེས་སུ་འགྲོ་བའི་སྤྱི་གཅིག་ཡོད་དོ་ཞེ་ན། དེ་
དག་ལ་ནི་རྗེས་སུ་འཇུག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལས་འདིའི་ཤེས་པར་འགྱུར་བ་རིགས་མི་མཐུན་པའི་དངོས་པོ་དུ་མ་བུམ་པ་ལ་སོགས་པ་མཐའ་དག་ལ་ཁྱབ་པའི་སྤྱི་གཞན་ཡོད་པ་ནི་མ་ཡིན་ནོ། །འདི་སྙམ་དུ་དེའི་སྟོབས་ཀྱིས་མེད་པའི་ཤེས་པར་འགྱུར་བ་ཡོད་པ་ཞེས་བྱ་བའི་སྤྱི་
ཆེན་པོ་ཡོད་དོ་སྙམ་ན། དེ་མི་རིགས་ཏེ་འཁྲུལ་པའི་ཕྱིར་རོ། །འདི་ལྟར་ཚིག་གི་དོན་དྲུག་ལས་མ་གཏོགས་པའི་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པའི་ཚིག་དོན་གཞན་མེད་པའི་ཕྱིར་ཁྱེད་ལ་མེད་པའི་བློ་གང་དག་ཀུན་དུ་རྒྱུ་བ་དང་། གང་ཡང་བརྟགས་པའི་གཏམ་རྒྱུད་སླུ་བ་པ་ལ་སོགས་པ་
རྫས་མ་ཡིན་པའི་རང་བཞིན་རྣམས་ཀྱི་དོན་དམ་པ་མེད་པ་ཞེས་བྱ་བའི་བློ་རྣམས་དེ་དག་ལ་ཁྱད་པར་དུ་གཏོགས་པའི་སྤྱི་གང་ཡིན་པ་དེའི་རྒྱུ་མཚན་དུ་འགྱུར་བ་གང་ཡིན་ཁྱེད་ཀྱི་ལུགས་ཀྱིས་སོ་སོར་བརྟགས་པ་ལ་སོགས་པ་འདི་དག་ལ་ཡོད་པ་ཉིད་ཡོད་པ་ནི་མ་ཡིན་ནོ། །འདིས་ནི་གཞོན་ནུ་མ་
ལེན་གྱིས། །སྔ་ན་མེད་པ་ལ་སོགས་སྤྱི། །དངོས་པོ་མི་འདོད་མ་ཡིན་ནམ། །འདི་ལ་སྤྱི་མེད་སོགས་ངོ་བོ། །ཡོད་པ་ཉིད་ནི་སྤྱི་ཡིན་ནོ། །ཞེས་གང་སྨྲས་པ། དེ་ཡང་བསལ་བ་ཡིན་ཏེ། ལ་སོགས་ངོ་བོ་ནི་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཉེས་པ་
เล่ม ๑๙๑ · หน้า 301a
འདི་ཉིད་ཡིན་ཏེ། གང་གིས་དེ་མེད་པའི་ཤེས་པར་འགྱུར་བ་གཞུང་ལུགས་གཞན་གྱི་དངོས་པོ་རྣམས་དང་བརྟགས་པའི་གཏམ་རྒྱུད་རྣམས་ལ་ནི་ཡོད་པ་མ་ཡིན་ནོ། །དེ་ངེས་པའི་བརྟགས་པའི་ཡོད་པ་དེ་ལ་ཕྱི་རོལ་གྱི་དོན་གྱིས་སྟོང་པར་རྟོགས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་སྒྲའི་
དོན་མཐའ་དག་རྟག་པ་གཅིག་པུའི་ཡོད་པ་དང་བྲལ་བ་རྣམ་པར་རྟོག་པ་ཙམ་གྱི་བདག་ཉིད་དུ་ཅིའི་ཕྱིར་མི་འདོད། དེ་ལྟ་མ་ཡིན་ཏེ། རྟག་པ་དང་གཅིག་པུར་ཡོད་པ་ལ་སོགས་པའི་དོན་ཁས་ལེན་ན་ཡོད་པ་དང་སྐྱེ་བ་ཐ་མི་དད་དེ། བོགས་དབྱུང་དུ་མེད་པའི་ཕྱིར་རོ། །ཇི་ལྟར་ཐ་དད་པའི་ངོ་བོར་
རྟོགས་པར་འགྱུར་ཞེས་བྱ་བའི་ཀླན་ཀ་སྤང་དཀའ་བ་ཉིད་དུ་འགྱུར་རོ། །ད་ནི་འདོད་པས་བཀོད་པའི་ངོ་བོ་དང་། ཞིག་པའམ་མ་སྐྱེས་པ་རྣམས་ལ་ཞེས་བྱ་བ་དེ་བསྒྲུབ་པའི་ཕྱིར། འདོད་པས་སྦྱར་བའི་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པས་སྦྱར་བའི་ངོ་བོ་སྟེ་རང་བཞིན་གང་ལ་
ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དང་པོར་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པའི་སྒྲས་ནི་ཞིག་པ་དང་མ་སྐྱེས་པ་ལ་སོགས་པ་གཟུང་ངོ་། །གང་གིས་དེའི་རྒྱུ་མཚན་ཅན་དེ་དག་ལ་བློས་འགྱུར་བ་བརྟགས་པ་ལ་སོགས་པ་ལ་སྤྱི་ཡོད་པ་ནི་མ་ཡིན་ནོ། །འདི་སྙམ་དུ་བརྟགས་
པ་ལ་སྤྱི་མེད་མོད། འདས་པ་དང་མ་སྐྱེས་པ་ལ་ནི་དེའི་རྒྱུ་མཚན་ཅན་གྱི་བློར་འགྱུར་རོ་སྙམ་དུ་སེམས་ན། དེ་ནི་ལོག་པ་ཡིན་ཏེ། རྟེན་མེད་པར་འབའ་ཞིག་པ་མི་གནས་པ་གང་ཡིན་པ་འདི་ནི་བརྟེན་པ་རྣམས་ཀྱི་ཆོས་ཡིན་ཏེ། མི་བརྟེན་པ་ཉིད་དུ་ཐལ་བར་འགྱུར་རོ། །འབའ་ཞིག་པ་རྣམས་
གནས་སུ་ཆུག་མོད། དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཁོ་ན་སྟེ། སྤྱི་འབའ་ཞིག་འཛིན་པར་ཁས་མི་ལེན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། སྤྱི་རྟོགས་པ་ནི་རང་གི་རྟེན་དང་དབང་པོ་ཕྲད་པ་ལ་ལྟོས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྤྱི་འབའ་ཞིག་པ་ཡང་འཛིན་ན་སྤྱིའི་བློ་ལས་གསལ་བ་
ངེས་པར་མི་འགྱུར་ཏེ། དེའི་ཚེ་གསལ་བ་མེད་པའི་ཕྱིར་རོ། །འདི་ནི་གསལ་བ་རྣམས་ཀྱི་སྤྱི་ཡིན་ནོ་ཞེས་བྱ་བའི་འབྲེལ་པར་ཡང་མི་འགྱུར་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་ལྟར། འབྲེལ་པའི་རྒྱུ་མཚན་ཡོད་ན་སྤྱི་དེའི་གསལ་བྱ་ཡིན་པའམ། དེའི་བསྐྱེད་པར་བྱ་བ་ཉིད་ཡིན་པའམ། དེ་
เล่ม ๑๙๑ · หน้า 301b
འཛིན་པ་ལ་ལྟོས་ན་འཛིན་པ་ཡིན་གྲང་དེ་ལ་ར་ཞིག་དེས་གསལ་བར་བྱས་པའི་ཕྱིར་སྤྱི་དེ་དང་འབྲེལ་པ་མ་ཡིན་ཏེ། རྟག་པ་ཉིད་ཀྱིས་གཞན་གྱིས་ཕན་གདགས་པར་བྱ་བ་མ་ཡིན་པ་ནི་ཁྱད་པར་མེད་པའི་ཕྱིར་གསལ་བྱ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གང་ཞིག་གང་གི་ཕན་འདོགས་པར་བྱེད་པ་མ་ཡིན་པ་
དེ་ནི་དེའི་གསལ་བར་བྱེད་པ་མ་ཡིན་ཏེ། འབིགས་བྱེད་ཀྱི་གངས་ཅན་བཞིན་ནོ། །སྤྱིའི་གསལ་བ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་གསལ་བར་བྱེད་པ་ཉིད་ཡིན་ན་ཧ་ཅང་ཐལ་བར་འགྱུར་ཏེ། ཐམས་ཅད་ཐམས་ཅད་ཀྱི་
གསལ་བར་བྱེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་དེ་དག་ལ་སྐྱེ་བའི་གཞན་གྱི་དབང་དུ་རིགས་པ་མ་ཡིན་ལ་འབའ་ཞིག་འཛིན་པའི་ཕྱིར་དེ་ཤེས་པའི་གཞན་གྱི་དབང་ཡང་མ་ཡིན་པས་ཕྱོགས་གསུམ་ཆར་ཡང་སྲིད་པ་མ་ཡིན་ནོ། །དེ་ལྟར་ཡིན་དང་སྤྱིར་
རྟོགས་པ་ནི་རང་གི་རྟེན་དང་དབང་པོ་ཕྲད་པ་ལ་ལྟོས་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་མི་རིགས་ཏེ། རྟེན་ཉིད་མི་རུང་བའི་ཕྱིར་དེ་ལ་ཡོད་པ་དང་དབང་པོ་ཕྲད་པ་ལ་སོགས་པ་ལ་ལྟོས་པར་ག་ལས་འགྱུར། སོགས་པ་སྨོས་པས་བདག་དང་ཡིད་ཕྲད་པ་དང་། །སྣང་བ་ལ་སོགས་པ་གཟུང་ངོ་། །རྟོགས་
པ་ཉིད་ཀྱིས་ཁྱད་པར་གཞན་གྱིས་བོགས་དབྱུང་དུ་མེད་པའི་ཕྱིར་འདི་འགའ་ཞིག་ཏུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་དེ་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་ནུས་ན་དེའི་ཚེ་ཐམས་ཅད་དུ་དེ་བསྐྱེད་པར་འགྱུར་ལ། ཅི་སྟེ་མི་ནུས་ན་ནམ་ཡང་བསྐྱེད་པར་ཅི་འགྱུར་རོ། །དེའི་ནུས་པའམ་མི་
ནུས་པའི་རང་གི་ངོ་བོ་དེ་སུས་ཀྱང་གཞན་དུ་བྱ་བར་མི་ནུས་ཏེ། རྟག་པ་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །ཅི་སྐད་དུ། དེ་ཡིས་ནུས་པའམ་མི་ནུས་པའི། །རང་བཞིན་གྱིས་ནི་གནས་པ་གང་། །རྟག་པར་ཁྱད་པར་བྱར་མེད་འདི། །དེ་དག་སུ་ཡིས་བཤིག་པར་ནུས། །ཞེས་བཤད་པ་ལྟ་བུའོ། །
གང་ཡང་། བ་ལང་ཉིད་ནི་བ་ལང་ལས། དོན་གཞན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ནི་འཚེད་པ་པོ་ལ་སོགས་པ་དག་གིས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། བ་ལང་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་འཚེད་པ་པོ་ལ་སོགས་པ་དག་ལས་འཚེད་པ་པོ་ཉིད་ལ་སོགས་
เล่ม ๑๙๑ · หน้า 302a
པ་ལ་དོན་གཞན་དུ་གྱུར་པ་མེད་ན་ཡང་འཚེད་པ་པོ་འཚེད་པ་པོ་ཞེས་བྱ་བ་བློ་ཐ་དད་པའི་ཡུལ་ཉིད་དུ་འགྱུར་བ་ཁོ་ནའོ། །ལྷས་བྱིན་གྱི་འཚེད་པ་པོ་ཉིད་ཅེས་ཐ་དད་པའི་རྣམ་པར་དབྱེ་བ་ཡང་འགྱུར་བས་དེས་ན་གཏན་ཚིགས་ཐུན་མོང་གི་མ་ངེས་པ་ཡིན་ནོ། །རྟགས་ངན་གཞན་ཡང་ཞེས་བྱ་བ་
ནི་ཀུ་མཱ་ར་རི་ལས་སྨྲས་པ་སྟེ། དེ་ལ་རྟགས་ངན་དེ་དག་ནི་འདི་དག་ཏུ་བརྗོད་དེ། བ་ལང་གི་གོང་བུ་ཐ་དད་པ་དག་ལ། བ་ལང་གི་བློ་གང་ཡིན་པ་འདི་ནི་བ་ལང་ཉིད་གཅིག་གི་རྒྱུ་མཚན་ཅན་ཡིན་ཏེ། བ་ལང་དུ་སྣང་བའི་ཕྱིར་དང་། གཅིག་གི་རྣམ་པ་ཅན་ཡིན་པའི་ཕྱིར་བ་ལང་གི་གོང་བུ་གཅིག་གི་ཡུལ་
ཅན་གྱི་བློ་བཞིན་ནོ། །ཡང་ན་བ་ལང་གི་བློ་གང་ཡིན་པ་འདི་ནི་ཁྲ་བོ་ལས་བྱུང་བ་མ་ཡིན་པའམ། དེ་ལས་མ་གཏོགས་པ་དོན་གཞན་དུ་འགྱུར་བ་ལ་དམིགས་པ་ཡིན་ཏེ། དེ་མེད་པས་ཡང་འབྱུང་བའི་ཕྱིར་བུམ་པ་ལ་སའི་བློ་བཞིན་ནོ། །དེའི་ཐམས་ཅད་དུ་སོང་བ་ཅི་ལྟར་འགྲུབ་ཅེ་ན། བརྗོད་པ།
བ་ལང་གི་བློ་གང་ཡིན་པ་འདི་ནི་རེ་རེ་ལ་འདུ་བའི་དོན་གྱི་ཡུལ་ཅན་ཡིན་ཏེ། གང་བུ་རེ་རེ་ལ་དངོས་པོའི་རྣམ་པ་མ་ལུས་པའི་ངོ་བོ་ཡིན་པའི་ཕྱིར་བསལ་བ་སོ་སོའི་ཡུལ་ཅན་གྱི་བློ་བཞིན་ནོ། །འདི་གཅིག་ཉིད་དུ་ཡང་གྲུབ་པ་ཁོ་ན་སྟེ། འདི་ལྟར་གལ་ཏེ་ཡང་སོ་སོ་ལ་སྤྱིའི་བདག་ཉིད་ཐམས་ཅད་
ཀྱིས་ཡོངས་སུ་རྫོགས་པ་དེ་ལྟ་ན་ཡང་དེ་ནི་གཅིག་ཁོ་ན་སྟེ། གཅིག་གི་རྣམ་པ་ཅན་གྱི་བློས་གཟུང་བར་བྱས་པའི་ཕྱིར་དགག་པ་དང་ལྡན་པའི་ངག་དག་ལ་བྲམ་ཟེ་ལ་སོགས་པ་ལྡོག་པ་བཞིན་ནོ། །ཐ་དད་པ་དག་ལ་ཐ་མི་དད་པའི་རྣམ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ནི་འཁྲུལ་པ་ཡིན་ཏེ། དེས་ན་
དེའི་སྟོབས་ཀྱིས་དངོས་པོའི་དེ་ཁོ་ན་ཉིད་རྣམ་པར་འཇོག་པ་འབྲེལ་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་མི་ནུས་ཏེ། འདི་ལྟར་འདི་ལ་རྒྱུའི་ཉེས་པ་མེད་ལ་གནོད་པར་བྱེད་པའི་ཤེས་པ་བསྟན་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ལོག་པ་ཉིད་ཀྱི་རྒྱུ་མཚན་མེད་པའི་ཕྱིར་འདི་ནི་མི་རིགས་སོ་ཞེའོ། །ཇི་
སྐད་དུ། ཐ་དད་གོང་བུ་བ་ལང་བློ། །བ་ལང་ཉིད་གཅིག་རྒྱུ་མཚན་ཅན། །བ་ལང་སྣང་དང་གཅིག་ཉིད་ཕྱིར། །བ་ལང་གོང་བུ་གཅིག་བློ་བཞིན། །ཁྲ་བོས་བ་ལང་བློ་མིན་པའམ། །དེ་ལས་གཞན་པ་དམིགས་པའང་ཡིན། །དེ་མེད་པར་ནི་ཡོད་པའི་ཕྱིར། །བུམ་པ་ལ་ནི་ས་བློ་བཞིན། །
เล่ม ๑๙๑ · หน้า 302b
བ་ལང་བློ་ནི་རེ་རེ་ལ། །འདུ་བའི་དོན་ཡུལ་ཅན་ཡང་ཡིན། །སོ་སོར་མ་ལུས་ངོ་བོའི་ཕྱིར། །གསལ་བ་སོ་སོའི་བློ་བཞིན་ནོ། །རིགས་ནི་རེ་རེར་འདུ་བའང་ཡིན། །རེ་རེ་བ་ཡི་བློ་ཡིན་ཕྱིར། །དགག་པ་དང་ལྡན་ངག་རྣམས་ལ། །བྲམ་ཟེ་ལ་སོགས་ཟློག་པ་བཞིན། །བ་ལང་ཉིད་ལ་གཅིག་ངོས་བློ། །
ལོག་པར་བརྗོད་པར་ནུས་མ་ཡིན། །འདི་ལ་གནོད་པའི་ཤེས་པའམ། །རྒྱུ་ཡི་ཉེས་པ་ཡོད་མ་ཡིན། །ཞེས་ཀྱང་བཤད་དོ། །དེའི་ཕྱིར་འདིར་རེ་ཞིག་བསྒྲུབ་བྱ་མ་ཚང་བ་ཡིན་ཏེ། བ་ལང་གཅིག་ཉིད་མ་གྲུབ་པའི་ཕྱིར་དེའི་རྒྱུ་མཚན་ཅན་གྱི་བ་ལང་གཅིག་གི་བློ་ཡང་གྲུབ་པ་ཡིན་ནོ། །ཇི་སྟེ་ཕྱིར་རྒྱུ་
མཚན་གཅིག་ཉིད་སྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། རིགས་མི་མཐུན་པ་རྣམ་པར་གཅོད་པས་བ་ལང་གི་ལྡོག་པ་གཅིག་བརྟགས་པ་རྒྱུ་མཚན་དུ་འདོད་པའི་ཕྱིར་རོ། །བ་ལང་གི་བློ་ཁྲ་བོ་ལས་མ་ཡིན་ནོ་ཞེས་པ་འདི་ཡང་དངོས་སུ་དེ་ལ་སྐྱེ་བ་དགག་པ་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་ནི་
རང་གི་མཚན་ཉིད་ཉམས་སུ་མྱོང་བ་དང་ཡིད་ལ་བྱེད་པ་ལ་སོགས་པར་བར་དུ་ཆོད་པའི་ཕྱིར་རོ། །འདི་དེ་བརྒྱུད་ནས་ཀྱང་དེ་ལས་མི་འབྱུང་ངོ་ཞེས་སྒྲུབ་ན་དེའི་ཚེ་དམ་བཅའ་བ་ཉམས་སུ་མྱོང་བ་དང་འགལ་བ་དང་དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །གཞན་ལ་དམིགས་པ་ཉིད་སྒྲུབ་ན་ཡང་ཁྲོ་བོ་ཉེ་བ་ན་
འདི་ནི་བ་ལང་ངོ་ཞེས་བློ་སྐྱེ་བ་གང་ཡིན་པ་དེ་གལ་ཏེ་དེ་ལས་གཞན་ལ་དམིགས་པའོ་ཞེས་བསྒྲུབ་ན་འདིའི་ཚེ་འདི་ལ་ཡང་ཉམས་སུ་མྱོང་བ་དང་འགལ་ཏེ། འདི་ལྟར་དེ་ནི་གོང་བུ་ཉེ་བ་ངེས་པ་ན་འཇུག་ལ་དཔེ་ཡང་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །ཅི་སྟེ་དེ་མེད་ཅིང་ཁུ་ཡུ་ལ་སོགས་པ་ཉེ་བ་ན་དེ་ལྟར་
འཇུག་པའི་བློ་གང་ཡིན་པ་དེ་ལས་གཞན་ལ་དམིགས་སོ་ཞེས་བྱ་བར་བསྒྲུབ་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་བོ། །གལ་ཏེ་དངོས་པོ་ཡོད་པ་ལ་དམིགས་པའོ་ཞེས་སྒྲུབ་ན་དེའི་ཚེ་མ་ངེས་པ་ཡིན་ནོ། །འདི་ནི་དོན་དམ་པར་དངོས་པོ་ཡོད་པ་ལ་དམིགས་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་
བསྟན་ཟིན་པའི་ཕྱིར་རོ། །གང་ཡང་རེ་རེ་ལ་ཡོངས་སུ་རྫོགས་པའི་དོན་གྱི་ཡུལ་ཅན་ཉིད་དུ་བསྒྲུབ་པ་དེ་ལ་ཡང་སྤྱིར་སྒྲུབ་པ་ལ་གྲུབ་པ་སྒྲུབ་པ་ཡིན་ཏེ། དངོས་པོ་རེ་རེ་ལ་དེ་མ་ཡིན་པའི་ངོ་བོ་ལས་ལོག་པའི་དངོས་པོའི་ངོ་བོ་ངེས་པར་འཇུག་པའི་ཕྱིར་རོ། །འོན་ཏེ་སྤྱི་ཞེས་བྱ་བ་རྟག་པ་གཅིག་པུ་
เล่ม ๑๙๑ · หน้า 303a
རེ་རེ་ལ་ཡོངས་སུ་རྫོགས་པའི་དངོས་པོར་གྱུར་པའི་ཚིག་གི་དོན་ཅན་ཉིད་སྒྲུབ་ན་དེའི་ཚེ་དཔེ་བསྒྲུབ་བྱ་མ་ཚང་ཞིང་གཏན་ཚིགས་ཀྱང་མ་ངེས་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་ཆོས་ཀྱིས་གང་དུ་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །གཅིག་བདག་ཉིད་ཐམས་ཅད་ཀྱིས་མང་པོ་དག་ལ་ཡོངས་སུ་རྫོགས་
པ་ཉིད་ཡིན་ན་གསལ་བ་ཕན་ཚུན་ཐ་དད་པ་ཐམས་ཅད་ངོ་བོ་གཅིག་ཉིད་དུ་འགྱུར་ཏེ། གསལ་བ་གཅིག་གི་མཐར་ཐུག་པའི་རང་བཞིན་གྱི་སྤྱིའི་དངོས་པོས་རེག་པའི་ཕྱིར་གསལ་བ་གཅིག་གི་ངོ་བོ་བཞིན་ནོ། །ཡང་ན་སྤྱི་དུ་མ་ཉིད་དུ་འགྱུར་ཏེ། ཅིག་ཅར་དངོས་པོ་དུ་མ་ལ་ཡོངས་སུ་རྫོགས་པའི་བདག་ཉིད་ཀྱི་
ངོ་བོ་ཡིན་པའི་ཕྱིར་ཡུལ་ཆེས་རིང་བ་ན་གནས་པའི་སྣོད་ན་ཡོད་པའི་ཆེས་མང་བའི་བིལ་བ་ལ་སོགས་པའི་འབྲས་བུ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གནོད་པའོ། །དེས་ན་འདི་ལ་གནོད་པར་བྱེད་པའི་ཤེས་པ་ཡོད་པ་ཡང་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ནི་མ་གྲུབ་སྟེ། གནོད་པ་སྔར་བཤད་ཟིན་པའི་ཕྱིར་
དང་། འཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཡང་རིགས་གཅིག་ཉིད་དུ་སྒྲུབ་ན་ཡང་རིགས་རེ་རེ་དང་འདུ་བ་ཉིད་དུ་མ་གྲུབ་པའི་ཕྱིར་བློ་གཅིག་གིས་གཟུང་བར་བྱས་པ་ཉིད་དུ་མ་གྲུབ་པས་གཏན་ཚིགས་གཞན་མ་གྲུབ་པ་ཡིན་ནོ། །བྲམ་ཟེ་ལ་སོགས་པ་ཟློག་པ་ཡང་དོན་དམ་པར་དངོས་པོ་དུ་མ་ཡིན་ཏེ།
དངོས་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དཔེ་བསྒྲུབ་བྱ་མ་ཚང་བ་ཡིན་ནོ། །བཏགས་པའི་གཅིག་ཉིད་སྒྲུབ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། བཏགས་པའི་སེལ་བའི་ངོ་བོ་གཅིག་ཏུ་འདོད་པའི་ཕྱིར་རོ། །གང་ཡང་འདི་ལ་རྒྱུའི་ཉེས་པ་ཡོད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མ་གྲུབ་པ་ཉིད་དེ། མ་
རིག་པའི་བག་ཆགས་ཐོག་མ་མེད་པའི་མཚན་ཉིད་ཀྱི་རྒྱུའི་སྐྱོན་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་ཚུལ་འདིས་རྟགས་ངན་འདི་དག་སུན་དབྱུང་བར་བྱའོ། །དེ་ལྟར་རེ་ཞིག་གཞན་གྱིས་སྨྲས་པའི་སྤྱིའི་སྒྲུབ་བྱེད་རྣམས་རྒྱས་པར་སུན་འབྱིན་པ་བརྗོད་ནས་སྤྱིའི་གནོད་པར་བྱེད་པའི་ཚད་མ་བརྗོད་པར་འདོད་ནས་
གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདོན་མི་ཟ་བར་སྤྱི་ཐ་དད་པ་དག་ལ་འཇུག་པར་འདོད་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་དེ་དག་ལ་དེའི་རྒྱུ་མཚན་ཅན་གྱི་གཅིག་གི་རྣམ་པ་ཅན་གྱི་བློ་ངེས་པར་འགྲུབ་པར་འགྱུར། དེ་ལ་འདིའི་འཇུག་པ་གནས་པའི་མཚན་ཉིད་ཡིན་པའམ།
เล่ม ๑๙๑ · หน้า 303b
དེ་མངོན་པར་གསལ་བའི་མཚན་ཉིད་ཡིན། གནས་པ་ཡང་རྣམ་པ་གཉིས་ཏེ། རང་གི་ངོ་བོ་མི་འཇིག་པའི་མཚན་ཉིད་ཡིན་པའམ། ཐུར་དུ་ལྟུང་བའི་མཚན་ཉིད་གེགས་བྱེད་པའི་མཚན་ཉིད་ཡིན་གྲང་། དེ་ལ་རེ་ཞིག་དང་པོ་ནི་མ་ཡིན་ཏེ། རྟག་པའི་ཕྱིར་རང་ཉིད་ཀྱིས་རང་བཞིན་མི་འཇིག་པར་གྲུབ་པའི་
ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་དང་ཐམས་ཅད་དུ་སོང་བ་དག་གི་ཕྱིར་བྱ་བ་མེད་པ་ཉིད་ཀྱིས་ཐུར་དུ་ལྟུང་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རྟེན་རྣམས་དེའི་གེགས་བྱེད་པ་ཉིད་དུ་མི་རིགས་སོ། །ཐ་དད་པ་དག་པ་སྤྱི་གནས་པ་གང་ཡིན་པ་དེ་ནི་གནས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་ལན་
མ་ཡིན་པ་ཉིད་དེ། འདུ་བ་དེ་ཉིད་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་རྟེན་དང་བརྟེན་པ་ལོགས་ཤིག་མ་ཡིན་པར་གྲུབ་པའི་ངོ་བོའི་མཚན་ཉིད་དེ་ནི་འདུ་བ་ཞེས་བྱའོ། །སྤྱིའི་བརྟེན་པ་དེ་ཡང་དེ་དང་འབྲེལ་པའི་གནས་པ་ཉིད་ཀྱིས་སམ། དེས་གསལ་བར་བྱ་བ་ཉིད་ཀྱིས་ཡིན་ཞེས་བྱ་བ་འདི་ཉིད་
དཔྱོད་པ་རྩོམ་པ་ཡིན་ནོ། །ཕན་ཚུན་མ་འདྲེས་པའི་བདག་ཉིད་རྣམས་ཀྱི་ཅུང་ཟད་ཀྱང་མི་བྱེད་པ་དོན་གཞན་དུ་འགྱུར་བ་རིགས་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཐམས་ཅད་ཐམས་ཅད་ཀྱི་འདུ་བར་འགྱུར་རོ། །འདི་ལྟར་ཕན་ཚུན་ལྡོག་པའི་ལུས་ཅན་གྱི་དངོས་པོ་སྲེ་བར་བྱེད་པ་གང་ཡིན་པ་
དེ་འདུ་བར་བརྟགས་ཏེ། དོན་གཞན་དུ་གྱུར་པ་ཡོད་ན་ཡང་རང་གི་བདག་ཉིད་ལ་གནས་པའི་ཕན་ཚུན་ཐ་དད་པ་རང་བཞིན་འབྲེལ་པ་ཡོད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་དེ་ལ་འདུ་བ་པོ་ཞེས་མི་བྱེད་ན་ནི་རྩོད་པ་མེད་པས་དོན་གཞན་དུ་གྱུར་པའི་
གནས་པ་རིགས་པ་མ་ཡིན་ནོ། །འབོ་བའི་གེགས་ནི་ཞེས་བྱ་བ་ལ་སོགས་པས་སྤྱི་ལ་རྟེན་དུ་རྟོག་པ་ཤིན་ཏུ་འབྲེལ་པ་མེད་པར་སྟོན་པ་ཡིན་ནོ། །འབོ་བ་མེད་པ་ནི་འབོ་བ་དང་བྲལ་བ་རྣམས་ཏེ། ལུས་ཅན་མ་ཡིན་པ་དང་ཐམས་ཅད་དུ་སོང་བ་དག་གིས་འབོ་བ་མེད་པའི་ཕྱིར་རོ། །དེས་ན་གསལ་བའི་མཚན་ཉིད་
ཀྱི་གནས་པ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་དེས་གསལ་བ་ནི་དེའི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ཡིན་གྱི། རྟག་པ་གཞན་དུ་བྱེད་པ་མི་སྲིད་པའི་ཕྱིར། རང་བཞིན་ཡོངས་སུ་རྒྱས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་གལ་ཏེ་རང་ཉིད་ཀྱིས་ཤེས་པ་སྐྱེད་པར་ནུས་ན་དེའི་ཚེ་ཅིའི་ཕྱིར་
เล่ม ๑๙๑ · หน้า 304a
གསལ་བའི་རྒྱུ་ལ་ལྟོས་པར་འགྱུར། འོན་ཏེ་མི་ནུས་ན་དེའི་ཚེ་ཡང་གཞན་གྱིས་ཁྱད་པར་བོགས་དབྱུང་དུ་མེད་པའི་ཕྱིར་དེ་ལ་ལྟོས་པ་རིགས་དང་ལྡན་པ་མ་ཡིན་ནོ། །གཞན་གྱིས་ཁྱད་པར་དུ་བྱེད་པར་ཁས་ལེན་ན་ཡང་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེ་ལྟ་ན་གསལ་བ་བཞིན་དུ་ཐུན་
མོང་མ་ཡིན་པའི་ཕྱིར་སྤྱི་དངོས་པོར་མི་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ལྟ་བས་ན་བརྗོད་པ་དང་སྒྲ་དག་ཡོད་པའི་ཕྱིར་མ་ལུས་པ་ཉིད་ནི་སྤྱིའི་ཚིག་གི་དོན་ཡིན་པར་བརྗོད་དོ། །སྦྱོར་བ་ནི་གང་ཞིག་གང་ལ་འཇུག་པའི་རྒྱུ་མཚན་ཅུང་ཟད་མེད་པ་དེ་ནི་དེ་ལ་འཇུག་པ་མ་ཡིན་ཏེ། འབིགས་བྱེད་ལ་
གངས་ཅན་བཞིན་ནོ། །སྤྱི་ཡང་ཐ་དད་པ་དག་ལ་འཇུག་པའི་རྒྱུ་མཚན་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །བུམ་སོགས་ཞེས་བྱ་བ་ལ་སོགས་པ་སྐྱོན་གཞན་ཡང་འཆད་དོ། །བུམ་པ་ལ་སོགས་པའི་རིགས་ཐ་དད་པ་ནི་བུམ་པ་ཉིད་དང་ས་ཉིད་ལ་སོགས་པ་
སྟེ། ཐམས་ཅད་དུ་སོང་བ་ཉིད་དུ་བརྗོད་པ་ན་རེས་འགའ་རང་གི་རྟེན་ཙམ་ལ་ཁྱབ་པ་ཉིད་དུ་བརྗོད་པའམ། ཡང་ན་གང་གསལ་བས་སྟོང་པའི་ཡུལ་ཐམས་ཅད་ན་ཡོད་པ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་སོ། །མཆོག་གི་རིགས་བཞིན་ཞེས་བྱ་བ་ལ་མཆོག་ཅེས་བྱ་བས་ཡུལ་ཆེན་པོ་ཉིད་ཀྱིས་ཡོད་པ་
བརྗོད་དོ། །འདི་ཡང་ཡུལ་ཆེན་པོ་ཉིད་ཙམ་དུ་མཚུངས་པ་ཉིད་ཀྱིས་དཔེར་བྱས་ཀྱི་གསལ་བའི་བར་ན་གནས་པའི་ཡུལ་ལ་ཁྱབ་པ་ཉིད་ཀྱིས་དེ་ཡང་དེའི་ཚེ་ཆོས་མ་གཏོགས་པ་ནི་མ་ཡིན་ནོ། །དེ་ལ་ཕྱོགས་དང་པོ་ལ་ཉེས་པ་བཤད་པ། དེ་ལ་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །བུམ་པ་ལ་སོགས་
པའི་གསལ་བས་སྟོང་པའི་ཡུལ་དུ་བུམ་པ་ལ་སོགས་པའི་དངོས་པོ་སྐྱེས་པ་ན་དེ་དག་དེ་རིགས་ཀྱི་བྱེ་བྲག་བུམ་པ་ལ་སོགས་པ་རྣམས་ཇི་ལྟར་དེ་ལ་སྟེ་བུམ་པ་ལ་སོགས་པ་ལ་འཇུག་པའམ་མཐོང་བར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །མི་ཤེས་ཏེ་ཁོང་དུ་མི་ཆུད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལྟར་ཞེ་ན།
རྟག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དེ་དག་བུམ་པ་ལ་སོགས་པ་གསལ་བ་ཐ་དད་པ་དང་ལྷན་ཅིག་སྐྱེ་བར་འགྱུར་བའམ། དེ་ན་སྔ་ནས་གནས་པར་འགྱུར་བའམ། ཡུལ་གཞན་ནས་འོངས་པར་གྱུར་པ་དེའི་ཚེ་དེར་མཐོང་བའམ་འཇུག་པར་འགྱུར། གང་གང་གི་ཕྱིར་དེ་དག་སྐྱེ་བ་
เล่ม ๑๙๑ · หน้า 304b
མ་ཡིན་ཏེ། རྟག་པའི་ཕྱིར་རོ། །སྔ་ནས་གནས་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཁྱབ་པ་མ་ཡིན་པའི་ཕྱིར་རོ། །ཡུལ་གཞན་ནས་འོངས་པ་ཡང་མ་ཡིན་ཏེ། བྱ་བ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཇི་ལྟར་དེ་དག་ལ་དེ་དག་འཇུག་པའམ་དམིགས་པར་འགྱུར། སྦྱོར་བ་ནི་གང་ཞིག་གང་དུ་སྐྱེ་བ་མ་ཡིན་ཞིང་སྔ་
ནས་གནས་པ་ཡང་མ་ཡིན་ཞིང་ཕྱིས་ཡུལ་གཞན་ནས་འོངས་པ་དང་ལྡན་པ་ཡང་མ་ཡིན་པ་དེ་དག་དེར་དམིགས་པའམ་འཇུག་པ་མ་ཡིན་ཏེ། རི་བོང་གི་མགོ་ལ་དེའི་རྭ་བཞིན་ནོ། །བུམ་པ་ལ་སོགས་པའི་དངོས་པོ་ལ་དེས་སྟོང་པའི་ཡུལ་དུ་སྐྱེ་བ་དང་ལྡན་པའི་སྤྱི་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་
དམིགས་པའོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལ་འཇུག་པ་དང་དམིགས་པ་དག་གི་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལ་ཡང་ཉེས་པ་བཤད་པ། རང་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་རྟེན་དང་དབང་པོ་ལྡན་པ་ལ་སོགས་པའི་དམིགས་པའི་རྒྱུ་ལ་སྟེ།
སོགས་པའི་སྒྲས་ནི་བདག་དང་ཡིད་ཕྲད་པ་ལ་སོགས་པ་གཟུང་ངོ་། །དེའི་ཕྱིར་གསལ་བ་ཐ་དད་པ་གཅིག་ལ་རིགས་ཐ་དད་པ་དེ་དག་འཛིན་པ་ན་རིགས་མི་མཐུན་པ་གསལ་བ་ཐ་དད་པའི་བར་ཐམས་ཅད་དུ་ཡང་དམིགས་པར་འགྱུར་ཏེ། དེ་དག་བདག་ཉིད་ཇི་ལྟ་བ་བཞིན་དུ་ངོ་བོ་གཅིག་ཉིད་ཀྱིས་རེ་རེ་ལ་གཟུང་བའི་
ངོ་བོ་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར། གལ་ཏེ་ཤེས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་མཐོང་བའི་གསལ་བ་དང་འདུ་བའི་སྤྱིའི་ངོ་བོ་ཤེས་ཟིན་པ་ལས་གསལ་བའི་བར་ན་གནས་པའི་སྤྱིའི་ངོ་བོ་ཐ་དད་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཡང་འཛིན་པར་འགྱུར་
ཏེ། བཟུང་ཟིན་པའི་རང་གི་ངོ་བོ་བཞིན་དུ་བཟུང་ཟིན་པ་ལས་ཐ་མི་དད་པའི་ཕྱིར་རོ། །ཇི་སྟེ་དེ་འཛིན་པ་མ་ཡིན་པ་དེ་ལྟ་ཡིན་ན་མ་གཟུང་བའི་ངོ་བོ་དང་ཐ་མི་དད་པའི་ཕྱིར། དེ་བཞིན་དུ་མཐོང་བའི་གསལ་བ་དང་འདུ་བ་ཡང་འཛིན་པར་མི་འགྱུར་རོ། །ཅི་སྟེ་གཉི་གའི་ངོ་བོ་ཉིད་དུ་ཁས་ལེན་པར་བྱིང་ན་
དེའི་ཚེ། ཕན་ཚུན་འགལ་བའི་ཆོས་དང་ལྡན་པའི་ཕྱིར་རང་བཞིན་ཐ་དད་པར་ཐལ་བར་འགྱུར་རོ། །འཛིན་པ་དང་མི་འཛིན་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་ཡང་ཡིན་ལ་གཅིག་ཀྱང་ཡིན་ནོ་ཞེས་སེམས་རྣལ་དུ་གནས་པས་བརྗོད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་
เล่ม ๑๙๑ · หน้า 305a
ཕྱིར་རོ། །དེ་ལྟ་ན་ནི་སྣ་ཚོགས་རྫས་གཅིག་ཏུ་འགྱུར་ལ། དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཅིག་ཅེས་བྱ་བ་མིང་ཙམ་དུ་འགྱུར་ལ་མིང་ལ་ནི་རྩོད་པ་ཡང་མེད་དོ། །དེའི་ཕྱིར་དེ་ལྟར་རིགས་རྣམ་པ་ཐམས་ཅད་དུ་སུན་ཕྱུང་
ནས་སྦྱོར་བ་དགོད་པའི་ཕྱིར། ཤིང་སོགས་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རིམ་ཅན་ཉིད་དག་རྗེས་སུ་འཇུག་པ་ཉིད་དང་། དངོས་པོ་ཉིད་དང་། སྐྱེ་བ་དང་ལྡན་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ནི་གཞན་གྱིས་ཀུན་དུ་བརྟགས་པའི་རྟག་པ་དང་གཅིག་པུ་དང་ཐམས་ཅད་དུ་
སོང་བའི་སྤྱི་ལས་བྱུང་བ་མ་ཡིན་ཏེ། འཚེད་པ་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །ཤིང་ལྗོན་པ་ལ་སོགས་པའི་ཤེས་པ་འདི་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། དེ་རྟག་པའི་དངོས་པོ་དང་འགལ་བ་མི་རྟག་པའི་དངོས་པོས་རིམ་ཅན་ཉིད་ལ་སོགས་པ་ལ་ཁྱབ་
པའི་ཕྱིར་རོ། །རྟག་པ་ནི་རིམ་དང་རིམ་མ་ཡིན་པ་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །དཔེ་ལ་བསྒྲུབ་བྱ་མ་ཚང་བ་ཡང་སྔར་རྒྱས་པར་བསྒྲུབས་ཟིན་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །གནོད་པར་བྱེད་པ་གཞན་ཡང་བཤད་པ། ཡང་ན་ལྡན་པ་ཞེས་བྱ་བ་
ལ་སོགས་པ་སྟེ། དེ་ལ་ལྡན་པ་སུན་འབྱིན་པ་ན་གཅིག་ཉིད་དུ་མ་ལ་འཇུག་པ་མི་རིགས་གནོད་བྱེད་ཚད་མའོ་ཞེས་བྱ་བ་འདིས་གནོད་པར་བྱེད་པ་བརྗོད་དོ། །དེ་ནི་ཇི་ལྟར་གཅིག་དུ་མ་འཇུག་པ་མི་རིགས་པ་དེ་བཞིན་དུ་ཡན་ལག་ཅན་སུན་འབྱིན་པ་ན་དེ་གཅིག་འཇུག་པ་བསྟན་པའམ་ཞེས་བྱ་བ་ལ་སོགས་པས་དེ་ལྟར་
ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། གང་དག་བྱེ་བྲག་པ་ལ་སོགས་པས་གསལ་བ་ལས་རིགས་གཅིག་ཏུ་ཐ་དད་པར་འདོད་པ་དེ་དག་ལ་ཉེས་པ་འདི་བརྗོད་ཀྱི། ཡང་གང་དག་རྒྱལ་བ་པ་དང་རྒྱལ་དཔོག་པ་དང་གྲངས་ཅན་པ་ལ་སོགས་པ་རིགས་ཐ་མི་དད་པའམ་གཉི་གའི་ངོ་བོར་འདོད་
པ་དེ་དག་གིས་བརྗོད་པའི་རིགས་ནམ་མཁའི་གོས་ཅན་གྱི་ཞར་ལ་འགེགས་པར་འགྱུར་རོ། །འདི་ནི་བྱེ་བྲག་པ་དང་རིགས་པ་ཅན་གྱིས་བརྟགས་པའི་རིགས་དགག་པའི་སྐབས་ཡིན་པས་སུན་མ་ཕྱུང་སྟེ། སྐབས་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་
เล่ม ๑๙๑ · หน้า 305b
ལས་སྤྱིའི་ཚིག་གི་དོན་བརྟག་པ་སྟེ་བཅོ་བརྒྱད་པའོ།། །།བྱེ་བྲག་བ་སུན་དབྱུང་བའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཁྱད་པར་གྱི་མཚན་ཉིད་རྟག་པའི་རྫས་ལ་འཇུག་པ་ཉིད་དང་། མཐའི་རྫས་ལ་འབྱུང་བ་ཉིད་གང་ཡིན་པ་དེ་ནི་མི་སྲིད་པའི་སྐྱོན་གྱིས་སུན་ཕྱུང་བའི་ཕྱིར་མཚན་ཉིད་མ་
ཡིན་པ་ཁོ་ནའོ། །རྟག་པའི་རྫས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་སྔར་རྫས་རྟག་པར་བཀག་ཟིན་པའི་ཕྱིར་ཏེ་ཇི་ལྟར་འདི་དག་གིས་འཇུག་པ་དེ་འགྲུབ་པར་འགྱུར། གང་ཡང་རྣལ་འབྱོར་པ་རྣམས་ཀྱི་ཁྱད་པར་གྱི་ཤེས་པའི་སྟོབས་ཀྱིས་འདི་དག་ཡོད་པ་ཉིད་དུ་སྒྲུབ་པ་དེ་ལ་ཡང་མ་ངེས་པ་ཡིན་ནོ་ཞེས་
སྟོན་པ་ནི། དེའི་གལ་ཏེ་རྡུལ་ཕྲན་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པའི་ངོ་བོ་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་ཕན་ཚུན་སིལ་བུར་འགྱུར་བའམ། འདྲེས་པར་འགྱུར་བ་ཡིན་གྲང་། གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་རང་ཉིད་ཀྱིས་དངོས་པོ་མ་འདྲེས་པར་དམིགས་པ་ལས་དེ་དག་
ལ་རྣལ་འབྱོར་པ་རྣམས་ཀྱི་ཕན་ཚུན་མི་འདྲ་བའི་བློར་གྱུར་པའི་ཕྱིར་བྱེ་བྲག་གཞན་བརྟགས་པ་དོན་མེད་དོ། །ཅི་སྟེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཇི་ལྟར་བྱེ་བྲག་གི་ཚིག་གི་དོན་གཞན་ཉེ་བ་ན་ཡང་ཕན་ཚུན་ཐ་དད་པའི་ངོ་བོ་དག་ལ་རྣལ་འབྱོར་པ་རྣམས་ལ་མི་འདྲ་བའི་ཤེས་པ་མ་འཁྲུལ་བ་སྐྱེ་བར་འགྱུར། དེ་ནི་འཁྲུལ་
པ་ཉིད་དུ་འགྱུར་ཏེ། དེ་མ་ཡིན་པ་ལ་དེ་ལྟར་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྣལ་འབྱོར་པ་ཉིད་མ་ཡིན་པར་འགྱུར་སྟེ། འཁྲུལ་པའི་ཤེས་པ་དང་ལྡན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་བྱེ་བྲག་ཅེས་བྱ་བ་ཚིག་གི་དོན་གཞན་མེད་པར་མི་འདྲ་བའི་བློ་མི་སྐྱེ་ན་དེ་ཇི་ལྟར་བྱེ་
བྲག་དེ་དག་ཉིད་ལ་མི་འདྲ་བའི་བློར་འགྱུར། དེ་དག་ལ་བྱེ་བྲག་གཞན་ཡོད་པ་ནི་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་པར་འགྱུར་བའི་ཕྱིར་དང་། བྱེ་བྲག་ལ་མི་འཇུག་པའི་ཕྱིར་རྟག་པའི་རྫས་ལ་འཇུག་པ་དང་མཐའ་ཡིན་ནོ་ཞེས་ཁས་བླངས་པས་ཉམས་པར་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་
རང་ཉིད་ཀྱིས་དེ་དག་ཕན་ཚུན་མི་འདྲ་བའི་བློའི་རྒྱུ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་རྡུལ་ཕྲ་རབ་ལ་སོགས་པ་རྣམས་ཀྱི་ཡང་དེའི་རྒྱུ་ཉིད་རང་ཉིད་ལས་ཡིན་ལ་རག་མོད། གང་གིས་དེ་དག་རང་ཉིད་ཀྱིས་ཕན་ཚུན་ལྡོག་པའི་ལུས་ཅན་གྱི་ཡོད་པ་ཡང་རྡུལ་ཕྲ་རབ་ལ་སོགས་པ་ཕན་ཚུན་མི་འདྲ་བའི་ཤེས་པ་
เล่ม ๑๙๑ · หน้า 306a
སྐྱེད་པའི་རྒྱུ་མི་འདོད་པ་འདིར་དེ་དག་ལ་སྡང་བ་ཅི་ཞིག་ཡོད། བྱེ་བྲག་རྣམས་ལ་ཡང་འདོད་པ་ཞེས་བྱ་བ་འདི་ལ་རྨོངས་པ་ལས་མ་གཏོགས་པ་འདི་ལ་རྒྱུ་ཅུང་ཟད་ཀྱང་མ་མཐོང་ངོ་། །ཇི་ལྟར་ཁྱི་ཤ་ཞེས་བྱ་བ་ལ་སོགས་པས་འདི་ལ་བཀྲ་ཤིས་བློ་གྲོས་ཀྱི་ལུགས་ཀྱི་ལན་གྱི་དོགས་པ་བསུ་བ་
ཡིན་ཏེ། དེས་སྨྲས་པ། ཇི་ལྟར་ཁྱི་ཤ་ལ་སོགས་པ་རང་ཉིད་ཀྱིས་མི་གཙང་བ་ཉིད་ཡིན་ལ་དེ་དང་འབྲེལ་པས་གཞན་དག་ཀྱང་ཡིན་ཏེ། དེ་བཞིན་དུ་འདི་ལ་ཡང་དེའི་བདག་ཉིད་ཀྱིས་བྱེ་བྲག་གཞན་དག་ལ་རང་ཉིད་ཀྱིས་ལྡོག་པའི་ཤེས་པའི་རྒྱུ་ཡིན་ལ་དེ་དང་འབྲེལ་བས་རྡུལ་ཕྲ་རབ་དག་ཀྱང་ཡིན་ནོ། །གཞན་
ཡང་དེའི་བདག་ཉིད་ལ་ཡང་ཤེས་པ་གཞན་གྱི་རྒྱུ་མཚན་གཞན་ཅན་དུ་འགྱུར་བ་ཉིད་ཡིན་ཏེ། དཔེར་ན། སྒྲོན་མས་བུམ་པ་ལ་སོགས་པ་ལ་ཡིན་གྱི་སྒྲོན་མ་ལ་བུམ་པ་ལ་སོགས་པ་དག་གིས་ནི་མ་ཡིན་ཞེས་བྱ་བར་ངེས་པ་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །འདི་དེ་བཞིན་ཞེས་བྱ་བ་
ནི་མི་འདྲ་བ་མཚོན་པ་སྟེ། རྡུལ་ཕྲ་རབ་ལ་སོགས་པ་རྣམས་ནི་བྱེ་བྲག་རྣམས་ཁོ་ན་ལས་ཡིན་ལ་བྱེ་བྲག་རྣམས་རང་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མི་གཙང་ཞེས་བྱ་བས་ལན་འདེབས་པར་བྱེད་དེ། དངོས་པོ་རྣམས་ཀྱི་མི་གཙང་ཉིད། །ཅེས་བྱ་བ་ནི་རྟོགས་པས་སྦྱར་བ་ཡིན་གྱི་ངེས་པ་མེད་པའི་ཕྱིར་
དོན་དམ་པ་ནི་མ་ཡིན་ཏེ། འདི་ལྟར་རྫས་གང་ཁོ་ན་གཙང་སྦྲ་ཅན་ལ་སོགས་པ་འགའ་ཞིག་མི་གཙང་བ་ཉིད་དུ་སྣང་བ་དེ་ཁོ་ན་གཞན་རོ་སྲེག་མཁན་ལ་སོགས་པ་གཙང་བ་ཉིད་དུ་སྣང་ངོ་། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་དུ་མ་ཚོགས་པ་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་
བར་འགྱུར་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་དངོས་པོ་རྣམས་དངོས་སུ་མི་གཙང་བ་ཡིན་དུ་ཆུག་མོད་དེ་ལྟ་མ་ཡིན་ན་འདི་དཔེ་དང་མཚུངས་པ་མ་ཡིན་ཏེ། འདི་ལྟར་ཟས་ལ་སོགས་པའི་དངོས་པོ་ཁྱི་ཤ་ལ་སོགས་པ་མི་གཙང་བའི་རྫས་དང་ཕྲད་པ་ལས་སྔར་གྱི་གཙང་བའི་རང་བཞིན་དོར་ནས་མི་
གཙང་བ་གཞན་ཉིད་སྐྱེ་བ་ཡིན་ནོ། །དེས་ན་འདི་དག་གི་གཞན་གྱི་རྒྱུ་མཚན་ཅན་གྱི་མི་གཙང་བ་ཉིད་རིགས་པ་ཡིན་ནོ། །དེ་བཞིན་དུ་གང་གིས་འདི་དག་གི་མི་འདྲ་བ་གཞན་གྱི་རྒྱུ་མཚན་ཅན་དུ་འགྱུར་བ་རྡུལ་ཕྲ་རབ་ལ་སོགས་པ་དག་ལ་རྒྱུ་མཚན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་
เล่ม ๑๙๑ · หน้า 306b
ལ་སོགས་པ་རྟག་པ་དེ་དག་ནི་སྐྱེ་བ་མེད་པའི་ཕྱིར་དེ་འབྱུང་བ་མེད་པའི་ཕྱིར་རོ། །དེ་བཞིན་སྒྲོན་མའི་དཔེ་ལ་ཡང་གཞན་གྱི་རྒྱུ་མཚན་ཅན་བུམ་པ་ལ་སོགས་པའི་ཤེས་པ་སྐྱེད་པའི་རྒྱུ་ཉིད་སྦྱར་བར་བྱའོ། །མི་མཐུན་བློ་ནི་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་གིས་གནོད་པར་བྱེད་པའི་ཚད་མ་བཤད་པ་ཡིན་ཏེ།
འདི་ལ་ཡང་སྔ་མ་བཞིན་དུ་རང་གི་ངོ་བོ་དང་འབྲེལ་པ་བརྗོད་པར་བྱའོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བྱེ་བྲག་གི་ཚིག་གི་དོན་བརྟག་པ་སྟེ་བཅུ་དགུ་བའོ།། །།འདུ་བ་སུན་དབྱུང་བའི་ཕྱིར། སྣལ་མ་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དང་བརྟེན་པར་གྱུར་པ་སོ་སོ་མ་ཡིན་པར་
གྲུབ་པ་རྣམས་ཀྱི་འདིའི་བློའི་རྒྱུའི་འབྲེལ་པ་གང་ཡིན་པ་འདི་དེ་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པ་འདི་ལ་བློའི་ཁྱད་པར་ལས་དོན་གཞན་དུ་རྟོགས་ཏེ། དཔེར་ན་ཡོད་པ་དང་རྫས་ཉིད་ལ་སོགས་པ་རྣམས་རང་གི་རྟེན་ལ་བདག་དང་རྗེས་སུ་མཐུན་པའི་ཤེས་པའི་ཕྱིར་རང་གི་རྟེན་ལ་སོགས་
པ་དག་དང་ཕན་ཚུན་ལས་དོན་གཞན་དུ་གྱུར་པ་ཡིན་པ་དེ་བཞིན་དུ་འདུ་བ་ཡང་ཚིག་གི་དོན་ལྔ་ལ་སྣལ་མ་འདི་དག་ལ་སྣམ་བུ། རྫས་འདི་རྣམས་ཚིག་ལ་ཡོན་ཏན་དང་ལས་དག །རྫས་དང་ཡོན་ཏན་དང་ལས་འདི་དག་ལ་ཡོད་པ། རྫས་འདི་ལ་རྫས་ཉིད་ཡོན་ཏན་འདི་ལ་ཡོན་ཏན་ཉིད་ལས་འདི་ལ་
ལས་ཉིད། རྫས་འདི་ལ་མཐའི་བྱེ་བྲག་ཅེས་བྱ་བ་ལ་སོགས་པ་བྱེ་བྲག་གི་ཤེས་པ་མཐོང་བའི་ཕྱིར་ཚིག་གི་དོན་ལྔ་པོ་དག་ལས་དོན་གཞན་དུ་འགྱུར་བ་ཉིད་ཡིན་པར་ཤེས་སོ། །སྦྱོར་བ་ནི་གང་དག་ལ་གང་གི་རྣམ་པ་དང་མི་འདྲ་བའི་ཤེས་པ་དེ་ནི་དེ་ལས་དོན་གཞན་དུ་འགྱུར་བའི་རྒྱུ་མཚན་ཅན་ཡིན་ཏེ། ལྷ་སྦྱིན་
ལ་དབྱིག་པ་ཅན་གྱི་ཤེས་པ་བཞིན་ནོ། །ཚིག་གི་དོན་ལྔ་ལ་འདི་ལ་ཞེས་བྱ་བའི་ཤེས་པ་འདི་ཡང་དེ་བཞིན་ནོ་ཞེས་བྱ་བ་རང་བཞིན་གྱིས་གཏན་ཚིགས་སུ་སེམས་སོ། །འདི་ནི་འབྲེལ་བ་བསྟན་པའི་ཕྱིར་འདི་ལྟར་དེ་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མེད་པར་འབྱུང་ན་རྟག་ཏུ་ཡོད་
པ་ལ་སོགས་པ་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་རེ་ཞིག་བྱེ་བྲག་པ་ལ་སོགས་པའི་ལུགས་ཀྱིས་འདུ་བ་འདི་ལ་བློའི་རྟགས་ཀྱི་རྗེས་སུ་དཔག་པར་བྱ་བ་ཡིན་ལ་རིགས་པ་ཅན་གྱི་ལུགས་ཀྱིས་ནི་འདི་ལ་བློའི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་ཡིན་ཏེ། འདི་ལྟར་དེ་
เล่ม ๑๙๑ · หน้า 307a
དག་ནི་མངོན་སུམ་གྱི་བྱ་བ་ཡོད་པ་ན་སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་ཕྱིར་མངོན་སུམ་ཉིད་ཡིན་པར་སྨྲའོ། །འདུ་བ་དེ་ཡང་ཇི་ལྟར་ལྡན་པ་འབྲེལ་པ་ཅན་དག་ལ་ཐ་དད་པ་དེ་བཞིན་དུ་ཐ་དད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོ་བཞིན་དུ་སྟེ།
ཡོད་པ་བཞིན་དུ་དེའི་རྟགས་ཁྱད་པར་མེད་པའི་ཕྱིར་དང་། ཁྱད་པར་གྱི་རྟགས་པ་མེད་པའི་ཕྱིར་ཐམས་ཅད་དུ་འདུ་བ་གཅིག་ཉིད་ཡིན་ནོ། །ལྡན་པ་བཞིན་དུ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ཡོད་པ་ཉིད་བཞིན་དུ་རྟག་པ་ཉིད་དུ་གྲུབ་པ་ལ། ཚད་མས་རྒྱུ་མ་དམིགས་པའི་ཕྱིར་
རྒྱུ་མེད་པ་ཉིད་དུ་གྲུབ་པོ། །འདི་ནི་འདི་ལའི་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པ་རྩོལ་ཏེ། དེའི་ཕྱིར་འདིས་གཏན་ཚིགས་གཞི་མ་གྲུབ་པར་བཤད་དོ། །སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་རྣམས་རང་གི་གྲུབ་པའི་མཐའ་ལ་རྗེས་སུ་ཆགས་པས་བརྟགས་པ་ཉིད་ཡིན་གྱི། འཇིག་
རྟེན་ན་དེ་བཞིན་དུ་སྐྱེ་བ་རིགས་པ་ནི་མ་ཡིན་པས་དེའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་མ་གྲུབ་པ་ཡིན་ནོ། །རྟེན་དང་བརྟེན་པར་ཞེས་བྱ་བ་ལ་སོགས་པས་ཆོས་ཅན་མ་གྲུབ་པ་དེ་ཉིད་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་དག་ལ་སྣ་ཚོགས་པ་ཉིད་མཚོན་པར་འགྱུར་བ་དེ་དག་ཉིད་བརྟེན་པར་འགྱུར་བ་ཡིན་ན་འཇིག་རྟེན་པ་འདི་
ལའི་བློ་འབྱུང་བར་མཐོང་སྟེ། དཔེར་ན་ཁམ་གཞོང་འདི་ན་བིལ་བ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །སྣལ་མ་དང་སྣམ་བུ་དག་ལ་སྣ་ཚོགས་པ་ཉིད་མཚོན་པའམ་ཡོད་པ་ཡང་མ་ཡིན་ཏེ། དེ་ཇི་ལྟར་དེ་ལྟར་དེ་ལ་འདི་ལའི་བློར་འགྱུར། འདི་སྙམ་དུ་གལ་ཏེ་ཁོ་བོ་ཅག་གིས་འདི་ལའི་བློ་འདི་གྲུབ་
མཐའི་སྟོབས་ཀྱིས་བརྟགས་པ་ཡིན་པ་དེ་ལྟ་ན་ཡང་ཁྱེད་ཅག་གིས་འདིའི་རྒྱུ་མཚན་བརྗོད་པར་བྱ་དགོས་སོ་སྙམ་དུ་སེམས་ན། རང་གི་འདོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གང་གི་རྒྱུ་ཉིད་དུ་མི་འདོད་པ་དེ་ནི་ཇི་ལྟར་རང་ཉིད་ཀྱིས་འབྲས་བུར་བརྟགས་ནས་དེའི་རྒྱུ་བརྒལ་ཞིང་བརྟག་པར་བྱེད་གང་
གིས་འདོད་པའི་དབང་གིས་འབྲས་བུར་བརྟགས་ནས་དེའི་རྒྱུ་བརྒལ་ཞིང་བརྟག་པར་བྱེད་པ་ཁྱེད་ཅག་གིས་འདོད་པའི་དབང་གིས་འབྲས་བུ་འདི་རྟོག་པར་བྱེད་པ་ཁྱེད་ཅག་བདག་ཉིད་ལ་བརྒལ་ཞིང་བརྟག་པར་བྱའོ། །དངོས་པོའི་རང་བཞིན་ནི་འདོད་པའི་རྗེས་སུ་བྱེད་པ་ཡང་མ་ཡིན་ཏེ། འདི་དག་ནི་རང་
เล่ม ๑๙๑ · หน้า 307b
དགར་འཇུག་པའི་ཕྱིར་དེ་ལས་དངོས་པོ་གྲུབ་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་ཁྱེད་ཅག་གིས་ཀུན་དུ་བརྟགས་པའི་དངོས་པོ་ལ་འགའ་ཞིག་གཞན་དུ་ཡང་བརྟགས་པར་ནུས་པའི་ཕྱིར་རོ། །གཞན་ཡང་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་ལ་སོགས་པའི་བློ་འཇིག་
རྟེན་ན་མ་གྲུབ་པ་འགའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དེ་ལས་བཟློག་པ་ཉིད་དུ་གྲུབ་པོ་ཞེས་བསྟན་པའི་ཕྱིར། ཤིང་ལ་ཡལ་ག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་ལ་ཡལ་ག་རི་ལ་བྲག་ཅེས་བྱ་བ་ལ་སོགས་པ་དེ་ལྟ་བུ་འཇིག་རྟེན་ན་མཐོང་གི། ཡལ་ག་ལ་ཤིང་། བྲག་དག་ལ་རི་ཞེས་ནི་མ་ཡིན་
ནོ། །ཤིང་ལ་ཡང་ཡལ་ག་ཞེས་བྱ་བ་ལ་སོགས་པའི་བློ་དེ་ཡང་འདུ་བའི་དབང་གིས་མ་ཡིན་གྱི། འོན་ཀྱང་མི་འགྲོ་བ་ཞེས་བྱ་བ་གང་ཡིན་པའི་བརྗོད་པར་འདོད་པའི་ཡལ་ག་དང་བྲག་དག་ལས་ཐ་དད་པ་མ་རྟོགས་པ་ཉིད་དུ་གནས་པའི་ལྷག་མའི་ཕྲག་པ་ལ་སོགས་པའི་ཡན་ལག་དེ་དག་ནི་བར་མེད་པར་
དམིགས་པའི་ཕྱིར་རོ། །འདིར་མི་འགྲོ་བའི་སྒྲས་འགྲོ་བ་མེད་པའི་ཕྱིར་ཤིང་དང་རི་ལ་འདོད་དོ། །དེ་དག་ལ་ཡང་ཞེས་བྱ་བ་ནི་བྲག་དང་ཡལ་ག་དག་ལའོ། །འདི་དག་ཅེས་བྱ་བ་ནི་རི་དང་ཤིང་དག་གོ། །འོ་ན་བུམ་པ་འདི་ལ་གཟུགས་སོ། །དྲིའོ། །རོའོ། །རེག་གོ། །གཡོ་བའོ་ཞེས་བྱ་བ་འཇིག་
རྟེན་ན་རབ་ཏུ་གྲགས་པའི་ཤེས་པ་གང་ཡིན་པ་འདི་འདུ་བ་མ་གཏོགས་པ་གཞན་གང་ཞིག་ཡུལ་ཞེ་ན། བུམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་ནི་ཤེས་པས་གཟུགས་ལ་སོགས་པ་རྣམས་བུམ་པའི་རང་བཞིན་དུ་རྟོགས་ཏེ། འཇིག་རྟེན་ན་ཞེས་བྱ་བ་ལྷག་མའོ། །བུམ་པ་ལས་
གཟུགས་ནི་བུམ་པའི་རང་བཞིན་གྱི་གཟུགས་ཏེ། བུམ་པ་ལ་སོགས་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་མང་པོ་དག་ལ་ཐུན་མོང་མ་ཡིན་པའི་ནུས་པའི་ཁྱད་པར་བསྟན་པར་འདོད་ནས་དེ་ལས་གཞན་པའི་གཟུགས་ལ་སོགས་པ་རྣམ་པར་བཅད་ནས་བུམ་པ་ལ་སོགས་པའི་
སྒྲ་སྦྱོར་ཏེ། བུམ་པ་ལ་སོགས་པའི་སྒྲ་ནི་རེ་རེ་ལ་ཐུན་མོང་མ་ཡིན་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་འགྲུབ་པའི་ནུས་པ་གསལ་བར་བྱ་བའི་དོན་དུ་སྦྱོར་བར་བྱེད་ཅེས་དེའི་ཕྱིར་བུམ་པ་ལ་སོགས་པའི་སྒྲའི་ཁྱད་པར་ཐ་དད་འཕེན་པར་བྱེད་པས་གཞི་མཐུན་པ་མེད་པའི་ཕྱིར་གཞི་ཐ་
เล่ม ๑๙๑ · หน้า 308a
དད་པ་ཉིད་ཀྱིས་དེའི་བདག་ཉིད་ཀྱིས་དེའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །ཅིའི་ཕྱིར་གཉི་ག་སྦྱར་ཞེ་ན། གཟུགས་དང་བུམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཟུགས་ལ་སོགས་པའི་སྒྲ་ནི་གཟུགས་ལ་སོགས་པའི་གནས་སྐབས་ཐམས་ཅད་ཀྱི་རྗོད་པར་བྱེད་པ་ཡིན་ཏེ།
འདི་ལྟར་ཇི་ལྟར་བུམ་པའི་བདག་ཉིད་དུ་གནས་པའི་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཞེས་བརྗོད་པ་དེ་བཞིན་དུ་སྣམ་བུ་ལ་སོགས་པའི་བདག་ཉིད་དུ་གནས་པ་དག་ལ་ཡང་ཡིན་ནོ། །དེ་ལྟར་ན་གཟུགས་ལ་སོགས་པ་སྒྲ་འབའ་ཞིག་ལས་གཟུགས་ལ་སོགས་པའི་གནས་ཅི་ཡིན་པ་
ཞེས་བྱ་བའི་ཁྱད་པར་རྟོགས་པ་མ་ཡིན་ནོ། །བུམ་པ་ལ་སོགས་པ་ཞེས་བྱ་བ་དེ་ལྟ་བུ་སྦྱོར་བ་ན་དེ་དག་ནི་བུམ་པའི་བདག་ཉིད་ཡིན་ནོ་ཞེས་རྣམ་པར་བཅད་ནས་རྟོགས་སོ། །དེ་བཞིན་དུ་བུམ་པའི་སྒྲ་ཡང་དཀར་པོ་དང་སེར་པོ་དང་གཡོ་བ་ཞེས་བྱ་བ་ལ་སོགས་པ་བུམ་པའི་གནས་སྐབས་ཐམས་ཅད་
བརྗོད་པ་ཡིན་ཏེ། དེའི་ཕྱིར་འབའ་ཞིག་པ་ལས་ཁྱད་པར་རྟོགས་པ་མ་ཡིན་ནོ། །བུམ་པ་ལ་གཟུགས་དཀར་པོ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་ན་ནི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་བཅད་ནས་རྟོགས་པར་འགྱུར་ཏེ། དེ་ལྟ་ཡིན་དང་དེ་ལྟར་འགྱུར་བའི་ཁྱད་པར་དེ་བརྗོད་པའི་ཕྱིར་དེ་བཞིན་དེ་བུམ་
པ་ལ་སོགས་པ་ལ་གཟུགས་ཞེས་བྱ་བ་གང་དག་སྦྱར་ཏེ། སྒྲ་ཞེས་བྱ་བ་ལྷག་མའོ། །སྒྲ་དེ་དག་ལ་བརྟེན་ནས་བུམ་པ་ལ་སོགས་པ་འདི་དག་ལ་བུམ་པ་ལ་གཟུགས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པ་དེས་ཤེས་པ་འཇུག་གི །འདུ་བ་ལ་བརྟེན་ནས་འཇུག་པ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །འདིའི་
རྒྱུ་སྨྲས་པ་ནི་ཐམས་ཅད་ཀྱིས་ཁྱད་པར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྟེ། གང་གིས་བློ་འདི་འདུ་བའི་རྒྱུ་མཚན་ཅན་དུ་འགྱུར་བ་འདུ་བ་དང་བུམ་པ་དང་གཟུགས་ལ་སོགས་པ་ཐམས་ཅད་ཕན་ཚུན་ཐ་དད་དུ་དམིགས་པ་ནི་མ་ཡིན་ནོ། །འདིས་ནི་གཏན་ཚིགས་མ་ངེས་པ་ཉིད་དང་དམ་བཅས་པ་
ལ་རྗེས་སུ་དཔག་པས་གནོད་པ་ཉིད་བསྟན་ཏོ། །གང་ཡང་འདི་ལའི་བློ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གལ་ཏེ་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འཇིག་རྟེན་གསུམ་ན་འདུ་བ་གཅིག་ཡོད་པར་གྱུར་ན་དེའི་
เล่ม ๑๙๑ · หน้า 308b
ཚེ་གྱོ་མོ་དག་ལ་སྣམ་བུའོ་ཞེས་བྱ་བ་ལ་སོགས་པའི་བློར་འགྱུར་ཞིང་། རྟ་ལ་སོགས་པ་ཡང་བ་ལང་ཉིད་ལ་སོགས་པ་ཡོད་པའི་ཕྱིར་དེ་ལྟར་འགྱུར་རོ། །དེ་ལྟ་ཡིན་དང་ཁྲ་བོ་ལ་སོགས་པའི་བྱེ་བྲག་བཞིན་དུ་གླང་པོ་ལ་སོགས་པ་ལ་ཡང་བ་ལང་ལ་སོགས་པའི་ཤེས་པར་འགྱུར་རོ། །འདི་ལྟར་གང་
གི་ཕྱིར་འདུ་བའི་སྟོབས་ཀྱིས་སྣལ་མ་དག་ལ་སྣམ་བུའོ་སྙམ་པའི་རྟོག་པར་བརྗོད་པ་སྣམ་བུའི་འདུ་བ་འདི་གྱོ་མོ་ལ་སོགས་པ་ཡང་ཡོད་པས་ཅིའི་ཕྱིར་དེ་ལྟར་རྟོགས་པར་མི་འགྱུར། འདི་སྙམ་དུ་གྱོ་མོ་དག་ལ་སྣམ་བུ་བརྟེན་པ་ནི་མ་ཡིན་ཏེ། དེས་ན་དེ་ལ་དེ་ལྟར་རྟོགས་པར་མི་འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ལོག་པ་
ཡིན་ཏེ། འདི་ལྟར་གང་གི་སྣལ་མ་དག་ཁོ་ན་ལ་སྣམ་བུ་ཡོད་ཅིང་དེ་ལ་བློ་མི་འགྱུར་བ་འདུ་བའི་དབང་གིས་སྣལ་མ་དག་ལ་ཡང་སྣམ་བུ་བརྟེན་པ་ཞེས་བྱ་བར་བརྗོད་པ་གང་ཡིན་པའི་འདུ་བ་དེ་གྱོ་མོ་དག་ལ་ཡང་ཅི་སྟེ་མེད། འོན་ཀྱང་སྣལ་མ་སྣམ་བུའི་འདུ་བ་ཞེས་བསྟན་པ་གང་ཡིན་པ་དེ་ཁོ་ན་བུམ་པའི་གྱོ་མོ་དག་ལ་
ཡིན་ཏེ། དེའི་ཕྱིར་ཇི་ལྟར་འཚོལ་བར་མི་འགྱུར། དེས་ན་དེའི་ཕྱིར་བློ་བར་ཆད་མེད་པ་སྟེ་བར་ཆད་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་རྫས་དང་ཡོན་ཏན་དང་། ལས་རྣམས་ཀྱི་རྫས་ཉིད་དང་། ཡོན་ཏན་ཉིད་དང་། ལས་ཉིད་ལ་སོགས་པའི་ཁྱད་པར་རྣམས་ཀྱི་འབྲེལ་པ་གཅིག་ཡིན་པའི་ཕྱིར་ཚིག་
གི་དོན་ལ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གླང་པོ་ལ་སོགས་པ་ལ་བ་ལང་ལ་སོགས་པའི་བློར་ཐལ་བར་འགྱུར་བ་སྒྲུབ་པར་བྱེད་དོ། །དེ་ཁ་ཅིག་ན་ཡང་ཞེས་བྱ་བ་ལ་སོགས་པས་བཀྲ་ཤིས་བློ་གྲོས་ཀྱི་ལན་དོགས་པར་བྱེད་པ་ཡིན་ཏེ། དེས་སྨྲས་པ། གལ་ཏེ་ཡང་འདུ་བ་
གཅིག་ཡིན་པ་དེ་ལྟ་ན་ཡང་རྟེན་དང་བརྟེན་པར་ངེས་པའི་ཕྱིར་ཚིག་གི་དོན་ལྔ་འཆོལ་བར་འགྱུར་བ་མ་ཡིན་ཏེ། །འདི་ལྟར་རྫས་དག་ཁོ་ན་ལ་རྫས་ཉིད་དང་། ཡོན་ཏན་དག་ཁོ་ན་ལ་ཡོན་ཏན་ཉིད་དང་། ལས་དག་ཁོ་ན་ལ་ལས་ཉིད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སོ་སོར་ངེས་པའི་རྟེན་རྣམ་པར་བཅད་ནས་
རྟོགས་པ་སྐྱེ་བ་ཡིན་ནོ། །འོ་ན་དེ་ལྟ་ན་ཚིག་གི་དོན་རེ་རེ་ལ་འདུ་བ་ཐ་དད་པར་འགྱུར་རོ་ཞེ་ན། འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བའི་འདུ་བའི་རྒྱུ་མཚན་གྱི་ཤེས་པ་ཐམས་ཅད་དུ་ཐ་མི་དད་པའི་རྣམ་པས་རྗེས་སུ་མི་འགྲོ་བར་མཐོང་བའི་ཕྱིར་ཐམས་ཅད་དུ་འདུ་བ་ནི་གཅིག་ཡིན་ནོ་ཞེས་བྱ་བར་
เล่ม ๑๙๑ · หน้า 309a
རྟོགས་སོ། །གཅིག་ཉིད་ཡིན་ན་ཡང་རྫས་ཉིད་ལ་སོགས་པའི་རྒྱུ་མཚན་གྱི་བློ་སོ་སོར་ངེས་པའི་རྟེན་རྣམ་པར་བཅད་ནས་ལྡོག་པ་སྟེ། རྗེས་སུ་མི་འགྲོ་བར་མཐོང་བའི་ཕྱིར་རྫས་ལ་སོགས་པའི་རིགས་རྣམས་ལྡོག་པ་ཉིད་དུ་ཤེས་ཏེ། དེས་ན་ཚིག་གི་དོན་ལྔ་འཆོལ་བར་མི་འགྱུར་རོ། །ཡང་ཇི་ལྟར་
འབྲེལ་པ་ཁྱད་པར་མེད་ན་ཡང་འདི་དག་གི་རྟེན་དང་བརྟེན་པ་སོ་སོར་ངེས་པར་རིགས་ཤེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཁམ་གཞོང་དང་ཞོ་དག་གི་ལྡན་པ་གཅིག་ཡིན་ན་ཡང་རྟེན་དང་བརྟེན་པ་ངེས་པར་འགྱུར་བ་དེ་བཞིན་དུ་རྫས་ལ་སོགས་པ་རྣམས་ཀྱི་འདུ་བ་གཅིག་ཡིན་ན་ཡང་གསལ་བྱ་
དང་གསལ་བྱེད་ཀྱིས་ནུས་པ་ཐ་དད་པའི་ཕྱིར་རྟེན་དང་བརྟེན་པ་སོ་སོར་ངེས་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་རྟེན་དང་བརྟེན་པ་ངེས་པའོ། །གཅིག་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཉིད་གཟུགས་ལ་སོགས་པ་ལ་བརྟེན་པའི་ངེས་པ་མ་གྲུབ་ཀྱི་འོན་ཀྱང་ཁྱེད་ཅག་ཉིད་ལ་
ཡིན་ནོ། །འདུ་བ་དེ་ཡང་ཐམས་ཅད་དུ་གཅིག་ཉིད་དུ་ཁས་ལེན་པ་ན་འཐད་པར་དགའོ་ཞེས་ཐལ་བ་སྒྲུབ་པར་བྱེད་དེ། འདི་ལྟར་རྫས་ཁོ་ན་ལ་རྫས་ཉིད་ཅེས་བྱ་བ་དེ་ལྟ་བུའི་ངེས་པར་འདོད་པ་གང་ཡིན་པ་དེ་ནི་འདུ་བའི་སྟོབས་ཉིད་ལས་ཡིན་ནོ། །རྫས་ཉིད་ལ་སོགས་པ་དེའི་ཡང་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་
ཏན་ལ་སོགས་པ་ལ་ཡང་ཡོད་དེ། ཡོན་ཏན་ཉིད་ལ་སོགས་པ་དེ་དག་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་འབྲེལ་པ་ཡོད་པ་དེ་ལྟ་ན་ཡང་དེ་ཉིད་དེ་ལ་འདུ་བ་ཡིན་ནོ་ཞེས་ཇི་ལྟར་ངེས་ཤེ་ན། དེ་དག་གི་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཞེས་བྱ་བ་ནི་རྫས་ཉིད་དང་ཡོན་ཏན་ཉིད་ལ་སོགས་པ་
རིགས་དག་གིའོ། །དེ་ལྟ་ཡིན་དང་རྒྱུ་མཚན་ཐ་མི་དད་པའི་ཕྱིར་དེ་འཆོལ་བར་ཐལ་བར་འགྱུར་བ་བཟློག་པར་དཀའོ་སྙམ་དུ་བསམས་པའོ། །གཞན་དུ་ཞེས་བྱ་བ་ལ། གལ་ཏེ་རྫས་ལ་རྫས་ཉིད་ཀྱི་འདུ་བ་གང་ཡིན་པ་དེ་ཁོ་ན་ཡོན་ཏན་ལ་སོགས་པ་དག་ལ་ཡོན་ཏན་ཉིད་ལ་སོགས་པ་མི་འགྱུར་ན་དེའི་ཚེ་ལྡན་པ་
བཞིན་དུ་རྟེན་སོ་སོ་ལ་འདུ་བ་ཐ་དད་པར་འགྱུར་རོ། །གང་ཡང་རྫས་ཉིད་སོགས་རྒྱུ་མཚན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ལ་རྫས་ཉིད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མ་ཚང་བ་མེད་པ་ཡོད་པ་ན་འབྲས་བུ་ལྡོག་པ་སྟེ་མེད་པ་མི་རིགས་ཏེ། དེའི་འབྲས་བུ་མ་ཡིན་པ་ཉིད་དུ་
เล่ม ๑๙๑ · หน้า 309b
ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་བློ་ལྡོག་པར་མི་རུང་བའི་ཕྱིར་རྟེན་དང་བརྟེན་པ་དེའི་ངེས་པ་མི་རིགས་སོ། །འོན་ཏེ་རྫས་ཁོ་ན་རྫས་ཉིད་རྟེན་ཏེ་གནས་སོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་ལས་ངེས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱེད་ཅག་གིས་འདུ་བ་
དེ་ཉིད་ལས་བརྟེན་པ་ཉིད་ལ་སོགས་པའི་རྣམ་པར་གཞག་པ་བརྗོད་དེ། དེ་ཡང་ཐམས་ཅད་ལ་ཁྱད་པར་མེད་པ་ན་ཇི་ལྟར་ངེས་པ་འདི་རིགས་པ་ཡིན། འདི་ལྟ་བས་ན་རྟེན་དང་བརྟེན་པའི་དངོས་པོ་དེའི་བརྟེན་པ་ལ་སོགས་པ་འདི་ཡང་རིགས་པ་མ་ཡིན་ཏེ། འདི་དག་ནི་རྟེན་དང་བརྟེན་པ་དང་ལྷན་ཅིག་གྲུབ་པ་དང་
བདེ་བ་གཅིག་པའི་ཕྱིར་རོ། །འོ་ན་གསལ་བྱ་གསལ་བྱེད་ཀྱི་ནུས་པ་ངེས་པ་ལས་ངེས་པར་འགྱུར་རོ་ཞེ་ན། གསལ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ལ་སོགས་པ་རྣམས་ནི་རྫས་ཉིད་ཀྱི་སྤྱི་གསལ་བར་བྱེད་པ་གང་བརྗོད་པ་དེ་ནི་འདུ་བའི་སྟོབས་ཉིད་ཀྱིས་ཡིན་ཏེ། འདི་ལྟར་གང་ཁོ་ན་ལས་རྫས་ཉིད་
རྫས་ལ་འདུ་བ་དེ་ཁོ་ན་ལས་དེས་དེ་གསལ་བའོ་ཞེས་བརྗོད་དོ། །གཞན་ལས་ཞེས་བྱ་བ་ནི་བདེ་བར་གཤེགས་པ་བས་བརྗོད་པ་ལས་ཏེ། ཤེས་པ་སྐྱེད་པར་རུང་བའི་རང་བཞིན་སྐྱེད་པ་ལས་སོ། །གང་གི་ཕྱིར་ཡོད་པ་ལ་སོགས་པའི་རྟག་པ་རྣམས་ཀྱང་འདུ་བར་འདོད་ལ། རྟག་པ་རྣམས་སྐྱེ་བར་རིགས་
པ་ཡང་མ་ཡིན་ནོ། །འདི་ཉིད་མར་མེ་ལ་སོགས་ཞེས་བྱ་བ་ལ་སོགས་པས་སྒྲུབ་པར་བྱེད་དེ། གང་ཡང་ཁམ་གཞོང་དང་ཞོའི་ལྡན་པ་དཔེ་ཉིད་དུ་སྨྲས་པ་དེ་ཡང་ཁོ་བོ་ཅག་ལ་མ་གྲུབ་པོ་ཞེས་སྟོན་པ་ནི། ཁམ་གཞོང་ཞེས་བྱ་བ་ལ་སོགས་པའོ། །གོང་བུ་ཞེས་བྱ་བ་ནི་ལྡན་པའི་ཚིག་གི་དོན་སུན་དབྱུང་
བར་འགྱུར་རོ། །ལྡན་པ་གཅིག་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ཐལ་བར་འགྱུར་བ་མཚུངས་པ་ཁོ་ནའོ་ཞེས་སྟོན་པ་ནི་དེ་ལས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་ཞེས་བྱ་བ་ལྡན་པ་ལས་སོ། །ཧ་ཅང་ཐལ་བར་འགྱུར་བ་ནི་ཞོ་ལ་ཁམ་གཞོང་ཞེས་བྱ་བ་ལྡན་པའི་ཚིག་གི་དོན་ལ་སོགས་པའི་བློར་ཐལ་བར་
འགྱུར་བ་སྟེ་ལྡན་པའི་རྒྱུ་མཚན་ཁྱད་པར་མེད་པའི་ཕྱིར་རོ། །གང་ཡང་རྒྱུ་མ་དམིགས་པའི་ཕྱིར་འདུ་བ་རྟག་པ་ཡིན་ནོ་ཞེས་སྨྲས་པ་དེ་ལ། འདི་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདུ་བ་རྟག་པ་ཉིད་དུ་གྱུར་ན་དེའི་ཚེ་རང་གི་རྟེན་དག་ལ་དེ་དག་རྟག་ཏུ་གནས་པའི་ཕྱིར་བུམ་པ་ལ་
เล่ม ๑๙๑ · หน้า 310a
སོགས་པ་རྣམས་ཀྱང་རྟག་པར་ཐལ་བར་འགྱུར་ཏེ། འདི་ལྟར་འདུ་བ་ཡོད་པ་ཉིད་ལས་འདི་དག་རང་གི་རྟེན་དག་ལ་གནས་པར་འདོད་ལ། འདུ་བ་དེ་ཡང་རྟག་པས་ཅིའི་ཕྱིར་འདི་དག་རྟག་ཏུ་གནས་པར་མི་འགྱུར། རང་གི་རྩོམ་བྱེད་ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་
ཡིན་ནོ། །འདི་སྙམ་དུ་བུམ་པ་ལ་སོགས་པ་རང་རྩོམ་པར་བྱེད་པའི་ཡན་ལག་གང་དག་ཡིན་པ་དེ་དག་བྱེ་བའམ་ཞིག་པས་བུམ་པ་ལ་སོགས་པ་འཇིག་པ་ཡིན་ཏེ། དཔེར་ན་སྣམ་བུའི་འཁལ་བ་དང་འཐག་པ་དག་གི་བྱ་བ་ལ་སོགས་པ་རེག་པ་དང་ལྡན་པའི་རྫས་ལ་སོགས་པ་དག་ལས་འཇིག་པ་བཞིན་ནོ། །ཇི་སྐད་དུ་
རེག་པ་དང་ལྡན་པའི་རྫས་དང་འབྲེལ་པ་དང་འབྲས་བུ་དང་འགལ་བ་ལས་འཇིག་གོ་ཞེས་བཤད་པ་ལྟ་བུའོ། །དེ་བཞིན་དུ་བློ་ནི་བློ་གཞན་གྱིས་འཇིག་པ་ལ་སྒྲ་ཡང་སྒྲ་གཞན་གྱིས་སོ་ཞེས་བྱ་བ་ནི་གཞན་གྱི་ལུགས་ཡིན་ནོ། །དེས་ན་འདུ་བ་ཡོད་ན་ཡང་གནས་པའི་རྒྱུ་ལྷན་ཅིག་བྱེད་པའི་རྒྱུ་གཞན་མེད་པའི་ཕྱིར་
དང་། འགལ་བའི་རྐྱེན་དང་ཕྲད་པས་བུམ་པ་ལ་སོགས་པ་རྟག་པར་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་པ་ཡིན་ནོ། །འདི་ནི་མི་རིགས་ཏེ། འདི་ལྟར་གྱོ་མོ་ལ་སོགས་པ་རང་རྩོམ་པར་བྱེད་པའི་ཡན་ལག་དེ་
དག་རང་རྩོམ་པར་བྱེད་པའི་ཡན་ལག་གཞན་ལ་འདུ་ལ། དེ་དག་ཀྱང་གཞན་དག་ལ་སྟེ་རྡུལ་ཕྲ་རབ་ཀྱི་བར་དུ་འདོད་ལ། རྡུལ་ཕྲ་རབ་དེ་ཡང་རྟག་པའི་ཕྱིར་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་དང་ཐམས་ཅད་ཀྱི་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས་ལ་འདུ་བ་ཐམས་ཅད་དུ་ཡོད་པའི་ཕྱིར་འཇིག་
པའམ་བྱེ་བར་ག་ལ་འགྱུར། ཀྱང་གི་སྒྲས་ནི་དེ་རྩོམ་པར་བྱེད་པའི་རྫས་རྣམས་འབའ་ཞིག་ཏུ་མ་ཟད་བྱ་བ་ལ་སོགས་པ་རྣམས་ཀྱང་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་རང་རྩོམ་པར་བྱེད་པའི་ཡན་ལག་རྣམས་འཇིག་པར་ཁས་ལེན་ན་དེའི་ཚེ་འདུ་བ་འདི་ཡང་ངེས་པར་འཇིག་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན།
འབྲེལ་པ་ཅན་ནི་ལྡོག་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་བསྒྲུབ་པར་བྱ་བའི་ཕྱིར་འབྲེལ་པ་ཅན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་དང་འབྲེལ་པ་ཅན་ཞིག་པའི་ཕྱིར་ལྡན་པ་ཞིག་པ་བཞིན་དུ་འདུ་བ་ལ་མི་རྟག་པའོ་ཞེས་བསྟན་པར་འགྱུར་རོ། །ཡང་ན་མ་ཞིག་པའི་
เล่ม ๑๙๑ · หน้า 310b
ལྡན་པའི་རྫས་གཉིས་བཞིན་དུ་འབྲེལ་པ་མ་ཞིག་པའི་ཕྱིར་འབྲེལ་པ་ཅན་རྣམས་གནས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཉི་ག་ཡང་དེ་དང་འབྲེལ་པའི་རང་བཞིན་ཉམས་པར་ཐལ་བར་འགྱུར་རོ། །འབྲེལ་པ་ཅན་གཅིག་ཅེས་བྱ་བ་ལ་སོགས་པས་གཞན་དག་རྩོད་པར་བྱེད་དོ། །འདི་སྙམ་དུ་སེམས་ཏེ།
གལ་ཏེ་གཏན་ཚིགས་དང་པོ་འབྲེལ་པ་ཅན་མཐའ་དག་ཞིག་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་དུ་འདོད་ན་དེའི་ཚེ་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་སྟེ། གང་དུ་ཡང་འབྲེལ་པ་ཅན་འདི་དག་འཇིག་པ་ཡོད་པ་མ་ཡིན་ཏེ། འཇིག་པའི་དུས་ན་ཡང་རྡུལ་ཕྲ་རབ་རྣམས་ལུས་པའི་ཕྱིར་རོ། །
ཅི་སྟེ་ཇི་ཞིག་ལྟར་འབྲེལ་པ་ཞིག་པ་ཉིད་སྲིད་པའི་དབང་དུ་བྱས་ནས་གཏན་ཚིགས་སུ་བརྗོད་ན་དེའི་ཚེ་མ་ངེས་པ་ཡིན་ཏེ། གལ་ཏེ་འབྲེལ་པ་ཅན་གཅིག་འབའ་ཞིག་ཏུ་ཞིག་པ་དེ་ལྟ་ན་ཡང་འབྲེལ་པ་ཅན་གཞན་གྱི་རྒྱུ་མཚན་ཅན་འདིའི་གནས་པར་འགྱུར་རོ། །དེ་ལྟ་ན་ཚུལ་འདིས་ལྡན་པ་ཡང་རྟག་པ་
ཉིད་དུ་འགྱུར་རོ་ཞེས་དོགས་པར་བྱས་ནས་གཞན་དག་ལེན་འདེབས་པ་ནི་ལྡན་མིན་ཐ་དད་ཕྱིར་ཞེས་བྱ་བ་སྨོས་ཏེ། ལྡན་པ་ནི་ལྡན་པ་ཅན་སོ་སོ་ལ་ཐ་དད་པ་ཡིན་ཏེ། དེས་ན་འདི་མི་རྟག་པ་ཉིད་དུ་རིགས་ཀྱི་འདུ་བ་ནི་འགྲོ་བ་འདི་ལ་ཞེས་བྱ་བའི་ཤེས་པའི་རྒྱུ་མཚན་ཅན་ཐ་མི་དད་པའི་ཕྱིར་གཅིག་ཁོ་ནའོ། །
དེས་ན་འདི་མི་རྟག་པ་ཉིད་དུ་མི་རིགས་ཏེ། གཞན་དུ་ཡང་འབྲེལ་པ་ཅན་གཞན་ལ་དེ་དམིགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལྟར་གང་དག་རང་གི་རྒྱུ་ལ་སོགས་པ་དང་འདུ་བའི་བུམ་པ་ལ་སོགས་པ་དེ་དག་ཞིག་པ་ན་དེ་དག་ནི་རང་གི་རྒྱུ་
དག་ལ་འགྲུབ་པའི་བདག་ཉིད་ཀྱི་འདུ་བ་འདི་བརྟགས་པ་དེ་ཉིད་ཅི། དེ་དག་ཞིག་པ་ན་འབྲེལ་པ་ཅན་གཞན་དག་ལ་ཡོད་དམ་འོན་ཏེ་དཔེར་ན་ལྡན་པ་ཅན་སོ་སོ་ལ་ལྡན་པ་ཅན་མང་པོ་ཐ་དད་པ་དེ་བཞིན་དུ་གཞན་ཉིད་ཡིན། སོགས་པའི་སྒྲས་ནི་བྱེ་བ་བཟུང་ངོ་། །དེ་ལ་གལ་ཏེ་ཕྱོགས་དང་པོ་
ཡིན་ན་དེའི་ཚེ་སྔར་གྱི་གནས་སྐབས་བཞིན་དུ་འཇུག་པ་མ་ཞིག་པའི་ཕྱིར་བུམ་པ་ལ་སོགས་པ་གནས་པ་ཁོ་ནར་འགྱུར་ལ། བུམ་པ་ལ་སོགས་པ་དེ་དག་ཀྱང་མི་གནས་ན་འཇུག་པ་མི་གནས་པའི་ཕྱིར་འདུ་བ་མི་གནས་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་འཇུག་པའི་བདག་ཉིད་དུ་མི་འགྱུར་རོ། །
เล่ม ๑๙๑ · หน้า 311a
ཡང་ན་དེ་ལྟ་བུར་གྱུར་པའི་རང་དབང་ཅན་ཕན་མི་འདོགས་པ་ལ་འདུ་བ་འཇུག་གོ་ཞེས་ཐ་སྙད་འདོགས་ན་མིང་ཙམ་དུ་འགྱུར་གྱི་དེ་ལྟར་དངོས་པོ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཞེས་བྱ་བ་ནི་དེ་ལ་འཇུག་པའི་བདག་ཉིད་ཅན་ཞེས་བྱ་བ་དེ་ལྟ་ཡིན་ན་དེའི་ཕྱིར་མིང་ཙམ་ཉིད་ཡིན་གྱི་སྐྱོན་གང་ཡིན་པ་བརྟག་པ་ནི་
དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འབྲེལ་པ་ཅན་ཞིག་པ་ལས་སྔར་ཡང་འབྲེལ་པ་ཅན་མ་ཞིག་པའི་གནས་སྐབས་ན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །བུམ་པ་ལ་སོགས་དེ་དག་རང་གི་རྟེན་ལ་འཇུག་པའི་འདུ་བ་དེ་ཡོད་པའི་ཕྱིར་ཏེ། ཡོད་པའི་སྟོབས་ཀྱིས་འགྲུབ་པར་མི་འགྱུར་རོ། །ཕྱིས་བཞིན་ཏེ།
འདུ་བའི་རྒྱུ་ཞིག་པ་བཞིན་དུ་དོན་དམ་པར་འཇུག་པ་མེད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་དོན་སྟོན་པ་ཡིན་ནོ། །ཅི་སྟེ་གཞན་ཉིད་ཡིན་པ་ཞེས་བྱ་བའི་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ལྡན་པ་ལ་སོགས་པ་བཞིན་འདུ་བ་མང་པོ་ཉིད་དུ་འགྱུར་ཏེ། དེ་ལྟ་ཡིན་དང་འདུ་བ་ཐ་དད་པ་དང་ལྡན་པ་མ་
ཡིན་ནོ་ཞེས་བྱ་བ་འདིའི་ཁས་བླངས་པ་ཉམས་པ་ཡིན་ནོ། །དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པའི་སྒྲས་རྒྱུ་དོན་མེད་པ་དང་། མངོན་སུམ་ལ་སོགས་པ་དང་འགལ་བ་དང་། དངོས་པོ་ཐམས་ཅད་རིམ་མ་ཡིན་པར་སྐྱེ་བ་ཞེས་བྱ་བ་ལ་སོགས་པའི་ཉེས་པ་གཞན་གཟུང་སྟེ། འདི་ལྟར་རང་གི་རྒྱུ་དང་འདུ་བའམ་
དད་པ་དང་འདུ་བ་ནི་སྐྱེ་བར་བརྗོད་ལ། འདུ་བ་ཡང་རྟག་པའི་ཕྱིར་གང་དུ་ཡང་འབྲས་བུ་སྐྱེ་བ་ལས་རྒྱུ་རྣམས་ནུས་པ་མེད་དོ་ཞེས་བྱ་བ་ནི་རྒྱུ་དོན་མེད་པའོ། །དེ་བཞིན་དུ་ལྡན་པ་ནི་ལས་གང་ཡང་རུང་བ་ལས་སྐྱེ་བ་དང་གཉི་གའི་ལས་ལས་སྐྱེ་བ་དང་། ལྡན་པ་ལས་སྐྱེ་བ་ཡིན་ཏེ། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་
ཞེས་བྱ་བ་ལ་སོགས་པ་སྐྱེ་བར་སྟོན་པའི་མདོ་དང་འགལ་བ་དང་། དེ་བཞིན་དུ་མངོན་སུམ་ལ་སོགས་པས་རྟོག་པའི་རྒྱུ་སཱ་ལུ་དང་མིག་ལ་སོགས་པ་དང་འགལ་བ་དང་། དེ་བཞིན་དུ་འདུ་བའི་མཚན་ཉིད་ཀྱི་སྐྱེ་བ་ནི་རྟག་པ་ཉིད་ཀྱིས་རིམ་པ་ཡོད་པ་མ་ཡིན་པའི་ཕྱིར་དངོས་པོ་རྣམས་རིམ་གྱིས་སྐྱེ་བར་མཐོང་བ་དང་
འགལ་བ་དང་། དེ་ལྟ་ཡིན་དང་ཤེས་པ་ཅིག་ཅར་མི་སྐྱེ་བ་ནི་ཡིད་ཀྱི་རྟགས་སོ་ཞེས་བྱ་བའི་རང་གི་གྲུབ་པའི་མཐའ་དང་འགལ་བ་དང་། སྐྱེ་བ་རྟག་པའི་ཕྱིར་འགྲོ་བ་ལ་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མ་ཡིན་པས་བསྟན་བཅོས་རྩོམ་པ་དོན་མེད་དོ་ཞེས་བྱ་བ་ལ་སོགས་པ་ཆེས་མང་པོ་དག་
เล่ม ๑๙๑ · หน้า 311b
གིས་འབྲེལ་པ་མེད་པ་སྟེ། འཐད་པར་འགྱུར་བ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་འདུ་བའི་ཚིག་གི་དོན་བརྟག་པ་སྟེ་ཉི་ཤུ་པའོ།། །།སྒྲོ་བཏགས་རྣམ་པའི་སྒྲ་དང་ཤེས་པའི་སྤྱོད་ཡུལ་ཅན། །ཞེས་བྱ་བ་བསྒྲུབ་པའི་དོན་དུ་སྐབས་དགོད་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། བསྒྲུབ་པ་སྒྲའི་དོན་དུ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པའི་དངོས་པོ་ཉིད་སྒྲའི་གཟུང་བར་བྱ་བ་སྟེ། དེས་ན་སྒྲ་དག་གིས་དངོས་སུ་སྒྲུབ་པ་དང་དགག་པ་དག་གིས་དངོས་པོའི་རང་བཞིན་སྟོན་པར་བྱེད་པའི་ཕྱིར་སྒྲུབ་པ་ཉིད་སྒྲའི་དོན་ནོ་ཞེས་བྱ་བ་ཡིན་ནོ། །སེལ་བ་སྨྲ་བ་རྣམས་ཀྱི་ལྟ་བ་ནི་དོན་དམ་པར་སྒྲ་རྣམས་ཀྱི་
བརྗོད་པར་བྱ་བ་དངོས་པོའི་རང་གི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཐ་མི་དད་པའི་དོན་དག་ལ་ཐ་དད་པའི་རྣམ་པར་ཞེན་པས་འཇུག་པའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ནི་འཁྲུལ་པ་ཉིད་ཡིན་ནོ། །འཁྲུལ་པ་ཉིད་ཡིན་ན་ཡང་གང་དུ་བརྒྱུད་པས་དངོས་པོ་དང་འབྲེལ་པ་དེར་དོན་ལ་མི་སླུ་བ་ཡིན་ནོ་ཞེས་བྱ་བ་ཡིན་
ནོ། །དེ་ལ་རྣམ་པར་རྟོག་པའི་བློས་དོན་ཐ་མི་དད་པ་དག་ལ་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་ལས་ལྡོག་པའི་དངོས་པོ་ཉམས་སུ་མྱོང་བའི་སྟོབས་ཀྱིས་འོངས་པའི་ཕྱིར་དང་། རང་ཉིད་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་དང་། གཞན་ལས་ལྡོག་པར་བརྗོད་པའི་འཁྲུལ་པ་དང་ལྷན་ཅིག་གཅིག་
ཉིད་དུ་ངེས་པའི་ཕྱིར་དང་། གཞན་སེལ་བའི་དངོས་པོ་རྟོགས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་གཞན་སེལ་ཞེས་བརྗོད་དོ། །དེས་ན་སེལ་བ་སྒྲའི་དོན་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལ་སྒྲུབ་པ་སྨྲ་བ་རྣམས་རྩོད་པར་བྱེད་དེ། གལ་ཏེ་ཁྱེད་ཅག་གི་རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་།
བྱེ་བྲག་དང་། འདུ་བའི་མཚན་ཉིད་ཀྱི་ཁྱད་པར་དེ་བྱེ་བྲག་དག་དོན་དམ་པར་སྒྲ་འཇུག་པའི་རྒྱུ་མཚན་དུ་ཡོད་པ་མ་ཡིན་ན། དེའི་ཕྱིར་ཇི་ལྟར་འཇིག་རྟེན་ན་རྫས་ལ་སོགས་པའི་ཁྱད་པར་གྱི་རྒྱུ་མཚན་དང་དབྱིག་པ་ཅན་ཞེས་བྱ་བ་ལ་སོགས་པའི་བརྗོད་པ་དང་ཡོངས་སུ་རྟོག་པར་འགྱུར། འདི་ལྟར་འཇིག་རྟེན་
ན་དབྱིག་པ་ཅན་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་རྫས་ཀྱི་ཁྱད་པར་ཅན་དུ་གྲགས་ལ། དཀར་པོ་ནག་པོ་ཞེས་བྱ་བ་ཡོན་ཏན་གྱི་ཁྱད་པར་ཅན་དང་། གཡོའི་འཁོར་རོ་ཞེས་བྱ་བ་ལས་ཀྱི་རྒྱུ་མཚན་ཅན་དང་། ཡོད་དོ་སྣང་ངོ་ཞེས་བྱ་བ་ཡོད་པའི་རྒྱུ་མཚན་དང་། བ་ལང་དང་། རྟ་དང་། གླང་
เล่ม ๑๙๑ · หน้า 312a
པོ་ཞེས་བྱ་བ་སྤྱི་དང་བྱེ་བྲག་གི་ཁྱད་པར་ཅན་དང་། སྣལ་མ་འདི་དག་ལ་སྣམ་བུ་ཞེས་བྱ་བ་འདུ་བའི་སྟོབས་ཀྱིས་ཡིན་ཏེ། དེ་ལ་རྫས་ལ་སོགས་པ་འདི་དག་མེད་ན་དབྱིག་པ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲ་དང་བློ་དག་ཡུལ་མེད་པར་འགྱུར་རོ། །སོགས་པ་སྨོས་པ་རེ་རེ་དང་སྦྱར་བར་བྱ་སྟེ།
དེས་ན་རེ་རེ་ཞིང་དབྱིག་པ་ཅན་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པ་རིགས་མཐུན་པའི་སྒྲ་བློ་དག་གཟུང་བ་ཡིན་ནོ། །མཐའི་བྱེ་བྲག་ནི་རྣལ་འབྱོར་པ་རྣམས་ཁོ་ནའི་གཟུང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་ནི་སོགས་པའི་སྒྲས་མི་གཟུང་ངོ་། །དེ་དག་རྒྱུ་མཚན་མེད་པར་ཡང་མི་རིགས་ཏེ། དེ་དག་ཐམས་ཅད་ཐམས་ཅད་
ཀྱི་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་དབྱེ་བ་མེད་པར་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་རྫས་ལ་སོགས་པ་ཡོད་དོ་ཞེས་བྱ་བ་ནི་གཞན་གྱིའོ། །སྦྱོར་བ་ནི་གང་དང་གང་ཕན་ཚུན་མ་འཆོལ་བར་འཇུག་པ་དེ་དག་ནི་རྒྱུ་མཚན་དང་བཅས་པ་ཡིན་ཏེ། རྣ་བ་ལ་སོགས་པའི་
ཤེས་པ་བཞིན་ནོ། །དབྱིག་པ་ཅན་ལ་སོགས་པའི་སྒྲ་དང་ཤེས་པ་དག་ཀྱང་འཆོལ་བ་མེད་པར་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་མཚན་མེད་པ་ཉིད་ཡིན་ན་ཐམས་ཅད་དུ་ཁྱད་པར་མེད་པར་འཇུག་པར་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྨྲས་པ་ཞེས་བྱ་བ་ལ་
སོགས་པས་ལན་འདེབས་པར་བྱེད་དེ། དེ་ལ་གལ་ཏེ་འདི་དག་དངོས་སུ་ཕྱི་རོལ་གྱི་ཡུལ་དུ་གྱུར་པའི་རྒྱུ་མཚན་གྱིས་རྒྱུ་མཚན་དང་བཅས་པ་ཉིད་དུ་སྒྲུབ་པར་འདོད་ན་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཅི་སྟེ་གང་ཅི་ཡང་རུང་བའི་རྒྱུ་
མཚན་གྱིས་རྒྱུ་མཚན་དང་བཅས་པ་ཉིད་དུ་འདོད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གི་འདི་དག་རྒྱུ་མཚན་གང་གི་བརྗོད་པའི་བག་ཆགས་སད་པར་འདོད་པ་ཉིད་ཡིན་གྱི། ཡུལ་དུ་འགྱུར་བ་ནི་མ་ཡིན་ཏེ། འཁྲུལ་པ་ཉིད་ཀྱིས་སྒྲ་ལས་བྱུང་བའི་ཤེས་པ་ཐམས་ཅད་ཡུལ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ནད་
ཙམ་ལ་གནས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལ་གནས་པའི་བག་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཉིད་ལུང་གི་ཁུངས་ཀྱིས་བསྟན་པའི་ཕྱིར་སྒྲ་རྣམས་གང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དུ་གང་དང་གང་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་སྤྱི་ལ་སོགས་པའོ། །དེ་ནི་ཆོས་ཉིད་ཡིན་ཞེས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด