ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๓ · หน้า 1b
༄༅༅། །རྒྱ་གར་སྐད་དུ། བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ། བོད་སྐད་དུ། ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད།
སངས་རྒྱས་ལ་ཕྱག་འཚལ་ལོ། །བདེ་གཤེགས་ཐུགས་རྗེའི་བདག་ཉིད་ཅན་གྱིས་རྒྱལ་གྱུར་ཅིག །ངེས་པར་འབྱུང་བའི་ཆོས་ཀྱིས་རྟག་ཏུ་རྒྱལ་གྱུར་ཅིག །མཐའ་དག་སྲིད་པ་གསུམ་པོ་རྣམས་ཀྱིས་
མཆོད་བྱ་བ། །ཡོན་ཏན་རབ་རྒྱས་འཕགས་པའི་ཚོགས་ཀྱིས་རྒྱལ་གྱུར་ཅིག །དངོས་པོ་ཐོབ་པ་རྣམས་ཀྱིས་དགྲ་ལ་ཡང་། །གཞན་རྗེས་འཛིན་པར་བྱེད་པ་དམ་པས་བསྔགས། །གཞན་གྱི་ལུགས་རྣམས་
རྙེད་པ་རྣམས་ཀྱིས་ཀྱང་། །གཞན་ལ་ཕན་པ་དེ་ནི་བྱ་བར་འོས། །དེ་ཕྱིར་ཤིན་ཏུ་རབ་ཏུ་རྒྱས་པ་ཡི། །སློབ་དཔོན་རྣམས་ཀྱི་ལུགས་རྣམས་ཡང་དག་པར། །ཀུན་ནས་ལྟ་བར་ནུས་པ་མ་ཡིན་པའི། །སྐྱེ་བོ་
ལ་ནི་བློ་ཞན་བདག་ལས་ཀྱང་། །ཆོས་ཀྱི་གྲགས་པ་དང་ནི་གཞན་རྣམས་ཀྱིའང་། །ལུགས་ལས་ཅུང་ཟད་ངེས་པར་བསྡུས་བྱས་ནས། །དེ་ལས་མཐོང་བར་གྱུར་པའི་ཕྱོགས་ཀྱིས་ཀྱང་། །འབད་པས་
เล่ม ๑๙๓ · หน้า 2a
རང་གིས་མངོན་པར་བརྟག་པར་བྱ། །དོན་གྱི་དེ་ཉིད་རབ་ཕྱེ་རོ་ཞིམ་ཅན། །ཕྱོགས་ཀྱི་གླང་པོའི་ལུགས་ཀྱི་བསྟན་བཅོས་ཀྱི། །རྣམ་པར་བཤད་པ་ཟ་མ་ཏོག་ལྟ་བུ། །འདི་ནི་བདག་གིས་ཕན་པའི་ཆེད་དུ་བྱ། །ཚད་
མར་གྱུར་པ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར། ཁྱོད་ནི་རི་རབ་རྒྱ་མཚོ་ཁྱོད། །མགོན་ཁྱོད་དཔག་བསམ་རྐང་འཐུང་སྟེ། །སྨན་པ་བཟང་ཁྱོད་སྒྲོན་མ་ཁྱོད། །ཁྱོད་ནི་སྒྲོལ་བྱེད་དམ་པའོ། །ཞེས་པ་འདི་འདྲ་བའི་སྒྲ་སྦྱར་བ་མེད་པར་
ཡང་དེའི་དོན་རྟོགས་པ་དེ་ལྟར་འདིར་ཡང་ངོ་ཞེས་པས་ཚད་མ་དང་འདྲ་བས་བཅོམ་ལྡན་འདས་ཚད་མའོ། །གང་གི་ཕྱིར་ཇི་ལྟར་མངོན་སུམ་ལ་སོགས་པའི་ཚད་མ་ནི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་སྔར་མ་རྟོགས་པའི་དོན་གསལ་བར་བྱེད་
ཅིང་མི་བསླུ་བ་ཡིན་པ་དེ་ལྟར། བཅོམ་ལྡན་འདས་ཀྱང་གང་ལ་སྐྱེས་བུའི་དོན་གྱི་མཆོག་རག་ལས་པ་འཕགས་པའི་བདེན་པ་བཞིའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ལ་དེའི་ཡུལ་ཅན་གྱི་ཤེས་པ་བསྐྱེད་ནས། ངེས་པར་ལེགས་པ་དོན་དུ་གཉེར་
བ་རྣམས་ལ། ཁོང་དུ་མ་ཆུད་པ་དེ་གསལ་བར་བྱེད་པ་དང་མི་བསླུ་བ་དེའི་ཕྱིར་ཚད་མ་དང་ཆོས་མཚུངས་པ་ཉིད་ཀྱི་ཕྱིར་ཚད་མའོ། །གྱུར་པ་ནི་སྐྱེས་པ་སྟེ་བྱུང་བ་ཞེས་པའི་དོན་ཏོ། །གྱུར་པའི་ཚིག་ནི་མ་བྱུང་བ་རྟག་པ་དབང་ཕྱུག་ལ་
เล่ม ๑๙๓ · หน้า 2b
སོགས་པའི་ཚད་མ་གཞན་གྱིས་ཡོངས་སུ་བརྟགས་པ་དགག་པའི་དོན་དུའོ། །ཚད་མ་ཡང་འདི་ཡིན་ལ་གྱུར་པའང་ཡིན་པས་ཚད་མར་གྱུར་པ་སྟེ། ཚད་མར་གྱུར་པ་དེ་ལའོ། །འོ་ན་འདིར་ཇི་ལྟར་འདི་ཉིད་ཀྱི་འགྲེལ་པར་འདི་ལྟ་བུའི་ཡོན་ཏན་ཅན་གྱི་སྟོན་པ་ལ་ཕྱག་འཚལ་ནས་ཞེས་པ་ལྟར་
གཉིས་པ་འབྱུང་བ་མ་ཡིན་ནམ་ཞེ་ན། བདེན་ཏེ། བརྗོད་འདོད་འདི་ནི་མཆོག་གི་སྦྱོར་བའི་རྗེས་སུ་འབྲང་བ་ཉིད་ཀྱི་ཕྱིར་གང་གི་ཚེ་ལས་ཀྱི་བྱེད་པ་བརྗོད་པར་འདོད་ལ། གང་གི་ཚེ་དོན་དུ་གཉེར་བ་དང་ལྟག་པར་ཞེན་པའི་བྱ་བ་འདི་དག་གི་མཆོག་ཏུ་ཐོབ་པར་འདོད་པ་ཉིད་ཀྱི་ཕྱིར་ཐོབ་པའི་
ལས་སུ་སྟོན་པའི་ཕྱག་འཚལ་བའི་བྱ་བས་མངོན་པར་འདོད་པ་བྱ་བ་ཡང་དག་པར་རབ་ཏུ་སྦྱིན་པ་ཉིད་དུ་བརྗོད་པར་འདོད་པ་དེའི་ཚེ་ལས་ལ་བཞི་པ་ཉིད་རིགས་ཏེ། ཇི་ལྟར་དེ་ཁོ་ནར་ཐོབ་པའི་ལས་ཀྱི་མིང་ཅན་ཉལ་བས་མངོན་པར་འདོད་པར་བྱ་བ་ཉིད་ཀྱི་ཕྱིར་བདག་པོ་ཆེད་དུ་བྱ་བར་བརྗོད་པར་
འདོད་པ་ན་བདག་པོ་ལ་ཉལ་ལོ་ཞེས་པ་འདིར་བཞི་པ་ཁོ་ནར་གྱུར་པ་དེ་བཞིན་དུ་འདིར་ཡང་ངོ་ཞེས་པས་སྐྱོན་མེད་དོ། །འགྲོ་ལ་ཕན་བཞེད་ལ་ཞེས་པ་འགྲོ་བ་ལ་ཕན་པ་ནི་དོར་བར་བྱ་བ་དང་བླང་བར་བྱ་བ་ཐབས་དང་བཅས་པ་དག་གི་འདོར་བ་དང་ལེན་པ་ཕུལ་དུ་བྱུང་བ་དག་སྟེ། དེ་བཞེད་པའི་
ངང་ཚུལ་ཅན་ལའོ། །ཕྱག་འཚལ་ནས་ཞེས་པ་ཡིད་དང་ངག་དང་ལུས་རྣམས་ཀྱིས་རབ་ཏུ་བཏུད་པར་བྱས་ནས་སོ། །འདི་ཡང་ཀུན་ལས་བཏུས་པ་བྱ། །ཞེས་པ་འདི་དང་སྦྲེལ་ལོ། །འདིས་ཕྱག་འཚལ་བ་ལས་མཆོད་པ་བྱས་པའོ། །སྟོན་ལ་ཞེས་པ་འདིར་ཨིཊ་མེད་དེ་ཤམ་སི་ཀྵ་ད་ལ་
སོགས་པ་རྣམས་ལས་ཏྲིན་ཏྲི་ཙ་དག་མིང་ལ་ཨིཊ་མེད་པ་སྟེ། གཞན་དུ་ཡང་མང་པོར་རོ་ཞེས་བཤད་པའི་ཕྱིར་རོ། །སྡུག་བསྔལ་ཟད་པར་བྱེད་པའི་ཐབས་ཉེ་བར་སྟོན་པ་ནི་བསྟན་པ་ཡིན་ལ། དེའི་བྱེད་པ་པོ་སྟོན་པ་ཞེས་བརྗོད་དེ་འབྲས་བུའི་གནས་སྐབས་སུའོ། །འདིར་ནི་བསྟན་པ་དེ་ཉིད་
ཀྱི་རྒྱུ་ལམ་གོམས་པར་བྱེད་པ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་བསྟན་པའི་སྒྲ་འཇུག་གོ། །བསྟན་པ་དེ་བྱེད་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སྟོན་པའི་སྒྲས་བརྗོད་དོ། །བདེ་གཤེགས་ཞེས་པ་ལེགས་པར་གཤེགས་ཤིང་ཐོབ་པ་སྟེ། རྣམ་པ་ཐམས་ཅད་དུ་སྤང་
เล่ม ๑๙๓ · หน้า 3a
བྱ་ཐམས་ཅད་སྤངས་པས་བདེ་བར་གཤེགས་པའོ། །སྐྱོབ་ལ་ཞེས་པ་འདིས་སྐྱོབ་པར་བྱེད་པས་སྐྱོབ་སྟེ་དེ་ཡང་རང་གིས་མཐོང་བའི་ལམ་ཉེ་བར་སྟོན་པའོ། །དེ་འདི་ལ་ཡོད་པས་སྐྱོབ་པའོ། །རྟོག་པ་སྔོན་དུ་གཏོང་བ་ཐམས་ཅད་ཀྱི་རྩོམ་པ་ལ་དགོས་པས་ཁྱབ་པ་
ཉིད་ཀྱི་ཕྱིར། དེ་ལོག་ན་རྩོམ་པ་ཡང་ལྡོག་ཅིང་། དེ་ཡང་འདི་ལ་མེད་དེ་དེའི་ཕྱིར་འདི་བརྩམ་པར་མི་བྱ་སྟེ། གང་དགོས་པ་མེད་པ་དེ་རྟོག་པ་དང་ལྡན་པས་བརྩམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བསྒྲུབ་བྱ་མ་ཡིན་པའི་ཡུལ་ཅན་གྱི་ཤེས་པ་བརྟག་པ་ཉེ་བར་སྟོན་པ་བཞིན། འདི་ལ་ཡང་དེ་
མེད་དོ་ཞེས་པ་ཁྱབ་བྱེད་མི་དམིགས་པའོ་ཞེ་ན། འདི་མ་གྲུབ་པར་བསྟན་པའི་དོན་དུ་གསུངས་པ། ཚད་མ་གྲུབ་ཆེད་ཅེས་སོ། །ཚད་མ་གྲུབ་པ་ནི་ཚད་མ་བྱེ་བྲག་ཏུ་རྟོགས་པ་ཡིན་ལ་དེའི་དོན་དུ་འདི་སྟེ། དེའི་ཕྱིར་བརྩམ་པར་བྱའོ། །གང་དགོས་པ་ཅན་དེ་རྟོག་པ་དང་ལྡན་པས་བརྩམ་
པར་བྱ་བ་ཡིན་ཏེ། དཔེར་ན་བསྒྲུབ་པར་འོས་པའི་ཡུལ་ཅན་གྱི་ཤེས་པ་བརྟག་པ་ཉེ་བར་སྟོན་པ་བཞིན། འདི་ཡང་དགོས་པ་དང་བཅས་པ་ཡིན་ནོ་ཞེས་པ་རང་བཞིན་ནོ། །གལ་ཏེ་དེའི་དོན་དུ་འདི་བརྩམ་པར་བྱ་བ་ཡིན་ན། དེའི་ཚེ་བརྩམ་པར་མི་བྱ་སྟེ། ཚད་མ་གྲུབ་པ་ནི་རིགས་པའི་
སྒོ་ལ་སོགས་པ་རང་གི་གཞུང་གིས་ཁྱོད་ཀྱིས་སྔར་ཁོ་ནར་བསྒྲུབས་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་བསྒྲུབས་ཟིན་པ་དེ་ནི་སྒྲུབ་པའི་ཆེད་དུ་རྟོག་པ་དང་ལྡན་པས་བརྩམ་པར་བྱ་བ་མ་ཡིན་ཏེ། བསྒྲུབས་ཟིན་པའི་ཟན་བཞིན། ཚད་མ་སྒྲུབ་པ་ཡང་བསྒྲུབས་ཟིན་པ་ཡིན་ནོ། །ཁྱབ་པར་བྱེད་པ་
དང་འགལ་བའོ་ཞེ་ན། འདི་བསལ་བའི་ཆེད་དུ་གསུངས་པ། རང་གཞུང་རྣམ་འཐོར་ཕྱིར་ཞེས་པ་སྟེ་ལྔ་པ་འདི་ནི་རྒྱུ་ལའོ། །རྣམ་པར་འཐོར་བ་ནི་རབ་ཏུ་བཀྲམ་པ་སྟེ། རྣམ་པར་བཀྲམ་པའོ་ཞེས་པའི་ཐ་ཚིག་གོ། །སླར་ཡང་མདོས་བསྐོར་བའི་ཕྱིར་རམ་དུ་མ་ནུས་པའི་ཕྱིར་རོ། །
འདི་ནི་འདིའི་དོན་གཞན་པ་སྟེ། འགྲོ་བའི་དོན་ཐམས་ཅད་ཤེས་པའི་དོན་ནོ་ཞེས་པས་སྲྀ་ཏ་ནི་རྟོགས་པ་སྟེ། ཡོངས་སུ་ཤེས་པའོ། །རབ་ཏུ་རྟོགས་པ་ནི་པྲ་སྲྀ་ཏའོ། །གང་ལ་རབ་ཏུ་རྟོགས་པ་དང་བྲལ་བ་དེ་ནི་བི་པྲ་སྲྀ་ཏ་སྟེ། རང་གི་གཞུང་རིགས་པའི་སྒོ་ལ་སོགས་པ་ནི་ཚད་མ་གཏན་
เล่ม ๑๙๓ · หน้า 3b
ལ་འབེབས་པ་རབ་ཏུ་རྟོགས་པ་དང་བྲལ་བའོ། །དེ་ལྟར་ཡང་དེར་མངོན་སུམ་རྟོགས་པ་དང་བྲལ་བ་ཞེས་པ་མངོན་སུམ་གྱི་མཚན་ཉིད་འདི་ལ་དམིགས་བསལ་བྱས་པ་མེད་ལ། དེའི་ཕྱིར་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཡང་མངོན་སུམ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱས་པ་དང་
བྲལ་བ་ཡང་དེ་སྟེ་མདོར་བསྡུས་པའོ། །དེས་ན་གང་མགོ་སྨོས་པས་གོ་བ་ཕྱོགས་ཙམ་མཐོང་བས་ཀྱང་མ་བརྗོད་པའི་དོན་བརྟག་པར་ནུས་པ་དེ་ཁོ་ནའི་གཏན་ལ་འབེབས་བྱེད་དུ་འགྱུར་གྱི་གཞན་གྱི་མ་ཡིན་ནོ། །དེ་ལྟར་ཡང་དེ་ཉིད་དུ། སྒོ་ཙམ་འདི་ནི་དམ་པའི་དོན་གྱི་ཚུལ། །ཞེས་པ་ལ་སོགས་
པ་ཚིགས་སུ་བཅད་པ་ཕྱེད་སྔ་མས་བློ་གྲོས་བཟང་པོ་མདོར་བསྡུས་པ་ལ་དགའ་བ་ཁོ་ན་ལ་ཕན་འདོགས་པའི་ཆེད་དུ་འདི་བྱས་སོ་ཞེས་གསལ་བར་བྱས་ལ། གཡོ་སྒྱུ་རྣམས་ཞེས་པ་ལ་སོགས་པ་ཕྱི་མ་ཕྱེད་ཀྱིས་ནི་ཅིག་ཤོས་རྣམས་ལ་འདིས་ཕན་པར་མི་འགྱུར་རོ་ཞེས་སོ། །མུ་སྟེགས་པའི་
རྟོག་གེས་འཁྲུལ་པར་གྱུར་པ་བློ་ཞན་པ་རྣམས་ནི་རྒྱས་པར་རྟོགས་པར་བྱ་བ་སྟེ། གཡོ་སྒྱུ་རྣམས་དང་བྲལ་བར་བྱས་ནས། དོན་གྱི་དེ་ཉིད་ལ་རྟེན་ཅི་ལྟར་འགྱུར་ཏེ་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་རྟོགས་པའི་ཕྱིར་རོ། །འདིར་ཅི་ལྟར་གྱི་སྒྲས་མི་སྲིད་པར་གསལ་བར་བྱེད་དོ། །གང་རྣམས་ནི་
བློ་ཁ་བྱེ་བའི་ཡུལ་ལ་སྨོན་པའི་དོན་དུ་སྨྲ་བར་བྱེད་དེ། བློ་ཁ་བྱེ་བའི་དུག་ཅན་མུ་སྟེགས་པའི་རྟོག་གེས་འཁྲུལ་པས་བྱས་པ་རྣམས་ལམ་ངན་པ་དང་བྲལ་ནས་ཅི་ལྟར་གྱུར་དུ་ཟིན་ཀྱང་དོན་གྱི་དེ་ཁོ་ན་ཉིད་ལ་བརྟེན་པར་གྱུར་ཅིག་ཅེའོ། །དེ་རྣམས་ཀྱི་དེ་ནི་མི་རིགས་ཏེ། མུ་སྟེགས་པའི་རྟོག་གེ་རྣམས་སྐྱོན་
ཤིན་ཏུ་ཆེན་པོ་ཅན་ཏེ་དེ་རྣམས་ནི་རྣམ་པ་དེ་ལྟ་བུ་རྣམས་ཀྱིས་བདེ་བླག་ཏུ་མཚོན་པ་ཡིན་ལ། གང་མ་བརྗོད་དུ་ཟིན་ཀྱང་རྟོགས་པར་དཀའ་བའི་དོན་རྣམས་ཕྱོགས་ཙམ་མཐོང་བས་རང་གིས་བརྟག་པར་ནུས་པ་དེ་རྣམས། མཚོན་པར་སླ་བ་ཆེས་རགས་པའི་སྐྱོན་ཅན་མུ་སྟེགས་པའི་རྟོག་གེ་རྣམས་ཀྱིས་
ལམ་ལོག་པར་དྲང་བར་བྱ་བ་ཡིན་ནོ་ཞེས་པ་འདི་ནི་མི་སྲིད་དོ། །གང་གི་ཕྱིར་དེ་ལྟར་རྣམ་པ་འདི་ལྟ་བུ་རང་གི་གཞུང་སྟེ། དེས་ཐམས་ཅད་ཀྱི་ཚད་མ་བྱེ་བྲག་ཏུ་རྟོགས་བྱེད་བྱས་པ་མ་ཡིན་པ། དེའི་ཕྱིར་རང་གི་གཞུང་མདོར་བསྡུས་པའི་ཕྱིར་དང་། ཚད་མ་གཏན་ལ་འབེབས་བྱེད་རབ་ཏུ་གྱུར་
เล่ม ๑๙๓ · หน้า 4a
པ་མ་བྱས་པའི་གཏན་ཚིགས་ཀྱི་ཕྱིར། བློ་དམན་པ་རྒྱས་པ་ལ་མོས་པ་རྣམས་ལ་ཡང་ཕན་གདགས་པའི་ཆེད་དུ་སྤྱིར་བཏང་དང་བཅས་པ་དམིགས་བསལ་དང་བཅས་རྒྱས་པ་དང་བཅས་པ་ཚད་མ་གཏན་ལ་འབེབས་པ་ལ་རབ་ཏུ་གྱུར་པ་ཚད་མ་ཀུན་ལས་བཏུས་པ་བྱའོ། །
དེ་ཅི་རིགས་པའི་སྒོ་ལ་སོགས་པ་དེ་ཉིད་དུ་རབ་ཏུ་བྱེད་པ་རེ་རེར་གཞུང་གཞན་འཕངས་ནས་ཀུན་ནས་བཏུས་པ་བྱ་འམ་ཞེས་དྲི་བའི་སྐབས་ལ་གསུངས་པ། འདིར་གཅིག་པར་ནི་ཞེས་སོ། །འདིར་ཏེ་རབ་ཏུ་བྱེད་པ་གཅིག་པོ་འདིར་བདེ་བླག་ཏུ་རྟོགས་པའི་དོན་དུ་ཀུན་ལས་བཏུས་པ་བྱའོ། །
གཞུང་རྣམ་པར་འཐོར་བ་ནི་རབ་ཏུ་བྱེད་པ་ཐ་དད་པས་ན་བདེ་བླག་ཏུ་ཀུན་ནས་བལྟ་བར་མི་ནུས་སོ། །གཅིག་པར་ནི་ཞེས་པ་ནི་ཨཱ་དི་ལ་སོགས་པ་ཉིད་ཀྱི་ཕྱིར་ཏ་སིའོ། །དེ་ལྟར་ནི་མཆོག་གི་སྦྱོར་བ་སྟེ། ཙ་ར་ཀ་བསྡུས་པར། མེ་དབལ་རྣམས་རབ་ཞི་དོན་དུ། །འདིར་ནི་ལས་རྣམས་གང་
བཤད་པ། །དེ་རྣམས་ཐམས་ཅད་གཅིག་ཏུ་སྟེ། །ཁྲག་འབྱིན་བྱེད་པ་གཅིག་ཏུའོ། །ཞེས་སོ། །འདིར་ཞེས་པ་ཚིགས་སུ་བཅད་པར་རོ། །བཅོམ་ལྡན་འདས་ཀྱིས་ཞེས་པ་ལ། བྷ་གའི་སྒྲ་འདི་ནི་དབང་ཕྱུག་ལ་སོགས་པ་རྣམས་ལ་འཇུག་སྟེ། ཇི་སྐད་དུ་གསུངས་པ། དབང་ཕྱུག་དང་
ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་རྣམས་བྷ་ག་ཅེས་པར་བཤད། །ཅེས་སོ། །ཕུན་སུམ་ཚོགས་པ་འདི་ཡང་དེ་བཞིན་པ་ཁོ་ན་ལ་ཡོད་པས་དེ་ཁོ་ན་བཅོམ་ལྡན་འདས་སོ། །ཡང་ན་ངེས་པའི་ཚིག་གི་རྣམ་པས་
བདུད་བཞི་བཅོམ་པར་གྱུར་པས་ན་བཅོམ་ལྡན་འདས་སོ། །དེའི་བསྟོད་པ་བརྗོད་པ་ནི། འདིས་བསྟོད་པར་བྱ་བས་ན་བསྟོད་པས་ཏེ་ཡོན་ཏན་དམ་པ་ཡང་དག་པ་སྟོན་པའི་ངག་གོ། །བརྗོད་པ་ནི་འདིར་བརྗོད་པར་འདོད་པའི་དོན་སྒྲས་གོ་བར་བྱེད་ཅིང་ཡང་དག་པར་རྗོད་པར་བྱེད་པའོ། །བསྟོད་པས་
བརྗོད་པ་སྟེ། བསྟོད་པའི་ཚིག་གིས་ཡོན་ཏན་དང་ལྡན་པ་ཉིད་དུ་གསལ་བར་བྱེད་པ་ཞེས་པའི་དོན་ནོ། །ཡོན་ཏན་ཅི་ཞིག་གིས་དེ་ལྟར་གསལ་བར་བྱེད་ཅེ་ན། གསུངས་པ། ཚད་མར་གྱུར་པ་ཉིད་ཀྱིས་ཞེས་སོ། །ཡོན་ཏན་དེ་ཡང་གཏན་ཚིགས་ཅི་ཞིག་གིས་ཤེ་ན། གསུངས་པ། རྒྱུ་དང་
เล่ม ๑๙๓ · หน้า 4b
འབྲས་བུ་ཕུན་སུམ་ཚོགས་པས་ཞེས་སོ། །རྒྱུ་དང་འབྲས་བུ་དག་གི་ཕུན་སུམ་ཚོགས་པ་རབ་ཏུ་གྱུར་པ་སྟེ་རྒྱུ་དེས་སོ། །གང་ཚད་མར་གྱུར་པ་ཉིད་ནི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཏེ། རྒྱུའམ་གཏན་ཚིགས་དེས་བསྟོད་པ་བརྗོད་ཅིང་བསྟོད་པའི་ཚིག་གིས་བཅོམ་ལྡན་འདས་ཡོན་ཏན་དང་ལྡན་པ་
ཉིད་དུ་ཉན་པ་པོ་རྣམས་ལ་རྟོགས་པར་བྱེད་ཅེས་པ་ཇི་སྲིད་པའོ། །དེ་ཡང་ཅིའི་དོན་དུ་ཞེ་ན་གསུངས་པ། རབ་ཏུ་བྱེད་པ་ལ་དང་པོར་གུས་པ་བསྐྱེད་པའི་དོན་དུ་ཞེས་སོ། །ཡང་བཅོམ་ལྡན་འདས་ལ་བསྟོད་པ་བརྗོད་པས་རབ་ཏུ་བྱེད་པ་རྩོམ་པ་ལ་གུས་པར་ཅི་ལྟར་འགྱུར་ཞེ་ན། གང་གི་ཕྱིར་ཡོན་
ཏན་གཞན་རྣམས་ཡོད་ན་ཡང་ཚད་མ་ཉིད་ཀྱི་ཡོན་ཏན་གྱིས་བསྟོད་པས། སློབ་དཔོན་གྱིས་འདི་གསལ་བར་བྱ་སྟེ། གང་འདི་མངོན་སུམ་ལ་སོགས་པའི་ཚད་མའི་མཚན་ཉིད་དེ་ནི་བཅོམ་ལྡན་འདས་ཀྱི་ཉེ་བར་བསྟན་པ་ཁོ་ན་ལས་གྲུབ་པ་སྟེ། ད་ལྟ་ཁོ་བོས་རང་ཉིད་ཀྱིས་བརྟགས་ནས་རྣམ་
པར་མ་བཞག་པ་མ་ཡིན་ནོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཆོས་མངོན་པར་ཡང་གསུངས་སོ་ཞེས་གསུངས་སོ། །རེ་ཞིག་མངོན་སུམ་ནི་དེས་ཉེ་བར་བསྟན་པ་མཐོང་བའི་ཕྱིར་དེ་ལས་གྲུབ་པར་རིགས་མོད། ཉེ་བར་མ་བསྟན་པའི་རྗེས་སུ་དཔག་པ་ཅི་ལྟར་ཞེ་ན། དེའི་ཡང་སྦྱོར་བ་མཐོང་བའི་ཕྱིར་
མཚན་ཉིད་མཛད་པ་ཁོ་ནར་རྟོགས་པར་བྱ་སྟེ། ཇི་སྐད་དུ་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཅན་དེ་འགོག་པའི་ཆོས་ཅན་ནོ་ཞེས་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་དཔག་པའི་སྦྱོར་བ་རྣམས་མཐོང་བ་བཞིན་ནོ། །འདི་སྐད་བརྗོད་པ་ན་རྗེས་སུ་དཔག་པའི་མཚན་ཉིད་བརྗོད་པར་ཅི་ལྟར་
འགྱུར་ཞེ་ན། གང་གི་ཕྱིར་རྗེས་སུ་དཔག་པའི་རྟེན་ནི་མེད་ན་མི་འབྱུང་བ་ཅན་གྱི་རྟགས་ཏེ། སྦྱོར་བ་འདིས་ཀྱང་རྟགས་སྐྱེ་བ་ནི་བསྒྲུབ་པར་བྱ་བ་འགོག་པ་མེད་ན་མི་འབྱུང་བར་གསལ་བ་ཁོ་ནར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེའི་ཕྱིར་རྗེས་སུ་དཔག་པའི་མཚན་ཉིད་ཀྱང་བཅོམ་
ལྡན་འདས་ཀྱིས་ཉེ་བར་བསྟན་པ་ཁོ་ན་ལས་གྲུབ་བོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ལས་གྲུབ་པའི་ཚད་མའི་མཚན་ཉིད་རྗེས་སུ་སྒྲུབ་པར་རབ་ཏུ་བྱེད་པ་འདིའོ་ཞེས་ངེས་པ་སྐྱེས་པ་རབ་ཏུ་གྲུབ་པའི་བསྟན་བཅོས་པ་རྣམས་དེ་ལ་གུས་པ་སྐྱེ་ལ། དེ་ལས་ཀྱང་གུས་ནས་ཉན་
เล่ม ๑๙๓ · หน้า 5a
པ་ལ་སོགས་པ་ལ་འཇུག་གོ། །ཡང་ན་འདིར་རབ་ཏུ་བྱེད་པའི་དང་པོར་བཅོམ་ལྡན་འདས་ཀྱི་བསྟོད་པ་བརྗོད་པ་ནི། བསྟོད་བྱའི་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པའི་དོན་དུ་སྟེ། འདིས་དེ་ལ་གུས་པ་ཇི་ལྟར་སྐྱེ་ཞེ་ན། གང་གི་ཕྱིར་ཚིགས་སུ་བཅད་པ་འདིས་
འཐད་པ་དང་བཅས་པའི་ཚད་མར་གྱུར་པ་ཉིད་བཅོམ་ལྡན་འདས་ཀྱི་ཡོན་ཏན་དུ་གསལ་བར་བྱས་ལ། དེ་ལས་སྔར་རབ་ཏུ་མ་གྲུབ་པའི་བསྟན་བཅོས་པ་རྣམས་ཀྱང་དེ་ལ་གུས་པ་སྐྱེ་ན་ཅིག་ཤོས་རྣམས་ལྟ་ཅི་སྨོས། དེ་ལ་གུས་པ་ལས་ཀྱང་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པའི་རབ་ཏུ་བྱེད་པ་
གཟུང་བའི་ཆེད་དུ་ཞུགས་པ་རྣམས་ལ་བགེགས་དང་ལོག་འདྲེན་མེད་པར་འགྱུར་རོ་ཞེས་པས་དེ་ལ་གུས་པ་ཡང་དགོས་པ་དང་བཅས་པ་ཁོ་ནའོ། །འོ་ན་འགའ་ཞིག་རྣམས་རྣམ་པ་དེ་ལྟ་བུའི་སྐྱེས་བུ་དགག་པའི་ཆེད་དུ་སྐྱེས་བུ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པ་སྦྱོར་བ་མ་ཡིན་ནམ། དེའི་
ཕྱིར་ཅི་ལྟར་དེ་ལ་བསྟོད་པ་བརྗོད་པས་གུས་པ་ཉིད་དུ་འགྱུར་ཞེ་ན། གང་གི་ཕྱིར་དེ་ནི་རྟོགས་པར་བྱེད་པ་མ་ཡིན་ཏེ། ལྡོག་པ་དང་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་དག་མི་སྲིད་པའི་ཕྱིར་རོ། །དབང་པོ་ལས་འདས་པ་རྣམས་ལ་དེས་མ་མཐོང་བ་ལས་ལྡོག་པ་སྲིད་པ་མ་ཡིན་ཏེ། ཡོད་པ་
རྣམས་ཀྱང་དེ་རྣམས་ཀྱིས་མི་ཤེས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགལ་བར་མ་གྲུབ་པའི་ཕྱིར་ན། འགལ་བ་མེད་པ་དང་ལྷན་ཅིག་ཡོད་པར་མི་འགལ་བའི་ཕྱིར་རོ། །སྐྱེས་བུ་ཅིག་ཤོས་དང་མཚུངས་པ་གྲུབ་པ་ཡང་མ་ཡིན་ཏེ། ཁྱད་པར་མི་སྲིད་པར་ཤེས་པར་མི་ནུས་པའི་ཕྱིར་ལ།
འདི་འདྲ་བ་རྣམས་ལ་མི་དམིགས་པ་གཏན་ཚིགས་ཉིད་དུ་མི་རིགས་པའི་ཕྱིར་རོ། །སྐྱེས་བུ་ཉིད་ལ་སོགས་པར་མཚུངས་ན་ཡང་ཡིད་གཞུངས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་མཐོང་བའི་ཕྱིར་ལ། དེ་བཞིན་དུ་འདུ་བྱེད་པ་ཡོད་ན་གཞན་ཡང་སྲིད་པའི་ཕྱིར་རོ། །ཁྱད་པར་སྲིད་
པ་ལ་ཡང་རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་དེ་ལྷག་མ་དང་ལྡན་པ་སྟེ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། མི་མཐུན་ཕྱོགས་ལ་འཇུག་པ་མ་མཐོང་ན་ཡང་མི་ནུས་སོ། །དེའི་རྣམ་པ་འདི་ལྟ་བུའི་ཤེས་པའི་མཚན་ཉིད་ཅན་གྱི་ཚད་མ་ཉིད་མི་སྲིད་པ་ཡང་མ་ཡིན་ཏེ།
เล่ม ๑๙๓ · หน้า 5b
དེའི་སྒྲུབ་བྱེད་རྗེས་སུ་བསྒྲུབ་པ་སྲིད་པའི་ཕྱིར་རོ། །གང་གང་གི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པ་དེས་དེ་ཐོབ་པ་སྲིད་པ་ཡིན་ཏེ། དཔེར་ན་ནད་མེད་པའི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་རྗེས་སུ་སྒྲུབ་པའི་ནད་པ་རྣམས་བཞིན། བཅོམ་ལྡན་འདས་ཀྱང་ཚད་མའི་སྒྲུབ་པར་བྱེད་
པ་ཕྱིན་ཅི་མ་ལོག་པ་རྗེས་སུ་བསྒྲུབས་པ་ཡིན་ནོ། །རང་བཞིན་ནོ། །གང་སྒྲུབ་པར་བྱེད་པ་རྗེས་སུ་བསྒྲུབས་པ་ལས་ཚད་མ་ཉིད་ཐོབ་པ་སྲིད་པ་དེ་སྟོན་པར་བྱེད་པ་གསུངས་པ། དེ་ལ་རྒྱུ་ནི་བསམ་པ་དང་། །སྦྱོར་བ་ཕུན་སུམ་ཚོགས་པའོ་ཞེས་སོ་བསམ་པ་སྟོན་པར་བྱེད་དེ། བསམ་པ་ནི་འགྲོ་བ་ལ་ཕན་
པར་བཞེད་པའོ་ཞེས་སོ། །དེ་ཡང་འགྲོ་བ་མཐའ་དག་ཤིན་ཏུ་སྡུག་བསྔལ་དང་བྲལ་བ་དོན་དུ་གཉེར་བའི་རྣམ་པ་ཅན་བསྐལ་པ་མི་ཉུང་བར་གོམས་པས་དེའི་བདག་ཉིད་དུ་གྱུར་པའི་ཐུགས་རྗེའོ། །ཚིགས་སུ་བཅད་པར་འགྲོ་ལ་ཕན་བཞེད་ལྡན། །ཞེས་པ་འདིས་བསྟན་ཏེ། དེ་དང་ལྡན་པའི་ཕྱིར་འགྲོ་ལ་
ཕན་བཞེད་ལྡན་དུ་འགྱུར་རོ། །གོམས་པ་ལས་དེ་དེའི་བདག་ཉིད་དུ་འགྱུར་བ་སྲིད་དོ། །གང་ཡིད་ཀྱི་ཡོན་ཏན་དེ་རྣམས་ནི་ཤིན་ཏུ་གོམས་པ་ཡོད་ན་དེའི་བདག་ཉིད་དུ་འགྱུར་ཏེ། རིག་བྱེད་པ་དང་ཡིད་འབྱུང་བ་ཉིད་བཞིན། །སྙིང་རྗེ་ཡང་ཡིད་ཀྱི་ཡོན་ཏན་ཡིན་ནོ། །རང་བཞིན་ནོ། །དེ་དེས་གཞན་གྱི་
དོན་ལ་རབ་ཏུ་བསྐུལ་བ་ནི། རང་གིས་མངོན་དུ་མ་བྱས་པར་ཕ་རོལ་རྣམས་ལ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་བསྟན་པར་མི་འཕྲོད་དོ་ཞེས་རང་གི་སྡུག་བསྔལ་ཞི་བའི་ཐབས་སྒོམ་པའི་དོན་དུ་རེ་ཞིག་སྦྱོར་བར་བྱེད་དོ་ཞེས་སྟོན་པར་བྱེད་པ་གསུངས་པ། སྦྱོར་བ་ནི་འགྲོ་བ་ལ་སྟོན་པར་བྱེད་པ་ལས་ཞེས་པ་
ལ་སོགས་གང་གང་ལ་བརྩེ་བ་དེ་དེས་ཇི་ལྟར་དེའི་དོན་དུ་འགྱུར་བ་དེ་ལྟར་རབ་ཏུ་སྦྱོར་ཏེ། དཔེར་ན་མ་བུ་ལ་བརྩེ་བ་ཇི་ལྟ་བུ་དེའི་དོན་དུ་འགྱུར་བ་དེ་ལྟར་རབ་ཏུ་སྦྱོར་བ་བཞིན། བཅོམ་ལྡན་འདས་ཀྱང་འགྲོ་བ་ལ་བརྩེ་བར་འགྱུར་རོ། །རང་བཞིན་ནོ། །འགྲོ་བ་ལ་སྟོན་པ་དངོས་ནི། རང་གིས་མཐོང་བའི་སྡུག་
བསྔལ་ཞི་བར་བྱེད་པའི་ཐབས་ཉེ་བར་སྟོན་པའོ། །འདིར་ནི་རྒྱུ་ལ་འབྲས་བུ་ཉེ་བར་གདགས་པར་བྱས་ནས། ཐབས་གོམས་པར་བྱེད་པ་འགྲོ་བ་ལ་སྟོན་པའི་སྒྲས་བརྗོད་དེ། དེ་སེམས་ཅན་ལ་སྟོན་པར་རུང་བའི་ཐབས་ཉིད་ཀྱིས་ན། དེ་ལས་གཞན་པའི་ཐབས་གོམས་པར་བྱེད་པ་ལས་ཁྱད་པར་དུ་
เล่ม ๑๙๓ · หน้า 6a
འཕགས་པ་ཉིད་དུ་ཤེས་པར་བྱས་པའི་དོན་དུའོ། །འགྲོ་བ་ལ་སྟོན་པར་བྱེད་པ་ལས་ཞེས་པ་འདི་མཚན་ཉིད་ཀྱི་རྒྱུ་སྟེ། དེས་ན་ཇི་ལྟར་སྲ་བ་ཉིད་ལས་སའོ་ཞེས་བརྗོད་པ་ན། སྲ་བའི་རང་བཞིན་ཅན་སའོ་ཞེས་རྟོགས་པ་དེ་བཞིན་དུ་འགྲོ་བ་ལ་སྟོན་པར་བྱེད་པ་ལས་སྟོན་པ་ཉིད་དོ་ཞེས་
བརྗོད་པ་ན་དེའི་རང་བཞིན་ཅན་སྟོན་པ་ཉིད་དོ་ཞེས་པའོ། །དེ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྡུག་བསྔལ་ལ་རེས་འགའ་བ་ཉིད་ཀྱི་གཏན་ཚིགས་ཀྱིས་མི་རྟག་པ་དང་། དེ་ཉིད་ཀྱི་ཕྱིར་མི་རྟག་པའི་རྒྱུ་ཅན་དང་། ནད་གཞི་ཟད་པས་ནད་བཞིན་དུ་འདི་རྒྱུ་ཟད་པས་ཟད་པར་ནུས་ལ། གཞན་དུ་
ན་མ་ཡིན་ནོ་ཞེས་ངེས་ནས་འདིའི་རྒྱུ་ཅི་ཞིག་ཅེས་རྣམ་པར་དཔྱོད་པར་བྱེད་ཅིང་། སྡུག་བསྔལ་གྱི་རྒྱུ་ནི་གཙོ་བོར་བདག་ལ་ཆགས་པ་དང་ལྡན་པའི་སྲེད་པ་ཁོ་ནར་རྟོགས་སོ། །གང་སེམས་ཅན་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་པར་མངོན་པར་དགའ་བ་སྔོན་མ་ཅན་དམན་པའི་གནས་ཡོངས་སུ་འཛིན་
པ་དེ་བདག་ལ་ཆགས་པ་དང་ལྡན་པས་སྡུག་བསྔལ་དང་བདེ་བ་དོར་བ་དང་ཐོབ་པར་འདོད་པ་སྔོན་མ་ཅན་ཡིན་ཏེ། དཔེར་ན་སྦྲང་བུ་རྣམས་མངོན་པར་འདོད་པ་སྔོན་མ་ཅན་མི་གཙང་བའི་གནས་ཡོངས་སུ་འཛིན་པ་བཞིན། སྲོག་ཆགས་རྣམས་ཀྱང་སེམས་ཅན་གཞན་གྱིས་བཀྲི་བར་བྱ་བ་མ་ཡིན་
པར་མངོན་པར་དགའ་བ་སྔོན་མ་ཅན་མངལ་ལ་སོགས་པ་དམན་པའི་གནས་ཡོངས་སུ་འཛིན་པ་ཡིན་ནོ། །འབྲས་བུའོ། །སྲིད་པ་དེ་ཉིད་བསྟན་བཅོས་སུ་གཙོ་བོ་ཡིན་པས་ན་ཀུན་འབྱུང་གི་བདེན་པ་ཞེས་བརྗོད་དོ། །གཙོ་བོ་ཡང་དེས་ཀུན་ནས་བསླང་བའི་འབད་པའི་དབང་གིས་སྐྱེ་བའི་ཡུལ་དུ་འགྲོ་བར་
བྱེད་པའི་ཕྱིར་དང་། དེ་མ་ཐག་པ་ཉིད་ཀྱི་ཕྱིར་ཡང་ངོ་། །མི་ཤེས་པ་ཡོད་ན་ཡང་། འདོད་ཆགས་མེད་པར་འཇུག་པ་མི་སྲིད་པའི་ཕྱིར་རོ། །ལས་པས་ཀྱང་སྲེད་པ་ཁོ་ན་གཙོ་བོ་སྟེ། དེ་ལྟར་ནི། ལས་ཡོད་ཀྱང་ཇི་སྲིད་དུ་མ་རིག་པའི་ས་རྡུལ་གྱིས་གཡོགས་པ་དང་སྲེད་པའི་འདོད་ཆགས་ཀྱིས་
མངོན་པར་བརླན་པར་མ་གྱུར་པ་དེ་སྲིད་དུ་འབྲས་བུ་དང་ལྡན་པར་མི་འགྱུར་ཏེ་དཔེར་ན་དགྲ་བཅོམ་པ་རྣམས་བཞིན་ནོ། །དེའི་ཕྱིར་སྲེད་པ་དེ་དང་དེ་ལས་གཞན་པའི་སྐྱོན་རྣམས་ཀྱང་བདག་ཏུ་ལྟ་བ་ཁོ་ན་ལས་བྱུང་བ་སྟེ་དེ་ལྟར་རྟོགས་པར་མཛད་དོ། །བདག་མེད་དོ་བདག་གི་བ་མེད་དོ་ཞེས་མཐོང་བ་
เล่ม ๑๙๓ · หน้า 6b
ལ་ནི་ཡོངས་སུ་འཛིན་པ་མེད་པས་འགར་ཡང་ཆགས་པ་མེད་ལ། ཆགས་པ་དང་ལྡན་པ་མ་ཡིན་པ་ལ་ཡང་ཞེ་སྡང་བ་མེད་དོ། །བདག་དང་བདག་གི་བ་དང་ཉེ་བར་མ་འབྲེལ་བ་ཅན་དང་ཉེ་བར་འབྲེལ་པ་སོ་སོར་བཅོམ་པ་ལ་དེ་མེད་པའི་ཕྱིར་རོ། །དེ་དང་རིགས་མཐུན་པ་གོམས་པ་ལས་སྐྱེས་པའི་
བདག་ཏུ་ལྟ་བ་དང་བདག་གི་བ་ལ་ཆགས་པ་སྐྱེས་ན་ཞེ་སྡང་དང་བཅས་པ་ལ་སོགས་པ་རྣམས་སོ་ཞེས་པས་སྲེད་པ་ལ་སོགས་པའི་སྐྱོན་རྣམས་ཐམས་ཅད་འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པའོ། །དེ་ཉིད་ནི་མི་ཤེས་པར་བརྗོད་དེ་དེ་ནི་ཤེས་པའི་མི་མཐུན་ཕྱོགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་
བདག་ཏུ་ལྟ་བ་སྟེ། གང་ལས་སྐྱོན་གྱི་རྒྱུ་ཡིན་པ་དེ་ལས་འབྱུང་ཞིང་། དེ་ཟད་པ་ལས་སྲེད་པ་དང་དེ་ལས་གཞན་པའི་སྐྱོན་རྣམས་ཟད་དོ་ཞེས་བསམས་ནས་གང་གོམས་པས་དེ་སྤང་བར་བྱ་བ་བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་བརྟག་པ་མཛད་དོ། །བརྟག་པར་བྱེད་པ་ན་ཡང་དེ་ལས་བཟློག་
པའི་རྣམ་པ་ཉིད་ཀྱི་ཕྱིར་བདག་མེད་པ་ཉིད་དུ་ལྟ་བ་ཁོ་ན་བདག་ཏུ་ལྟ་བའི་མི་མཐུན་ཕྱོགས་ཏེ་དེ་ལྟར་རྟོགས་པར་མཛད་དོ། །གང་གང་ལས་བཟློག་པའི་རང་བཞིན་ཅན་དེ་དེའི་མི་མཐུན་ཕྱོགས་ཡིན་ཏེ། རླུང་ནད་ལས་བཟློག་པའི་རང་བཞིན་ཅན་ཏིལ་མར་རླུང་ནད་ཀྱི་བཞིན། བདག་མེད་པ་
ཉིད་དུ་ལྟ་བ་ཡང་བདག་ཏུ་ལྟ་བ་ལས་བཟློག་པའི་རང་བཞིན་ཅན་ཡིན་ནོ་ཞེས་པ་རང་བཞིན་ནོ། །བདག་ཏུ་ལྟ་བ་དང་འགལ་བའི་བདག་མེད་པ་ཉིད་དུ་ལྟ་བ་ནི་དེ་སྔོན་དུ་འགྲོ་བ་ཅན་བདག་ལ་ཆགས་པ་ལ་སོགས་པ་སྐྱོན་གྱི་ཚོགས་དང་ཡང་འགལ་བ་ཁོ་ནའོ་ཞེས་མཁྱེན་ནོ། །གང་གང་གི་རྒྱུ་དང་
འགལ་བ་དེ་དེ་ལ་གནོད་པ་ཡིན་ཏེ། རླུང་ལས་བྱུང་བའི་ནད་ལ་དེའི་རྒྱུ་དང་འགལ་བ་ཏིལ་མར་བཞིན། བདག་མེད་པར་ལྟ་བ་ཡང་བདག་ཏུ་ཆགས་པ་ལ་སོགས་པའི་རྒྱུ་བདག་ཏུ་ལྟ་བ་དང་འགལ་བ་ཡིན་ནོ་ཞེས་པ་རང་བཞིན་ནོ། །དེ་དེ་ལྟར་མཁྱེན་ནས་བདག་མེད་པ་མཐོང་བ་དེ་མང་པོ་རྣམ་པ་
དུ་མར་དུས་རིང་པོར་གོམས་པ་ལས་དེ་དང་དེའི་མི་མཐུན་ཕྱོགས་ལ་ཡོན་ཏན་དང་སྐྱོན་རྣམས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རབ་ཏུ་གསལ་བར་འགྱུར་རོ། །གང་ཞིག་གང་ལ་ཤེས་རབ་ཅན་གྱིས་མང་པོར་རྣམ་པ་དུ་མར་དུས་རིང་པོར་གོམས་པར་བྱེད་པ་དེ་དེ་དང་དེའི་མི་མཐུན་ཕྱོགས་ལ་སྐྱོན་དང་ཡོན་
เล่ม ๑๙๓ · หน้า 7a
ཏན་རྣམས་རབ་ཏུ་གསལ་བར་འགྱུར་ཏེ། དཔེར་ན་ཤེས་རབ་ཅན་འགའ་ཞིག་བཟོའི་ཁྱད་པར་འགའ་ཞིག་ལ་མངོན་པར་སྦྱོར་བ་གོམས་པ་བཞིན། བཅོམ་ལྡན་འདས་ཀྱང་བདག་མེད་པར་ལྟ་བ་ལ་རྣམ་པ་དུ་མར་མང་པོས་ཡུན་རིང་པོར་གོམས་པར་མཛད་ཟིན་པ་ཡིན་ནོ། །རང་
བཞིན་ནོ། །ཐབས་གོམས་པར་བྱེད་པ་འདི་ཁོ་ན་ཡང་ལམ་གྱི་བདེན་པ་ཞེས་བརྗོད་དོ། །དེའི་རྣམ་པ་འདི་ལྟ་བུའི་ཐབས་གོམས་པ་གཞན་དང་། ཐུན་མོང་མ་ཡིན་པ་ལས་སྡུག་བསྔལ་གྱི་རྒྱུའི་བག་ཆགས་ཀྱང་མ་ལུས་ཏེ། འདི་ཁོ་ན་བཅོམ་ལྡན་འདས་ཀྱི་བསེ་རུ་ལ་སོགས་པ་ལས་ཁྱད་པར་
རོ། །གཞན་གྱི་དོན་ལ་གཙོ་བོར་འཇུག་པས་ཀྱང་འདིས་རྣམ་པ་འདི་ལྟ་བུའི་གོམས་པ་གདོན་མི་ཟ་བར་བྱ་སྟེ། མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་མཐའ་དག་ཡོངས་སུ་མི་ཤེས་པས་ན། གཞན་རྣམས་ལ་མི་མཐུན་ཕྱོགས་དང་གཉེན་པོའི་ཕྱོགས་དག་ཉེ་བར་བསྟན་པར་མི་ནུས་པ་ཉིད་ཀྱི་ཕྱིར་
རོ་ཞེས་པའོ། །ཐབས་གོམས་པར་བྱེད་པ་འདི་དང་སྔར་བསྟན་པའི་ཐུགས་རྗེ་ནི་རྒྱུ་ཕུན་སུམ་ཚོགས་པའོ། །དེའི་འབྲས་བུ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་ནི་ཇི་སྐད་བཤད་པའི་ཐབས་གོམས་པ་ལས་སྡུག་བསྔལ་གྱི་རྒྱུ་སྔ་མ་རང་གི་ངང་གིས་
འགག་པ་ན་བདག་མེད་པ་མཐོང་བ་དེའི་བདག་ཉིད་དུ་གྱུར་པར་གནས་པའི་སྡུག་བསྔལ་གྱི་རྒྱུ་ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་གནས་སྐབས་ཀྱི་ཁྱད་པར་ཏེ་གང་ལ་འགོག་པའི་བདེན་པ་ཞེས་བརྗོད་པའོ། །དེ་ཁོ་ན་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པ་ནི་བདེ་བར་གཤེགས་པ་ཉིད་ཅེས་བརྗོད་
དོ། །རང་གི་དོན་ཕུན་སུམ་ཚོགས་པ་དེ་སྟོན་པར་བྱེད་པ་གསུངས་པ། རང་གི་དོན་ཕུན་སུམ་ཚོགས་པ་ནི་བདེ་བར་གཤེགས་པ་ཉིད་ཀྱིས་ཏེ་ཞེས་པ་ལ་སོགས་པའོ། །སུའི་སྒྲ་འདི་ནི་འདིར་རབ་ཏུ་གྱུར་པ་ཉིད་ལ་སོགས་པའི་དོན་གསལ་བར་བྱེད་པར་རིག་པར་བྱའོ། །གང་གསུངས་པ། དོན་
རྣམ་པ་གསུམ་ཉེ་བར་བླངས་ནས་ཞེས་པ་ལ་སོགས་པ་སྟེ། མཆོག་ཏུ་གཤེགས་ཤིང་ཐོབ་པ་ནི་བདེ་བར་གཤེགས་པ་སྟེ། མཆོག་ཉིད་ཀྱང་སླར་སྡུག་བསྔལ་གྱི་རྟེན་མ་ཡིན་པ་ཉིད་ཀྱིས་ཏེ། འཇིག་རྟེན་ན་བདེ་བ་དང་དེའི་རྒྱུ་ནི་མཆོག་ཅེས་བརྗོད་དོ། །སྡུག་བསྔལ་གྱི་རྟེན་མ་ཡིན་པ་དེ་ཡང་བདག་
เล่ม ๑๙๓ · หน้า 7b
མེད་པར་ལྟ་བ་ཤིན་ཏུ་གོམས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བརྗོད་མ་ཐག་པའི་ཐབས་ཀྱིས་རིགས་པ་མཐོང་བས་གཤེགས་པའི་ཕྱིར་མཆོག་ཏུ་གཤེགས་པ་སྟེ། འཇིག་རྟེན་ན་གང་རིགས་པ་སྔོན་དུ་འགྲོ་བས་འཇུག་པ་དེ་མཆོག་ཏུ་བྱ་བའོ། །སླར་མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་
པ་སྟེ། སླར་མི་ལྡོག་པ་ནི་སྐྱེ་བ་དང་སྐྱོན་འབྱུང་བ་མེད་པ་ཡིན་ལ། དེ་ཡང་དེའི་རྒྱུ་སྔར་བརྗོད་མེད་པའི་ཕྱིར་རོ། །གང་བདག་ཏུ་ལྟ་བ་དང་ཆགས་པ་དག་མེད་པ་དེ་ལ་སྐྱེ་བ་དང་འདོད་ཆགས་ལ་སོགས་པའི་སྐྱོན་འབྱུང་བ་མེད་དེ། །དཔེར་ན་ནམ་མཁའ་བཞིན་ནོ། །བདག་མེད་པར་ལྟ་བ་དེའི་བདག་
ཉིད་དུ་གྱུར་པ་ལ་ཡང་བདག་ཏུ་ལྟ་བ་དང་ཆགས་པ་དག་མེད་དོ། །རྒྱུ་མི་དམིགས་པའོ། །མ་ལུས་པར་གཤེགས་པ་ནི་བདེ་བར་གཤེགས་པ་སྟེ། འདིའི་ལུས་པ་མེད་པར་གྱུར་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ལུས་ལ་ཡང་ལུས་ལ་སོགས་པ་ལས་སུ་མི་རུང་བ་སྟེ། དེ་ཡང་རིམ་པ་ཇི་ལྟ་བར་
རྩ་བཀྲོལ་ཅན་མ་ཡིན་ན་ཡང་གོམས་པ་ལས་མཆོང་ཞིང་འགྲོ་བ་ལ་སོགས་པ་དང་། ངའི་སྙམ་པའི་ང་རྒྱལ་མེད་ན་ཡང་རྨངས་མོ་ཞེས་སྨྲ་བ་ལ་སོགས་པ་དང་། རྟག་ཏུ་མཉམ་པར་བཞག་པ་མ་ཡིན་པས་མཉམ་པར་མ་བཞག་པའི་སེམས་ཀྱི་གནས་སྐབས་སོ། །ཡང་ན་རྣམ་པ་དེ་ལྟ་བུའི་ལམ་
གོམས་པ་མེད་པས་ལམ་དང་དེའི་མི་མཐུན་ཕྱོགས་དག་ཤིན་ཏུ་ཡོངས་སུ་མི་ཤེས་པའི་ཕྱིར། ཁོང་དུ་ཆུད་པའི་ལམ་གྱི་རྣམ་པར་དབྱེ་བ་སྟོན་པ་ཡང་མི་གསལ་བ་ཉིད་ལུས་པ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་སྤངས་པས་དེའི་ཕྱིར་འདི་བདེ་བར་གཤེགས་པའོ། །དོན་གསུམ་པོ་འདི་ཡང་ཞེས་
པ་ལ་སོགས་པ་སྟེ། དེ་ལ་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ནི་བདག་ཏུ་ལྟ་བའི་རྗེས་སུ་སོང་བ་སྡུག་བསྔལ་གྱི་རྟེན་ཉིད་ཀྱི་ལམ་གྱིས་འགྲོ་བའི་ཕྱིར། དེའི་དབང་གིས་སླར་ཡང་སྡུག་བསྔལ་ལ་རྟེན་པར་བྱེད་ལ། རིགས་པ་མཐོང་བའི་ལམ་གྱིས་སོང་བ་ཡང་མ་ཡིན་ནོ་ཞེས་པ་དེའི་ཕྱིར་དེ་
རྣམས་མཆོག་ཏུ་ཕྱིན་པ་མ་ཡིན་ནོ། །དེ་ལྟར་ནི་འཇིག་རྟེན་ན། གང་སྡུག་བསྔལ་ལ་རྟེན་པར་བྱེད་པ་དང་། རིགས་པ་སྔོན་མ་ཅན་མ་ཡིན་པར་འཇུག་པ་དེ་བསྔགས་པར་འོས་པ་མ་ཡིན་གྱི་འོན་ཀྱང་སྨད་པར་འོས་པ་ཁོ་ནའོ། །སློབ་པ་རྣམས་ནི་གལ་ཏེ་ཡང་སྡུག་བསྔལ་གྱི་རྟེན་མ་ཡིན་པ་དང་རིགས་
เล่ม ๑๙๓ · หน้า 8a
པས་ངེས་པའི་ལམ་གྱིས་མཆོག་ཏུ་གཤེགས་མོད། དེ་ལྟ་ན་ཡང་དེ་རྣམས་ཀྱི་སྐྱོན་རྣམས་དང་སྐྱེ་བ་ཡང་སླར་ཡང་འབྱུང་ངོ་ཞེས་པ་དེ་རྣམས་ཀྱང་གཉིས་པའི་དོན་གྱིས་བདེ་བར་གཤེགས་པ་མ་ཡིན་ནོ། །མི་སློབ་པ་རྣམས་ཀྱང་དོན་གཉིས་ཀྱིས་བདེ་བར་གཤེགས་པར་ནི་
འདོད་ཀྱི། མ་ལུས་པའི་དོན་གྱིས་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི་ལུས་ལ་མ་སྤངས་པའི་ཕྱིར་རོ། །གཞན་དོན་ཕུན་སུམ་ཚོགས་པ་ནི་སྒྲོལ་བའི་དོན་གྱིས་ན་ཞེས་པ་འདིས་སྐྱོབ་པའི་སྒྲའི་དོན་གསུངས་སོ། །འདིས་འཁོར་བའི་རྒྱ་མཚོ་ལས་སེམས་ཅན་རྣམས་བསྒྲལ་བར་བྱ་བས་ན་སྒྲོལ་བ་
སྟེ་རང་གིས་མཐོང་བའི་ལམ་ཉེ་བར་སྟོན་པའོ། །དེ་ཁོ་ནའི་དོན་ཏེ། ཐར་པའི་ཐབས་འདོད་པ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བས་ནའོ་ཞེས་བྱས་ནས་སོ། །དེ་འདི་ལ་ཡོད་དོ་ཞེས་པའི་དོན་དེས་བཅོམ་ལྡན་འདས་སྐྱོབ་པ་ཉིད་དོ། །འདི་ཁོ་ན་ཏཱ་ཡ་ཏིའི་དོན་གཞན་སྐྱོང་བ་སྟེ། འདི་ལྟ་སྟེ་
འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའོ། །དེ་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པ་ཡང་མི་སྲིད་དེ། དེའི་རྒྱུ་མེད་པའི་ཕྱིར་དང་བརྩེ་བའི་བདག་ཉིད་ཀྱི་ཕྱིར་ཏེ། ལམ་ལེགས་པར་རིག་པ་ཉིད་ཀྱི་ཕྱིར་རོ། །ཆགས་པ་ལ་སོགས་པའི་སྐྱོན་རྣམས་ནི་ཕྱིན་ཅི་ལོག་ཏུ་མངོན་པར་བརྗོད་པའི་རྒྱུ་འམ། ཁ་ཅིག་དགོས་
པ་ཡིན་ལ། དེ་ཡང་མེད་དེ། བརྩེ་བ་དེའི་བདག་ཉིད་དུ་གྱུར་པ་ཡང་གཞན་གྱི་དེ་ཁོ་ནར་སྡུག་བསྔལ་ཟད་པའི་ཐབས་བསྒྲུབས་ནས། ཅི་ལྟར་རྣམ་པ་གཞན་དུ་སྟོན། །གང་གང་གི་ཚེ་བརྫུན་དུ་སྨྲ་བའི་རྒྱུ་རྣམས་མེད་པ་དེ་དེའི་ཚེ་བརྫུན་མི་སྨྲ་སྟེ། དཔེར་ན་གཞན་འགའ་ཞིག་བདེན་པར་སྨྲ་བའི་དུས་ན་བཞིན་
བདེ་བར་གཤེགས་པའི་གནས་སྐབས་ཀྱི་དུས་ན་ཡང་དེ་ལ་བརྫུན་གྱི་རྒྱུ་རྣམས་མེད་དོ། །རྒྱུ་མི་དམིགས་པའོ། །གང་ཞིག་གང་གི་དོན་བྱ་བའི་ཆེད་དུ་གང་ལ་བརྩེ་བས་དོན་གང་སྒྲུབ་པར་བྱེད་པའི་དོན་དེ་གྲུབ་ཟིན་པ་ན་དེའི་ཡུལ་ལ་སྙིང་རྗེ་མ་བཏང་བ་དེ་དེར་དེ་ལ་མི་སླུ་སྟེ། དཔེར་ན་བུ་ལ་ཕན་པའི་ཟས་ཀྱི་
ཆེད་དུ་བཟའ་བ་བསྒྲུབས་ཟིན་པའི་མ་བཞིན། བཅོམ་ལྡན་འདས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཆེད་དུ་སེམས་ཅན་ལ་བརྩེ་བས་སྡུག་བསྔལ་ཟད་པར་བྱེད་པའི་ཐབས་བསྒྲུབས་ཤིང་དེའི་ཡུལ་ལ་ཐུགས་རྗེ་མ་བཏང་བའོ། །ཁྱབ་བྱེད་དང་འགལ་བའོ། །དེའི་ཕྱིར་ཚད་མའོ། །གང་ཞིག་གང་དོན་དུ་
เล่ม ๑๙๓ · หน้า 8b
གཉེར་བ་ལ་དོན་དེའི་ཐབས་ཕྱིན་ཅི་མ་ལོག་པར་འཆད་པར་བྱེད་པ་དེ་ནི་དེའི་དེ་ལ་ཚད་མ་སྟེ། དཔེར་ན་ནད་པ་ནད་མེད་པ་ཉིད་དོན་དུ་གཉེར་བ་ལ། ནད་མེད་པ་ཉིད་ཀྱི་ཐབས་ཕྱིན་ཅི་མ་ལོག་པར་འཆད་པའི་སྨན་པ་ལ་དེ་བཞིན། བཅོམ་ལྡན་འདས་ཀྱང་སྡུག་བསྔལ་ཟད་པ་དོན་དུ་གཉེར་བ་ལ་སྡུག་
བསྔལ་ཟད་པར་བྱེད་པའི་ཐབས་ཕྱིན་ཅི་མ་ལོག་པར་འཆད་དོ། །རང་བཞིན་ནོ། །དེ་ལྟར་ཚད་མར་གྱུར་པ་ཞེས་པ་འདི་ཁོ་ན་བསྟོད་པའི་ཚིག་སྟེ། འདིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཚད་མ་ཉིད་ཐུན་མོང་མ་ཡིན་པའི་ཡོན་ཏན་གསལ་བར་བྱས་ཤིང་། གང་གི་ཕྱིར་དེ་དང་ལྡན་པའི་ཕྱིར་
དེ་ཚད་མར་འགྱུར་རོ། །ཡོན་ཏན་དེ་ནི་རྒྱུ་མེད་པར་མི་འགྲུབ་བོ་ཞེས་སྟོན་པར་བྱེད་པས་རྒྱུ་ཕུན་སུམ་ཚོགས་པ་གསུངས་སོ། །བདེ་གཤེགས་ཀྱི་སྒྲས་ནི་ཡེ་ཤེས་དེའི་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་འབྲས་བུ་ཕུན་སུམ་ཚོགས་པས་བསྡུས་པ་གསུངས་སོ། །དེ་མེད་ན་མཆོད་པ་ལ་སོགས་པར་
འགྲོ་བ་བཞིན་དུ་ངག་ལས་གོ་བར་བྱ་བའི་དོན་རིགས་པ་མ་ཡིན་པ་ཡང་གསལ་བར་བྱེད་པའི་ལུས་ཀྱིས་བྱ་བ་བྱེད། རྨངས་མོ་ཞེས་སྨྲ་བ་ལ་སོགས་པ་བཞིན་དུ་མི་ལེགས་པ་གཞན་ཡང་འགའ་ཞིག་གི་ཚེ་སྨྲ་བར་བྱེད། རྟག་ཏུ་མཉམ་པར་གཞག་པ་མ་ཡིན་པ་ཉིད་ཀྱིས་ལུང་དུ་མ་བསྟན་པའི་གནས་
སྐབས་ན། སེམས་ཅན་གྱི་དོན་བྱ་བ་མཐའ་དག་ནུས་པ་མ་ཡིན་པར་འགྱུར་བའམ། ཡང་ན་གསལ་བའི་མི་མཐུན་པའི་ཕྱོགས་བག་ཆགས་དང་བཅས་པ་མ་སྤངས་པའི་ཕྱིར། འདིའི་རྟོགས་པའི་ལམ་རབ་ཏུ་གསལ་བར་བྱེད་པ་གསལ་བ་ཉིད་དུ་འགྱུར་བ་མ་ཡིན་ཞིང་། དེ་ཡོད་ན་ནི་སྐྱོན་འདི་རྣམས་
འབྱུང་བ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་སྤངས་པའི་ཁྱད་པར་གསུངས་སོ། །སྐྱོབ་པ་ཞེས་པ་འདིས་ནི་ཡེ་ཤེས་དེ་ཉིད་ཀྱི་བྱ་བའི་ཁྱད་པར་ཇི་ལྟར་མཐོང་བའི་ལམ་ཉེ་བར་སྟོན་པ་བསྟན་ཏོ། །གལ་ཏེ་དེ་མི་འགྱུར་ན་དེ་ཚད་མ་ཉིད་དུ་མི་འགྱུར་ལ། གལ་ཏེ་རྣམ་པ་འདི་ལྟ་བུ་དེའི་འབྲས་བུར་འགྱུར་ན།
དེ་ལྟར་དེ་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་མ་རྟོགས་པའི་དོན་གསལ་བར་བྱེད་པའམ། དེ་ལ་མི་བསླུ་བ་ཡིན་གྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ་ཞེས་པ་དེའི་ཕྱིར་བྱ་བའི་ཁྱད་པར་བསྟན་ཏོ། །བརྩེ་བ་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་ན། གང་རང་གི་ངང་གིས་འབྱུང་བར་འགྱུར་བ་དེ་བདེ་བར་
เล่ม ๑๙๓ · หน้า 9a
གཤེགས་པའི་གནས་སྐབས་ན་མ་བརྗོད་ཀྱང་གྲུབ་པ་ཁོ་ནའོ་ཞེས་པས་མ་བརྗོད་དོ། །དེ་མེད་ན་ཕན་པ་ཉེ་བར་བསྟན་པ་མི་ནུས་པ་ཁོ་ནའོ་ཞེས་དེ་ཡང་དེའི་གཞན་གྱི་དོན་གྱི་ངོར་ལྷན་ཅིག་བྱེད་པར་གྱུར་པར་རིག་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་
མཚན་ཉིད་ཚད་མ་ཉིད་རྒྱུ་དང་བཅས་པ་མི་མཐུན་ཕྱོགས་སྤངས་པའི་ཁྱད་པར་བཅས་པ་བྱ་བའི་ཁྱད་པར་དང་བཅས་པ། རྒྱུར་གྱུར་པའི་ཁྱད་པར་བཅས་པ་གསལ་བར་བྱས་སོ་ཞེས་པ་འདི་ནི་རེ་ཞིག་རིམ་པ་བཞིན་བཤད་པ་སྟེ། གང་དུ་བརྩེ་བ་ལ་སོགས་པ་རྣམས་ཀྱིས་སྟོན་པ་ཉིད་ལ་
སོགས་པ་རྣམས་སྲིད་པར་རྗེས་སུ་དཔོག་པའོ། །ད་ནི་རིམ་པ་བཟློག་པས་བཤད་པར་བྱ་སྟེ། ཡང་ན་སྐྱོབ་པ་ནི་ཕྱིན་ཅི་མ་ལོག་པའི་བདེན་པ་ཉེ་བར་སྟོན་པ་སྟེ། སྡུག་བསྔལ་ཉེ་བར་ཞི་བའི་རྒྱུ་དེ་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་བསྟན་ཏོ་ཞེས་དེ་ནི་དེ་དོན་དུ་གཉེར་བ་དེ་རྣམས་ཀྱི་དེ་
ལ་ཚད་མའོ། །གང་ཞིག་གང་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་གང་ལ། སྡུག་བསྔལ་གྱི་རང་བཞིན་ད་དང་། སྡུག་བསྔལ་གྱི་རྒྱུ་དེ་དང་། དེའི་སྡུག་བསྔལ་རབ་ཏུ་ཞི་བ་དང་། སྡུག་བསྔལ་དེ་རབ་ཏུ་ཞི་བའི་ཐབས་ཇི་ལྟ་བ་བཞིན་འཆད་པ་དེ་དེའི་དེ་ལ་ཚད་མ་ཡིན་ཏེ། དཔེར་
ན་ནད་པ་ནད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བ་དོན་དུ་གཉེར་བ་ལ་ནད་ཀྱི་སྡུག་བསྔལ་གྱི་རང་བཞིན་ལ་སོགས་པ་ཇི་ལྟར་གྱུར་པ་འཆད་པའི་སྨན་པ་ནི་དེའི་དེ་ལ་བཞིན། བཅོམ་ལྡན་འདས་ཀྱང་འཁོར་བའི་སྡུག་བསྔལ་རབ་ཏུ་ཞི་བའི་དོན་དུ་གཉེར་བའི་སྐྱེས་བུ་ལ་འཁོར་བའི་སྡུག་བསྔལ་གྱི་རང་བཞིན་ལ་
སོགས་པ་ཇི་ལྟ་བ་བཞིན་བཤད་པ་ཡིན་ནོ། །རང་བཞིན་ནོ། །བདེན་པ་དེ་རྣམས་ཀྱང་ཤས་ཀྱིས་བསྟན་ཟིན་ཏོ། །ཇི་ལྟར་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །དེའི་ཀུན་འབྱུང་བ་ནི་སྲེད་པ་སྟེ། དེ་ལས་སྡུག་བསྔལ་ཇི་ལྟར་རིགས་པར་འབྱུང་བའོ། །འགོག་པ་ནི་
ལམ་དེའི་བདག་ཉིད་དུ་གནས་པའི་སྡུག་བསྔལ་གྱི་རྒྱུ་སྔ་མ་འགགས་པར་གྱུར་ན། སྡུག་བསྔལ་གྱི་རྒྱུ་ཕྱི་མ་མི་སྐྱེ་བའི་མཚན་ཉིད་ཅན་གྱི་གནས་སྐབས་ཀྱི་ཁྱད་པར་རོ། །ལམ་ནི་བདག་མེད་པ་མཐོང་བ་གོམས་པར་བྱེད་པ་སྟེ། ཇི་ལྟར་དེ་ལས་འགོག་པ་ཐོབ་པར་འགྱུར་བའོ། །འདི་ཐམས་ཅད་
เล่ม ๑๙๓ · หน้า 9b
སྔར་ཁོ་ནར་བསྡུས་པས་བསྟན་ཟིན་ཏོ། །དེའི་ཕྱིར་བདེན་པ་བཞི་མཐོང་བ་ལས་གྲོལ་བར་འགྱུར་རོ། །དེའི་ཕྱིར་དེ་ཉེ་བར་སྟོན་པ་ནི། འཁོར་བའི་རྒྱ་མཚོ་ལས་གྲོལ་བ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་སྐྱོབ་པའོ། །འདི་ཙམ་ཉིད་ཀྱང་གཞན་ལ་ཕན་པར་འདོད་པས་བྱ་བ་ཡིན་ཏེ། འདི་ལྟ་སྟེ་སྤང་
བྱ་དང་། བླང་བྱའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་སྟོན་པའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་མཛད་དོ། །དེའི་ཕྱིར་འབྲས་བུ་འདི་ལས་ལགས་པ་ལ་སོགས་པ་ཁྱད་པར་གསུམ་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་རྗེས་སུ་དཔག་སྟེ། འདིར་གཤེགས་པ་རྟོགས་པའི་དོན་ཅན་ལ་
བརྟེན་པ་ལས་སོ། །སྔར་ནི་གཤེགས་པ་ཐོབ་པའི་དོན་ཅན་ལ་བརྟེན་ནས་སྤངས་པ་ཕུན་སུམ་ཚོགས་པའི་འབྲས་བུར་བརྗོད་ལ། ད་ལྟ་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་སྟེ་ལེགས་པར་རྟོགས་པ་ནས་མ་ལུས་པར་རྟོགས་པ་ཞེས་པའི་བར་དུའོ། །དེ་ལྟར་བདེ་བར་གཤེགས་པ་ཉིད་
རིག་པར་བྱའོ། །དེ་ལ་ལེགས་པ་ཉིད་ནི་ཡེ་ཤེས་དེའི་ཡུལ་དེ་ཁོ་ན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ལ། དེ་ཡང་དེས་བསྟན་པའི་ལམ་ཚད་མས་མི་བསླུ་བ་ལས་རྗེས་སུ་དཔག་གོ། །སླར་མི་ལྡོག་པ་ཉིད་ནི་བརྟེན་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་དེས་ངེས་པའི་ལམ་ལ་ཚད་མ་གཞན་གྱིས་གནོད་
པ་མེད་པ་ལས་ཤེས་པར་བྱའོ། །ཡང་ན་རྣམ་པར་གཡོ་བ་མེད་པའི་སྟེ་སྔ་མ་དང་ཕྱི་མའི་གསུང་གཞོམ་དུ་མེད་པ་སྟེ། གསུང་རབ་ཐམས་ཅད་ལ་འཕགས་པའི་བདེན་པ་བཞི་སྟོན་པ་ལ་གསུང་ངག་གཅིག་པ་ཉིད་ཀྱི་ཕྱིར་རོ། །ལུས་པ་ཡང་འདིར་འཕགས་པའི་བདེན་པ་བཞི་རྟོགས་
པ་རྣམས་ལ་ཡང་། ཡེ་ཤེས་སྒྲུབ་པ་ལ་མི་མཁས་པ་ཡིན་ལ། དེ་མེད་པ་ལས་མ་ལུས་པའི་ཡེ་ཤེས་རྗེས་སུ་དཔག་སྟེ། ཐབས་སྣ་ཚོགས་པ་རྣམས་ཀྱིས་བདེན་པ་སྟོན་པར་བྱེད་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་མཁས་པ་ནི་ཅུང་ཟད་ཙམ་སྟེ། དེ་ཡང་དེའི་རྗེས་སུ་བསླབ་པ་ལས་སོ། །
དེའི་ཕྱིར་དེ་ཁོ་ན་ཉིད་དང་བསྟན་པ་ཉིད་དང་མ་ལུས་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱིས། བཅོམ་ལྡན་འདས་ཕྱི་རོལ་པ་དང་སློབ་པ་དང་མི་སློབ་པ་རྣམས་ལས་ལྷག་པ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱིས་ནི་ཕྱི་
เล่ม ๑๙๓ · หน้า 10a
རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་ལས་ལྷག་སྟེ། དེ་ལྟར་ནི་དེ་རྣམས་ཀྱི་ཤེས་པ་ནི་ཚད་མས་མི་བསླུ་བའི་སྤང་བྱ་དང་བླང་བྱའི་ཡུལ་ཅན་མ་ཡིན་ནོ། །བརྟན་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་སློབ་པ་རྣམས་ལས་ཏེ། དེ་རྣམས་ཀྱིས་མངོན་པར་
འདུ་བྱེད་པ་ཅན་མ་ཡིན་པའི་འཇིག་ཚོགས་ལ་ལྟ་བ་མ་སྤངས་པའི་ཕྱིར་རོ། །དེ་ཀུན་དུ་དཔྱོད་པའི་དུས་ན་སླར་ཡང་ལྡོག་པ་སྲིད་པའི་ཕྱིར་རོ། །མ་ལུས་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་ནི་མི་སློབ་པ་རྣམས་ལས་ཏེ། དེ་རྣམས་ལ་ཇི་སྐད་བཤད་པའི་ལུས་པ་སྲིད་པའི་ཕྱིར་རོ། །རྣམ་
པ་འདི་ལྟ་བུའི་ཡེ་ཤེས་ལས་གཞན་དོན་དུ་ལམ་གོམས་པ་རྟོགས་པར་བྱ་སྟེ། གང་གི་ཕྱིར་དེ་རྟོགས་ནས་ཀྱང་རང་སངས་རྒྱས་བཞིན་དུ་བྱ་བ་སྤངས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཇི་ལྟར་རྟོགས་པའི་ལམ་འཆད་པ་ལྷུར་ལེན་པ་ཁོ་ནར་གྱུར་པས་སོ། །གང་གང་རྟོགས་ན་ཡང་བྱ་བ་ལས་མི་ལྡོག་པ་དེ་
དེ་ཙམ་གྱི་འབྲས་བུ་མངོན་པར་འདོད་པ་མ་ཡིན་ཏེ། དཔེར་ན་ཟས་ཐོབ་ན་ཡང་ཟས་ཀྱི་ཆེད་དུ་བྱ་བ་ལ་མི་ལྡོག་པར་འཇུག་པ་བཞིན། བཅོམ་ལྡན་འདས་ཀྱང་ཇི་སྐད་བཤད་པའི་ཡེ་ཤེས་ཀྱི་ཁྱད་པར་རྟོགས་ན་ཡང་དེ་ཙམ་གྱི་བྱ་བ་ལས་ལོག་པར་གྱུར་པ་མ་ཡིན་ནོ། །ཁྱབ་བྱེད་དང་འགལ་
བའོ། །ལམ་གོམས་པར་བྱེད་པ་དེ་ཁོ་ན་སྟོན་པ་ཉིད་དེ་ཉེ་བར་བཏགས་པ་ལས་སོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །དེ་ལས་ཀྱང་བརྩེ་བ་རྗེས་སུ་དཔག་སྟེ། གང་གི་ཕྱིར་བརྩེ་བ་དང་ལྡན་པ་གཞན་དོན་ལ་རབ་ཏུ་སྦྱོར་གྱི་གཞན་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པ་འདི་ལྟ་བུའི་རྒྱུ་དང་འབྲས་བུ་ཕུན་
སུམ་ཚོགས་པས་བཅོམ་ལྡན་འདས་ཚད་མའོ། །དེ་ལྟར་ནི་བརྩེ་བས་དོན་ཁོ་ན་ཉེ་བར་སྟོན་པར་འདོད་ཅིང་། བརྩེ་བ་མེད་པ་ནི་ཤེས་ཀྱང་རྣམ་པ་གཞན་དུ་འཆད་པར་བྱེད་དོ་ཞེས་བརྩེ་བ་ནི་ཚད་མ་ཉིད་ལ་ཡན་ལག་གི་དངོས་པོའོ། །བརྩེ་བ་དང་ལྡན་ཀྱང་མི་ཤེས་པ་ལས་དེ་ཁོ་ན་ཉིད་བསྟན་པར་
མི་ནུས་ལ། ཡེ་ཤེས་ལས་ནི་ཡང་དག་པ་ཁོ་ན་སྟོན་པར་བྱེད་དོ་ཞེས་པས་ཡེ་ཤེས་ཀྱང་ཚད་མ་ཉིད་ཀྱི་ངོར་སྒྲུབ་པར་བྱེད་པའི་དངོས་པོའོ། །ཚད་མ་ཉིད་དེ་ཡང་རྒྱུ་དང་བཅས་པ་སྟེ། དེ་ལས་འདི་འབྱུང་བར་རིགས་སོ་ཞེས་པས་རྒྱུ་ཕུན་སུམ་ཚོགས་པ་བརྗོད་དོ། །རྣམ་པ་དེ་ལྟ་བུའི་འབྲས་
เล่ม ๑๙๓ · หน้า 10b
བུ་ཕུན་སུམ་ཚོགས་པ་ཡོད་པ་ན་དེའི་ཉེ་བར་སྦྱོར་བ་འགའ་ཞིག་མེད་ན་ནི། གལ་ཏེ་རྒྱུ་ཕུན་སུམ་ཚོགས་པ་མེད་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་ཚད་མ་ཉིད་དེ་འགྱུར་བ་ཁོ་ནར་འགྱུར་ན། དེ་ནི་དེ་མེད་པར་མི་སྲིད་དོ་ཞེས་པ་དེ་ཉེ་བར་ལེན་པའོ། །སྐྱོབ་པ་ཉིད་ཀྱིས་ནི་གཞན་རྟོགས་པར་བྱེད་པའི་
ངོར་གདོན་མི་ཟ་བར་མངོན་པར་སྦྱོར་བ་དང་ལྡན་པ་ཞེས་བྱ་བ་འདི་བསྟན་ཏོ། །གང་གི་ཕྱིར་དེ་ལྟར་དགེ་ལེགས་དང་ཡང་དག་པ་འཆད་ཅིང་དེ་འཆད་པ་ལ་འབད་པ་དང་ལྡན་པ་དེའི་ཕྱིར་ཚད་མའོ། །གང་གང་གི་ཆེད་དུ་ལེགས་པ་ཡང་དག་པ་འཆད་ཅིང་དེ་འཆད་པ་ལ་འབད་པ་དང་ལྡན་
པ་དེ། ཤེས་ལྡན་དེས་ཚད་མར་བྱ་བ་ཡིན་ཏེ། དཔེར་ན་ཇི་སྐད་བཤད་པའི་ཡོན་ཏན་རྣམས་ཀྱིས་སློབ་མའི་ཆེད་དུ་ཉེ་བར་སྟོན་པའི་མཁན་པོ་ནི་སློབ་མ་ཤེས་ལྡན་གྱིས་བཞིན། བཅོམ་ལྡན་འདས་ཀྱང་སེམས་ཅན་རྣམས་ཀྱི་ཆེད་དུ་ལེགས་པ་ཡང་དག་པ་འཆད་ཅིང་དེ་འཆད་པ་ལ་
ཡང་འབད་པ་དང་ལྡན་པ་ཡིན་ནོ། །རང་བཞིན་ནོ། །འདིར་བཤད་པའི་རྣམ་པ་ལ་བརྩོན་པར་བྱེད་དོ། །གལ་ཏེ་ཤེས་པ་ཡང་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་གཞག་པར་བྱ་ན་སྙིང་རྗེ་ལ་སོགས་པ་གང་གི་སྒྲུབ་པར་བྱེད་པར་བཤད་པར་བྱ་བ་ཚད་མ་ཉིད་དེ་ཅི་ཡིན་ཞེ་ན། བརྗོད་
པར་བྱ་སྟེ། ནུས་པའི་ཁྱད་པར་ཏེ། གང་ཡོད་ན་བཅོམ་ལྡན་འདས་ཀྱིས་མ་རྟོགས་པའི་དོན་རྟོགས་པར་བྱེད་ཅིང་དེ་ལ་ཡང་མི་བསླུ་བར་འགྱུར་རོ། །ནུས་པའི་ཁྱད་པར་དེ་ནི་བརྩེ་བ་ལ་སོགས་པ་རྣམས་དང་ལྡན་པར་འགྱུར་གྱི་ཅིག་ཤོས་ལ་མ་ཡིན་ནོ་ཞེས་དེའི་སྒྲུབ་པར་བྱེད་པ་ཉིད་དུ་རྣམ་པར་གཞག་གོ། །
རང་གི་རབ་ཏུ་བྱེད་པ་རྣམས་ལས་ཞེས་པ་འདི་ནི་རང་གཞུང་ཞེས་པ་འདིའི་བཤད་པའོ། །སྒོ་ཡི་སྒྲ་ཁོ་ནས་ཀྱང་སྔར་བཤད་པའི་འཐོར་བའི་སྒྲའི་དོན་གསལ་བ་ཁོ་ནར་རྟོགས་པར་བྱའོ་ཞེས་པ་རྣམ་དབྱེ་མེད་པའོ། །སྒོ་ནི་དྭཱར་ར་སྟེ་ཕྱོགས་ཙམ་སྟོན་པ་མདོར་བསྡུས་པ་སྟེ། དེ་རྒྱས་པར་རྟོགས་པར་བྱ་བ་རྣམས་
ཀྱིས་གཏན་ལ་འབེབས་པར་མི་འགྱུར་རོ་ཞེས་པ་འདི་ནི་རབ་ཏུ་གྲགས་པ་ཁོ་ནའོ། །མང་པོ་རྣམས་ལ་ཡང་གཞུང་དུ་མཚུངས་པའི་ཕྱིར་ཚིགས་སུ་བཅད་པ་རང་གཞུང་ཞེས་གཅིག་གི་ཚིག་གོ། །འགྲེལ་པར་ནི་དབྱེ་བ་བརྗོད་པར་འདོད་པ་ན་རང་གི་རབ་ཏུ་བྱེད་པ་རྣམས་ལས་ཞེས་མང་པོའི་ཚིག་གོ། །
เล่ม ๑๙๓ · หน้า 11a
བཏུས་ནས་ཞེས་པ་ལ་སོགས་པ་སྟེ། སྔར་བྱས་པ་དང་གཞན་ཅུང་ཟད་སྔར་མེད་པ་བློ་ལ་གནས་པ་ཡང་། ཡང་དག་པར་བླངས་ནས། ཚད་མ་རྣམས་ཀྱི་ཀུན་ལས་བཏུས་པ་ཡང་དག་པར་བསྡུས་པར་བྱའོ། །འདིར་ཡང་ཚད་མ་དང་གཞལ་བྱ་དང་དེར་སྣང་བ་ལ་སོགས་
པ་རྒྱུ་མཚན་ཡང་དག་པར་བསྒྲིབས་པ་རྣམས་ཐམས་ཅད་ཚད་མའི་ཞར་ལ་འོངས་པ་ཉིད་ཀྱི་ཕྱིར་ཚད་མའི་སྒྲས་བརྗོད་དོ། །གཞན་གྱི་ཚད་མ་དགག་པའི་ཆེད་དང་ཞེས་པ་ལ་སོགས་པས་ཚད་མ་སྒྲུབ་པའི་སྒྲའི་དོན་གསུངས་སོ། །རང་གི་ཚད་མ་ནི་འདིར་དངོས་སོ། །གཞན་གྱི་ཚད་མ་ནི་
གཞན་རྣམས་ཀྱིས་དེ་ལ་ཚད་མར་མངོན་པར་ཞེན་པས་ཚད་མ་ཞེས་བརྗོད་དོ། །དེ་དག་གི་རང་རང་གི་ངོ་བོ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་ནི་ཚད་མ་གྲུབ་པའོ། །དེ་ལ་གཞན་གྱི་ཚད་མ་ཚད་མ་མ་ཡིན་པ་ལ་དམ་པར་སྒྲོ་བཏགས་པའི་ཚད་མའི་རང་བཞིན་ལ་འདི་ནི་ཚད་མའི་རང་བཞིན་
མ་ཡིན་ནོ་ཞེས་གང་གཏན་ལ་འབེབས་པ་དེ་དགག་པ་སྟེ། དེ་ཁོ་ན་ནི་དེ་གྲུབ་པའོ། །རང་གི་ཚད་མ་ཁོ་ན་ཡོན་ཏན་ཏེ། དོན་འདོད་པ་རྣམས་ཀྱིས་བགྲང་བར་བྱ་བའོ་ཞེས་བྱས་ནས་དང་། དོན་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་ཡང་ངོ་། །དེ་བརྗོད་པར་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་མངོན་པར་
བརྗོད་པས་གཏན་ལ་འབེབས་པའོ། །དེ་ཁོ་ན་ཡང་དེ་གྲུབ་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས་ཚད་མ་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཉིད་དུ་སྟོན་ཏོ། །གཞན་དུ་ན་དེ་ལ་ཉེ་བར་མཁོ་བ་མེད་པ་གཏན་ལ་འབེབས་པ་དོན་མེད་པའོ་ཞེས་པས་བྱ་བ་མིན་པར་འགྱུར་རོ། །གཞལ་བྱར་ཡང་
འདིར་དོར་བར་བྱ་བ་དང་བླང་བར་བྱ་བའོ། །གང་གི་ཕྱིར་དེ་རྟོགས་པ་ནི་ཚད་མ་ལ་རག་ལས་པ་དེའི་ཕྱིར་ཚད་མ་གྲུབ་པའི་ཆེད་དུ་འབད་པ་འབྲས་བུ་དང་བཅས་པའོ་ཞེས་པ་དགོངས་པའོ། །འདིར་ཁ་ཅིག་སྨྲ་སྟེ། ཚད་མ་རྣམས་ནི་རང་ཁོ་ན་ལས་གྲུབ་པའོ་ཞེས་སོ། །དེའི་ལུགས་ཀྱི་རྗེས་
སུ་འབྲངས་པ་གཞན་རྣམས་ཚིགས་སུ་བཅད་པ་ཀློག་པར་བྱེད་དེ། ཚད་མ་རྣམས་དང་དེས་བྱས་པའི། །ཐ་སྙད་ཀྱང་ནི་རབ་གྲགས་ན། །ཚད་མའི་མཚན་ཉིད་བརྗོད་པ་ལ། །དགོས་པ་ཤེས་པར་བྱ་བ་མིན། །ཞེས་སོ། །དེའི་ཕྱིར་དེ་བསལ་བའི་ཆེད་དུ་གསུངས་པ། འདི་ལ་ཡང་ལོག་པར་
เล่ม ๑๙๓ · หน้า 11b
རྟོགས་པ་མང་བས་ནའོ་ཞེས་ཏེ། ཡང་གི་སྒྲས་གང་གི་ཕྱིར་ཞེས་པ་འདི་རྗེས་སུ་འགུགས་པར་བྱེད་དོ། །འགལ་བའི་རྟོགས་པ་ནི་ལོག་པར་རྟོགས་པ་རྣམས་ཏེ། ཕན་ཚུན་འགལ་བའི་མཚན་ཉིད་བྱེད་པའི་ཕྱིར་རོ། །གལ་ཏེ་འདི་ཚད་མའོ་ཞེས་མཚན་ཉིད་ངེས་པ་མ་གྲུབ་པར་རང་ཉིད་ལས་ཚད་
མར་འགྱུར་ན། མཚན་ཉིད་བྱེད་པ་རྣམས་ཀྱིས་ཕན་ཚུན་འགལ་བའི་མཚན་ཉིད་བྱེད་པར་མི་འགྱུར་ལ། ཚད་མ་སྐྱེས་པ་ཉིད་ན་ཚད་མའི་རང་གི་ངོ་བོ་འགྲུབ་པའི་ཕྱིར་མཚན་ཉིད་བྱེད་པ་རྣམ་པ་གཅིག་ཁོ་ནར་འགྱུར་རོ། །ཐ་སྙད་བྱེད་པ་པོ་རྣམས་ཀྱང་ལོག་པར་རྟོགས་ཏེ། ཕྱིན་ཅི་ལོག་ཏུ་རྟོགས་པ་
རྣམས་ཏེ་ཚད་མ་མ་ཡིན་པ་ལ་ཚད་མ་ཉིད་དུ་ལྷག་པར་ཞེན་པ་རྣམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ནི་ཚད་མ་ལྟར་སྣང་བས་ཞུགས་པ་རྣམས་འགའ་ཞིག་སླུ་བཞིན་པ་མཐོང་ལ། གལ་ཏེ་ཐམས་ཅད་ཚད་མ་རྣམས་སུ་གྲུབ་པ་ཁོ་ནར་གྱུར་ན། འགའ་ཡང་སླུ་བར་མི་འགྱུར་རོ། །དེའི་ཕྱིར་རང་
ལས་ཏེ་ཚད་མའི་རང་རིག་ལས་རང་གི་ངོ་བོ་གྲུབ་པ་ཙམ་དུ་འགྱུར་ལ། འདོད་པའི་དོན་བྱ་བ་ནུས་པའི་དངོས་པོ་ཐོབ་པར་ནུས་པའི་མཚན་ཉིད་ཅན་ནི། གང་ཚད་མ་ཉིད་ཡིན་པ་དེ་ཡོད་པ་ཁོ་ན་ལས་ཚད་མས་ཡོངས་སུ་མཐོང་བའི་དངོས་པོ་བསྒྲུབ་པར་བྱ་བའི་དོན་བྱེད་པའི་ཡུལ་ཅན་
ཚད་མ་གཞན་གྱི་འཇུག་པས་དང་པོར་ངེས་པར་འགྱུར་རོ། །ཕྱི་མའི་དུས་ན་ན་ཡང་ཡང་དུ་ཚད་མ་ཕྱི་མའི་འཇུག་པས་ཤེས་པའི་གསལ་བ་འགའ་ཞིག་རྣམས་ཚད་མ་ཉིད་དུ་ངེས་པར་བྱེད་ཅིང་གོམས་པར་བྱེད་པ་ལས་ཤེས་རབ་ཅན་ནི་ཚད་མ་ཕྱི་མའི་འཇུག་པ་མེད་པར་ཡང་རྣམ་པ་དེ་ལྟ་བུ་
གཞན་རྣམས་ཀྱི་རང་གི་ངོ་བོ་ཡང་དག་པར་རིག་པ་ཙམ་ཁོ་ན་ལས་ཚད་མ་ཉིད་དུ་ངེས་པར་བྱེད་དོ། །གོམས་པས་ནོར་བུ་ལ་སོགས་པ་རྣམས་ཀྱི་བཅོམ་པ་མ་ཡིན་པ་ལ་སོགས་པའི་ཁྱད་པར་བཞིན་ནོ། །དེ་ལྟར་གང་གི་ཕྱིར་ཚད་མ་ལ་ལོག་པར་རྟོགས་པ་རྣམས་མང་བ་དེའི་ཕྱིར་དེ་རྣམས་ཀྱི་ལོག་པར་
རྟོགས་པ་བསལ་བའི་ཆེད་དུ་བསྟན་བཅོས་སོ་ཞེས་པའོ། །དེ་ལ་འབྲས་བུ་དང་རང་གི་ངོ་བོ་དང་ཡུལ་དང་གྲངས་ལ་ལོག་པར་རྟོགས་པ་བཞི་རྣམས་ཏེ། དེ་རྣམས་ལས་གྲངས་ལ་ལོག་པར་རྟོགས་པ་བསལ་བའི་དོན་དུ་གསུངས་པ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་པ་ལ་སོགས་པའོ། །
เล่ม ๑๙๓ · หน้า 12a
གལ་ཏེ་ཚད་མ་གཏན་ལ་དབབ་པར་བྱ་བ་ལ་གྲངས་ལ་སོགས་པ་གཏན་ལ་འབེབས་པ་དོན་མེད་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་རབ་ཏུ་བྱེད་པ་ནི་ཚད་མ་དང་ཚད་མ་མ་ཡིན་པར་ལོག་པར་རྟོགས་པ་བཟློག་པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གལ་ཏེ་གྲངས་ལ་ལོག་པར་
རྟོགས་པ་མི་སེལ་བར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་འབའ་ཞིག་གཏན་ལ་འབེབས་པ་དེའི་ཚེ་ཕ་རོལ་པོ་རྣམས་ཀྱི་འདི་ལྟར་འགྱུར་ཏེ། འདིའི་ཡུལ་ཁོ་ན་ལ་ངེས་པར་བདག་ཅག་རྣམས་ཀྱི་ལོག་པར་རྟོགས་པ་ཡིན་གྱི། གང་ཚད་མ་གཞན་རྣམས་བདག་ཅག་རྣམས་ཀྱིས་
ཁས་བླངས་པ་དེའི་ཡུལ་མ་ཡིན་ནོ་ཞེས་སོ། །འོ་ན་དེ་རྣམས་ཀྱི་ཡང་སྐྱོན་བརྗོད་པའི་ཕྱིར་གང་ལས་དགོས་པ་འདི་ཡིན་ཞེ་ན། འོ་ན་དེ་ལྟར་ན། ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་བདག་ཅག་འདོད་པའི་རང་གི་ངོ་བོ་ལས་གཞན་པ་ཁོ་ན་ཡིན་པ་དེ་བཞིན་དུ་དེ་རྣམས་ཀྱི་ཡང་
ཡོད་པ་ཁོ་ན་ཉིད་ན་དེ་ནི་འདིས་གཏན་ལ་དབབ་པ་མ་བྱས་སོ་ཞེས་དོགས་པར་འགྱུར་རོ། །དེའི་ཕྱིར་གྲངས་གཏན་ལ་དབབ་པའོ། །སྤྱོད་ཡུལ་གཏན་ལ་མ་ཕབ་ན་ནི་གང་གི་ཚེ་ཡུལ་མ་ཡིན་པ་ལ་བཟུང་བ་ཚད་མར་འགྱུར་ན། དེའི་ཚེ་དེ་ལ་དེ་བསླུ་ལ་དེ་བཞིན་དུ་རང་གི་ཡུལ་ལ་ཡང་ཚད་མ་མ་
ཡིན་པར་རྟོགས་པ་པོས་ཁོང་དུ་ཆུད་པར་འགྱུར་རོ་ཞེས་ཡུལ་གཏན་ལ་འབེབས་པའོ། །ཚད་མ་ལས་འབྲས་བུ་གཞན་མ་ཡིན་ནོ་ཞེས་གང་གི་ཚེ་གཏན་ལ་དབབ་པར་མི་བྱ་བ་དེའི་ཚེ་ཚད་མ་ནི་ཚད་མའི་རང་གི་ངོ་བོ་ཉིད་ཉམས་པར་འགྱུར་ཏེ། དེ་ལྟར་ནི་འབྲས་བུ་ནི་རེ་ཞིག་དོན་རྟོགས་པའི་ངོ་བོར་ངེས་
པར་ཁས་བླངས་ཏེ། གཞན་དུ་ན་འབྲས་བུ་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པའི་ངོ་བོ་འབྲས་བུའོ། །དེས་ན་གང་གི་ཚེ་ཤེས་པའི་ངོ་བོ་ལས་ཐ་དད་པ་ཚད་མ་ཡིན་པ་དེའི་ཚེ་དེ་ཤེས་པ་མ་ཡིན་པའི་ངོ་བོར་འགྱུར་ལ། ཤེས་པ་མ་ཡིན་པའི་ངོ་བོ་ཡང་ཚད་མའི་རང་གི་ངོ་བོ་ཉིད་དུ་མི་འགྱུར་
ཏེ་གཟུགས་ལ་སོགས་པ་བཞིན་ནོ་ཞེས་འབྲས་བུ་གཏན་ལ་འབེབས་པའོ། །དེའི་ཕྱིར་གྲངས་ལ་སོགས་པ་གཏན་ལ་དབབ་པ་དོན་མེད་པ་མ་ཡིན་ནོ། །དང་གི་སྒྲ་ནི་གཉིས་པོ་དག་ཀྱང་རང་གི་ཡུལ་ལ་སྟོབས་མཚུངས་པ་ཉིད་དུ་བཤད་པའི་ཆེད་དུ་བསྡུ་བའི་ཚིག་གོ། །ངག་འདིའི་དོན་ཅི་ཡིན། ཅི།
เล่ม ๑๙๓ · หน้า 12b
མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མ་དག་གོ་ཞེས་པ་འདིས་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་དག་གཉིས་ཉིད་དུ་བསྒྲུབ་པར་བྱ་བ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་འདི་དག་ཚད་མ་དག་ཁོ་ན་སྟེ། ཚད་མ་གཅིག་དང་ཚད་མ་རྣམས་ནི་མ་ཡིན་ནོ་ཞེས་པའམ། འོན་ཏེ་མངོན་སུམ་
དང་རྗེས་སུ་དཔག་པ་དག་ཚད་མ་ཉིད་དུ་བསྒྲུབ་པར་བྱ་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་དག་ཁོ་ན་སྟེ་ཚད་མ་མ་ཡིན་པ་དག་མ་ཡིན་ནོ་ཞེས་པ་ཡིན། དེ་ལས་ཅིར་འགྱུར་ན་གལ་ཏེ། རྟོག་པ་དང་པོ་ཡིན་ན་ཚིག་འབྲས་བུ་མེད་པ་སྟེ། དེ་དག་གཉིས་ཉིད་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །
མངོན་སུམ་དང་རྗེས་སུ་དཔག་པ་དག་གཉིས་ཉིད་ཀྱི་ངོར། སུའི་ཡང་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །འོན་ཏེ་གཉིས་པ་ཡིན་ན་ནི་གྲངས་ངེས་པར་གཟུང་བ་མ་བྱས་པར་འགྱུར་ལ། དེ་ལས་ཀྱང་རྣམ་པ་གཉིས་ཁོ་ན་ཚད་མའོ་ཞེས་གང་སྒྲུབ་པར་འདོད་པ་དེ་མ་བསྒྲུབས་པ་ཁོ་ནར་འགྱུར་རོ། །
གྲུབ་པ་སྒྲུབ་པ་ཉིད་ཀྱང་སྟེ། དེ་དག་ཚད་མ་ཉིད་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་ཙཱར་བཱ་ཀའི་ངོར་འདི་བརྗོད་པར་བྱ་ན། དེ་ལྟ་ན་ཡང་མངོན་སུམ་ལ་ལྟོས་ནས་གྲུབ་པ་སྒྲུབ་པར་བྱེད་པ་ཁོ་ནའོ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། འདིར་ངག་གཉིས་ཡིན་པ་ན་སྟེ། མངོན་སུམ་དང་ནི་རྗེས་སུ་
དཔག །ཅེས་པ་ངག་གཅིག་དང་ཚད་མ་དག་གོ་ཞེས་པ་གཉིས་པའོ། །འདི་ལྟར་ཡང་བཤད་པར་བྱ་སྟེ། ཚད་མ་དག་ཁོ་ན་སྟེ་ཚད་མ་རྣམས་དང་ཚད་མ་གཅིག་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པར་ངེས་པར་གཟུང་བ་མཛད་དེ་གཉིས་དག་ཁོ་ནའོ་ཞེས་སོ། །ངག་གི་རྣམ་
པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ཁོ་ནའི་སྒྲ་མེད་ཀྱང་དེའི་དོན་འཐོབ་བོ། །དེ་ལྟར་ངག་འདིས་ཚད་མ་གཉིས་དག་ཁོ་ནའོ་ཞེས་བསྒྲུབས་སོ། །གཉིས་པོ་དེ་དག་ཅི་ཞིག་དག །ཅེས་དོགས་པའི་དྲི་བའི་སྐབས་ལ་འདི་བརྗོད་པར་བྱ་སྟེ། མངོན་སུམ་དང་ནི་རྗེས་སུ་དཔག །ཅེས་པའོ། །
མངོན་སུམ་དང་རྗེས་སུ་དཔག་པ་དག་ཚད་མ་གཉིས་པོ་དག་སྟེ། གཞན་འགའ་ཞིག་གཉིས་དག་མ་ཡིན་པ་ཁོ་ནའོ་ཞེས་པའོ། །བཤད་པ་འདི་ལ་ཇི་སྐད་བརྗོད་པའི་སྐྱོན་གྱི་སྐབས་མི་འགྱུར་རོ། །ཅི་སྟེ་ཚད་མ་གཅིག་ཉིད་དམ་མང་པོ་ཉིད་མ་ཡིན་ནོ་ཞེས་ཇི་ལྟར་རྟོགས་ཤེ་ན། རེ་ཞིག་
เล่ม ๑๙๓ · หน้า 13a
གཅིག་ཉིད་དུ་མི་འགྱུར་ཏེ། རྗེས་སུ་དཔག་པ་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་རོ། །གཞན་དུ་ནི་འདི་ཚད་མའོ། །འདི་ཚད་མ་ཡིན་པ་ཞེས་རྣམ་པར་གཞག་པ་འདི་མི་འགྱུར་རོ། །དེ་ལྟར་ནི་ཤེས་པའི་གསལ་བ་འགའ་ཞིག་གི་འཇུག་པ་ལ་བསླུ་བ་དང་མི་བསླུ་བ་དག་
དམིགས་ནས། དེའི་རིགས་ཅན་ཉིད་ཀྱིས་ཤེས་པ་གཞན་ལ་ཡང་མི་བསླུ་བ་དང་ཅིག་ཤོས་སུ་ངེས་པ་ལས་ཚད་མ་དང་ཅིག་ཤོས་སུ་རྣམ་པར་གཞག་པར་བྱེད་ཀྱི་གཞན་དུ་ན་མ་ཡིན་ནོ། །ཇི་ལྟར་མཐོང་བ་དང་ཆོས་མཐུན་པ་ལས་དེ་ལྟར་ཡོངས་སུ་གཅད་པར་བྱ་བ་དེ་ཡང་རྗེས་སུ་དཔག་པར་བྱ་བ་
ཉིད་ལས་འདའ་བ་མ་ཡིན་ནོ། །གཞན་ཡང་རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་ན་བསྟན་བཅོས་བྱ་བར་མི་འགྱུར་ཏེ། གང་གི་ཕྱིར་ཕ་རོལ་གྱིས་ཁོང་དུ་ཆུད་པའི་དོན་དུ་བསྟན་བཅོས་བྱ་བ་ཡིན་ལ། གཞན་གྱིས་རྟོགས་པ་དེ་ཡང་རྗེས་སུ་དཔག་པ་ལས་གཞན་ལས་མི་རྟོགས་ཏེ་མངོན་སུམ་ནི་
ལུས་ཙམ་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །ལུས་ཉིད་ནི་བློ་མ་ཡིན་ཏེ། དེ་གྲུབ་ཀྱང་བློའི་རྣམ་པར་བརྟག་པ་ལ། ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་དང་འབྲེལ་བ་ཅན་འདི་ནི་སྐྱེས་བུ་ཙམ་གྱི་མངོན་སུམ་དུ་མི་རྟོགས་སོ། །འདིས་རྗེས་སུ་དཔག་པ་ལ་སྐུར་པ་འདེབས་པར་བྱེད་ཅིང་། འཇིག་རྟེན་
ཕ་རོལ་ལ་སོགས་པ་དགག་པ་ཡང་མངོན་སུམ་གྱིས་བྱ་བར་འོས་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡང་དོན་གྱི་ནུས་པ་ལ་ལྟོས་པའི་ཕྱིར་རོ། །ལྟོས་པ་མེད་ན་ནི་བར་དུ་ཆོད་པ་ལ་སོགས་པའི་དངོས་པོ་ལ་ཡང་འབྱུང་བར་ཐལ་ལོ་ཞེས་པའོ། །དེའི་ཕྱིར་རྗེས་སུ་དཔག་
པ་ཡང་ཚད་མ་ཉིད་དུ་ཁས་བླང་བར་བྱའོ། །དེའི་ཕྱིར་ཚད་མ་གཅིག་ཁོ་ན་མ་ཡིན་ནོ། །མང་པོ་ཉིད་དུ་ནི་འགྱུར་ཏེ་དེ་ཡང་ཡུལ་མང་པོ་ཉིད་ཀྱི་ཕྱིར་རམ། ཡུལ་གཅིག་ལ་ཡང་ཚད་མ་དུ་མ་འཇུག་པའི་ཕྱིར་རོ་ཞེ་ན། རེ་ཞིག་ཡུལ་མང་པོ་ཉིད་ཀྱི་ཕྱིར་མ་ཡིན་ཏེ་འདི་ལ་རྒྱུ་གསུངས་པ། གང་གི་ཕྱིར་
མཚན་ཉིད་གཉིས། གཞལ་བྱ་ཞེས་སོ། །དེ་རྣམ་པར་འགྲེལ་པར་བྱེད་པ་མེད་དོ་ཞེས་པ་ལ་སོགས་པས་སོ། །དེ་ལ་རང་གི་མཚན་ཉིད་ནི་གང་དོན་གྱི་བྱ་བ་ནུས་པ་སྟེ་དེ་ཁོ་ན་དངོས་པོའོ། །སྤྱིའི་མཚན་ཉིད་ནི་ཡང་དེ་ལས་བཟློག་པའོ། །གལ་ཏེ་དེ་ལྟར་ན་རབ་རིབ་ཅན་ལ་སོགས་པའི་ཉེ་བར་དམིགས་
เล่ม ๑๙๓ · หน้า 13b
པ་སྐྲ་ཤད་ལ་སོགས་པ་རྣམས་རང་གི་མཚན་ཉིད་མ་ཡིན་ཏེ། སྐྲ་ཤད་ལ་སོགས་པ་བསྒྲུབ་པར་བྱ་བའི་དོན་བྱ་བ་ལ་ནུས་པ་མེད་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་ཀྱང་མ་ཡིན་ཏེ་གསལ་བར་སོ་སོར་སྣང་བ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་གཞལ་བྱ་གཞན་ཉིད་དུ་འགྱུར་རོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ་གང་གི་ཕྱིར་
གང་ལ་ཐ་སྙད་བྱེད་པ་རྣམས་ཡུལ་ཉིད་དུ་ཞེན་པ་དེ་ལ་དཔྱད་པ་འདི་ཡིན་ལ། རབ་རིབ་ཅན་ལ་སོགས་པ་རྣམས་ཀྱིས་དམིགས་པ་སྐྲ་ཤད་ལ་སོགས་པ་རང་གི་ཤེས་པའི་སྣང་བ་རྣམས་ཀྱི་དེ་རྣམས་ཀྱིས་ཡུལ་ཉིད་དུ་མོས་པ་མེད་དོ། །འོ་ན་དངོས་པོ་མེད་པ་སྤྱིར་མི་འགྱུར་ཏེ། དེ་ནི་ཡུལ་ཉིད་དུ་ཞེན་པར་
བྱ་བ་མ་ཡིན་པས་སོ་ཞེ་ན། མ་ཡིན་ཏེ། ཤེས་བྱ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་དེ་ལ་ཡང་ཡུལ་དུ་ལྷག་པར་མོས་པ་ཡོད་དོ། །ཡང་གང་གི་ཚེ་དངོས་པོ་མེད་པ་བཞིན་དུ་རབ་རིབ་ཅན་ལ་སོགས་པས་མཐོང་བ་སྐྲ་ཤད་ལ་སོགས་པ་རྣམས་ཤེས་པ་གཞན་གྱིས་ཤེས་བྱ་ཉིད་དུ་འཛིན་པ་དེའི་ཚེ་
སྤྱིའི་ངོ་བོ་ཉིད་དུ་འདོད་པ་ཁོ་ནའོ། །ཤེས་པ་གང་ལ་དེ་རྣམས་སོ་སོར་སྣང་བ་དེས་ཤེས་བྱ་ཉིད་དུ་དེ་རྣམས་བཟུང་བ་མ་ཡིན་ནོ་ཞེས་པས་དེ་རྣམས་སྤྱིའི་ངོ་བོ་མ་ཡིན་པར་བརྗོད་པ་འབའ་ཞིག་གོ། །གལ་ཏེ་དེ་རྣམས་དངོས་པོ་མ་ཡིན་ན་ཅི་ལྟར་གསལ་བར་སྣང་ཞེ་ན། ཤེས་པའི་ངོ་བོ་ཉིད་ཀྱིས་རང་གི་
མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ངོ་ཤེས་པའི་ཤེས་པས་སྐྲ་ཤད་ལ་སོགས་པ་དང་འདྲ་བར་སྐྲ་ཤད་ལ་སོགས་པ་འདིའི་ཞེས་ཡུལ་དུ་བྱ་བ་དེའི་ཚེ་སྤྱིའི་རྣམ་པས་མི་གསལ་བར་སྣང་བཞིན་པ་རྣམས་སྤྱིའི་ངོ་བོ་ཉིད་དུ་རྣམ་པར་གཞག་གོ། །གལ་ཏེ་དེ་རྣམས་ཤེས་པའི་ངོ་བོ་ཉིད་ཀྱི་ཕྱིར་
དངོས་པོ་ཉིད་ཡིན་ན་སྤྱི་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན། དེ་ལྟར་དེ་ཡང་རང་གི་མཚན་ཉིད་དུ་འདོད་དོ་ཞེས་པས་སྐྱོན་མེད་ལ། དེ་སྤྱིའི་ངོ་བོ་ཅན་ཉིད་དུ་ནི་ཡུལ་ལ་ལྟོས་ནས་རྣམ་པར་གཞག་སྟེ། དོན་གཞན་ལས་ལོག་པའི་དངོས་པོ་ལ་བརྟེན་ནས་སྐྱེ་བའི་ངོ་ཤེས་པའི་བློ་ཐ་མི་དད་པའི་རྣམ་པ་ཅན་
གྱིས་དེ་རྣམས་ལས་རྣམ་པ་ཐ་མི་དད་པ་བཞིན་དུ་ཁོ་ནར་མཐོང་ངོ་ཞེས་པས་བློས་རྟོགས་པའི་རྣམ་པ་དེ་དོན་རྣམས་ཀྱི་སྤྱིར་རྣམ་པར་གཞག་གོ། །དེ་ཉིད་ཀྱི་ཕྱིར་འདི་དངོས་པོ་མ་ཡིན་པ་ཉིད་དུ་ཡང་སྟེ། ཕྱི་རོལ་གྱི་ངོ་བོར་ཞེན་པ་ལ་དེའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་སྤྱི་ནུས་པ་
เล่ม ๑๙๓ · หน้า 14a
ཐམས་ཅད་དང་བྲལ་བ་དེ་གཞལ་བར་འོས་པ་མ་ཡིན་པ་ཁོ་ནར་འགྱུར་བས་གཞལ་བྱ་མ་ཡིན་པ་ཉིད་ན། དེ་སློབ་དཔོན་གྱིས་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་པའི་གཞལ་བྱ་ཡོད་པ་མ་ཡིན་ནོ་ཞེས་ཡུལ་རྣམ་པ་གཉིས་ཉིད་དུ་གསུངས་པ་ཅི་ལྟར་ཞེ་ན། འདི་བདེན་
ཏེ་གང་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་རང་གི་མཚན་ཉིད་ཁོ་ན་གཞལ་བྱའོ། །གང་ཡང་སློབ་དཔོན་གྱིས་ཡུལ་རྣམ་པ་གཉིས་ཉིད་དུ་གསུངས་པ་དེ་ནི་ཁོ་ན་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་དག་གིས་རྟོགས་པ་ལས་ཏེ། གང་གི་ཕྱིར་དངོས་པོ་དེ་ཁོ་ན་མངོན་སུམ་གྱིས་རང་གི་ངོ་བོས་རྟོགས་པ་ལས་
གཞལ་བྱ་གཅིག་རང་གི་མཚན་ཉིད་དོ། །དེ་ཁོ་ན་རྗེས་སུ་དཔག་པས་སྤྱིའི་རྣམ་པ་རྗེས་སུ་ཆགས་པ་གཟུང་བྱའི་ཆ་ཤས་ཀྱི་བདག་ཉིད་གཞན་གྱི་ངོ་བོས་དེའི་དངོས་པོར་ལྷག་པར་ཞེན་པ་ཉིད་ཀྱིས་རྟོགས་པའི་ཕྱིར་གཉིས་པ་སྤྱིའི་མཚན་ཉིད་དོ། །གཞན་གྱི་ངོ་བོས་རང་གི་མཚན་ཉིད་ཁོ་ན་རྟོགས་
སོ་ཞེས་པ་འདི་ཅི་ལྟར་རྟོགས་པར་བྱ་ཞེ་ན། གང་གི་ཕྱིར་རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་ཕྱི་རོལ་ཉིད་དུ་སོ་སོར་སྣང་བའི་ཆ་ཤས་རང་གི་མཚན་ཉིད་མ་ཡིན་པ་ཡང་རང་གི་མཚན་ཉིད་ཉིད་དུ་ཞེན་ནས། དོན་བྱ་བ་དོན་དུ་གཉེར་བའི་སྐྱེས་བུ་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པས་སོ། །གཞན་
དུ་ན་གལ་ཏེ་སྤྱི་རྗེས་སུ་དཔག་པས་ཡོངས་སུ་སྤྱད་པར་གྱུར་ན་དོན་བྱ་བ་དོན་དུ་གཉེར་བ་པོ་དེ་ཁོ་ན་ལ་འཇུག་པར་འགྱུར་ཞིང་། བུམ་པ་ཡོངས་སུ་བཅད་ནས་བུམ་པ་རྟོགས་པ་ལ་གནས་པ་དེའི་དོན་བྱ་བ་དོན་དུ་གཉེར་བ་བུམ་པ་ལ་འཇུག་པ་མ་ཡིན་པར་འགྱུར་བའམ། མི་འཇུག་པ་ཁོ་ནར་འགྱུར་ཏེ།
སྤྱི་ནི་གང་དུ་ཡང་ཉེ་བར་མཁོ་བ་མེད་པའི་ཕྱིར་རོ། །རང་གི་མཚན་ཉིད་ལ་དེས་བསྒྲུབ་པར་བྱ་བའི་དོན་བྱ་བ་ཐོབ་པའི་རྗེས་སུ་དཔག་པ་ལས་འཇུག་པ་ཡང་ཡིན། དེས་ན་དེའི་དངོས་པོར་ལྷག་པར་ཞེན་པའོ་ཞེས་རྟོགས་པར་བྱའོ། །མངོན་སུམ་གྱིས་ཀྱང་གཞན་གྱི་ངོ་བོ་ཁོ་ནས་རྟོགས་ལ། འདི་ནི་
ཁྱད་པར་ཏེ་རྗེས་སུ་དཔག་པས་མཐུན་པས་ཐུན་མོང་བར་གྱུར་པའི་གཞན་གྱི་ངོ་བོས་དོན་འཛིན་ཞིང་། མངོན་སུམ་གྱིས་ནི་ཐུན་མོང་མ་ཡིན་པར་གྱུར་པས་སོ་ཞེས་པའོ། །དེའི་ཕྱིར་ཐུན་མོང་དང་ཐུན་མོང་མ་ཡིན་པར་གྱུར་པའི་གཞན་གྱི་ངོ་བོ་དག་གིས་རྟོགས་པའི་ཕྱིར་གཞལ་བྱ་གཉིས་སུ་བཤད་
เล่ม ๑๙๓ · หน้า 14b
དོ། །རྣམ་པར་ཤེས་པ་བཞིན་དུ་དོན་ནི་རང་ཉིད་ལས་ཡང་དག་པར་རིག་པ་མ་ཡིན་གྱི། དོན་གྱི་རྣམ་པ་ཅན་གྱི་ཤེས་པའི་གང་ཁོ་ན་རང་རིག་པ་དེ་ཁོ་ན་དོན་ཡང་དག་པར་རིག་པའོ། །ཤེས་པ་ལ་དོན་སྣང་བ་ཉམས་སུ་མྱོང་བ་ན་དོན་རྟོགས་སོ་ཞེས་སེམས་པས་ཏེ། དེའི་ཕྱིར་ཕྱི་རོལ་གྱི་དོན་གཞལ་
བྱ་ལ་ཡང་རང་རིག་པ་འབྲས་བུ་ཉིད་དུ་རྣམ་པར་འཇོག་པར་འགྱུར་ཞེས་གཞན་རྣམས་སོ། །འདི་སོང་ངོ་། །འདི་ནི་བརྗོད་པར་བྱ་སྟེ། གཞལ་བྱ་གཉིས་ཉིད་ཀྱི་ཕྱིར་ཚད་མ་གཉིས་ཉིད་དོ་ཞེས་པ་ཇི་ལྟར་ཞེ་ན་གསུངས་པ། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་ཞེས་པ་ལ་སོགས་པས་ཏེ། ནིའི་
སྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ནོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་མངོན་སུམ་ཁོ་ན་དང་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་རྗེས་སུ་དཔག་པ་ཁོ་ན་སྟེ། ཚད་མ་གཞན་ནི་མེད་དོ། །དོན་འདི་ཡང་རྒྱས་པར། རང་གི་མཚན་ཉིད་བསྟན་བྱ་མིན། །གཟུང་བྱ་ཐ་དད་ཕྱིར་ཞེས་པ་ལ་སོགས་པས་
རྟོགས་པར་བྱེད་པར་འགྱུར་རོ་ཞེས་སྟོན་པས་གསུངས་པ། རྟོགས་པར་བྱེད་པར་འགྱུར་རོ་ཞེས་སོ། །ཡང་ན་གཞལ་བྱ་གཉིས་སུ་བསྟན་པ་འདིས་ནི་གཅིག་དང་གསུམ་ལ་སོགས་པའི་ཚད་མ་བསལ་བར་བྱ་སྟེ། རང་གི་མཚན་ཉིད་ལས་གཞན་པའང་གཞལ་བྱར་བསྟན་པས་ཚད་མ་མངོན་སུམ་མ་
ཡིན་པའང་ཡོད་དོ་ཞེས་ཚད་མ་གཅིག་ཡིན་པ་བསལ་བར་བྱས་ལ། གཞལ་བྱ་གསུམ་པོ་མེད་པར་བསྟན་པས་ཚད་མ་གསུམ་ལ་སོགས་པ་བསལ་ལོ། །དེ་ལྟ་ན་གང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་གཞལ་བྱ་ངེས་ཏེ་རང་དང་སྤྱིའི་མཚན་ཉིད་དག་ལས་གཞན་གཞལ་བྱ་མེད་པ་ཁོ་ནའོ་ཞེས་ཁས་
ལེན་པ་དེ་ལྟ་ན་སྔོན་པོ་ལ་སོགས་པ་རྣམས་བྱས་པ་ཉིད་ལ་སོགས་པའི་རྟགས་བསྟན་པ་ལས་གཟུགས་མི་རྟག་གོ་ཞེས་པ་ལ་སོགས་པར་འཛིན་པར་མི་འགྱུར་རོ། །དེ་ལྟར་ནི་སྔོན་པོ་ལ་སོགས་པ་རང་གི་མཚན་ཉིད་དང་མི་རྟག་པ་ཉིད་སྤྱི་ཡིན་ལ་འདི་དག་འདྲེས་པས་འཛིན་པའི་ཕྱིར། དེ་ཅི་ཁོ་ནའམ། རང་
གི་མཚན་ཉིད་ཁོ་ན་མ་ཡིན་ནོ། །དེའི་ཕྱིར་འདི་ནི་ཁྱད་པར་དང་སྤྱིའི་ངོ་བོ་གཞལ་བྱ་གཞན་པ་ཁོ་ན་སྟེ། མི་འཇལ་བར་འགྱུར་ན་འཇལ་བ་ཡང་ཡིན་ཏེ་དེའི་ཕྱིར་གཟུགས་མི་རྟག་ཅེས་པ་ལ་སོགས་པ་ཁྱད་པར་དང་སྤྱིའི་ཡུལ་འཛིན་པ་ཚད་མ་གཞན་ནོ། །དེ་ལྟར་ནི་དེ་མངོན་སུམ་མ་ཡིན་ཏེ་སྤྱི་ཡང་འཛིན་
เล่ม ๑๙๓ · หน้า 15a
པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ་ཁྱད་པར་ཡང་འཛིན་པའི་ཕྱིར་དང་། རྟགས་མེད་པར་ཡང་དེ་ལྟར་རྟོགས་པ་སྲིད་པའི་ཕྱིར་རོ། །དེ་ཅི་ལྟར་ཞེས་པ་སྟེ། དེ་འཛིན་པ་ཅི་ལྟར་ཚད་མ་གཞན་མ་ཡིན་ཞེས་པའི་དོན་ཏོ། །ལན་ཅིག་མ་ཡིན་པར་ཞེས་པ་སྟེ།
འདིས་ཀྱང་ཁྱད་པར་མཐོང་བ་ཞེས་བྱ་བ་གང་རྗེས་སུ་དཔག་པ་དེ་ཚད་མ་གཞན་ནོ་ཞེས་སྟོན་པར་བྱེད་དོ། །འདི་ལྟ་སྟེ་གཅིག་གི་ཚེ་མངོན་སུམ་གྱིས་མེ་དང་དུ་བ་ཡོངས་སུ་བཅད་པ་ན། སླར་ཡང་བརྒྱུད་པས་གང་གི་ཚེ་དུ་བ་དེ་ཁོ་ནས་མེ་དེ་ཁོ་ན་འདིའོ་ཞེས་ཡོངས་སུ་གཅོད་པ་དེའི་ཚེ་ཁྱད་པར་མཐོང་
བ་ཞེས་བྱ་བ་མེ་འཛིན་པ་ནི་ཚད་མ་གཞན་ཏེ། རྗེས་སུ་དཔག་པ་ནི་སྤྱི་ལས་མཐོང་བ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཡང་འདིར་རྗེས་སུ་དཔག་པར་འདོད་ལ། མཚན་ཉིད་དེ་ཡང་ཁྱད་པར་མཐོང་བ་ལ་མི་སྲིད་དེ་ཁྱད་པར་དང་རྟགས་འབྲེལ་པ་མི་རིགས་པའི་ཕྱིར་རོ། །དེ་ལྟར་རྣམ་པ་གཉིས་
དག་གིས་ཚད་མ་མང་པོ་ཉིད་སྲིད་དེ། གཞལ་བྱ་མང་པོ་ཉིད་ཀྱི་ཕྱིར་རམ། ཡུལ་གཅིག་ཁོ་ན་ཡང་ཚད་མ་དུ་མ་འཇུག་པའི་ཕྱིར་རོ། །དེ་གཉིས་ཀ་ལྟར་ཡང་ཕ་རོལ་པོས་འོ་ན་གང་ཞེས་པ་ལ་སོགས་པའི་གཞུང་གིས་བསྟན་པའོ། །ཡང་ན་གཞལ་བྱ་གཉིས་ཀ་བསྟན་པ་ལས་གང་ཚད་མ་གཅིག་དང་
དུ་མ་བསལ་བ་སྔར་བརྗོད་པ་དེ་མེད་དོ་ཞེས་བསྒྲུབས་པའོ། །རེ་ཞིག་ཡུལ་ངེས་པའི་ཕྱིར་གྲངས་གཅིག་བསལ་བ་ནི་མ་ཡིན་ཏེ། གང་གི་ཚེ་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཁོ་ན་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཚད་མ་གཞན་གྱི་ཡུལ་ལ་ཡང་འཇུག་པ་དེའི་ཚེ། མངོན་སུམ་ཡང་སྤྱི་ལ་འཇུག་པ་མི་འགལ་
བའི་ཕྱིར། མངོན་གྱུར་མ་ཡིན་པའི་ཕྱིར་ཡུལ་རྟོགས་པར་བྱ་བའི་ཆེད་དུ་རྗེས་སུ་དཔག་པ་བརྟག་པར་བྱ་བ་མ་ཡིན་པས་ཚད་མ་གཅིག་ཁོ་ནར་འགྱུར་རོ། །གསུམ་ལ་སོགས་པའི་གྲངས་བསལ་བ་ཡང་མ་ཡིན་ཏེ། གཞལ་བྱ་གཞན་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་གཞལ་བྱ་གཉིས་
ཉིད་ཀྱིས་ཚད་མ་གཉིས་སུ་བརྗོད་ན་གང་གི་ཚེ་གཞལ་བྱ་གཞན་སྲིད་པ་དེའི་ཚེ་དེ་རྟོགས་པར་བྱེད་པ་ཚད་མ་གཞན་དུ་འགྱུར་རོ་ཞེས་པས་ཚད་མ་གཉིས་དག་ཁོ་ན་མ་ཡིན་ནོ་ཞེ་ན། དེ་འཛིན་པ་ནི་ཡོད་ཀྱི་ཞེས་པ་འདི་ལ་བསྙོན་པར་བྱ་བ་མ་ཡིན་གྱི་འོན་ཀྱང་། དེ་ལ་རབ་སྦྱོར་བ། ཚད་མ་གཞན་
เล่ม ๑๙๓ · หน้า 15b
པ་མ་ཡིན་ནོ། །འདི་ནི་རེ་ཞིག་སྔ་མའི་ལན་ཏེ། དེ་ལ་ཞེས་པ་མི་རྟག་པ་ལ་སོགས་པ་དང་ཁ་དོག་ལ་སོགས་པ་ལའོ། །རབ་སྦྱོར་བ་ནི་སྦྱོར་བར་བྱེད་པའོ། །གང་དེ་སྦྱོར་བ་ལ་འཇུག་པ་དེའི་རྒྱུ་མཚན་ཅན་གྱི་ཤེས་པ་དེ་ཚད་མ་གཞན་མ་ཡིན་ནོ། །དེ་སྦྱོར་བ་ཡང་ཅི་ལྟར་ཡིན་ཞེ་ན་གསུངས་པ།
རང་དང་སྤྱིའི་མཚན་ཉིད་དག་གིས་ཞེས་པ་ལ་སོགས་པ་སྟེ། དང་པོར་རེ་ཞིག་གཟུགས་ལ་སོགས་པ་ནི་ཐ་སྙད་བྱ་བ་མ་ཡིན་པ་རང་གི་མཚན་ཉིད་དུ་མངོན་སུམ་གྱིས་འཛིན་ནོ། །ཕྱིས་དེ་ཁོ་ནའམ་ཁ་དོག་ཉིད་ལ་སོགས་པའི་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱིས་
རྣམ་པར་ཤེས་པས་སོ། །དེའི་ཕྱིར་སྤྱིའི་མཚན་ཉིད་མི་རྟག་པ་ཉིད་ལ་སོགས་པར་ཡང་གང་ཅུང་ཟད་བྱས་པ་དེ་ཐམས་ཅད་མི་རྟག་གོ་ཞེས་པ་འདི་ལྟར་བཟུང་ནས། དེ་ནས་ཁ་དོག་ལ་སོགས་པ་འདི་ནི་བྱས་པ་སྟེ་དེའི་ཕྱིར་མི་རྟག་གོ་ཞེས་ཡིད་ཀྱིས་ཁ་དོག་ཉིད་ལ་སོགས་པའི་སྤྱི་མི་རྟག་པ་
ཉིད་སྤྱི་ཉིད་དང་། སྦྱོར་བར་བྱེད་དེ་ལྡན་པར་བྱེད་དོ། །དེའི་ཕྱིར་ཚད་མ་གཞན་མ་ཡིན་གྱི་འོན་ཀྱང་རྗེས་སུ་དཔག་པ་ཁོ་ནའོ། །ཁྱད་པར་དང་སྦྱོར་བར་མི་བྱེད་པའི་རྒྱུ་ཅི་ཞེ་ན། དེ་དེས་མི་འཛིན་པའི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་གལ་ཏེ་ཁ་དོག་གི་སྤྱིས་མི་རྟག་པ་ཉིད་ལ་སོགས་པ་རྣམས་
སྦྱོར་བར་བྱེད་ན། དེ་ལྟར་གྱུར་པ་ན་མི་རྟག་པ་ཉིད་ལ་སོགས་པ་རྣམས་སྤྱི་དངོས་པོ་མེད་པ་ཁོ་ནའི་ཆོས་རྣམས་སུ་འགྱུར་གྱི། རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ཏེ་དེ་ལ་མི་འཇུག་པའི་ཕྱིར་རོ། །གང་དངོས་པོ་ལ་མི་འཇུག་པ་དེ་རྣམས་དངོས་པོའི་ཆོས་མ་ཡིན་ཏེ་དཔེར་ན་སྐྱེ་བ་མེད་པ་ལ་སོགས་
པ་རྣམས་བཞིན་ནོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ་དངོས་པོ་ཁོ་ན་མི་རྟག་པ་ཉིད་ལ་སོགས་པའི་རྣམ་པ་རྣམས་ཀྱིས་དེ་ལྟར་སྒྲུབ་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ལ་སྣང་བའི་སྤྱི་ཁོ་ན་ལ་དེ་ལྟ་བུའི་དངོས་པོར་ཞེན་པས་འཛིན་པ་དེ་ལྟ་ན་ཡང་དངོས་པོ་དེའི་སྐད་ཅིག་མ་ཉིད་ལ་
སོགས་པ་ཡོད་བཞིན་པ་ཁོ་ནའི་རྣམ་པ་རྣམས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལ་སྣང་ངོ་། །དེ་ཇི་ལྟར་གནས་པའི་དངོས་པོ་རྟོགས་པར་བྱེད་པའི་རྟགས་ལ་བརྟེན་ནས་སྐྱེས་པ་ནི་དངོས་པོ་ལ་ཡོད་པའི་རྣམ་པ་རྣམས་ཁོ་ནར་ཞེན་ཏོ། །དེའི་ཕྱིར་ཁ་དོག་སྤྱི་ལ་མི་རྟག་པ་ཉིད་ལ་སོགས་པ་
เล่ม ๑๙๓ · หน้า 16a
སྒྲུབ་པར་བྱེད་པ་ལ་ཡང་། དེ་ལ་དེའི་རྣམ་པ་གྲུབ་པས་དངོས་པོ་ཁོ་ན་ལས་རྣམ་པ་དེ་གྲུབ་བོ་ཞེས་རྟོགས་པར་བྱ་སྟེ། ཚོགས་པའི་ཁྱད་པར་ལས་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གྱི་ཤེས་པའི་ཡུལ་ལ་མཚན་མ་ལ་སོགས་པ་གྲུབ་པས་བཞིན་གྱི་ཕུན་སུམ་ཚོགས་པ་ལ་
སོགས་པ་དོན་ལས་གྲུབ་པ་བཞིན་ནོ། །རྗེས་སུ་དཔག་པའི་རྣམ་པར་རྟོག་པ་དེ་ནི་གལ་ཏེ་ཡང་དོན་ཡང་དག་པར་འབྱུང་བའི་རྣམ་པ་ཁོ་ནར་ལྷག་པར་ཞེན་པ་དེ་ལྟ་ན་ཡང་། དེས་རང་གི་མཚན་ཉིད་ཀྱི་ངོ་བོ་མ་བཟུང་བ་ཁོ་ནའོ། །གཞན་དུ་ན་མཐོང་བ་བཞིན་དུ་དེ་ལ་དངོས་པོའི་ངོ་བོ་གསལ་བར་སྣང་བར་
འགྱུར་རོ། །གང་གིས་མི་གསལ་བར་བཟུང་བ་ཅིག་ཤོས་ཀྱིས་མ་ཡིན་པ། དངོས་པོ་གཅིག་ལ་ཕན་ཚུན་མཚན་ཉིད་མི་མཐུན་པའི་རྣམ་པ་དག་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཁྱད་པར་མི་འཛིན་པའི་ཕྱིར་ཡོད་པ་ལ་མི་རྟག་པ་ཉིད་དང་སྦྱོར་བར་བྱེད་པ་མ་ཡིན་གྱི། འོན་ཀྱང་རང་གི་ཡུལ་ཁ་དོག་
གི་སྤྱི་ཁོ་ན་ལ་སྟེ། དེའི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །དེ་ལྟར་འདི་ནི་རྗེས་སུ་དཔག་པས་ཁ་དོག་ལ་སོགས་པ་མི་རྟག་པ་ཉིད་དུ་འཛིན་པའི་དབང་དུ་བྱས་ནས་བཤད་པའོ། །གང་གི་ཚེ་སྐད་ཅིག་མ་ཐ་མ་མཐོང་བས་འདི་ཞིག་གོ་ཞེས་ངེས་པར་འགྱུར་བ་དེའི་ཚེ་མངོན་སུམ་གྱིས་མི་རྟག་པ་ཉིད་ཀྱི་རང་
བཞིན་རྟོགས་པའི་ཕྱིར་བཟུང་ཟིན་པ་ཁོ་ན་ངེས་པར་བྱེད་དོ་ཞེས་པས་འདི་ཚད་མ་ཉིད་དུ་མི་འགྱུར་རོ། །དེའི་ཚེ་ཡང་ལན་ཅིག་མ་ཡིན་པར་ཞེས་པ་འདིའི་ཐུན་མོང་གི་ལན་འཆད་པར་འགྱུར་ཏེ། ཐུག་མེད་འགྱུར་ཕྱིར་ཞེས་པ་འདིར་ཤེས་པར་བྱའོ། །ཡང་ཅི་ལྟར་མངོན་སུམ་གྱིས་སྔར་བཟུང་བ་ཁོ་ན་ཕྱིས་
ངེས་པའི་ཤེས་པས་འཛིན་ཞེ་ན། གང་གི་ཕྱིར་མི་རྟག་པ་ཉིད་ཅེས་བྱ་བ་དངོས་པོ་གཡོ་བ་ལས་གཞན་འགའ་ཞིག་མ་ཡིན་ལ། དེས་ན་སྐད་ཅིག་མ་ཐ་མ་འདྲ་བ་གཞན་དང་མཚམས་སྦྱོར་བ་མེད་པ་མངོན་སུམ་གྱིས་ཡོངས་སུ་གཅོད་ཅིང་། དེའི་རང་བཞིན་འཇིག་པའི་ངང་ཅན་ཉིད་དུ་ཡང་རྟོགས་སོ་
ཞེས་པ་དང་། དེ་ཁོ་ན་ཡང་མི་རྟག་པ་ཉིད་དོ་ཞེས་པས་དེ་མངོན་སུམ་གྱིས་གྲུབ་བོ། །ཅི་སྟེ་ཡང་མི་རྟག་པ་ཉིད་དངོས་པོ་ལས་དོན་གཞན་ཡིན་པ་དེའི་ཚེ་རང་བཞིན་འཇིག་པའི་ངང་ཅན་མ་ཡིན་པར་འགྱུར་ཏེ། གཞན་ཡོད་པ་ན་གཞན་འཇིག་པ་ཞེས་བྱ་བ་ནི་མ་ཡིན་པས་སོ། །དེ་ལས་དངོས་པོ་
เล่ม ๑๙๓ · หน้า 16b
འཇིག་པའི་ངང་ཅན་ཉིད་ཀྱི་རང་བཞིན་དུ་འབྱུང་བའོ་ཞེ་ན། འདི་ནི་མི་རིགས་ཏེ། རང་ཉིད་གཡོ་བའི་རང་བཞིན་མ་ཡིན་པ་ནི་གཞན་གྱིས་རང་བཞིན་གཞན་སྐྱེད་པར་མི་ནུས་ལ། རང་བཞིན་གྱིས་གཡོ་བའི་བདག་ཉིད་ཡིན་ན་ཡང་མི་རྟག་པ་ཉིད་གཞན་འབྲས་བུ་མེད་པས་སོ། །དེ་ཉིད་དང་གཞན་ཉིད་
དག་ཏུ་བརྗོད་དུ་མེད་པ་ཉིད་ཡིན་ན་ཡང་། དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་རང་བཞིན་གྱི་དངོས་པོ་མ་ཡིན་ནོ་ཞེས་པས་ཀུན་རྫོབ་དང་མི་རྟག་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཁོ་ན་མི་རྟག་པ་ཉིད་དོ། །དེའི་ཕྱིར་ཡང་ཆོས་ཅན་གཟུགས་ལ་སོགས་པ་གཟུང་བ་ན་མི་རྟག་
པ་ཉིད་ཀྱང་གཟུང་བ་ཁོ་ནའོ་ཞེས་པས་བཟུང་ཟིན་པ་འཛིན་པའི་ཕྱིར་འདི་ཚད་མ་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཅན་ལས་གཞན་མ་ཡིན་ན། འོ་ན་དེ་ལྟ་ན། རྗེས་སུ་དཔག་པ་ཡང་ཚད་མ་མ་ཡིན་པར་འགྱུར་རོ། །དེ་ལྟར་ནི་ཆོས་ཅན་མ་གྲུབ་ན་ཆོས་སྒྲུབ་པར་མི་ནུས་ལ།
དེ་གྲུབ་ན་དེའི་བདག་ཉིད་ཡིན་པ་ཉིད་ཀྱིས་ཆོས་ཀྱང་གྲུབ་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་དེ་མ་ངེས་པའི་ཕྱིར་རོ། །འདྲ་བ་གཞན་འབྱུང་བས་དེ་ཁོ་ན་འདིའོ་ཞེས་འཁྲུལ་བ་པོའི་མངོན་སུམ་ནི་དེ་ལ་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་ལ། ངེས་པ་མེད་པའི་ཕྱིར་ཡང་། དེ་ནི་ཐ་སྙད་དུ་རུང་བ་མ་ཡིན་ཞིང་མ་
བཟུང་བ་དང་འདྲ་བ་ཁོ་ནའོ་ཞེས་པས་ན། དེ་དེ་ལ་ཚད་མ་ཉིད་མ་ཡིན་གྱི་འོན་ཀྱང་རྣམ་པ་གང་ལ་ངེས་པ་སྐྱེད་པར་བྱེད་ཅིང་དྲན་པའི་སྒོ་ནས་རབ་ཏུ་འཇུག་པ་དེ་ཁོ་ན་ལའོ། །ཅིའི་ཕྱིར་ཞེ་ན། ཚད་མ་ནི་རབ་ཏུ་འཇུག་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མ་ངེས་པའི་རྣམ་པ་རྣམས་ལ་
ངེས་པ་སྐྱེད་པར་བྱེད་ཅིང་དེ་ལ་རབ་ཏུ་འཇུག་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པ་ཚད་མའོ་ཞེས་པས་མི་མཚུངས་སོ། །འོ་ན་རྟོག་པ་གཉིས་པ་ལ་ཚད་མ་གཞན་མེད་དོ་ཞེས་པའི་གཞུང་ཅི་ལྟར་དྲང་བར་བྱ་སྟེ། ཇི་སྲིད་ཀྱིས་འདི་ཚད་མ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་འདི་ཚད་མ་མ་ཡིན་ནོ་ཞེས་སྨྲ་བར་རིགས་
པར་འགྱུར་རོ་ཞེ་ན། འདི་བདེན་མོད་འོན་ཀྱང་ཕ་རོལ་པོས་ཚད་མ་གཞན་ནོ་ཞེས་བྱས་ནས་ཉེ་བར་བཀོད་པ་དེའི་ཕྱིར་དེ་ཁོ་ན་ལྟར་བཀག་པའོ་ཞེས་པས་སྐྱོན་མ་ཡིན་ནོ། །ཡང་ཡང་ངོ་ཤེས་པ་ཡང་མ་ཡིན་ནོ་ཞེས་པ་སྟེ་ངོ་ཤེས་པ་འབྲས་བུར་བྱ་བ་ན་གང་ཁྱད་པར་མཐོང་བའི་ཤེས་པ་དེ་ཚད་མ་མ་ཡིན་ནོ་
เล่ม ๑๙๓ · หน้า 17a
ཞེས་པའི་དོན་ཏོ། །གལ་ཏེ་ཡང་ཤེས་པ་དང་ངོ་ཤེས་པ་དག་དངོས་པོར་ན་ཐ་དད་མེད་པ་དེ་ལྟ་ན་ཡང་ཚད་མ་དང་འབྲས་བུ་ལྟར་ཐ་དད་དུ་བརྟག་པར་བྱ་ན་ངོ་ཤེས་པར་བྱ་བའི་དོན་གྱིས་རྣམ་པར་སྐྱེ་བའི་ཤེས་པ་ནི་སྔར་བཟུང་བའི་དོན་འཛིན་པའི་ཕྱིར་ངོ་ཤེས་པའོ་ཞེས་པའོ། །ཡང་གི་
སྒྲས་མངོན་སུམ་གྱིས་བཟུང་བ་ཁོ་ན་ལ་སླར་ཡང་ཁ་དོག་ལ་སོགས་པ་མི་རྟག་གོ་ཞེས་གང་འཛིན་པ་དེ་ཡང་ཚད་མ་མ་ཡིན་ནོ་ཞེས་སྟོན་ཏོ། །ཡང་ཡང་ཞེས་པ་འདིས་ལན་ཅིག་མ་ཡིན་པ་ཞེས་པ་འདིའི་དོན་གསུངས་སོ། །འོ་ན་སྔར་གཟུང་བའི་དོན་ལན་ཅིག་འཛིན་པ་ན་ཡང་ཚད་མ་ཡིན་ན་ལན་ཅིག་མ་
ཡིན་པར་ཞེས་པ་དེ་བརྗོད་པ་ཅི་ཞེ་ན། ཕ་རོལ་པོའི་འདོད་པ་ཉེ་བར་བསྟན་པའི་དོན་ཉིད་ཀྱི་ཕྱིར་སྐྱོན་མེད་དེ། གང་གི་ཕྱིར་གྲངས་ཅན་པས་ཁྱད་པར་མཐོང་བ་རྗེས་སུ་དཔག་པའི་མཚན་ཉིད་དུ་བརྗོད་དེ། གང་གི་ཚེ་དུ་བ་དེ་ཁོ་ནས་མེ་དེ་ཁོ་ན་ཡང་ཡང་ཡོད་པ་ཉིད་དུ་རྟོགས་པའོ་ཞེས་པའོ། །དེའི་
ཕྱིར་དེའི་འདོད་པ་བསྟན་པའི་ཆེད་དུ་དེ་སྐད་བརྗོད་ཀྱི་ཡང་ལན་ཅིག་འཛིན་པ་ལས་ཚད་མའོ་ཞེས་བྱས་ནས་ནི་མ་ཡིན་ནོ། །རྩོད་པའི་གཞིར་གྱུར་པའི་དངོས་པོ་རྒྱུ་མེད་པར་རྟོགས་པ་མ་ཡིན་ནོ་ཞེས་པ་དེའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་འདྲི་བར་བྱེད་དོ། །སློབ་དཔོན་གྱིས་ཡུལ་རྟོགས་ཟིན་པ་ཉིད་ཚད་མ་ཉིད་མ་
ཡིན་པ་ལ་རྒྱུ་ཉེ་བར་སྟོན་པར་འགྱུར་བ་གསུངས་པ། ཐུག་མེད་ཐལ་ཕྱིར་ཞེས་པའོ། །གྲངས་དང་མཚན་ཉིད་ལས་ཚད་མ་རྣམས་འདི་ཙམ་ཉིད་ཡོངས་སུ་གཅོད་པ་ནི་ཐུག་པ་ཡིན་ལ། དེ་མེད་པར་ཐལ་ལོ་ཞེས་པའི་དོན་ཏོ། །མ་རྟོགས་པའི་དོན་རྟོགས་པར་བྱེད་པ་པོ་ཚད་མའོ། །སྤྱིར་ཚད་མའི་མཚན་
ཉིད་དེ། གྲངས་གཉིས་གསུམ་རྣམས་ཞེས་པ་ལ་སོགས་པ་དེར་མི་འགྱུར་རོ། །གལ་ཏེ་ཤེས་པ་ཐམས་ཅད་ཚད་མ་ཉིད་དུ་འདོད་ན་ཞེས་པ་འདིས་ནི་ཕྱོགས་སྔ་མ་དང་འགལ་བ་གསུངས་སོ། །ཐུག་པ་མེད་པར་རྣམ་པར་གཞག་པས་སེལ་བར་བྱེད་པའི་ཕྱིར་རོ། །དྲན་སོགས་བཞིན་ཞེས་པ་དཔེ་གསུངས་
པའོ། །ཡུལ་ལ་ཡང་འདི་ལྟར་བསྟན་པ་ཡོད་དོ་ཞེ་ན་གསུངས་པ། དྲན་པ་ཁོ་ན་དྲན་པའོ་ཞེས་པ་དངོས་པོ་ལ་ཀྟ་བྱས་པའི་ཕྱིར་རོ། །དཔེར་ན་ཞེས་པ་ལ་སོགས་པས་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དཔེ་ལ་སྟོན་པར་བྱེད་དོ། །དེ་བཞིན་ནོ་ཞེས་པ་ཚད་མའི་འབྲས་བུའོ། །གང་ལྟར་རྟོགས་
เล่ม ๑๙๓ · หน้า 17b
ཟིན་པའི་དོན་གྱི་ཡུལ་ཅན་དེ་ཚད་མ་མ་ཡིན་ཏེ་དྲན་པ་ལ་སོགས་པ་བཞིན། ཁྱད་པར་མཐོང་བ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །འདིར་འགྱུར་མོད་ཇི་ལྟར་མཐོང་བའི་ཁྱད་པར་དེ་ཁོ་ན་དེས་གཟུང་བ་མ་ཡིན་གྱི། འོན་ཀྱང་དེ་དང་མཚུངས་པ་ཉིད་དོ་ཞེ་ན། འོ་ན་རྗེས་སུ་དཔག་
པ་དེ་ཁྱད་པར་མཐོང་བ་མ་ཡིན་གྱི་འོན་ཀྱང་སྔར་མཐོང་བ་དང་མཚུངས་པ་ཉིད་དུ་ཕྱི་མ་འཛིན་པའི་ཕྱིར་སྤྱི་ལས་མཐོང་བ་ཁོ་ནའོ། །འདིར་འགྱུར་མོད་ཀྱི་དེར་ཡང་མེའི་སྤྱི་ཙམ་འཛིན་པ་འབའ་ཞིག་མ་ཡིན་ཏེ་སོ་སོར་ངེས་པའི་ཡུལ་ལ་གནས་པ་འཛིན་པའི་ཕྱིར་རོ་ཞེ་ན། ཁྱད་པར་ལ་བརྟེན་པ་འདི་ཙམ་གྱིས་ཐུན་
མོང་བ་ཉིད་ཉམས་པ་མ་ཡིན་ཏེ། དེ་ལྟར་ནི་ཨ་ཀ་རུའི་དུ་བ་ལ་སོགས་པས་དེ་སྐྱེད་པར་བྱེད་པའི་མེ་རྟོགས་པས་ཡང་མེའི་སྤྱི་ཁོ་ན་རྟོགས་ཀྱི་སོ་སོར་ངེས་པའི་ཁྱད་པར་ནི་མ་ཡིན་ནོ་ཞེས་པས་འདི་ནི་གྱི་ནའོ། །འདིར་འགྱུར་མོད་ཀྱི་གང་དུ་དཔེ་དང་དཔེ་ཅན་དག་ཐ་དད་པ་དེར་དེ་དག་སྤྱིས་རྗེས་སུ་དཔག་པ་སྲིད་
དོ། །འདིར་ནི་གང་དཔེ་དེ་ཁོ་ན་དཔེ་ཅན་ཏེ་དེ་ཁོ་ན་འདིའི་ཞེས་རབ་ཏུ་སྟོན་པའི་ཕྱིར་རོ། །དེའི་ཕྱིར་སྤྱིའི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་གང་ཁོ་ན་བསྒྲུབ་པར་བྱ་བ་དེ་ཁོ་ན་དཔེ་ཡིན་ན། དེ་ལྟར་ན་དེའི་ཚེ་དེས་བཟུང་ཟིན་པ་མ་བརྗེད་པས་འབྱུང་བར་བྱ་སྟེ། གཞན་དུ་ན་དཔེར་འགྱུར་བར་འོས་པ་མ་
ཡིན་པས་སོ། །དེའི་ཕྱིར་ཡང་རྟོགས་ཟིན་པའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་སྐྱོན་དེ་ཁོ་ནའོ། །ཅི་སྟེ་འདི་རྟོགས་ཟིན་པའི་ཡུལ་ཅན་མ་ཡིན་ཏེ་གང་གི་ཕྱིར་རྟོགས་ཟིན་པའི་ཆོས་ཅན་གྱི་སྔར་མཐོང་བའི་དོན་གྱིས་དངོས་པོའི་ཆོས་མ་རྟོགས་པ་འདིས་རྟོགས་པར་བྱའོ་ཞེས་སེམས་ན། འདི་ནི་མི་རིགས་ཏེ། གལ་ཏེ་
རེ་ཞིག་སྔ་མ་དང་ཕྱི་མའི་དུས་སུ་མཐོང་བའི་དོན་དག་ཐ་དད་པ་དེ་ལྟར་ན་གྱུར་ན་དེ་མ་ཡིན་པ་ལ་དེའི་དངོས་པོར་སྒྲོ་འདོགས་པ་ནི་ཕྱིན་ཅི་ལོག་ཁོ་ན་སྟེ་ཚད་མ་མ་ཡིན་ནོ། །འོན་ཏེ་ཐ་མི་དད་པ་དག་ཡིན་ན། རྟོགས་ཟིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་དེ་ནི་ཚད་མ་ཉིད་མ་ཡིན་པ་ཁོ་ནའོ། །སྔར་མཐོང་བའི་དོན་གྱི་
དངོས་པོ་དེའི་མ་རྟོགས་པ་རྟོགས་པར་བྱ་བའོ་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ནི་མི་རིགས་པར་བརྗོད་དེ། གང་གི་ཕྱིར་འདི་ནི་དོན་གྱི་ཆོས་ཅུང་ཟད་གང་སྔོན་མ་བྱུང་བ་མ་ཡིན་པ་ཕྱིས་འབྱུང་བ་ནི་མ་ཡིན་ནོ། །གལ་ཏེ་ཡིན་ན་ནི་དེ་ཁོ་ན་དེ་དག་གི་རང་བཞིན་ཐ་དད་པའི་རྟེན་ནོ་ཞེས་པས་དངོས་པོ་
เล่ม ๑๙๓ · หน้า 18a
ཐ་དད་པར་འགྱུར་རོ། །དེ་ལ་ཡང་སྐྱོན་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་ཁོ་ན་འདིའོ་ཞེས་ངེས་པ་ཁྱད་པར་དུ་མཐོང་བ་ཉིད་དུ་མངོན་པར་འདོད་པ་ནི་དྲན་པ་ལས་ཐ་དད་པ་མ་ཡིན་ནོ། །འདི་ནི་དྲན་པའི་རང་བཞིན་དེ་འདི་ལྟ་སྟེ་མཐོང་བའི་འདུ་བྱེད་མ་ཡིན་པ་ཉམས་པ་ལ་དེ་ཁོ་ན་
འདིའོ་ཞེས་སྔར་མཐོང་བའི་རྣམ་པར་ཞེན་པའོ། །དེ་འདི་ལ་ཡང་ཡོད་པས་དྲན་པ་ཁོ་ནའོ། །རང་གི་ངོ་བོ་ལ་ལོག་པར་རྟོགས་པ་བསལ་བའི་ཆེད་དུ་གསུངས་པ། མངོན་སུམ་ཞེས་པ་ལ་སོགས་པའོ། །དངོས་པོ་སོ་སོར་གྱུར་པ་ནི་མངོན་སུམ་སྟེ་པ་ལ་སོགས་པའི་བསྡུ་བའོ། །འདི་ནི་མཚོན་
བྱའོ། །རྟོག་པ་དང་བྲལ་བ་ཞེས་པ་མཚན་ཉིད་དོ། །རྟོག་པ་དང་ལྡན་པ་མེད་ཅིང་བྲལ་བ་འམ་རྟོགས་པས་ལྡན་པ་མེད་ཅིང་བྲལ་བ་ནི་རྟོག་པ་དང་བྲལ་བའོ། །རྟོག་པ་དང་བྲལ་བ་ངེས་པར་བསྟན་པ་ལས་ཀྱང་། དེ་ཤེས་པའི་བདག་ཉིད་དོ་ཞེས་རྟོགས་པར་བྱ་སྟེ། གང་གི་ཕྱིར་ཤེས་པ་ཁོ་ན་
ལ་རྟོག་པ་དང་འདྲེས་པ་ཡོད་ལ། དེའི་ཕྱིར་དེ་བཀག་པས་དེ་ཁོ་ན་རྟོགས་སོ། །དཔེར་ན་བཞོན་མ་བེའུ་མེད་པ་ཁྱེར་ལ་ཤོག་ཅེས་བེའུ་བཀག་པས་བ་ལང་བཞོན་མ་ཁོ་ན་རྟོགས་པར་བྱའི་གཞན་མ་ཡིན་པ་བཞིན་ནོ། །འོ་ན་རྟོག་པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཞེས་ཏེ། རྟོག་པ་རྣམས་མང་པོ་ཉིད་
ཀྱི་ཕྱིར་འདིར་འཆད་པར་འདོད་པའི་རྟོག་པ་གང་ཡིན་ཞེས་ཐེ་ཚོམ་ཟ་བའི་དྲི་བའོ། །མིང་དང་རིགས་སོགས་སྦྱོར་བའོ། །མིང་ནི་སོགས་པའི་སྒྲས་བསྡུས་ན་ཡང་། རིགས་ལ་སོགས་པ་རྣམས་དང་ནུས་པ་མཚུངས་པ་མ་ཡིན་པའི་ཕྱིར་ལོགས་སུ་བྱས་པའོ། །ནུས་པ་མཚུངས་པ་མ་ཡིན་པ་ཉིད་ནི་
མིང་ལ་ཡོད་པ་ཉིད་ཀྱི་ཕྱིར་དང་། རིགས་ལ་སོགས་པ་རྣམས་ནི་དེ་ལས་བཟློག་པའི་ཕྱིར་ཏེ། རིགས་ལ་སོགས་པ་རྣམས་ཡོངས་སུ་བརྟགས་པ་ཡིན་གྱི་དེ་ཁོ་ན་ཉིད་དུ་ཡོད་པ་རྣམས་མ་ཡིན་ནོ། །མིང་དང་རིགས་ལ་སོགས་པ་རྣམས་ཀྱི་སྦྱོར་བ་ནི་མིང་དང་རིགས་སོགས་སྦྱོར་བ་སྟེ། ཀྲྀ་ཏའི་
སྦྱོར་བ་ཡང་དྲུག་པའི་བསྡུ་བའོ་ཞེས་པ་ཚིག་སྡུད་དོ། །ཀྲྀ་ཏས་སྒྲུབ་བྱེད་དོ་ཞེས་པ་ཡང་ནའོ། །འདི་ཅི་ཡིན་ཞེ་ན་མིང་ལ་སོགས་པ་རྣམས་དེ་དང་ལྡན་པའི་དོན་དང་གང་གིས་སྦྱོར་བར་བྱེད་ཡང་དག་པར་སྲེ་བར་བྱེད་པའི་ཤེས་པ་དེ་རྟོག་པའོ། །འདིར་ཡང་སྦྱོར་བར་བྱས་ཟིན་པ་ཁོ་ནའི་ཤེས་པ་རྟོག་པ་བརྗོད་
เล่ม ๑๙๓ · หน้า 18b
པར་འདོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་གང་ཡང་སྦྱོར་བ་བྱས་ཟིན་པ་མ་ཡིན་པ་དེ་ལ་ཡང་རུང་བར་སྣང་བ་དེ་ཡང་ཡིན་ནོ། །གང་གང་ལ་རུང་བ་དེ་དེ་ལ་བྱེད་བཞིན་པ་མ་ཡིན་པ་ལ་ཡང་དེས་ཉེ་བར་བསྟན་པར་འོས་ཏེ། མེ་ལ་འཚེད་བྱེད་ཀྱི་ས་བཞིན་ནོ། །དེས་ན་ནུ་ཞོ་འཐུང་བ་ལ་སོགས་པ་རྣམས་ལ་བྱིས་
པ་ཆུང་ངུ་ལ་སོགས་པའི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་མིང་ལ་སོགས་པ་དང་སྲེ་བ་མེད་ན་ཡང་རྣམ་པར་རྟོག་པ་དང་བཅས་པར་གྲུབ་པར་འགྱུར་རོ། །འདོད་རྒྱལ་བའི་སྒྲ་རྣམས་ལ་ཞེས་པ་ལ་སོགས་པ་སྟེ། རིགས་ལ་སོགས་པ་འཇུག་པའི་རྒྱུ་མཚན་ལ་མི་ལྟོས་པ་རྣམས་ནི་འདོད་རྒྱལ་
བའི་སྒྲ་རྣམས་སོ། །གང་གི་ཕྱིར་རྟོག་པ་ནི་ཤེས་པའི་ཆོས་ཡིན་གྱི་སྒྲའི་ཆོས་མ་ཡིན་ལ། དེའི་ཕྱིར་མིང་གིས་ཁྱད་པར་དུ་བྱས་པའི་དོན་གཟུང་བར་བྱ་ཞེས་སྨྲ་བར་བྱ་བ་ལ་རྟོག་པ་ནི་མངོན་པར་བརྗོད་པ་སྒྲ་དང་ཡུལ་མཚུངས་པ་ཉིད་དུ་བསྟན་པའི་ཆེད་དུ་བརྗོད་པར་བྱ་ཞེས་པ་གསུངས་པའོ། །དེ་
ཡང་མངོན་པར་བརྗོད་པ་བཞིན་དུ་རྟོག་པའི་ཤེས་པ་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ལ། དེའི་ཕྱིར་དེ་མངོན་སུམ་མ་ཡིན་པ་ཉིད་དུ་མངོན་པར་འདོད་དོ་ཞེས་ཤེས་པར་བྱ་བའི་དོན་དུའོ། །ཌིཏ་ཐ་ཞེས་པ་ཌིཏ་ཐའི་སྒྲའི་རང་གི་ངོ་བོའི་བདག་ཉིད་ཀྱིས་དོན་དེ་དེ་དང་ཐ་མི་དད་པའི་ངོ་བོར་
རྟོགས་པར་བྱ་བའོ་ཞེས་གྲག་གོ། །དེ་བཞིན་དུ་རིགས་ལ་སོགས་པ་རྣམས་ཀྱིས་དེ་དང་ཐ་མི་དད་པར་ཉེ་བར་བཏགས་པར་གྱུར་པའི་དོན་གྱི་དོན་དེ་རྣམས་བརྗོད་པར་བྱ་བའོ། །དབྱུག་པ་ཅན་རྭ་ཅན་ཞེས་པ་སྦྱོར་བ་ཅན་དང་འདུ་བ་ཅན་གྱི་རྫས་ཀྱི་དབྱེ་བས་དཔེར་བརྗོད་གཉིས་སོ། །འདི་ལ་ཞེས་པ་བྱ་བ་
དང་རྫས་ཀྱི་སྒྲ་རྣམས་ལ་སྟེ། བྱ་བ་དང་རྫས་དག་དང་དེ་དང་ལྡན་པ་རྣམས་འབྲེལ་པ་གང་ཡིན་པ་དེ་སྒྲ་འཇུག་པའི་རྒྱུ་མཚན་ནོ། །དེ་ལྟར་ནི་བྱེད་པ་ཉིད་དབྱུག་པ་ཅན་ཉིད་ཅེས་པ་དངོས་པོའི་རྐྱེན་ནི་བྱ་བ་དང་བྱེད་པ་ལ་སོགས་པ་འབྲེལ་བ་ལ་འགྱུར་ཏེ། ཇི་སྐད་དུ་གསུངས་པ་ཚིག་སྡུད་དང་ཀྲྀཏ་དང་
དེ་ལ་ཕན་པ་རྣམས་ལ་འབྲེལ་པ་རྗོད་པར་བྱེད་པའོ་ཞེས་སོ། །སྒྲ་འཇུག་པའི་རྒྱུ་མཚན་ལ་ཡང་དངོས་པོའི་རྐྱེན་འགྱུར་ཏེ། དེ་སྐད་དུ་ཡང་གསུངས་པ། ཡོན་ཏན་གང་གི་དངོས་པོ་ལས་རྫས་ལ་སྒྲ་ངེས་པར་དེ་འཇུག་པ་དེ་རྗོད་པར་བྱེད་པ་ལ་ཏྭ་དང་ཏ་ལ་དག་གོ་ཞེས་སོ། །འཚེད་པ་དབྱུག་
เล่ม ๑๙๓ · หน้า 19a
པ་ཅན་ཞེས་ཡང་ཀྲྀཏ་དང་དེ་ཕན་དག་གོ། །དེའི་ཕྱིར་འདིར་འབྲེལ་པ་ལ་དངོས་པོའི་རྐྱེན་ནོ། །གཞན་རྣམས་ནི་དོན་གྱིས་སྟོང་པ་རྣམས་ཀྱིས་ཞེས་པ་རང་གི་ལུགས་བཟང་པོ་སྟོན་ཏེ། དོན་དེ་རིགས་ལ་སོགས་པའི་ཁྱད་པར་དང་བྲལ་བ་རྣམས་ཀྱིས་ཞེས་པའི་དོན་ནོ། །
ཇི་ལྟར་འདོད་རྒྱལ་བའི་སྒྲ་རྣམས་རིགས་ལ་སོགས་པའི་ཁྱད་པར་འཇུག་པ་ལ་མི་ལྟོས་པ་ཁོ་ནར་བརྡའི་དབང་ལས་རང་གི་དོན་མངོན་པར་རྗོད་པར་བྱེད་པ་དེ་ལྟར་བ་ལང་ལ་སོགས་པའི་སྒྲ་རྣམས་ཀྱང་སྟེ། འདོད་པ་ཅན་གྱི་དབང་གིས་འཇུག་པའི་སྒྲ་དེ་རྣམས་སྐྱེས་བུ་རྣམས་ཀྱིས་འདོད་པས་གང་དང་གང་དུ་
ཇི་ལྟ་བུར་གྱུར་པ་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེའི་དོན་དེ་ལྟ་བུར་གྱུར་པ་གོ་བར་བྱེད་པ་ཅིས་རྗོད་པར་བྱེད། རིགས་ལ་སོགས་པ་རྣམས་ནི་མ་གྲུབ་པས། དེ་རྣམས་ཀྱི་སྒྲ་འཇུག་པའི་རྒྱུ་མཚན་གྱི་དངོས་པོ་ག་ལ་ཡིན་ཞེས་དགོངས་པའོ། །ཅི་སྟེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་
ཡང་རུང་བ་མེད་ན་མེད་པའི་ཕྱིར་གཉིས་ཀ་ལ་རག་ལས་ནས་འཇུག་པ་དེ་ཅིའི་ཕྱིར་གཉིས་ལ་རག་ལས་ནས་སྐྱེ་བའི་ཤེས་པ་ལ་དབང་པོ་བསྟན་པ་ཁོ་ནས་བརྗོད་ཀྱི་ཡུལ་གྱིས་མ་ཡིན། སྣང་བ་ན་དབང་པོའི་ཤེས་པ་ཐམས་ཅད་ཀྱི་རྒྱུ་མཚན་མ་ཡིན་ཞིང་། འགའ་ཞིག་རྣམས་ཀྱི་མིག་གི་རྣམ་པར་
ཤེས་པའི་ཡང་མ་ཡིན་ནོ་ཞེས་ཉེ་བར་མ་བཀོད་ལ། ཡིད་ལ་བྱེད་པ་ནི་འཇིག་རྟེན་ན་ཡུལ་བཞིན་དང་མིག་བཞིན་དུ་རྒྱུ་ཉིད་དུ་རབ་ཏུ་གྲགས་པ་མ་ཡིན་པས་ཉེ་བར་མ་བཀོད་དོ། །ཡང་ན་ཡུལ་སྨོས་པས་རྒྱུ་གཞན་ཉེ་བར་མཚོན་པ་ཙམ་མོ། །འདིར་ཇི་ལྟར་ཅི་ཞིག་ལྟ་བར་མངོན་སུམ་གྱི་སྒྲ་བཤད་ནས།
དེ་རྣམ་པར་རྟོག་པ་མེད་པའི་ཡང་དག་པའི་ཤེས་པ་ཐམས་ཅད་ལ་མིང་ཉིད་དུ་ཡོངས་སུ་བཤད་པར་བྱ་བའོ་ཞེས་པ་སློབ་དཔོན་གྱི་དགོངས་པའོ། །གཞན་གྱིས་དེ་མི་ཤེས་པར་དབང་པོའི་རྒྱུ་མཚན་ཅན་ཏེ། འདི་མིང་གི་སྒྲ་མ་ཡིན་ཞེས་བསམས་ནས་དྲིས་པའོ། །སློབ་དཔོན་གྱིས་ཞལ་གྱིས་བཞེས་ནས་
ལན་གསུངས་པའོ། །ཐུན་མོང་མིན་པའི་རྒྱུ་ཉིད་ཕྱིར། །ཞེས་པ་སྟེ། གང་གི་ཕྱིར་དབང་པོ་རྣམས་ནི་རང་གི་རྒྱུད་དུ་གཏོགས་པའི་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དང་དབང་པོ་གཞན་གྱི་རྣམ་པར་ཤེས་པའི་རྟེན་དུ་མི་འགྱུར་ལ། དེའི་ཕྱིར་དེ་རྣམས་ཁོ་ནས་དབང་པོ་གཟུགས་ཅན་གྱི་རྣམ་པར་ཤེས་
เล่ม ๑๙๓ · หน้า 19b
པ་བསྟན་པ་རིགས་ཏེ། དེ་ཐུན་མོང་མ་ཡིན་པའི་རྒྱུད་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཁོ་ནར་རྟོགས་སུ་གཞུག་པར་ནུས་ཤིང་། ཡུལ་རྣམས་ཀྱིས་བསྟན་པས་ནི་མ་ཡིན་ཏེ། དེ་དེ་ལ་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ལ། དེ་ཡང་ཐུན་མོང་བའི་རྒྱུ་ཉིད་ཡིན་
པའི་ཕྱིར་རོ། །དེ་ལྟར་ནི་ཡུལ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་གཞན་གྱི་རྒྱུད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་བ་སྟེ། ཟླ་བ་གསར་པ་ལ་སོགས་པ་ལྟ་བ་རྣམས་ལ་རྒྱུད་དུ་མའི་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་དང་། དེའི་རྗེས་ལ་ཐོབ་པའི་ཡིད་ཀྱི་རྣམ་པར་ཤེས་པའི་
རྒྱུ་ཉིད་ཀྱི་ཕྱིར་རོ། །འདི་འདིར་དགོངས་པ་སྟེ། གང་གི་ཕྱིར་འཇིག་རྟེན་གྱིས་སྒྲ་འདི་བརྗོད་པར་བྱ་བ་འདི་ལ་རྟོགས་པར་བྱེད་པའི་ནུས་པ་ཡོད་དོ་ཞེས་གོ་བར་བྱེད་པ་ཉིད་མངོན་པར་མཐོང་ནས་སྒྲ་སྦྱོར་ལ། གོ་བར་བྱེད་པ་ཉིད་དེ་ཡང་དབང་པོའི་རྣམ་པར་ཤེས་པ་ལ་དབང་པོས་བསྟན་པས་
ན་ཡོད་ཀྱི་ཡུལ་གྱིས་བསྟན་པ་ལ་ཡོད་པ་མ་ཡིན་ཞིང་། གོ་བར་བྱེད་པ་ཉིད་ཀྱིས་ཀྱང་སྒྲ་སྦྱར་བར་འོས་པ་ཉིད་ལ་ཁྱབ་པོ། །དེའི་ཕྱིར་གོ་བར་བྱེད་པ་ཉིད་དེ་ཡུལ་གྱིས་བསྟན་པ་ལ་ལྡོག་པས་དེ་སྦྱར་བར་འོས་པ་ཉིད་ཀྱང་ལྡོག་པར་བྱེད་དོ། །དེའི་ཕྱིར་ཡུལ་རྣམས་ཀྱིས་བསྟན་པར་བྱ་བ་མ་ཡིན་
ནོ་ཞེས་པའོ། །འོ་ན་འདོད་པའི་དབང་གིས་འཇུག་པའི་སྒྲ་རྣམས་དོན་ཐམས་ཅད་གོ་བར་བྱེད་པར་རུང་བའོ་ཞེས་བརྗོད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འདོད་པ་ཁོ་ནས་འཇིག་རྟེན་པས་ཐུན་མོང་མ་ཡིན་པས་སྟོན་པ་ལ་ཡོད་ཀྱི་ཐུན་མོང་བས་མ་ཡིན་ཏེ། དེ་ལྟར་ནི་འཇིག་རྟེན་ཐུན་མོང་མ་ཡིན་པ་ཁོ་ནས་སྟོན་
པར་བྱེད་དོ། །སྟོན་པར་བྱེད་པ་གང་ཡིན་པ་ནི། ཐུན་མོང་མ་ཡིན་པས་ཐ་སྙད་བྱེད་པ་ཡང་མཐོང་སྟེ་ཞེས་པ་ལ་སོགས་པའོ། །ཐ་སྙད་ཉིད་ཀྱང་འཇིག་རྟེན་ན་དེས་རྣམ་པར་གཞག་པ་འདིར་བྱ་བ་སྟེ། དེའི་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་སེམས་སོ། །འདི་འཐད་དོ་ཞེས་པ་རིགས་པ་སྟེ། གང་གི་
ཕྱིར་མངོན་སུམ་རྟོགས་པ་དང་བྲལ་བར་མངོན་སུམ་ཁོ་ནས་གྲུབ་ན། འདིར་རིགས་པ་གཞན་གྱིས་ཅི་ཞིག་ཅེས་དགོངས་པའོ། །ཐམས་ཅད་ཀྱི་བརྗོད་པ་དང་འདྲེར་རུང་བའི་རྣམ་པར་རྟོག་པ་ནི་རང་རིག་པ་འམ་ཤེས་པ་གཞན་གྱིས་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ཞིང་། མངོན་སུམ་ཡང་རྣམ་
เล่ม ๑๙๓ · หน้า 20a
པར་རྟོག་པ་དང་མ་འདྲེས་པའི་ཕྱིར་ཏེ། རྣམ་པར་རྟོག་པ་དང་བྲལ་བ་ཁོ་ནར་བདག་ཉིད་ཡོངས་སུ་གཅོད་པ་སྐྱེའོ། །དེ་ལྟར་ནི་ཡུལ་ཐམས་ཅད་ལས་རྣམ་པར་རྟོག་པ་བཀུག་ནས་རྣམ་པར་རྟོག་པ་མ་ལུས་པ་ནུབ་པའི་ཡིད་ཀྱིས་གནས་པའི་སྲོག་ཆགས་ཀྱིས་ཀྱང་མིག་གི་རྣམ་པར་ཤེས་
པས་གཟུགས་མཐོང་སྟེ། དེ་ཡང་རྟོག་པ་དང་བྲལ་བ་མངོན་སུམ་ཁོ་ནའོ། །དབང་པོའི་བློ་རྣམས་རྟོག་པར་གྱུར་པ་ཁོ་ན་སྟེ། འོན་ཀྱང་དེ་རྣམས་ཉེ་བར་མཚོན་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་ནི་གཏམ་ཙམ་སྟེ། དེ་ལྟར་ན་རྣམ་པར་རྟོག་པ་མེད་པའི་སྐབས་ལས་ཕྱིས་ཅུང་ཟད་རྣམ་པར་རྟོག་པ་དེས་
བདག་གི་རྣམ་པར་རྟོག་པ་འདི་ལྟ་བུ་དང་འདི་ལྟ་བུར་གྱུར་ཏོ་ཞེས་སེམས་ཀྱི་རྒྱུན་སྲེ་བར་བྱེད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་འདི་ནི་ཉེ་བར་མཚོན་པར་བྱ་བའི་རང་གི་ངོ་བོ་ཅན་ཁོ་ན་སྟེ། དེ་གལ་ཏེ་དབང་པོའི་རྣམ་པར་ཤེས་པ་ལས་འགྱུར་ན་སྔར་ཡང་མཚོན་པར་བྱ་བར་འགྱུར་ན། རྣམ་པར་རྟོག་པ་
བསྡུས་པའི་གནས་སྐབས་ན་ཉེ་བར་མཚོན་པ་ཡང་མ་ཡིན་ནོ། །དེས་ན་དེ་དེ་ལ་མེད་དོ་ཞེས་རྟོགས་པར་བྱའོ། །དེ་ནི་འགྱུར་མོད། དབང་པོའི་བྱ་བ་ཅན་གྱི་ཤེས་པ་གང་ཡིན་པ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་དུ་ཁྱེད་ཅག་མངོན་པར་འདོད་པ་བརྗོད་པ་དང་འདྲེས་པ་སྦྲུལ་ལོ་སྦྲུལ་ལོ་ཞེས་རྒྱུན་གྱིས་འཇུག་པ་འདི་
རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་སྦྱོར་བ་པོ་དང་དོན་མཐོང་བ་པོ་སྟེ། དེ་རྣམ་པར་རྟོག་པ་ཡིན་ཡང་རྣམ་པར་རྟོག་པ་མེད་པའི་ཤེས་པ་བཞིན་དུ་མངོན་སུམ་ཁོ་ནར་འདོད་པར་བྱ་སྟེ། རྣམ་པ་གཞན་དུ་ན་མཐོང་བ་རྣམ་པར་ཆད་པར་འགྱུར་ཞིང་། རྣམ་པར་རྟོག་པ་ཡང་སྟེ། རྣམ་པར་རྟོག་པས་མཐོང་
བ་མ་ཡིན་པའི་ཕྱིར་དང་མཐོང་བས་རྣམ་པར་རྟོག་པས་བྱེད་པ་མ་ཡིན་པའི་ཕྱིར་དང་དེ་དག་ལྷན་ཅིག་མི་འཇུག་པའི་ཕྱིར་རོ། །རྣམ་པར་མ་ཆད་པར་མཐོང་བ་ཡང་ཡོད་དོ། །དེའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་འདི་ཁོ་ན་དབང་པོ་ལས་སྐྱེས་པའོ་ཞེ་ན། དེའི་ཚེ་རྣམ་པར་རྟོག་པ་ཅན་མངོན་སུམ་དུ་སྨྲ་བའི་
ཡང་། བ་ལང་ལ་སོགས་པ་ཉེ་བར་གྱུར་པའི་ཡུལ་དེ་ལ་མངོན་སུམ་འཇུག་པ་ན། དོན་གཞན་གྱི་མིང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་གཞན་མངོན་དུ་གྱུར་པ་ཡོད་ན། སོ་སོར་ཉེ་བར་གནས་པའི་ཡུལ་འཛིན་པའི་རྣམ་པར་རྟོག་པའི་ཤེས་པ་མངོན་སུམ་ཉིད་དུ་འདོད་པ་ཅི་ལྟར་ཆོད་པ་མ་ཡིན། ཆོད་ན་
เล่ม ๑๙๓ · หน้า 20b
ཡང་ཅི་ལྟར་མཐོང་བ་རྣམ་པར་མ་ཆད་པར་འགྱུར་ཞེས་པ་བརྩད་པ་མཚུངས་སོ། །འདིར་འགྱུར་མོད། རིགས་མི་མཐུན་པའི་རྣམ་པར་རྟོག་པའི་དུས་ན་མཐོང་བ་མེད་པ། དེ་ལྟ་ན་ཡང་དེ་རྣམ་པར་ཆད་པ་མ་ཡིན་པ་ཁོ་ནར་རྟོགས་པར་བྱ་སྟེ། ཤིན་ཏུ་མྱུར་བར་འཇུག་པས་མཐོང་བ་གཞན་
སྐྱེད་པས་ན་དེས་སྟོང་པའི་དུས་ན་མཚམས་སྦྱོར་བ་ཉིད་ཀྱི་ཕྱིར་མགལ་མེ་བཞིན་ནོ། །མགལ་མེ་ནི་ཡུལ་སྔ་མ་སྔ་མ་སྤངས་ནས་ཕྱི་མ་ཕྱི་མའི་ཡུལ་ལ་འཇུག་པ་སྟེ། འཁོར་ལོར་སྣང་བའི་ཡུལ་མཐའ་དག་ལ་ཁྱབ་པ་མ་ཡིན་ནོ་ཞེས་པས་དེ་ལ་རྣམ་པར་ངེས་པའི་ཡུལ་སྣང་བ་ཁོ་ནའི་རྣམ་པར་
ཤེས་པར་འགྱུར་གྱི་ཕྱོགས་ཐམས་ཅད་དུ་རྗེས་སུ་སོང་བ་སྣང་བ་ནི་མ་ཡིན་པར་འགྱུར་ན། འོན་ཀྱང་འཁོར་ལོར་སྣང་བའི་མཐོང་བར་འགྱུར་ཏེ། དེའི་ཕྱིར་མཚམས་སྦྱོར་བ་ལས་ངས་འཁོར་ལོ་མཐོང་ངོ་སྙམ་པའི་བློ་ཡིན་པ་ཇི་ལྟ་བ་དེ་ལྟར་འདིར་ཡང་ངོ་ཞེ་ན། དེ་ནི་མངོན་སུམ་རྣམ་
པར་རྟོག་པ་མེད་པར་སྨྲ་བ་ལ་ཡང་མཚུངས་ཏེ། གང་ཤིན་ཏུ་མྱུར་བར་འཇུག་པས་ཞེས་པ་ལ་སོགས་པར་བརྗོད་པ་དེ་ནི་རིམ་གྱིས་འབྱུང་བའི་མཐོང་བ་དང་རྣམ་པར་རྟོག་པ་དག་ལ་ཡང་རྣམ་པར་མ་ཆད་པ་མཐོང་བ་ཞེན་པ་སྒྲུབ་པར་བྱེད་པའི་ཆེད་དུ་མངོན་སུམ་རྣམ་པར་རྟོག་པ་མེད་པར་སྨྲ་བའི་
ཡང་ཡོངས་སུ་རྫོགས་པ་ཁོ་ནའོ། །ཡང་ན་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་ཤེས་པ་གཉིས་དག་ཅིག་ཅར་དུ་འཇུག་སྟེ། དེ་དག་རང་བཞིན་གྱི་དབྱེ་བ་ངེས་པར་མ་ཟིན་པའི་རྟོགས་པ་པོས་རྨོངས་པ་ལས་གཅིག་ཉིད་དུ་ལྷག་པར་ཞེན་ཏོ། །དེའི་ཕྱིར་
རྣམ་པར་རྟོག་པ་དང་བཅས་པ་འདི་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ། །དབང་པོའི་ཤེས་པ་ནི་དེ་དང་ལྷན་ཅིག་འབྱུང་བའམ་རིམ་གྱིས་འབྱུང་ཡང་རུང་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་པ་འདི་གནས་སོ། །མངོན་སུམ་རྟོག་པ་དང་བྲལ་བ། །མངོན་སུམ་ཁོ་ནས་གྲུབ་པ་ཡིན། །ཞེས་
སོ། །འདིར་ཁ་ཅིག་སྨྲ་སྟེ། གལ་ཏེ་མངོན་སུམ་གྱི་སྒྲས་མངོན་སུམ་བརྗོད་པར་བྱ་ན། དེ་རྟོག་པ་དང་བྲལ་བ་ཅི་ལྟར་ཡིན་ཏེ། ཅི་ལྟར་མ་བརྗོད་པ་རྟོགས་ཤེའོ། །དེ་ནི་རྟོག་པའི་རང་གི་ངོ་བོ་ཡང་དག་པར་བརྗོད་པ་ཁོ་ནས་བསལ་ལོ། །གང་ལས་བརྗོད་པར་བྱ་བའི་རྟོག་པ་དང་བྲལ་བ་
เล่ม ๑๙๓ · หน้า 21a
ལྡོག་པར་འགྱུར་བ་རྟོགས་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྟོགས་པའི་ཁྱད་པར་རོ་ཞེས་བཤད་དོ། །མངོན་སུམ་ཁོ་ནས་རྟོག་པ་དང་བྲལ་བ་ཉིད་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་ལུང་གིས་ཀྱང་ངོ་ཞེས་སྟོན་པ་གསུངས་པ། ཆོས་པ་ལ་སོགས་པའོ། །
ཡང་དག་པར་ལྡན་པ་ནི་ལྡན་པ་སྟེ། འགྲོགས་པ་ཞེས་པའི་དོན་ཏོ། །མིག་གི་རྣམ་པར་ཤེས་པ་དང་ལྡན་ཏེ་དེ་འདི་ལ་ཡོད་དོ་ཞེས་པ་མིག་གི་རྣམ་པར་ཤེས་པ་དང་ལྡན་པ་སྟེ། མིག་གི་རྣམ་པར་ཤེས་པ་དང་འགྲོགས་པ་ཞེས་པའི་བར་དུའོ། །སྔོན་པོ་རྣམ་པར་ཤེས་སོ་ཞེས་པ་སྔོན་པོའོ། །
དོན་རང་གི་ངོ་བོས་ཤེས་ཀྱི། སྔོན་པོའོ་ཞེས་པ་ནི་མ་ཡིན་གྱི། དེའི་མིང་གིས་འདི་སྔོན་པོའོ་ཞེས་ནི་ཤེས་པར་མི་བྱེད་དོ། །འདི་ཁོ་ན་ཚིག་ཕྱི་མ་གཉིས་ཀྱིས་གསལ་བར་བྱེད་དེ། དོན་ལ་དོན་དུ་འདུ་ཤེས་ཀྱི་ཞེས་པ་དོན་རང་གི་ངོ་བོར་འདུ་ཤེས་ཀྱི། དོན་ལ་ཆོས་སུ་འདུ་ཤེས་པ་ནི་མ་ཡིན་
ཞེས་པ་དོན་ལ་མིང་གི་འདུ་ཤེས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འོ་ན་ཅི་ལྟར་ཞེས་པ་ལ་སོགས་པ་སྟེ། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ནི་བསགས་པ་ལ་དམིགས་པ་རྣམས་སོ་ཞེས་པའི་གྲུབ་པའི་མཐའ་འདི་དེ་ཅི་ལྟར་རིགས་ཏེ། གལ་ཏེ་དེ་གཅིག་ཏུ་སྟེ་གཅིག་ཉིད་དུ་དམིགས་པ་ལ་མི་རྟོག་
ནའོ། །འདི་ལྟར་སེམས་ཏེ། བསགས་པའི་སྒྲས་ཚོགས་པ་བརྗོད་དོ། །དངོས་པོ་ལ་ནི་ཥྛཱས་བསྒྲུབས་པའི་ཕྱིར་རོ། །འདུས་པ་དང་བསགས་པ་དང་བསྡུས་པ་དང་ཚོགས་པ་ཞེས་པ་ནི་རྣམ་གྲངས་རྣམས་སོ། །བསགས་པ་དེ་ཡང་རྡུལ་ཕྲ་རབ་གཅིག་ལ་མེད་པ་ཁོ་ན་སྟེ། འོན་ཀྱང་མང་པོ་
རྣམས་ཀྱི་ཐུན་མོང་གི་ཆོས་ཡིན་ལ། སྤྱི་དེ་ལ་གལ་ཏེ་དབང་པོའི་བློ་རབ་ཏུ་འཇུག་ན། དེའི་ཚེ་འདི་རྣམ་པར་རྟོག་པ་ཅན་དུ་འགྱུར་ཏེ། སྤྱིའི་བློ་ནི་ངེས་པར་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་པས་སོ། །སྤྱི་དངོས་པོར་ཡོད་པའི་གྲུབ་པའི་མཐའ་འདོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེས་དེ་ལ་རྣམ་པར་རྟོག་
པ་བྱེད་པ་ཁོ་ནའོ་ཞེས་བྱས་ནས་སོ། །གང་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ནི་མིག་གི་རྣམ་པར་ཤེས་པའི་གཟུང་བྱ་ཉིད་ལ་སོགས་པའོ། །དེའི་ངོར་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འདི་རྣམས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་རྣམས་ཏེ། རྫས་ཀྱི་རང་གི་མཚན་ཉིད་ཀྱི་ནི་མ་
เล่ม ๑๙๓ · หน้า 21b
ཡིན་ནོ་ཞེས་པ་རྫས་ནི་སྔོན་པོ་ལ་སོགས་པ་བྱེ་བྲག་རྣམས་སོ། །སྔོན་པོ་ལ་སོགས་པའི་རྫས་ཀྱི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་བཀག་པས་ཤུགས་ལས་དེ་རྣམས་ཀྱི་ཡུལ་ནི་གང་སྤྱི་ཐ་དད་མེད་པ་དེ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །དེའི་ཕྱིར་ཡང་རྣམ་པར་རྟོག་པ་དང་བྲལ་བ་ཉིད་འགལ་ཏེ།
དེའི་བསྟན་བཅོས་དེ་རྣམ་པ་གཞན་དུ་དྲང་བར་ཅི་ལྟར་ནུས་ཞེས་པ་བསམ་པའོ། །དེ་གཉི་གའི་ཡང་ལན་ཅིག་གསུངས་པ། དེར་དོན་དུ་མས་བསྐྱེད་པའི་ཕྱིར་ཞེས་པ་ལ་སོགས་པའོ། །དེར་ཞེས་པ་བསྟན་བཅོས་སུའོ། །གཅིག་མིན་དོན་གྱིས་བསྐྱེད་བྱའི་ཕྱིར། །ཞེས་པ་རྡུལ་ཕྲ་རབ་གཅིག་
མ་ཡིན་པས་བསྐྱེད་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །རང་གི་རྒྱུ་དང་རྐྱེན་རྣམས་ལས་རྡུལ་ཕྲ་རབ་ཕན་ཚུན་ཐག་ཉེ་བའི་གནས་སྐབས་ཐོབ་པ་ཁོ་ནར་གྱུར་པ་སོ་སོར་རྣམ་པར་ཤེས་པ་སྐྱེད་པར་ནུས་པ་རྣམས་སྐྱེ་བ་ནི་བསགས་པའི་སྒྲས་བརྗོད་དེ། བསགས་པ་བསྡུས་པའི་རྣམ་གྲངས་ཅན་འདི་
རྣམས་ལ་ཡང་དག་པར་སྐྱེས་པའོ་ཞེས་པ་བསགས་པ་རྣམས་ཏེ། པ་ལ་སོགས་པ་རྣམས་ལས་བྱིངས་ལས་སྐྱེས་པའིའོ་ཞེས་པ་ཚིག་ཕྱི་མ་ཕྱིས་པ་ཅན་གྱི་འབྲུ་མང་པོ་བའོ། །དཔེར་ན་རབ་ཏུ་བསྡམས་པ་ཞེས་པ་བཞིན་ནོ། །འདིར་ཀྟའི་རྐྱེན་དངོས་པོ་བྱས་པའང་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན།
ལས་ཁོ་ན་ལས་ཏེ། ཕན་ཚུན་ཉེ་བར་ཕན་པའི་རྐྱེན་རྣམས་ཀྱིས་དེ་རྣམས་བསགས་ཏེ་འདུས་པར་བྱས་པས་སོ། །རྣམ་པ་དེ་ལྟ་བུའི་དུ་མ་དེ་རྣམས་ཀྱིས་རང་སྣང་བ་བསྐྱེད་དོ་ཞེས་པས་བསགས་པ་ལ་དམིགས་པ་རྣམས་ཞེས་གསུངས་སོ། །དེ་རྣམས་ཐམས་ཅད་ལའང་བསགས་པ་ཞེས་བྱ་བའི་
ཁྱད་པར་གྱིས་དམིགས་པ་སྟེ། རྫས་གཅིག་ཁོ་ན་ནི་མ་ཡིན་ནོ་ཞེས་བྱས་ནས་སོ། །གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ངོར་འདི་རྣམས་ཞེས་པ་ལ་སོགས་པ་གསུངས་པ་འདི་ལ་ཡང་། རྡུལ་ཕྲ་རབ་ཇི་སྐད་བརྗོད་པ་འདུས་པ་ཁོ་ན་དེ་རྣམས་ཀྱིས་མིག་ལ་སོགས་པ་རྣམ་པར་ཤེས་པ་བསྐྱེད་ཀྱི།
གཅིག་ཁོ་ནས་ནི་མ་ཡིན་ཏེ། དེའི་ཕྱིར། གཅིག་མིན་དོན་གྱིས་བསྐྱེད་པའི་ཕྱིར། །རང་དོན་ལ་སྤྱིའི་སྤྱོད་ཡུལ་ཅན། །ཞེས་གསུངས་སོ། །འདིའི་སྤྱོད་ཡུལ་སྤྱི་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །འོ་ན་སྤྱི་ནི་ཐ་མི་དད་པ་བཏགས་པ་ཡིན་ལ། དབང་པོའི་ཤེས་པའི་ཡུལ་ནི་རྡུལ་ཕྲ་རབ་ཅེས་བྱ་
เล่ม ๑๙๓ · หน้า 22a
བ་གཅིག་མིན་གྱི་དངོས་པོ་སྟེ། དེ་ཅི་ལྟར་སྤྱིའི་སྤྱོད་ཡུལ་ཅན་ཉིད་དུ་རྟོགས་པར་བྱ། ཞེ་ན། སྐྱོན་འདི་ནི་མེད་དེ། གང་དེ་བསགས་པའི་སྒྲ་དང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་སྒྲས་གསུངས་པ་རྡུལ་ཕྲ་རབ་གཅིག་མིན་གྱི་དངོས་པོ་དེ་ཁོ་ན་སོ་སོར་ངེས་པའི་རྣམ་པར་ཤེས་པ་
སྐྱེད་པར་བྱེད་པར་ནུས་པས་ཆོས་མཐུན་པས་ན་ཕན་ཚུན་ལྟོས་པས་ཐུན་མོང་བས་ཏེ། ཐུན་མོང་བ་ཁོ་ནའང་སྤྱིའོ། །རང་གི་དོན་ལ་དེ་ཕན་གྱིས་སྒྲུབ་པའི་ཕྱིར་རིགས་བཞི་ཉིད་ཅེས་པ་བཞིན་ནོ། །དེས་ན་འདི་སྐད་བཤད་པར་འགྱུར་ཏེ། བསགས་པའི་སྤྱོད་ཡུལ་ཅན་དང་སྐྱེ་མཆེད་ཀྱི་རང་གི་མཚན་
ཉིད་ཀྱི་སྤྱོད་ཡུལ་ཅན་དུ་གསུངས་སོ་ཞེས་པའོ། །ཐ་དད་པ་རྣམས་ལ་ཐ་མི་དད་པར་རྟོག་པ་ལས་ནི་མ་ཡིན་ནོ་ཞེས་པ། སྤྱིའི་ཡུལ་ཅན་དུ་གསུངས་པ་ཞེས་པ་འདི་དང་སྦྲེལ་ལོ། །ཐ་དད་པ་རྣམས་ལ་ཐ་དད་པ་མེད་པར་རྟོག་པས་ན་བསགས་པའི་ཡུལ་ཅན་དང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་
ཡུལ་ཅན་དུ་གསུངས་པ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །རྫས་ཀྱི་རང་གི་མཚན་ཉིད་ཀྱི་མ་ཡིན་ནོ་ཞེས་པ་འདིས་ཀྱང་རྡུལ་ཕྲ་རབ་གཅིག་གི་རྫས་ལ་ངེས་པ་བསལ་བ་བསྟན་བཅོས་སུ་མཛད་པར་བལྟ་བར་བྱའི། ཤུགས་ཀྱིས་འཕངས་པའི་སྤྱིའི་ཡུལ་ཉིད་ནི་མ་ཡིན་ནོ་ཞེས་པ་འགལ་བ་མེད་དོ། །
གང་རྣམས་དབང་པོའི་རྣམ་པར་ཤེས་པ་གཅིག་གི་འབྲས་བུ་ཅན་ཉིད་ཀྱིས་གཟུགས་ཀྱི་སྐྱེ་མཆེད་ལ་སོགས་པ་གཅིག་ཏུ་བསྡུས་ན་ཡང་། རྫས་དུ་མ་ཅིག་ཅར་གཟུང་བར་བྱ་བ་མ་ཡིན་གྱི་འོན་ཀྱང་རིམ་པ་ཁོ་ནས་སོ་ཞེས་སྨྲའོ། །དེ་རྣམས་ལ་འདི་བརྗོད་པར་བྱ་སྟེ། གལ་ཏེ་ཅིག་ཅར་རྫས་མང་པོ་
རྣམས་འཛིན་པ་མེད་ན། འོ་ན་ཅི་ལྟར་ཏིལ་དང་མ་ཤ་ལ་སོགས་པ་རྣམ་པར་ཆད་པའི་ཡུལ་ན་གནས་པ་རྣམས་ལན་ཅིག་ལ་འཛིན་པ་ཡིན་ཏེ། དེ་རྣམས་ཀྱིས་ལྡན་པ་མེད་པ་ཉིད་ཀྱི་ཕྱིར་དང་། རིགས་མི་མཐུན་པ་ཉིད་ཀྱི་ཕྱིར་གང་འཛིན་པར་འགྱུར་བ་རྫས་གཞན་གཅིག་པ་རྩོམ་པ་ནི་མེད་དོ། །གལ་
ཏེ་མཐོང་བ་མྱུར་དུ་འཇུག་པ་ཉིད་ཀྱི་ཕྱིར་འཁྲུལ་པས་རིམ་པ་ལྡན་པ་ཡང་དེར་རིམ་པ་མེད་པར་ལྷག་པར་ཞེན་པའོ་ཞེ་ན། དེའི་ཚེ་རིམ་གྱིས་ལྷུང་བ་དེ་རྣམས་ལའང་མྱུར་བ་ཉིད་མཚུངས་པ་ཉིད་ཀྱི་ཕྱིར་ལན་ཅིག་ཁོ་ན་ལ་འཛིན་ནོ་ཞེས་ལྷག་པར་ཞེན་པར་འགྱུར་རོ། །གཞན་ཡང་ར་ཡིག་དང་ས་ཡིག་ལ་
เล่ม ๑๙๓ · หน้า 22b
སོགས་པའི་ཡི་གེ་རྣམས་ལ་མྱུར་བར་འཇུག་པ་ཉིད་ཀྱི་ཕྱིར་མཐོང་བ་རིམ་པ་མིན་པར་འཛིན་པ་དང་ལྷག་པར་ཞེན་པར་འགྱུར་ཞིང་། དེ་ལས་ཀྱང་ར་ས་དང་ས་ར་ཞེས་པ་འདི་ལྟ་བུ་ལ་སོགས་པའི་སྒྲ་རྣམས་ལ་རིམ་པ་ཐ་དད་པ་ལས་མཉན་པ་ཐ་དད་པར་མི་འགྱུར་རོ། །མྱུར་དུ་འཁོར་བའི་ཆུའི་ཐིགས་
པ་ལྷུང་བ་ལ་སོགས་པ་རྣམས་ལ་ཡང་མཐོང་བ་མྱུར་བ་ཉིད་ཀྱི་ཕྱིར། རིམ་གྱིས་འཛིན་ཞེས་པའི་བསམ་པས་འཛིན་པར་ལྷག་པར་ཞེན་པར་མི་འགྱུར་རོ། །དེའི་ཕྱིར་ཇི་སྲིད་སྤྱོད་ཡུལ་དུ་གྱུར་པ་དེ་ཐམས་ཅད་ཅིག་ཅར་ཁོ་ནར་རྟོགས་པར་འགྱུར་རོ་ཞེས་པའོ། །སྨྲས་པ་ཡང་ཞེས་པ། སྤྱོད་
ཡུལ་ལས་ལོག་པར་རྟོགས་པ་སེལ་ཞིང་རྣམ་པར་རྟོག་པ་མེད་པ་ཉིད་དེ་ཁོ་ན་གཞུང་འཛུགས་ཏེ། ཆོས་ཅན་གཅིག་མིན་ངོ་བོ་ནི། །ཞེས་སོ། །དོན་གཞན་ལས་ལོག་པ་ལ་བརྟེན་པས་གང་ཆོས་ཀྱི་བྱེ་བྲག་ཐ་དད་བརྟགས་པ་སྤྱིའི་ངོ་བོ་ཤེས་བྱ་ཉིད་ལ་སོགས་པ་རྣམས་ཏེ། དེ་ལ་ལྟོས་པས་དུ་
མའི་ངོ་བོ་ཞེས་བརྗོད་ཀྱི། ཡང་དངོས་པོར་ན་གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཆོས་ཅན་འདི་ནི་ཆ་དང་ལྡན་པ་མ་ཡིན་ནོ། །དེའི་བརྟགས་པའི་དབྱེ་བ་དེ་རྣམས་རྟོག་པའི་ཤེས་པ་ཁོ་ནའི་ཡུལ་ཡིན་གྱི་ཅིག་ཤོས་ཀྱི་ཡུལ་མ་ཡིན་ནོ་ཞེས་སྟོན་པ་གསུངས། དབང་པོ་ལས་རྟོགས་ཀུན་
དུ་མིན། །ཞེས་པ་སྟེ། དབང་པོ་ལས་ཞེས་པ་ལ་རྒྱུ་ལ་ལྔ་པའོ། །ལག་པ་ཕྱིས་པ་ལ་ཡང་ནའོ། །དབང་པོའི་རྒྱུ་ལས་སམ་ཡང་ན་དབང་པོ་ཐོབ་པར་བྱས་ནས་རྣམ་པ་ཐམས་ཅད་དུ་རང་དང་སྤྱིའི་མཚན་ཉིད་དག་གིས་འཛིན་པར་མི་འགྱུར་རོ་ཞེས་པའི་དོན་ཏོ། །འོ་ན་དེའི་དམིགས་པ་ཅི་འདྲ་
བ་ཡིན་ཞེ་ན་གསུངས་པ། རང་གིས་རིག་བྱ་ཞེས་པ་ལ་སོགས་པའོ། །རང་གིས་རིག་པར་བྱ་བ་ནི་ཀུན་དུ་འགྲོ་བ་ཅན་མ་ཡིན་པའོ། །བསྟན་བྱ་མིན་ན་བརྗོད་བྱ་མ་ཡིན་པའོ། །ཡང་ན་རང་གིས་རིག་བྱ་ཞེས་བརྗོད་པ་ལ། དེའི་རང་བཞིན་ནི་ཅི་ཡིན་པ་བརྗོད་པར་བྱའོ་ཞེ་ན། བསྟན་བྱ་
མིན་པ་ཞེས་པ་སྟེ། བསྟན་བྱ་མིན་པ་ཉིད་ནི་དེའི་ཤེས་པ་དག་ངོ་བོ་ཐ་དད་པའི་ཕྱིར་རོ་ཞེས་སེམས་སོ། །དེ་ལྟར་ནི་གང་སྒྲ་ལས་བྱུང་བའི་ཤེས་པ་དང་གང་དབང་པོ་ལས་བྱུང་བ་སྟེ། འདི་དག་གི་སོ་སོར་སྣང་བ་ནི་ཐ་དད་དེ་གསལ་བ་དང་མི་གསལ་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་དབང་པོའི་བྱ་བ་
เล่ม ๑๙๓ · หน้า 23a
ཅན་ལ་དོན་གྱི་ངོ་བོ་དབང་པོའི་ཤེས་པ་ལ་གསལ་བའི་རྣམ་པས་སོ་སོར་སྣང་བ་དེ་ལྟར་ནི་སྒྲ་ལས་བྱུང་བ་ལ་མེད་དེ། གལ་ཏེ་དབང་པོའི་སྤྱོད་ཡུལ་ཁོ་ན་བསྟན་པར་བྱ་བར་འགྱུར་ན་སྒྲ་ལས་བྱུང་བ་ལ་ཡང་དེ་ལྟ་ཁོ་ནར་སོ་སོར་སྣང་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །གང་
སྒྲ་ལས་བྱུང་བ་ལ་སྣང་བ་མ་ཡིན་པ་དེ་ནི་སྒྲ་དོན་ཡང་མ་ཡིན་ནོ། །དེའི་ཕྱིར་ཚུལ་ཐ་དད་པའི་ཤེས་པའི་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་དཀར་པོ་ཉིད་ལ་སོགས་པ་ཐ་སྙད་ཀྱིས་བསྟན་བྱ་ནི་དབང་པོའི་ཡུལ་མ་ཡིན་ནོ་ཞེས་པའོ། །གང་གང་ལས་ཐ་དད་པའི་ཚུལ་ཅན་གྱི་ཤེས་པའི་གཟུང་བྱ་དེ་ནི་དེ་
མ་ཡིན་པ་ཁོ་ན་སྟེ། དཔེར་ན་རྟ་ལས་ཐ་དད་པའི་ཤེས་པའི་གཟུང་བར་བྱ་བ་མ་ཧེ་བཞིན། སྒྲའི་ཡུལ་དཀར་པོ་ཉིད་ལ་སོགས་པ་ལའང་། དབང་པོའི་ཡུལ་ལས་ཐ་དད་པའི་ཚུལ་ཅན་གྱི་ཤེས་པའི་གཟུང་བྱ་ཡིན་ནོ། །ཁྱབ་བྱེད་དང་འགལ་བའོ། །དེ་ལྟར་འགྱུར་མོད་ཀྱི་དབང་པོའི་ཤེས་པའི་
རྟེན་ནི་མིག་ལ་སོགས་པ་དང་། སྒྲ་ལས་བྱུང་བའི་ནི་ཡིན་ཏེ། དེའི་ཕྱིར་རྟེན་ཐ་དད་པ་ལས་ཡུལ་གཅིག་པ་ཉིད་ན་ཡང་། དེ་དག་གི་སྣང་བ་ཐ་དད་པའོ་ཞེ་ན། གལ་ཏེ་དེ་ལྟ་ན། ཅི་ལྟར་ད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་དོན་ཐ་དད་པ་ཞེས་ཁྱེད་ཅག་ལ་ངེས། དེར་ཡང་དེ་
རྣམས་ཀྱི་ཡུལ་གཅིག་ཁོ་ན་ཡིན་ལ་སྣང་བ་ཐ་དད་པ་ནི་རྟེན་གྱི་དབྱེ་བ་ལས་སོ་ཞེས་བརྗོད་པར་ནུས་པས་སོ། །གལ་ཏེ་དོན་གྱི་རྣམ་པ་འགའ་ཞིག་གི་རྗེས་སུ་བྱེད་པའི་ཕྱིར། སྒྲ་ལས་བྱུང་བ་ཁོ་ནའི་ཡུལ་གཅིག་ཉིད་ཡིན་ཞིང་། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ཀྱི་ནི་མ་ཡིན་ཏེ།
དེ་རྣམས་ནི་ཕན་ཚུན་དོན་གྱི་རྣམ་པ་ཅིའི་ཡང་རྗེས་སུ་བྱེད་པ་མེད་པས་སོ་ཞེ་ན། མ་ཡིན་ཏེ་དེ་ལ་ཡང་ཤེས་བྱ་ཉིད་ལ་སོགས་པ་རྗེས་སུ་བྱེད་པ་ཉིད་ཡོད་པ་ཁོ་ནའོ། །གལ་ཏེ་སྒྲ་ལས་བྱུང་བ་དང་དབང་པོའི་ཤེས་པ་དག་ཡུལ་གཅིག་མ་ཡིན་ན། གང་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དེ་བ་ལང་ངོ་
ཞེས་ཉེ་བར་བསྟན་པ་ལས་བ་ལས་རྟོགས་ནས་ཕྱིས་གསལ་བའི་ཁྱད་པར་མཐོང་བ་པོས། གང་འདི་ནི་བདག་གིས་ཐོས་པའོ། །འདི་ནི་འདིའོ་ཞེས་པ་འདི་ལྟ་བུར་ཅི་ལྟར་རྟོགས། བ་ལང་འོན་ཅིག་ཅེས་བརྗོད་པ་ན་དབང་པོའི་ཡུལ་ཁོ་ན་ལ་ཡང་ཅི་ལྟར་འཇུག །གཞན་ཉེ་བར་དམིགས་པ་དང་ལྡན་
เล่ม ๑๙๓ · หน้า 23b
པས་གཞན་ལ་དེ་ཁོ་ན་འདིའོ་ཞེས་རྟོགས་པར་འགྱུར་བ་ནི་མེད་ཅིང་། གཞན་ལ་སྐུལ་བ་ན་གཞན་དུ་འཇུག་པ་རིགས་པ་ཡང་མ་ཡིན་ལ། སྒྲ་ལས་དབང་པོའི་ཡུལ་ལ་དེ་ལྟར་རྟོག་པ་དང་འཇུག་པར་ཡང་འགྱུར་ཏེ། དེའི་ཕྱིར་དེ་དག་གི་ཡུལ་གཅིག་པའོ་ཞེས་པའི་རྟོག་པ་གང་དེ་
ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། དེ་ཁོ་ན་ཉིད་རྣམ་པར་དཔྱོད་པར་བྱེད་པའི་འཆད་པ་པོ་རྣམས་ནི་ཡུལ་རྣམ་པར་དབྱེ་བ་འདི་ལྟ་བུ་བྱེད་ཀྱི། ཐ་སྙད་བྱེད་པ་པོ་རྣམས་ནི་མ་ཡིན་ཏེ། དེ་རྣམས་ནི་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པས་སྣང་བ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་
བྱས་ནས་ཐ་སྙད་དུ་བྱེད་དོ་ཞེས་པ་ཤིན་ཏུ་འཕྲོས་པར་བྱེད་དོ། །དེ་ལྟར་རང་གིས་རིག་པར་བྱ་བ་བསྟན་བྱ་མིན་པའི་ངོ་བོ་ནི་མངོན་སུམ་གྱི་ཡུལ་ཏེ། རྣམ་པ་འདི་ལྟ་བུ་ལ་རྟོག་པ་འཇུག་པ་ཡང་མ་ཡིན་ཏེ། དེ་ནི་སྒྲ་དང་ཡུལ་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཡུལ་ངེས་པར་བསྟན་པས་ཀྱང་
མངོན་སུམ་རྣམ་པར་རྟོག་པ་མེད་པ་ཉིད་དུ་གཞུང་བཙུགས་པར་འགྱུར་རོ། །འོ་ན་ད་ནི་མངོན་སུམ་མ་ངེས་པའི་བདག་ཉིད་ལ་ཅི་ལྟར་ཐ་སྙད་དུ་འགྱུར། འདི་ཉིད་དོ་ཞེས་ངེས་པས་ནི་བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་བྱེད་དག་ཐོབ་པ་དང་སྤོང་བའི་ཆེད་དུ་རབ་ཏུ་འཇུག་པས་སོ་ཞེ་ན། སྐྱོན་འདི་ནི་
མེད་དེ་མངོན་སུམ་དོན་ལ་ལྟ་བ་ཙམ་ཡིན་ན་ཡང་མངོན་སུམ་གྱིས་ཉམས་སུ་མྱོང་བས་གཞག་པའི་མཐུ་ལས་བྱུང་བའི་དྲན་པ་སྔོན་དུ་འགྲོ་བའི་མངོན་པར་འདོད་པ་དང་ཅིག་ཤོས་དག་གིས་ཐ་སྙད་དུ་འགྱུར་རོ། །འདི་ནི་དངོས་པོའི་ཆོས་ཏེ། གང་ཉམས་སུ་མྱོང་བ་ཤིན་ཏུ་གསལ་བ་དྲན་པའི་ས་
བོན་འཇོག་ཅིང་ཇི་ལྟ་བུའི་བདེ་བའི་སྒྲུབ་པར་བྱེད་པའམ་སྡུག་བསྔལ་སྒྲུབ་པར་བྱེད་པ་ཉམས་སུ་མྱོང་བ་དེ་འདྲ་བ་མཐོང་བ་ལས། འདི་སད་པར་གྱུར་པ་ན་དེ་ཁོ་ན་འདིའོ་ཞེས་དྲན་པར་འགྱུར་རོ། །དེ་ལས་མངོན་པར་འདོད་པ་དང་ཅིག་ཤོས་དག་གིས་གང་ཡང་རུང་བའོ། །དེ་ལས་ཀྱང་སྐྱེས་བུའི་ཇི་
ལྟར་འོས་པར་འཇུག་པའོ་ཞེས་པའོ། །དེ་ལྟར་རེ་ཞིག་ཅེས་པ་ལ་སོགས་པ་ནི་མཇུག་བསྡུ་བ་སྟེ། འདིར་དེ་ལྟར་རེ་ཞིག་དབང་པོ་ལྔ་ལས་སྐྱེས་པ་ཞེས་པའི་ཚིག་ལས། རེ་ཞིག་གི་སྒྲས་དབང་པོ་ལྔ་ལས་སྐྱེས་པ་མ་ཡིན་པ་གཞན་ཡང་ཡོད་ལ། དེའི་ཡང་མཚན་ཉིད་ཀྱི་ཁྱད་པར་ལོགས་སུ་
เล่ม ๑๙๓ · หน้า 24a
འཆད་པར་འགྱུར་རོ་ཞེས་པ་འདི་གསལ་བར་བྱས་སོ། །དེ་ཐམས་ཅད་ཀྱང་རྟོག་པ་མེད་པ་ཁོ་ནའོ་ཞེས་འཐད་པའི་སྒོ་ཁོ་ནར་ཡོངས་སུ་རྟོགས་པར་བྱས་སོ། །དེས་ན་མཁས་པའི་བློ་གྲོས་ཅན་འགའ་ཞིག་གི་རྩོད་པ་དོགས་པར་འགྱུར་རོ། །དེ་ལ་འདི་ནི་རྩོད་པ་སྟེ། འོ་ན་མངོན་
སུམ་གྱི་དབྱེ་བ་འདི་རྣམས་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་ཡང་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པ་འདི་ཁོ་ནས་བསྡུས་ཏེ། དེ་ལྟར་ནི་འཐད་པའི་སྒོས་འདི་རྣམས་ཀྱི་མཚན་ཉིད་ཐ་དད་པར་བྱས་སོ། །དེས་ན་འདིར་མཚན་ཉིད་ཀྱི་དབྱེ་བ་ཐ་དད་པ་འདི་ལོགས་སུ་
བརྗོད་པར་བྱ་བ་ཅིའི་དོན་དུ་ཡིན་ཞེས་པའོ། །དེའི་ཕྱིར་འདིའི་ལན་གླན་པའི་ཆེད་དུ་གསུངས་པ། འདིར་ཁྱད་པར་ན་གཞན་གྱི་འདོད་པ་ལ་ལྟོས་པ་ཞེས་པའོ། །ཁྱད་པར་དང་བྱེ་བྲག་དང་དབྱེ་བ་ཞེས་པ་ནི་རྣམ་གྲངས་སོ། །དེ་ཡང་སྐབས་ཉིད་ཀྱི་ཕྱིར་མངོན་སུམ་གྱི་མཚན་ཉིད་ཀྱི་ཞེས་རྟོགས་པར་བྱའོ། །
འདིར་ཞེས་པ་ནི་རབ་ཏུ་བྱེད་པར་རོ། །གང་འདི་མཚན་ཉིད་ཀྱི་ཁྱད་པར་ལོག་པ་དེ་ནི་གཞན་རྣམས་ཀྱིས་ལོག་པར་རྟོགས་པའི་མཚན་ཉིད་གང་འདོད་པ་དེ་ལ་ལྟོས་པའོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་མངོན་སུམ་ལ་དབང་པོའི་ཤེས་པས་ཉམས་སུ་མྱོང་བའི་དོན་དེ་ཁོ་ན་འཛིན་ནོ་ཞེས་འགའ་ཞིག་
ལོག་པར་རྟོགས་སོ། །འདོད་ཆགས་ལ་སོགས་པའི་རང་རིག་པ་དེ་མེད་དེ་ཞེས་སོ། །རྣལ་འབྱོར་པའི་ཤེས་པ་ལ་ཡང་འདི་ཁོ་ནར་རོ། །གང་གི་ཕྱིར་དེ་ལྟར་གཞན་རྣམས་ཀྱི་ལོག་པར་རྟོགས་པ་དེའི་ཕྱིར་དེ་ལ་ལྟོས་པས། མངོན་སུམ་རྟོག་པ་དང་བྲལ་བས། །ཅེས་པ་འདིས་བསྡུས་ཀྱང་དབང་
པོ་ལྔ་ལས་སྐྱེས་པ་མ་ཡིན་པའི་མངོན་སུམ་གྱི་མཚན་ཉིད་ཀྱི་ཁྱད་པར་ལོག་པར་བརྗོད་དེ་གཞན་གྱི་ལོག་པར་རྟོགས་པ་བསལ་བའི་ཆེད་དུའོ་ཞེས་པ་དགོངས་པའོ། །གཞན་རྣམས་ནི་གང་ལས་ཁྱད་པར་འདི་བྱེད་པ་དབང་པོ་ལྔ་ལས་སྐྱེས་པ་རྟོག་པ་དང་བཅས་པ་ཡང་ཡོད་དམ་ཅི་ཞེ་ན་གསུངས་པ།
གཞན་གྱི་འདོད་པ་ལ་ལྟོས་པའང་ཞེས་པ་ལ་སོགས་པ་སྟེ། གཞན་རྣམས་དབང་པོ་ལས་སྐྱེས་པའི་ཤེས་པ་འགའ་ཞིག་རྟོག་པ་དང་བཅས་པ་སྟེ་གང་ཐ་སྙད་ལ་བྱང་བའིའོ། །འགའ་ཞིག་རྟོག་པ་མེད་པ་སྟེ་གང་ཅིག་ཤོས་ཀྱིའོ་ཞེས་འདོད་པ་དེའི་ཕྱིར་དེ་ལ་ལྟོས་པས་རྟོག་པ་དང་བྲལ་བ་
เล่ม ๑๙๓ · หน้า 24b
ཞེས་པ་འདིར་དབང་པོའི་ཤེས་པའི་ཁྱད་པར་ཏེ། ཕ་རོལ་གྱིས་ཡོངས་སུ་བརྟགས་པ་དབང་པོའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་རྣམ་པར་གཅད་པར་བྱ་བའི་དོན་དུའོ་ཞེས་རྣམ་པར་འཆད་དོ། །དེ་རྣམས་ཀྱི་ལྟར་ན་གལ་ཏེ་གཞན་གྱི་འདོད་པ་ལ་ལྟོས་པས་ཁྱད་པར་འདི་བརྗོད་པ་ཡིན་ན།
དེ་ལྟར་གྱུར་ན་གཞན་གྱི་འདོད་པ་ལ་ལྟོས་པའི་ཁྱད་པར་འདི་བྱ་བ་མ་ཡིན་པ་ན། རང་གི་ལུགས་ཀྱི་མཚན་ཉིད་མ་བརྗོད་པ་ཁོ་ནར་འགྱུར་ལ། དེ་ལས་ཀྱང་མངོན་སུམ་གྱི་མཚན་ཉིད་ཅིར་འགྱུར། རྩོད་པ་འདི་ཡང་མཉམ་པར་མ་བཞག་པར་འགྱུར་རོ་ཞེས་པ་འདི་ནི་མི་རིགས་སོ། །ཐམས་
ཅད་ནི་རྣམ་པར་རྟོག་པ་མེད་པ་ཁོ་ནའོ་ཞེས་པའི་ནིའི་སྒྲས་མཚན་ཉིད་ཀྱི་ཁྱད་པར་ལོག་པར་བརྗོད་པ་འདི་རང་གི་ལུགས་ལ་ལྟོས་པ་མ་ཡིན་ཏེ། ལོག་པར་རྟོགས་པ་མེད་པའི་ཕྱིར་ཞེས་པའི་དོན་གསལ་བར་བྱེད་དོ། །མངོན་སུམ་རྟོག་པ་དང་བྲལ་བ་ཞེས་པའི་ཁྱད་པར་འདི་ཁོ་ནས་མཚོན་བྱ་
ཐམས་ཅད་བསྡུས་སོ། །ཡིད་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་གི་སྒྲ་ནི་བསྡུ་བའི་དོན། །དོན་གྱི་སྒྲ་འདི་ནི་ཤེས་བྱའི་རྣམ་གྲངས་སོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱི་རང་ནི། ཆགས་ལ་སོགས། རང་ངོ་། །རང་གི་སྒྲ་འདི་ནི་བདག་ཉིད་རྗོད་པར་བྱེད་པའོ། །དོན་དང་ཆགས་པ་
སོགས་རང་ངོ་། །དེ་རིག་པ་ནི་དོན་དང་ཆགས་ལ་སོགས་རང་རིག་པ་སྟེ། འདིས་རིག་པར་བྱ་ཤེས་པར་བྱ་ཞེས་པ་རིག་པའོ། །རིག་པ་ནི་སོ་སོར་མངོན་པར་སྦྲེལ་ལོ། །རྣམ་པར་རྟོག་པ་མེད་པའི་ཡིད་དེ་ནི་མངོན་སུམ་མོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་དབང་པོས་གཟུང་བ་ཁོ་ནའི་དོན་
འཛིན་ནམ། དེ་ལས་གཞན་པའོ་ཞེས་པ་བརྟགས་པ་གཉིས་ཏེ། གལ་ཏེ་དང་པོ་ཡིན་ན་དེ་ལས་དེ་ཚད་མ་ཉིད་མ་ཡིན་པ་ཁོ་ནར་འགྱུར་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་དྲན་པ་ལ་སོགས་པ་བཞིན་ནོ། །འོན་ཏེ་གཉིས་པ་ཡིན་ན་དེའི་ཚེ་ལོང་བ་ལ་སོགས་པས་ཀྱང་དོན་འཛིན་པར་འགྱུར་རོ། །
གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་དབང་པོའི་ཤེས་པ་ལ་ལྟོས་པ་མེད་པར་ཕྱི་རོལ་གྱི་དོན་ལ་རབ་ཏུ་འཇུག་ན་དེའི་ཚེ་མིག་ལ་སོགས་པ་མ་ཚང་བས་ཀྱང་མཐོང་བ་ཐོབ་བོ། །དེ་ཅི་འདྲ་བ་ཡིན་པ་དེ་བརྗོད་པར་བྱའོ་ཞེ་ན། ཡིད་ཀྱང་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་ཡང་དེ་རྣམས་ཡིན་
เล่ม ๑๙๓ · หน้า 25a
ལ་ཡུལ་རྣམས་ཀྱང་ངོ་ཞེས་པ་ལས་འཛིན་པའོ། །འོ་ན་གཟུགས་ལ་སོགས་པ་རྣམས་ཡུལ་ཁོ་ན་མ་ཡིན་ནམ། ཡུལ་སྨོས་པ་དེ་ཅིའི་དོན་ཡིན་ཞེ་ན། དམིགས་བཞིན་པ་མིན་པའི་གཟུགས་ལ་སོགས་པ་རྣམ་པར་བཅད་པའི་དོན་དུ་སྟེ། རྣམ་པར་ཤེས་པར་བྱ་བཞིན་པ་མ་
ཡིན་པ་རྣམས་ཡུལ་དུ་འགྱུར་བ་མ་ཡིན་ནོ། །ཉེ་བར་བཏགས་པས་དེའི་རིགས་ཅན་ཉིད་ཀྱིས་ཡུལ་གྱི་ཐ་སྙད་དུ་བསྟན་པར་འགྱུར་གྱི། ཡུལ་དངོས་ཉིད་ནི་མ་ཡིན་ནོ། །ཡང་དེ་རྣམས་ཅིའི་ཡུལ་ཞེ་ན། དེ་མ་ཐག་པ་དབང་པོའི་ཤེས་པའི་སྟེ། སྐབས་ཉིད་ཀྱི་ཕྱིར་དེ་ཁོ་ནའིའོ། །གཟུགས་ལ་
སོགས་པ་ཡུལ་རྣམས་ཀྱི་རྣམ་པར་འགྱུར་བ་ནི། གཟུགས་ལ་སོགས་པ་ཡུལ་གྱི་རྣམ་འགྱུར་རོ། །དེ་གང་གི་དམིགས་པ་ཡིན་པ་དེ་ནི་དེ་སྐད་བཤད་དོ། །ཚོགས་པ་དང་རྣམ་འགྱུར་དང་དྲུག་པའི་ཡང་འབྲུ་མང་པོ་པ་སྟེ། ཚིག་ཕྱི་མ་དབྱི་བ་ཡང་ངོ་ཞེས་པའི་ཚིག་ལས་ཚིག་སྡུད་དང་།
ཚིག་ཕྱི་མ་དབྱི་བ་ཡང་སྟེ། དཔེར་ན་གསེར་གྱི་རྒྱན་ཞེས་པ་བཞིན་ནོ། །གང་དེས་བསྐྱེད་པའི་སྐད་ཅིག་ཕྱི་མའི་ཁྱད་པར་དེ་དེའི་རྣམ་པར་འགྱུར་བ་ཞེས་ཐ་སྙད་ཀྱི་བྱ་བ་ཡུལ་གྱི་རྣམ་པར་འགྱུར་བ་དེ་ཅི་ཞེ་ན། ཆོས་ཅན་གནས་པ་ལ་ཆོས་གཞན་ལྡོག་པ་ན། ཆོས་གཞན་གསལ་བར་འགྱུར་
བ་ནི་མ་ཡིན་ཏེ། གྲངས་ཅན་གྱིས་ཡོངས་སུ་བརྟགས་པའི་ཡོངས་སུ་འགྱུར་བ་བཀག་པ་ཉིད་ཀྱི་ཕྱིར་རོ། །དེས་ན་འདི་སྐད་བརྗོད་པར་འགྱུར་ཏེ། དབང་པོའི་ཤེས་པའི་ཡུལ་ལས་སྐྱེས་པ་དེ་མ་ཐག་པའི་གཟུགས་ལ་སོགས་པ་སྐད་ཅིག་དམིགས་པའོ་ཞེས་པའོ། །འདིས་ནི་ཚད་མ་ཉིད་མ་ཡིན་
པའི་སྐྱོན་སྤངས་སོ། །ཡང་ཅིའི་ཕྱིར་དེའི་ཡུལ་ངེས་པ་ཉིད་ཡིན་ཞེ་ན། གང་གི་ཕྱིར་དེའི་གང་དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་དེ་ནི་རང་གི་ཡུལ་གྱིས་ཉེ་བར་བསྐྱེད་པ་དེ་མ་ཐག་པའི་གཟུགས་ལ་སོགས་པའི་སྐད་ཅིག་གི་ལྷན་ཅིག་བྱེད་པ་ཅན་ཁོ་ནས་དེ་སྐྱེད་པར་བྱེད་དོ། །དེའི་ཕྱིར་དེ་ཇི་སྐད་བཤད་པ་ཁོ་
ནའི་ཡུལ་དང་ལྡན་པའོ་ཞེས་རྟོགས་པར་གྱིས་ཤིག །ཉམས་སུ་མྱོང་བའི་རྣམ་པས་འཇུག་པ་ཞེས་པ་སྟེ། འདིས་ཉམས་སུ་མྱོང་བར་བྱའོ་ཞེས་པ་ཉམས་སུ་མྱོང་བའོ། །རྣམ་པ་ནི་སྣང་བའོ། །དེ་ཡང་གང་དྲན་པ་ལ་སོགས་པ་རྣམས་ཀྱི་ཉམས་སུ་མྱོང་བའི་ཚུལ་ཅན་མ་ཡིན་པ་ཡང་ཡོད་དོ་ཞེས་པས་དེ་
เล่ม ๑๙๓ · หน้า 25b
རྣམ་པར་བཅད་པའི་ཆེད་དུ་ཉམས་སུ་མྱོང་བ་སྨོས་སོ། །གང་གི་ཉམས་སུ་མྱོང་བ་རྣམ་པ་ཡིན་པ་དེ་དེ་སྐད་བརྗོད་དོ། །དེ་ཡང་ཅི་ཞེ་ན་སྔར་བཤད་པའི་རིགས་པས་དབང་པོའི་ཤེས་པ་ཁོ་ན་སྟེ་ཉམས་སུ་མྱོང་བའི་རྣམ་པ་དེས་ཞུགས་ཤིང་སྐྱེས་པ་ནི་ཉམས་སུ་མྱོང་བའི་རྣམ་པར་ཞུགས་པའོ། །འདི་
སྐད་བརྗོད་པར་འགྱུར་ཏེ་དབང་པོའི་ཤེས་པའི་དེ་མ་ཐག་པའི་རྐྱེན་ལས་སྐྱེས་པའོ་ཞེས་པའོ། །འདིས་ཀྱང་ལོང་བ་ལ་སོགས་པས་ཀྱང་དོན་འཛིན་པར་འགྱུར་རོ་ཞེས་གང་བརྗོད་པ་དེ་བསལ་ཏོ། །གང་གི་ཕྱིར་དེ་ཕྱི་རོལ་གྱི་དོན་རྣམས་ལ་རང་དབང་དུ་འཇུག་པ་མ་ཡིན་གྱི། འོན་ཀྱང་དབང་པོའི་རྐྱེན་
ལ་ལྟོས་ལ། ལོང་བ་ལ་སོགས་པ་ལ་ཡང་དབང་པོའི་ཤེས་པ་མེད་དོ་ཞེས་པས་དེ་མེད་དོ། །འདོད་ཆགས་ལ་སོགས་པ་རྣམས་ལ་ཡང་རང་རིག་པའོ་ཞེས་པ་སྟེ། རང་ཉིད་ལ་རིག་པ་ནི་རང་རིག་གོ། །འདིས་རིག་པར་བྱ་བས་ན་རིག་པ་སྟེ། འཛིན་པའི་རྣམ་པར་ཡང་དག་པར་བཤད་པ་
ཉམས་སུ་མྱོང་བའི་རང་བཞིན་ཉིད་དོ། །ཉམས་སུ་མྱོང་བའི་རང་བཞིན་ཉིད་ཀྱི་ཕྱིར་འདོད་ཆགས་ལ་སོགས་པ་རྣམས་ཉམས་སུ་མྱོང་བའི་བདག་ཉིད་ཀྱིས་རབ་ཏུ་གསལ་བ་རྣམས་བདག་ཉིད་ཡང་དག་པར་རིག་པར་བྱེད་དེ། བདག་ཉིད་རིག་པ་ཞེས་ཀྱང་བསྟན་པར་བྱ་བ་རྣམས་སོ། །དེའི་ཕྱིར་
ཉམས་སུ་མྱོང་བའི་བདག་ཉིད་དེ་ནི་འདི་རྣམས་ཀྱི་ཚད་མའོ། །གང་ཡང་རིག་པ་དངོས་པོའི་ངོ་བོ་རང་རྟོགས་པའི་བདག་ཉིད་དེ་ནི་དེའི་འབྲས་བུར་རིག་པར་བྱ་སྟེ། བདག་ཉིད་ནི་དེ་རྣམས་ཀྱི་གཞལ་བྱའོ། །འདོད་ཆགས་ལ་སོགས་པ་སྨོས་པ་ནི་གསལ་བའི་རིག་པ་བསྟན་པའི་དོན་ཏེ། ཤེས་པ་
ཐམས་ཅད་ཀྱི་བདག་ཉིད་རིག་པ་ནི་མངོན་སུམ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཉིད་ནི་དེ་ལ་བརྡ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡུལ་དུ་བྱས་པ་ལ་བརྡ་བྱེད་པར་ནུས་ཤིང་། འདོད་ཆགས་ལ་སོགས་པའི་བདག་ཉིད་མ་སྐྱེས་པ་ནི་རིག་པས་ཡུལ་དུ་བྱེད་པ་ཡང་མ་ཡིན་ཏེ། དེ་ཡང་
འདོད་ཆགས་ལ་སོགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ན་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་བདག་ཉིད་སྐྱེས་པ་ལ་ཡང་རིག་པས་བརྗོད་པ་སྦྱོར་བ་མིན་ཏེ། དེ་ལྟར་ནི་དེས་བརྗོད་པ་བཟུང་ནས་དེར་སྦྱོར་བར་བྱེད་ཅིང་། བརྗོད་པ་ཟིན་པ་ན་ཡང་སྐད་ཅིག་མ་ཉིད་ཀྱི་ཕྱིར་
เล่ม ๑๙๓ · หน้า 26a
དེ་མེད་ལ་ཆགས་པ་ལ་སོགས་པ་རྣམས་ཀྱང་མེད་དོ་ཞེས་པས་ཅི་ཞིག་ཅི་ཞིག་གིས་སྦྱོར་བར་བྱེད་ཅེས་བརྡ་མི་ནུས་པ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པ་རྣམས་ཀྱི་རང་རིག་ནི་བརྗོད་པ་དང་འདྲེས་པ་མ་ཡིན་ནོ། །གང་གིས་གང་ལ་སྒྲའི་བརྡ་མི་འཛིན་པ་དེ་ནི་དེ་ལ་སྒྲ་
སྦྱར་ནས་འཛིན་པར་མི་བྱེད་དེ། དཔེར་ན་དྲི་ལ་མིག་གི་རྣམ་པར་ཤེས་པ་བཞིན། འདོད་ཆགས་ལ་སོགས་པའི་བདག་ཉིད་ལ་ཡང་དེ་ཡང་དག་པར་རིག་པས་སྒྲའི་བརྡ་མ་བཟུང་བ་ཡིན་ནོ། །རྒྱུ་མི་དམིགས་པའོ། །འདིར་འགའ་ཞིག་གཞི་མ་གྲུབ་པར་སྨྲ་བར་བྱེད་དེ། དེ་ལྟར་ནི་རང་
རིག་པར་རྟོག་པ་མེད་པར་བསྒྲུབ་པར་བྱ་ན། དེ་ཡང་རེ་ཞིག་ཤེས་པ་ལ་ཡང་མེད་ན། བདེ་བ་ལ་སོགས་པ་ཤེས་པའི་ངོ་བོ་མ་ཡིན་པ་རྣམས་ལ་ག་ལ་ཡིན། དེ་རྣམས་ནི་བདག་གཅིག་པུ་ལ་ཤེས་པ་དང་ལྷན་ཅིག་འདུ་བའི་ཕྱིར། དོན་གཅིག་ལ་འདུ་བ་ཅན་དེས་གཟུང་བར་བྱ་བའོ་ཞེས་པ་
སྟེ། རང་ཉིད་གཞལ་བྱའི་ངོ་བོ་ཁོ་ནའོ། །དེའི་ཕྱིར་དེ་རྣམས་གཞན་གྱི་ཡང་རིག་པར་བྱེད་པ་མ་ཡིན་ན། བདག་ཉིད་ག་ལས་ཡིན་ཞེའོ། །དེ་རྣམས་ཀྱིས་བདེ་བ་ལ་སོགས་པའི་རྣམ་པ་དེ་ཤེས་པར་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། གཞན་དུ་ན་དེ་རྣམས་དེའི་རིག་པར་བྱ་བ་ཁོ་ནར་མི་
འགྱུར་རོ། །ཤེས་པར་འདོད་པ་ཉིད་ཁོ་ན་དོན་རྣམས་ཀྱི་རིག་པར་བྱེད་པར་རིགས་པ་མ་ཡིན་ཏེ། དེ་ནི་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །དོན་ཐམས་ཅད་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཤེས་པ་གང་ཞིག་གང་གི་རྣམ་པ་དང་བྲལ་བ་དེ་ནི་དེའི་རིག་པར་བྱེད་པ་མ་ཡིན་ཏེ། བ་ལང་གི་
ཤེས་པ་རྟའི་བཞིན། བདེ་བ་ལ་སོགས་པའི་ཤེས་པ་ཡང་བདེ་བ་ལ་སོགས་པའི་རྣམ་པ་དང་བྲལ་བའོ། །ཁྱབ་བྱེད་དང་འགལ་བའོ། །ཤེས་པ་དེའི་རྣམ་པ་ཅན་དུ་འགྱུར་མོད། དེ་ལས་ཅིར་འགྱུར་ཞེ་ན། དེ་ལས་འདི་སྟེ། གང་དགའ་བ་དང་ཡོངས་སུ་གདུང་བ་ལ་སོགས་པའི་རྣམ་པ་དང་
ལྡན་པ་དེ་ཁོ་ན་བདེ་བ་ལ་སོགས་པའོ་ཞེས་བདེ་བ་ལ་སོགས་པ་ཤེས་པའི་ངོ་བོར་གྲུབ་བོ། །དངོས་པོ་ཚིམ་པ་ལ་སོགས་པའི་ངོ་བོ་ཅན་ནི་རྟོགས་པའི་ངོ་བོ་ཡིན་པར་ནི་དེ་རྣམས་ལ་ཡང་གྲུབ་སྟེ། དེ་ལ་ཤེས་པ་དང་། བདེ་བ་དང་། སྡུག་བསྔལ་ཞེས་པ་ལ་སོགས་པ་མིང་ཇི་ལྟར་འདོད་པར་བྱོས་
เล่ม ๑๙๓ · หน้า 26b
ཤིག །འདི་ལས་བཟློག་པ་ཅུང་ཟད་ཀྱང་མེད་དོ། །ཇི་ལྟར་ཤེས་པའི་ཚིམ་པ་ལ་སོགས་པའི་རྣམ་པ་ནི་ཤེས་པ་མེད་པའི་ངོ་བོ་བདེ་བ་ལ་སོགས་པས་བྱས་པར་མི་འགྱུར་བ་དེ་ལྟར་གཞན་དུ་རྟོགས་པར་བྱས་ཟིན་ཏེ། འདིར་ནི་གཞུང་མངས་པའི་འཇིགས་པ་ལས་རབ་ཏུ་རྒྱས་པར་མི་བྱའོ། །
གང་ཞིག་བདེ་བ་ལ་སོགས་པ་རྣམས་ནི་ནང་མ་ཡིན་ལ། སེམས་པ་ཅན་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ལས་བཟློག་པའི་རང་བཞིན་གཞལ་བྱ་ཁོ་ནའོ་ཞེས་སྨྲ་བ་དེའི་ཡང་། ཇི་སྐད་བཤད་པའི་ཚུལ་གྱིས་ཚིམ་པ་ལ་སོགས་པའི་རྣམ་པ་ཅན་རྟོགས་པའི་བདག་ཉིད་ཀྱི་དངོས་པོར་གྲུབ་ཅིང་།
དེ་ཁོ་ན་ཡང་རང་རིག་པའི་མངོན་སུམ་དུ་བརྗོད་ཀྱི། དེ་ལས་གཞན་པའི་བདེ་བ་ལ་སོགས་པ་གཞན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་ནོ། །རང་རིག་པ་དེ་ཡང་བསྒྲུབ་པར་འགྱུར་རོ་ཞེས་པ་རྟེན་མ་གྲུབ་པ་མེད་དོ། །འོ་ན་ཤེས་པ་ཐམས་ཅད་ཁོ་ན་དང་དབང་པོ་ལས་སྐྱེས་པའི་ཡང་རྟེན་ཡོད་དོ་ཞེས་འདོད་
པར་བྱ་བ་མ་ཡིན་ནམ། རྣམ་པར་ཤེས་པའི་ཚོགས་ལྔ་རྣམས་ནི་དབང་པོ་གཉིས་ཀྱི་རྟེན་ཅན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ཅིའི་ཕྱིར་འདི་ཁོ་ན་ཡིད་ལས་བྱུང་བར་བརྗོད་པར་བྱ་ཞེ་ན་གསུངས་པ། དབང་པོ་ལ་མི་ལྟོས་པའི་ཕྱིར་ཞེས་པ་སྟེ་གཟུགས་ཅན་གྱི་དབང་པོ་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཞེས་པ་
དགོངས་པའོ། །གང་གི་རྟེན་ཡིད་ཁོ་ན་ཡིན་གྱི་དབང་པོ་གཟུགས་ཅན་མ་ཡིན་པ་དེ་ཡིད་ཀྱི་མངོན་པར་བརྗོད་དོ། །འོ་ན་གང་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་དང་དེ་དང་མཚུངས་པར་ལྡན་པ་འདོད་ཆགས་ལ་སོགས་པ་དེ་རྣམས་ཀྱི་རང་རིག་པ་ཇི་ལྟར་ཡིད་ཀྱི་མངོན་སུམ་ཡིན་ཞེ་ན། རང་རིག་པའི་སྤྱི་
བོས་དེའི་རིགས་ཅན་ཉིད་ཀྱི་ཕྱིར་རོ། །ཡང་དབང་པོ་ལ་ལྟོས་པ་མེད་པ་ཉིད་ན། མངོན་སུམ་གྱི་སྒྲ་ཅི་ལྟར་རིགས་ཤེ་ན། ཇི་ཙམ་གྱིས་དབང་པོའི་རྒྱུ་མཚན་ཅན་ནི་མངོན་སུམ་དུ་ཐ་སྙད་བྱ་བ་སྟེ། ཤེས་པའི་ཁྱད་པར་ལ་ཡོངས་སུ་བཤད། ཡོད་པ་ཅན་ནི་མིང་འདིའོ་ཞེས་པ་འདི་ནི་བཤད་ཟིན་ཏོ། །ཡང་
ན་ཡིད་ཀྱང་དབང་པོ་ཡིན་པ་ཉིད་ཀྱི་ཕྱིར་ཕྱོགས་གཞན་ལ་ཡང་སྐྱོན་མེད་དོ། །དེ་བཞིན་དུ། རྣལ་འབྱོར་པའི་ཞེས་པ་སྟེ། ཇི་ལྟར་ཡིད་ཀྱི་རྟོག་པ་མེད་པ་མངོན་སུམ་ཡིན་པ་དེ་བཞིན་དུ། རྣལ་འབྱོར་པ་རྣམས་ཀྱི་ཡང་ངོ་། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་གང་རྣམས་ལ་ཡོད་པ་དེ་རྣམས་རྣལ་
เล่ม ๑๙๓ · หน้า 27a
འབྱོར་པ་རྣམས་སོ། །བླ་མས་བསྟན། མ་འདྲེས་པའི་ཞེས་པ་སྟེ། འདིར་ཡུལ་གྱིས་ཡུལ་ཅན་བསྟན་པ་ལ། ལུང་གི་རྣམ་པར་རྟོག་པ་ནི་བླ་མས་བསྟན་པའི་སྒྲས་བརྗོད་དོ། །དེ་དང་མ་འདྲེས་པ་ནི་བྲལ་བ་ཞེས་པའི་དོན་ནོ། །འདིས་ནི་གསལ་བར་སྣང་བ་ཉིད་ཀྱང་དེ་ལ་ཐོས་
པར་བྱས་ཏེ། རྣམ་པར་རྟོག་པ་མེད་པ་ནི་གསལ་བ་ཉིད་ལ་མི་འཁྲུལ་བ་ཉིད་ཀྱི་ཕྱིར་རོ། །ཙམ་གྱི་སྒྲ་ནི་སྒྲོ་བཏགས་པའི་དོན་རྣམ་པར་བཅད་པའི་དོན་དུའོ། །དེས་ན་གང་ཡང་དག་པའི་དོན་གྱི་ཡུལ་ཅན་འཕགས་པའི་བདེན་པ་མཐོང་བ་ལྟ་བུ་དེ་ཁོ་ན་ཚད་མ་སྟེ། ཡང་དག་པ་མ་ཡིན་པའི་དོན་གྱི་
ཡུལ་ཅན་བསླད་པ་ཟད་པར་ས་ལ་སོགས་པ་ནི་མ་ཡིན་ནོ། །འོ་ན་དོན་འདི་འཆད་པར་འགྱུར་བའི་དམིགས་བསལ་ཁོ་ན་ལ་ཐོབ་པར་བྱ་བ་མ་ཡིན་ནམ། དེ་ལ་ཙམ་སྨོས་པ་ཅི་ཞེ་ན། འདི་བདེན་མོད་དེ་ལྟ་ན་ཡང་གཙོ་བོར་ཤེས་པའི་དོན་དུ་འདིའི་མཚན་ཉིད་ཀྱི་ངག་ཁོ་ན་ལ་དོན་འདི་ཡོངས་སུ་
གསལ་བར་བྱས་སོ། །གཙོ་བོ་ཉིད་ནི་ཐར་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་རྣམ་པར་རྟོག་པ་མེད་པ་ཉིད་དང་དེའི་གསལ་བར་སྣང་བ་ཉིད་ནི་སྒོམ་པ་ཡོངས་སུ་རྫོགས་པའི་འབྲས་བུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གང་སྒོམ་པ་རྫོགས་པའི་འབྲས་བུ་ཤེས་པ་དེ་ནི་རྟོག་པ་མེད་པ་དང་གསལ་བར་སྣང་
བར་ཡང་འགྱུར་ཏེ། དཔེར་ན་འདོད་པ་དང་མྱ་ངན་ལ་སོགས་པས་ཉེ་བར་བསླད་པ་རྣམས་ཀྱི་དགའ་བ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་བཞིན། རྣལ་འབྱོར་པའི་ཤེས་པའང་དེ་ལྟ་བུའོ། །རང་བཞིན་ནོ། །རྟོག་པའི་ཤེས་པ་ཡང་ཞེས་པ་སྟེ། འདིའི་དོན་ནི་འདི་ལྟ་སྟེ། གང་རང་རིག་པ་
བྱ་བ་དེ་རང་རྟོགས་བྱེད་ཀྱི་ངོར་མངོན་སུམ་སྟེ། ཆགས་པ་ལ་སོགས་པའི་ཤེས་པ་བཞིན། རྟོག་པའི་ཤེས་པ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ནོ། །འདི་ནི་བདེན་ཏེ་ཞེས་པ་ལ་སོགས་པ་འདོད་པ་གྲུབ་པར་སྟོན་ཏོ། །འདི་ལྟར་དགོངས་པ་སྟེ། ཡུལ་གང་ལ་ཤེས་པ་གང་སྒྲའི་བརྡ་འཛིན་
པ་དེ་ནི་དེ་ལ་སྒྲའི་སྒོ་ནས་དེའི་ཡུལ་འཛིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པར་འགྱུར་གྱི་རང་གི་ངོ་བོ་ཡང་བརྡ་ནུས་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་དེ་རྟོགས་པར་བྱ་བ་ལས་སོ། །ཤེས་པ་ཐམས་ཅད་མངོན་སུམ་ཁོ་ནའོ་ཞེས་པའོ། །དེ་ལྟར་རེ་ཞིག་མངོན་
เล่ม ๑๙๓ · หน้า 27b
སུམ་ཞེས་པ་ལ། རེ་ཞིག་གི་སྒྲ་ནི་རིམ་པ་ལ་སྟེ། མངོན་སུམ་བརྗོད་ནས་དེ་ལྟར་སྣང་བ་རྗོད་པར་བྱེད་དོ་ཞེས་པ་རིམ་པའོ། །འོ་ན་མངོན་སུམ་རྟོག་པ་དང་བྲལ་བ་ཞེས་སྨྲས་པས་རྣམ་པར་རྟོག་པ་དང་བཅས་པ་མངོན་སུམ་ལྟར་སྣང་བའོ་ཞེས་བརྗོད་པར་འགྱུར་ལ། དེ་ཡང་སྔར་ཁོ་ནར་མིང་
དང་རིགས་སྦྱོར་བས་བཤད་ན། དེ་ལ་ཅིའི་དོན་དུ་སླར་ཡང་དེ་བརྗོད་ཅེ་ན། གང་གི་དོན་དུ་ཡིན་པ་དེ་ཕྱི་མར་གསལ་བར་བྱེད་པར་འགྱུར་རོ། །འཁྲུལ་དང་ཀུན་རྫོབ་ཡོད་ཤེས་དང་། །ཞེས་པ་ལ་སོགས་པ་ལ། འདིས་ནི་མངོན་སུམ་ལྟར་སྣང་རྣམ་པ་བཞིར་གསུངས་སོ། །དེ་ལ་འཁྲུལ་
པའི་ཤེས་པ་ཞེས་པ་འདིས་དོན་གཞན་རྟོག་པའི་ཤེས་པ་ཅི་རེ་ཞིག་གསུངས་སོ། །དེ་ལྟར་ནི་ཆུ་ལ་སོགས་པ་དོན་གཞན་མེད་པ་ཁོ་ན་བརྡ་ལ་བརྟེན་པ་ལས། སྨིག་རྒྱུ་ལ་སོགས་པ་རྣམས་ལ་སྒྲོ་འདོགས་པར་བྱེད་ཅིང་རྟོག་པ་སྐྱེའོ། །ཀུན་རྫོབ་ཏུ་ཡོད་པ་རྣམས་ལ་ཞེས་པ་ལ་སོགས་པས།
བརྡ་ལ་བརྟེན་ནས་སྒྲོ་འདོགས་པ་རྟོག་པའི་འཇུག་པ་གཉིས་པའོ། །ཡང་ཀུན་རྫོབ་ཏུ་ཡོད་པ་རྣམས་ལ་གང་ཤེས་པ་དེ་མངོན་སུམ་ལྟར་སྣང་ངོ་ཞེས་པའི་ཅིའི་རྒྱུས་ཤེ་ན། གསུངས་པ། དོན་གཞན་སྒྲོ་འདོགས་པ་ལས་ཞེས་པ་སྟེ། དེ་ནི་བཏགས་པའི་དངོས་པོ་གཟུགས་ལ་སོགས་
པ་རྣམས་ལ་དོན་གཞན་དུ་གྱུར་པ་བུམ་པ་ལ་སོགས་པ་རྣམས་སྒྲོ་འདོགས་ཀྱི་བཏགས་པའི་དངོས་པོ་ཙམ་དུ་རྟོགས་པ་ཡང་མ་ཡིན་པས་སོ། །དེ་ཡང་ཅི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། དེའི་ངོ་བོར་བཏགས་ནས་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་སྟེ། དེ་ནི་ཀུན་རྫོབ་ཏུ་ཡོད་པ་དེ་རྣམས་
ལ་དོན་གཞན་ཉིད་དུ་རྟོག་པ་སྐྱེ་སྟེ། སྒྲོ་བཏགས་པའི་དོན་གྱི་རྣམ་པར་བརྟགས་པས་འཇུག་པ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་ཡོད་པའི་ཤེས་པ་ནི་བུམ་པ་ལ་སོགས་པ་རྣམས་སུ་སྒྲོ་འདོགས་པར་བྱེད་ཀྱི། དེ་བཏགས་པའི་དངོས་པོ་ཙམ་དུ་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལ་རེ་ཞིག་གཟུགས་
ལ་སོགས་པ་ཆུ་འཛིན་པ་ལ་སོགས་པའི་འབྲས་བུ་གཅིག་པ་ཉིད་ཀྱིས་དེ་ལས་གཞན་རྣམས་ལས་ཐ་དད་པ་ལན་ཅིག་ལ་བརྗོད་པ་རྣམས་ལ་རང་གི་འབྲས་བུ་ལ་ཉེ་བར་སྦྱོར་བའི་དོན་དུ་དེ་ལ་འཇིག་རྟེན་གྱི་སྒྲའི་བརྡ་གང་ཡིན་པ་དེ་རྟེན་དུ་བྱས་ནས། དོན་གཞན་པའི་བུམ་པ་ལ་སོགས་པ་དང་བྲལ་བ་རྣམས་ལ་
เล่ม ๑๙๓ · หน้า 28a
ཡང་གཟུགས་ལ་སོགས་པ་རྣམས་ལ་དངོས་པོའི་དོན་གཞན་སྒྲོ་འདོགས་པའི་རྟོག་པ་བུམ་པའོ། །སྣམ་བུའོ་ཞེས་པ་ལ་སོགས་པ་རབ་ཏུ་འཇུག་གོ། །དེ་བཞིན་དུ་ཚོགས་པ་ལ་སོགས་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་གྱི་སྒྲར་ཞེན་པ་ལ་བརྟེན་པས་གཅིག་ཉིད་ལ་སོགས་པར་
ཞེན་པའོ། །དེ་བཞིན་དུ་ཡུལ་གཞན་དུ་སྐྱེ་བ་རྣམས་དང་། དེ་བཞིན་དུ་ཡོད་པ་རྣམས་ལ་དང་། དེ་བཞིན་དུ་མང་པོ་འབྲས་བུ་གཅིག་པའི་ཚོགས་པ་རྣམས་ལ་དང་། དེ་བཞིན་དུ་བར་མེད་པ་ཉིད་ལ་སོགས་པའི་གནས་སྐབས་རྣམས་ལ། དེ་ལྟར་གྱུར་པ་མ་ཡིན་པར་རྣམ་པར་གཅད་པའི་ཆེད་དུ་སྒྲའི་བརྡ་
བཏགས་པ་ལ་བརྟེན་ནས་དོན་གཞན་དུ་གྱུར་པའི་ལས་དང་། ཡོད་པ་ཉིད་དང་བུམ་པ་ཉིད་ལ་སོགས་པ་དང་། ལྡན་པ་ལ་སོགས་པར་རིམ་པ་ཇི་ལྟ་བར་སྒྲོ་འདོགས་པའི་རྟོག་པ་ཉེ་བར་སྐྱེའོ། །དེ་ལྟར་རབ་ཏུ་དབྱེ་བ་ལས་སྒྲའི་རྟོག་པ་ཁོ་ན་བརྡ་ཙམ་ལ་བརྟེན་པ་འདི་ནི་རྟོག་པའི་ཤེས་པ་གཉིས་པའོ། །
སྨིག་རྒྱུ་ལ་སོགས་པ་རྣམས་ལ་གང་ཆུ་ལ་སོགས་པའི་རྟོག་པ་དེ་ནི། གང་གིས་བརྡ་ལ་བརྟེན་པ་ཁོ་ནའི་ནང་དུ་འདུས་པའི་ཕྱིར་འདི་ལོགས་སུ་བརྗོད་པར་མི་འགྱུར་བ་ཆུ་མ་ཡིན་པ་རྣམ་པར་གཅད་པའི་ཆེད་དུ་ཆུར་བྱས་པའི་བརྡ་ཙམ་ལ་བརྟེན་ནས་རབ་ཏུ་འཇུག་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེར་
འབྱུང་བ་འདུས་པ་ལ་བརྡ་ལ་བརྟེན་པ་ལས་ཡོད་པ་མ་ཡིན་པ་ཁོ་ནའི་ཆུ་ལ་སོགས་པ་སྔར་མཐོང་བའི་དོན་གཞན་ཁོ་ན་སྒྲོ་འདོགས་པ་སྐྱེ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ་ཆུ་ལ་སོགས་པའི་རྟོག་པ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པའོ། །བུམ་པ་ལ་སོགས་པ་རྣམས་ནི་རང་གི་ཉེ་བར་ལེན་པ་ལས་གཞན་ཡོད་
པ་མ་ཡིན་པ་ཁོ་ནའོ། །བརྡ་ཙམ་གྱི་རྒྱུ་མཚན་ཅན་ཁོ་ན་དེར་སྒྲོ་འདོགས་པའི་རྟོག་པའོ་ཞེས་པ་སྔ་མ་ལས་ཐ་དད་པར་བརྗོད་དོ། །རྗེས་སུ་དཔག་པ་དང་དེའི་འབྲས་བུ་ལ་སོགས་པའི་ཤེས་པ་ཞེས་པ་སྟེ། འདིས་རྗེས་སུ་དཔག་པར་བྱ་བས་རྗེས་སུ་དཔག་པ་སྟེ་རྟགས་སོ། །དེ་ལ་དེ་ཁོ་ན་དུ་བ་འདིའོ་
ཞེས་འབྲེལ་པའི་དུས་སུ་ཉམས་སུ་མྱོང་བའི་དོན་གྱི་རྟོག་པ་འཇུག་པ་ནི་ཤེས་པའོ། །དེའི་འབྲས་བུ་རྟགས་ཅན་གྱི་ཤེས་པ་ལ་ཡང་སྔར་ཉམས་སུ་མྱོང་བའི་རྟོག་པ་ཡོད་དེ། དེ་ཁོ་ན་འདིར་མེའོ་ཞེས་རྗེས་སུ་དཔོག་པའི་ཕྱིར་རོ། །དྲན་པ་ལ་ཡང་སྔར་ཉམས་སུ་མྱོང་བའི་རྣམ་པ་ཅན་གྱི་རྟོག་པ་སྟེ།
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด