ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
ชื่อสันสกฤต (อักษรทิเบต ตามตัวบท) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๑๙๓ · หน้า 81b
བར་བྱེད་པའི་མཚན་ཉིད་བསྒྲུབ་པ་ཁོ་ནས། རྟོགས་པར་འདོད་པ་པོའི་ཚིག་གི་རིམ་པ་བསྟན་པ་ཁོ་ནའི་ཕྱིར་ཏེ། རྣམ་པ་གཞན་དུ་མངོན་པར་བརྗོད་ན་གོ་བར་བྱེད་པའི་ཆོས་རབ་ཏུ་གསལ་བར་མི་བྱེད་པའི་ཕྱིར་རོ། །གང་དོན་འདི་ཇི་ལྟ་བ་བཞིན་རིག་ཅིང་ཚིག་ཤེས་པ་དེ་རྣམས་ནི་དེ་རྟོགས་པར་བྱེད་པ་ན་
སླར་ཉེ་བར་བསྟན་པ་གཞན་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། འདི་བདེན་མོད། དེ་ལྟ་ན་ཡང་བྱིས་པས་རྟོགས་པར་བྱ་བའི་དོན་དུ་འདི་བརྩམས་སོ། །དངོས་པོ་ཇི་ལྟ་བཞིན་རྟོགས་པ་རྣམས་ཀྱང་རྣམ་པ་གཞན་དུ་བརྗོད་པ་མཐོང་བས་ཏེ། མེད་ན་མི་འབྱུང་བ་ཉེ་བར་མཁོ་བ་ཡང་མི་བརྗོད་པའི་ཕྱིར་དང་།
ཉེ་བར་མི་མཁོ་བ་ཡང་བསྒྲུབ་པར་བྱ་བ་དང་། ཉེ་བར་གཏོད་པ་དང་མཇུག་བསྡུ་བ་རྣམས་སྦྱོར་བའི་ཕྱིར་རོ། །ཚུལ་གསུམ་ལས་ཞེས་པ་རྒྱུ་ལ་ལྔ་པ་སྟེ། བརྡུངས་པ་ལས་སྒྲ་ཞེས་པ་བཞིན་ནོ། །ཡང་ན་ལག་པ་ཕྱིས་པ་སྟེ། འདི་ལྟར་ཁང་བཟངས་ལ་འཛེགས་ནས་ལྟ་བ་ནི་ཁང་བཟངས་ལ་ལྟ་
བ་ཡིན་པ་དེ་ལྟར་ཚུལ་གསུམ་པའི་རྟགས་མཐོང་ནས་དོན་མཐོང་བ་ནི་ཚུལ་གསུམ་རྟགས་ལས་དོན་མཐོང་བའོ་ཞེས་པའོ། །འོ་ན་ཚུལ་གསུམ་པ་སྨོས་པ་དོན་མེད་དེ། ཚུལ་གསུམ་པ་མ་ཡིན་པ་ནི་རྟགས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་མི་གསལ་བའི་དོན་འདིས་རྟགས་སུ་རྟོགས་
པར་བྱེད་པས་རྟགས་ཏེ། དེ་ཡང་ཚུལ་གསུམ་པ་མེད་པར་སྲིད་པ་མ་ཡིན་ནོ། །འདི་ལས་ཀྱང་རྟོགས་ཟིན་པའི་དོན་ཅན་ཉིད་ཀྱི་ཕྱིར་ཚུལ་གསུམ་པ་ལས་ཞེས་པ་བརྗོད་པར་མི་བྱའོ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། ཚུལ་གསུམ་པ་མ་ཡིན་པ་ཡང་འགའ་ཞིག་རྟགས་སུ་འདོད་དེ། དེས་ན་དེའི་ལོག་
པར་རྟོགས་པ་བཟློག་པའི་ཆེད་དུ་ཚུལ་གསུམ་པ་སྨོས་སོ། །དེ་ལ་འཛེམ་མེད་པས་སྨྲས་པ། གང་ཞིག་གི་རྣམ་པ་གཞན་དུ་མི་འཐད་པ་ཉིད་འདི་གཏན་ཚིགས་སུ་འདོད་དེ། མཚན་ཉིད་གཅིག་པ་ཅན་ཁོ་ན་ཡིན་པ་དེ་ནི་དོན་མཚན་ཉིད་བཞི་ཅན་ཁོ་ནའོ་ཞེས་ཏེ། རྣམ་པ་གཞན་དུ་ཞེས་པ་བསྒྲུབ་པར་བྱ་བ་མེད་པར་
ཞེས་པའི་དོན་ཏོ། །མི་འཐད་པ་ཉིད་ནི། རབ་ཏུ་ནུས་པ་མེད་པ་མི་སྲིད་པའོ། །འོ་ན་འདི་མེད་ན་མི་འབྱུང་བ་ཁོ་ནར་འགྱུར་རོ་ཞེ་ན། མ་ཡིན་ནོ་ཞེས་འཛེམ་མེད་པ་སྟེ། མེད་ན་མི་འབྱུང་བ་ཉིད་ནི་བསྒྲུབ་པར་བྱ་བ་ལས་ཕྱི་རོལ་དུ་འདོད་ལ། རྣམ་པ་གཞན་དུ་མི་འཐད་པ་ཉིད་ནི་ཆོས་ཅན་ཁོ་ན་ལ་བསྒྲུབ་
เล่ม ๑๙๓ · หน้า 82a
པར་བྱ་བའོ་ཞེས་པའོ། །ཚིགས་སུ་བཅད་པ་ཡང་སྨྲས་པ། དཔེ་ལ་བསྒྲུབ་བྱ་མེད་པ་ལས། །རྟགས་ཉིད་མ་མཐོང་གཞན་གྱིས་འདོད། །བདག་གིས་འདི་ནི་མེད་པར་ཡང་། །ཆོས་ཅན་ལ་ནི་མི་སྲིད་པའོ། །ཞེས་སོ། །འདི་ཡང་ཚུལ་གཅིག་ཁོ་ནའོ། །ཡང་ན་
ཚུལ་གསུམ་པ་ཉིད་ཡོད་ན། གཞན་དུ་མི་འཐད་པ་ཉིད་ཚུལ་བཞི་པར་འདོད་པར་བྱའོ། །ཚུལ་གསུམ་པ་ཉིད་ཙམ་ལ་ནི། ཡུལ་གཞན་དུ་སོང་བ་དེ་སྔོ་བསངས་ཡིན་ཏེ། ནག་པོའི་བུ་ཉིད་ཀྱི་ཕྱིར་ཞེས་པ་འདི་ཡང་རྟགས་ཉིད་དུ་འགྱུར་རོ་ཞེའོ། །དེ་ལ་གང་མེད་ན་མི་འབྱུང་བ་ཉིད་ནི་ཕ་
རོལ་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ལས་ཕྱི་རོལ་དུ་འདོད་དོ་ཞེས་བརྗོད་པ་འདི་སྒྲོ་བཏགས་པ་སྟེ། ཐམས་ཅད་ཉེ་བར་བསྡུས་པས་གང་དང་གང་ན་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་དེ་དང་དེ་ན་བསྒྲུབ་པར་བྱ་བའི་ཆོས་སོ་ཞེས་པ་ཁྱབ་པ་འདི་ནི་མེད་ན་མི་འབྱུང་བ་ཉིད་ཡིན་པས་སོ། །དེའི་ཕྱིར་
བསྒྲུབ་པར་བྱ་བ་ལ་ཡང་དེ་འདོད་པ་ཁོ་ནའོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ལ་གང་བསྒྲུབ་པར་བྱ་བའི་ཆོས་དང་མེད་ན་མི་འབྱུང་བ་དེ་གཏན་ཚིགས་སུ་འདོད་ན། དེ་ལྟར་གྱུར་ན་གང་ཞིག་ཕྱི་རོལ་དུ་ཡང་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་དེ་གཏན་ཚིགས་ཉིད་དུ་མི་འགྱུར་ཞིང་།
འཁྲུལ་པ་ཅན་ཡང་གཏན་ཚིགས་སུ་འགྱུར་ཏེ། དེ་ལ་ཡང་ཆོས་ཅན་ལ་གཞན་དུ་མི་འཐད་པ་ཉིད་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདི་མི་རིགས་སོ། །དེ་ཉིད་ཀྱི་ཕྱིར་འདི་མི་རིགས་པ་ཉིད་ཀྱི་ཕྱིར་གཏན་ཚིགས་མཚན་ཉིད་བཞི་པ་ཅན་འཐད་པ་མ་ཡིན་ནོ། །གང་ཡང་ཚུལ་གསུམ་པ་ཉིད་ཙམ་
ལ་ནི་དེ་སྔོ་བསངས་ཡིན་ཏེ། ནག་པོའི་བུ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ཡང་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་དེ་མི་རིགས་ཏེ། རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་ཁྱད་པར་རྣམས་ཁོ་ན་ལ་ཚུལ་གསུམ་པ་ཉིད་འཐད་ཀྱི། གཞན་རྣམས་ལ་མ་ཡིན་ནོ། །འདི་དེ་རྣམས་ཀྱི་ནང་དུ་
འདུ་བ་ཡང་མ་ཡིན་ན། དེ་ཅི་ལས་ཐལ་བར་འགྱུར་བ་འདི་ཡིན། གཞན་ནི་རྟགས་ཚུལ་གཉིས་པའོ་ཞེས་བསྟན་པའི་ཆེད་དུ་སྨྲས་པ། ཤེས་པ་མ་ཟིན་པའི་ཆོས་ཅན་གྱི་ཆོས་ཤིག་ཆོས་ལ་ཡོད་པ་ཁོ་ན་གང་དུ་ཤེས་པར་བྱ་བ་དང་ཤེས་སུ་གཞུག་པར་བྱ་བ་འདི་ནི་གཏན་ཚིགས་ཏེ། སྒྲུབ་པ་དང་
เล่ม ๑๙๓ · หน้า 82b
དགག་པ་དང་ལྡན་པའོ་ཞེས་སོ། །ཤེས་མ་ཟིན་པའི་ཆོས་ནི་ཤེས་འདོད་ཅན་ཏེ་མི་རྟག་པ་ཉིད་ལ་སོགས་པའོ། །ཆོས་ཅན་གྱི་སྒྲ་ནི་ལ་སོགས་པའིའོ། །གང་དུ་ཤེས་པར་བྱ་བ་ནི་བྱས་པ་ཉིད་ལ་སོགས་པའི་ཆོས་ལའོ། །ཤེས་ཟིན་པ་ཉིད་ནི་ནུས་པ་ཐོབ་པར་བྱ་བའོ། །ཡོད་པ་ཁོ་ན་ཞེས་པ་རབ་
ཏུ་འཇལ་བ་པོས་བུམ་པ་ལ་སོགས་པ་རྣམས་ལ་རང་ཉིད་དྲན་པའོ། །གཞན་གྱིས་དྲན་པ་ཡང་ན་སྟེ་གཞན་དོན་རྗེས་སུ་དཔག་པ་ལའོ། །ཡོད་པ་ཁོ་ན་དང་མེད་པ་མ་ཡིན་པ་ཞེས་པ་འདི་དག་སྒྲུབ་པ་དང་དགག་པ་དག་སྟེ། དེ་གང་ལ་ཡོད་པ་དེ་ནི་སྒྲུབ་པ་དང་དགག་པ་དང་ལྡན་པ་སྟེ་གཏན་ཚིགས་སོ། །
འདི་ནི་ཆོས་ཅན་གྱི་ཆོས་ཉིད་དང་། ཡོད་པ་བསྒྲུབ་བྱའི་ཆོས་ཉིད་ཅེས་པ་འདི་ཚུལ་གཉིས་ཉིད་དུ་བརྗོད་དོ། །འདི་ལ་བསྒྲུབ་པར་བྱ་བའི་ཆོས་གང་ན་ཡོད་པ་དེ་ཁོ་ན་སྟེ་མེད་པ་མ་ཡིན་པ་ཞེས་སྨྲས་པས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པ་ཉིད་དེ་ཁོ་ན་བརྗོད་པར་འགྱུར་ཏེ། གང་གི་ཕྱིར་དེ་ལྟར་དེ་དེ་ན་ཡོད་
པ་ཁོ་ནར་འགྱུར་ཞིང་གལ་ཏེ་དེ་མེད་ན་གཏན་ཚིགས་མི་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལས་ཀྱང་ཚུལ་གསུམ་པ་ཁོ་ན་རྣམ་པ་གཞན་གྱིས་བརྗོད་པའོ་ཞེས་པས་གཏན་ཚིགས་ཚུལ་གཉིས་པ་མ་ཡིན་ནོ། །གཏན་ཚིགས་མཚན་ཉིད་དྲུག་པའོ་ཞེས་གཞན་རྣམས་ཏེ། གསུམ་པོ་འདི་རྣམས་དང་
གནོད་པ་མེད་པའི་ཡུལ་ཅན་ཉིད་དང་། བརྗོད་པར་འདོད་པའི་གྲངས་གཅིག་པ་ཅན་ཉིད་དང་། ཤེས་ཟིན་པ་ཉིད་ཅེའོ། །དེ་ལ་རེ་ཞིག་གནོད་པ་མེད་པའི་ཡུལ་ཅན་ནི་ཚུལ་གཞན་མ་ཡིན་ཏེ། གནོད་པ་དང་མེད་ན་མི་འབྱུང་བ་དག་འགལ་བའི་ཕྱིར་རོ། །མེད་ན་མི་འབྱུང་བ་ནི་གཏན་ཚིགས་བསྒྲུབ་
པར་བྱ་བའི་ཆོས་ཡོད་པ་ཁོ་ན་ལ་ཡོད་པ་ཡིན་ན། ཅི་ལྟར་དེའི་མཚན་ཉིད་ཅན་གྱི་གཏན་ཚིགས་དེ་ཆོས་ཅན་ལ་འགྱུར་ཞིང་། འདི་ལ་བསྒྲུབ་པར་བྱ་བའི་ཆོས་མེད་པར་ཡང་འགྱུར། དེས་ན་གནོད་པ་དང་མེད་ན་མི་འབྱུང་བ་དག་ལྷན་ཅིག་འབྱུང་བ་མ་ཡིན་ནོ། །དེས་ན་གནོད་པ་མེད་པའི་
ཡུལ་ཅན་ཉིད་ཚུལ་གཞན་མ་ཡིན་ནོ། །རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་བརྗོད་པར་འདོད་པའི་གྲངས་གཅིག་པ་ཉིད་ཀྱང་མཚན་ཉིད་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ནི་འགལ་བ་མི་འཁྲུལ་པ་ཅན་གཏན་ཚིགས་ཉིད་དུ་ཐལ་བར་འགྱུར་བ་བཟློག་པའི་དོན་དུ་བརྗོད་པར་བྱ་སྟེ།
เล่ม ๑๙๓ · หน้า 83a
རང་གི་མཚན་ཉིད་དང་ལྡན་པའི་གཏན་ཚིགས་དག་གིས་གཅིག་ལ་འགལ་བ་དག་ཉེ་བར་བསྡུས་པ་ན། འགལ་བ་མི་འཁྲུལ་བ་ཅན་ཉིད་དུ་འགྱུར་རོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་རྣམས་ལ་ནི་འགལ་ཟླ་ཅན་གྱི་གཏན་
ཚིགས་སྲིད་པ་མ་ཡིན་ནོ། །ཅི་ལྟར་ན་གཅིག་པོ་རང་གི་བསྒྲུབ་པར་བྱ་བ་ཡོད་པ་ཁོ་ན་ལ་ཡོད་པའི་ཕྱིར་དེ་དང་འཁྲུལ་པ་མེད་པ་ཅན་ཡིན་ཞིང་། དེ་ཉིད་ལ་ཡང་གཞན་དེ་ལ་གནོད་པར་བྱེད་པ་ཡོད་པ་ཁོ་ན་ཡང་ཡོད་པའི་ཕྱིར་དེ་དང་འགལ་བ་སྲིད་པར་འགྱུར། གཞན་ཡང་གཏན་ཚིགས་དེ་གལ་
ཏེ་རང་བཞིན་ཁོ་ནས་ཆོས་དེ་ཡོད་པ་ཅན་ཡིན་ན་དེའི་ཚེ་དོན་གཞན་ཉེ་བར་ལྷུང་ན་ཡང་ཅི་ལྟར་རྣམ་པ་གཞན་དུ་འགྱུར། དངོས་པོ་རྣམས་ཀྱི་རང་བཞིན་རྣམ་པ་གཞན་དུ་འགྱུར་བ་དང་འགལ་བ་གཉིས་ཀྱི་རང་བཞིན་ཡང་སྲིད་པ་མ་ཡིན་ནོ། །ཅི་སྟེ་རང་བཞིན་གྱིས་ཆོས་དེ་ཡོད་པ་ཅན་མ་ཡིན་ན། དེ་ལྟར་
གྱུར་ན་གཞན་གྱི་དུས་ན་ཡང་འགའ་ཞིག་གི་ཡང་སྒྲུབ་པར་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་རང་བཞིན་ཁོ་ནས་རང་གི་བསྒྲུབ་པར་བྱ་བ་དེ་མེད་ན་མི་འབྱུང་བ་ཅན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་གཏན་ཚིགས་ལ་ནི་དེའི་མཚན་ཉིད་ཅན་གྱི་འགལ་ཟླའི་གཏན་ཚིགས་སྲིད་པ་མ་ཡིན་ནོ་ཞེས་པས་བརྗོད་
པ་འདོད་པའི་གྲངས་གཅིག་པ་ཅན་ནི་མཚན་ཉིད་མ་ཡིན་ནོ། །འགལ་བ་མི་འཁྲུལ་བ་མི་བརྗོད་པར་ཐལ་ལོ་ཞེ་ན། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྟགས་ལ་མི་འདོད་པ་ཉིད་ཀྱི་ཕྱིར་སྐྱོན་མེད་དེ། འདིའི་ཡུལ་ཡང་ཕ་རོལ་དུ་ཤེས་པར་བྱེད་པར་འགྱུར་རོ། །ཡང་ཤེས་པ་རྟགས་ཀྱི་ཆོས་མ་ཡིན་ན་
ཅི་ལྟར་རྟགས་ཀྱི་མཚན་ཉིད་ཡིན། རྟགས་ངོ་བོ་ཅི་ལྟ་བུ་ལས་དོན་རྟོགས་པར་བྱ་ཞེས་སེམས་ན། རྟོགས་པ་པོའི་མི་བསླུ་བ་ཉིད་ནི་ཚུལ་དུ་བརྗོད་པར་བྱ་ལ། གང་མཐོང་བ་ལས་འདི་སྒྲུབ་པར་བྱེད་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་དག་རབ་ཏུ་རྣམ་པར་ཕྱེ་ནས་དེའི་འདོད་པའི་དོན་སྒྲུབ་པར་བྱེད་པར་ཡིད་
ཆེས་པ་ལས་རབ་ཏུ་འཇུག་གོ། །དེ་ལ་གང་རྟགས་འདིའི་བདག་ཉིད་ཀྱི་ངོ་བོ་དེ་མཚན་ཉིད་དེ། གཞན་གྱི་ངོ་བོ་མ་ཡིན་ནོ། །རྟོགས་པ་སྐྱེ་བ་ལ་ཉེ་བར་སྦྱོར་བ་ཙམ་ལས་དེའི་མཚན་ཉིད་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ནི་གཞལ་བར་བྱ་བ་དང་སྐྱེས་བུ་ལ་སོགས་པ་རྣམས་ཀྱང་
เล่ม ๑๙๓ · หน้า 83b
དེའི་མཚན་ཉིད་དུ་འགྱུར་ཏེ། དེ་རྣམས་མེད་ན་ཡང་རྟགས་ཅན་ལ་ཤེས་པ་སྐྱེ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ཡང་རྟགས་ཀྱི་མཚན་ཉིད་དུ་འདོད་པར་བྱ་བ་མ་ཡིན་ནོ་ཞེས་པས་རྟགས་ཚུལ་གསུམ་པའོ་ཞེས་གནས་སོ། །འབྲས་བུ་སྔར་བཞིན་ཞེས་པ། ཇི་ལྟར་མངོན་སུམ་ལ་འབྲས་བུ་རྣམ་པ་
གཉིས་བཤད་དེ། ཡུལ་ཡང་དག་པར་རིག་པ་དང་རང་ཉིད་ཡང་དག་པར་རིག་པའོ། །དེ་ལྟར་འདིར་ཡང་ངོ་། །མངོན་སུམ་བཞིན་དུ་རྗེས་སུ་དཔག་པའི་རྟོགས་པའི་བདག་ཉིད་ཀྱི་འབྲས་ཐ་མི་དད་པའོ་ཞེས་སྨྲས་པས་རྗེས་སུ་དཔག་པ་ཡང་རྟོགས་པའི་རང་བཞིན་ནོ་ཞེས་བཤད་པར་འགྱུར་རོ། །
དེའི་ཕྱིར་དྲི་བ། གལ་ཏེ་གཉིས་ཀ་ཡང་ཞེས་པ་ལ་སོགས་པའོ། །ཡུལ་དང་ནི། ངོ་བོ་མཚུངས་མིན་འདི་དག་གིའོ། །ཞེས་པའོ། །འདིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཏོ། །འདི་ཁོ་ན་གཉིས་པོ་མི་མཚུངས་ཀྱི་རྟོགས་པའི་ངོ་བོ་ཉིད་ནི་མཚུངས་པའོ་ཞེས་པའོ། །འོ་ན་རྟོགས་པ་ནི་དེ་དག་གི་
ངོ་བོ་སྟེ། དེ་གལ་ཏེ་ཐ་མི་དད་པ་ཡིན་ན་ངོ་བོ་གཞན་པ་ཅི་སྟེ། གང་། ངོ་བོ་མཚུངས་མིན་འདི་དག་གི །ཞེས་བརྗོད་པ་ཅི་ཞེ་ན། གང་དེའི་ཡུལ་དང་འདྲ་བ་ཚད་མར་རྣམ་པར་གཞག་པ་དེ་མི་མཚུངས་སོ་ཞེས་བརྗོད་དེ། དེ་ལྟར་ནི་དེ་མངོན་སུམ་གྱི་གསལ་བ་སྟེ། རྗེས་སུ་དཔག་པའི་ནི་མི་གསལ་བའོ། །
ཡུལ་ནི་ཞེས་པ་ལ་སོགས་པ་ལ། ཡུལ་གྱི་སྒྲས་ནི་འདིར་དམིགས་པ་བརྗོད་པར་འདོད་པས་ཏེ། ཚད་མ་ཉིད་ཀྱི་ཡུལ་ནི་མ་ཡིན་ནོ། །རྗེས་སུ་དཔག་པ་ཡང་མི་བསླུ་བའི་མཚན་ཉིད་ཅན་ཚད་མ་ཉིད་དེ་དངོས་པོའི་ཡུལ་ཅན་ཁོ་ནའོ། །དེའི་ཕྱིར་དམིགས་པ་ཐ་དད་པས་ཚད་མ་དག་ཡུལ་ཐ་དད་པར་གསུངས་
སོ། །དམིགས་པ་ཐ་དད་པ་ཡང་ཅི་ལྟར་ཞེ་ན། སོ་སོར་སྣང་བ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གཅིག་ལ་མཚན་ཉིད་མི་མཐུན་པའི་རྣམ་པ་དེ་དག་རིགས་པ་ནི་མ་ཡིན་པའི་ཕྱིར་རོ། །ཐ་དད་ཅེས་པ་ཡང་ཐ་མི་དད་པ་བཀག་པ་ཁོ་ནར་བལྟ་བར་བྱའི། །ཡུལ་སྣ་ཚོགས་པ་ཉིད་ནི་མ་ཡིན་ཏེ། རྗེས་སུ་དཔག་པའི་རྣམ་
པར་རྟོག་པ་ནི་ཡུལ་མེད་པ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡང་རྗེས་སུ་དཔག་པའི་ཡུལ་གང་དུ་འདོད་པ་དེ་ནི་དེ་ཁོ་ན་ཉིད་དུ་ན་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེའི་རྣམ་པའི་བྱེ་བྲག་ལས་ཀྱང་ཞེས་པ་ལ། དེའི་ཞེས་པ་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ལ་སྙེག་གོ། །དེའི་རྣམ་པ་ནི་རང་བཞིན་ཏེ།
เล่ม ๑๙๓ · หน้า 84a
རྣམ་པར་བྱ་ཞིང་ཡོངས་སུ་གཅད་པར་བྱའོ་ཞེས་བྱས་ནས་སོ། །དེའི་རྣམ་པའི་བྱེ་བྲག་སྟེ། ཐ་དད་པའོ་ཞེས་པའོ་ཞེས་པའི་དོན་ཏེ། བྱེ་བྲག་སྨོས་པ་ཡང་བྱེ་བྲག་མེད་པ་དགག་པ་རྟོགས་པར་བྱེད་པ་ལྷུར་ལེན་པར་རིག་པར་བྱའི་སྣ་ཚོགས་པའི་རང་བཞིན་ཉིད་འདིས། རྟོགས་པར་བྱ་བ་
ནི་མ་ཡིན་ཏེ། ཕྱི་ནི་རྣམ་པར་བརྟགས་པ་ཉིད་ཀྱིས་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་འདི་གསལ་བར་བྱས་པར་འགྱུར་ཏེ། གང་གི་ཕྱིར་མངོན་སུམ་ལ་ཕྱི་རོལ་གྱི་ཡུལ་ཡོད་དེ། གང་ལས་དེའི་ཡུལ་གྱི་སྣང་བ་གསལ་བར་འགྱུར་ལ་རྗེས་སུ་དཔག་པའི་ནི་མ་ཡིན་ནོ། །གང་དེའི་ཡུལ་གྱི་རྣམ་པ་མི་
གསལ་བ་དེ་ནི་རང་གི་ས་བོན་གྱི་སྟོབས་ཁོ་ན་ལས་སྐྱེ་སྟེ། དེའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཇི་སྐད་བཤད་པ་ལྟར་ངོ་བོ་ཐ་དད་པའོ། །ཡང་ན་མངོན་སུམ་གྱི་གཞལ་བར་བྱ་བ་ནི་རང་གི་མཚན་ཉིད་དངོས་སུ་གསལ་བར་སྣང་བའི་རང་གི་རྣམ་པ་སྐྱེད་པར་བྱེད་པ་སྟེ་རང་གི་ངོ་བོས་སོ། །རྗེས་སུ་
དཔག་པའི་ནི་དེ་ཁོ་ན་བརྒྱུད་པས། མི་གསལ་བའི་ཡུལ་གྱི་རྣམ་པར་སྐྱེད་པར་བྱེད་པ་སྟེ་གཞན་གྱི་ངོ་བོས་གཞལ་བར་བྱའོ། །མངོན་སུམ་གྱི་ཡང་གཞན་གྱི་ངོ་བོས་སོ་ཞེས་ཁ་ཅིག་གོ། །དེ་ལྟར་གང་གི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ཐ་དད་པ་དེའི་ཕྱིར། རང་བཞིན་གྱི་བྱེ་བྲག་
ལས། གསལ་བ་དང་མི་གསལ་བའི་ཡུལ་གྱི་རྣམ་པ་ཉིད་ཀྱིས་ན་རང་གི་ངོ་བོ་ཡང་ཐ་དད་པའོ་ཞེས་པའོ། །ཅི་སྟེ་ཅིའི་ཕྱིར་ཞེས་པ་རྒྱུ་ཅི་ཡིས་རྗེས་སུ་དཔག་པ་ཁོ་ན་རང་གི་དོན་དང་གཞན་གྱི་དབྱེ་བས་ན་རྣམ་པ་གཉིས་སུ་འབྱེད་ཀྱི། མངོན་སུམ་ནི་མ་ཡིན་ནོ་ཞེས་ངེས་པར་འཛིན་པ་སྟོན་པར་བྱེད་དོ། །
འདི་སྐད་བཤད་པར་འགྱུར་ཏེ། རང་གིས་མངོན་སུམ་དུ་བྱས་པའི་དོན་གཞན་གྱིས་རྟོགས་པར་བྱ་བའི་ཆེད་དུ་ཚིག་གང་ཡིན་པ་དེ་གཉིས་པ་གཞན་གྱི་དོན་གྱིས་མངོན་སུམ་དུ་ཅིའི་ཕྱིར་མི་འདོད་ཅེས་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་པའི་ཡུལ་ནི་སྤྱི་ཡིན་པས་ཏེ།
དེ་ལ་ཡང་བདག་ཉིད་ལ་རྗེས་སུ་དཔག་པ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ཕ་རོལ་པོའི་རྒྱུད་ལ་ཚིག་གིས་བྱེད་དོ་ཞེས་པས་དེ་རྣམ་པ་གཉིས་ཉིད་དུ་རིགས་སོ། །མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་དེ་དེ་ལ་བདག་ཉིད་ཀྱི་མངོན་སུམ་གྱི་ཤེས་པ་ཅི་འདྲ་བ་དེ་ལྟ་བུ་སྒྲས་རྒྱུད་གཞན་ལ་སྐྱེད་པར་ནུས་པ་མ་
เล่ม ๑๙๓ · หน้า 84b
ཡིན་ཏེ། དེ་ནི་བསྟན་བྱ་མིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ལོང་བ་ལ་སོགས་པ་རྣམས་ལ་ཡང་སྒྲ་ལས་རྣམ་པ་དེ་ལྟ་བུ་ཁོ་ནའི་གསལ་བར་སྣང་བའི་ཤེས་པར་འགྱུར་རོ། །ཅིའི་ཕྱིར་དེ་བསྟན་པར་བྱ་བ་མ་ཡིན་ཞེ་ན། གསུངས་པ། གཟུང་ཐ་དད་ཕྱིར་ཞེས་པའོ། །གང་ཕྱིར་
མངོན་སུམ་གྱི་གཟུང་བར་བྱ་བ་ནི་ཐུན་མོང་མ་ཡིན་པ་སྟེ། དེ་ངེས་པར་བསྟན་པར་ནུས་པ་ཡང་མ་ཡིན་ཏེ། དེ་སྔར་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །རྗེས་སུ་དཔག་པའི་ནི་དེ་ལས་བཟློག་པ་སྟེ། དེའི་ཕྱིར་དེ་ཁོ་ནའི་གཟུང་བྱ་ངེས་པར་བསྟན་པར་བྱ་བ་ཡིན་གྱི་མངོན་སུམ་གྱི་ནི་མ་ཡིན་ནོ། །
རང་གི་བདག་ཉིད་བཞིན་དུ་ཞེས་པ་འདིས་འདི་གསལ་བར་བྱེད་དེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་ངོ་བོ་ཐ་དད་པ་སྟེ། འདི་ནི་ཐམས་ཅད་ཀྱི་སོ་སོ་རང་གིས་རིག་པར་བྱ་བའོ། །ཡུལ་ཐ་དད་པ་མེད་པ་ཉིད་ལ་རང་གི་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པ་དག་གི་དེ་སྐྱེ་བ་ཡང་མ་ཡིན་
ནོ། །དེའི་ཕྱིར་ཇི་ལྟར་དེ་དག་གི་རང་གི་ངོ་བོ་ཐ་དད་པ་དེ་ལྟར་ཡུལ་ཐ་དད་པར་ཡང་བལྟ་བར་བྱའོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་ནི་ངེས་པར་བསྟན་པར་བྱ་བ་རྗེས་སུ་དཔག་པའི་ལྟ་བུ་མ་ཡིན་ནོ་ཞེས་པའོ། །གཞན་རྣམས་ན་རེ་སྡེབ་སྦྱོར་ཉམས་པའི་འཇིགས་པ་ལས་འདིར་གང་ཕྱིས་བརྗོད་པར་
བྱ་བ་དེ་སྔར་བརྗོད་པས་ཏེ། དེའི་ཕྱིར་གཞུང་འདི་འདི་ལྟར་ཤེས་པར་བྱའོ། །ཅིའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་རྣམ་པ་གཉིས་སུ་འབྱེད་ཀྱི་མངོན་སུམ་ནི་མ་ཡིན་ཞེས་དྲིས་པ་ལ་རྒྱུ་གསུངས་པ། གཟུང་ཐ་དད་ཕྱིར་ཞེས་པ་ལ་སོགས་པའོ། །གལ་ཏེ་གཟུང་བར་བྱ་བ་ཐ་དད་པས་རྗེས་སུ་དཔག་པ་
རྣམ་པ་གཉིས་སུ་འབྱེད་ན་དེ་ལྟར་གྱུར་ན་མངོན་སུམ་ཡང་རྣམ་པ་གཉིས་སུ་དབྱེ་བར་བྱའོ་ཞེ་ན། གསུངས་པ། རང་གི་མཚན་ཉིད་བསྟན་བྱ་མིན། །ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། །འདི་འདྲ་བ་འདི་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་གཟུང་བར་བྱ་བར་འདོད་དེ། གང་དུ་
གཅིག་ནི་ངེས་པར་བསྟན་བྱ་ཡིན་ལ། གཞན་ངེས་པར་བསྟན་བྱ་མ་ཡིན་པའོ་ཞེས་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་རྣམ་པ་གཉིས་སུ་འབྱེད་དེ། གང་གི་ཡུལ་ཚིག་གིས་ཕ་རོལ་པོ་ལ་རྟོགས་པར་ནུས་པའོ། །མངོན་སུམ་ནི་མ་ཡིན་ནོ་ཞེས་པའོ། །འོ་ན། དོན་དང་ནི། ངོ་བོ་མཚུངས་མིན་འདི་
เล่ม ๑๙๓ · หน้า 85a
དག་གི །ཞེས་པ་འདིས་སྔར་ཁོ་ནར་ཚད་མ་དག་གི་ཡུལ་གྱི་དབྱེ་བ་བསྒྲུབས་ཟིན་པ་མ་ཡིན་ནམ། དེ་ཐ་དད་པ་ལས་ཀྱང་རང་གི་ངོ་བོ་ཐ་དད་པ་སྟེ། དེས་ན་འདི་ཉེ་བར་བཀོད་པ་ཅི་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རང་གི་བདག་ཉིད་བཞིན་དུ་གཟུང་བྱ་ཐ་དད་པའོ་ཞེས་པ་ལ་
སོགས་པའོ་ཞེ་ན། སྔ་མ་ནི་དོན་གཞན་ལ་དོན་འདི་བརྗོད་པ་སྟེ། ད་ལྟ་ནི་དོན་གཞན་ལའོ་ཞེས་པ་སྐྱོན་མེད་དོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པས་རང་གི་མཚན་ཉིད་བསྟན་བྱ་མ་ཡིན་པ་ཉིད་སྒྲུབ་པར་བྱེད་དོ། །དེ་སྒྲ་དེ་ཁོ་ནས་རྗེས་སུ་དཔག་པར་བྱ་བར་འགྱུར་རོ་ཞེས་པ་མངོན་སུམ་གྱི་གཟུང་བར་བྱ་བའི་དོན་དེ་
སྒྲ་དེ་ལས་རྟོགས་པར་འགྱུར་རོ་ཞེས་པའི་དོན་ཏེ། དེ་ལྟར་ཡང་མ་ཡིན་ནོ། །ལོང་བ་ལ་སོགས་པས་ཀྱང་མངོན་སུམ་ཁོ་ནས་དེའི་དོན་མཐོང་བར་གྱུར་ན་མི་རུང་ངོ་ཞེས་པའོ། །ཕ་རོལ་པོ་ནི་བླུན་པོ་ལས་སྐྱོན་འདི་མ་རྟོགས་པས། རང་གིས་ཁས་བླངས་པའི་ཚད་མ་ཡུལ་གཅིག་པ་ཉིད་མཐོང་བ་རྗེས་སུ་སྒྲུབ་
ཅེས་པ་བསྟན་བཅོས་སུའོ། །མིང་ལས་ཤེས་ཕྱིར་རྣམ་པ་གཞན། །བསྟན་བྱ་ཞེས་པ་ལ་སོགས་པ་སྟེ། རང་གི་མཚན་ཉིད་ཀྱི་རྣམ་པ་ལས་གཞན་སྤྱིའི་རྣམ་པའོ། །དེས་བསྟན་པར་བྱ་བ་སྟེ། རང་གི་མཚན་ཉིད་དུ་ནི་མ་ཡིན་ནོ། །དེའི་མིང་ནི་སྔོན་པོའོ་ཞེས་པའི་འདུ་ཤེས་འདི་ཡིན་ཞིང་། དེ་ཡང་
རྣམ་པར་ཤེས་པར་བྱེད་ཀྱི། དོན་རང་གི་མཚན་ཉིད་འབའ་ཞིག་པ་ནི་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་སུ་ཡིད་ནི་རྣམ་པ་གཉིས་སུ་འདོད་དེ། སྔོན་པོ་མ་ཡིན་པ་ལས་ལོག་པས་ཞེས་པ་རྣམ་པ་གཞན་དེ་སྟོན་ཏེ། ཐ་སྙད་བྱེད་པ་པོ་རྣམས་ཀྱི་མངོན་པར་བསམ་པའི་ངོ་ལས་སྔོན་པོ་མ་ཡིན་པ་ལས་ལོག་པས་
ཞེས་བརྗོད་དོ། །དེ་རྣམས་ནི་དེ་ཁོ་ན་ཉིད་དུ་ལྷག་པར་ཞེན་པས་ཐ་སྙད་དུ་བྱེད་དོ་ཞེས་པ་འདི་བརྗོད་དེ། གཞན་དུ་ན་ཕན་ཚུན་རྣམ་པར་འཇོམས་པ་ཅན་དུ་འདི་འགྱུར་རོ། །དེ་ལྟར་ནི་གལ་ཏེ་རྣམ་པ་གཞན་གྱིས་ཡིད་ཉེ་བར་སྟོན་ན། དེའི་ཚེ་དེས་མིག་གི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ་ཁོ་ན་ངེས་པར་
བསྟན་པར་འགྱུར་བ་མ་ཡིན་ཞིང་། ཅི་སྟེ་རང་གི་མཚན་ཉིད་དེ་ཁོ་ན་ངེས་པར་སྟོན་ན། མིང་ནི་རྣམ་པ་གཞན་གྱིས་མ་ཡིན་ནོ་ཞེས་པའོ། །སྤྱི་མ་ཡིན་ལའང་ཞེས་པའི་ཡང་གི་སྒྲ་ལས་སྤྱི་ལས་ཡང་སྟེ་མི་རྟག་པ་ལ་སོགས་པ་ལའོ། །རླུང་ལ་སོགས་པའི་རང་བཞིན་ཞེས་པ། སོགས་པའི་སྒྲས་
เล่ม ๑๙๓ · หน้า 85b
ནམ་མཁའ་ལ་སོགས་པ་རྣམས་མངོན་སུམ་མ་ཡིན་པ་རྣམས་གཟུང་ངོ་། །ཇི་སྐད་དུ་སྨྲས་པ་ཞེས་པ་གཟེགས་ཟན་གྱིས་སོ། །མདོ་འདིའི་འབྲེལ་པ་ནི། ས་དང་ཆུ་དང་མེ་བཞིན་དུ་འཛིན་པ་མེད་པའི་ཕྱིར་ན་རེག་པ་ཙམ་རླུང་ངོ་ཞེས་ཕ་རོལ་པོས་བརྗོད་པ་ན། དེ་ཡོངས་སུ་སྤང་བའི་ཆེད་དུ་སྨྲས་པ། མ་
མཐོང་བ་ཡང་རྟགས་ལས་ཡང་དག་པར་རྟོགས་པར་བྱེད་པར་འགྱུར་རོ། །ཡང་དེའི་རྟགས་ཅི་ཞེ་ན། དེ་ལྟར་བརྗོད་པར་བྱ་སྟེ་རེག་བྱ་ཡང་མཐོང་བ་རྣམས་ཀྱི་ཡང་རེག་བྱ་མ་ཡིན་ནོ་ཞེས་དེ་མ་མཐོང་བའི་རྟགས་ཅན་རླུང་ངོ་། །རེག་བྱ་ཡང་གྲང་བ་དང་དྲོ་བའི་ཁྱད་པར་དང་བྲལ་བ་ཡང་དག་པར་
ཉེ་བར་དམིགས་སོ། །ཡང་གི་སྒྲ་ལས་སྒྲ་དང་འཛིན་དང་གཡོ་བ་རྣམས་ཀྱང་ངོ་། །ཤིང་མེད་པའི་ཡུལ་རྣམས་སུ་ཀ་ཤུ་ཀཱའི་སྒྲ་ཉེ་བར་དམིགས་ཤིང་རྩྭ་ལ་སོགས་པ་རྣམས་ཀྱི་བསྟན་པ་སྟེ། དེ་རྣམས་ནི་རྫས་གཞན་གྱི་གེགས་མེད་ན། ལྕི་བ་ཉིད་ཀྱི་ཕྱིར་ལྷུང་བར་འགྱུར་ཞིང་། ནམ་མཁའ་
ལ་གནས་པ་ཡང་མཚོན་ཏེ། འཁྲི་ཤིང་ལ་སོགས་པ་རྣམས་ཀྱི་གཡོ་བའོ། །འདི་ནི་མཐོང་བ་ལ་སོགས་པ་རྣམས་ཀྱི་ཡང་མ་ཡིན་ཞིང་། ཡང་གི་སྒྲ་ལས་མ་མཐོང་བ་ནམ་མཁའ་ལ་སོགས་པ་རྣམས་ཀྱི་ཡང་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་དང་མ་མཐོང་བ་རྣམས་ལ་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །
རེག་བྱའི་ཁྱད་པར་ནི་མ་མཐོང་བ་སྟེ། དེ་འདིའི་རྟགས་སོ་ཞེས་པས་མ་མཐོང་བའི་རྟགས་ཅན་རླུང་ངོ་། །འདི་ནི་སྔར་མཐོང་བར་འགྱུར་བ་ཡང་མ་ཡིན་ཏེ། དེ་ཐོག་མར་རེག་བྱའི་ཁྱད་པར་གྱིས་འཛིན་པའི་ཕྱིར་རོ་ཞེས་པ་སྤྱིའི་སྤྱོད་ཡུལ་ཅན་མ་ཡིན་པའི་རྗེས་སུ་དཔག་པར་འགྱུར་རོ། །མ་ཡིན་ཏེ་སྤྱི་གསལ་
བྱེད་ཕྱིར་ཞེས་པ་ལ། དེ་ཞེས་པའི་སྒྲས་རེག་བྱ་ཁོ་ན་དང་འབྲེལ་ཏེ། རླུང་ནི་མ་ཡིན་ནོ། །དེ་ཁོ་ནའི་ཕྱིར་གསུངས་པ། དེ་ནི་རླུང་ལ་སོགས་པ་རྣམས་ལ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། རེག་བྱའི་སྤྱི་བརྟེན་པ་ཉིད་ནི་ཡོན་ཏན་ཉིད་ཀྱིས་གསལ་བར་བྱ་བ་སྟེ། གང་ཡོན་ཏན་ཡིན་པ་དེ་བརྟེན་པ་སྟེ། དྲི་
བཞིན། རེག་བྱ་ཡང་ཡོན་ཏན་ནོ། །རེག་པ་ཉིད་སྟོན་ཅིང་ཁོ་བོ་འདི་ན་ཞེས་འོ་ན་ཡང་ཞེས་པ་ལ་སོགས་པས་གསལ་བར་བྱེད་དོ། །རེག་པ་ནི་མངོན་སུམ་གྱི་དོན་ཏེ། དེ་ཁོ་ན་ཡང་གཟུགས་ཀྱིས་རྗེས་སུ་དཔག་པར་བྱའོ་ཞེས་སེམས་སོ། །རེས་འགའ་ཞེས་པ་གང་གི་ཚེ་རེག་བྱ་དབང་པོས་རེག་པར་
เล่ม ๑๙๓ · หน้า 86a
བྱ་བ་མ་ཡིན་པ་དེའི་ཚེ་ཞེས་པའི་དོན་ཏོ། །ཇི་ལྟར་མངོན་སུམ་བཞིན་མ་ཡིན་ནོ་ཞེས་པ་སྟེ། མངོན་སུམ་ནི་ཁྱད་པར་གཞན་དུ་ཞེན་པས་དབེན་པར་གནས་པའི་ངོ་བོ་ཁོ་ནས་རེག་པ་ཡོངས་སུ་གཅོད་པར་བྱེད་ལ། རྗེས་སུ་དཔག་པས་ནི་དྲན་པས་དྲངས་པའི་སྔ་མ་རྗེས་སུ་མཚམས་
སྦྱོར་བ་ལས་ཏེ། དེ་འདི་དག་གིས་སྔར་ཁོ་བོ་འདི་དང་ལྷན་ཅིག་སྔར་ཉེ་བར་དམིགས་སོ་ཞེས་རེག་པའི་སྤྱི་རེག་པ་མ་ཡིན་པ་ལས་ལོག་པའོ། །དཔེར་ན་ཞེས་པ་སྔར་མཐོང་བ་རྗེས་སུ་མཚམས་སྦྱོར་བ་ལ་དཔེ་གསུངས་པ་སྟེ། ཇི་ལྟར་གཟུགས་ནི་མངོན་སུམ་གྱིས་གཟུང་བ་ཁོ་ནའོ་ཞེས་པས་རང་གི་
མཚན་ཉིད་ཀྱི་རྣམ་པས་རྟགས་སུ་འགྱུར་བ་མ་ཡིན་ཏེ། ཁྱད་པར་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ལ། འོན་ཀྱང་སྤྱིའི་རྣམ་པ་ཁོ་ནས་སྔར་མཐོང་བ་རྗེས་སུ་བསྡུས་པས་ཏེ། དེ་ལྟར་རེག་བྱ་ཡང་སྔར་མངོན་སུམ་གྱིས་བཟུང་ངོ་ཞེས་པ་ཁོ་ནས་རང་གི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་
རྗེས་སུ་སྤྱིའི་རྣམ་པ་ཁོ་ནས་རྗེས་སུ་དཔག་པར་རུང་བས་སོ་ཞེས་སྟོན་ཏེ། ཇི་ལྟར་མཐོང་བ་ལ་སོགས་པའི་ཐ་སྙད་ཡིན་ཞེ་ན་ཞེས་པ། གལ་ཏེ་ཇི་ལྟར་ཉམས་སུ་མྱོང་བ་ལྟར་སྨྲ་བ་དེ་ལྟ་བུའི་ཐ་སྙད་རྣམས་ནི་འཕགས་པ་རྣམས་སྦྱོར་བར་བྱེད་ལ། ཁྱོད་ཀྱི་ལུགས་ཀྱིས་ནི་རང་གི་མཚན་ཉིད་ཉེ་བར་དམིགས་ནས་
གཞན་ཁོ་ན་རྗོད་པར་བྱེད་པ་རྣམས་ཀྱི་ཐ་སྙད་རྣམས་འཕགས་པ་མ་ཡིན་པར་འགྱུར་རོ། །དེ་ལས་ཀྱང་ཁས་བླངས་པ་ལ་གནོད་པའོ་ཞེ་ན། མཐོང་བ་ཞེས་པ་ལ་སོགས་པས་འདི་འཆད་པར་བྱེད་དེ། མཐོང་བར་བྱེད་པ་ལ་སོགས་པའི་བྱ་བའི་རྒྱུ་མཚན་ཅན་མཐོང་བ་ལ་སོགས་པའི་སྒྲ་དེ་རྣམས་ཀྱང་རང་
གི་རྒྱུ་མཚན་ཡོད་པ་ན་འཕགས་པ་རྣམས་ཀྱིས་སྦྱོར་བར་བྱེད་ལ། མེད་པ་ན་མ་ཡིན་ནོ་ཞེས་འཕགས་པའི་ཐ་སྙད་རྣམས་ཁས་བླངས་ཤིང་། རང་གི་མཚན་ཉིད་བརྗོད་པ་ལས་ནི་མ་ཡིན་ནོ་ཞེས་པས་ཁས་བླངས་པས་གནོད་པ་མ་ཡིན་ནོ་ཞེས་པའོ། །འོ་ན་གང་ཞེས་པ་ལ་སོགས་པ་བསྟན་བཅོས་དང་འགལ་
བ་སྨྲས་སོ། །འོ་ན་མིག་གི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ཁོ་ནའི་སྐད་ཅིག་ཡིད་ཀྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྐད་ཅིག་གཞན་ནོ་ཞེས་སྔར་བཤད་པ་མ་ཡིན་ནམ། དེ་འདི་ལྟ་བུར་བཤད་པ་ཅི་ལྟར་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ་མིག་གི་རྣམ་པར་ཤེས་པས་
เล่ม ๑๙๓ · หน้า 86b
ཉམས་སུ་མྱོང་བ་ཁོ་ནའི་དོན་ཞེས་རང་གི་མཚན་ཉིད་ཉེ་བར་མཚོན་པ་ལྷུར་ལེན་པ་འདི་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནའོ་ཞེས་པའི་དོན་ཏེ། ཡང་ན་སྔ་མ་དང་ཕྱི་མའི་སྐད་ཅིག་དག་རིགས་མཚུངས་པ་ཉིད་ཀྱི་ཕྱིར་ཐ་མི་དད་པར་བརྗོད་པར་འདོད་པས་འདི་ལྟར་བརྗོད་པར་འགྱུར་རོ། །ཡང་ན་ཨ་ནུ་རི་སྒྲ་
འདི་ནི་ལྷན་ཅིག་པའི་དོན་ལ་འཇུག་ལ། བྷུ་ཏའི་སྒྲ་ཡང་སྐྱེས་པ་ལ་སྟེ། དེ་ལས་ཀྱང་མིག་གི་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཁོ་ནའི་དོན་རྣམ་པར་ཤེས་པར་བྱེད་དོ་ཞེས་པ་འདི་འདིར་དོན་ཡིན་ནོ་ཞེས་པས་སྐྱོན་མེད་དོ། །གལ་ཏེ་གང་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བའི་རང་གི་
མཚན་ཉིད་དེ་བསྟན་དུ་ཡོད་པ་ཡིན་ན། ཡིད་ཀྱིས་སྔོན་པོ་ཡང་རྣམ་པར་ཤེས་སོ། །སྔོན་པོ་ཞེས་ཀྱང་ཞེན་ཅིང་བརྗོད་པ་དེ་ཅི་ལྟར་ཞེ་ན། དེར་ཡང་རང་བཞིན་ནོ། །ཡང་ན་དེ་ཞེས་པའི་སྒྲས་རླུང་ཁོ་ན་དང་སྦྲེལ་བར་བྱའོ་ཞེས་སྟོན་པ་གསུངས་པ་ཡང་ན་རླུང་ལ་སོགས་པའི་རང་བཞིན་རྣམས་ལ་མ་ཡིན་ནོ་ཞེས་
པ་ལ་སོགས་ཏེ། འདིའི་དོན་ནི་གང་ཡོན་ཏན་ཡིན་པ་དེ་རྫས་ལ་བསྟན་པ་སྟེ། དྲི་བཞིན་རེག་བྱ་ཡང་ཡོན་ཏན་ཡིན་ནོ་ཞེས་པ་རང་བཞིན་ནོ། །རེག་བྱ་ཡོན་ཏན་ཉིད་ཀྱི་ཕྱིར་རྫས་ལ་བརྟེན་པ་ཉིད་དུ་རྗེས་སུ་དཔག་པ་ན། རྫས་ཉིད་ཙམ་ནི་དོན་གྱིས་འགྲུབ་སྟེ། དཔེར་ན་མིག་ལ་སོགས་པ་རྣམས་གཞན་
གྱི་དོན་ཉིད་དུ་གྲུབ་པ་ན་གཞན་ཡང་དོན་གྱིས་འགྲུབ་པ་བཞིན་ནོ་ཞེས་པ་དགོངས་པའོ། །ཡོངས་ཀྱི་ལྷག་མ་ལས་ཞེས་པ། ཡོངས་སུ་ལྷག་མ་ལས་གྲུབ་པ་ནི་རྗེས་སུ་དཔག་པ་ཁོ་ན་སྟེ། རྟགས་ལས་སྐྱེས་པ་ཉིད་ཀྱི་ཕྱིར་ཞེས་སེམས་སོ། །ཇི་སྐད་དུ་སྨྲས་པ་ཞེས་པ་ལ་སོགས་པ་སྟེ། རེག་བྱ་འདི་ནི་སའི་
མ་ཡིན་ཏེ། དྲི་ལ་སོགས་པ་དང་ལྷན་ཅིག་སྤྱོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཆུ་དང་མེ་དག་གི་ཡང་མ་ཡིན་ཏེ། དྲོ་བ་མེད་པ་དང་གྲང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་མ་མཐོང་བ་རྣམས་ཀྱི་ཡང་མ་ཡིན་ཏེ། དེ་རྣམས་ནི་རེག་བྱ་དང་ལྡན་པ་ཉིད་ན་བུམ་པ་ལ་སོགས་པ་དེར་སོ་
སོར་ཐོགས་པར་འགྱུར་རོ། །ཡིད་ཀྱི་རྗེས་སུ་དཔག་པར་བྱ་བའི་ཡོན་ཏན་ཉིད་ཀྱི་ཕྱིར་འདིའི་རྗེས་སུ་དཔག་པར་བྱ་བའི་ཡོན་ཏན་དག་རྡུལ་ཉིད་དང་གཅིག་ཉིད་ཀྱང་མ་ཡིན་ནོ། །འདི་ནི་མངོན་སུམ་ཡིན་ལ། རྟེན་མེད་པའི་ཡོན་ཏན་ཡང་དག་པར་བརྗོད་པ་མ་ཡིན་ཏེ། དེ་ལས་ཡོངས་སུ་བའི་ལྷག་མ་
เล่ม ๑๙๓ · หน้า 87a
ལས། རེག་བྱ་འདི་ནི་རླུང་ཁོ་ནའིའོ་ཞེས་པ་འདི་ནི་ཡོངས་སུ་ལྷག་མ་ལས་གྲུབ་པའོ། །དེ་ཡོད་པར་མ་གྲུབ་པའི་ཕྱིར་ཞེས་པ། དེའི་སྒྲས་རླུང་དང་འབྲེལ་པ་སྟེ། གང་གི་ཕྱིར་གཞན་རྣམས་ལ་གང་གི་མི་སྲིད་ཅིང་དེ་ཡོད་པ་ཉིད་དུ་གྲུབ་པ་ཅན་ལ་དེའི་ཡོད་པ་ཉིད་ཡང་དག་པར་
འབྱུང་བར་བྱ་ན། གང་གི་ཡོད་པ་ཉིད་མ་གྲུབ་ན། དེ་ལ་ཡོངས་སུ་བའི་ལྷག་མ་ལས་དེ་ཡོད་དོ་ཞེས་ཡང་དག་པར་འབྱུང་བ་ཅི་ལྟར་ཏེ། གང་གི་ཚེ་དེར་ཉེ་བའི་སྐྱེས་བུ་གཞན་གྱིས་བྱ་བ་འདིས་བྱས་པ་མ་ཡིན་ནོ་ཞེས་ཡང་དག་པར་འབྱུང་བ་ན། དེའི་ཚེ་མོ་གཤམ་གྱི་བུས་ཡོངས་སུ་བའི་ལྷག་མ་ལས་
འདི་བྱས་སོ་ཞེས་ཡང་དག་པར་འབྱུང་བར་རིགས་པ་མ་ཡིན་གྱི། དེ་རྣམས་ཁོ་ན་ལ་ནི། འདི་སུས་བྱས་ཞེས་ཐེ་ཚོམ་དུ་འགྱུར་རོ། །དགག་པ་མཚུངས་པ་ཉིད་ཀྱི་ཕྱིར་ཡང་ཞེས་པ། དེ་ཡོད་པ་ཉིད་དུ་གྲུབ་ན་ཡང་དགག་པ་མཚུངས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་རིགས་པ་མ་ཡིན་ཏེ། ཇི་ལྟར་
རེག་བྱ་འདི་ས་ལ་སོགས་པ་རྣམས་ལ་མཆོག་ཏུ་མཐོང་བ་མ་ཡིན་ནོ་ཞེས་པས་དེ་རྣམས་ལ་འགྱུར་བ་མ་ཡིན་པ། དེ་ལྟར་རླུང་ལ་ཡང་སྔར་མཐོང་བ་མ་ཡིན་ནོ་ཞེས་པས་དེ་ལ་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་རླུང་ཡོངས་སུ་བའི་ལྷག་མ་ལས་གྲུབ་པ་ཅི་ལྟར་ཞེ་ན། གསུངས་པ། གྲུབ་པ་ན་ནི་ཞེས་པ་ལ་
སོགས་པ་སྟེ། ཇི་ལྟར་སྐྱེ་བ་དང་ལྡན་པ་བུམ་པ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་གྲུབ་པ་དེ་ལྟར་གལ་ཏེ་རླུང་ལ་སོགས་པ་ཤེས་འདོད་དང་ལྡན་པ་རྣམས་ཀྱི་ཡོད་པ་ཉིད་དུ་གྲུབ་པར་འགྱུར་བ་དེ་ལྟར་ན་ནི་གཏན་ཚིགས་གྲུབ་པ་ཉིད་ཐོབ་ཀྱི། རྣམ་པ་གཞན་དུ་ན་མ་ཡིན་ནོ། །དགག་པ་མི་སྲིད་པ་ན་ཡང་།
ཞེས་པ། དེ་རྣམས་ཡོད་པར་གྲུབ་ན་ཡང་གལ་ཏེ་ཆོས་དེ་ཚད་མས་གནོད་པས་མེ་ལ་གྲང་བ་ཉིད་ལྟ་བུ་ཡིན་ན། དེ་ལྟ་ན་ཡང་མ་གྲུབ་པ་ཁོ་ནའི་གཏན་ཚིགས་སུ་འགྱུར་ལ། བཟློག་པ་ལས་ནི་གྲུབ་པའོ་ཞེས་པའོ། །དེ་ལྟར་ཇི་ལྟར་གཏན་ཚིགས་གྲུབ་པ་ཉིད་དུ་འགྱུར་བ་དེ་ལྟར་བསྟན་ཏོ། །
ཡོན་ཏན་གྱི་བྱེ་བྲག་དང་འབྲེལ་པ་ལས་ཞེས་པ་ཡོན་ཏན་གྱི་བྱེ་བྲག་ནི་ཆོས་ཀྱི་ཁྱད་པར་གཏན་ཚིགས་ཉིད་དུ་མངོན་པར་འདོད་པའོ། །དེའི་འགྲེལ་པ་ནི་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བའོ། །ཡོན་ཏན་གྱི་སྤྱི་བོར་ནས་ཞེས་པ་ཆོས་ཀྱི་སྤྱི་འཁྲུལ་པ་སྤངས་ནས་སོ། །ཡོན་ཏན་གྱི་བྱེ་བྲག་གིས་ཞེས་
เล่ม ๑๙๓ · หน้า 87b
པ་ཇི་སྐད་བཤད་པ་བསྒྲུབ་བྱའི་ཆོས་ཅན་ལ་གྲུབ་པའི་ཡོད་པ་ཉིད་ཅན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་ཆོས་ཀྱིས་སོ། །རྫས་ཀྱི་བྱེ་བྲག་རྗེས་སུ་དཔོག་པར་བྱེད་ལ་ཞེས་པ་ཡོངས་སུ་བའི་ལྷག་མ་ལས་རླུང་རྗེས་སུ་དཔོག་པར་བྱེད་ཅེས་པའི་དོན་ཏོ། །དེར་ཡང་སྤྱིའི་རྣམ་པས་ཞེས་རིག་པར་
བྱའི། རང་གི་ངོ་བོས་ནི་མ་ཡིན་ཏེ། གང་གི་ཕྱིར་སྔར་ཁོ་ནར་རྗེས་སུ་དཔག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་བཀག་པས་སོ། །བྱེ་བྲག་སྨོས་པ་ནི་ས་ལ་སོགས་པའི་རྫས་བསལ་བའི་དོན་དུའོ། །དེ་ལ་འདི་ནི་སྦྱོར་བ་སྟེ། གང་ཞིག་གང་ལས་གྲུབ་པའི་ཡོད་པ་ཉིད་ལས་གཞན་རྣམས་ལ་མི་
སྲིད་པའི་དངོས་པོའི་ཆོས་ཡིན་ཞིང་དེ་ལ་ཡང་ཚད་མས་མི་གནོད་པ་དེ་དེ་ཡིར་འགྱུར་ཏེ། དཔེར་ན་སྐྱེ་བ་དང་ལྡན་པ་རྣམས་ལས་གྲུབ་པའི་ཡོད་པ་ཉིད་རྣམས་ལས་གཞན་རྣམས་ལ་མི་སྲིད་པ་མི་རྟག་པ་ཉིད་དངོས་པོའི་ཆོས་ཡིན་ཞིང་དེ་ལ་ཚད་མས་མི་གནོད་པ་དེ་དེ་རྣམས་ཀྱིར་འགྱུར་བ་བཞིན་དྲོ་བ་ཡང་མ་
ཡིན། གྲང་བ་ཡང་མ་ཡིན་པའི་རེག་བྱ་ཡང་རླུང་ལས་གྲུབ་པའི་ཡོད་པ་ཉིད་ལས་གཞན་རྣམས་ལ་སྲིད་པ་མ་ཡིན་པའི་དངོས་པོའི་ཆོས་ཡིན་ཞིང་དེ་ལ་ཡང་ཚད་མས་གནོད་མེད་པའོ་ཞེས་པ་རང་བཞིན་ནོ། །དེ་ལྟར་རེག་བྱ་ཡོངས་སུ་བའི་ལྷག་མ་ལས་རླུང་དང་འབྲེལ་པ་ཅན་ཉིད་དུ་གྲུབ་ན། རླུང་
ཡུལ་གྱི་ཁྱད་པར་འམ་དུས་ཀྱི་བྱེ་བྲག་འབའ་ཞིག་ཏུ་འགྲུབ་པ་ཡིན་ན། ཁྱོད་ཀྱི་ལུགས་ཀྱི་ནི་དེ་རྣམས་ཡོངས་སུ་བའི་ལྷག་མ་ལས་གྲུབ་པ་སྲིད་པ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། ཡོད་པ་ཉིད་ནི་མ་གྲུབ་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཡོད་པ་ཉིད་མ་གྲུབ་ཅིང་། ས་ལ་སོགས་པ་
རྣམས་དང་དགག་པ་མཚུངས་པ་ཡང་སྟེ། དེའི་ཕྱིར་ཡོན་ཏན་གྱི་བྱེ་བྲག་མེད་པ་སྟེ། ཚུལ་གསུམ་པ་ཉིད་དང་ལྡན་པའི་ཆོས་མེད་པའོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཡོན་ཏན་གྱི་བྱེ་བྲག་མེད་པའི་ཕྱིར་ན། དེ་ལ་ག་ལས་རྗེས་སུ་དཔག་པ་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །དེ་ལྟར་རེ་ཞིག་མཐོང་བ་
དང་མ་མཐོང་བ་རྣམས་ལས་དགག་པ་ཁས་བླངས་ནས་རྗེས་སུ་དཔག་པ་མེད་པ་བརྗོད་ཅིང་། ད་ནི་དགག་པ་ཁོ་ན་མི་རིགས་སོ་ཞེས་སྟོན་པ་གསུངས་པ། གལ་ཏེ་མ་མཐོང་བ་ཙམ་གྱིས་ཞེས་པ་ལ་སོགས་པ་སྟེ། ཙམ་སྨོས་པ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་གང་མ་མཐོང་བ་དེ་ཁོ་ན་ལས་
เล่ม ๑๙๓ · หน้า 88a
དངོས་པོ་མེད་པ་འགྲུབ་བོ་ཞེས་གསལ་བར་བྱེད་དོ། །འོ་ན་རེག་བྱ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཕྱིར་དགག་པར་རིགས་པ་ཁོ་ན་མ་ཡིན་ནམ་ཞེ་ན། རིགས་པ་མ་ཡིན་ཏེ། སྣང་བ་དང་དེའི་རང་བཞིན་ཙམ་འགོག་པ་མ་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་ནི་ས་ལ་
སོགས་པའི་སྤྱི་བཟུང་ནས་དགག་པ་སྨྲས་སོ། །དེ་ལ་ཡང་ཤིང་བལ་དང་རྡོ་བ་དང་ལོ་མ་ལ་སོགས་པ་རྣམས་ལ་དེ་ཡོད་ན་ཡང་རེག་པ་ཐ་དད་པ་མཐོང་བའི་ཕྱིར་རོ། །འགའ་ཞིག་ཏུ་ཁྱད་པར་ཡང་སྲིད་པ་ལས་དོགས་པར་འགྱུར་བའི་ཕྱིར་ཐམས་ཅད་དུ་མ་མཐོང་བ་ཙམ་གྱིས་དགག་པར་རིགས་པ་མ་ཡིན་
ནོ། །མ་མཐོང་བ་རྣམས་ལས་ཀྱང་རིགས་པ་མ་ཡིན་ནོ་ཞེས་སྟོན་པ་གསུངས་པ། མ་མཐོང་བ་རྣམས་ལས་ནི་མ་ཡིན་ནོ་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་བསྡུ་བ་ལས་ཏེ། ངེས་པར་འཛིན་པ་ལ་ཡང་ནའོ། །ལུས་ཅན་མ་ཡིན་པ་རྣམས་ནི་ཐོགས་པ་མེད་པའི་ཕྱིར་རོ་ཞེས་པ། ཐོགས་པ་འདི་
དགག་པར་འགྱུར་ཞིང་། དེ་ལས་བཟློག་པའི་དངོས་པོའི་ཡང་བསྒྲུབ་པ་སྟེ། གལ་ཏེ་དགག་ན་ནི་མངོན་པར་བཅོམ་པ་དང་རེག་པའི་ཁྱད་པར་དག་ལས་འབྲས་བུ་དང་རྒྱུའི་དངོས་པོའམ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་བརྗོད་པར་བྱ་བ་མ་ཡིན་ཏེ། གང་ལས་རྒྱུ་དང་ཁྱབ་པར་
བྱེད་པ་ལྡོག་པ་དག་ཁོ་ན། རང་དང་འབྲེལ་པའི་འབྲས་བུ་དང་ཁྱབ་བྱ་དག་ལྡོག་པར་བྱེད་པའོ། །གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། འབྲས་བུ་དང་རྒྱུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་དག་ཀྱང་མི་འགྲུབ་པའི་ཕྱིར་ཏེ། མངོན་པར་བཅོམ་པ་མེད་ཀྱང་རེག་བྱའི་
ཁྱད་པར་ཡོད་པའི་ཕྱིར་དང་། དོན་གཞན་ཉིད་ཀྱི་ཕྱིར་ཡང་ངོ་། །ཅི་སྟེ་ལུས་དང་ལྡན་པ་མ་ཡིན་པ་རྣམས་ཀྱི་མངོན་པར་བཅོམ་པ་མ་ཡིན་པའི་ཕྱིར་རོ་ཞེས་པ་འདིས་མངོན་པར་བཅོམ་པ་མ་ཡིན་པ་ཞེས་བྱ་བ་དངོས་པོ་ཁོ་ན་བརྗོད་པར་བྱ་སྟེ། མ་ཡིན་པར་དགག་པའི་ཚུལ་གྱིས་སོ་ཞེ་ན། དེའི་ཕྱིར་ཚེ་དེ་
ནམ་མཁའ་ལ་སོགས་པ་རྣམས་དང་འབྲེལ་པར་བསྒྲུབ་པར་བྱ་ཞིང་། རེག་པའི་ཁྱད་པར་དང་ཡང་འགལ་བ་སྟེ། རྣམ་པ་གཞན་དུ་ན་ཅི་ལྟར་དེ་དང་འབྲེལ་པ་མེད་ཅིང་། མི་འགལ་བས་དེ་དེས་དེར་འགོག །ཧ་ཅང་ཐལ་བ་ཡང་ནའོ། །དེ་ལ་རེ་ཞིག་འབྲེལ་པར་མི་འགྲུབ་སྟེ། དེ་ལྟར་ནི་
เล่ม ๑๙๓ · หน้า 88b
དེ་རྣམས་ལ་དེ་འཇུག་པ་འབྲེལ་པར་འགྱུར་བ་འམ། ཡང་ན་དེས་བསྐྱེད་པར་བྱ་བ་ཉིད་ཡིན། རེ་ཞིག་འཇུག་པ་འགྲུབ་པ་མ་ཡིན་ཏེ། དེ་རྣམས་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལས་འདས་པ་རྣམས་ལ་འགའ་ཞིག་གི་ཡང་འཇུག་པ་ཉེ་བར་དམིགས་པ་མ་ཡིན་པས་སོ། །
ཉེ་བར་དམིགས་པ་མེད་པ་ཡང་འདི་འདིར་འཇུག་གོ་ཞེས་ངེས་པར་ནུས་པ་མ་ཡིན་ནོ། །དེས་བསྐྱེད་པར་བྱ་བ་ཉིད་ཀྱང་འགྲུབ་པ་མ་ཡིན་ཏེ། ལྡོག་པ་མི་འགྲུབ་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ཙམ་ལས་རྒྱུའི་ནུས་པ་རྟོགས་པ་མ་ཡིན་གྱི། འོན་ཀྱང་ལྡོག་པ་ལས་ཀྱང་སྟེ། དེ་ཡང་འདིར་
ཡོད་པ་མ་ཡིན་ནོ། །རྟག་པ་ཉིད་ཀྱི་ཕྱིར་དང་ཐམས་ཅད་དུ་སོང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ལ། དེ་མེད་ན་དེ་མེད་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་མངོན་པར་བཅོམ་པ་མ་ཡིན་པ་ཞེས་བྱ་བ་ནམ་མཁའ་ལ་སོགས་པ་དང་འབྲེལ་པ་ཅན་གྱི་དངོས་པོ་ཁོ་ན་མི་འགྲུབ་ན། ཡང་དེ་རེག་
བྱའི་ཁྱད་པར་དང་འགལ་བ་ག་ལས་ཡིན། དེ་ལྟར་ནི་ཉི་མའི་འོད་ལ་སོགས་པ་རྣམས་ལ། བུམ་པ་ལ་སོགས་པ་རྣམས་ཀྱིས་མངོན་པར་མ་བཅོམ་པ་ཡོད་ལ། འོན་ཀྱང་དེ་རྣམས་རེག་པ་དང་ལྡན་པ་རྣམས་ཏེ། དེའི་ཕྱིར་དེ་ལས་དགག་པ་མ་ཡིན་ནོ། །ཡོན་ཏན་རྗེས་སུ་དཔག་པར་བྱ་བའི་ཕྱིར་
ཞེས་པ་འདི་ནི་དེའི་སྐྱེས་བུ་སྟེ། ཡིད་ལ་ཡང་ཡོན་ཏན་ཉེ་བར་སྐྱེས་པ་ལྡོག་པའི་རྒྱུ་ཅན་གྱི་དྲུག་པ་སྟེ། རྗེས་སུ་དཔག་པར་བྱ་བ་ལ་ལྟོས་པ་མ་ཡིན་ནོ། །ཡིད་ཀྱི་ཡོན་ཏན་རྣམས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་ངག་གི་དོན་ཏེ། ཡོན་ཏན་ནི་ཡོན་ཏན་ལ་ལྟོས་པའི་ཕྱིར་རྟག་པ་ཉིད་ལས་ནུས་པ་
མེད་པའི་སྐྱོན་ཡང་ཡོད་པ་མ་ཡིན་ནོ། །འདི་ཡང་གཏན་ཚིགས་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །དེ་ལྟར་ནི། ཇི་ལྟར་བདག་གི་ཁྱབ་བདག་ཉིད། །ཅེས་བྱ་བའི་ཡོན་ཏན་རྗེས་སུ་དཔག་པར་བྱ་བ་སྟེ། འོན་ཀྱང་བདེ་བ་ལ་སོགས་པ་རྣམས་མངོན་སུམ་ཡིན་པ་དེ་ལྟར་ཡིད་ཀྱི་རྡུལ་ཉིད་དང་གཅིག་
པུ་ཉིད་ཀྱང་སྟེ། ཡོན་ཏན་གཉིས་པོ་འདི་ནི་རྗེས་སུ་དཔག་པར་བྱ་བར་འགྱུར་ལ། རེག་བྱ་ཡོན་ཏན་འདི་ཡང་མངོན་སུམ་དུ་འགྱུར་རོ་ཞེས་པ་འགལ་བ་ཅི་ཡང་མེད་དོ། །ད་ནི་གང་འདིར་རིགས་པ་དེ་བསྒྲུབ་པའི་ཆེད་དུ་གསུངས་པ། འོ་ན་ཅི་ཞེ་ན་ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་ངེས་
เล่ม ๑๙๓ · หน้า 89a
པར་འཛིན་པའི་དོན་ཅན་ནོ། །ཡང་ཅི་ལྟར་མཐོང་བ་རྣམས་ལ་ཡང་མཐོང་བའི་ཕྱིར་ཞེས་པ་འདི་བརྗོད། ཅི་ཙམ་གྱིས་ན་རེག་པའི་ཁྱད་པར་དེ་མཐོང་བ་རྣམས་ལ་ཡང་མཐོང་བ་མ་ཡིན་པ་ཁོ་ནའོ་ཞེ་ན། སྐྱོན་འདི་མེད་དེ། མཐོང་བ་རྣམས་ལ་རེ་ཞིག་རེག་པའི་སྤྱི་སྲིད་པའི་ཁྱད་
པར་མཐོང་ལ། མ་མཐོང་བ་རྣམས་ལ་ནི་དེ་ཡང་མཐོང་བ་མེད་དོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། གང་ཞིག་གང་དུ་མཐོང་བའི་སྤྱི་དེ་ནི་དེར་སྲིད་པ་ཡིན་ཏེ། དཔེར་ན་སྐྱུ་རུ་ར་རྣམས་ལ་མངར་བའི་རོ་བཞིན་མཐོང་བ་རྣམས་ལ་རེག་བྱའི་ཁྱད་པར་ཡང་མཐོང་བའི་སྤྱིའོ། །ཡང་ན་གང་དུ་
མཐོང་བ་དེ་དེར་སྲིད་པའི་ཁྱད་པར་ཡིན་ཏེ། དཔེར་ན་སྐྱུ་རུ་ར་རྣམས་ལ་རོ་བཞིན། མཐོང་བ་རྣམས་ལ་རེག་པ་ཡང་མཐོང་བ་ཞེས་པ་རང་བཞིན་དག་གོ། །གཉིས་ཀར་ཡང་གནོད་པར་བྱེད་པ་མེད་པ་ན་ཞེས་པའི་ཁྱད་པར་བལྟ་བར་བྱའོ། །རླུང་ལ་སོགས་པ་ལ་ནི་ཡོད་པའི་ཐ་སྙད་དགག་པའི་
ཆེད་དུ་མི་དམིགས་པ་བརྗོད་པར་བྱའོ། །གལ་ཏེ་འདི་ལྟར་ངེས་པར་འབྱུང་བར་འོས་ན་འདི་ཁོ་ན་ལ་འདི་སྲིད་དོ་ཞེས་པ་ཡིན་ན། ཐེ་ཚོམ་ནི་མཐོང་སྟེ། དེའི་ཕྱིར་འདི་མཐོང་བ་རྣམས་ལ་སྲིད་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། དུ་མ་ཉིད་ཀྱི་ཕྱིར་
ཐེ་ཚོམ་སྟེ། དེར་མི་སྲིད་པའི་ཕྱིར་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་རྣམས་ཀྱིས་ཀྱང་རླུང་རྗེས་སུ་དཔོག་པ་ཅན་ཉིད་བསལ་ལོ་ཞེས་སྟོན་པ་གསུངས་པ། ཡིད་ཆེས་མིང་གི་སྒྲུབ་བྱེད་ཀྱིས། །ཞེས་པ་ལ་སོགས་པ་སྟེ། རླུང་ནི་རྗེས་སུ་དཔག་པ་ཅན་ཉིད་དེ་ཞེས་འདིར་ལྷག་པར་གཟུང་བར་བྱ་བ་
ཡང་མ་ཡིན་ནོ། །རྫས་ཀྱི་སྤྱི། རྗེས་སུ་དཔག་པ་ཡོད་པ་ན། །ཞེས་པའི་རེག་པའི་ཡོན་ཏན་རྫས་ལ་བརྟེན་པའི་གང་ལ་ནི་འདི་བརྟེན་པའི་རྫས་ཅི་ནས་ཀྱང་ཡོད་དོ་ཞེས་རྫས་ཙམ་རྗེས་སུ་དཔག་པའོ། །དེ་བོར་ནས་ཡིད་ཆེས་པའི་མིང་གི་ཚད་མ་ཉིད་ལས་ཞེས་པ་གང་གི་ཕྱིར། ཉེས་པ་
ཟད་པ་རྣམས་ཀྱིས་རྫས་ཀྱི་མིང་ཅན་དགུ་རྣམས་ཁོ་ན་བྱས་ཏེ། དེ་ལ་ས་ལ་སོགས་པ་རྫས་བརྒྱད་རྣམས་ལ་མིང་བརྒྱད་རྣམས་ངེས་པར་བཞག་ལ། རླུང་གི་མིང་ཅན་ཁོ་ན་ལྷག་མར་ལུས་ཏེ། གཞན་རྫས་བཅུ་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་གི་རེག་པ་འདི་ཡིན་པ་དེ་ནི་རླུང་ངོ་ཞེས་པའོ། །དེ་ལྟར་
เล่ม ๑๙๓ · หน้า 89b
ས་ལ་སོགས་པ་རྣམས་ལས་གཞན་པའི་རྫས་བཅུ་པ་ལ་སོགས་པ་དང་ས་ལ་སོགས་པ་གཞན་པ་ཁེགས་པས་རླུང་ཡོད་པ་ཉིད་དུ་རྟོགས་སོ། །མ་ཡིན་ཐ་དད་ཀྱང་སྲིད་ཕྱིར། །ཞེས་པ་སྒྲ་ལས་བྱུང་བ་ཚད་མ་གཞན་ཉིད་ཡིན་པ་དགག་པའི་ཆེད་དུ་ཚད་མ་གཞན་སྨྲ་བས་རེ་ཞིག་ལན་བཏབ་པ་སྟེ། རང་
ཉིད་ནི་ལན་ཕྱི་ནས་འདེབས་པར་བྱེད་དོ། །རབ་ཏུ་གྲགས་པའི་དབང་གིས་ཞེས་པ་སྟེ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་དག་ཡོད་པ་དང་མེད་པ་ཉིད་དག་ཉན་པ་པོ་ལ་གྲུབ་པ་ཞེས་པའི་དཔེ་མངོན་པར་མ་བརྗོད་པའོ། །དཔེ་སྨོས་པ་ནི་ཡན་ལག་ཉེ་བར་མཚོན་པའི་དོན་ཏོ། །ཡན་ལག་
རྣམས་ཉེ་བར་མ་བསྟན་པ་ལས་ཞེས་པའི་དོན་ཏོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་ཡན་ལག་ཉེ་བར་མ་བསྟན་པ་དེ་རྗེས་སུ་དཔག་པ་ལས་ཐ་དད་པ་སྟེ། མངོན་སུམ་བཞིན་སྒྲ་ལས་བྱུང་བ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་ནོ། །དེ་ལྟ་ན་ཡང་ཞེས་པ་འཁྲུལ་པར་གསུངས་སོ། །
དཔེ་གཅིག་གི་ཞེས་ཡན་ལག་ལྷག་མ་ལ་ལྟོས་པས་དཔེའི་གཅིག་ཉིད་དེ། དཔེ་ལ་ལྟོས་པས་ནི་མ་ཡིན་ནོ། །དེ་ལས་དོན་འདི་སྟེ། གང་དུ་དཔེ་ཁོ་ནའི་མི་བརྗོད་པ་ཞེས་པའོ། །གཉིས་དག་གི་ཡང་ན་ཞེས་པ། ཡང་ནའི་སྒྲ་ནི་གང་གི་དོན་ཡིན་ཞིང་། འཇུག་བཞིན་པའི་མ་བརྗོད་པ་སྡུད་
པར་བྱེད་དེ། གསུམ་རྣམས་ཀྱི་དང་བཞི་རྣམས་ཀྱི་དང་ལྔ་རྣམས་ཀྱིའོ་ཞེས་པའི་དོན་ཏོ། །དེ་ནས་གང་གི་ཚེ་ཡང་གཏན་ཚིགས་ཐུན་མོང་བར་བྱེད་པ་དེའི་ཚེ་ཡང་རང་གི་དོན་གྱི་རྗེས་སུ་དཔག་པས་མ་ངེས་པར་འགྱུར་རོ། །སྒྲ་ལས་བྱུང་བ་ཐལ་བར་འགྱུར་རོ་ཞེས་པ་ཕ་རོལ་པོ་ལ་སྒྲ་ལས་བྱུང་བ་
རྗེས་སུ་དཔག་པ་ལས་ཐ་དད་པར་གྲགས་ཏེ། དེས་ན་སྒྲ་ལས་བྱུང་བ་བཞིན་དུ་ཐལ་བར་འགྱུར་ཞིང་། རྗེས་སུ་དཔག་པ་ལས་ཐ་དད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏེ། སྒྲ་ལས་བྱུང་བ་ཇི་ལྟར་གྱུར་པ་དེ་ལྟར་གྱུར་པར་དེ་ཡང་འཐོབ་བོ་ཞེས་པའི་བར་རོ། །འདྲ་བའི་རྐྱེན་མེད་ཀྱང་
དོན་རྟོགས་པར་བྱ་བའོ་ཞེས་མང་དུ་བཤད་ཟིན་ཏོ། །གཞན་རྣམས་ཟེར་ཞེས་པ་ལ་སོགས་པ་སྟེ། སྒྲ་ནི་རང་གི་ངོ་བོས་ཐ་དད་མེད་པའི་ངོ་བོའི་དོན་ཁོ་ན་རྟོགས་སུ་འཇུག་སྟེ། དེ་ལྟར་དུ་བ་ལ་སོགས་པ་རྣམས་མ་ཡིན་ནོ། །དུ་བ་ལས་མེ་རྟོགས་པ་འམ་རྟོགས་སུ་འཇུག་པ་ནི་མ་ཡིན་གྱི་དུ་
เล่ม ๑๙๓ · หน้า 90a
བའི་གཟུགས་ཀྱིས་རྟོགས་པའམ་རྟོགས་སུ་འཇུག་གོ་ཞེས་པ་ཡང་ནའོ། །ཅི་ལྟར་དོན་ལ་རྗེས་སུ་དཔག་པ་ཡིན་ཞེས་པ། དོན་ནི་དུ་མའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་སྤྱི་རང་གི་ངོ་བོས་དོན་དེ་རྟོགས་པར་བྱའམ། འོན་ཏེ་སྤྱིའི་ངོ་བོས་ཡིན། རྣམ་པ་ཐམས་ཅད་དུ་
མི་འཐད་པར་སེམས་ཏེ། དེ་ལྟར་ནི་གལ་ཏེ་ཤིང་ལ་སོགས་པའི་སྒྲ་རྣམས་ཡོད་པ་ཉིད་ལ་སོགས་པ་སྤྱིའི་རྣམ་པ་ཅན་རྣམས་ཀྱིས་ཤིང་ལ་སོགས་པའི་དོན་རྟོགས་པར་བྱེད་ན། སྒྲ་ཐམས་ཅད་ཀྱི་དོན་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། སྤྱིའི་རྣམ་པ་རྣམས་དོན་དུ་མའི་ཐུན་མོང་བ་ཉིད་ཀྱི་ཕྱིར་རོ། །
ཅི་སྟེ་ཁྱད་པར་གྱི་ངོ་བོས་ཡིན་ན། དེ་མི་རིགས་ཏེ། ཐུན་མོང་མ་ཡིན་པའི་ངོ་བོའི་སོ་སོར་རྟོགས་པ་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་རྣམ་པ་ཐམས་ཅད་དུ་སྒྲའི་དོན་ཉིད་མེད་དོ། །ཤིང་གི་སྒྲའི་བརྗོད་པར་བྱ་བ་ནི་དོན་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་པ། ཇི་ལྟར་ཁྱེད་ཀྱི་སྒྲའི་དོན་གཞན་སེལ་བ་སྤྱི་
ཡིན་པ་དེ་ལྟར་ཁོ་བོ་ཅག་གི་ཡང་སྟེ། འདི་ཙམ་ནི་བྱེ་བྲག་སྟེ། བདག་གིས་དེའི་སྒྲའི་རྣམ་པ་ཉེ་བར་ཆགས་པར་རྟོགས་ཞེས་ཁས་བླངས་སོ་ཞེས་སྟོན་པར་བྱེད་དོ། །ཤིང་གི་སྒྲས་བརྗོད་པར་བྱ་བ་གང་ཡིན་པའི་དོན་དེ་བུམ་པ་ལ་སོགས་པ་གཞན་བུམ་པ་ལ་སོགས་པར་འགྱུར་བ་མིན་ཏེ། སྒྲ་གཞན་
གྱི་དོན་མེད་པས་འདིར་ཤིང་གི་སྒྲའི་བརྗོད་པར་བྱ་བ་བསྟེན་པར་མཚོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། དོན་གཞན་ལས་ལྡོག་པས་ཉེ་བར་མཚོན་པའི་གང་དངོས་པོའི་ཆ་དེ་ཁོ་ན་ཤིང་གི་སྒྲའི་དོན་ཞེས་པ་སྟེ། དེ་ཁོ་ན་དང་དེ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །ཡོད་པ་ཉིད་ལ་སོགས་པ་ཐུན་མོང་བའི་
རྣམ་པ་རྣམས་ཀྱིས་སམ། ཐུན་མོང་མ་ཡིན་པའི་ངོ་བོ་དང་ནི་མ་ཡིན་ནོ་ཞེས་པའོ། །གཞན་རྣམས་ཀློག་པ་ནི་ཤིང་གི་སྒྲའི་བརྗོད་པར་བྱ་བ་ནི་གཞན་གྱི་དོན་དུ་མི་འགྱུར་རོ་ཞེས་པ་སྟེ། ཤིང་གི་སྒྲའི་བརྗོད་པར་བྱ་བའི་དོན་གང་ཡིན་པ་དེ་སྒྲ་གཞན་གྱི་དོན་དུ་མི་འགྱུར་རོ། །རྣམ་གྲངས་ཀྱི་སྒྲ་རྣམས་ནི་དོན་
གཅིག་པ་ཉིད་ཀྱིས་གཞན་མ་ཡིན་པ་ཁོ་ནའོ་ཞེས་པ་བསམ་པའོ། །འདིར་ཡང་ཤིང་གི་སྒྲའི་དོན་ནི་སྒྲ་གཞན་གྱི་བརྗོད་པར་བྱ་བ་མ་ཡིན་པ་ཉིད་བསྟན་པས། སྒྲ་གཞན་གྱི་དོན་ལས་ལྡོག་པས་ཉེ་བར་མཚོན་པའི་ཤིང་ཉིད་ཙམ་ནི་ཤིང་གི་སྒྲའི་དོན་ཏོ་ཞེས་བཤད་པར་འགྱུར་རོ་ཞེས་པས་དོན་དེ་ཁོ་ནའོ། །
เล่ม ๑๙๓ · หน้า 90b
འོ་ན་རྫས་ཀྱི་སྒྲས་ཀྱང་ཡལ་འདབ་ལ་སོགས་པ་དང་ལྡན་པའི་དོན་རྟོགས་པར་བྱེད་དེ། འདི་ནི་དེའི་ངོ་བོ་ཡང་མ་ཡིན་ནོ། །དེ་ལས་ཀྱང་འདྲ་བ་ཉིད་མ་ཡིན་ཡང་བརྗོད་པར་བྱ་བ་ཉིད་སྟོན་པའི་ཕྱིར་སྒྲ་འདྲ་བ་ཉིད་ཀྱིས་དོན་རྟོགས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ། གལ་ཏེ་ཡང་ཞེས་
པ་ལ་སོགས་པ་སྟེ། ཡང་གི་སྒྲས་ནི་རྫས་ཀྱི་སྒྲ་རྫས་ཀྱི་བྱེ་བྲག་རྣམས་ཀྱི་འཁྲུལ་པའི་ཕྱིར་རྗོད་པར་བྱེད་པ་མ་ཡིན་པ་ཁོ་ན་མོད། ཁས་བླངས་ནས་ལན་བརྗོད་པར་བྱའོ་ཞེས་པའི་དོན་གསལ་བར་བྱེད་དོ། །ཚུལ་གཞན་ནི་རྣམ་པ་གཞན་ཏེ། དངོས་པོ་དེ་ཁོ་ནའི་ཆ་ཤས་འགའ་ཞིག་གོ། །དེ་དང་
ལྷན་ཅིག་རྫས་ཀྱི་སྒྲའི་འདྲ་བ་ཉིད་ཡོད་པ་ཁོ་ནའོ་ཞེས་པ་དགོངས་པའོ། །ཚུལ་གཞན་དེ་ཡང་རྫས་མ་ཡིན་པ་ལས་ལྡོག་པས་ཉེ་བར་མཚོན་པར་བྱའོ་ཞེས་བསྟན་པའི་ཆེད་དུ་འདི་བརྗོད་དེ། རྫས་མ་ཡིན་པ་ལས་ལྡོག་པས་ཞེས་པའོ། །འོ་ན་ཞེས་པ་ལ་སོགས་པ་སྟེ། རྫས་ཀྱི་སྒྲས་རྫས་མ་ཡིན་པ་ལས་
ལྡོག་པས་ཉེ་བར་མཚོན་པའི་དངོས་པོའི་ཚུལ་གཞན་རྫས་ཀྱི་སྒྲ་དང་འདྲ་བ་ཉིད་ཐོབ་པར་རུང་བ་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཤིང་གི་སྒྲས་ཀྱང་ངོ་། །དེ་ལྟར་ནི་ཤིང་རྫས་ཞེས་གཞི་མཐུན་པ་ཉིད་མཐོང་བས་ཏེ། དོན་ཐ་དད་པ་དག་ནི་དེ་འཐད་པ་མ་ཡིན་ནོ། །དེ་དང་ལྷན་ཅིག་
དེའི་འདྲ་བ་ཉིད་འདོད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱོན་དེ་ཁོ་ན་སྟེ། འདྲ་བ་ཉིད་མ་ཡིན་པ་ལ་ཡང་སྒྲའི་དོན་ཉིད་བསྟན་པའི་ཕྱིར་རོ། །རྗོད་པར་བྱེད་པ་རང་དང་འདྲ་བ་ཉིད་དོན་རྗོད་པར་བྱེད་པ་མ་ཡིན་ནོ་ཞེས་པ་བསམ་པའོ། །དོན་ལས་ཡིན་གྱི་སྒྲ་ལས་ནི་མ་ཡིན་ཞེས་པ་ཤིང་གི་སྒྲའི་དོན་ཁོ་ན་རྫས་
མ་ཡིན་པ་ལས་རྟག་ཏུ་ལྡོག་པ་དང་མེད་ན་མི་འབྱུང་བ་ལས་དེ་རྟོགས་ཏེ། རྨོངས་པས་ནི་སྒྲ་ཁོ་ན་ལས་རྟོགས་སོ་ཞེས་སེམས་སོ། །གཞི་མཐུན་པ་ཉིད་ནི་ཁྱད་པར་བཅས་པའི་ཁྱད་པར་ལ་འཇུག་པའི་ཕྱིར་ན། ཤིང་གི་སྒྲས་རྫས་མ་ཡིན་པ་ལས་ལྡོག་པ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་ཤིང་
ལ་སོགས་པའི་ཚིག་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ། སུ་པའི་མཐའི་ཚིག་རྣམས་ཁོ་ན། གལ་ཏེ་སྒྲའི་རྒྱུ་ཅན་གྱི་ཚད་མར་རྗོད་པར་བྱེད་ན་སྐྱོན་ཅན་དུ་འགྱུར་བ་མ་ཡིན་ནོ། །དེ་ལྟར་ནི་དེ་རྣམས་ཀྱི་ཡོངས་སུ་རྫོགས་པའི་ངོ་བོའི་དོན་འདི་དེའོ། །སོ་སོར་ཞེན་པར་རུང་བ་ནི་བློ་ལ་ཡང་དག་པར་ངེས་
เล่ม ๑๙๓ · หน้า 91a
པར་གནས་པས་སོ་ཞེས་པས། དེ་དང་ལྷན་ཅིག་ཐ་དད་མེད་པར་ཉེ་བར་བཏགས་པ་སྒྲ་ལ་སྲིད་པའོ། །མིང་གི་ཚིག་རྣམས་ཁོ་ན་ཡོངས་སུ་རྫོགས་པའི་དོན་མངོན་པར་རྗོད་པར་བྱེད་པར་བཤད་པར་བྱ་བ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཏི་ངའི་མཐའ་རྣམས་ཀྱང་ངོ་། །
གང་གསུངས་པ། བྱ་བ་བརྗོད་པའི་སྒྲ་རྣམས་ཀྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། བྱ་བ་བརྗོད་པའི་སྒྲ་ཀློག་གོ་འཚེད་དོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ཀྱིས་སོ། །རྟགས་མེད་པ་གྲངས་མེད་པ་སྔོན་མ་དང་ཕྱི་མར་གྱུར་པའི་ཆ་ཤས་ཡོངས་སུ་མ་རྫོགས་པའི་རང་གི་ངོ་བོའི་བྱ་བ་
བརྗོད་པར་བྱ་ལ། རྣམ་པ་དེ་ལྟ་བུའི་དོན་འདི་དེའི་ཞེས་གཟུང་བ་མེད་པ་ནི་བློས་ཐ་མི་དད་པར་ཉེ་བར་གདགས་པ་བྱས་པར་ནུས་པ་མ་ཡིན་ཞིང་། ཡོངས་སུ་རྫོགས་པའི་ངོ་བོའི་སྒྲའི་བདག་ཉིད་ནི་བསྒྲུབ་པར་བྱ་བཞིན་པའི་རྣམ་པ་ཉིད་དུ་སོ་སོར་རྟོགས་པར་བྱེད་པ་ཡང་མ་ཡིན་ནོ། །གང་
རྣམས་ཀྱི་ངག་ཁོ་ན་སྒྲ་ཡིན་པ་ཞེས་པ་དེས་དོན་སྒྲོགས་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ངག་ཁོ་ན་སྒྲ་ཡིན་ན། ཚིག་རྣམས་ཉེ་བར་བླང་བ་དོན་ཅི་ཞེ་ན། དེ་རྟོགས་པའི་ཐབས་ཀྱང་ཞེས་པ་ལ་སོགས་པ་སྟེ། དེ་ཚོགས་པའི་བདག་ཉིད་ཀྱི་ཕྱིར་ན། དཔེར་ན་ཚིག་རྣམས་ཀྱི་ཡི་གེ་རྣམས་བཞིན་
ཞེས་སེམས་སོ། །དེ་རྣམས་ཀྱི་མེད་ཅེས་པ་ལ་སོགས་པ་སྟེ། ངག་གི་དོན་ནི་ཕྱི་རོལ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་དང་འབྲེལ་བའི་བདག་ཉིད་དུ་འགྱུར་རམ། སྒྲུབ་པར་བྱེད་པའི་ནུས་པ་ངེས་པར་ཞུགས་པས་རྗེས་སུ་བཟུང་བ་ཆ་ཤས་མེད་པའི་བྱ་བའམ། སོ་སོར་སྣང་བའི་མཚན་
ཉིད་གཞན་ཡིན། འདི་གསུམ་ཀ་ཡང་ཡོད་པར་གྱུར་པ་མ་ཡིན་པ་ཉིད་ན། འདི་དེའོ་ཞེས་སོ་སོར་ངོ་ཤེས་པ་ལས་ཤིན་ཏུ་འདས་པ་ཡིན་ནོ། །དེ་ལྟར་གྱུར་པའི་དོན་གྱིས་དེ་འདིའོ་ཞེས་ཐ་མི་དད་པར་ཉེ་བར་གདགས་པར་བྱ་བར་ནུས་པ་ཡང་མ་ཡིན་ནོ་ཞེས་ཁྱད་པར་གྱི་ཅུང་ཟད་ཅེས་པ་དཔེ་མངོན་
པར་མ་བརྗོད་པ་དང་། སྒྲས་ཐ་མི་དད་པར་ཉེ་བར་གདགས་པ་ནི་ཁྱད་པར་ཅུང་ཟད་དོ། །གལ་ཏེ་དེ་ལྟ་ན་ཡང་ཐ་དད་པ་མ་ཡིན་ན་ཁྱོད་ཀྱིས་ཀྱང་རླུང་ལ་སོགས་པ་རྣམས་ཀྱི་ལུང་ལས་བྱུང་བ་ཉིད་དུ་སྒྲུབ་པར་བྱེད་པས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་སྒྲ་ལས་བྱུང་བ་བསྒྲུབས་ཏེ། དེ་ལྟར་གྱུར་ན་
เล่ม ๑๙๓ · หน้า 91b
ལུང་དང་རྗེས་སུ་དཔག་པ་དག་ཐ་མི་དད་པའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་གྲུབ་བོ་ཞེ་ན། གསུངས་པ། དེ་ལ་སྒྲ་དང་བྲལ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཞེས་པ་བསྟན་བཅོས་ལ་སྟེ། བསྟན་བཅོས་ཀྱི་རྒྱུ་མཚན་ཞེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། ཁྱེད་
ཀྱིས་བསྟན་བཅོས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཞེས་ཁས་བླངས་ཏེ། དེ་ལས་གང་འདི་རྗེས་སུ་དཔག་པ་རེག་བྱ་ཡང་མཐོང་བ་རྣམས་ཀྱིའང་རེག་བྱ་མ་ཡིན་ནོ་ཞེས་པ་ལ་སོགས་པས་ཉེ་བར་བཀོད་པ་འདི། ཁྱེད་ཀྱི་བསྟན་བཅོས་ཀྱི་རྒྱུ་མཚན་ཁོ་ན་ལས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་
ཡིན་པར་བརྗོད་དེ། ལུང་ལས་གྲུབ་པ་ཉིད་ནི། ཁྱེད་རྣམས་ཁོ་ན་ལ་གྲགས་པ་སྨྲས་པས་ན། རང་ལ་གྲགས་པ་ནི་མ་ཡིན་ནོ་ཞེས་པའོ། །ཅི་ལ་བསམས་ནས་འདི་ལྟར་བརྗོད་ཅེས་གསུངས་པ། སྒྲ་དང་བྲལ་བའི་རྟགས་ལ་མངོན་པར་བསམས་ནས་ཞེས་པ་སྟེ། ལུང་ཞེས་བྱ་
བའི་སྒྲ་དོར་བ་ནི་འདི་ཡིན་ཞིང་རྟགས་ནི་རེག་པ་ཞེས་བྱ་བ་སྟེ། དེ་ལ་ལྟོས་པ་མེད་པ་ཁོ་ནས་གང་ལས་རླུང་ཡོད་པ་ཉིད་དུ་སྒྲུབ་པར་བྱེད་པ་དེའོ། །དེ་ལྟར་ཁྱོད་ཀྱིས་ཁས་བླངས་པའི་བསྟན་བཅོས་ཀྱི་དབང་ལས་ཅི་ཡང་མི་བྱེད་པའི་རྟགས་ལ་བསམས་ནས། དེ་ལས་སྐྱེས་པའི་རྗེས་སུ་དཔག་པ་འདི་
ཁོ་བོ་ཅག་གིས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་པར་བརྗོད་ཀྱི། རང་ཉིད་རླུང་ལ་སོགས་པ་རྣམས་ལུང་ལས་གྲུབ་པ་ཉིད་དུ་འདོད་པས་ནི་མ་ཡིན་ནོ་ཞེས་པས་བརྩད་པར་བྱ་བ་མ་ཡིན་ནོ། །དེ་ལྟ་ན་འོ་ན་སྒྲ་ལས་བྱུང་བ་ཡང་ཇི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་བ་མ་ཡིན་པ་དེ་ལྟར་བསྒྲུབ་པར་
བྱ་བ་ཉིད་དོ་ཞེས་པ་འདིའི་ཕྱིར། བསྒྲུབ་པར་བྱ་བའི་ཆེད་དུ་གསུངས་པ། སྒྲ་ལས་བྱུང་བ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་མེད་ཅེས་པ་བརྡའི་དུས་ནའོ། །སྒྲ་དང་དོན་གྱི་འབྲེལ་པ་མངོན་པར་ཤེས་པ་ནི་དོན་བརྡའི་དུས་ན་ཉམས་སུ་མྱོང་བའི་སྤྱི་ཁོ་ན་སྒྲ་ལས་རྟོགས་ཀྱི་རང་གི་མཚན་ཉིད་ནི་མ་
ཡིན་ཏེ། དེ་སྔར་མཐོང་བ་མེད་པའི་ཕྱིར་རོ། །རབ་ཏུ་སྦྱོར་བའི་དུས་ན་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་དོགས་པ་མི་སྲིད་པ་ཁོ་ནའོ། །བརྡའི་དུས་ན་ནི་རང་གི་མཚན་ཉིད་མངོན་སུམ་མོ་ཞེས་དེའི་ཡུལ་ཅན་ཉིད་དུ་དོགས་པ་སྲིད་དོ། །དེའི་ཕྱིར་འབྲེལ་པ་མེད་པ་ཞེས་གསུངས་སོ་མཐོང་བའི་དོན་ནི་གང་
เล่ม ๑๙๓ · หน้า 92a
དུ་དོན་མངོན་སུམ་གྱིས་མཐོང་བའོ། །མ་མཐོང་བའི་དོན་ནི་བཟློག་པ་ལས་སོ། །མཐོང་བའི་དོན་ལ་མིང་བྱེ་བྲག་ཏུ་རྟོགས་པ་ཞེས་པ་ནི། དཔེར་ན་འདི་བ་ན་སའོ་ཞེས་པ་ལྟ་བུ་འདིར་འབྲེལ་པ་བྱེ་བྲག་ཏུ་རྟོགས་པ་ཁོ་ནར་འགྱུར་རོ། །རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དོན་
མངོན་གྱུར་ཡིན་པ་ཉིད་ཀྱི་ཕྱིར་རོ། །མ་མཐོང་བའི་དོན་ལ་ནི་མཐོ་རིས་ལ་སོགས་པ་ལ་སྟེ། དོན་དུ་རྣམ་པར་རྟོག་པ་ཙམ་ཞེས་པ་གང་ཕྱིར་མཐོ་རིས་ལ་སོགས་པའི་སྒྲ་རྣམས་མཐོ་རིས་ལ་སོགས་པ་རྣམས་ཀྱི་བརྡའི་དུས་སམ། གཞན་གྱི་ཚེ་ཡང་རང་གི་མཚན་ཉིད་བློ་ལ་གཏོད་པ་མ་ཡིན་
པས་ཏེ། དབང་པོ་ལས་འདས་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་རྟོགས་སུ་འཇུག་པའི་བསམ་པ་ཅན་རྣམས་ཀྱིས་རབ་ཏུ་སྦྱར་བ་རྣམས་ཉན་པ་པོ་ལ་སོ་སོར་སྣང་བ་མ་ཡིན་པ་དེའི་རང་བཞིན་དོན་གྱི་གཟུགས་བརྙན་འཇོག་པར་བྱེད་པ་འབའ་ཞིག་སྟེ། ལྷའི་གནས་ཀྱི་ཁྱད་
པར་འགའ་ཞིག་ཡོད་དོ་ཞེས་པ་འདི་ལྟ་བུ་ལ་སོགས་པའོ། །དེ་ལྟ་ན་རང་གི་མཚན་ཉིད་རྟོགས་པར་འགྱུར་བ་མ་ཡིན་པ་སོ་སོར་རྟོགས་སུ་བཅུག་པ་ཡང་མ་ཡིན་ཏེ། མཐོ་རིས་ལ་སོགས་པ་ཐོབ་པ་ན། དེ་ཉམས་སུ་མྱོང་བ་རྣམས་ཀྱི་བཞིན་དུ་སོ་སོར་སྣང་བ་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
དེའི་རང་བཞིན་སོ་སོར་རྟོགས་པ་མ་ཡིན་པ་ཡང་། རྣམ་པར་རྟོག་པའི་གཟུགས་བརྙན་དེ་ལྟར་གྱུར་པ་ཁོ་ན་ལ། དེར་ལྷག་པར་ཞེན་པས་དགའ་བར་བྱེད་དེ། དེ་ལྟར་གྱུར་པ་ཁོ་ན་ལས་སྒྲའི་དོན་རྟོགས་པའི་ཕྱིར་རོ། །འདིར་ཡང་འབྲེལ་པ་མེད་པ་ཞེས་པ་འདི་ལྟོས་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་
མཐོང་བའི་དོན་རྣམས་ཁོ་ན་ལའོ། །དེ་ལ་ནི་ཁྱད་པར་མཐོང་བ་ཉིད་ཀྱི་ཕྱིར་དེ་བརྗོད་པར་བྱ་བ་ཉིད་ཁོ་ནར་དོགས་པར་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་མིང་བྱེ་བྲག་ཏུ་རྟོགས་པ་ཞེས་བཤད་དོ། །འོ་ན་ཅི་ལྟར་དེ་རྗེས་སུ་དཔག་པ་ཡིན་ཞེ་ན་ཞེས་པ། ཡང་ལུང་ལས་སྐྱེས་བུ་ལ་ཉེ་བར་མཁོ་བའི་
དོན་དབང་པོ་ལས་འདས་པ་ངེས་པར་བྱས་ནས་ཇི་ལྟར་འོས་པར་གནས་པ་བསྒྲུབ་པར་བྱའོ་ཞེས་ལུང་ཚོལ་བར་བྱེད་དེ། དེ་ལས་གལ་ཏེ་དོན་རྣམ་པར་རྟོག་པ་ཙམ་དུ་འགྱུར་གྱི་དོན་གྱི་ཁྱད་པར་རྟོགས་པར་མི་འགྱུར་ན་དེའི་རྗེས་སུ་དཔག་པ་ཉིད་ཁོ་ན་ཉམས་སོ་ཞེས་པ་བསམས་པའོ། །འོ་ན་ཡང་ཇི་
เล่ม ๑๙๓ · หน้า 92b
ལྟར་ཡིད་ཆེས་པ་མ་ཡིན་པས་རབ་ཏུ་སྦྱར་བའི་སྒྲ་རྣམས་ནི་བརྗོད་པར་འདོད་པའི་མཚན་ཉིད་ཀྱི་དོན་ཙམ་གང་ཡིན་པ་དེ་ཚིག་ལས་རྗེས་སུ་དཔག་པ་ཉིད་ཡིན་གྱི། ཕྱི་རོལ་གྱི་དོན་རྗོད་པར་བྱེད་པ་ལས་ནི་མ་ཡིན་པ་དེ་ལྟར་ཡིད་ཆེས་པས་རབ་ཏུ་སྦྱར་བ་རྣམས་ཀྱང་འགྱུར་རོ་ཞེ་ན་བཤད་པ། མ་ཡིན་ཞེས་
པ་ལ་སོགས་པ་སྟེ། འདི་ལྟར་བསམས་པས་ཏེ། ཡིད་ཆེས་པའི་ཚིག་ནི་བརྗོད་པར་འདོད་པའི་དོན་ཙམ་ལ་ཚད་མ་ཉིད་དུ་འདོད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་གྱི་དོན་ལ་ཡང་སྟེ། རྣམ་པ་གཞན་དུ་ན་དེ་དང་ཡིད་ཆེས་པ་མ་ཡིན་པའི་ཚིག་ལ་ཁྱད་པར་ཅིར་འགྱུར། དེའི་ཕྱིར་ཡིད་ཆེས་
པས་རབ་ཏུ་སྦྱར་བའི་མཐོ་རིས་ལ་སོགས་པའི་སྒྲ་རྣམས་ཀྱི་དོན་ཙམ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཇིག་རྟེན་པའི་སྒྲ་དང་ཐུན་མོང་མ་ཡིན་པའི་ཕྱི་རོལ་གྱི་དོན་ཡང་ངོ་ཞེས་པའོ། །རང་གི་མཚན་ཉིད་རྗོད་པར་བྱེད་པ་ལས་ལུང་རྣམས་རྗེས་སུ་དཔག་པ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྣམ་པ་
དེ་ལྟ་བུའི་དོན་ལ་རྣམ་པར་རྟོག་པ་ཙམ་ཉེ་བར་སྐྱེད་པ་རྣམས་ཀྱི་སྤྱིའི་རྣམ་པས་དོན་གསལ་བར་བྱེད་པའི་ཕྱིར། དེ་ལ་ཡང་མི་བསླུ་བ་ལས་སོ་ཞེས་སྟོན་པ་གསུངས་པ། ཡིད་ཆེས་ཚིག་ནི་མི་བསླུ་བའི། །སྤྱི་ལས་ཞེས་པ་ལ་སོགས་པ་སྟེ། ཡིད་ཆེས་པའི་ཚིག་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་
ཅན་ནི་ཅིག་ཤོས་མངོན་སུམ་དང་རྗེས་སུ་དཔག་པས་མཐོང་བའི་དོན་གྱི་ཡུལ་ཅན་གྱི་ཡིད་ཆེས་པའི་ཚིག་དང་མི་བསླུ་བར་མཚུངས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ཉིད་དོ་ཞེས་པ་ངག་གི་དོན་ཏོ། །འོ་ན་སྒྲ་རྣམས་དོན་རྣམས་ལ་འབྲེལ་པ་མེད་པའི་ཕྱིར་དང་། སྐྱེས་བུ་ཁྱད་པར་ཅན་ཡང་ངེས་པར་མི་ནུས་
པ་ཉིད་ཀྱི་ཕྱིར། ཕྱི་རོལ་གྱི་དོན་ལ་ཚད་མ་ཉིད་ཁོ་ནར་མི་རིགས་པ་མ་ཡིན་ནམ་ཞེ་ན་འདི་བདེན་མོད་འདི་ནི་འདིར་དགོངས་པ་སྟེ། སྐྱེས་བུ་འདི་ནི་ལུང་ཚད་མ་ཉིད་ལ་མ་བརྟེན་པར་གནས་པར་ནུས་པ་མ་ཡིན་ཏེ། འབྲས་བུ་དབང་པོ་ལས་འདས་པ་འགའ་ཞིག་རྣམས་ཀྱིས་ཕན་ཡོན་ཆེན་པོ་དང་ངན་འགྲོ་
ཐོས་པའི་ཕྱིར་དང་། དེ་ཡོད་པ་ལ་འགལ་བ་མ་མཐོང་བའི་ཕྱིར་ཡང་ངོ་། །དེས་ན་འཇུག་པར་བྱ་བ་ཡོད་ན། འདི་ལྟར་འཇུག་པ་མཆོག་གོ་ཞེས་པའོ། །དེའི་ཕྱིར་ཡོངས་སུ་བརྟགས་ནས་ཚད་མར་གསུངས་སོ། །དེ་ལ་སྐྱེས་བུའི་དོན་དང་ནུས་པ་དང་། དེའི་ཐབས་གང་རྟོགས་པར་བྱེད་པར་
เล่ม ๑๙๓ · หน้า 93a
ནུས་པའི་བསྟན་བཅོས་དེ་བརྟག་པར་འོས་པའི་ཕྱིར་དེ་ཁོ་ན་བརྟག་པར་བྱ་སྟེ། གཞན་ལ་གནོད་པ་མེད་པ་ཁོ་ན་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་གལ་ཏེ་སླུ་བ་མེད་པ་ཉིད་བརྟེན་པར་གྱུར་ན། འཇུག་པ་མཛེས་སོ། །ཡིད་ཆེས་པའི་ཚིག་བཟུང་ནས་ཞེས་པ་ལ་སོགས་
པ་སྟེ་ཡིད་ཆེས་པའི་ཚིག་བཟུང་ནས་མི་བསླུ་བར་རྟོགས་པའི་རྒྱུར། དེ་རྗེས་སུ་དཔག་པ་ཉིད་དུ་གསུངས་སོ། །ཅིའི་ཕྱིར་དེ་རྗེས་སུ་དཔག་པ་ཉིད་ཡིན་ཞེ་ན། དོན་ལ་མི་བསླུ་བར་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་བཤད་པར་བྱའོ། །ཡང་འདིའི་མི་བསླུ་བ་ཅི་ཡིན་ཞེ་ན། མངོན་སུམ་དུ་མངོན་པར་
འདོད་པ་རྣམས་ཀྱི་དེ་ལྟའི་དངོས་པོ་དང་། དེ་ལྟར་མངོན་པར་འདོད་པ་མ་ཡིན་པ་རྣམས་ཀྱི་མངོན་སུམ་མ་ཡིན་པ་ཉིད་དང་། དེ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་དུ་མངོན་པར་འདོད་པ་རྣམས་ཀྱི་དེ་ལྟ་བུའི་དངོས་པོ་དང་། དེ་ལྟར་གྱུར་པ་མ་ཡིན་པ་རྣམས་ཀྱི་རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་ཉིད་
དེ། ཡོངས་སུ་གཅོད་པར་ནུས་པའི་ཡུལ་མ་ལུས་པ་ཡོངས་སུ་དག་པ་འདི་ནི་མི་བསླུ་བའོ། །དེ་དང་མཚུངས་པ་ཉིད་རྗེས་སུ་དཔག་པར་བྱ་སྟེ། མངོན་སུམ་དང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་མ་ཡིན་པའི་དོན་ལ་ཡང་ཡིད་ཆེས་པའི་ཚིག་ཉིད་ཉེ་བར་དམིགས་ནས་སོ། །གང་ཡིད་ཆེས་པའི་
ཚིག་དེ་མི་བསླུ་བ་སྟེ། དེ་ལས་གཞན་པའི་ཡིད་ཆེས་པའི་ཚིག་བཞིན། ཤིན་ཏུ་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཚིག་འགའ་ཞིག་ཀྱང་ཡིད་ཆེས་པའི་ཚིག་ཡིན་ནོ། །རང་བཞིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་ཡུལ་དུ་བྱེད་པ་མ་ཡིན་ཡང་ལུང་རྣམས་ནི། དེ་ལས་གཞན་པའི་སྒྲ་བཞིན་དུ་
བརྗོད་པར་འདོད་པ་ཙམ་ལ་ཚད་མ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན་དོན་ལ་ཡང་ངོ་། །ཡང་ན་རྣམ་པ་གཞན་དུ་ཡིད་ཆེས་པའི་ཚིག་གི་མི་བསླུ་བ་ལས་རྗེས་སུ་དཔག་པ་ཉིད་དུ་བརྗོད་པར་བྱ་སྟེ། སྤང་བར་བྱ་བ་དང་བླང་བར་བྱ་བ་དང་དེའི་ཐབས་རྣམས་དང་དེ་ཉེ་བར་སྟོན་པ་རྣམས་ཕྱིན་ཅི་མ་ལོག་པ་ཉིད་ནི་མི་
བསླུ་བའོ། །དེ་ལྟར་འདི་སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་ཅན་རྗེས་སུ་སྒྲུབ་པར་འོས་པ་ལ་མི་བསླུ་བའི་ཕྱིར་ཡུལ་གཞན་ལ་ཡང་དེ་ལྟར་ཉིད་དུ་ཁས་ལེན་གྱི། སླུ་བའི་ཆེད་དུ་ནི་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་དང་། འཆད་པ་པོ་དགོས་པ་མེད་པ་ལ་ཕྱིན་ཅི་ལོག་ཏུ་རྗོད་པར་བྱེད་པ་འབྲས་བུ་མེད་
เล่ม ๑๙๓ · หน้า 93b
པའི་ཕྱིར་རོ། །དེ་དང་འདི་རྣམས་གཉིས་ཀ་ལྟར་ཡང་གོ་སྐབས་མེད་པས་ལུང་རྗེས་སུ་དཔག་པ་ཉིད་དུ་ཉེ་བར་བསྒྲགས་ཏེ། ལུང་ལས་འཇུག་པ་ན་དེ་ལྟར་འཇུག་པ་མཆོག་གོ་ཞེས་པའོ། །རྗེས་སུ་དཔག་པ་ཉེས་པ་མེད་པ་ནི་མ་ཡིན་ཏེ་སྒྲ་རྣམས་དོན་རྣམས་དང་མེད་ན་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །
འདིར་ཡང་ཡིད་ཆེས་པའི་ཚིག་བཟུང་ནས། མི་བསླུ་བ་རྗེས་སུ་དཔག་པར་བྱ་ལ། དེ་རྗེས་སུ་དཔག་པ་ན་ཕྱིས་དེ་ཁོ་ན་ལས་མི་བསླུ་བ་ལས་ཡིད་ཆེས་པའི་ཚིག་ནི་རྗེས་སུ་དཔག་པ་ཉིད་དུ་འགྱུར་རོ། །རྗེས་སུ་དཔག་པའི་སྒྲ་ཡང་འདིར་རྟགས་ལ་འཇུག་སྟེ། འདིས་རྗེས་སུ་དཔག་པར་
བྱའོ་ཞེས་བྱས་ནས་སོ། །རྗེས་སུ་དཔོག་པའི་རྒྱུ་ཉིད་ལས་ཡང་ནའོ། །ཡང་ཡིད་ཆེས་པའི་ཚིག་གི་མི་བསླུ་བ་ནི་དོན་གྱི་འབྲས་བུ་ཉིད་ཀྱི་ཕྱིར་རོ། །དེ་ཡང་རྟོགས་པ་པོའི་ངོར་བྱས་པ་ལས་ཏེ། དངོས་པོའི་དབང་ལས་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་སྨྲས་པ་ཞེས་པ་འདིས་རང་གི་འདོད་པ་
བསྟན་བཅོས་གཞན་དང་སྒྲིག་པར་བྱེད་དོ། །ཡིད་ཆེས་པ་རྣམས་ནི་མངོན་སུམ་དུ་མཐོ་རིས་ལ་སོགས་པ་རྣམས་ཀྱི་རང་བཞིན་བཟུང་ནས་མིང་བྱེད་དོ། །མིང་གི་ལས་ནི་ཉེ་བར་མཚོན་པ་ཙམ་དུ་རིག་པར་བྱ་སྟེ། དེ་རྣམས་ནི་ཐམས་ཅད་དུ་ཡང་དོན་མཐོང་བ་སྔོན་མ་ཅན་ཁོ་ནར་ཐ་སྙད་བྱེད་ལ། རྣམ་པ་
གཞན་དུ་ན་ཡིད་ཆེས་པ་རྣམས་ཁོ་ནར་མི་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་ཚིག་ཐམས་ཅད་མི་སླུ་བ་སྟེ། དེས་ན་རྗེས་སུ་དཔག་པའོ་ཞེས་པའོ། །ཕྱོགས་འདིས་ཞེས་པ་སྟེ། གཙོ་བོ་ལ་སོགས་པ་རྣམས་དང་དེ་རྣམས་ཀྱི་རྟགས་རྣམས་འབྲེལ་པ་མ་མཐོང་བ་ཉིད་ཀྱི་ཕྱིར། གཙོ་བོ་ལ་སོགས་པ་
རྣམས་ནི་ལུང་ལས་གྲུབ་པ་ཁོ་ནའོ་ཞེས་སྔར་གྱི་རྗེས་སུ་འབྲངས་ནས་བརྗོད་པར་བྱའོ། །རྗེས་དཔག་བྱ་དང་དེ་མཚུངས་ལའང་། །ཞེས་པ། ཨ་ཐའི་སྒྲ་ནི་སྡུད་པའི་དོན་ཅན་ཏེ། དེ་དང་མཚུངས་པ་ལ་ཡང་ཞེས་པའི་དོན་ཏོ། །དེ་མཚུངས་ལ། ཡོད་གྱུར་ནི་རྗེས་སུ་འགྲོ་བ་མཚོན་པར་རིག་པར་བྱ་སྟེ།
ཇི་ལྟར་བྱ་རོག་ལས་ཞོ་སྲུངས་ཤིག་ཅེས་པ་འདིར་བྱ་རོག་ནི་ཁྱི་ལ་སོགས་པ་གནོད་བྱེད་ཐམས་ཅད་ཀྱི་ཡིན་པ་བཞིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། རྗེས་སུ་འགྲོ་བ་ནི་ཚུལ་གཉིས་པའོ་ཞེས་པའོ། །དེ་ལྟ་ན་ཡང་མཉན་པར་བྱ་བ་ཉིད་ཀྱང་མི་རྟག་པའི་གཏན་ཚིགས་ལ་ཚུལ་གསུམ་པ་
เล่ม ๑๙๓ · หน้า 94a
ཉིད་དུ་བསྒྲུབ་པར་འགྱུར་ལ། རྣམ་པ་གཞན་དུ་ན་མ་ཡིན་ཏེ། དེ་ལ་དེ་དང་མཚུངས་པ་ལ་ཡོད་པར་གྱུར་པ་ཉིད་ཡོད་པ་མ་ཡིན་པས་སོ། །རྗེས་སུ་འགྲོ་བ་ནི་ཡོད་དེ། རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་རྟགས་ལ་རྟགས་ཅན་ཡོད་པ་ཁོ་ན་སྟེ། དེ་ཡང་མཉན་པར་བྱ་བ་
ཉིད་ལ་ཡང་ཡོད་དོ། །དེ་ལྟར་ནི་གང་དུ་མཉན་པར་བྱ་བ་ཉིད་ཡིན་པ་དེར་མི་རྟག་པ་ཉིད་དུ་འགྱུར་བ་ཁོ་ན་སྟེ། རྣམ་པ་གཞན་དུ་ན་མཉན་པར་བྱ་བ་ཉིད་ཁོ་ན་ཡང་མི་འབྱུང་བས་སོ་ཞེས་རྟོགས་པར་བྱེད་པར་འགྱུར་རོ། །མེད་ལ་མེད་ཉིད་པའོ་ཞེས་པ། འདིར་མེད་པའི་སྒྲས་དེ་དང་མཚུངས་པའི་
མེད་པ་བརྗོད་པར་བྱ་བ་འབའ་ཞིག་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་པ་དང་དེ་དང་འགལ་བ་ཡང་སྟེ་དེའི་རྣམ་པས་དབེན་པའི་ཕྱིར་རོ་ཞེས་རིག་པར་བྱའོ། །མེད་པ་ལ་མེད་པ་ཉིད་ནི་ལྡོག་པ་ཉེ་བར་མཚོན་པར་ཡང་བལྟ་བར་བྱའོ། །ལྡོག་པ་ཡང་ཚུལ་གསུམ་པའོ་ཞེས་པ་ངག་གི་དོན་ཏོ། །
འདིར་ཆོས་དང་ཆོས་ཅན་འབའ་ཞིག་པ་དག་གྲུབ་ཟིན་པ་ཉིད་ཀྱི་ཕྱིར། རྗེས་སུ་དཔག་བྱ་ཉིད་དུ་འཐད་པ་མ་ཡིན་ཞིང་། ཚོགས་པ་ཡང་ཇི་སྲིད་དུ་ཆོས་མ་གྲུབ་པ་དེ་སྲིད་དུ་མི་སྲིད་པ་ཁོ་ནའོ། །བློ་ལ་ངེས་པར་ཞུགས་པ་མ་ཡིན་པས་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་དུ་རིགས་པ་མ་ཡིན་
པའི་ཕྱིར་ཏེ། ཆོས་ཅན་ལ་གྲུབ་ན་ནི། ཕྱིས་ཚོགས་པ་སྐྱེ་མོད། དེའི་ཚེ་ཡང་དེའི་བསྒྲུབ་པར་བྱ་བ་ཉིད་ལྡོག་སྟེ། གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་ལ་གཏན་ཚིགས་ཡོད་པ་ཉིད་མི་སྲིད་པ་ཁོ་ནའོ་ཞེས་འགའ་ཞིག་གི་རྩོད་པ་དོགས་པར་བྱས་ནས་སྨྲས་པ། རྗེས་སུ་དཔག་
པར་བྱ་བ་ནི་ཞེས་པ་ལ་སོགས་པའོ། །འདིར་གལ་ཏེ་ཡང་ཆོས་ཀྱི་སྒྲ་སྤྱི་སྒྲ་ཡིན་པ་དེ་ལྟ་ན་ཡང་། སྒྲུབ་པར་བྱེད་པའི་སྐབས་ལས་གང་གི་དོན་དུ་སྒྲུབ་པར་བྱེད་པ་རྗེས་སུ་འདོད་པ་དེ་ཁོ་ན་ལ་ཉེ་བ་ལས་འཇུག་གོ། །ཡང་དེའང་ཅི་ཞེ་ན། ཤེས་པར་འདོད་པའི་བྱེ་བྲག་གི་མཚན་ཉིད་ཅན་གྱི་ཆོས་
ཏེ། ཆོས་ཅན་གྱི་ཆོས་ཤེས་པར་འདོད་པ་མེད་པ་ལ་ནི་རྟོག་པ་དང་ལྡན་པ་སུ་ཡང་སྒྲུབ་པར་བྱེད་པ་འགོད་པ་མེད་དེ། དེའི་ཕྱིར་ཡོད་པ་ཉིད་དུ་གྲུབ་པའི་ཆོས་ཅན་ལ། གང་ལ་སྒྲུབ་པར་བྱེད་པ་དྲངས་པ་ཤེས་འདོད་དང་ལྡན་པའི་ཆོས་དེ་ཁོ་ན་ཆོས་ཀྱི་སྒྲས་རྟོགས་པར་བྱས་ཏེ། དེས་ཁྱད་པར་དུ་
เล่ม ๑๙๓ · หน้า 94b
བྱས་པ་ནི་དོན་གཞན་ལས་རྣམ་པར་གཅད་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཀྱང་དོན་འདི་ཁོ་ནར་འགྱུར་ཏེ། ཤེས་པར་འདོད་པས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཞེས་པའོ། །དེ་ལྟར་ནི་གང་ཤེས་པར་འདོད་པ་གང་ཡིན་པས་ཁྱད་པར་དུ་བྱས་པར་འགྱུར་བ་དེའི་ཤེས་པར་འདོད་པ་འདི་ཁྱད་
པར་དུ་འགྱུར་ཏེ། ཚོགས་པ་བསྒྲུབ་བྱའོ་ཞེས་པའི་ཚིག་ཀྱང་ཤེས་པར་འདོད་པ་ཅན་གྱི་ཆོས་ལ་ལྟོས་པ་ཁོ་ནས་རིག་པར་བྱའོ། །དུས་ཕྱིས་ཀྱི་ཆོས་གྲུབ་པ་བསྟེན་པ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ཞེས་སོ་སོར་སྟོན་པར་བྱེད་ཀྱི། རྟགས་མཐོང་བའི་དུས་ན་ཆོས་ཀྱིས་ཁྱད་པར་
དུ་བྱས་པ་ཉིད་ཡོད་པ་ནི་མ་ཡིན་ཏེ། ཆོས་ཡང་དག་པར་ཤེས་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་གཞན་རྣམས་སོ། །ཤེས་པར་བྱེད་པ་གཏན་ཚིགས་ཀྱི་སྐབས་ཡིན་པའི་ཕྱིར་ཤེས་པ་དོན་གྱིས་འཕངས་པའོ་ཞེས་ངེས་པར་བྱས་ནས་གསུངས་པ། དེ་ལ་མཐོང་བ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་
ཞེས་པ་རྗེས་སུ་དཔག་པར་བྱ་བ་ལའོ། །མངོན་སུམ་མམ་ཞེས་པ་དུ་བ་ལ་སོགས་པ་སྟེ། དུ་བ་དང་བཅས་པའི་ཕྱོགས་དོན་གཞན་གྱིས་དབེན་པའི་ངོ་བོ་ཅན་ཐུན་མོང་མ་ཡིན་པའི་བདག་ཉིད་དུ་མཐོང་བ་པོ་ལ་ནི་མངོན་སུམ་གྱིས་ཏེ། མངོན་སུམ་གྱི་སྟོབས་ཁོ་ནས་ཇི་ལྟར་མཐོང་བའི་ཁྱད་པར་གྱི་ཡུལ་
ཅན་གྱི་ངེས་པ་དེ་ཁོ་ན་འདིའོ་ཞེས་དྲན་པ་རྟགས་ཤེས་པ་དུས་ཕྱིས་སྐྱེའོ། །དེ་ཡང་ཚད་མ་མ་ཡིན་ཏེ། མ་རྟོགས་པར་དོན་བྱ་བར་རུང་བའི་དངོས་པོ་རྟོགས་པ་མེད་པའི་ཕྱིར་རོ། །དང་པོ་ཁོ་ན་ནི་ཚད་མ་ཉིད་དེ། དེ་ལས་བཟློག་པའི་ཕྱིར་རོ། །འདི་ནི་ཚད་མའི་མཚན་ཉིད་ཡིན་པ་ཉིད་ཀྱི་ཕྱིར་ཏེ། དེ་
ག་ལས་ཤེ་ན། དངོས་པོ་ལ་བརྟེན་པ་ཉིད་ལས་ཚད་མ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ཡང་ག་ལས་ཤེ་ན། དོན་དུ་གཉེར་བའི་འཇུག་པ་ནི་དོན་བྱ་བར་རུང་བའི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་རོ། །འདིས་ནི་ཆོས་ཅན་དང་ཆོས་ལ་སོགས་པའི་རྣམ་པར་རྟོག་པ་ཚད་མ་ཉིད་མ་ཡིན་པར་རིག་པར་བྱའོ། །དེ་
ལས་ཀྱང་གང་རྣམས་རྟགས་ལ་སོགས་པའི་ཤེས་པ་རྣམས་མངོན་སུམ་དང་རྗེས་སུ་དཔག་པའི་ནང་དུ་མ་འདུས་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་ཉིད་དུ་འཐོབ་བོ་ཞེས་རྩོད་པར་བྱེད་པ་དེ་རྣམས་བདག་ཉིད་ཀྱིས་བླུན་པོ་ཉིད་དུ་འཆད་དོ། །ཡང་ན་རྗེས་སུ་དཔག་པ་ལས་ཞེས་པ་བྱས་པ་ཉིད་ལ་སོགས་པ་ནི་རེས་
เล่ม ๑๙๓ · หน้า 95a
འགའ་བ་ཉིད་ལ་སོགས་པའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དུས་ཕྱིས་ཞེས་པ་སོ་སོར་སྦྲེལ་བར་བྱ་སྟེ། མངོན་སུམ་ལས་དུས་ཕྱིས་སམ་ཡང་ན་རྗེས་སུ་དཔག་པ་ལས་དུས་ཕྱིས་ཞེས་པའོ། །རྗེས་སུ་དཔག་པའི་སྒྲ་ཡང་འདིར་རྟགས་ཤེས་པ་
ལ་འཇུག་སྟེ། ཇི་སྐད་དུ་བཤད་པ། དེ་འདི་ནི་དངོས་སམ་བརྒྱུད་པས་རྗེས་སུ་དཔོག་པའི་རྒྱུ་ཉིད་ཀྱི་ཕྱིར་གཉིས་ཀ་ཡང་རྗེས་སུ་དཔག་པ་སྟེ། བྱེད་པའི་བྱེད་པ་ཅན་དུ་བྱས་ནས་སོ། །ཆོས་སྤྱིའི་ངོ་བོས་ཞེས་པ་ལ། སྤྱིའི་ངོ་བོ་སྨོས་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་བསལ་བའི་དོན་ཏོ། །དེས་རྗེས་སུ་
དཔག་པ་མི་སྲིད་པའི་ཕྱིར་རོ། །དེ་ནི་མངོན་སུམ་ལ་སོགས་པའི་རྗེས་ལ་བྱུང་བའི་ཤེས་པས་ཡུལ་དུ་བྱ་བར་ནུས་པ་ཡང་མ་ཡིན་ཏེ་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཀྱི་ཕྱིར་དང་། རྣམ་པར་རྟོག་པ་རྣམས་ཀྱང་སྤྱིའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེའི་རིགས་ཅན་ལ་ཡང་ཞེས་པ་འདིར་ཡང་སྤྱིའི་
ངོ་བོས་ཞེས་སྦྲེལ་བར་བྱའོ། །འོ་ན་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པ་གཞན་དུ་འཇུག་པ་འགལ་བ། ཁྱད་པར་དུ་མི་བྱེད་ནའང་རྗེས་སུ་དཔག་པར་བྱ་བའི་ཆོས་ཉིད་དུ་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱེད་པའི་ཕྱིར་ཏེ། དཔེར་ན་ནག་པ་གཞུང་འཛིན་ནོ་
ཞེས་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པའི་ཆོས་ཀྱི་བྱེ་བྲག་ནི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཀྱི་ངོར་ཉེ་བར་སྦྱོར་བ་མ་ཡིན་ནོ་ཞེས་པ་སྤྱི་ཁོ་ན་རྟགས་སུ་ཡོངས་སུ་གཟུང་བར་བྱ་ལ། བསྒྲུབ་པར་བྱ་བའི་ཆོས་ཀྱི་ཡང་དེ་ཁོ་ན་གཟུང་བར་བྱ་སྟེ། དེའི་ཡང་ཁྱད་པར་ནི་ཉེ་
བར་སྦྱོར་བ་མ་ཡིན་པས་སོ། །སྤྱི་སྒྲུབ་པར་བྱེད་ན་ཡང་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དུ་འགྱུར་རོ་ཞེ་ན། སྐྱོན་འདི་མེད་དེ། སྤྱི་ཁོ་ན་བསྒྲུབ་པར་བྱ་བ་སྟེ། མི་ལྡན་པ་རྣམ་པར་བཅད་པས་སོ། །གྲུབ་པ་ལ་བསྒྲུབ་པ་ཡང་མ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅོད་པ་མ་གྲུབ་པའི་ཕྱིར་རོ། །ཕྱོགས་
གཅིག་སྨོས་པས་མཐུན་ཕྱོགས་ལ་མ་ཁྱབ་པ་ཡང་གཏན་ཚིགས་ཉིད་དུ་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་པ་རྗེས་སུ་དཔག་པར་བྱ་བ་དང་དེ་དང་མཚུངས་པ་དག་ལ་མཚུངས་པར་ཡོད་པར་བརྗོད་པ་ལ་གཅིག་ལ་ནི་གཏན་ཚིགས་ཐམས་ཅད་ལ་ཡོད་པར་གྱུར་པ་སྟེ། གཞན་ལ་ནི་ཕྱོགས་གཅིག་ལ་ཡང་ཞེས་པ་འདི་ཅིའི་ཕྱིར་འཐོབ་ཅེས་
เล่ม ๑๙๓ · หน้า 95b
འདྲི་བར་བྱེད་དོ། །ངག་རྣམས་ནི་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་ཏེ། འདོད་པ་ལས་ཀྱང་ངེས་པར་འཛིན་པ་ལས་འདི་འཐོབ་བོ་ཞེས་གསུངས་པ། དེ་དང་མཚུངས་པ་ཁོ་ན་ལ་ཞེས་པ་ལ་སོགས་པའོ། །འདིས་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པས་འདིར་ངེས་
པར་གཟུང་བ་ལ་བརྟེན་པ་སྟེ། དཔེར་ན་སྲིད་སྒྲུབ་གཞུ་འཛིན་ཞེས་པ་ལྟ་བུའི་ཞེས་སྟོན་ཏོ། །གལ་ཏེ་དེ་ལྟ་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མི་འཇུག་པར་འགྱུར་རོ་ཞེ་ན། ཆོས་གཞན་དགག་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལ་འཇུག་པ་སྒྲུབ་པ་ན་སྡུད་པའི་ངེས་པར་འཛིན་པས་ནི་གཞན་རྣམ་
པར་གཅོད་པ་ཡིན་ཏེ། དཔེར་ན་རང་ལ་བུ་གཉིས་སྐྱེས་གྱུར་ཏེ། །ན་ར་དང་ནི་སྲེད་མེད་ཁོ་ནའོ། །ཞེས་པ་ལྟ་བུའོ། །དེ་ལྟར་ན་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པ། ངེས་པར་གཟུང་བ་དེ་ཁོ་ན་ལས་དེའི་དོན་རྟོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་སེམས་པའོ། །འདི་ཡང་ཞེས་པ་ལ་སོགས་པ་ལ།
འདི་ངེས་པར་བྱ་བས་ན་ངེས་པ་སྟེ། ཆོས་མཐུན་པ་ཉིད་དང་ལྡན་པ་དང་ཆོས་མི་མཐུན་པ་ཉིད་དང་ལྡན་པའི་སྦྱོར་བ་བརྗོད་པར་བྱའོ། །གང་ཕྱིར་སྦྱོར་བའི་ངག་གིས་ནི་ཚད་མ་གསལ་བར་བྱེད་པས། ཅི་འདི་བརྟག་པའམ་འོན་ཏེ་མ་ཡིན་ཞེས་ཕ་རོལ་པོ་རྣམས་ཀྱི་ཐེ་ཚོམ་གྱི་ཁྱོགས་ལ་ཞོན་པའི་བློ་
འདི་ནི་མི་རྟག་པ་ཁོ་ནའོ་ཞེས་དོན་གཞན་ལས་རྣམ་པར་བཅད་ནས་མི་རྟག་པ་ཁོ་ན་ལ་རྣམ་པར་འཇོག་པར་བྱེད་དེ། དེའི་ཕྱིར་སྦྱོར་བ་ངེས་པའོ། །དེའི་དོན་དུ་ཚུལ་གསུམ་པ་བཤད་པར་བྱའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱབ་པ་ངེས་པ་ཅན་གྱི་ཚུལ་གཅིག་སྦྱར་བས་ཀྱང་དོན་གྱིས་
གཉིས་པ་རྟོགས་པར་བྱེད་དོ་ཞེས་པས་གཅིག་ཀྱང་སྦྱོར་བར་འགྱུར་རོ་ཞེས་པའོ། །འོ་ན་རྟགས་ཚུལ་གཉིས་འཐོབ་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཚུལ་ཐ་དད་པའི་ཕྱིར་རོ། །དེ་དག་ནི་ངག་གཅིག་གིས་ཀྱང་བསྟན་པར་ནུས་པའི་ཕྱིར་སྦྱོར་བ་བསྡུས་ཏེ་བརྗོད་ཀྱི་
ཚུལ་བསྡུས་པ་ནི་མ་ཡིན་ནོ། །དེ་ལྟར་ནི་ཡང་ན་དོན་གྱིས་གོ་བས་གང་ཡང་རུང་བས་གཉིས་ཀ་རབ་ཏུ་བསྟན་པའི་ཕྱིར་གསུངས་སོ། །དེ་ལྟར་འགྱུར་མོད། མེད་པ་ལ་མེད་པ་ཉིད་ནི་འཐད་པ་མ་ཡིན་པ་ཁོ་ན་སྟེ། མེད་པ་ནི་གཞི་ཉིད་ལ་སོགས་པར་མི་རུང་བའི་ཕྱིར་རོ། །བྱེད་པ་ཅན་རྣམས་ནི་ནུས་
เล่ม ๑๙๓ · หน้า 96a
པ་ལས་རབ་ཏུ་སྐྱེས་པ་ཅན་རྣམས་ཡིན་པས་ཏེ། མེད་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། མེད་པ་ཁོ་ན་ལ་མེད་པ་ཉིད་ཅེས་པ་སྟེ། ཚིག་ཕྲད་རིམ་པ་ཐ་དད་པར་བྱ་ལ། མེད་པ་ལ་མེད་པ་ཉིད་ཁོ་ན་ཞེས་བལྟ་བར་བྱའོ། །ཡང་ན་
ཇི་ལྟར་བཀོད་པ་ཁོ་ན་འགྱུར་རོ། །འོ་ན་དེ་ལྟར་གྱུར་ན་ཡོད་པ་དང་ལྡན་པ་ལ་མེད་པ་ཉིད་ཐོབ་པ་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ། འདིར་མེད་ལ་མེད་ཉིད་མེད་པའོ། །ཞེས་པའི་མཚན་ཉིད་ཀྱི་ཚིག་ལ་མེད་པ་ལ་མེད་པ་ཉིད་ཁོ་ན་ཞེས་ངེས་པར་གཟུང་བར་འདོད་པ་ཉིད་ཀྱི་ཕྱིར་མེད་པ་ཉིད་བརྗོད་པ་ནི་
ངེས་པ་དང་ལྡན་པའོ། །དེའི་ཕྱིར་དེའི་དབང་དུ་བྱས་ནས་འདི་སྐད་བཤད་པའོ། །འདི་ནི་འདིའི་དོན་ཏེ། མེད་པ་ལ་མེད་པ་ཉིད་ཁོ་ན་ནི་དངོས་པོ་དགག་པའི་ངོ་བོར་འགྱུར་གྱི་ཡོད་པ་ཉིད་སྒྲུབ་པ་ནི་མ་ཡིན་གྱི། མེད་པ་སྒྲུབ་པ་མི་རུང་བའི་ཕྱིར་རོ། །འདི་ནི་ཚད་མའི་འབྲས་བུའོ། །གཞན་པ་
ལ་མ་ཡིན་ཞེས་པ་དེ་མ་ཐག་པའི་མེད་པ་ལས་ཏེ། སྐབས་ཉིད་ཀྱི་ཕྱིར་རོ། །དེ་ལ་ལྟོས་པས་འདིར་གཞན་པའི་དོན་བལྟ་བར་བྱའོ། །མེད་པ་ལས་གཞན་པ་ཡོད་པ་ཉིད་དང་ལྡན་པ་ལ་མེད་པ་ཉིད་ཁོ་ནར་འགྱུར་བ་མ་ཡིན་ཏེ། དེ་ལ་སྒྲུབ་པ་ཡང་སྲིད་པའི་ཕྱིར་རོ། །འདིས་ནི་ངེས་པ་དང་ལྡན་
པས་མེད་པ་ཉིད་ནི་ཡོད་པ་ལ་འགོག་པར་བྱེད་པས་ངེས་པ་དང་བྲལ་བའི་མེད་པ་ཉིད་ཡོད་དོ་ཞེས་དོན་འདི་རྟོགས་ཏེ། དགག་པ་ཁྱད་པར་ཅན་གྱིས་ནི་དེ་ལས་བཟློག་པ་རྟོགས་པར་འགྱུར་རོ། །དཔེར་ན་འདི་ནི་འབྲས་བུ་ཅན་གྱི་པ་ལཱ་ཤ་མེད་དོ་ཞེས་པ་ལྟ་བུའོ། །དཔེ་འདི་ནི་ཕ་རོལ་པོ་ལ་གྲུབ་
པ་ཉིད་ཀྱི་ཕྱིར་རོ། །མེད་པ་ལ་ནི་ཕ་རོལ་པོས་མེད་པ་ཉིད་འདོད་པ་མ་ཡིན་ཞིང་། ཡོད་པ་ལ་ནི་མ་ཡིན་ནོ། །མེད་པ་ལ་ངེས་པ་དང་ལྡན་པའི་མེད་པ་ཉིད་འགྱུར་བ་རྒྱུ་ཅི་ཞེ་ན་གསུངས་པ། འགལ་བ་ལ་ཡང་མ་ཡིན་ཞེས་པ་སྟེ། ཞེས་པའི་བྱེད་པ་ནི་གཏན་ཚིགས་ལའོ། །འདི་སྐད་སྟོན་ཏོ། །གལ་ཏེ་
མེད་པ་ལ་དངོས་པོའི་ཆོས་འགའ་ཞིག་སྒྲུབ་ན་སྐྱོན་དུ་འགྱུར་མོད། དངོས་པོའི་ཆོས་ནི་མེད་པ་ལ་མི་སྲིད་པའི་ཕྱིར་རོ། །འདིར་ཅུང་ཟད་སྒྲུབ་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། དགག་པ་ཙམ་དུ་བྱ་བའོ། །ཡོད་པ་མ་ཡིན་པའམ་མེད་པ་ནི་མོ་གཤམ་གྱི་བུ་ལ་སོགས་པ་མེད་པ་ཉིད་དང་འགལ་
เล่ม ๑๙๓ · หน้า 96b
བ་ཡང་མ་ཡིན་ཏེ། དེའི་ཕྱིར་དེ་དེ་ལ་སྲིད་དོ་ཞེས་པའོ། །ཡང་མེད་པ་ཉིད་དང་འགལ་བ་མ་ཡིན་པ་འདི་ནི་དེ་ལ་སྲིད་པ་སྟེ། དཔེར་ན་མེད་པ་ལ་བཞིན་མེད་པ་ཡང་དངོས་པོའི་ཆོས་བཀག་པའི་མཚན་ཉིད་ཅན་མེད་པ་ཉིད་དང་མི་འགལ་བའོ། །རང་བཞིན་ནོ། །གཞི་ལ་སོགས་པའི་ཐ་
སྙད་ནི་དངོས་པོའི་རྒྱུ་ཅན་ཁོ་ན་མ་ཡིན་ནོ། །མེད་པ་ལ་མེད་པ་ཉིད་མེད་དོ་ཞེས་སྨྲ་བའི་ཕ་རོལ་པོས་ཀྱང་འདི་ཁས་བླངས་སོ་ཞེས་པ་དགོངས་པའོ། །ཤེས་པ་སྨོས་པ་ཞེས་པ་ལ་སོགས་པ་སྟེ། གང་ཞིག་གིས་ཤེས་པ་གཟུང་བར་བྱ་བ་འདི་ནི་ཤེས་པ་སྨོས་པ་སྟེ། རྩོལ་བ་གཞན་པའོ། །
འདི་སྐད་བཤད་པར་འགྱུར་ཏེ། ཇི་ལྟར་རྟགས་ཀྱི་ཡུལ་ཅན་གྱི་ཤེས་པ་འཐོབ་པ་དེ་ལྟར་རྩོལ་བ་གཞན་བྱ་བ་སྟེ། གཞན་དུ་ན་མ་ཤེས་པའི་དུ་བ་ལ་སོགས་པ་ལས་ཀྱང་བསྟན་པའི་ཡུལ་གྱི་ཁྱད་པར་དུ། མེ་ལ་སོགས་པ་ལ་རྗེས་སུ་དཔག་པར་འགྱུར་རོ་ཞེས་པའོ། །ཤེས་པའང་ཐོབ་
ཅེས་པ་ལ་སོགས་པས། ཤེས་པ་ནི་ཤུགས་ཀྱིས་འཕངས་པ་ཉིད་ཀྱི་ཕྱིར་དེ་ལ་རྩོལ་བ་གཞན་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་ཏོ། །ཚུལ་རེ་རེ་དང་གཉིས་གཉིས་པའང་ཞེས་པ་ལ་སོགས་པ་སྟེ། གང་ཞིག་གི་ཚུལ་རེ་རེ་དང་གཉིས་གཉིས་དག་ཡིན་པ་དེ་དེ་སྐད་དུ་བརྗོད་དོ། །དོན་
དང་འབྲེལ་པ་ལས་འདིར་སྐྱེས་པའི་རྟགས་སུ་བསྟན་ཏོ། །དོན་གྱིས་ཞེས་པ་སྒྲ་མེད་ཀྱང་དོན་གྱིས་འཐོབ་པ་ཉིད་དུ་དོན་འདི་སྟོན་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་དོན་འདི་དོན་གྱིས་ཐོབ་པ་ཁོ་ན་ཡིན་ན། ཅིའི་དོན་དུ་བཤད་པར་བྱ་སྟེ། དོན་འདི་ཁོ་བོས་སྒྲ་མེད་ཀྱང་དོན་གྱིས་རྟོགས་སོ་ཞེས་པ།
དེ་ལྟར་ཚིག་བརྗོད་པར་བྱ་བཞིན་པ་ལ་ནི། བཤད་ཟིན་པར་ཡང་མི་འགྱུར་ཞིང་། དོན་གྱིས་ཐོབ་པ་སླར་ཡང་བརྗོད་པས་རྟོགས་པར་བྱེད་པ་ནི་འབྲས་བུ་དང་ལྡན་པ་ཡང་མ་ཡིན་ནོ་ཞེ་ན། འདི་བདེན་མོད། དེ་ལྟ་ན་ཡང་བློ་ཞེན་པས་བྱེ་བྲག་ཏུ་རྟོགས་པར་བྱ་བའི་དོན་དུ་འདི་དོན་གྱིས་ཐོབ་ཀྱང་བཤད་པར་
བྱ་སྟེ། མགོ་སྨོས་པས་ཤེས་པ་ལ་ལྟོས་པས་ནི་མ་ཡིན་ནོ་ཞེས་པའོ། །འདིར་རྩོད་པ། དེ་དང་མཚུངས་པ་ཉིད་ལ་ཡོད་པར་གྱུར་པ་ཞེས་པ་འདིས་རྗེས་སུ་འགྲོ་བ་རྟོགས་པར་བྱ་ཞིང་དེ་ཡང་ལྡོག་པ་མེད་པར་མེད་ལ། མེད་པ་ལ་མེད་པ་ཉིད་ཅེས་པ་འདིས་ཀྱང་ལྡོག་པ་སྟེ། དེ་ཡང་རྗེས་སུ་འགྲོ་བ་མེད་
เล่ม ๑๙๓ · หน้า 97a
པར་མ་ཡིན་ན། དེ་ཇི་ལྟར་འདི་སྐད་དུ། དེ་དང་མཚུངས་པ་ལ་ཡོད་ཅིང་དེ་མེད་པ་ལ་མེད་པ་ནི་མ་ཡིན་པ་དང་། དེ་མེད་པ་ལ་མེད་ཅིང་དེ་དང་མཚུངས་པ་ལ་ཡོད་པ་ནི་མ་ཡིན་པ་ཞེས་པ་ལ་སོགས་པ་བཤད་ཅེ་ན། སྐྱོན་འདི་མེད་དེ། འདི་ནི་རྗེས་སུ་འགྲོ་བའི་མཚན་ཉིད་དང་
ལྡོག་པའི་མཚན་ཉིད་རང་བཞིན་པའི་ངོ་བོའི་དབང་དུ་བྱས་ནས་བཤད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མཐུན་པའི་ཕྱོགས་ལ་ཡོད་པར་གྱུར་པ་ཙམ་གྱི་དང་། མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་ཙམ་ངེས་པ་དང་བྲལ་བའོ། །འདུན་པ་ལས་ཀྱང་ཚིག་རྣམས་ཀྱི་འཇུག་པ་སྟེ། དོན་ནི་
ཡོངས་སུ་བརྟག་པར་བྱའོ། །འདི་ནི་འདིར་བརྗོད་པར་འདོད་པའི་དོན་ཏོ། །གང་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡོད་པ་མ་ཡིན་ན་ཕྱོགས་ཀྱི་ཆོས་ཉིད་ཡོད་ཀྱང་གཏན་ཚིགས་མ་ཡིན་ཞིང་། གང་ལ་ཕྱོགས་ཀྱི་ཆོས་ཉིད་མེད་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་ན་ཡང་དེ་ཡང་གཏན་
ཚིགས་མ་ཡིན་ནོ་ཞེས་པའོ། །དེ་ཡང་རྣམ་པ་འདིས་ཀྱང་རྟོགས་པར་བྱ་བར་ནུས་པ་དེ་ཁོ་ནའོ་ཞེས་པའོ། །ཀུན་ནས་གནས་པ་མ་ཡིན་པར་སྨྲ་བའི་ངོར་སྒྲ་རྟག་སྟེ་ལུས་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །བྱེ་བྲག་པའི་འདོད་པས་རྟག་པ་དང་ལུས་ཅན་རྡུལ་ཕྲ་རབ་ལ་ལྟོས་པས་གཅིག་པའོ། །དེ་བཞིན་
དུ་སྒྲ་རྟག་སྟེ་གཞལ་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་མི་མཐུན་ཕྱོགས་ལས་ལྡོག་པའི་ཕྱིར་ཚུལ་གཅིག་པའོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཚུལ་གཉིས་པ་ཐུན་མོང་བའོ། །སྒྲ་རྟག་སྟེ་མཉན་བྱ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ཐུན་མོང་མ་ཡིན་པ་ཚུལ་གཉིས་པ་སྟེ། གལ་ཏེ་སྒྲ་ཉིད་
རྟག་པར་ཁས་མི་ལེན་ནའོ། །སྒྲ་མི་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཚུལ་གཉིས་པ་འདི་མ་གྲུབ་པ་སྟེ། གལ་ཏེ་རིགས་རྣམས་མིག་གིས་གཟུང་བར་མི་འདོད་ནའོ། །ཚུལ་མེད་པ་ཡང་ཡོད་དེ། འདི་ལྟ་སྟེ། སྒྲ་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་
སོགས་པ་ལྟ་བུ་སྟེ། དེ་ནི་ཕྱོགས་འདི་ཁོ་ནས་རྟོགས་པར་བྱའོ་ཞེས་པས་ཚིགས་སུ་བཅད་པར་མ་གསུངས་སོ། །མདོར་ནི་ཚུལ་རེ་རེ་དང་། གཉིས་གཉིས་པའང་ཞེས་པ་འདིར། འང་གི་སྒྲས་དེ་སྡུད་པའི་དོན་ཅན་དུ་བལྟ་བར་བྱའོ། །གཞན་རྣམས་ན་རེ་ཚུལ་མེད་པ་ཉེ་བར་མ་བཀོད་དེ། རྟགས་
เล่ม ๑๙๓ · หน้า 97b
ལྟར་སྣང་བ་ཉིད་མེད་པའི་ཕྱིར་རོ། །གང་ཕྱིར་གང་དུ་ཚུལ་གྱི་ཕྱོགས་གཅིག་པ་ཅན་ཡོད་པ་དེ་ནི་དེར་སྣང་བཞིན་པས་བློ་ཕྱིན་ཅི་ལོག་ཏུ་བྱེད་དོ་ཞེས་པས་དེ་ཁོ་ན་འདིར་བརྗོད་པར་བྱ་བའོ་ཞེས་ཟེར་རོ། །རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནོ་ཞེས་བཤད་ཟིན་ལ། གང་
རྣམས་རྣམ་པ་གཞན་དུ་འདོད་པ་དེ་རྣམས་ཀྱི་འདོད་པ་བསལ་བར་བྱ་བའི་ཆེད་དུ་དགོད་དེ། འདི་ལ་ནི་ཞེས་པ་ལ་སོགས་པ་སྟེ། མི་འཁྲུལ་བས་ཞེས་པ་གཏན་ཚིགས་སོ། །གང་གིས་གང་ལ་མི་འཁྲུལ་བར་བརྗོད་པར་བྱ་བ་མ་ཡིན་པ་དེ་དེའི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དཔེར་ན་དུ་བའི་ཆུ་
བཞིན། གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བའི་ཆོས་དང་མི་འཁྲུལ་བར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པ་ལྡོག་པ་ཅན་རང་བཞིན་དུ་སེམས་སོ། །གྲུབ་ཉིད་ཕྱིར་ཞེས་པ། གང་གྲུབ་པར་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དཔེར་ན་མེ་དྲོའོ་ཞེས་པ་བཞིན་ནོ། །ཆོས་དང་ཆོས་ཅན་འབའ་ཞིག་པ་དག་
ཀྱང་གྲུབ་པའོ་ཞེས་པ་རང་བཞིན་འགལ་བ་གསུངས་སོ། །ཆོས་ལ་གཏན་ཚིགས་གྲུབ་ན་ནི། །ཞེས་པ་གང་ཞིག་ཆོས་འབའ་ཞིག་པ་བསྒྲུབ་པར་བྱ་བར་འདོད་པ་དེས་ནི། ངེས་པར་དེ་ཁོ་ན་ལ་རྟགས་བལྟ་བར་བྱ་སྟེ། རྣམ་པ་གཞན་དུ་ན་དེ་རྟོགས་པར་མི་འགྱུར་རོ། །གང་ཕྱིར་གཞན་དུ་
རིགས་པའི་རྟགས་ཀྱིས་གཞན་རྟོགས་པར་འགྱུར་བ་ནི་མེད་དོ། །ཧ་ཅང་ཐལ་བར་གྱུར་ན་མི་རུང་ངོ་ཞེས་པའོ། །དེ་ལས་ཀྱང་རྟགས་འཛིན་པའི་དུས་ཁོ་ན་ནི་རྟགས་ཅན་ཡང་རྟོགས་པ་ཉིད་ཀྱི་ཕྱིར། གཞན་ཅི་ཞིག་རྗེས་སུ་དཔག་པར་བྱ་སྟེ། གང་གི་དོན་དུ་འབྲེལ་པ་དྲན་བྱ་བའོ། །ཅི་སྟེ་མེ་
དང་འབྲེལ་པའི་ས་ཕྱོགས་སུ་ཞེས་པའི་འབྲེལ་པ་སྨོས་པ་ནི་ཧ་ཅང་ཐལ་བ་ཡོངས་སུ་སྤང་བའི་ཆེད་དུའོ། །ཕྱོགས་དེ་ཁོ་ན་མེ་དང་ལྡན་པ་ཉིད་དུ་མི་འདོད་པ་ཅི་ཡིན་ཞེས་པའི་ཁོ་ནའི་སྒྲ་ནི་ཆོས་འབའ་ཞིག་པའི་བསྒྲུབ་པར་བྱ་བ་ཉིད་རྣམ་པར་གཅད་པའི་ཆེད་དུའོ། །དེ་ལྟར་ཆོས་འབའ་ཞིག་པ་བསྒྲུབ་པར་
བྱ་བ་ཉིད་ན་རིགས་པ་མ་ཡིན་ཏེ། གལ་ཏེ་ཆོས་ཅན་འདིའི་རྟེན་ཉིད་དུ་འདོད་པ་མ་ཡིན་ནའོ། །གཞན་དུ་ན་ཆོས་ཅན་འགའ་ཞིག་ལ་རྟགས་ཉེ་བར་དམིགས་པ་དེར་གཞི་ལ་བརྟེན་པར་བྱ་བཞིན་པ་ཡིན་ན་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་འདོད་པར་བྱ་སྟེ། ངེས་པར་
เล่ม ๑๙๓ · หน้า 98a
སྦྱོར་བ་ལས་ཀྱང་འདི་འདི་ལྟར་ཁོ་ན་ཁས་བླང་བར་བྱའོ། །ཆོས་ཙམ་བསྒྲུབ་པར་བྱ་བ་ཡིན་ན་ནི་འདིའི་ཡོད་པ་ཉིད་བསྒྲུབ་པར་བྱ་བར་འགྱུར་ལ། དེ་ཡང་མི་རིགས་ཏེ། དེ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། མེ་ཡོད་པ་ཉིད་དུ་མ་རྟོགས་པ་ནི་མ་ཡིན་ནོ་ཞེས་པའོ། །
དེ་འདིས་གང་གྲུབ་པ་དེ་བསྒྲུབ་པར་བྱ་བ་མ་ཡིན་ཞེས་པ་ལ་སོགས་པ་སྔར་བཤད་པའི་རང་བཞིན་འགལ་བ་གསུངས་སོ། །འབྲེལ་པ་ལ་ཡང་གཉིས་ཡོད་མིན། །ཞེས་པ་ལ། གཉིས་ནི་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པར་བྱེད་པའི་ཆོས་སོ། །མེ་དང་ས་ཕྱོགས་ཀྱི་ལྡན་པའི་མཚན་ཉིད་
ཀྱི་འབྲེལ་པ་ལ་མེ་དང་དུ་བ་དག་ཡོད་པ་མ་ཡིན་པས་ཏེ། གལ་ཏེ་དེ་ལ་གཉིས་མེད་པས་ཅིའི་ཕྱིར་དེ་བསྒྲུབ་པར་བྱ་བ་ཉིད་དུ་མི་འགྱུར་ཞེ་ན། གསུངས་པ། འདི་ལྟར་ཡང་བྱེད་ཅེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་པའི་དུས་ན་གང་དུ་དེ་ལ་རྗེས་སུ་དཔག་པར་བྱ་བ་ལ་མཆོག་ཏུ་
སྙེག་པའི་སྒྲ་དག་གིས་རྗེས་སུ་དཔོག་པར་བྱེད་ན། དེ་ལ་གལ་ཏེ་ས་ཕྱོགས་བསྒྲུབ་པར་བྱ་བར་འགྱུར་ན། དེ་དག་གིས་དེ་ལ་སོ་སོར་ཉེ་བར་སྦྱོར་བར་འགྱུར་ལ་གཞན་དུ་ན་རང་གི་སྒྲས་ངེས་པར་བསྟན་པའི་མེ་དང་དུ་བ་དག་དང་ཡུལ་ཕྱོགས་དག་ཀྱང་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། འབྲེལ་པ་
ལ་ཡང་གཉིས་ཡོད་མིན། །ཞེས་པས། དེ་དག་ཡུལ་མེད་པར་འགྱུར་རོ། །དེ་འདིས་ནི་གང་དུ་མེ་དང་དུ་བ་དག་ཡོད་པ་མ་ཡིན་པ་དེ་ནི་དུ་བས་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། ཆུ་བཞིན་འབྲེལ་པ་ལའང་། མེ་དང་དུ་བ་དག་ཡོད་པ་མ་ཡིན་ནོ་ཞེས་པ་འགལ་བས་ཁྱབ་པ་གསུངས་སོ། །
དྲུག་པའི་སྒྲ་རུ་འགྱུར་ཞེས་པ་འབྲེལ་པ་བརྗོད་པར་འདོད་པ་ན་མེའི་སྒྲ་དྲུག་པའི་མཐའ་ཅན་དུ་འགྱུར་ཏེ། དཔེར་ན་མེའི་རེག་པ་དྲོའོ་ཞེས་པ་འདི་བཞིན། མེ་ནི་འདིར་ཞེས་དང་པོའི་མཐའ་ཅན་དུ་ཐོས་པས་ཏེ། དེའི་ཕྱིར་འདིར་འབྲེལ་པ་བརྗོད་པར་འདོད་པར་རྟོགས་པར་བྱ་བ་མ་ཡིན་ནོ་ཞེས་པའོ། །འོ་ན་
འདི་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་མ་ཡིན་ནམ། དེ་ལ་དྲུག་པའི་ཐལ་བར་འགྱུར་བ་ཅི་ཡིན་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ་གཞན་གྱི་དོན་རྗེས་སུ་དཔག་པར་དྲུག་པའི་སྒྲ་མེད་པས་འབྲེལ་པ་མེད་པས་གསལ་བར་ཉེ་བར་དམིགས་ནས་རང་གི་དོན་གྱི་རྗེས་སུ་དཔག་པར་ཡང་རྟོགས་པར་བྱེད་དོ། །
เล่ม ๑๙๓ · หน้า 98b
དེས་འདི་སྐད་བཤད་པར་འགྱུར་ཏེ། གང་དུ་མེའི་སྒྲ་དང་པོའི་མཐའ་ཅན་དེར་འབྲེལ་པ་རབ་ཏུ་སྦྱོར་བ་ཅན་བརྗོད་པར་འདོད་པ་མ་ཡིན་ཏེ། དཔེར་ན་འབྲེལ་པ་བརྗོད་པར་འདོད་པ་མེད་པ་ན་རབ་ཏུ་སྦྱར་བའི་མེའི་སྒྲ་ལ་བཞིན། འདིར་མེའི་ཞེས་པ་འདིར་ཡང་མེའི་སྒྲ་ནི། དང་པོའི་མཐའ་ཅན་ནོ་ཞེས་པ།
འབྲས་བུ་དང་འགལ་བའོ། །འདིར་འགྱུར་མོད། གནས་གཞིའི་རྣམ་པར་དབྱེ་བ་ཁོ་ནས་འབྲེལ་པ་བཤད་པ་ཡིན་ཏེ། དེས་ན་དྲུག་པར་ཐལ་བར་འགྱུར་རོ་ཞེས་པ་འདི་ག་ལས་ཤེ་ན། དེ་ལྟ་ན་གང་གི་ཚེ་སྒྲ་མི་རྟག་ཅེས་པ་ཆོས་དང་ཆོས་ཅན་དག་དང་པོའི་མཐའ་ཅན་དག་གི་སྦྱོར་བ་ཡིན་པ་དེའི་ཚེ་
རྟོག་པ་ཅན་ཅི་ཡིན། འདིར་མེ་ཞེས་བརྗོད་པ་ན་རྟེན་དང་བརྟེན་པའི་དངོས་པོ་བསྒྲུབ་པར་བྱ་བ་ཉིད་དུ་རྟོགས་པར་བྱ་བ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན་མེ་ཁོ་ནའོ། །འབྲེལ་པ་དེ་ཡང་ས་ཕྱོགས་སུ་བསྒྲུབ་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་ཚོགས་པ་དེ་ཁོ་ན་བསྒྲུབ་པར་བྱ་བའོ་ཞེས་པ་འོངས་པའོ། །རང་གི་ཆོས་
ཀྱིས་བརྗོད་བྱ་མིན་ཞེས་པ་འབྲེལ་པའི་ངོ་བོ་ནི་འབྲེལ་པའོ་ཞེས་དངོས་པོའི་ངོ་བོས་འབྲེལ་པ་དེ་འབྲེལ་པའི་སྒྲས་བརྗོད་པའི་ཕྱིར་དངོས་པོ་ཡང་འབྲེལ་པ་ཅན་གཞན་གྱིས་རིགས་སོ་ཞེས་པས་འབྲེལ་པ་ཅན་གཞན་ཅི་ཞེས་བྱ་བ་སྐྱེ་ཞིང་། ཅི་ཞིག་གི་འབྲེལ་པ་ཡིན་ཞེས་པའོ། །དེ་ལས་ཀྱང་འབྲེལ་པ་
ཅན་ཁོ་ན་དེར་འགྱུར་རོ་ཞེས་པས་རང་གི་ངོ་བོས་འབྲེལ་པ་ཅན་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་རྗེས་སུ་དཔག་པར་བྱ་བ་ཡང་མ་ཡིན་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །གང་ཕྱིར་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པས་རྗེས་སུ་དཔག་བྱ་བརྗོད་བྱ་ཉིད་དུ་ཁས་བླངས་
ལ། དེ་འབྲེལ་པ་རྗེས་སུ་དཔག་པར་བྱ་བ་ཉིད་ན་ཉམས་སོ། །གལ་ཏེ་སྒྲས་བརྗོད་པར་བྱ་བར་མི་འགྱུར་ན་དེའི་ཚེ་ཅི་ལྟར་རྟོགས་པར་འགྱུར་ཞེ་ན་གསུངས་པ། དོན་གྱིས་སྨོས་འགྱུར་ཞེས་པ། འདི་ན་མེ་ཞེས་མེའི་གཞིའི་དངོས་པོས་ས་ཕྱོགས་སྒྲས་རྟོགས་པར་བྱའོ། །མེ་དང་ལྡན་པ་ཉིད་ཡོད་
ན་ཡང་ས་ཕྱོགས་ནི་གཞི་བྱེད་པར་ནུས་པ་སྟེ། དེའི་ཕྱིར་དེ་ཁོ་ན་རྟོགས་པར་བྱའི། ལྡན་པ་ནི་བར་དུ་ཆོད་པ་ཅན་ཉིད་ཀྱི་ཕྱིར་རྟོགས་པ་མ་ཡིན་ནོ་ཞེས་པས་དོན་གྱིས་སྨོས་པ་ཞེས་བརྗོད་པར་བྱ་སྟེ། གཞི་བྱེད་ནུས་པ་རང་གི་འབྲས་བུས་དྲང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །འོ་ན་དེ་ལྟ་ན་རྗེས་སུ་དཔག་པར་
เล่ม ๑๙๓ · หน้า 99a
བྱ་བ་ཁོ་ནར་འགྱུར་ཞེ་ན། དུ་བ་ལ་སོགས་པའི་རྟགས་ཀྱི་བསྒྲུབ་པར་བྱ་བ་ཉིད་ལ་འཇུག་པ་ལས་འདས་པ་དེ་བརྗོད་པར་འདོད་ཀྱི། རྟགས་ཅན་མ་ལུས་པའི་བསྒྲུབ་པར་བྱ་བ་ཉིད་ལ་འཇུག་པ་ལས་འདས་ན་ནི་མ་ཡིན་ནོ་ཞེས་པས་འགལ་བ་མེད་དོ། །གང་ཡང་འབྲས་བུ་རྗེས་
སུ་དཔག་པར་བྱ་བ་ནི་འབྲེལ་པའོ་ཞེས་བཤད་པ་དེ་ཡང་རང་གི་འབྲས་བུས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་བརྗོད་ཀྱི། དུ་བ་ལ་སོགས་པའི་རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཡང་འབྲེལ་པ་ཡོད་དུ་ཆུག་མོད། དེ་རང་
གི་འབྲས་བུ་ཁོ་ནས་རྗེས་སུ་དཔག་པར་བྱའི། དུ་བ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས་པའོ། །གང་གསུངས་པ། དེ་དུ་བས་རྗེས་སུ་དཔག་པར་བྱ་བ་ནི་མ་ཡིན་ནོ་ཞེས་པའོ། །གཏན་ཚིགས་སྔ་མ་རྣམས་ལས་ཞེས་པ། འབྲེལ་པ་ལ་ཡང་གཉིས་ཡོད་མིན། །དྲུག་པ་ཐོས་འགྱུར་
དེ་ལྡན་ལའོ། །བརྗོད་བྱ་མིན་ཞེས་པ་འདི་རྣམས་ལས་སོ། །འདི་ནི་རྟགས་དང་འབྲེལ་པའང་མིན། །ཞེས་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པས་རྟགས་དང་འབྲེལ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཞིག་གང་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པ་མེད་པ་དེ་ནི། དེས་
རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། དཔེར་ན་དུ་བས་ཆུ་བཞིན། དུ་བ་ཡང་འབྲེལ་པ་དང་མེད་ན་མི་འབྱུང་བ་ཉིད་རབ་ཏུ་བསྟན་པ་མ་ཡིན་ནོ། །འགལ་བས་ཁྱབ་པར་བྱའོ། །རབ་ཏུ་མ་བསྟན་པ་ན་དོན་གཞན་ནི་དེའི་འབྲས་བུ་མ་ཡིན་པ་དང་མེད་ན་མི་འབྱུང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་མེད་དེ་
ཞེས་པ་ལ་སོགས་པས་མ་ངེས་པར་སྨྲས་སོ། །གཞན་དུ་ཞེས་པ་སྤྱི་ཡིས་ཚང་བང་ལ་སོགས་པ་ཐམས་ཅད་དུའོ། །དེ་ཅིའི་དོན་དུ་སྟོན་པར་བྱེད་ཅེ་ན། ས་ཕྱོགས་ལ་སོགས་པ་གང་དུ་མེ་ལ་སོགས་པ་སྒྲུབ་པར་འདོད་པ་དེ་ལ་རབ་ཏུ་གྲུབ་པའི་དུ་བ་ལ་སོགས་པའི་རྟགས་ནི་མེ་ལ་སོགས་པའི་ཆོས་
གང་དང་དེ་མེད་ན་མི་འབྱུང་བར་གྱུར་ཅིང་། དེ་དང་འབྲེལ་པའི་ས་ཕྱོགས་ལ་སོགས་པའི་ཆོས་ཅན་རྟོགས་པར་འགྱུར་རོ་ཞེས་པ་འདི་ལྟ་བུའི་དོན་ཏོ། །གང་གཞན་དུ་ཞེས་པ། དུ་བ་དང་ལྡན་པའི་ཡུལ་ཕྱིར་རོ། །དེ་གཞན་དུ་ཞེས་པ་ལ་སོགས་པ་སྟེ། གཞན་དུའི་སྒྲ་འདི་ནི་བསྒྲུབ་པར་བྱ་བའི་
เล่ม ๑๙๓ · หน้า 99b
ཆོས་ཅན་ས་ཕྱོགས་ལ་སོགས་པ་ལ་འཇུག་གོ། །དུ་བ་ཙམ་མཐོང་བ་ན་ཡང་ཞེས་པའི་ཙམ་གྱི་སྒྲ་ནི་མེ་མཐོང་བ་བཅད་པའི་དོན་ཏེ། མེ་མཐོང་བ་མེད་ན་ཡང་ཞེས་པའི་དོན་ཏོ། །ཡང་ན་ཙམ་གྱི་སྒྲས་འདི་སྟོན་ཏེ། ཆོས་ཅན་རྗེས་སུ་འགྲོ་བ་བསྟན་པ་མེད་པར་ཡང་ཞེས་པའོ། །འདི་ནི་བསྡུས་པའི་དོན་
ཏེ། ཆོས་ཅན་གྱི་ཁྱད་པར་དུ་བྱས་པའི་ཆོས་ཅན་རྗེས་སུ་དཔག་པར་བྱ་བ་ཉིད་ན་ཡང་དུ་བ་མེད་དང་མེད་ན་མི་འབྱུང་བ་གང་ཡིན་པ་ཚང་བང་ལ་སོགས་པར་རབ་ཏུ་བསྟན་པར་བྱ་བ་སྟེ། དེ་ནི་ས་ཕྱོགས་མེ་དང་ལྡན་པ་ཉིད་དུ་རབ་ཏུ་སྒྲུབ་པའི་ཆེད་དུ་ཐབས་ཁོ་ནའོ་ཞེས་བྱས་ནས་སོ། །དེ་ལྟར་གང་
ན་དུ་བ་ཡོད་པ་དེ་ན་མེའོ་ཞེས་ངེས་པའི་ཕྱིར་རོ། །གཞན་དུ་དུ་བ་ཙམ་མཐོང་ནས་ཡུལ་ཕྱོགས་མེ་དང་ལྡན་པར་རྟོགས་པར་བྱ་སྟེ། དེའི་ཕྱིར་ཆོས་དང་མེད་ན་མི་འབྱུང་བ་གདོན་མི་ཟ་བར་བསྟན་པར་བྱའོ་ཞེས་པའོ། །ཆོས་ཅན་དང་ནི་ཁྱད་པར་དང་ངམ་སྤྱི་དང་མེད་ན་མི་འབྱུང་བ་བསྟན་པར་བྱ་བ་
ཡིན་གྲང་ན། དེ་ལ་རེ་ཞིག་ཁྱད་པར་དང་རབ་ཏུ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། དེ་གཞན་དུ་མི་འབྱུང་བ་ཉིད་ཀྱིས་ན་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། རྣམ་པ་གཞན་དུ་ན་ནི་ཞེས་པ་ལ་སོགས་པའོ། །ཆོས་ཅན་སྤྱི་དང་ནི་མེད་ན་མི་འབྱུང་བ་སྲིད་མོད། དེ་དང་རབ་ཏུ་བསྟན་པ་ནི་མ་
ཡིན་ཏེ། གང་གསུངས་པ། རྟེན་སྤྱི་དང་ནི་ཞེས་པ་ལ་སོགས་པ་སྟེ། བརྟེན་པར་བྱ་བ་དང་མེད་ན་མི་འབྱུང་བ་ཉིད་བསྟན་པར་བྱ་བ་ན་རྟེན་དང་ཡང་བསྟན་པར་འགྱུར་ཏེ། རྟེན་ནི་བརྟེན་པའི་དབང་པོ་ཉིད་ཀྱི་ཕྱིར་རོ། །ཡང་ན་གང་ན་དུ་བ་ཡོད་པ་དེ་ན་མེའོ་ཞེས་པ་འདིས་དུ་བ་མེད་ཙམ་དང་མེད་
ན་མི་འབྱུང་བ་ཉིད་བཤད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། རྟེན་གྱི་སྤྱིས་ཁྱད་པར་དུ་བྱས་པ་དང་ངོ་། །དེའི་ཕྱིར་རྟེན་གྱི་སྤྱི་དང་ཡང་དེ་བསྟན་པ་ཁོ་ནའོ། །འབྲེལ་པ་དང་ནི་རྣམ་པ་ཐམས་ཅད་དུ་མེད་ན་མི་འབྱུང་བ་མི་སྟོན་པ་ཁོ་ནའོ་ཞེས་པ་འདི་གསུངས་སོ། །མི་མཉམ་པ་ཉེ་བར་བཀོད་པ་ཞེས་པའོ། །
དེ་ལྟར་སྤྱིས་ཀྱང་གཏན་ཚིགས་སུ་མངོན་པར་འདོད་པ་མེད་ན་མི་འབྱུང་བ་ཉིད་མི་སྟོན་ལ། དེ་མི་མཐུན་ཕྱོགས་ལ་འཇུག་པ་ཡང་མ་ཡིན་ནོ་ཞེས་པས་མ་ངེས་པ་མ་ཡིན་ནོ། །ཆོས་ལའང་རྣམ་པར་དཔྱད་པ་གཞན། །ཞེས་པ་སྔ་མ་གང་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་པ་རྣམ་པར་དཔྱད་པ་བཤད་
เล่ม ๑๙๓ · หน้า 100a
ཅིང་། ད་ནི་བསྒྲུབ་པར་བྱ་བའི་ཆོས་སུ་གྱུར་པ་རྣམ་པར་དཔྱོད་ཅིང་རྟགས་སུ་གྱུར་པ་ཡང་རབ་ཏུ་བསྟན་པར་བྱའོ། །ཏུའི་སྒྲ་ནི་རྣམ་པར་དཔྱད་པ་དེ་ཁོ་ན་སྲིད་པར་གསལ་བར་བྱེད་དོ། །རྣམ་པར་དཔྱད་པ་དེ་ཡང་གང་རྟགས་དང་རྟགས་ཅན་དག་ཆོས་ཅན་བཞིན་དུ་ཆོས་དུ་
མ་ཅན་དག་སྟེ། དཔེར་ན་མེ་དང་དུ་བ་དག་ལྟ་བུ་སྟེ། དེ་ཁོ་ན་ལ་རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་ཆ་ཤས་ངེས་པར་བྱེད་པའི་ཆེད་དུ་འགྱུར་རོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་ལ་དུ་མའི་ཆོས་ཉིད་མི་སྲིད་པའི་ཕྱིར་ཆ་ཤས་ཅི་ཞིག་གིས་རྟོགས་
པར་བྱ་བ་དང་རྟོགས་པར་བྱེད་པའི་དངོས་པོ་ཡིན་ཞེས་དོགས་པ་མི་སྲིད་པ་ཁོ་ནའོ། །རྗེས་འབྲེལ་རྣམ་གཅོད་པ་ཞེས་པ། རྗེས་སུ་སྦྲེལ་བར་བྱེད་པས་ན་འབྲེལ་པ་སྟེ། ཆ་ཤས་གང་གིས་མི་རྟོགས་པར་བྱེད་པ་རྫས་ཉིད་ལ་སོགས་པའོ། །དེ་མི་མཐུན་ཕྱོགས་གཞན་ལས་རྣམ་པར་གཅོད་ཅིང་རྣམ་
པར་ལྡོག་པ་རྟོགས་པར་བྱེད་པའོ། །རྗེས་སུ་འབྲེལ་པའི་ཁྱད་པར་རྣམས་ཀྱང་ཅི་ཞེ་ན། གང་མེད་ན་མེ་མི་འབྱུང་བ་ཞེས་པ་ལ་སོགས་པའོ། །འོ་ན་དུ་བ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར། གང་རྣམས་མེད་པ་དུ་བ་མི་འགྱུར་བ་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་སྐད་སྨྲས་ཤེ་ན། དོན་འདི་
ཁོ་ན་རྣམ་པ་འདིས་བཤད་དོ་ཞེས་པས་སྐྱོན་མེད་དོ། །དེ་ལྟར་ནི་གང་རྣམས་མེད་པས་མེར་མི་འགྱུར་བ་དེ་རྣམས་མེད་པར་དུ་བར་ཡང་འགྱུར་བ་མ་ཡིན་པ་ཁོ་ནའོ། །ཡང་ན་གང་ཞིག་འབྲེལ་པ་རྣམས་ཞེས་པ་དུ་བ་ཁོ་ནའི་རྗེས་སུ་འབྲེལ་པ་རྣམས་ཞེས་སྦྱར་བར་བྱ་སྟེ། གང་རྣམས་དུ་བ་ཁོ་ན་རྗེས་སུ་སྦྲེལ་
བར་བྱེད་པ་དེ་རྣམས་ཁོ་ན་བསྟན་པའི་ཆེད་དུ་གསུངས་པ་གང་རྣམས་མེད་ན་ཞེས་པ་ལ་སོགས་པ་སྟེ། གང་རྣམས་མེད་ན་མེར་མི་འགྱུར་བ་དེ་རྣམས་ཁོ་ན་ནི་དུ་བ་རྗེས་སུ་སྦྲེལ་བར་བྱེད་པས་སོ། །རྗེས་སུ་འབྲེལ་པ་རྣམས་གཞན་ལས་ལྡོག་པ་རྟོགས་པར་བྱེད་དོ་ཞེས་པ་འདི་ལ་དཔེར་བརྗོད་པ་གསུངས་པ།
དཔེར་ན་མེའི་མེ་མ་ཡིན་པ་ལས་ལྡོག་པ་ཙམ་ཞེས་པའོ། །ཅིའི་ཕྱིར་ལྡོག་པ་ཙམ་གོ་བར་བྱེད་ཀྱི་ཁྱད་པར་མ་ཡིན་ཞེ་ན་གསུངས་པ། རང་དང་འབྲེལ་པ་དང་རྗེས་སུ་མཐུན་པ་ཉིད་ལས་ཞེས་པ་ལ་སོགས་པའོ། །འདི་ནི་བྱེད་པའི་རྒྱུ་སྟེ། རྟགས་ནི་མ་ཡིན་ནོ། །དེ་ལྟར་ནི་འདི་ཞེས་པས་དེ་དང་འབྲེལ་པ་
เล่ม ๑๙๓ · หน้า 100b
དང་རྗེས་སུ་མཐུན་པ་ཉིད་གསུངས་སོ། །མེ་མེད་པ་ཐམས་ཅད་ལ་མ་མཐོང་ཞེས་པ་འདིས་ལྡོག་པ་གཙོ་བོ་ཉིད་དུ་མི་མཐུན་ཕྱོགས་ལ་ཐམས་ཅད་དུ་མ་མཐོང་བས་འཆད་པར་བྱེད་དོ། །གཞན་ལ་ཡང་མཐོང་ངོ་ཞེས་པའི། ཡང་གི་སྒྲས་ནི་འབའ་ཞིག་ཏུ་མ་མཐོང་ཡང་ཞེས་གསལ་བར་བྱེད་པས་རྗེས་སུ་
འགྲོ་བ་གཙོ་བོ་མ་ཡིན་པ་ཉིད་དུའོ། །དེ་ལྟར་གང་གི་ཕྱིར་རྗེས་སུ་འགྲོ་བ་ཉེ་བར་བསགས་པ་ཅན་གྱི་ལྡོག་པ་གཙོ་བོ་འབྲེལ་པ་ཡིན་ལ། དེ་ཡང་སྤྱི་བོ་ནས་སྲིད་ཀྱི། ཁྱད་པར་དང་མ་ཡིན་པ་དེའི་ཕྱིར། དེ་དང་རྗེས་སུ་མཐུན་པ་ལས་ནི་ལྡོག་པའི་སྒོ་ནས་འདིར་མེ་ཁོ་ན་སྟེ། མེ་མ་ཡིན་པ་ནི་མི་འགྱུར་
རོ་ཞེས་མེ་མ་ཡིན་པ་ལས་ལྡོག་པ་ཙམ་རྟོགས་པར་བྱེད་ཀྱི་ཁྱད་པར་མ་ཡིན་ནོ། །ཇི་ལྟར་ཡང་མེ་ཉིད་དང་འབྲེལ་པ་དེ་ལྟར་རྫས་ཉིད་དང་ཡོན་ཏན་ཅན་ཉིད་ལ་སོགས་པ་རྣམས་དང་ཡང་ངོ་ཞེས་པ་སྟེ། དེ་རྣམས་ཀྱང་རྫས་མ་ཡིན་པ་ཉིད་ལ་སོགས་པ་ལས་ལྡོག་པ་ཁོ་ན་རྟོགས་པར་བྱེད་པས་སོ། །
ལྡོག་པའི་སྒོ་ནས་གཏན་ཚིགས་གོ་བར་བྱེད་པའོ་ཞེས་པ་འདི་ལ་གཏན་ཚིགས་གཞན་གསུངས་པ། ཡོན་ཏན་ཉིད་དྲི་དྲི་ཞིམ་པ། །དེའི་བྱེ་བྲག་གིས་ཞེས་པ་ལ་སོགས་པའོ། །གཅིག་འཕེལ་བས་ཞེས་པ་རེ་རེ་འཕེལ་བས་ཞེས་པའི་དོན་ཏོ། །ཡོན་ཏན་ཉིད་ཀྱི་རྫས་མ་ཡིན་པ་ལས་ཞེས་པ་
འདི་ནི་རྫས་ཏེ་ཡོན་ཏན་ཉིད་ཀྱི་ཕྱིར་རོ་ཞེས་ཡོན་ཏན་ཉིད་ཀྱི་རྫས་མ་ཡིན་པ་རྣམ་པར་གཅོད་པའི་ཨུཏྤ་ལ་ལ་སོགས་པ་ལ་བྱ་བ་སྟེ། དེ་ལྟར་ནི་དེ་ཐམས་ཅད་དུ་རྫས་མེད་པ་ལ་མ་མཐོང་ཞིང་། རྫས་ལ་མཐོང་བས་སོ། །འདིར་རྫས་མ་ཡིན་པ་རྣམ་པར་གཅོད་པ་ན། དང་པོས་འཕེལ་བ་གཅིག་ཡོད་ལ།
གང་ལ་ལྟོས་པས་དྲིས་ཤིག །འཕེལ་བས་རྣམ་པར་གཅོད་པ་བྱེད་དེ། དེ་རབ་ཏུ་བསྟན་པའི་དོན་དུ་ནི་ཡོན་ཏན་ཉིད་ཀྱི་རྫས་མ་ཡིན་པ་ལས་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཡོན་ཏན་ཉིད་ཀྱི་ཡང་གཅིག་འཕེལ་བས་རྣམ་པར་གཅོད་པར་བྱེད་པའི་ངོར་ཡན་ལག་གི་དངོས་པོ་ཡོད་དོ། །གལ་ཏེ་དེས་
རྫས་མ་ཡིན་པ་རྣམ་པར་གཅོད་པ་རྣམ་པར་སྒྲུབ་པར་བྱེད་ན་དེ་ལྟ་ན་དྲིས་ཤིག །འཕེལ་བས་རྣམ་པར་གཅོད་པ་བྱེད་ཀྱི་རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེ་ལྟ་ན་ཡང་ཚིགས་སུ་བཅད་པར་ཟླས་དབྱེའི་ཚིག་བསྡུའི་མཐར་གྱུར་པ་ཉིད་དང་ཡོན་ཏན་ཉིད་ཀྱི་སྒྲ་མི་འགལ་བར་འགྱུར་ཏེ། ཚིག་གཞན་དང་
เล่ม ๑๙๓ · หน้า 101a
ནུས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དྲི་ཉིད་ཀྱིས་ས་ལས་གྱུར་པ་མ་ཡིན་པ་དང་། རྫས་མ་ཡིན་པ་ལས་ཀྱང་ངོ་ཞེས་པས་འདི་ནི་ས་ལས་བྱུང་བ་དང་རྫས་ཀྱང་སྟེ། དྲི་ཉིད་ཀྱི་ཕྱིར་ཞེས་པས་ས་ལས་གྱུར་པ་མ་ཡིན་པ་དང་རྫས་མ་ཡིན་པ་ལས་ཀྱང་རྣམ་པར་གཅོད་པར་བྱའོ། །དྲི་
ཞིམ་པ་ཉིད་ཀྱིས་དྲི་ཞིམ་པའི་ཐུན་མོང་བ་མེད་པ་ལས་ཞེས་པ་དྲི་བཞིན་དུ་འདི་ནི་དྲི་ཞིམ་པ་ཉིད་ཀྱི་ཕྱིར་ཞེས་དྲི་ཞིམ་པ་ཉིད་ཀྱིས་སྔ་མ་དག་དང་དྲི་ཞིམ་པའི་ཐུན་མོང་བ་མེད་པ་ལས་ཀྱང་རྣམ་པར་གཅོད་པ་བྱེད་དེ། དྲིའི་བྱེ་བྲག་དྲི་ཞིམ་པའི་ཐུན་མོང་བ་སྤྱི་ནི་དྲི་ཞིམ་པའི་ཐུན་མོང་བ་སྟེ། དྲི་ཙམ་འདིར་བརྗོད་པར་
འདོད་པའོ། །དྲི་ཞིམ་པའི་ཐུན་མོང་བ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ནི་དེ་སྐད་ཅེས་བཤད་དེ། དྲི་ཞིམ་པའོ་ཞེས་པའི་དོན་ཏོ། །དྲི་ཞིམ་པའི་ཁྱད་པར་ཨུཏྤ་ལ་ལ་སོགས་པ་ལ་དྲིའི་བྱེ་བྲག་གོ། །དེ་ལྟར་རྫས་མ་ཡིན་པ་ལ་སོགས་པ་རྣམ་པར་གཅོད་པ་རེ་རེ་འཕེལ་བས་ཨུཏྤ་ལ་ལ་སོགས་པ་རྣམས་
ལ་ཡོན་ཏན་ཉིད་ལ་སོགས་པ་རྣམས་ཀྱིས་བྱ་བཞིན་པ་མཐོང་བའོ། །དེ་ཅི་ལྟར་ན་གལ་ཏེ་མི་མཐུན་པའི་ཕྱོགས་ལས་ལྡོག་པའི་སྒོ་ནས་ཡིན་ན་གཏན་ཚིགས་གོ་བར་བྱེད་པ་ཡིན་གྱི་རྣམ་པ་གཞན་དུ་མ་ཡིན་པར་རིགས་ཤེ་ན། མཐོང་བ་བཞིན་དུ་སྒྲུབ་པའི་སྒོ་ནས་ཐམས་ཅད་ལ་ཐམས་ཅད་རྣམས་མཐོང་བར་
བྱེད་པ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རྟོགས་པ་མཚུངས་པར་འགྱུར་རོ། །དེའི་ཕྱིར་ལྡོག་པའི་སྒོ་ཁོ་ནས་གཏན་ཚིགས་གོ་བར་བྱེད་པའོ་ཞེས་ཁས་བླང་བར་བྱའོ། །གང་རྣམས་དེ་མི་འདོད་པ་དེ་རྣམས་ཀྱི་ངོར་གསུངས་པ། མཐོང་བ་བཞིན་དུ་ཞེས་པ་ལ་སོགས་པའོ། །མཐོང་བ་དང་མཚུངས་པ་ནི་
མཐོང་བ་བཞིན་ཏེ། ཇི་ལྟར་སྔར་འབྲེལ་པའི་དུས་ནས་རྟགས་ཉེ་བར་དམིགས་པ་དེ་ལྟར་གལ་ཏེ་རབ་ཏུ་གསལ་བྱེད་ནའོ་ཞེས་པའི་དོན་ཏེ། སྒྲུབ་པའི་སྒོ་ནས་མེ་འདིར་འགྱུར་རོ་ཞེས་པས་ཏེ། ལྡོག་པའི་སྒོ་ནས་འདིར་མེ་ཁོ་ན་སྟེ། མེ་མ་ཡིན་པ་མ་ཡིན་ནོ་ཞེས་པ་འདི་ལྟར་ནི་མ་ཡིན་ནོ་ཞེས་པའོ། །
ཐམས་ཅད་དུ་མ་མཐོང་བ་ལས་རབ་ཏུ་གསལ་བར་མི་འགྱུར་ཞེས་རྣམ་པར་ཤེས་པར་བྱའོ། །རབ་གསལ་འགྱུར་ཞེས་པ་རབ་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་དཔེར་ན་མེ་ལ་མཐོང་བ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་ལྟར་ཁས་ལེན་ན་སྒྲུབ་པ་སྨྲ་བ་པོས་གང་གི་ཕྱིར་མེ་ཁོ་ན་ལ་དུ་བ་
เล่ม ๑๙๓ · หน้า 101b
མཐོང་ཞིང་མེ་མེད་པ་ལ་མ་ཡིན་པ་དེའི་ཕྱིར་རྟོགས་པར་བྱེད་དོ་ཞེས་པ་དེ་ལྟར་གྱུར་ན་དགག་པའི་སྒོ་ཁོ་ནས་རབ་ཏུ་གསལ་བར་བྱེད་པར་འགྱུར་རོ། །དེའི་ཕྱིར་དེས་འདི་ལྟར་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་མེད་ལ་མཐོང་བ་ཁོ་ན་སྟེ་མཐོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་དེས་དེ་གོ་བར་བྱེད་དོ་ཞེས་པར་
རོ། །དེ་ལས་ཀྱང་རབ་ཏུ་གསལ་བར་མི་འགྱུར་བ་ཁོ་ན་སྟེ། གང་ཕྱིར་ཐམས་ཅད་དུ་དེ་མེ་ལ་མཐོང་བ་ནི་མ་ཡིན་པས་ཏེ། ཕྱོགས་དང་གནས་སྐབས་ལ་སོགས་པ་ཐ་དད་པའི་མེ་ཐམས་ཅད་ལ་མཐོང་བ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་ཞེས་པས་སྐྱོན་གཞན་གསུངས་སོ། །གང་གི་ཚེ་
དུ་བ་མེ་ལ་མཐོང་བ་དེའི་ཚེ་འབར་བ་ལ་སོགས་པའི་ཁྱད་པར་རྣམས་ཀྱི་གང་ཡང་རུང་བ་དང་ལྡན་པ་ཁོ་ནར་མཐོང་ལ། དེ་ལས་ཀྱང་དེ་རྣམས་ཀྱང་གསལ་བར་བྱེད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་མཐོང་བ་ཙམ་གྱིས་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་རྒྱུ་མ་ཡིན་ཏེ། དེ་ཡོད་ན་
ཡང་དེ་མེད་པའི་ཕྱིར་རོ་ཞེས་པའོ། །འོ་ན་དགག་པར་སྨྲ་བ་པོས་ཀྱང་མཐོང་བ་འདོད་པ་ཁོ་ན་མ་ཡིན་ནམ། དེ་ལྟར་ནི་འབྲས་བུ་ཉིད་ཀྱིས་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དུ་བ་བསྲེག་ཟའི་གཏན་ཚིགས་ཡིན་ཞིང་། རྒྱུ་དང་འབྲས་བུའི་དངོས་པོ་ཡང་མཐོང་བ་དང་མ་མཐོང་བ་དག་གིས་ཏེ།
དེ་ནི་དེ་དག་ལས་འགྲུབ་ཀྱི། མ་མཐོང་བ་འབའ་ཞིག་ལས་ནི་མ་ཡིན་ནོ་ཞེ་ན། གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །འདི་སྟོན་ཏེ། གང་གི་ཕྱིར་དུ་བས་མེ་སྤྱིའི་ཚུལ་གྱིས་གསལ་བར་བྱེད་ཀྱི་འབར་བ་ལ་སོགས་པ་ཁྱད་པར་གྱི་ངོ་བོས་ནི་མ་ཡིན་པ་དེའི་ཕྱིར། འབྲས་བུ་དང་རྒྱུའི་དངོས་པོ་
འགྲུབ་པའི་ཆེད་དུ་བསྒྲུབས་པས་ཀྱང་དེ་ཁོ་ན་འདིའི་ངོ་བོ་མཐོང་བའོ་ཞེས་འབྲས་བུ་དང་རྒྱུའི་ཐ་སྙད་འགྲུབ་པའི་རྒྱུ་ཉིད་དུ་རྟོགས་ཀྱི་ཁྱད་པར་གྱི་ངོ་བོ་ནི་མ་ཡིན་ཞེས་པ་དགོངས་པའོ། །གསལ་བ་ལ་སོགས་པའི་ཁྱད་པར་མཐོང་བ་ནི་འབྲས་བུ་དང་རྒྱུའི་ཐ་སྙད་དུ་གྲུབ་པའི་རྒྱུ་མ་ཡིན་ཏེ། དེ་མེད་ཀྱང་དུ་བ་
མཐོང་བའི་ཕྱིར་རོ། །ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་ན་འདོད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོའི་སྤྱི་ཁྱད་པར་དུ་མ་བྱས་པ་གཟུང་ན་ནི་འཁྲུལ་པའི་ཕྱིར་མི་འདོད་
เล่ม ๑๙๓ · หน้า 102a
དོ། །དེ་ལྟར་འགྱུར་མོད། སྤྱི་དངོས་པོ་གཅིག་ཁོ་ན་གསལ་བ་རྣམས་ལ་དེ་དང་ཐ་དད་པའམ་དེ་དང་ཐ་མི་དད་པ་ཡོད་ལ། དེ་ཡང་གསལ་བ་སོ་སོ་ལ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་མེའི་གསལ་བ་གཅིག་ཁོ་ན་ལ་མཐོང་བ་འཐད་ཅིང་། དེའི་ཕྱིར་ཐམས་
ཅད་ལ་མ་མཐོང་བའི་ཕྱིར་རབ་ཏུ་གསལ་བར་མི་འགྱུར་རོ་ཞེས་པ་འདི་མི་རིགས་སོ་ཞེ་ན་གསུངས་པ། གལ་ཏེ་ཡང་སྤྱི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་ཞེས་པ་འདིས་ནི་དེ་མེད་པ་ཁོ་ན་མོད། ཁས་བླངས་ནས་སྐྱོན་བརྗོད་པར་བྱའོ་ཞེས་པ་འདི་སྟོན་ཏོ། །རེ་ཞིག་མེ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ་གལ་ཏེ་
གསལ་བ་ལས་གཞན་པའི་སྤྱིར་འགྱུར་ན། བློ་ལ་ཐ་དད་པར་སྣང་བར་འགྱུར་ལ། སྣང་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རང་བཞིན་མི་དམིགས་པས་བསལ་བར་བྱས་པའི་ཡོད་པ་ཉིད་དེ་ནི་མེད་དོ། །གལ་ཏེ་གཞན་མ་ཡིན་ན། དེ་ལྟ་ན་ཡང་གསལ་བ་བཞིན་དུ། དེ་སྤྱི་ཁོ་ནར་མི་འགྱུར་རོ། །དེ་ལྟ་ན་ཡང་
ཁས་བླངས་ནས། དེ་མཐོང་བ་མི་སྲིད་པར་སྒྲུབ་པའི་ཆེད་དུ་གསུངས་པ། དེ་ཡོད་ན་ཡང་ཞེས་པ་ལ་སོགས་པ་སྟེ། གང་རྟེན་དུ་མའི་ཐུན་མོང་བ་རྟེན་མཐའ་དག་མ་བཟུང་བ་དེ་ནི་མཐོང་བར་ནུས་པ་མ་ཡིན་ཏེ། དཔེར་ན་རྟེན་མཐའ་དག་མ་བཟུང་བའི་གཉིས་ཉིད་ལ་སོགས་པ་བཞིན། མེ་ཉིད་ཀྱང་དེ་
ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །འདྲ་བའི་ཡང་མ་ཡིན་ཞེས་པ་རྟེན་ལས་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་འདྲ་བ་ནི་ཐ་དད་པ་ཉེ་བར་བཀོད་པའོ། །འདིར་ཡང་སྦྱོར་བ་དེ་ཁོ་ན་བརྗོད་པར་བྱའོ། །ཅི་སྟེ་རྟེན་གཅིག་བཟུང་ན་ཡང་མཐའ་དག་གཟུང་བར་བྱ་ན། དེ་ལྟར་གྱུར་ན་དེའི་སོ་སོ་ལ་བདག་
ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་ཡོན་ཏན་བཞིན་དུ་དུ་མ་ཉིད་དུ་འགྱུར་རོ། །གང་གཅིག་ལ་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་ཤིང་དེ་གཞན་ལ་ཡང་ཡོད་དོ་ཞེས་པ་འདི་ནི་སྲིད་པ་ཡོད་པ་མ་ཡིན་ནོ། །གང་དུ་མ་ལ་སོ་སོར་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པ་དེ་
ནི་དུ་མ་སྟེ། ཡོན་ཏན་བཞིན། སྤྱི་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱིས་ཐལ་འགྱུར་རོ། །ཡན་ལག་ཅན་ཡང་འདི་ཉིད་ཀྱིས་ཁེགས་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དུ་མ་ཉིད་ཀྱི་ཕྱིར་ཡང་དེ་སྤྱི་ཁོ་ནར་ཡང་མི་འགྱུར་ཏེ། རྟེན་བཞིན་ནོ། །སྤྱི་ཡང་གཅིག་ཏུ་འདོད་པའི་ཕྱིར་རོ། །དེ་ལྟར་ཞེས་པ་ལ་སོགས་
เล่ม ๑๙๓ · หน้า 102b
པས་སྔར་དམ་བཅས་པའི་རྟགས་ལ་རྣམ་པར་དཔྱོད་པར་སྟོན་པར་མཛད་དོ། །རྗེས་སུ་དཔག་པར་བྱ་བ་འདིས་ཡན་ལག་ཏུ་རྟོགས་པར་བྱའོ་ཞེས་པ་ཡན་ལག་སྟེ་རྟགས་སུ་བརྗོད་པར་བྱའོ། །འདའ་མིན་ཞེས་པ་འཁྲུལ་པ་མ་ཡིན་པ་ཞེས་པའི་དོན་ཏེ། ཆོས་དུ་མ་ཡང་ཞེས་པ། སྤྱིའི་ཁྱད་པར་
གྱི་ཆོས་རྣམས་ཀྱིས་སོ། །དུ་བ་ཉིད་དང་སྐྱ་བོ་ཉིད་ལ་སོགས་པས་ཞེས་པ་ལ། སྐྱ་བོ་ཉིད་ནི་འདིར་དུ་བ་དང་འབྲེལ་པ་ཅན་ཁོ་ན་བརྗོད་པར་འདོད་ཀྱི། ཞོ་དང་ཀ་ར་ལ་སོགས་པ་འཇུག་པ་ནི་མ་ཡིན་ཏེ་དེ་འཁྲུལ་པའི་ཕྱིར་རོ། །འོ་ན་རྫས་ལ་སོགས་པ་དུ་བའི་ཁྱད་པར་རྣམས་ཀྱང་གང་གི་ཚེ་གཟུང་
བར་བྱ་བ་དེའི་ཚེ། དེ་རྣམས་ཀྱིས་ཀྱང་ཅིའི་ཕྱིར་རྟོགས་པར་བྱེད་པ་མ་ཡིན་ཞེ་ན། རྟོགས་པར་བྱེད་པ་ཁོ་ན་སྟེ་འདི་རྣམ་པ་གཞན་ཡོད་པ་མ་ཡིན་ནོ། །ཁྱད་པར་མེད་པའི་སྤྱི་འཛིན་པ་ལ་མངོན་པར་དགོངས་ནས་འདི་སྐད་བཤད་དེ། རྫས་ཉིད་ལ་སོགས་པ་རྣམས་ཀྱིས་མ་ཡིན་ཞེས་པའོ། །དུ་བ་ཉིད་དང་
སྐྱ་བོ་ཉིད་ལ་སོགས་པས་ཞེས་པའི་སོགས་པའི་སྒྲས་ཚ་བ་ཉིད་ལ་སོགས་པའི་ཁྱད་པར་རྣམས་གཟུང་བར་བྱའོ། །བཤད་ཟིན་པའི་དོན་ཁོ་ན་བསྡུ་བའི་ཚིགས་སུ་བཅད་པ་དག་གིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཆེད་དུ་རྟགས་ལས་དེ་རྣམས་ཀྱང་རྟོགས་བྱ་ཞེས་པ། དེ་རྣམས་ཀྱང་སྟེ། རྗེས་སུ་འབྲེལ་པ་ཅན་
རྫས་ཉིད་ལ་སོགས་པ་རྣམས་རྟོགས་པར་བྱ་བ་སྟེ། མེ་ཉིད་ལ་སོགས་པའི་ཆོས་གང་དེའི་ཚེ་རྟོགས་པར་འདོད་པ་ཁོ་ན་ནི་མ་ཡིན་ནོ་ཞེས་པ་ཀྱང་གི་སྒྲའི་དོན་ཏེ། འཁྲུལ་ཕྱིར་རོ་ཞེས་པ་རྟགས་ལས་སོ། །འབར་བ་ལ་སོགས་པའི་ཁྱད་པར་ལ་ལྟོས་ནས་འཁྲུལ་པ་ཉིད་དོ། །རྟགས་དང་རྗེས་སུ་འབྲེལ་
པའི་དོན། །ཞེས་པ་ཁྱད་པར་དུ་བྱས་པ་མ་ཡིན་པའི་རྫས་ལ་སོགས་པ་སྤྱིའི་ཆོས་རྣམས་སོ། །ཁྱད་པར་རྣམས་ནི་ཞེས་པ་དུ་བ་ཉིད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱང་ཁྱད་པར་དུ་བྱས་པ་མ་ཡིན་པའི་རྫས་ཉིད་ལ་སོགས་པའི་སྤྱི་ལ་ལྟོས་པས་ཁྱད་པར་ཞེས་བརྗོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་ལ་
ལྟོས་པས་ནི་མ་ཡིན་ནོ། །འོ་ན་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་ཞེས་པ་འབྲེལ་པ་ཐམས་ཅད་ནི་གཉིས་ལ་གནས་པ་ཡིན་ལ། དེའི་ཡང་འབྲེལ་པ་ཅན་དག་ལ་ཁྱད་པར་མེད་པར་འཇུག་ཅིང་། དེ་ལས་ཀྱང་ཇི་ལྟར་ཡང་དག་པར་ལྡན་པ་ཅན་ཉིད་ལ་ལྡན་པ་ཅན་དག་ལ་ཁྱད་པར་མེད་པ་དེ་ལྟར་རྟགས་དང་རྟགས་
เล่ม ๑๙๓ · หน้า 103a
ཅན་དག་གི་ཡང་མི་འགྱུར་རོ། །དེ་ལྟ་ན་ཡང་རྟགས་ཀྱི་སྤྱི་ཡང་གོ་བར་བྱེད་པར་འགྱུར་ལ། རྟགས་ཅན་གྱི་བྱེ་བྲག་ཀྱང་གོ་བར་བྱ་བར་འགྱུར་ཏེ། འབྲེལ་པ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་པའོ། །གང་དག་འབྲེལ་པ་གཅིག་གི་རྟེན་ཅན་དེ་དག་ནི་ཆོས་ཐ་མི་དད་པ་དག་ཡིན་ཏེ།
ལྡན་པ་ཅན་བཞིན། རྟགས་དང་རྟགས་ཅན་དག་དེ་ལྟ་བུའོ། །རང་བཞིན་ལྟར་སྣང་བའོ། །གལ་ཏེ་འབྲེལ་པ་གཉིས་གནས་ཀྱང་། །ཞེས་པ་འབྲེལ་པ་ནི་གཉིས་པ་གནས་པ་མ་ཡིན་པ་ཁོ་ན་སྟེ། དེ་ལྟར་ནི་མེད་ན་མི་འབྱུང་བ་ཉིད་འབྲེལ་པ་ཡིན་ལ། དེ་ཡང་རྟགས་ཁོ་ན་ལ་འཇུག་གི །རྟགས་ཅན་
ལ་ནི་མ་ཡིན་ནོ། །གཉིས་ལ་གནས་པ་དེ་ཁས་བླངས་ནས་ལྷན་ཅིག་འབྱུང་བ་ཉིད་ཡོད་པ་ལ་ལན་བརྗོད་པར་བྱའོ་ཞེས་སྟོན་ཏོ། །རྟེན་དང་བརྟེན་པ་བཞིན་ཞེས་པ། རྟགས་དང་རྟགས་ཅན་གྱི་འབྲེལ་པ་དེ་ན་རྟེན་དང་བརྟེན་པ་བཞིན་དུ་འཇུག་གི །ལྡན་པ་ཅན་དག་བཞིན་མ་ཡིན། །ནམ་གྱི་ཚེ་ཡང་རྟེན་ཞེས་
པ་ལ་སོགས་པ་སྟེ། བརྟེན་པར་བྱ་བའི་ཆོས་ནི་རྟེན་ལ་རག་ལས་པས་གནས་པ་ཉིད་དོ། །རྟེན་གྱི་ཆོས་ནི་བརྟེན་པ་གནས་པར་བྱེད་པའོ། །རྟེན་དང་བརྟེན་པ་དག་འབྲེལ་པའི་གཞི་གཅིག་པ་ཉིད་ན་ཡང་ཆོས་ཐ་དད་མེད་པ་ཉིད་མ་ཡིན་ནོ་ཞེས་པས་མ་ངེས་པ་ཉིད་གསུངས་སོ། །དེ་བཞིན་དུ་ནམ་ཡང་མེད་
ཅེས་པ་ལ་སོགས་པ། རྟགས་དང་རྟགས་ཅན་དག་ཕན་ཚུན་གྱི་ཆོས་སུ་འགྱུར་བ་དག་མ་ཡིན་ཞེས་པའི་དོན་ཏོ། །ཡང་དག་པར་ལྡན་པ་ནི་ཞེས་པ་ལ་སོགས་པས་ཡང་དག་པར་ལྡན་པ་ཅན་དག་དང་རྟགས་ཅན་དག་མི་མཚུངས་པ་ཉིད་དུ་གསུངས་སོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་འབྲེལ་པ་
གཅིག་གི་རྟེན་ཅན་ཉིད་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་ཅིང་སྔར་བཤད་པ་ཁོ་ནའི་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་གཞུང་འཛུགས་སོ། །དེ་ལྟར་ནི་རྟགས་དང་རྟགས་ཅན་དག་མེད་ན་མི་འབྱུང་བ་འབྲེལ་པ་དང་། དེ་ཡང་རྟགས་ཁོ་ན་ལ་འཇུག་གི་རྟགས་ཅན་ལ་ནི་མ་ཡིན་ནོ་ཞེས་པའི་ངེས་པར་བཟུང་
བ་གཉིས་པོ་འདིས་རྟོགས་པར་བྱ་བའོ། །ཅི་ལྟར་བྱས་ནས་ཤེ་ན། གང་གི་ཕྱིར་རྟགས་ལ་རྟགས་ཅན་འགྱུར་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་ཅི་ལྟར་རིགས། གལ་ཏེ་གང་དང་གང་དུ་རྟགས་ཡིན་པ་དེ་དང་དེར་རྟགས་ཅན་འགྱུར་ལ། རྟགས་ཅན་ནི་གཞན་དུ་འཇུག་པ་འདིས་དགག་པར་བྱ་བ་མ་
เล่ม ๑๙๓ · หน้า 103b
ཡིན་ཏེ། ངེས་པར་བཟུང་བ་ནི་རྟགས་ལ་དེ་མེད་པ་ཙམ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་རྟགས་ཅན་ལ་ནི་མེད་ན་མི་འབྱུང་བ་ཉིད་འཇུག་པ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་ཏེ། རྟགས་ལས་གཞན་དུ་ཡང་དེ་ཡོད་པ་གསལ་བར་བྱེད་པའི་ཕྱིར་རོ། །ཇི་ལྟར་མེ་ཉིད་དུ་བ་ལ་འགྱུར་བ་ཁོ་ན་ཡིན་
པ་དེ་ལྟར་རྫས་ཉིད་ལ་སོགས་པ་རྣམས་ཀྱང་སྟེ། དེའི་ཕྱིར་དེ་རྣམས་ཀྱི་ཡང་དུ་བ་གོ་བར་བྱེད་པ་ཡིན་གྱི། འབར་བ་ལ་སོགས་པ་རྣམས་ཀྱི་ནི་མ་ཡིན་ཏེ། དེ་རྣམས་དུ་བ་ལ་ཡོད་པ་ཁོ་ན་མ་ཡིན་པས་སོ། །གང་གསུངས་པ། དེའི་ཕྱིར་རིགས་པ་ཞེས་པ་ལ་སོགས་པ་སྟེ། ཅིག་ཤོས་རྟགས་ཅན་ཉིད་ལ་ཡོད། །
ཅེས་པ་འདིས་ཀྱང་རྟགས་ཁོ་ན་ལ་མེད་ན་མི་འབྱུང་བར་རབ་ཏུ་འཇུག་གོ་ཞེས་གསལ་བར་བྱ་བ་སྟེ། རྟགས་ཅན་ལས་གཞན་ལ་རྟགས་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་རྟོགས་པའི་ཕྱིར་རོ། །རྟགས་ཅན་ནི་རྟགས་ལས་གཞན་དུ་ཡོད་པ་དགག་པར་བྱ་བ་མ་ཡིན་ནོ། །ཇི་ལྟར་ཡང་མེ་ལ་དུ་བ་ཉིད་འགྱུར་བ་ཁོ་ན་ཡིན་པ་དེ་
ལྟར་སྐྱ་བོ་ཉིད་ལ་སོགས་པ་ཁྱད་པར་རྣམས་ཀྱང་སྟེ། དེའི་ཕྱིར་དེ་རྣམས་ཀྱང་གོ་བར་བྱེད་པ་རྣམས་ཡིན་གྱི་རྫས་ཉིད་ལ་སོགས་པ་རྣམས་ནི་མ་ཡིན་ཏེ། དེ་རྣམས་མེ་ལ་ཡོད་པ་ཁོ་ན་མ་ཡིན་པས་སོ། །གང་གསུངས་པ་དེའི་ཕྱིར་རིགས་པ་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་ཞེས་པ་ལ་སོགས་པས་ཕྱེད་ཕྱི་མ་རྣམ་
པར་འགྲེལ་ཏོ། །འོ་ན་སྔར་དེ་མཚུངས་ཡོད་པ། །ཞེས་པའི་ཚིག་ལ་རྟགས་རྟགས་ཅན་ལ་ཡོད་པར་བཤད་ལ། འདིར་ནི་རྟགས་ཅན་ལ་རྟགས་སུ་འགྱུར་བ་ཁོ་ནའོ་ཞེས་པའི་ཚིག་ལས་རྟགས་ཅན་རྟགས་ལ་ཡོད་པ་ཉིད་དུ་བརྗོད་པར་བྱ་ན། དེ་ཅི་ལྟར་མི་འགལ་ཞེ་ན། སྐྱོན་འདི་མེད་དེ། རྟགས་དང་རྟགས་ཅན་
དག་གཞི་གཅིག་པ་ཉིད་ན། ཇི་ལྟར་རྟགས་ལ་རྟགས་ཅན་དུ་འགྱུར་བ་དེ་ལྟར་རྟགས་ཀྱང་ཅིག་ཤོས་ལའོ། །ངེས་པར་གཟུང་བ་བཟློག་པ་ཉིད་ཀྱིས་རྟགས་ཁོ་ན་ལ་འབྲེལ་པ་འཇུག་གོ་ཞེས་རྟོགས་པར་བྱ་བའི་ཆེད་དུ་འདི་བརྗོད་པ་འབའ་ཞིག་གོ། །གལ་ཏེ་འོ་ན་རྟགས་ཁོ་ན་ལ་འཇུག་ན་ཅི་ལྟར་རྟགས་ཅན་དག་
གི་འབྲེལ་པའོ་ཞེས་བརྗོད་ཅེ་ན། འདི་རྟགས་ཁོ་ན་ལ་འཇུག་ཀྱང་རྟགས་ཅན་གྱི་ངོར་སྦྱོར་བ་ལ་ལྟོས་ནས་འཇུག་གོ་ཞེས་པས་འདི་སྐད་བརྗོད་ཀྱི། གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ་ཞེས་པས་སྐྱོན་མེད་དོ། །འོ་ན་ཡང་ཞེས་པ་ལ་སོགས་པས། གང་བཤད་པའི་ངེས་པ་བཟློག་པ་ལས་རྟགས་དང་རྟགས་ཅན་
เล่ม ๑๙๓ · หน้า 104a
དག་གི་འབྲེལ་པའོ་ཞེས་པས་དེ་འཐད་པ་མ་ཡིན་ཞིང་རྟགས་ཅན་ལ་ཡང་མེད་ན་མི་འབྱུང་བ་འཇུག་གོ་ཞེས་སྟོན་ཏོ། །འདོད་ཅེས་པ་ལ་སོགས་པས། གལ་ཏེ་ཡང་རྟགས་ཀྱང་ཅུང་ཟད་རྟགས་ཅན་ལ་འགྱུར་བ་དེ་ལྟ་ན་ཡང་རྟགས་ཅན་གྱི་ངོ་བོ་ཁོ་ནས་སོ། །དེ་ལྟ་ན་ཡང་བྱས་པ་ཉིད་བསྒྲུབ་པར་བྱ་
བ་ལ་ལྟོས་པས་རྟགས་སུ་གྱུར་པ་ཁོ་ན་མི་རྟག་པ་ཉིད་ལ་མེད་ན་མི་འབྱུང་བ་འཇུག་གོ་ཞེས་སྟོན་ཅིང་རང་གི་ཕྱོགས་ཁོ་ན་འཇོག་པར་བྱེད་དོ། །རྟགས་ཀྱང་ཁྱབ་ཅེས་པ་ཁྱབ་པར་བྱེད་པས་ན་ཁྱབ་པ་སྟེ། རྟགས་ཅན་ལ་ཞེས་པ་མི་རྟག་པ་ཉིད་ལའོ། །གང་དེའི་ཁྱབ་པ་ཉིད་དེ་རྟགས་ཅན་གྱི་ཡུལ་ཅན་ནོ་ཞེས་པས།
རྟགས་ཅན་ལ་ཁྱབ་པའོ་ཞེས་བརྗོད་དོ། །དཔེར་ན་ཨཀྵ་རྣམས་ལ་དྷུ་དྷ་ཞེས་པ་བཞིན་ནོ། །ཡན་ལག་ཅན་ནི་དེ་དེ་ལས། །ཁྱབ་བྱེད་ཕྱིར་ཞེས་པ་མི་རྟག་པ་ཉིད་ལ་ཡོད་པ་ཁོ་ན་བྱས་པ་ཉིད་ཀྱི་ཁྱབ་པ་ཉིད་དེ། དེའི་ཕྱིར་ཁྱབ་པ་ཉིད་ཀྱི་ཕྱིར་བྱས་པ་ཉིད་གོ་བར་བྱས་པ་ཁོ་ནར་འགྱུར་གྱི། གོ་བྱེད་མིན། ཅི་དང་འདྲ་
ཞེ་ན་གསུངས་པ། བ་ལང་གི་རྭ་བཞིན་ཞེས་པ། ཇི་ལྟར་རྭ་བ་ལང་གི་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་གོ་བར་བྱ་བ་ཁོ་ནར་རྟོགས་པར་བྱའི། གོ་བར་བྱེད་པ་ནི་མ་ཡིན་པ་དེ་དང་འདྲའོ་ཞེས་པའོ། །གང་ཞིག་གང་ཁོ་ན་ལ་དེ་ནི་དེའི་གོ་བར་བྱེད་པ་ཡིན་ཏེ། དཔེར་ན་བ་ལང་ཉིད་རྭ་ཅན་ཉིད་ཀྱི་བཞིན། བྱས་པ་ཉིད་
ཀྱང་མི་རྟག་པ་ཉིད་ལ་ཡོད་པ་ཁོ་ནའོ། །རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་ཁྱབ་པ་མི་སྲིད་པར་དྲི་བར་བྱེད་པའོ། །དགག་པར་བྱ་ལ་མི་རྒྱུ་བས། །ཞེས་པ་ལ་སོགས་པ་ལ། དགག་བྱ་ནི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་སོ། །དེ་ལ་གཏན་ཚིགས་མི་རྒྱུ་བ་ནི་མེད་པའོ། །དེས་རྟགས་ཀྱི་ཁྱབ་པ་གང་ཡིན་པ་
དེ་ལ་ལྟོས་པར་བྱ་ཞིང་བརྟེན་པར་བྱ་སྟེ། དེ་ཁོ་ན་ལས་གོ་བར་བྱེད་པ་ཉིད་ཀྱི་གཏན་ཚིགས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་རྟགས་ཀྱི་ནི་རྟགས་ཅན་གྱི་ཡུལ་ཅན་གྱི་གང་ཁྱབ་པ་དེ་ཡོད་པ་ཡིན་ཡང་རྒྱུ་མ་ཡིན་ཏེ། གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་མ་ཡིན་ནོ་ཞེས་པའི་དོན་ཏོ། །བྱས་པ་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ།
གལ་ཏེ་ཡང་མི་རྟག་པ་ཉིད་མཐའ་དག་ལ་བྱས་པ་ཉིད་ཁྱབ་པ་དེ་ལྟ་ན་ཡང་དེས་ཁྱབ་པ་ཉིད་ཀྱིས་དེའི་གོ་བར་བྱེད་པ་མ་ཡིན་གྱི་འོན་ཀྱང་རྟག་པ་ཉིད་བཀག་པས་སོ། །རྟག་པ་ཉིད་ལ་དགག་པ་ནི་རབ་ཏུ་མི་རྒྱུ་བ་སྟེ། དེ་ཁོ་ནས་གོ་བར་བྱེད་པའོ། །མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་པའི་གཏན་ཚིགས་
เล่ม ๑๙๓ · หน้า 104b
ནི་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་མ་ཡིན་པས་ཏེ། གཞལ་བྱ་ཉིད་བཞིན་ནོ། །དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་བྱས་པ་ཉིད་འགྲུབ་པའི་ཆེད་དུ་མི་རྟག་པ་ཉིད་གཏན་ཚིགས་ཉིད་དུ་ཉེ་བར་བླང་བར་བྱ་བ་དེའི་ཚེ་ཡང་མི་རྟག་པ་ཉིད་བྱས་པ་མ་ལུས་པ་ལ་ཁྱབ་པ་ཉིད་ནའང་། དེ་ཁྱབ་པ་ཉིད་
ཀྱིས་གོ་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མ་བྱས་པ་ཉིད་བཀག་པ་སྟེ། མི་མཐུན་པའི་ཕྱོགས་མ་བྱས་པ་ཉིད་ལ་མེད་པས་སོ་ཞེས་པའི་དོན་ཏོ། །དེ་ལྟར་གང་གི་ཕྱིར་རང་གི་བསྒྲུབ་པར་བྱ་བའི་མི་མཐུན་ཕྱོགས་ལས་ལྡོག་པས་གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་འགྱུར་གྱི། རྣམ་པ་གཞན་དུ་མ་ཡིན་པ་དེའི་
ཕྱིར་མི་རྟག་པའི་དོན་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ཉིད་གང་ཡིན་པ་དེས་ན་མ་བྱས་པ་ཉིད་ཀྱི་སྐབས་མེད་པའི་ཕྱིར་དང་། མི་རྟག་པ་ཉིད་ཀྱི་མ་བྱས་པ་ཉིད་ལ་སྐབས་མེད་པའི་ཕྱིར་ཏེ། གནས་པ་མེད་པའི་ཕྱིར་དང་མི་སྲིད་པའི་ཕྱིར་དང་། མི་རྟག་པ་ཉིད་ཀྱིས་མ་བྱས་པ་ཉིད་དགག་པས་ཏེ་མ་བྱས་པ་བསལ་བས་
གོ་བར་བྱ་བ་ཁོ་ནར་འགྱུར་རོ། །མ་བྱས་པ་ཉིད་དགག་པས་ཞེས་པའི་ཚིག་ནི་སྒྲུབ་པའི་སྒོ་ནས་རྟོགས་པ་རྣམ་པར་བཅད་པའི་དོན་དུའོ། །གོ་བར་བྱེད་པ་ཉིད་ནི་མ་ཡིན་ནོ་ཞེས་པ། གང་གི་ཕྱིར་མི་མཐུན་ཕྱོགས་ལ་རབ་ཏུ་མི་རྒྱུ་བས་ན་གང་ཁྱབ་པ་ཡིན་པ་དེ་གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མཚན་ཡིན་ན། མི་རྟག་པ་
ཉིད་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ནི། མི་མཐུན་པའི་ཕྱོགས་ལ་རབ་ཏུ་རྒྱུ་བ་མེད་པས་ཀྱང་མ་ཡིན་ནོ། །དེ་ལྟར་ནི་གང་མི་རྟག་པ་དེ་བྱས་པའོ་ཞེས་ཁྱབ་པ་ཉེ་བར་བསྟན་པ་ན་རྟག་པ་ལས་བྱས་པ་ཉིད་ལྡོག་པར་རྟོགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མ་བྱས་པའི་ཉིད་ལས་མི་རྟག་པ་ཉིད་ཀྱིའོ། །དེའི་ཕྱིར་མི་རྟག་པ་ཉིད་ཁོ་ན་
མ་བྱས་པ་ཉིད་ལ་སྐབས་མེད་པའོ་ཞེས་མ་བྱས་པ་ཉིད་དགག་པས་གོ་བར་བྱ་བ་ཁོ་ནའོ། །བྱས་པ་ཉིད་ཀྱི་མི་རྟག་པ་ཉིད་ལ་སྦྱོར་བ་མ་ཡིན་ལ། གོ་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་པའོ། །བཤད་པའི་དོན་ཚིགས་སུ་བཅད་པ་དག་གིས་སྡུད་པར་བྱེད་དེ། བྱས་པ་ཉིད་ཀྱིས་འཇིག་པ་ལ་ཞེས་པ་ལ་སོགས་པ་སྟེ།
མི་རྟག་པ་ཉིད་ལ་བྱས་པ་ཉིད་ཀྱིས་ཁྱབ་པ་ལས་མི་རྟག་པ་ཉིད་ཀྱི་ཕྱིར་དེ་མ་བྱས་པ་མ་ཡིན་ནོ་ཞེས་པའི་དོན་འདི་སྐབས་སུ་བབ་པ་མ་ཡིན་པ་ཁོ་ནར་རྟོགས་པར་བྱ་ཞེས་བྱེད་པ་ཕྱིས་པས་ངེས་པར་བསྟན་པའོ། །གང་སྐབས་སུ་བབ་པ་རྟག་པ་ཉིད་མེད་པ་ནི་མི་རྟག་པ་ཉིད་དོ། །དེ་ནི་དེས་ཁྱབ་པས་བྱས་པ་ཉིད་ཀྱི་དོན་ལ་མ་
เล่ม ๑๙๓ · หน้า 105a
བསྟན་ཏོ། །དོན་འདི་ཁོ་ན་བསལ་བར་བྱ་བའི་ཆེད་དུ་ཚིགས་སུ་བཅད་པ་གཉིས་པས་དཔེ་གསུངས་སོ། །རྭ་ཅན་མིན་པ་ཉིད་ཟློག་བྱེད། །ཅེས་པ་རྭ་ཅན་ཉིད་གོ་བར་བྱེད་དོ་ཞེས་པའི་དོན་ཏོ། །བ་ལང་མིན་དོན་ལྡོག་བྱེད་མིན། །ཞེས་པ་བ་ལང་གི་དོན་གྱི་སྒྲུབ་བྱེད་མ་ཡིན་ཞེས་པའི་དོན་
ཏོ།། །།མེད་ན་མི་འབྱུང་བའི་དོན་མཐོང་བ་དེ་རིགས་པ་རྗེས་སུ་དཔག་པའོ་ཞེས་པ་ལ། དོན་གང་ཞིག་གང་མེད་པར་མི་འབྱུང་བ་དེ་ནི་དེའི་མེད་ན་མི་འབྱུང་བ་སྟེ། དཔེར་ན་མེའི་དུ་བ་ལྟ་བུའོ། །དེས་མ་མཐོང་བ་དེ་ནི་རྗེས་སུ་དཔག་པ་སྟེ། འདིས་རྗེས་སུ་དཔག་པར་བྱའོ་ཞེས་བྱས་ནས་སོ། །རྗེས་སུ་དཔག་
པར་བྱ་བའི་དོན་ཤེས་པ་ནི་འབྲས་བུའོ། །འདིས་ནི་འཁྲུལ་པའི་མཐོང་བ་བསལ་ཏོ། །རྟགས་མཐོང་བ་ནི་འབྲེལ་པ་དྲན་པ་ལ་ལྟོས་པ་ཉིད་བསྟན་པའི་ཆེད་དུ་དེ་རིག་པ་ཞེས་བཤད་དོ། །གང་ཞིག་དེ་རིག་པ་མེད་ན་མི་འབྱུང་བ་འདིའོ་ཞེས་པ་དེའི་རྗེས་སུ་དཔག་པ་སྟེ། གཞན་གྱི་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བ་ཉིད་
ཁོ་ནས་ཞེས་པ། དེ་མེད་ན་མི་འབྱུང་བ་ཉིད་ཁོ་ན་རང་གི་རྣམ་པར་འགྱུར་ན་དེ་རིག་བརྗོད་མིན་ཞེས་པ་འདི་ནི་ཤུགས་ཀྱིས་ཐོབ་པའི་ཕྱིར་རོ། །དེ་རིག་པ་མ་ཡིན་པ་མེད་ན་མི་འབྱུང་བ་འདིའོ་ཞེས་སྟོན་པ་སྲིད་པ་མ་ཡིན་པས་སོ་ཞེས་པའི་བྱེད་པ་ཕྱིས་པས་ངེས་པར་བསྟན་པའོ་ཞེས་པས་དེ་མེད་པར་རང་གི་ངོ་བོའི་དངོས་པོ་ཉིད་རྣམ་པར་
ཤེས་པར་བྱ་བ་མ་ཡིན་པས་སོ། །དེས་ན་གཞན་ཁོ་ན་ཅུང་ཟད་ཅིག་དེ་རིག་པ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་པའི་དོན་རྟོགས་པར་འགྱུར་རོ། །ངེས་པར་བསྟན་པ་ནི་ངེས་པར་སྟོན་པ་སྟེ། གང་གི་ཕྱིས་པ་ངེས་པར་བསྟན་པ་ཡིན་པ་དེ་དེ་སྐད་བརྗོད་དོ། །དབྱི་བ་ནི་ངག་དེའི་རང་གི་ངོ་བོ་རྟོགས་པར་བྱེད་པ་བརྗོད་པར་
འདོད་པ་ན་རབ་ཏུ་འབྲེལ་པའི་མི་མཐོང་པ་ཁོ་ན་སྟེ། རབ་ཏུ་འབྲེལ་པའི་མི་མཐོང་བ་ནི་དབྱི་བའོ་ཞེས་བྱས་ནས་སོ། །འདིས་འདི་གསལ་བར་བྱེད་དེ། རང་གི་ངོ་བོའི་ཚིག་གི་དོན་ཅན་དུ་དེ་རིག་པ་ཞེས་པ་འདི་རིག་པར་བྱའོ་ཞེས་པའི་ཡི་གེ་ནི་དེའི་དོན་དུ་བསྟན་པར་འོས་ནའང་སྡེབ་སྦྱོར་འཇིག་པའི་འཇིགས་པ་ལས་
མ་བསྟན་ཞེས་པའོ། །གཞན་གྱིས་ནི། གལ་ཏེ་བརྗོད་ན་ཅི་ལྟར་ཅིར་ཞེས་པ། དེའི་བརྗོད་པར་བྱ་བ་རྣམ་པ་མང་བ་ཉིད་ཀྱི་ཕྱིར་རོ། །རྣམ་པ་ཅིས་དང་གནས་ཅིར་མཐོང་བ་ཡིན། དེ་བརྗོད་པར་བྱ་བ་མ་ཡིན་ན་ནི་གནས་ངེས་པར་མི་འགྱུར་ལ། དེ་ལས་ཀྱང་བུམ་པ་ལས་མིག་གིས་གཟུང་བྱ་ཉིད་མཐོང་བ་ལ་
เล่ม ๑๙๓ · หน้า 105b
སྒྲ་ལ་ཡང་མི་རྟག་པ་ཉིད་དུ་རྟོགས་པར་འགྱུར་རོ། །འོ་ན་རྣམ་པར་རྟོག་པ་སྔ་མ་ལ་ཡང་ཅི་ཞིག་ཏུ་མཐོང་བ་ཞེས་བརྗོད་པར་བྱའོ་ཞེས་པ་འདི་བརྩད་པར་རིགས་པ་མ་ཡིན་ནམ། འདི་ཁོ་ནར་བརྩད་པར་བྱ་བ་ཅི་ཞེ་ན། འདི་ལྟར་སེམས་ཏེ། མེད་ན་མི་འབྱུང་བ་ཉིད་ཀྱིས་བསྟན་པ་ནི། གང་མེད་ན་དེ་འགྱུར་བ་མ་
ཡིན་པ་དེ་ཁོ་ན་ལ་མཐོང་བའོ་ཞེས་མ་བརྗོད་ཀྱང་རྟོགས་པར་བྱ་བ་ཁོ་ན་སྟེ། དེ་ཉེ་བའི་ཕྱིར་ཞེས་པའོ། །དོན་ཞེས་པ་ནི་ལྷག་མ་སྟེ་ཞེས་པ། དོན་སྨོས་པ་ནི་ཤིན་ཏུ་ལྷག་གོ་ཞེས་པའི་དོན་ཏེ། དེ་ལྟར་མེད་ན་མི་འབྱུང་བ་ནི་དོན་ཁོ་ནར་འགྱུར་བས། དོན་སྨོས་པས་ཅི་ཡིན། དེའི་ཕྱིར་མཐོང་བའི་ཁྱད་པར་གྱི་དོན་དུ་
དེའོ་ཞེས་རྟོགས་པར་བྱའོ། །དེས་ན་རྟགས་ཀྱི་དོན་གྱི་རྣམ་པ་འཛིན་པ་ནི་རྗེས་སུ་དཔག་པའོ། །འོ་ན་རྟགས་ཀྱི་རྣམ་པ་ནི་འཁྲུལ་པའི་ཕྱིར་དེས་རྗེས་སུ་དཔག་པ་མི་སྲིད་པ་མ་ཡིན་ནོ་ཞེ་ན། འདི་ལྟར་སེམས་ཏེ། དུ་བ་ལ་སོགས་པའི་ངོ་བོས་འཛིན་པ་ནི་དོན་འཛིན་པ་སྟེ། རྣམ་པ་གཞན་དུ་ན་སྤྱིའི་རྗེས་སུ་འགྲོ་བ་ཉིད་
ཀྱི་ཕྱིར་འདི་ནི་འཛིན་པ་ཙམ་དུ་འགྱུར་ཞིང་། དེ་ལས་ཀྱང་དོན་སྨོས་པ་དོན་མེད་པར་འགྱུར་ཏེ་དོན་གྱི་འཛིན་པ་ཙམ་ནི་མེད་ན་མི་འབྱུང་བ་སྨོས་པ་ཁོ་ནས་འཐོབ་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །བསྒྲུབ་པར་བྱ་བ་སྐབས་སུ་བབ་པ་ཡང་ཞེས་པ། རྣམ་པར་དཔྱད་པ་ན། འདོད་པའི་དོན་ནི་ཕྱོགས་ཞེས་པར་རམ།
ཡང་ན་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་ཞེས་པ་འདིར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་ལ་མཐོང་བའོ་ཞེས་རྟོགས་པར་བྱའོ། །སྔ་མས་ནི་ཅི་ཞེས་པ་དོན་མཐོང་བ་མེད་ན་མི་འབྱུང་བ་ཉིད་རིག་པ་ཞེས་བརྗོད་པ་ན། གང་ཞིག་མེ་ལ་སོགས་པ་མེད་པར་དུ་བ་ལ་སོགས་པ་འདི་བྱུང་བ་ནི་མ་ཡིན་ནོ་ཞེས་རིག་པ་
དེའི་དེ་ལྟར་རིག་པའི་མེད་ན་མི་འབྱུང་བའི་དོན་མཐོང་བ་ཁོ་ན་དེར་འགྱུར་རོ། །ཡང་ན་དོན་མཐོང་བ་མེད་ན་མི་འབྱུང་བ་རིག་པ་ཞེས་བརྗོད་པ་ན། དོན་གང་གི་བསྒྲུབ་པར་བྱ་བ་ལ་མཐོང་བ་དེ་མེད་ན་མི་འབྱུང་བ་ཉིད་རིག་པའོ་ཞེས་པའི་དོན་དུ་རྟོགས་པར་བྱ་ལ། དེ་ལས་ཀྱང་སྔ་མ་མེད་ན་མི་འབྱུང་བ་སྨོས་པས་
ཅི་ཞིག །མེ་སོགས་ལའང་ཞེས་པ། མེ་དང་ས་བོན་དང་མི་རྟག་པ་ཉིད་རྣམས་རྗེས་སུ་དཔག་པར་བྱ་བ་ཉིད་དུ་དཔེར་བརྗོད་པའི་ཕྱིར་ཆོས་ཙམ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་མངོན་པར་འདོད་དོ་ཞེས་རྟོགས་པར་བྱའོ། །དེ་ལྟར་ནི་ད་ལྟར་བ་ལ་སོགས་པའི་བྱེ་བྲག་གིས་དཔེར་བརྗོད་པ་གསུམ་པོ་འདི་
เล่ม ๑๙๓ · หน้า 106a
བཤད་ལ། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་ཡིན་པ་ལ་ནི་དབྱེ་བ་འདི་སྲིད་པ་ཡང་མ་ཡིན་ཏེ། ཐམས་ཅད་དུ་ཆོས་ཅན་འཇུག་བཞིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་མེ་ལ་སོགས་པ་ལ་དུ་བ་ལ་སོགས་པ་མཐོང་བ་ན་མེ་ལ་སོགས་པ་རྣམས་ངེས་པ་
ཁོ་ནར་འགྱུར་རོ་ཞེས་པས་དེ་རིགས་པས་རྗེས་སུ་དཔག་པར་བྱ་བ་གཞན་ཅི་ཞིག་ཡིན། འདིས་ནི་བསྒྲུབ་པར་བྱ་བ་ལ་མཐོང་བ་ཞེས་གང་བརྗོད་པ་དེ་ཡང་མི་རིགས་པར་གསུངས་སོ། །ཅི་ལྟར་མ་བརྗོད་ཅེས་པ་འདིས་ཀྱང་བྱེད་པ་མི་གསལ་བའི་སྐྱོན་ཡང་ངོ་ཞེས་པའོ།། །།རིགས་པ་ཅན་
རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་ལ། མངོན་སུམ་དང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་སྒྲ་རྣམས་ཚད་མ་རྣམས་སོ་ཞེས་མདོར་བསྟན་ནས། མངོན་སུམ་གྱི་མཚན་ཉིད་བཤད་ཟིན་པ་ན། དེ་མ་ཐག་ཏུ་སྐབས་སུ་བབ་པ་རྗེས་སུ་དཔག་པའི་མཚན་ཉིད་བཤད་པ། དེ་སྔོན་དུ་འགྲོ་བ་ཅན་ཞེས་པ་ལ་སོགས་
པའོ། །དེའི་བར་མ་ཆོད་པའི་སྐབས་ཀྱིས་མངོན་སུམ་གང་གི་སྔོན་དུ་ཡིན་པ་དེ་དེ་སྐད་བཤད་དོ། །གང་གི་སྔོན་དུ་མངོན་སུམ་གྱིས་རྟགས་དང་རྟགས་ཅན་རབ་ཏུ་གྲུབ་པ་དག་གམ་དེའི་འབྲེལ་པ་ཡང་སྟེ། དེ་ཁོ་ན་དུས་ཕྱིས་རྟགས་ཙམ་མཐོང་བས་རྟགས་ཅན་རྗེས་སུ་དཔག་པར་བྱ་བའོ་ཞེས་པས། དེ་མངོན་སུམ་སྔ་
མ་ཅན་དུ་འགྱུར་རོ། །སྔ་མ་དང་མཚུངས་པ་ནི་སྔ་མ་དང་འདྲ་བ་སྟེ། ཇི་ལྟར་འབྲེལ་པའི་དུས་ན་མངོན་སུམ་གྱི་དངོས་པོ་རྟོགས་པ་དེ་ལྟ་ཁོ་ནར་དུས་ཕྱིས་རྟགས་མཐོང་བ་ལས་ཀྱང་དེ་ལ་ཤེས་པ་ཉེ་བར་སྐྱེ་སྟེ། དེའི་ཕྱིར་དེ་སྔ་མ་དང་འདྲ་བར་འགྱུར་རོ། །ལྷག་མ་སྟེ་མངོན་སུམ་དང་མཚུངས་པ་ནི་ལྷག་མ་དང་
འདྲ་བ་སྟེ་དངོས་པོ་ཡིན་ལ། དེའི་ཡུལ་ཅན་གྱི་ཤེས་པ་ཡང་ལྷག་མ་དང་འདྲ་བ་སྟེ། ཇི་ལྟར་འབྲས་བུ་གཅིག་རོའི་སྒོ་ནས་མངོན་སུམ་དུ་བྱས་ནས། ལྷག་མ་རྣམས་ཀྱང་རོ་འདི་ལྟ་བུ་ཅན་རྣམས་ཏེ། མངོན་སུམ་པའི་རོ་དང་མཚུངས་པ་ཉིད་ཀྱི་ཕྱིར། དེ་བཞིན་ནོ་ཞེས་སོ། །རྗེས་སུ་དཔོག་པ་ལྟ་བུའོ། །
འོ་ན་མངོན་སུམ་ལས་ཅིག་ཤོས་ལྷག་མར་འགྱུར་གྱི་ལྷག་མ་དང་མཚུངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེའི་ཡུལ་ཅན་གྱི་ཤེས་པ། ཅི་ལྟར་ལྷག་མ་དང་འདྲ་བའི་ཡུལ་ཅན་དུ་འགྱུར་ཞེ་ན། འདི་རྣམས་ཀྱི་ཕན་ཚུན་ལྟོས་པ་ལྷག་མ་ཉིད་དོ་ཞེས་པས་མངོན་སུམ་ཡང་ཅིག་ཤོས་ལ་ལྟོས་པས་ལྷག་མ་སྟེ། དེས་ན་ཅིག་
เล่ม ๑๙๓ · หน้า 106b
ཤོས་ཀྱང་མཚུངས་པ་ཉིད་ཀྱི་ཕྱིར་ལྷག་མ་དང་འདྲ་བ་ཉིད་དོ་ཞེས་པས་སྐྱོན་མེད་དོ། །ཡང་ན་སྔོན་མ་ནི་རྒྱུ་སྟེ། དེ་འདི་ལ་ཡང་ཡོད་དོ་ཞེས་པ་སྔོན་མ་དང་ལྡན་པ་སྟེ་འབྲས་བུའོ། །དེའི་ཡུལ་ཅན་གྱི་ཤེས་པ་ཡང་སྔ་མ་དང་ལྡན་པ་སྟེ། གང་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པའོ། །ལྷག་མ་ནི་འབྲས་བུ་སྟེ།
དེ་འདི་ལ་ཡོད་དོ་ཞེས་པ་ལྷག་མ་དང་ལྡན་པ་སྟེ་རྒྱུའོ། །དེའི་ཡུལ་ཅན་གྱི་ཤེས་པ་ཡང་ལྷག་མ་དང་ལྡན་པ་སྟེ། གང་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པའོ། །སྤྱི་མཐོང་བ་ནི་གང་གཞན་དང་འདྲ་བ་ལས་གཞན་ཤིན་ཏུ་ལྐོག་ཏུ་གྱུར་པ་ལས་ཤེས་པ་སྟེ། དཔེར་ན་ནག་པོའི་བགྲོད་པ་སྔོན་མ་ཅན་ཡུལ་
གཞན་ཐོབ་པ་ཉེ་བར་དམིགས་ནས། དེ་དང་མཚུངས་པ་ཉིད་ཀྱིས་ཉི་མའང་བགྲོད་པ་སྔོན་མ་ཅན་རི་ལ་རྒས་པ་ཐོབ་པར་རྗེས་སུ་དཔག་པར་བྱ་བ་ལྟ་བུའོ། །རྒྱས་པར་བསྟན་པ་ཁོ་ན་ལས་གསུམ་ཉིད་དུ་གྲུབ་པ་ལ། རྣམ་པ་གསུམ་ཞེས་སྨོས་པ་ནི་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་གཅིག་པུ་དུས་གསུམ་
གྱི་ཡུལ་ཅན་ཉིད་ཀྱིས་རྣམ་པ་གསུམ་པ་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ། །དེ་ལ་ཆུ་ཀླུང་རྒྱས་པ་ལས་ཆར་པ་ཞེས་པ་འདས་པ་ལ་རྗེས་སུ་དཔག་པའོ། །གྲོག་མའི་སྒོ་ང་འཕོ་བ་ལས་ཆར་པར་འགྱུར་རོ་ཞེས་པ་མ་འོངས་པ་ལའོ། །རྨ་བྱའི་སྒྲ་གྲག་པའི་ཕྱིར་འདི་ན་རྨ་བྱའོ་ཞེས་པ་ད་ལྟར་བ་ལའོ། །
འདིར་མ་ཏུ་སའི་སྔ་མ་དང་འདྲ་བ་ཉིད་སྲིད་པ་མ་ཡིན་ནོ་ཞེས་པ་ཏི་ཡིས་སྦྱར་བར་བྱ་བའོ། །འབྲེལ་པ་དབང་པོའི་གཟུང་བྱ་མིན། །ཞེས་པ་འབྱུང་བའི་ཡོན་ཏན་བཞིན་དུ་འབྲེལ་པ་ཅན་རྣམས་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ་ཞེས་བསམས་པའོ། །གང་དབང་པོའི་ཤེས་པ་ལ་སྣང་བ་མ་ཡིན་པ་དེ་དབང་
པོའི་གཟུང་བར་བྱ་བ་མ་ཡིན་ཏེ། དབང་པོ་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་མེད་པའོ། །ཐམས་ཅད་དུ་ཡང་མ་ཡིན་ཞེས་པ། མིག་གི་རྣམ་པར་ཤེས་པ་དང་དབང་པོ་ལ་སོགས་པ་རྣམས་དབང་པོས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཐམས་ཅད་དུ་ཞེས་སྨོས་པ་ནི་མེ་དང་དུ་བ་ལ་སོགས་པ་རྣམས་
མངོན་སུམ་གྱིས་འཛིན་པ་སྲིད་པའི་ཕྱིར་རོ། །འདིས་ནི་མ་ཁྱབ་པ་ཉིད་གསུངས་སོ། །ཡང་ན་ཐམས་ཅད་དུ་འབྲེལ་པ་ཅན་དག་མངོན་སུམ་མ་ཡིན་པ་དག་གོ་ཞེས་པའི་དོན་འདི་སྟེ། སྤྱིའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཡང་མངོན་སུམ་མ་ཡིན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་མི་སྲིད་པའི་ཕྱིར་འདི་ནི་མཚན་
เล่ม ๑๙๓ · หน้า 107a
ཉིད་མ་ཡིན་ནོ། །རྟགས་དང་རྟགས་ཅན་དག་མངོན་སུམ་མ་ཡིན་པ་དག་གོ་ཞེས་པ་འདི་ཙམ་ཁོ་ནས་བརྗོད་པར་འདོད་པའི་དོན་རྟོགས་པ་ཡིན་ན་ཡང་ཐམས་ཅད་དུ་སྨོས་པ་ནི་འགའ་ཞིག་མེ་དང་དུ་བ་ལ་སོགས་པ་རྣམས་ལ་མངོན་སུམ་དུ་མངོན་པར་འདོད་པ་བསལ་བའི་དོན་དུའོ། །ཀུན་ལ་
སྲིད་ཕྱིར་ལྟ་བུ་མིན། །ཞེས་པ་ཐམས་ཅད་སྔ་མ་དང་འདྲ་བ་ཉིད་ཡིན་བཞིན་དུ་གཅིག་ཁོ་ན་སྔ་མ་དང་འདྲ་བར་སྨྲ་བས། ཅིག་ཤོས་དག་ལ་དེ་མེད་དོ་ཞེས་དམ་བཅས་ཏེ། དེ་ལ་ཡང་སྔ་མ་དང་འདྲ་བ་ཉིད་གྲུབ་པས་གནང་ངོ་། །འབྲེལ་པ་གཞན་གྱིས་ཀྱང་འདི་ཞེས་པ་ལ། འབྲེལ་པ་གཞན་ནི་
འབྲེལ་པའི་བྱེ་བྲག་མེད་ན་མི་འབྱུང་བ་སྟེ། དེའི་སྟོབས་ཀྱིས་སྔ་མ་དང་འདྲ་བར་དོན་རྟོགས་པའོ། །དེ་ངེས་པར་བསྟན་པ་མེད་པའི་ཕྱིར་རྗེས་སུ་དཔག་པར་ངེས་པར་བསྟན་པ་མ་ཡིན་པ་ཁོ་ནའོ། །འོ་ན་འདི་མ་ཏུས་སུ་འགྱུར་མོད། ཇི་སྐད་བཤད་པའི་སྐྱོན་འབྱུང་བ་མ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ནི་
རྒྱུ་ལས་འབྲས་བུའི་ཡུལ་ཅན་དུ་འགྱུར་བ་མ་ཡིན་པས་སོ། །འབྲེལ་པ་ཡང་འདིར་བསྟན་པ་ཁོ་ན་སྟེ། འབྲས་བུ་དང་རྒྱུའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། འཁྲུལ་པའི་ཕྱིར་ན་ལྷན་སྐྱོན་མིན། །ཞེས་པ། འབྲས་བུ་དང་རྒྱུའི་དངོས་པོས་ནི་འབྲས་བུ་ཁོ་ནའི་མེད་ན་མི་
འབྱུང་བར་འགྱུར་གྱི། རྒྱུའི་ནི་མ་ཡིན་ནོ། །དེ་ལྟར་ནི་རྒྱུ་ཡོད་ན་ཡང་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་འབྲས་བུར་འགྱུར་བ་མ་ཡིན་ནོ། །དཔེར་ན་སྤྲིན་ཡོད་ན་ཡང་ཞིང་པ་རྣམས་ཀྱི་ཆེས་མེད་པའི་ཕྱིར་ཆར་པ་བཞིན་ནོ། །རྒྱུ་གཞན་ཚོགས་པ་ཡོད་ན་ཡང་། །ཆོས་མ་ཡིན་པ་ལ་སོགས་པ་འགལ་བས་
གགས་བྱས་པའི་ཕྱིར་རོ། །འོ་ན་ཁྱད་པར་དུ་གྱུར་པའི་གནས་སྐབས་ཐོས་པའི་ས་བོན་ལ་སོགས་པ་ནི་རྒྱུ་དངོས་ཉིད་དེ། དེ་ལ་གགས་བྱ་བར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་འཁྲུལ་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། དེ་མཐོང་བ་ལས་འབྲེལ་པ་དྲན་པ་ལ་ལྟོས་པ་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་
འདོད་པ་ན། འབྲེལ་པ་དྲན་པ་ལས་སྔོན་དུ་འབྲས་བུ་སྐྱེས་པ་ཁོ་ན་མངོན་སུམ་དུ་འགྱུར་རོ། །འབྲས་བུ་མངོན་སུམ་མ་ཡིན་པ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་རྟོགས་པ་ཡང་མ་ཡིན་ཏེ། གང་གིས་རྒྱུ་ལས་དེ་རྟོགས་པར་བྱ་བའོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་འགྲུབ་པ་མ་ཡིན་ནོ། །ལྷག་ལྡན་ལ་ཡང་ལྟ་བུ་ན། །
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด