ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ

ชื่อสันสกฤต (อักษรทิเบต ตามตัวบท) པིཎྜ་ནི་བརྟ་ན་ནིརྡེ་ཤ་ཀཱ་རཱི་ཀཱ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๖ · หน้า 250b

༄༅། །རྒྱ་གར་སྐད་དུ། པིཎྜ་ནི་བརྟ་ན་ནིརྡེ་ཤ་ཀཱ་རཱི་ཀཱ། བོད་སྐད་དུ། ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེའུར་བྱས་པ། འཇམ་པའི་དཔལ་མགོན་དེ་ལ་ཕྱག་འཚལ་ཏེ། །སྒྲ་དང་བསྟན་བཅོས་མཁས་པའི་མཐར་གྱུར་པ། །པཱ་ཎི་ནི་དང་པ་བྱ་ཙནྡྲ་དང་། །རཏྣ་མ་ཏི་གད་བ་ཟླ་

เล่ม ๑๙๖ · หน้า 251a

བ་དང་། །ནི་མན་ས་ཀ་ལ་སོགས་མཁན་པོ་ཡིས། །དགག་པའི་བྱེ་བྲག་རྒྱ་ཆེར་བཤད་པ་ལས། །དམན་པའི་དོན་དུ་ཉུང་ཟད་བསྟན་པར་འདོད། །མཁན་པོས་བསྟན་པའི་མདོ་དག་ལས། །དགག་པའི་བྱེ་བྲག་མང་བཤད་ཀྱང་། །ཀུན་ནས་བསྡུ་བ་བཤད་པ་དག །རྣམ་

གྲངས་མདོ་རུ་བསྡུ་བ་དང་། །བསྡུ་བའི་བྱེ་བྲག་ལྟོས་པ་དང་། །རབ་ཏུ་གསལ་བར་བརྗོད་པ་བཞི། །འདི་དག་ཙམ་དུ་ཤེས་པར་བྱ། །མེད་དང་གཞན་དང་འདྲ་བ་དང་། །དམན་དང་ཞུམ་དང་ཞན་པ་དང་། །ཕྲ་དང་ཉུང་དང་མྱུར་བ་དང་། །ཆུང་དང་ལྷག་མ་མེད་པ་དང་། །འགའ་ལས་མཐའ་དག་མ་

ཡིན་དང་། །མི་མཐུན་གཉེན་པོ་བྲལ་བ་ཡིས། །རྣམ་གྲངས་བཅོ་ལྔར་བཤད་པ་ཡིན། །དེ་ལས་ཅུང་ཟད་བསྡུ་བ་ནི། །བརྒྱད་ནས་གཉིས་ཀྱི་བར་དུ་སྟེ། །ཞུམ་དང་ཞན་པ་དམན་པར་ཏེ། །ཕྲ་བ་ལ་སོགས་དྲུག་གཅིག་ཏུ། །སྦྱར་བས་དགག་པའི་རྣམ་གྲངས་བརྒྱད། །མི་མཐུན་གཉེན་

པོར་སྦྱར་བས་བདུན། །དམན་དང་ཆུང་བ་ཞུམ་པ་རུ། །དགག་པའི་རྣམ་གྲངས་རྣམ་པ་དྲུག །དོན་གྱིས་གོ་བར་བྱེད་པ་དང་། །ཚིག་གཅིག་རྣམ་པར་སྒྲུབ་པ་དང་། །དེ་ལྡན་རང་ཚིག་མི་སྟོན་པ། །དེ་ལས་གཞན་པ་གཞན་ཡིན་ནོ། །ཀུན་དུ་བརྟག་པ་འགོག་པ་དང་། །རང་གི་གཞི་

ལས་ཞུམ་པ་དང་། །གཞན་དང་འགལ་བ་རྣམ་པ་བཞི། །མེད་པ་དང་ནི་གཞན་པ་དང་། །གཉེན་པོའི་དོན་ལ་འཇུག་པ་གསུམ། །དགག་པའི་རྣམ་གྲངས་ཇི་སྙེད་པ། །མེད་དང་མ་ཡིན་གཉིས་སུ་འདུ། །བསྟན་བྱ་དོན་ཡོད་དོན་མེད་དང་། །འཇུག་ཚུལ་དངོས་དང་བརྒྱུད་པ་དང་། །ཀུན་དུ་

བརྟགས་པ་བཟློག་པ་དང་། །ཆོས་ཀྱི་དེ་ཉིད་བསྟན་པ་དང་། །གཞན་གྱི་འདོད་པ་བསལ་བ་དང་། །རང་གི་འདོད་པའང་སྒྲུབ་པ་དང་། །འབྱུང་བའི་དུས་ཀྱི་ཁྱད་པར་གྱིས། །བསྡུས་པའི་བྱེ་བྲག་ཤེས་པར་བྱ། །དོན་དང་འཇུག་ཚུལ་དགོས་པ་དང་། །འཇུག་དུས་དབང་སྟེ་གོ་རིམས་བཞིན། །

མེད་པའི་བསྟན་བྱ་དོན་མེད་དེ། །མ་ཡིན་པ་ནི་དོན་ཡོད་པའོ། །དེ་བཞིན་མེད་པ་དངོས་སུ་འཇུག། །མ་ཡིན་པ་ནི་བརྒྱུད་པས་སོ། །ཀུན་རྟོག་ཟློག་པ་མེད་པ་སྟེ། །དེ་ཉིད་སྟོན་པ་མ་ཡིན་པའོ། །གཞན་གྱི་འདོད་པ་སེལ་བ་ནི། །མེད་པར་དགག་པའི་དགོས་པ་སྟེ། །རང་འདོད་སྒྲུབ་པ་མ་

เล่ม ๑๙๖ · หน้า 251b

ཡིན་པའོ། །མ་རྟོགས་ལོག་རྟོགས་ཐེ་ཚོམ་དག །སེལ་འདོད་དུས་ན་མེད་པ་འབྱུང་། །དོན་ཉིད་ཁོང་དུ་ཆུད་འདོད་ན། །མ་ཡིན་དགག་པ་འབྱུང་བར་འགྱུར། །དགག་པའི་སྒྲ་དང་དགག་བྱ་ཡིས། །བསྟན་པར་བྱ་བ་དོན་དུ་འདོད། །ཚུལ་ནི་འདི་རུ་ཐབས་སུ་འདོད། །དོན་དེས་ཇི་ལྟར་སྟོན་

བྱེད་པའི། །ཐབས་ཀྱི་འབྲས་བུ་དགོས་པའོ། །འབྱུང་དུས་རྣམ་པ་བཞིར་བཤད་པ། །སྨྲ་བར་བྱེད་པ་གང་ཞིག་གིས། །ཡིད་ལ་བྱེད་པ་གང་ལྡན་པ། །འདོད་ལྡན་འབྱུང་བའི་དུས་སུ་འདོད། །བྱེ་བྲག་རྩ་བ་འདི་ཡིན་ཏེ། །མེད་པ་ཡོད་པ་མི་སྒྲུབ་སྟེ། །མ་ཡིན་པ་ནི་ཡིན་པ་སྒྲུབ། །རྒྱུ་

ལ་འབྲས་བུ་དེ་བཞིན་དང་། །ཐ་དད་དངོས་དང་བརྟགས་པ་ཙམ། །སྔ་ན་མེད་དང་ཞིག་པ་དང་། །ཕན་ཚུན་གཅིག་ལ་གཅིག་མེད་དང་། །ཤིན་ཏུ་མེད་པར་གྱུར་པ་དག །མེད་པར་དགག་པའི་གཞིར་གྱུར་པ། །གལ་ཏེ་ཡོད་པའི་དངོས་འདོད་ན། །མེད་པར་དགག་པར་མི་འགྱུར་རོ། །དེ་ཕྱིར་

ཡོད་པ་མི་སྒྲུབ་སྟེ། །མེད་པའི་ཡོད་པའང་མི་སྒྲུབ་པོ། །དེ་ཡིས་བསྟན་བྱ་དོན་མེད་དང་། །སྒྲ་ཉིད་དངོས་སུ་འཇུག་པ་དང་། །དགོས་པ་བརྟགས་པ་སེལ་བ་དང་། །དེ་བཞིན་གཞན་གྱི་འདོད་པ་དང་། །འབྱུང་བའི་དུས་ནི་གསུམ་དུ་བརྗོད། །གཞན་དང་གཉེན་པོ་ལ་སོགས་པའི། །མ་

ཡིན་དགག་པ་ཐ་སྙད་དག །གང་ཞིག་ཡིན་པ་བཟློག་པ་ཡིས། །ཡིན་པའི་དངོས་པོ་གཞན་དུ་ཚོལ། །མ་ཡིན་ཙམ་དུ་མི་སྒྲུབ་སྟེ། །དེ་ཕྱིར་མ་ཡིན་དགག་པ་ནི། །ཡིན་པའི་དངོས་པོ་སྒྲུབ་པའོ། །དེ་ཡིས་བསྟན་བྱ་དོན་ཡོད་དང་། །བརྒྱུད་པའི་ཚུལ་གྱིས་འཇུག་པ་དང་། །ཆོས་ཀྱི་དེ་

ཉིད་སྟོན་པ་དང་། །རང་གི་འདོད་པ་སྒྲུབ་བ་དང་། །འབྱུང་དུས་གཅིག་ཏུ་བརྗོད་པ་ཡིན། །ཡིད་ལ་བྱེད་པའི་ཁྱད་པར་དག །སྨྲ་བ་གང་གི་བློ་ལ་གནས། །དེ་ནི་བྱེ་བྲག་གཉིས་ཀྱི་རྒྱུ། །ཡིད་ལ་བྱེད་པའི་བྱེ་བྲག་ནི། །འབྱུང་བའི་དུས་ཀྱིས་ཤེས་པར་བྱ། །དེ་ནི་ཡུལ་གྱིས་ཕྱེ་བ་སྟེ། །དགོས་

པ་བརྗོད་པ་ཇི་ལྟ་བའོ། །འདོད་པའི་ཡུལ་ཞེས་བྱ་བ་སྟེ། །རྒྱུ་ཡི་བྱེ་བྲག་བརྗོད་པའོ། །མ་ཡིན་དགག་པའི་བྱེ་བྲག་ནི། །ལྷན་ཅིག་རྒྱུན་ལ་གནོད་བྱེད་དང་། །དེ་བཞིན་མི་བྱེད་དབྱེ་བ་ཡིས། །གཉེན་པོ་དང་ནི་གཞན་དུ་བརྗོད། །དོན་དེ་ཉིད་ལས་གཞན་པ་ལའང་། །དགག་བྱ་དག་

เล่ม ๑๙๖ · หน้า 252a

ལས་གཞན་ཉིད་དང་། །དགག་བྱ་ཉིད་ལས་མི་གཞན་པས། །འགལ་དང་གཞན་དང་ཞུམ་པའོ། །བསྟན་པར་བྱ་བ་གཞན་ཉིད་དང་། །དགག་པར་བྱ་བ་འདྲ་བ་དང་། །དེ་བཞིན་ཡོན་ཏན་ཉིད་དང་ནི། །ཀུན་དུ་རྣམ་པར་སྤྲོས་བ་དང་། །ལུས་སུ་བྱེད་པའི་བདག་ཉིད་

དང་། །རྒྱུན་གྱི་དངོས་པོ་རགས་པ་དང་། །འདོད་པའི་རྣམ་གྲངས་དུ་མ་དང་། །དེ་བཞིན་ཡུན་གྱི་ཆུ་སྲིད་དང་། །དངོས་ཀྱི་རང་བཞིན་ཆེ་བ་དང་། །བསམས་པའི་དོན་ལས་ལོག་པ་དང་། །ཀུན་དུ་ཁྱབ་པར་གྱུར་པ་དང་། །ལྷན་ཅིག་གནས་པ་མ་ཡིན་དང་། །དེ་ལ་ནུས་པ་འཕྲོག་བྱེད་དང་། །

མེད་པས་མཚོན་པའི་ཡོད་པ་ཡིས། །ཇི་ལྟར་བསྟན་པའི་དོན་བཞིན་དུ། །བསྡུ་བའི་བྱེ་བྲག་དེ་བཞིན་ནོ། །དགག་པ་ཡུལ་དང་གནས་སྐབས་དང་། །དུས་ལ་ལྟོས་པར་ཤེས་པར་བྱེད། །དེ་དག་གསུམ་མམ་གཉིས་གཉིས་སམ། །རེ་རེའི་དབང་ལའང་ལྟོས་པ་ཡིན། །སྤྱི་དང་ཁྱད་པར་

དབྱེ་བ་ན། །ཡུལ་དང་དུས་ལ་ཡོད་པ་ཡིན། །གནས་སྐབས་ལ་ཡང་ཆ་ཡོད་དོ། །དངོས་པོ་རྣམས་ཀྱི་མཚན་ཉིད་དག །ཕན་ཚུན་གཅིག་ལ་གཅིག་མེད་པ། །ཡུལ་གྱི་ཁྱད་པར་ལ་ལྟོས་པའོ། །རྒྱུ་དང་འབྲས་བུའི་ངོ་བོ་དག །སྔ་ནས་མེད་དང་ཞིག་ནས་མེད། །དུས་ཀྱི་ཁྱད་པར་ལ་ལྟོས་

པའོ། །རི་བོང་རྭ་དང་མོ་གཤམ་བུ། །ཤིན་ཏུ་མེད་པར་གྱུར་པ་ནི། །ཡུལ་དུས་སྤྱི་ལ་ལྟོས་པའོ། །ཡུལ་དང་དུས་ཀྱི་དབང་གིས་ནི། །མེད་པ་རྣམ་པ་བཞིར་འདོད་དོ། །གནས་སྐབས་དག་གི་དབྱེ་བ་ཡིས། །མེད་དང་མ་ཡིན་གཉེན་པོའི་དོན། །མི་མཐུན་ཆུང་སོགས་བྲལ་བ་དང་། །མི་

འདྲ་བ་དང་གཞན་པའོ། །འདི་ནི་སྔོན་ནམ་ད་ལྟར་དག །བུམ་པ་མེད་ཅེས་བརྗོད་པ་གང་། །མེད་པ་ཙམ་ཞིག་འདོད་པའམ། །གལ་ཏེ་ཡོད་པ་འདོད་ཀྱང་རུང་། །དེ་ནི་གསུམ་ལ་ལྟོས་པའོ། །གངས་སམ་མི་ལ་སོགས་པ་ལ། །སྔོན་ནམ་ད་ལྟ་ཕྱིས་ཀྱང་རུང་། །འདི་ལ་མྱུ་གུ་མི་སྐྱེ་

ཞེས། །དགག་པ་ཡང་ནི་དེ་བཞིན་ནོ། །སོ་ག་ཤིང་འབྲས་མི་སྨིན་ཅེས། །དགག་པ་དུས་དང་གནས་སྐབས་ལའོ། །འདི་ན་ད་ལྟ་འདི་མེད་ཅེས། །དགག་པ་ཡུལ་དང་དུས་ལའོ། །རྟ་ལ་བ་ལང་མེད་ཅེས་པ། །ཡུལ་དང་སྐབས་ལ་ལྟོས་པ་ཡིན། །གངས་ལ་མྱུ་གུ་སྐྱེ་མེད་ཅེས། །

เล่ม ๑๙๖ · หน้า 252b

དགག་པ་ཡུལ་ལ་ལྟོས་པའོ། །ལྷས་བྱིན་ཤི་ནས་མེད་ཅེས་པ། །དགག་པ་དུས་ལ་ལྟོས་པའོ། །རེ་རེ་འམ་གཉིས་ལྟོས་སྟོན་པ། །ཁྱད་པར་མི་འཛིན་དབང་དུའོ། །སྐབས་ནི་ཀུན་ཏུའང་ཁྱད་པར་ཏེ། །སྐབས་ཙམ་སྤྱི་ཡི་ཆ་ཡིན་ནོ། །དགོས་པ་འགྲུབ་པའི་དབང་དུ་ནི། །

གསུམ་ཉིད་ལ་ནི་ལྟོས་པ་ཡིན། །ཡུལ་ནི་དགག་བྱ་གཞི་ཡིན་ཏེ། །དུས་གསུམ་ད་ལྟའི་དབང་གིས་ཡིན། །གནས་སྐབས་གོ་བར་བྱ་བའི་དབང་། །དགག་པ་གོ་བར་བྱེད་པ་ཡི། །ཡུལ་ནི་མེད་པ་གཞི་ཡིན་ཏེ། །སྔ་ནས་མེད་དང་ཞིག་ནས་མེད། །གཅིག་ལ་གཅིག་མེད་ཤིན་ཏུ་

མེད། །གོ་བྱེད་སྐབས་ནི་གཉིས་ཡིན་ཏེ། །ཆེ་ལོང་དང་ནི་རྒྱས་པར་རོ། །ཞིག་ནས་མེད་དང་ཤིན་ཏུ་མེད། །མེད་པར་དགག་པ་ཞེས་འདོད་དོ། །ལྷག་མ་མ་ཡིན་དགག་པར་ནི། །ཆེ་ལོང་དབང་གིས་འདོད་པ་སྟེ། །ཡུལ་ན་མེད་དང་ཡོད་པ་ཡི། །དབང་ཙམ་དག་ཏུ་འདོད་པའོ། །མེད་པ་

བཞི་ཉིད་མི་ཤེས་པའམ། །གལ་ཏེ་ཡོད་སོགས་འདོད་པ་ལ། །མེད་པ་ཙམ་ཞིག་སྒྲུབ་པ་ན། །མེད་པར་དགག་པ་བཞིར་འདོད་དོ། །གལ་ཏེ་རི་བོང་རྭ་མེད་པས། །དངོས་མེད་དེ་ཉིད་སྒྲུབ་བྱེད་ན། །མ་ཡིན་དགག་པར་འདོད་པ་སྟེ། །ཚིག་གཅིག་རྣམ་པར་སྒྲུབ་པའོ། །རྒྱུ་ལ་འབྲས་བུ་

མེད་ཅེས་དང་། །འབྲས་བུ་ལ་ཡང་རྒྱུ་མེད་ཅེས། །རྒྱུ་འབྲས་དངོས་པོ་སྒྲུབ་བྱེད་ན། །དེ་ཡང་དེ་བཞིན་ཤེས་པར་བྱ། །རྟ་ལ་བ་ལང་མེད་པ་ཞེས། །རྟ་ཉིད་སྒྲུབ་པར་བྱེད་པ་ནི། །མ་ཡིན་དགག་པ་ཞེས་འདོད་དོ། །གང་ཞིག་བཀག་པར་གྱུར་པ་ཡིས། །གཞན་དུ་འགལ་བར་འགྱུར་བ་དང་། །

གང་ཞིག་ངེས་པར་སྒྲུབ་བྱེད་པ། །དགག་པ་དོན་གྱིས་གོ་བའོ། །མིང་གཞན་དགག་པས་བསྟན་པའི་དངོས། །འགལ་དང་ངེས་པ་མེད་པ་ནི། །རང་གི་ཚིག་གིས་མི་སྟོན་པའོ། །གང་ཞིག་སྒྲུབ་པ་དེ་ལྟ་བུས། །དངོས་དང་དངོས་པོ་མེད་པ་ཡི། །དེ་ཁོ་ན་ཉིད་སྒྲུབ་བྱེད་པ། །མ་ཡིན་

དགག་པ་ཞེས་འདོད་དོ། །མེད་པ་དག་ནི་དེ་ལས་གཞན། །མཚན་ཉིད་དབང་གིས་དབྱེ་བ་ནི། །མ་ཡིན་དགག་པའི་དབྱེ་བ་སྟེ། །མེད་པ་དག་ནི་མཚན་ཉིད་གཅིག །མཚན་བཞིའི་དབང་གིས་བཞི་ཡིན་ནོ། །མ་ཡིན་དགག་པའི་མཚན་ཉིད་ནི། །བྱེད་པའི་དབང་གིས་བཞི་ཡིན་ཏེ། །དོན་གྱིས་

เล่ม ๑๙๖ · หน้า 253a

གོ་བར་བྱེད་པ་དང་། །ཚིག་གཅིག་སྒྲུབ་པར་བྱེད་པ་དང་། །དེ་དང་ལྡན་པའི་དགག་པ་དང་། །རང་གི་ཚིག་གིས་མི་སྟོན་པའོ། །བྱ་བའི་དབང་གིས་བདུན་ཡིན་ཏེ། །མེད་པ་ཉིད་ནི་མ་གཏོགས་པའོ། །མི་མཐུན་གཉེན་པོར་བསྡུ་བ་ཡིས། །དྲུག་གམ་འགལ་དང་

གཞན་པ་ཡི། །གཉིས་སུ་བརྗོད་པར་རིག་པར་བྱ། །དགག་པའི་ཡུལ་ཡང་རྣམ་གསུམ་སྟེ། །གཞི་ཡི་ཡུལ་དང་བྱ་བའི་ཡུལ། །དགོས་པའི་ཡུལ་དུ་འདོད་པ་ཡིན། །དགག་པའི་གཞི་དང་དགག་བྱ་དང་། །དགག་པའི་དགོས་ཆེད་གསུམ་གྱིས་སོ། །སྒྲ་ནི་བྱེ་བྲག་མེད་པ་སྟེ། །དགོས་པའི་

དབང་གིས་ཤེས་པར་བྱ། །གང་ཕྱིར་གང་ཡང་ལྡོག་བྱེད་པས། །དགག་པ་ཞེས་ནི་བརྗོད་པ་ཡིན། །དགག་པའི་ཡུལ་དང་དགོས་པ་དང་། །སྒྲ་དང་དུས་དང་གནས་སྐབས་དང་། །དགག་བྱ་ལྟོས་པ་ངེས་ཚིག་གིས། །རབ་ཏུ་གསལ་བར་བརྗོད་པ་ཡིན། །མདོར་ནི་ཡུལ་དང་ལྟོས་པ་དང་། །སྒྲ་

དང་ངེས་པའི་ཚིག་གིས་སོ། །དངོས་སུ་བརྗོད་པའི་དགོས་པ་ནི། །དགག་པར་བྱ་དང་བྱེད་པ་དང་། །ཡུལ་དང་དུས་ཀྱི་ཁྱད་པར་དག །གཅིག་གམ་གཉིས་སམ་ཡང་ན་ནི། །སྤྱི་ལ་ལྟོས་ན་མེད་ཀྱང་རུང་། །གཉིས་སམ་གསུམ་མམ་བཞི་ཡིན་ནོ། །དགག་བྱ་དངོས་པོ་མ་ཡིན་པའི། །

ལས་ལ་སོགས་པ་དགག་པ་དང་། །དགག་བྱ་བྱ་བ་ཉིད་ཡིན་ན། །བྱ་བ་གང་གི་ཡིན་དེ་ཡི། །གཞི་དེ་གཞི་ཡི་ཡུལ་ཡིན་ནོ། །མེད་དང་དེ་ཡི་ཐ་སྙད་ཀྱི། །ཡུལ་ནི་བྱེ་བྲག་སོ་སོ་སྟེ། །མེད་པའི་ཡུལ་ནི་གཅིག་ཡིན་ཏེ། །གང་ལ་ཡོད་པ་དེ་ཡིན་ནོ། །ཐ་སྙད་ཡུལ་གྱི་བྱེ་བྲག་དག །བརྗོད་

པའི་ཡུལ་ནི་གསུམ་ཡིན་ཏེ། །གཞི་སོགས་བསྟན་པ་ཉིད་ཡིན་ནོ། །ཤེས་པའི་ཡུལ་ནི་དྲུག་ཡིན་ཏེ། །མེད་པ་རང་གི་ངོ་བོ་དང་། །དེ་ཡི་གཞི་དང་དགག་བྱ་དང་། །དགོས་ཆེད་སྒྲ་དང་འཇུག་པ་ནི། །ཤེས་པའི་ཡུལ་དང་འདོད་པ་ཡིན། །འཇུག་པའི་ཡུལ་ནི་གཉིས་ཡིན་ཏེ། །དོན་ལ་

འཇུག་དང་ལྡོག་པའོ། །སྒྲ་དང་ཤེས་པ་ལུས་རྣམས་ཀྱི། །བྱེད་པ་འཇུག་པ་ཞེས་འདོད་དོ། །ཁ་ཅིག་ཏུ་ནི་ལུས་ལའང་འཇུག །དེ་ཡང་ཤེས་པ་དང་བཅས་པའོ། །རང་གི་ངོ་བོའི་དབྱེ་བ་ནི། །རང་བཞིན་ཇི་ལྟར་མེད་པ་དང་། །ཇི་ལྟར་གོ་བར་བྱེད་པ་དང་། །ཇི་ལྟར་གོ་བར་བྱ་བ་ཡིས། །དགག་

เล่ม ๑๙๖ · หน้า 253b

པའི་དབྱེ་བ་བསྟན་པ་ཡིན། །རང་བཞིན་ཇི་ལྟར་མེད་པ་ནི། །མེད་པ་རྣམ་པ་བཞི་ཡིན་ཏེ། །ངོ་བོ་ཉིད་ཀྱིས་བཞག་པ་ཡིན། །ཇི་ལྟར་གོ་བར་བྱེད་པ་ནི། །དོན་གྱིས་གོ་བ་ལ་སོགས་པའི། །དགག་པ་རྣམ་པ་ལྔ་ཡིན་ཏེ། །སྒྲ་དང་སྐབས་ཀྱིས་བཞག་པ་ཡིན། །ཇི་ལྟར་གོ་བར་བྱ་བ་ནི། །མེད་

དང་མ་ཡིན་དབྱེ་བ་ཡིན། །དགག་པ་བརྒྱད་སོགས་དབྱེ་བ་སྟེ། །གོ་བར་བྱ་བའི་དངོས་པོས་གཞག །ངོ་བོ་ཉིད་ཀྱི་བྱེ་བྲག་ནི། །མེད་པའི་དངོས་པོ་མེད་པ་སྟེ། །ཡུལ་དང་དུས་ལ་རྟེན་པ་ཡི། །བྱེ་བྲག་གི་ནི་བཞི་ཞེས་བྱ། །གོ་བར་བྱ་བའི་དངོས་པོ་ནི། །མེད་དམ་གལ་ཏེ་ཡོད་ཀྱང་

རུང་། །སྐྱེས་བུའི་འདོད་པའི་དབང་བྱས་པའི། །དངོས་པོ་ཉིད་ཀྱི་སྟོབས་ཡིན་ནོ། །དགོས་པ་དགག་བྱ་བཟློག་པ་སྟེ། །བྱེད་དང་བྱེད་པོའི་འདོད་པའོ། །ཕྱོགས་འགའ་དགག་པའམ་གཞན་སོགས་པས། །འདོད་པ་བརྒྱུད་པ་ཡིན་ཡང་ངོ་། །སྒྲ་ནི་བྱེད་པའི་བདག་ཉིད་དེ། །དུས་ནི་རྒྱུན་ཅེས་

བྱ་བའོ། །དགོས་པའི་དུས་ལ་སྐབས་ཤེས་བྱ། །བཟློག་པར་བྱ་བ་དགག་བྱའོ། །གང་གི་དབང་གིས་གཞག་པ་ནི། །དགག་བྱའི་ལྟོས་པ་ཞེས་བྱའོ། །ངེས་ཚིག་ལྡོག་པ་ཉིད་ཡིན་ནོ། །སྔ་ན་མེད་པའི་བྱེ་བྲག་ནི། །རྒྱུན་འདྲ་བ་དང་རང་བཞིན་དང་། །སྐབས་དང་རྟེན་ལ་མེད་པའོ། །རྒྱུན་

ཞིག་པ་དང་རང་བཞིན་དང་། །སྐབས་དང་རྟེན་ལས་བྲལ་བ་ཡིས། །ཞིག་ནས་མེད་པ་བཞི་ཡིན་ནོ། །ཕན་ཚུན་གཅིག་ལ་གཅིག་མེད་པ། །མཚན་ཉིད་དབྱེ་བ་ཡོད་མོད་ཀྱི། །རང་བཞིན་ཉིད་དུ་བསྡུ་བྱ་སྟེ། །ཇི་ལྟར་གསེར་གྱི་གདུབ་རྒྱན་དག། །རིགས་དང་བཟོ་དང་བོང་ཚོད་དང་། །ཁ་

དོག་དབྱིབས་རྣམས་མཚུངས་མོད་ཀྱི། །གཅིག་གི་རང་བཞིན་གཅིག་མ་ཡིན། །ཡིན་ན་ཅིག་ཅར་གཟུང་བར་འགྱུར། །ཤིན་ཏུ་མེད་པའི་བྱེ་བྲག་ནི། །རྒྱུ་དང་རང་བཞིན་གཉིས་སུ་ཤེས། །སེམས་ཅན་སྐྱེ་བ་ལ་སོགས་པ། །རྒྱུན་དམིགས་པ་ཡི་རང་བཞིན་ནི། །རྒྱུན་འདྲ་སྔ་ན་མེད་

པའོ། །ས་བོན་ས་དང་འོ་མ་ལ། །མྱུ་གུ་བུམ་པ་མར་རྣམས་ནི། །རང་བཞིན་སྔ་ན་མེད་པའོ། །ཇི་ལྟར་གསེར་ལས་རྒྱན་སོགས་ནི། །གནས་སྐབས་སྔ་ན་མེད་པའོ། །ས་ཕྱོགས་འདི་ན་བ་ལང་དག །སྔོན་ཆད་མེད་པ་རྟེན་ལའོ། །ལྗོན་པ་འམ་སྐྱེས་བུ་ལ་སོགས་པ། །ཚིག་

เล่ม ๑๙๖ · หน้า 254a

གམ་ཤི་བར་གྱུར་པ་དག །རྒྱུན་ཞིག་གྱུར་ཏེ་མེད་པའོ། །མྱུ་གུ་བུམ་པ་མར་རྣམས་ལ། །ས་བོན་ས་དང་འོ་མ་ནི། །རང་བཞིན་ཞིག་ནས་མེད་པའོ། །ཇི་ལྟར་གསེར་གྱི་གདུབ་རྒྱན་ལས། །རྣ་ཆ་དག་ནི་སྐབས་ཞིག་པ། །ས་ཕྱོགས་འདི་ནས་བུམ་པ་དག །གཞན་

དུ་འཕོས་ཏེ་མེད་པ་ནི། །རྟེན་ལས་བྲལ་ཏེ་མེད་པའོ། །རི་བོང་རྔ་མོ་བོང་བུ་ལ། །རྭ་དང་རྭ་ཡི་རྒྱུ་མེད་ཅེས། །རང་བཞིན་དགག་དང་རྒྱུ་དགག་པའོ། །དགག་པ་དུས་ལ་ལྟོས་པ་ནི། །དངོས་པོས་དུས་ལ་ལྟོས་པ་སྟེ། །སྨྲ་བ་པོ་ཡི་དུས་ལ་ནི། །ནམ་ཡང་ཁོང་དུ་ཆུད་པ་འཛིན། །སྤྱི་ཙམ་

ཁོང་དུ་ཆུད་བྱ་དང་། །ཁྱད་པར་ཁོང་དུ་ཆུད་བྱ་དག། །སྨྲ་བའི་བསམ་པའང་གཉིས་སུའོ། །ངོ་བོ་སྟོན་པ་ཇི་སྙེད་པ། །དེ་དག་དགག་པའང་དེ་སྙེད་ཀྱི། །འོན་ཀྱང་མདོ་རུ་བསྡུ་བ་ནི། །དེ་དག་ཙམ་དུ་ཤེས་པར་བྱ། །ལྡོག་པ་བསྡུས་པ་བསྟན་པའི་ཚིག་ལེ་འུར་བྱས་པ་རྫོགས་སོ།། །།

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด