ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཥྚ་ཨཾ་ག་ཧྲྀ་ད་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๘ · หน้า 132b

ནད་ཚིལ་དང་། །རྐང་དང་རུས་པའི་ནང་ན་གནས། །གཞན་དག་ཚིལ་ཉིད་ལ་གནས་ཟེར། །དེ་ཡི་ནུས་པ་བསྟན་པ་ནི། །བད་ཀན་གྱིས་ནི་བྱིན་གཉིས་ན། །རླུང་གིས་གླད་པ་ན་བར་བྱེད། །རུས་རྐང་གཉིས་ཀར་ཞུགས་པ་ཡིན། །ཉིན་བཞི་པ་ནི་གོ་བཟློག་པའོ། །ཉིན་གསུམ་པས་ནི་ཉིན་གཉིས་ན། །ཉིན་ཅིག་ན་བར་མི་བྱེད་དོ། །ནད་རྣམས་ཀྱི་ནི་སྟོབས་

ཆེ་ཆུང་། །ཟས་དང་སྤྱོད་པ་ལས་འབྱུང་ཞིང་། །དེ་བཞིན་རིམས་རྣམས་འབྱུང་བ་ནི། །ཡིད་དང་ལས་ལས་སྐྱེ་བར་འགྱུར། །ནད་ཀྱིས་ལུས་ཟུངས་དཀྲུགས་གྱུར་པ། །ནད་སོས་ཉི་ཚེ་ཞུ་བར་འགྱུར། །དེ་ཚེ་ནད་བ་དབུགས་དྲག་རྡུལ། །མཁུན་ཞིང་སློན་བྱེད་འགྲེ་བ་དང་། །ལུས་འདར་ཚིག་མང་ཚབ་དང་། །ལུས་གྲང་བཞིན་མདོག་ཉམས་པ་

དང་། །དྲན་སྟོར་རིམས་ཀྱི་ཤུགས་ཀྱིས་གཟིར། །ཁྲོས་པའི་ཚུལ་གྱིས་ལྟ་བ་དང་། །བཤང་བ་ནད་དང་སྒྲར་བཅས་པ། །སླ་བ་ཤུགས་དྲག་འབྱུང་བ་ཡིན། །ལུས་ནི་ཡང་ཞིང་རྨྱ་དང་རྨོངས་བག་ཚ་བ་མེད། །ཁ་ན་ཐོར་བུ་འབྱུང་དང་དབང་པོ་བརྟས་ཤིང་བདེ། །ཡིད་ནི་སོར་གནས་རྡུལ་སྦྲིད་བདེར་འབྱུང་ཡི་ག་འབྱེད། །མགོ་བོ་གཡའ་བ་རིམས་

ནད་འབྱང་བའི་མཚན་མ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་གཉིས་པའོ།། །།དེ་ནས་ཁྲག་དང་མཁྲིས་པ་དང་ལུད་པའི་ནད་གཞི་བཤད་པར་བྱའོ། །རབ་དྲོ་རབ་རྣོ་ཚ་དང་སྐྱུར། །ལན་ཚྭ་ལ་སོགས་ཚ་བ་དང་། །ཁྲེ་རྒོད་ཨུཏྤ་ལ་ཡི་ཟས། །དེ་བཅས་ཤིན་ཏུ་བསྟེན་དྲགས་དང་། །མཁྲིས་པ་ཅན་གྱི་མཁྲིས་ནད་ནི། །གཤེར་དང་ཁྲག་རྒྱས་ནད་

དུ་འགྱུར། །དེ་ནི་ཕན་ཚུན་འདྲེས་གྱུར་བས། །ལུས་ཀུན་ཁྱབ་པར་བྱེད་པར་འགྱུར། །མཁྲིས་པ་ཁྲག་ལས་གྱུར་པ་དང་། །འདྲེས་དང་གནོད་བྱ་ལས་དང་གཅིག། །མདོག་དང་དྲི་ནི་རྗེས་མཐུན་པས། །ཁྲག་གི་མིང་དུ་བསྟན་པ་ཡིན། །དེ་ནི་ཁྲག་གནས་

མཆིན་པ་དང་། །མཆེར་པ་ལས་ནི་འབྱུང་བར་འགྱུར། །མགོ་བོ་ལྕི་ཞིང་ཡི་ག་འཆུས། །བསིལ་འདོད་སྒྲེགས་པ་དུད་ཅན་སྐྱུར། །སྐྱུག་ཅིང་སྐྱུགས་མདོག་བཙོག་པར་སྣང་། །ལུད་པ་དབུགས་མི་བདེ་མགོ་འཁོར། །ཁོང་སྙོམ་ཁྲག་དམར་ཉ་དྲི་བྲོ། །ཁ་དྲི་མི་ཞིམ་སྐད་འགགས་ལ། །མིག་ལ་སྩོགས་པའི་ཁ་དོག་ནི། །

དམར་དང་ལྗང་དང་སེར་པོར་སྣང་། །རྨི་ལམ་དུ་ཡང་ཁ་དོག་དེ། །འདིར་ནི་མཐོང་བར་འགྱུར་བ་ཡིན། །སྟོད་དུ་སྣ་མིག་རྣ་བ་ཁ། །སྨད་དུ་བཤང་སྒོ་ཕོ་མོའི་མཚན། །བ་སྤུའི་བུ་ག་ཀུན་ལས་ཀྱང་། །ཁྲག་རབ་རྒྱས་པ་འབྱུང་བར་འགྱུར། །སྟོད་ཀྱི་བད་ཀན་ཡིན་གསོ་སླ། །དེ་ནི་བཀྲུ་སྨན་བཏང་བས་གསོ། །སྨན་མང་ཡོད་ཅིང་

เล่ม ๑๙๘ · หน้า 133a

མཁྲིས་པ་ཡི། །སྨན་གྱི་མཆོག་ནི་བཀྲུ་སྨན་ཡིན། །ཟླ་ལ་ཡོད་པའི་བད་ཀན་ཡང་། །དེར་ནི་དེ་ཡིས་སྦྱངས་བྱས་འགྱུར། །དེ་ལ་སྨན་ནི་མངར་དང་བསྐ། །བད་ཀན་དག་ལ་ཕན་པ་ལ། །གང་གཏོགས་ངང་གིས་བད་ཀན་སེལ། །ཁ་དང་བསྐ་བ་སྨོས་ཅི་དགོས། །ཐུར་དུ་འབྱུང་བའི་རླུང་ཡིན་ཕྱིར། །དེ་ནི་སྐྱུག་སྨན་བཏང་

བས་གསོ། །མཁྲིས་པའི་སྨན་ནི་ཉུང་བ་ཡིན། །སྐྱུག་སྨན་མཁྲིས་པའི་སྨན་མཆོག་ཡིན། །ཟླ་ལ་ཡོད་པའི་རླུང་ནད་ཀྱང་། །དེ་ནི་དེ་ཡིས་ཞི་མི་འགྱུར། །དེ་ལ་རོ་ནི་མངར་བསྐོལ་བ། །འབའ་ཞིག་ཕན་པར་འགྱུར་བ་ཡིན། །བད་ཀན་རླུང་ནི་འདྲེས་པའི་ནད། །གཉི་གར་འབྱུང་བ་གསོ་དཀའ་སྟེ། །བཟློག་པའི་ཐབས་ནི་མེད་ཕྱིར་དང་།

སྨན་ཡང་ཡོད་པ་མ་ཡིན་ནོ། །འདི་ལས་བཟློག་པར་བྱ་བའི་ཐབས། །སྦྱང་བའང་ཡོད་པ་མ་ཡིན་ཏེ། །སྦྱངས་པས་བཟློག་པར་བྱ་བ་དང་། །སྨན་པས་ཁྲག་མཁྲིས་གསོ་བ་ཡིན། །མཁྲིས་པ་ཉེ་བར་ཞི་བ་ཡང་། །འདི་ལས་ཡོང་ཡེ་ཡོད་མ་ཡིན། །འདྲེས་པར་གྱུར་བའི་ནད་ལ་ནི། །ཐམས་ཅད་སེལ་བའི་ཞི་བྱ་ཕན། །དེ་ལ་ནད་དང་རྗེས་

མཐུན་པའི། །གཏར་ག་བཏབ་སྟེ་བརྟག་པར་བྱ། །བླ་བརྣན་བྱུང་བར་གྱུར་པ་དག །འགྱུར་བར་ཤེས་ལས་རྟོགས་པར་བྱ། །དེ་ལ་ལུད་པ་མྱུར་གནོད་བྱེད། །དེ་ཕྱིར་དེ་ཉིད་བཤད་པར་བྱ། །ལུད་པ་རླུང་མཁྲིས་བད་ཀན་དང་། །གློ་རྡོལ་གློ་གཅོང་ལ་ལྔར་བཤད། །ཐམས་ཅད་མ་གསོས་ཟད་བྱེད་འགྱུར། །ཕྱི་མ་བཞིན་དུ་སྟོབས་ཆེན་ཡིན། །དེ་

རྣམས་འབྱུང་བར་འགྱུར་བའི་རྟགས། །གྲེ་བ་གཡའ་ཞིང་ཡི་ག་འཆུས། །གྲེ་ནང་གྲ་མས་གང་སྙམ་སེམས། །དེ་ལ་ཐུར་རྒྱུའི་རླུང་གནོད་འགྱུར། །སྟོད་དུ་སོང་སྟེ་བྲང་དུ་ཕྱིན། །དེ་ཚེ་མགུལ་བའི་ནད་དུ་ཞེན། །མགོ་བའི་རྩ་རྣམས་བཀང་ནས་ནི། །དེ་ནས་ཡན་ལག་འདེགས་པ་ལྟར། །གཡེངས་བྱེད་མིག་རྡོལ་ཙམ་དུ་ན། །རྒྱབ་བྲང་

རྩིབ་ལོགས་ན་ཞིང་ཟུག །ཁ་རུ་འབྱུང་ཞིང་རྒྱུ་བ་ནི། །ལུད་པ་སྣོད་ཆག་འདྲའི་སྒྲ་འབྱུང་། །ནད་གཞིའི་དབྱེ་བས་ནད་ཀྱང་ནི། །ཐ་དང་ཤུགས་དང་བཅས་པ་ཡིན། །ནད་གང་སྒྲ་ནི་མི་སྙོམས་པའི། །དེ་ལས་ལུད་པ་འབྱུང་བ་ཡིན། །རླུང་ནད་སྐྱེས་པ་རླུང་འཁྲུགས་པ། །བྲང་དང་གྲེ་བ་སྐམ་ཞིང་། །སྙིང་བྲང་རྩིབ་ལོགས་ཀླད་པ་

གཟེར། །རྨོངས་བག་ཁོང་འཁྲུགས་སྐད་འགགས་ཤིང་། །ལུད་པ་སྐམ་པོ་འབྱུང་བྱེད་ཅིང་། །ན་བའི་ཤུགས་དྲག་སྒྲ་ཆེར་འབྱུང་། །ལུས་ཀུན་བརྩེ་བཅས་བད་ཀན་སྐམ། །འཐོན་པར་དཀའ་ཞིང་ཉུང་ངུ་འབྱུང་། །མཁྲིས་པས་མིག་དང་བད་ཀན་སེར། །ཁ་ནང་ཁ་ཞིང་རིམས་མགོ་འཁོར། །ཁྲག་མཁྲིས་སློན་ཞིང་སྐོམ་

เล่ม ๑๙๘ · หน้า 133b

དད་ཆེ། །སྐད་འགགས་དུད་འདྲ་སྐྱུར་བ་དང་། །ལུད་པའི་ཤུགས་ཀྱི་རྒྱུན་འབྱུང་བ། །སྐར་མདའ་འཕྲོ་བ་ལྟ་བུར་སྣང་། །བད་ཀན་ལས་བྲང་ནད་ཚབས་ཆུང་། །མགོ་ལྕི་སྙིང་ག་གང་སྙམ་སེམས། །གྲེ་བར་བསྐུས་འདྲ་སྙོམ་པར་བྱེད། །ཆམ་འདེབས་ཟས་སྐྱུག་ཡི་ག་འཆུས། །སྤུ་རྩེ་ལུད་པ་སྐམ་པ་དང་། །སྣུམ་ཞིང་དཀར་བ་འབྱུང་བར་

འགྱུར། །སྟོབས་འགྱེད་ལ་སོགས་དྲག་ཤུལ་རྣམས། །མི་ནུས་བཞིན་བྱས་དེ་དང་དེས། །རླུང་གིས་བྲང་ནང་གློ་དྲལ་ལ། །མཁྲིས་པ་རྗེས་འབྲངས་དཀྱེལ་གྱུར་པ། །འཁྲུགས་ཏེ་ལུད་པ་ལུ་བར་བྱེད། །དེ་ནི་བད་ཀན་ཁྲག་བཅས་དང་། །སེར་ཞིང་གནག་ལ་སྐམ་པ་དང་། །རིལ་རིལ་པོར་མནམ་མང་དུ་འབྱུང་། །འབྱུང་ཚེ་གྲེ་བ་ན་བ་དང་། །

བྲང་ནི་དྲལ་བ་སྙམ་དུ་སེམས། །ཁབ་ནི་རྣོན་པོས་ཕུག་སྙམ་སེམས། །གཟེར་གྱིས་འདེབས་པར་བྱེད་པ་དང་། །ཚིགས་འབྱེ་རིམས་དང་དབུགས་མི་བདེ། །སྐད་འགགས་ལུས་འདར་སྐོམ་དད་ཆེ། །ཕུག་རོན་ལྟ་བུར་མཁུན་འབྱིན་ཏོ། །རྩིབ་ལོགས་གཟེར་འགྱུར་དེ་ནས་ནི། །རིམ་གྱིས་སྟོབས་དང་མེ་དྲོད་དང་། །ནུས་པ་ཉམས་ནི་འབྲི་བར་

འགྱུར། །ཟད་བྱེད་ཀྱིས་གཅིན་ཁྲག་དང་བཅས། །རྒྱབ་དང་རྐང་པ་ན་བར་འགྱུར། །གཙོ་བོ་རླུང་ནི་འཁྲུགས་པ་ཡིས། །ལུས་ཟུངས་ཟད་བྱེད་ནད་རྒྱལ་བོ། །གློ་གཅོང་གི་ནི་གནས་བྱེད་ཅིང་། །ལུད་པ་ལུ་ཞིང་བད་ཀན་འབྱུང་། །རྣག་འདྲ་མནམ་ཞིང་སེར་བ་དང་། །རུལ་ཞིང་རྩ་སྔོ་དམར་བ་དང་། །རྩིབ་ལོགས་བཏོན་པ་ལྟར་སེམས་ཤིང་། །སྙིང་ནི་

ལྟུང་བསྙམ་དུ་བྱེད། །རྒྱུ་མེད་དྲོ་དང་གྲང་བ་འདོད། །ཟས་མང་ཟ་ཞིང་ཉམས་སྟོབས་ཟད། །བཞིན་ནི་སྣུམ་ཞིང་དང་བར་སྣང་། །མིག་ནི་མདང་ལྡན་པ་ལྟ་སྡུག་འགྱུར། །དེ་ནས་དེ་ལས་ཟད་བྱེད་འགྱུར། །ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །དེ་ལྟར་གློ་རྡོལ་ལས་བྱུང་ལུད། །ཉམ་ཆུང་ལུས་ནི་འཇིག་བྱེད་དེ། །སྟོབས་ལྡན་གསོ་བ་བརྩམ་དུ་རུང་། །

གློ་གཅོང་ལས་བྱུང་དེ་དང་འདྲ། །དེ་གཉིས་གསར་བྱུང་མགོན་ལྡན་འགྲུབ། །ནད་གཞི་ཐ་དད་གསུམ་གསོར་རུང་། །གཉིས་འདྲེས་ཀུན་ཀྱང་རྒན་པོ་ནི། །ན་ཚོད་ཟད་བཏབ་འཚོ་བཙམ། །ལུད་པ་ཡལ་བར་བོར་བ་ལས། །དབུགས་མི་བདེ་དང་ཟད་བྱེད་སློན། །སྐད་འགགས་ལ་སོགས་ནད་འབྱུང་འགྱུར། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །ཡན་

ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་གསུམ་པའོ།། །།དེ་ནས་དབུགས་མི་བདེ་བ་དང་སྐྱིགས་བུས་བཏབ་པའི་ནད་གཞི་བཤད་པར་བྱའོ། །ལུད་པ་འཕེལ་བའམ་སྔར་ནད་གཞི། །འཁྲུགས་ལས་དབུགས་མི་བདེ་འབྱུང་འགྱུར། །མ་ཞུ་ཚད་འཁྲུ་སློན་དུག་འཐུངས། །སྐྱ་རྦབ་རིམས་བཏབ་ལས་ཀྱང་འབྱུང་། །

เล่ม ๑๙๘ · หน้า 134a

ཕྲན་ཚེགས་མུན་ཅན་ཆད་པ་དང་། །ཆེན་པོ་གྱེན་འབྱུང་རྣམ་པ་ལྔ། །བད་ཀན་གྱིས་ནི་རྒྱུ་ལམ་བཀག །རླུང་ནི་སྣ་ཚོགས་ཁྱབ་པར་གནས། །སྲོག་དང་ཟས་སྐོམ་རྒྱུ་བའི་ལམ། །སྦུ་གུ་ནད་ཀྱིས་བཀག་པས་ན། །མ་ཞུའི་གནས་ནས་འབྱུང་བའི་དབུགས། །བྲང་གནས་དབུགས་མི་བདེ་བར་བྱེད། །དེ་ཡི་སྔོན་

ཚུལ་སྙིང་རྩིབ་ལོགས། །གཟེར་ཞིང་སྲོག་རླུང་མི་མཐུན་རྒྱུ། །སྤོས་དང་མུར་འགྲམ་ན་བ་ཡིན། །དེས་ནི་དྲག་ཤུལ་འགྲངས་དྲགས་པས། །བསྐྱོད་པའི་རྔམ་པ་ཕྲན་ཚེགས་འགྱུར། །དེ་ནི་རང་ཉིད་ཞི་བར་འགྱུར། །རླུང་གིས་རྩ་སྦུབས་ལོགས་རྒྱུ་བྱེད། །བད་ཀན་སློངས་པར་གྱུར་ནས་ནི། །ཀླད་པ་མགུལ་བའི་ནང་སོང་སྟེ། །བྲང་དང་

རྩིབ་ལོགས་ན་བར་བྱེད། །ལུད་པ་ངར་སྒྲ་འཛེར་མི་དྲན། །ཆམ་པ་མི་བཟད་ཡི་ག་འཆུས། །མི་བཟད་ཤུགས་ནི་སྐྱེད་བྱེད་ཅིང་། །དབུགས་མི་བདེ་བདེའི་ཤུགས་ཀྱིས། །སྲོག་ལ་གནོད་འགྱུར་ལུད་པའི་མཐར། །སྐད་ཅིག་བདེ་བར་བྱེད་པ་ཡིན། །ཉལ་ཚེ་ཤིན་ཏུ་མི་བདེ་ལ། །འདུག་ན་ཅུང་ཟད་བདེ་བར་འགྱུར། །མིག་གདངས་

འཕྲལ་བའི་ཕྱོགས་ནས་ནི། །རྔུལ་འཛག་ཤིན་ཏུ་ན་བས་ཉེན། །ཁ་སྐམ་དབུགས་ནི་བསྟུད་མར་འབྱུང་། །དྲོ་བ་འདོད་ཅིང་འདར་དང་བཅས། །ཆར་འབབ་གྲང་དང་སེར་བུས་ཕོག །བད་ཀན་བསྐྱེད་པས་རྣམ་པར་འཕེལ། །མུན་ཅན་དེ་ནི་འཚོ་བྱ་ཙམ། །ཉམས་ལྡན་གསར་དུ་བཏབ་གསོ་སླ། །རིམས་དང་བརྒྱལ་

ལས་བྱུང་གང་བའི། །སྨན་གྱིས་ཞི་སྟེ་རབ་མུན་ཅན། །དབུགས་འཆད་དབུགས་འབྱིན་རྒྱུན་ཆད་པའི། །གནད་གཅོད་ནད་ཀྱིས་གཟིར་བར་བྱེད། །རྔུལ་བཅས་བརྒྱལ་དང་སྤོས་དང་བཅས། །ལྒང་པ་ཚ་ཞིང་གཅིན་འགགས་བྱེད། །མིག་མི་སྡུག་ཅིང་ཐུར་དུ་ལྟ། །མིག་གཅིག་དམར་ཞིང་དྲན་པ་སྟོར། །ཁ་སྐམ་སྨྲེ་ཞིང་སྐད་

གདངས་དམའ། །གཟིམ་དངས་ཉམས་ཤིང་སེམས་བྲལ་བའོ། །ཆེན་པོར་རོ་ཆེར་འབྱུང་ཞིང་། །སྒྲ་ཆེ་སྡུར་པ་དྲག་པ་དང་། །བསྐྱོད་པ་བཞིན་དུ་འབྱུང་འགྱུར་ཞིང་། །ཁྱུ་མཆོག་རྒྱགས་པའི་ང་རོ་འདྲ། །ཤེས་དང་རྣམ་ཤེས་རབ་ཉམས་ཤིང་། །མིག་འཁྲུལ་བཞིན་ནི་འགྱུར་བ་དང་། །རོ་སྟོད་ཞུམ་པར་འགྱུར་བ་དང་། །བཤང་

གཅི་འགགས་ཤིང་སྐད་གསང་ཉམས། །མགུལ་སྐམ་ཡང་དང་ཡང་མི་དྲན། །རྣ་བ་མུར་འགྲམ་ཀླད་པ་ན། །གྱེན་འབྱུང་དབུགས་ནི་རིང་དུ་འབྱིན། །སླར་ནི་ཐུར་དུ་རྔུབ་མི་ནུས། །བད་ཀན་གྱིས་ཁ་རྩ་སྒོ་འགགས། །རླུང་ནི་འཁྲུགས་པས་གཟིར་འགྱུར་བ། །གྱེན་དུ་བལྟ་ཞིང་འཁྲུལ་བྱེད་པས། །མིག་ནི་ཀུན་ཏུ་ལྟ་བྱེད་པ། །གནད་རྣམས་

เล่ม ๑๙๘ · หน้า 134b

འཆད་པར་བྱེད་བཞིན་དུ། །སྐད་འགགས་སྨྲེ་སྔགས་འདོན་པར་བྱེད། །འདི་དག་མ་ཚང་གསོར་རུང་ལ། །ཚང་ན་ངེས་པར་སྲོག་འཕྲོག་བྱེད། །དབུགས་མི་བདེ་རྒྱུ་སྔོན་ཚུལ་དང་། །གྲངས་དང་རང་བཞིན་རྟེན་གཅིག་ཡིན། །སྐྱིགས་བུ་ཐས་བྱུང་ཕྲན་ཚེགས་དང་། །ཟུང་དང་ཆེན་པོར་འབྱུང་བ་དང་། །

ཟ་བདག་དང་རྣམ་པ་ལྔ། །དེ་ལ་རླུང་གིས་རིང་ཟོས་དང་། །རྩུབ་ཚ་སྲ་དང་མ་གོམས་པའི། །ཟས་དང་སྐོམ་གྱིས་བཙིར་གྱུར་པའི། །རླུང་གིས་སྐྱིགས་བུ་ནད་མེད་དང་། །སྒྲ་མི་གྲག་ཅིང་སྦྲིད་འབྱུང་སྟེ། །གང་ཞིག་གོམས་པའི་ཟས་སྐོམ་གྱིས། །ཞི་འགྱུར་

སྐྱིགས་བུ་ཟས་བྱུང་ཡིན། །དྲག་ཤུལ་གྱིས་རླུང་ཅུང་ཟད་བེ་སྐྱོད། །སྐྱིགས་བུ་ཕྲ་མོ་འབྱུང་བར་འགྱུར། །ནམ་ཚོང་རྩ་བ་ནས་འབྱུང་བྱེད། །དེ་ནི་ཤུལ་ངལ་འཇམ་པ་ཡིན། །རྩོལ་བ་དྲག་པོ་འཕེལ་འགྱུར་ལ། །ཟས་ཟོས་ཙམ་གྱིས་དལ་བར་འགྱུར། །

ཟུང་འབྱུང་ཚིགས་ནི་རིང་བལ། །གང་ཞིག་ཟས་ལས་འབྱུང་འགྱུར་བ། །འཇུ་བར་ཉེ་བའི་ཚེ་ན་འདབས། །ཟས་ཞུ་ཟིན་ནས་འཕེལ་འགྱུར་བའོ། །མགོ་དང་མགུལ་པ་འདར་བྱེད་ཅིང་། །སྦོ་དང་ཤིན་ཏུ་སྐོམ་དད་སྐྱེད། །བླ་དང་སློན་དང་ཚད་པར་འཁྲུ། །མིག་

གདངས་གླལ་ནི་འབྱུང་བར་འགྱུར། །སྐྱིགས་བུ་ཟུང་འབྱུང་ཤུགས་དྲག་ལ། །ཞུ་དང་བཅས་པར་དེ་ཤེས་བྱ། །སྐྱིགས་བུ་ཆེན་པོ་འབྱུང་བའི་ཚུལ། །སྨིན་མ་མུར་འགྲམ་གཉིས་རེངས་ཤིང་། །མི་གནས་མ་ཆི་འཛག་ཧར་བར་ལྟ། །ལུས་རེངས་ཚིག་ནི་ཐོགས་

བྱེད་ཅིང་། །དྲན་དང་འདུ་ཤེས་འཁྲུལ་པར་བྱེད། །མིད་པའམ་སྦུབས་ནི་འགགས་བྱེད་ཅིང་། །གནད་ཀྱི་ཚོགས་ནི་སྐྱོད་པར་བྱེད། །རྒྱབ་སྒུ་ལུས་ནི་ཁོང་སྐེམ་བྱེད། །རྩ་བ་ཆེ་ཞིང་སྒྲ་ཆེ་ལ། །ནད་ཚབས་ཆེ་ཞིང་སྟོབས་ཆེར་འབྱུང་། །ཞུ་བའི་གནས་སམ་ལྟེ་འོག་

ནས། །སྔ་མ་འདྲ་བར་གང་ཞིག་འབྱུང་། །དེ་འདྲའི་ཚུལ་ནི་བསྟུད་མར་འབྱུང་། །གླལ་དང་རྐང་ལག་བྱ་རྨྱང་བྱེད། །བྲག་ཅ་ཟབ་འབྱུང་ཟབ་མོའོ། །དེ་རྣམས་ལས་ནི་དང་པོ་ཡི། །གཉིས་པོ་གསོ་བར་བྱ་བ་ཡིན། །ཐ་མ་གཉིས་དང་ཟུང་འབྱུང་བ། །མཚན་ཉིད་

เล่ม ๑๙๘ · หน้า 135a

ཀུན་རྫོགས་ཤུགས་དྲག་སྤང་། །འདི་དག་ཐམས་ཅད་ཡུན་རིངས་བསགས། །རྒད་པོ་བུད་མེད་ཀྱིས་དུབ་དང་། །ནད་ཀྱིས་ཉམ་ཆུང་ཟས་བཅད་པ། །གློ་རྡོལ་ནད་ཅན་སྤང་བར་བྱ། །ནད་ཀུན་གྱིས་འཆི་བྱེད་མོད་ཀྱི། །སྐྱིགས་བུ་དབུགས་མི་བདེ་བལྟར། །

ནད་གཞན་མྱུར་དུ་གསོད་མི་བྱེད། །འདི་དག་འཆི་ཚེ་ངེས་འབྱུང་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས་ནད་གཞིའི་གནས་ཀྱི་ལེའུ་བཞི་པའོ།། །།དེ་ནས་གློ་གཅོང་ཆེན་པོ་ཟད་བྱེད་ཀྱི་ལེའུ་བཤད་པར་བྱའོ། །ནད་ནི་དུ་མ་རྗེས་འབྲང་ཞིང་། །ནད་མང་སྔོན་དུ་

འགྲོ་འགྱུར་ལ། །རྒྱལ་པོ་ཟད་བྱེད་སྐེམ་བྱེད་དང་། །ནད་ཀྱི་རྒྱལ་པོ་ཞེས་ཀྱང་བཤད། །རྒྱུ་སྐར་རྣམས་དང་བྲམ་ཟེ་ཡི། །རྒྱལ་པོའི་གཅོང་དུ་སྔོན་གྱུར་ཅིང་། །གང་ཡང་ནད་ཀྱི་རྒྱལ་པོར་འགྱུར། །དེ་ཕྱིར་གནོད་པའི་རྒྱལ་པོར་བཤད། །ལུས་དང་སྨན་ནི་ཟད་བྱེད་ཅིང་། །

ཟད་ལས་འབྱུང་བས་ཟད་བྱེད་ཡིན། །དྲངས་སྩོགས་སྐེམས་པས་སྐེམ་བྱེད་ཡིན། །དེ་རྣམས་དེ་ལས་གསལ་པས་རྒྱལ། །དྲག་ཤུལ་བསྟེན་དང་ཤུགས་བཀག་དང་། །ཁུ་ཆུ་དྲངས་མ་སྣུམ་ཟད་དང་། །ཟས་སྐོམ་ཆོ་ག་དང་བྲལ་བསྟེན། །བཞི་པོ་འདི་དག་དེ་ཡི་རྒྱུ། །

དེ་ཡིས་རླུང་དང་མཁྲིས་པ་དང་། །བད་ཀན་བསླངས་ནས་ཐམས་ཅད་དུ། །ལུས་ཀྱི་ཚིགས་ཀུན་ལ་ཞུགས་ཏེ། །དེ་ཡིས་རྩ་སྒོ་ལ་གནོད་ཅིང་། །བུ་གའི་སྒོ་ནི་བཀག་པའམ། །ཡང་ན་ཤིན་ཏུ་ཁ་བྱེ་འགྱུར། །སྟོད་སྨད་ཐད་ཀར་གནས་ནས་ནི། །རང་གི་ནད་ནི་ཇི་བཞིན་

སྐྱེད། །དེ་འབྱུང་འགྱུར་བའི་སྔོན་ཚུལ་ནི། །ཆམ་འདེབས་སྦྲིད་པ་ཤིན་ཏུ་མང་། །མཆིལ་མ་ཁ་ནས་རོ་མངར་བྲོ། །ལུས་དང་མེ་དྲོད་ཉམ་ཆུང་བྱེད། །གཞོང་སྣོད་ཟས་སྐོམ་ལ་སོགས་ནི། །གཙང་ཡང་མི་གཙང་ཉིད་དུ་མཐོང་། །ཕལ་ཆེར་ཟས་དང་སྐོམ་སྩོགས་ལ།

སྦྲང་མ་སྐུ་དང་རྩ་སྩོགས་འབབ། །སྙིང་འཕར་སློན་བྲོ་ཡི་ག་འཆུས། །ཁ་ཟས་ཟོས་ཀྱང་ཉམས་སྟོབས་ཟད། །ལག་པར་ལྟ་ཞིང་རྐང་གདོང་སྐྲང་། །མིག་ནི་ཤིན་ཏུ་དཀར་པོར་སྣང་། །ལག་ངར་དག་ནི་འཇལ་བར་འདོད། །ལུས་ལ་འཇིགས་སུ་རུང་བར་མཐོང་། །བུད་མེད་

เล่ม ๑๙๘ · หน้า 135b

ཆང་དང་ཤ་ལ་དགའ། །སྨོད་དང་ཀླད་པ་འགེབས་པར་བྱེད། །སྐྲ་དང་སེན་མོ་ཤིན་ཏུ་འཕེལ། །རྨི་ལམ་དུ་ནི་ཕྱེ་མ་ལེབ། །རྩངས་པ་སྡིག་སྦྲུལ་གཅན་གཟན་སྤྲེའུ། །བྱ་རྣམས་ཀྱིས་ནི་གཙེས་པར་མཐོང་། །སྐྲ་རུས་ཕུབ་མ་ཐལ་སྩོགས་ཀྱི། །ཕུང་པོ་ལ་ནི་

འཛེགས་པ་དང་། །ཡུལ་དང་གྲོང་ནི་སྟོང་པ་དང་། །ཆུ་ཀླུང་སྐམས་པར་རྨི་ལམ་མཐོང་། །སྐར་མདའ་རི་བོ་ལྟུང་བ་དང་། །ལྗོན་ཤིང་རྣམས་ནི་འབར་བ་རྨི། །སྟོད་དུ་གནས་ན་ཆམ་པས་འདེབས། །ལུད་པ་ལུ་ཞིང་དབུགས་མི་བདེ། །ཕྲག་པ་སྤྱི་བོ་ན་བ་དང་། །སྐད་འགགས་ཡི་ག་འཆུས་པར་

འགྱུར། །སྨད་གནས་བཤང་སླ་རྟུག་སྐེམ་བྱེད། །ནང་གྲོལ་ནང་གནས་སློན་པར་བྱེད། །ཐད་ཀར་གནས་པས་རྩིབ་ལོགས་ཟུག །ཚིགས་ལ་གནས་ན་རིམས་སུ་འགྱུར། །དེ་ལྟར་ནད་ཚུལ་བཅུ་གཅིག་ནི། །གཅོང་ཆེན་ལྡན་ལས་འབྱུང་བར་འགྱུར། །དེ་རྣམས་ཀྱི་ནི་བླ་བརྣན་དག །སྐད་

འགགས་བྲང་དུ་ན་བ་དང་། །ཁ་གླལ་ལུས་གྲུགས་མཆིལ་སྣབས་མང་། །དྲོད་ཉམས་ཁ་མནམ་ཡིན་ཤེས་བྱ། །དེ་ལ་རླུང་གྱུར་ཀླད་པ་དང་། །རྩིབ་ལོགས་ཟུག་ཤ་ཡན་ལག་ན། །སྐད་འགགས་མགུལ་པ་སུབས་པར་འགྱུར། །མཁྲིས་རྒྱས་རྐང་ལག་ཕྲག་པ་ཚ། །

ཚད་འཁྲུ་ཁྲག་ཏུ་སློན་པ་དང་། །ཁ་མནམ་རིམས་འདེབས་མྱོས་པར་འགྱུར། །བད་ཀན་ལས་གྱུར་ཡི་ག་འཆུས། །སློན་ལུད་ལུས་དང་ཡན་ལག་ལྕི། །མཆིལ་སྣབས་མང་ཞིང་ཆམ་པས་འདེབས། །དབུགས་མི་བདེ་སྐད་འགགས་དྲོད་ཉམས། །ནད་ཀྱི་མེ་དྲོད་ཉམ་ཆུང་

བས། །འབྱར་བཅས་བད་ཀན་རྒྱས་གྱུར་ནས། །རྩ་སྦུབས་སྒོ་ནི་འགགས་པ་དང་། །ལུས་ཟུངས་དྲོད་ནི་ཆུང་འགྱུར་བས། །དངས་མ་རང་གི་གནས་སུ་ནི། །མ་ཞུ་བླ་བརྣན་དེ་དང་དེ། །སྐྱེད་ཅིང་ཤ་སྩོགས་མི་འགྱུར་ལ། །ཁྲག་ནི་གྱེན་དུ་འབྱུང་བར་བྱེད། །ཁོང་པ་ཉིད་དུ་ཟས་

འདུ་བས། །དངས་མར་འགྱུར་བར་མི་བྱེད་ཅིང་། །ཕལ་ཆེར་དྲི་མ་ཉིད་འགྱུར་གྱི། །ལུས་ཟུངས་འཕེལ་བར་མི་བྱེད་དོ། །དངས་མ་ཁྲག་ཏུ་མི་འགྱུར་ན། །ཤར་འགྱུར་བ་ལྟ་སྨོས་ཅི་དགོས། །ཟད་བྱེད་ཅན་ནི་བཤང་འཕེལ་བ། །འབའ་ཞིག་གིས་ནི་གནས་པར་བྱེད། །མཚན་

เล่ม ๑๙๘ · หน้า 136a

མ་ཆུང་ཡང་ཉམ་ཆུང་ཞིང་། །ནད་ཀྱིས་སྨན་གྱི་སྟོབས་མི་བཟོད། །སྤང་བྱ་དེ་ལས་གཞན་པ་ནི། །ཐམས་ཅད་ལྡན་ཡང་གསོ་བར་བྱ། །ནད་ནི་སྣ་རེ་འདུས་པ་དང་། །ཟད་བྱེད་ཚིལ་ལས་གྱུར་པ་དྲུག། །སྐད་འགགས་ཀྱི་ནི་དབྱེ་བ་ཡིན། །དེ་ལས་

རླུང་གཡོ་ཉམ་ཆུང་རྩུབ། །གྲེ་བ་གྲ་མས་གང་སྙམ་བྱེད། །དེ་ལ་སྣུམ་དྲོ་འོ་མ་ཕན། །མཁྲིས་པ་ལས་གྱུར་རྐན་ལྐོག་ཚ། །སྐམ་ཞིང་སྨྲ་བར་མི་ནུས་འགྱུར། །བད་ཀན་མགུལ་བ་བྱུགས་སྙམ་བྱེད། །སྐད་ཀྱི་གསང་དམའ་ངར་ངར་འཛེར། །ཐོགས་བཅས་

འགྱུར་རོ་ཐམས་ཅད་ཀྱི། །མཚན་མ་ཐམས་ཅད་ལྡན་པ་ཡིན། །ཟད་བྱེད་ལས་ནི་དྲུད་སྙམ་བྱེད། །དུ་བས་བདུགས་ལྟར་ཤིན་ཏུ་ན། །ཚིལ་གྱུར་བད་ཀན་བདག་གཉིད་ཅན། །ཚིག་གི་བརྡ་སྤྲོད་མི་ནུས་འགྱུར། །འདིར་ནི་འདུས་དང་ཐ་མར་སྤང་། །ཡི་ག་འཆུས་པའི་ནད་

རྣམས་ནི། །ལྕེ་སྙིང་གནས་པ་སོ་སོ་དང་། །འདུས་པ་དང་ནི་ཡིད་ཀྱི་ནི། །གདུང་བ་ལས་གྱུར་ལྔ་པ་ཡིན། །ཁ་ནི་བསྐ་དང་ཁ་མངར་བྲོ། །རླུང་སྩོགས་གསུམ་དང་རིམ་བཞིན་སྦྱར། །ཀུན་ལས་གྱུར་པ་རོ་བྲོ་མེད། །མྱ་ངན་ཁྲོ་སྩོགས་ནད་ཇི་བཞིན། །སློན་བྲོ་ནད་གཞི་

སྣ་རེ་ཀུན། །མི་སྡུག་ཡུལ་ལས་བྱུང་ལྔ་པ། །འདི་དག་སྟོད་དུ་རྒྱུ་བའི་རླུང་། །འཁྲུགས་པས་ནད་ནི་ཐམས་ཅད་ཕུལ། །དེ་རྣམས་བསླངས་ན་ཁ་ཚ་བྲོ། །མཆིལ་མང་ཡི་ག་འཆུས་སྔོན་བྱུང་། །རླུང་གྱུར་ལྟེ་བ་རྒྱབ་ཏུ་ཟུག །རྩིབ་ལོགས་ན་ཞིང་ཟས་སློན་ནས། །

ཅུང་ཟད་འབྱུང་ཞིང་ཆད་པ་དང་། །རོ་བསྐ་ལྦུ་བ་ཅན་དུ་སྐྱུགས། །སྒྲེགས་པའི་སྒྲ་བཅས་མདོག་གནག་ལ། །སླ་ཞིང་འབྱུང་དཀའ་སྒྲ་དང་བཅས། །ལུད་པ་ཁ་སྐམ་གླད་སྙིང་ན། །སྐད་འགགས་པ་དང་ཁོང་སྙོམ་བཅས། །མཁྲིས་གྱུར་ཐལ་ཆུ་འདྲ་བ་ལ། །དུང་ཁ་

ལྗང་སྔོན་མདོག་སེར་སྐྱུག །ཁྲག་བཅས་རོ་སྐྱུར་ཚ་ཞིང་བྲོ། །སྐོམ་དད་བརྒྱལ་ཚ་བརྡུངས་བཅས་ཡིན། །བད་ཀན་ལས་བྱུང་སྣུམ་བསྐ་བསིལ། །ནལ་ནལ་བོར་འདུག་དྲ་བ་རིས། །རོ་མངར་ལན་ཚྭ་བྲོ་ཚབས་ཆེ། །ཆགས་ཤིང་བ་སྤུ་བརྩེ་བར་བྱེད། །གདོང་

เล่ม ๑๙๘ · หน้า 136b

སྐྲང་ཁ་ནང་མངར་བ་བྲོ། །སྙོམ་ཞིང་སྙིང་ན་ལུད་པ་ཅན། །གསུམ་ཆར་ལས་བྱུང་རྟགས་ཀུན་ལྡན། །འཆི་ལྟས་ལས་བཤད་གང་དེ་སྤང་། །རུལ་དང་མི་གཙང་བཙོག་པ་དང་། །སྐྱུགས་བྲོ་མཐོང་དང་ཐོས་སྩོགས་ཀྱིས། །ཡིད་གདུང་སྙིང་ལ་ཕོག་གྱུར་སློན། །

མི་སྡུག་ཡུལ་ལས་བྱུང་བ་ཡིན། །ཡིད་མི་བདེ་སྐོམ་སྲིན་བེའུ་སྣབས། །རླུང་སྩོགས་ཉིད་ལ་གནས་པར་བརྟག །གཟེར་དང་འཕར་དང་སྙིང་ན་བ། །བྱེ་བྲག་ཏུ་ནི་སྲིན་བུའི་ནད། །སྲིན་བུའི་སྙིང་ནད་མཚན་མ་ལས། །དེ་ནི་ཤེས་པར་བྱ་བ་ཡིན། །སྙིང་ནད་ནད་

ནི་རེ་རེ་འདུས། །སྲིན་བུ་ལས་གྱུར་རྣམ་ལྔར་བཤད། །རླུང་གིས་ཤིན་ཏུ་ཟུག་ཅིང་ན། །གས་དང་བཤགས་པ་སྙམ་དུ་སེམས། །བཅོམ་སྙམ་སེམས་ཤིང་སྐམ་ལ་རེངས། །སྙིང་ག་སྟོང་སྙམ་ཟག་པར་བྱེད། །རྒྱུ་མེད་ཞུམ་ཞིང་མི་དགའ་ལ། །འཇིགས་

ཤིང་དགྲ་ནི་མི་བཟོད་ཅིང་། །འཕར་ཞིང་འགྲེ་ལ་གཅུས་སྙམ་བྱེད། །རྨོངས་བག་དབུགས་ཐུང་གཉིད་ཆུང་འགྱུར། །མཁྲིས་གྱུར་སྙོམ་དང་མགོ་འཁོར་བརྒྱལ། །ཚ་རྔུལ་སྙིང་ག་སྐྱུར་ལུས་སྙོམ། །མཁྲིས་པ་སྐྱུར་བ་སློན་པར་བྱེད། །དུད་པ་ཁར་སོང་སེར་རིམས་

འདེབས། །བད་ཀན་ལས་བྱུང་སྙིང་ག་རེངས། །ཁོང་ན་རྡོ་བཅུག་ལྟ་བུར་ལྕི། །དྲོད་ཉམས་མཆིལ་མང་ལུད་པ་ལུ། །གཉིད་ཆེ་སྙོམ་རིམས་ཡི་ག་འཆུས། །ཉེས་གསུམ་མཚན་ཉིད་ཐམས་ཅད་ལྡན། །སྲིན་བུས་མིག་ནི་གནག་པ་དང་། །མུན་པར་

ཞུགས་སྙོམ་བྱེད་སྙིང་འཕར། །ལུས་སྐམ་གཡའ་ཞིང་བད་ཀན་འཛག །འདི་ནི་རྟག་ཏུ་སོག་ལེ་ཡིས། །སྙིང་ལ་འདྲུད་པ་ལྟ་བུར་སེམས། །མི་བཟད་ནད་དེས་མྱུར་གསོད་པས། །དེ་ནི་རིངས་པར་གསོ་བར་བྱ། །སྐོམ་དང་རླུང་མཁྲིས་བད་ཀན་དང་། །འདུས་

པ་དངས་མ་ཟད་པ་དང་། །ནད་འདྲེས་པ་ལས་དྲུག་ཏུ་འགྱུར། །དེ་ལྟར་གྱུར་པ་ཐམས་ཅད་ལ། །རླུང་མཁྲིས་གཉིས་ནི་རྒྱུ་ཡིན་ཏེ། །དེ་འཁྲུགས་ལུས་ཟུངས་བསིལ་བ་ནི། །སྐམས་ནས་ལྡང་བར་འགྱུར་བ་ཡིན། །ལུས་ཀུན་འདར་ཞིང་མགོ་འཁོར་ཚ། །སྐོམ་དང་ཁོང་ཚ་རྨོངས་པར་བྱེད། །

เล่ม ๑๙๘ · หน้า 137a

ལྕེ་དྲུང་མགུལ་པ་གློ་བ་དང་། །སྐོམ་དད་སྐོམ་འཐུངས་རྒྱུ་བའི་རྩ། །སྐོམ་པས་སྐོམ་དད་སྐྱེ་བར་འགྱུར། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། །ཁ་སྐམ་སྐོམ་གྱིས་མི་ངོམས་དང་། །ཟས་ལ་མི་དགའ་སྐད་འགགས་དང་། །གྲེ་བ་ལྕེ་མཆུ་རྩུབ་མོར་འགྱུར། །ལྕེ་འབྱིན་བྱེད་ཅིང་ཁོང་སྙོམ་

ལ། །བླ་ཞིང་སེམས་ནི་མྱོས་པ་དང་། །དེ་བཞིན་སྐོམ་གདུང་ནད་དུ་འགྱུར། །ལུས་སྐམས་རྨྱ་ཞིང་འོན་པ་དང་། །རྨོངས་བག་མགོ་འཁོར་སྙིང་ནད་དེ། །འདི་ལྟ་བུ་ཡི་ནད་རྣམས་ནི། །སྐོམ་པས་གདུངས་ལས་སྐྱེ་བར་འགྱུར། །རླུང་འགྱུར་ཁོང་རྨྱ་ཉམ་ཆུང་ལ། །མུར་འགྲམ་ཟུག་ཅིང་ཀླད་པ་འཁོར། །སྣ་ལྕེས་དྲི་

དང་རོ་མི་ཚོར། །འོན་ཞིང་གཉིད་མེད་ཉམས་སྟོབས་ཟད། །ཆུ་གྲང་འཐུངས་ན་སྐོམ་འཕེལ་འགྱུར། །མཁྲིས་པ་ཁ་ནང་རོ་ཁྱབ་རྒྱལ། །མངར་པོར་མཐོང་ཞིང་རྟག་པར་ནི། །ཁ་སྐམ་ཁོང་ཚ་དབུགས་མནམ་པའོ། །བད་ཀན་ལྡང་བས་སྐོམ་རྒྱུའི་རྩ། །བཀག་པས་རླུང་ནི་འཁྲུགས་གྱུར་ནས། །དེ་ཚེ་དེ་ཡིས་བད་ཀན་

ནི། །འདམ་བཞིན་དེ་ཡིས་སྐེམ་པར་བྱེད། །མགུལ་པ་གྲ་མས་གང་སྙམ་སེམས། །གཉིད་ཆེ་ཁ་ནང་མངར་བར་བྲོ། །ལྟོ་བ་མགོ་བོ་ཚོར་བ་ཆུང་། །རྨོངས་བག་སློན་གྱུར་ཡིག་འཆུས། །ལུས་སྐམ་ཁ་ཟས་མི་འཇུའོ། །ཀུན་ལས་གྱུར་པ་རྟགས་ཀུན་ལྡན། །བེའུ་སྣབས་ལས་གྱུར་ཁ་ཟས་ནི། །མིད་དཀའ་རླུང་མཁྲིས་ལས་

གྱུར་ཡིན། །ཚ་བས་ངལ་བས་འཕྲལ་དུ་ན། །ཆུ་གྲང་བསྟེན་གྱུར་སྐོམ་དད་ཆེ། །ཁོང་པར་ཚ་བ་བསྡུས་པ་ཡིས། །སྐོམ་དད་དེ་ནི་མཁྲིས་སྐྱེས་ཡིན། །གང་ཡང་ཆང་དྲགས་མེ་དྲོད་རྣོ། །སྣུམ་ཟོས་སྐྱེས་པའང་མཁྲིས་འབྱུང་ཡིན། །སྣུམ་ཞིང་སྐྱུར་དང་ལན་ཚྭའི་བག །ཟོས་པས་བད་ཀན་ལས་སྐྱེས་འགྱུར། །ཟད་བྱེད་ལས་

ནི་སྐོམ་དད་འགྱུར། །དངས་མ་ཟད་དང་མཚན་ཉིད་འདྲ། །ཁོང་སྐམ་གཅིན་ནད་རིམས་ནད་སྩོགས། །ཡུན་རིངས་ནད་ནི་རིམས་སྐོམ་ནད། །གང་ཞིག་སྐོམ་དང་མི་བཟང་སྐྱེས། །དེ་ནི་འདྲེས་ལས་འབྱུང་བར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་ལྔ་པའོ། །

དེ་ནས་ཆང་ནད་ཀྱི་ནད་གཞི་བཤད་པར་བྱའོ། །རྣོ་དང་དྲོད་ཆེ་རྩུབ་ཕྲ་སྐྱུར། །ཉལ་པོ་འདོད་མྱུར་བྱེད་དང་ཡང་། །གསལ་དང་དང་བར་བྱེད་པར་བཤད། །མདངས་ནི་འདི་ལས་གོ་བཟློག་ཡིན། །དུག་ཀྱང་རྣོ་སྩོགས་ཡིན་མོད་ཀྱིས། །སེམས་ལ་གནོད་པར་བྱེད་པ་ཡིན། །ནུས་པས་འཆི་བར་བྱེད་པས་ན། །དུག་

เล่ม ๑๙๘ · หน้า 137b

ནི་ལྷག་པར་མཐུ་ཆེའོ། །ཆང་ནི་རྣོ་སྩོགས་ཡོན་ཏན་གྱི། །མདངས་ཀྱི་ཡོན་ཏན་རྟུལ་ལ་སྩོགས། །བཅུ་པོ་བཅུ་ཡིས་འཁྲུགས་བྱས་ནས། །སེམས་ནི་སྒྱུར་བར་བྱེད་པ་ཡིན། །ར་རོ་དང་པོ་གཉིས་པ་ཡིས། །བག་མེད་པ་ཡི་གནས་ལ་གནས། །རྣམ་རྟོག་ངན་བཅོམ་རྨོངས་པ་རྣམས། །

བདེ་བ་ཡིན་སྙམ་སེམས་པར་འགྱུར། །འབྲིང་དང་ཆེན་པོ་བར་གྱི་ཚེ། །རྔུལ་དང་མུན་པའི་རང་བཞིན་ཅན། །གླང་ཆེན་ལྕགས་ཀྱུ་མེད་པ་ལྟར། །རྨོངས་པས་མི་བྱ་ཅི་ཡང་མེད། །འདི་ནི་ཁ་ནམ་ཐོའི་གནས། །འདི་ནི་ཚུལ་ཁྲིམས་འཆལ་པའི་གཞི། །འདི་གཅིག་ངན་འགྲོར་

འགྲོ་བའི་ལམ། །མང་པོ་སྟོན་པར་བྱེད་པ་ཡིན། །ར་རོ་གསུམ་པའི་ཚེ་ན་ནི། །སེམས་མེད་པར་ནི་རོ་ལྟར་ཉལ། །ཉེས་པའི་བདག་ཉིད་ཤི་བ་ལས། །ཤིན་ཏུ་མ་རུངས་གནས་སྐབས་འཐོབ། །ཆོས་དང་ཆོས་མིན་བདེ་དང་སྡུག །དོན་དང་དོན་མིན་ཕན་དང་གནོད། །གང་ལ་ཆགས་

པ་མི་ཤེས་པ། །དེ་ལ་མཁས་པས་ཇི་ལྟར་བསྟེན། །ཆང་ལས་མྱོས་འཇིགས་མྱ་ངན་དང་། །ཁྲོ་དང་སྲོག་དང་བྲལ་བ་ནས། །སྨྱོ་བྱེད་མྱོས་དང་བརྒྱལ་བར་བཅས། །བརྗེད་བྱེད་བཅས་པ་ཀུན་སོང་ནད། །གང་དུ་དྲན་པ་ཉམས་གཅིག་ཡོད། །དེར་ནི་མི་དགེ་ཐམས་ཅད་འབྱུང་། །

མི་འཕྲོད་ཟས་ནི་ཟོས་པས་ཀྱང་། །ནད་དམ་ཡང་ན་འཆི་བར་འགྱུར། །ཆང་ནི་སྡེ་ཚན་གསུམ་བློ་ལྡན། །ངོ་ཚ་སྩོགས་ཀྱང་འཇིག་པར་བྱེད། །ཉམས་སྟོབས་ལྡན་དང་ཟས་ཟོས་དང་། །ཟས་ཆེར་ཟ་དང་སྣུམ་བག་ཟ། །སྙིང་སྟོབས་ལང་ཚོར་ལྡན་པ་དང་། །རྟག་ཏུ་ཆང་འཐུངས་དེའི་རིགས་སྐྱེས། །

ཚིལ་དང་བད་ཀན་ཤས་ཆེ་ལ། །རླུང་དང་མཁྲིས་པ་ཤས་ཆུང་དང་། །མེ་དྲོད་ཆེ་ཞིང་བརྟན་པ་རྣམས། །ཤས་ཆེར་ར་རོར་མི་འགྱུར་རོ། །དེ་ལས་བཟློག་པ་ཆང་དད་ཅན། །ཁྲོས་དང་ཆང་རྩུབ་སྐྱུར་ཤས་ཆེ། །མ་ཞུར་བཅས་དང་མངའ་འཐུང་པ། །གང་ཡིན་ཤས་ཆེར་ར་རོར་འགྱུར། །རླུང་

མཁྲིས་བད་ཀན་ཀུན་ལས་བྱུང་། །ཆང་ནད་རྣམ་པ་བཞིར་འགྱུར་རོ། །ཀུན་ཀྱང་ཀུན་ལས་སྐྱེས་མོད་ཀྱི། །ཤས་ཆེ་བ་ལས་མིང་དུ་བཏགས། །དེ་རྣམས་ཀྱི་ནི་སྤྱི་མཚན་ཉིད། །རྨོངས་དང་སྙིང་ནི་ན་བ་དང་། །འཁྲུ་ཞིང་རྟག་ཏུ་སྐོམ་དད་ཆེ། །ཚ་གྲང་རིམས་འདེབས་ཡི་ག་འཆུས། །

เล่ม ๑๙๘ · หน้า 138a

མགོ་བོ་རྩིབ་རུས་ན་དང་འདར། །གནད་འཇིག་ལྟག་པ་ན་བ་དང་། །བརླ་རེངས་རབ་རིབ་ཁྱེར་བ་དང་། །ལུད་པ་དབུགས་མི་བདེ་གཉིད་མེད། །རྔུལ་ཆེར་འབྱུང་ཞིང་བཤང་བ་འགགས། །སྐང་ཞིང་སེམས་ནི་འཁྲུལ་པ་དང་། །བླ་ཞིང་སློན་པར་བྱེད་པ་དང་། །

མགོ་འཁོར་རྨི་ལམ་ངན་མཐོང་བའོ། །རླུང་གྱུར་ཁྱད་པར་གཉིད་མི་འོང་། །དབུགས་མི་བདེ་ཞིང་ཀླད་ན་འདར། །རྨི་ལམ་དུ་ནི་འཕྱན་ཞིང་འཕུར། །གཤིན་པོ་རྣམས་དང་གཏམ་སྨྲ་རྨི། །མཁྲིས་པས་ལུས་ཚ་སྐད་འགགས་དང་། །རྨོངས་བག་ཚད་འཁྲུ་སྐོམ་མགོ་འཁོར། །

ལུས་མདོག་ལྗང་དང་སེར་བ་དང་། །མིག་དང་མཁུར་ཚོས་དམར་བར་འགྱུར། །བད་ཀན་གྱིས་སློན་སྙིང་ན་དང་། །གཉིད་ཆེ་གྲང་འདར་ཡན་ལག་ལྕི། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ཆང་སྤངས་པ་ལས་འཕྲལ་དུ་ནི། །མང་དུ་འཐུངས་སམ་མ་གོམས་

འཐུངས། །དེ་ལས་འཇོམས་དང་ལུས་སྐམ་ནད། །རླུང་ལས་སྡུག་བསྔལ་ལྡན་པ་འབྱུང་། །ཉམ་ཆུང་བ་ལ་མཆོག་ཏུ་འབྱུང་། །འཇོམས་པས་བད་ཀན་མཆིལ་མ་མང་། །ལྐོག་མ་སྐམས་ཤིང་གཉིད་རབ་ཆེ། །སྒྲ་དྲག་མི་བཟོད་གློང་བག་འགྱུར། །ལུད་སྐམ་ཡན་ལག་

མགོ་རབ་ན། །སྙིང་ནད་མགུལ་ནད་རྨོངས་བག་དང་། །ལུད་པ་སྐོམ་དད་སློན་རིམས་འདེབས། །གང་ཞིག་ཆང་རྣམས་སྤངས་པས་ནི། །དབང་པོ་ཐུལ་ཞིང་བརྟགས་ཏེ་བྱེད། །ནམ་ཡང་དེ་ལ་ལུས་སེམས་ཀྱི། །སྐྱོན་རྣམས་འབྱུང་བར་མི་འགྱུར་རོ། །རྡུལ་དང་མུན་པ་མི་འཕྲོད་

ཟས། །མཆོག་ཏུ་བསྟེན་ལས་ནད་གསུམ་འབྱུང་། །དངས་མ་ཁྲག་དང་སེམས་རྒྱུ་བའི། །རྩ་སྦུབས་བཀག་པ་ལས་བྱུང་བ། །མྱོས་དང་བརྒྱལ་དང་ཀུན་སོང་ནད། །ཕྱི་མ་བཞིན་དུ་སྟོབས་རབ་ཆེ། །འདིར་མྱོས་ནད་སྣ་རེ་རེ་ཀུན། །ཁྲག་ཆང་དུག་རྣམས་ལས་ཀྱང་འབྱུང་། །

རླུང་ལས་གཏམ་ལ་ཆགས་པ་དང་། །མང་སྨྲ་ཉུང་སྨྲ་སྤྱོད་པ་འཁྲུལ། །ལུས་ནི་རྩུབ་གནག་དམར་བ་ཡི། །མྱོས་པ་རླུང་ལས་སྐྱེས་པ་ཡིན། །མཁྲིས་པ་ལས་ཁྲོ་དམར་བ་དང་། །སེར་པོར་སྣང་ཞིང་རྩོད་ལ་དགའ། །བད་ཀན་ཚིག་ཉུང་འབྲེལ་སྨྲ་སྐྱ། །སེམས་

เล่ม ๑๙๘ · หน้า 138b

ལས་ཆེ་ཞིང་ལེ་ལོ་ཆེ། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཁྲག་ལས་མིག་དང་ཡན་ལག་རེངས། །མཁྲིས་པའི་མཚན་ཉིད་ལྡན་པ་ཡིན། །ཆང་གིས་ཡན་ལག་སྐད་བསྐྱོད་འགྱུར། །དུག་གིས་འདར་ཞིང་གཉིད་རབ་ཆེ། །དེ་ནི་ཀུན་ལས་མྱོས་ཚབས་ཆེ། །

ཁྲག་སྩོགས་པ་ཡིས་རླུང་སྩོགས་པའི། །མཚན་ཉིད་ལྷག་པར་ཤེས་པར་བྱ། །བརྒྱལ་བ་རླུང་གི་བདག་ཉིད་ཅན། །ནམ་མཁའ་དམར་སྔོ་གནག་པར་ནི། །མཐོང་ཞིང་མུན་པར་ཞུགས་སྙམ་སེམས། །མྱུར་དུ་སངས་པར་བྱེད་པ་དང་། །སྙིང་ན་འདར་ཞིང་

མགོ་འཁོར་ལ། །སྐེམ་ཞིང་བཞིན་མདོག་དམར་ནག་འགྱུར། །མཁྲིས་པས་དམར་བའམ་སེར་པོར་ནི། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །སངས་ནས་རྡུལ་དང་བཅས་པ་དང་། །ཚ་སྐོམ་གདུངས་པས་ཉེན་པ་དང་། །འཁྲུ་ཞིང་ཁ་དོག་སེར་

དང་དམར། །མིག་དམར་སེར་བར་སྣང་བར་འགྱུར། །བད་ཀན་གྱིས་ནི་སྤྲིན་ལྟ་བུར། །ནམ་མཁའ་མཐོང་ཞིང་མུན་འཐིབས་བྱེད། །རིངས་ནས་སངས་པར་འགྱུར་བ་དང་། །སྙིང་ན་བཅས་པས་མཆིལ་མ་མང་། །པགས་པ་རློན་པས་གཡོགས་པ་བཞིན། །ཡན་

ལག་ལྕི་ཞིང་ཚོར་བ་ཆུང་། །ཉེས་པ་གསུམ་གྱི་མཚན་ཀུན་ལྡན། །བརྗེད་བྱེད་གཉིས་པ་ལྟ་བུ་སྟེ། །མྱུར་དུ་འགྱེལ་ཞིང་བརྒྱལ་འགྱུར་ལ། །འཇིགས་རུང་སྤྱོད་པ་མེད་པ་ཡིན། །ལུས་ཅན་མྱོས་དང་བརྒྱལ་བ་ཡིས། །ནད་ལ་ཤུགས་ཡོད་གྱུར་ཀྱང་ནི། །

རང་ཉིད་ཞི་བར་འགྱུར་བ་ཡིན། །ཀུན་ཞུགས་སྨན་མེད་པར་མི་ཞི། །ནད་ནི་ཤིན་ཏུ་སྟོབས་ཆེ་ལ། །འདུས་པ་ལས་གྱུར་ཀུན་ཞུགས་པ། །སྲོག་གི་གནས་ལ་བརྟེན་པ་ཡིས། །ལུས་དང་ངག་ཡིད་སྤྱོད་པ་འཕྲོག །དེ་ཡིས་སྐྱེས་བུ་རོ་དང་ནི། །ཤིང་དང་

རྩིག་པ་འདྲ་བར་བྱེད། །རིངས་པར་གསོ་བར་མ་བྱས་ན། །མྱུར་དུ་འཆི་བར་བྱེད་པ་ཡིན། །མཚོ་ཟབ་ཆུ་སྲིན་མང་པོ་ཅན། །ཆུ་འཇིང་འཇུག་ངོགས་མེད་པར་ནི། །ཀུན་ཞུགས་པ་ནི་ནུབ་བྱེད་ལ། །མི་ནི་མྱུར་དུ་གདོན་པར་བྱ། །རིགས་པས་བརྟེན་དང་བྲལ་

เล่ม ๑๙๘ · หน้า 139a

བའི་ཆང་འཐུངས་པས། །མྱོས་དྲེགས་ཁྲོ་དང་བྲལ་བའི་རང་བཞིན་ཅན། །རང་གི་དགྲ་བོས་ཡོངས་སུ་འཁྱུད་འགྱུར་ཞིང་། །རིགས་དང་མི་རིགས་མཉམ་པར་བྱེད་པར་འགྱུར། །སྟོབས་དང་དུས་དང་ཡུལ་དང་གོམས་པ་དང་། །རང་བཞིན་གྲོགས་

དང་ན་ཚོད་ནད་རྣམས་ནི། །ལེགས་བརྟགས་དེ་དང་རྗེས་མཐུན་གང་ཞིག་འཐུང་། །དེ་ནི་བདུད་རྩི་འཐུངས་དང་མཚུངས་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་དྲུག་པའོ།། །།དེ་ནས་གཞང་འབྲུམ་གྱི་ནད་གཞི་

བཤད་པར་བྱའོ། །དགྲ་ལྟར་སྲོག་ཆགས་རྣམས་ཀྱི་ཚེ། །གཞང་འབྲུམ་འབྱུང་བས་གསོད་བྱེད་པས། །དེ་ཕྱིར་བཤང་བའི་ལམ་འགེགས་པས། །གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ནད་ཀྱིས་ལྤགས་ཚིལ་ཤ་རྣམས་ནི། །གནོད་བྱས་དབྱིབས་ནི་སྣ་ཚོགས་པའི། །

ཤ་ཡི་མྱུ་གུ་གཞང་སྩོགས་སུ། །སྐྱེས་དེ་གཞང་འབྲུམ་ཡིན་པར་བཤད། །ལྷན་ཅིག་སྐྱེས་དང་ཕྱིས་འབྱུང་དང་། །སྐམ་དང་ཁྲག་ཏུ་འཛག་པ་ཡི། །དབྱེ་བས་མདོར་ན་རྣམ་གཉིས་ཡིན། །གཞང་ནི་རྒྱུ་མ་སྦོམ་པོར་བརྟེན། །སོར་ནི་ཕྱེད་དང་ལྔ་ཡོད་དོ། །

གཉེར་གསུམ་སོར་ནི་ཕྱེད་དང་གཉིས། །རིམ་པ་དེ་ཡི་ནང་མ་ནི། །ཕྱིར་འཕུལ་བར་མ་སེལ་བ་ཡིན། །དེ་ཡི་ཕྱི་རོལ་འཛུམ་པ་ཡིན། །དེ་ཡི་ཕྱི་རོལ་སོར་གཅིག་ཁ། །ནས་ནི་ཕྱེད་དང་གཉིས་ཀྱི་ཚད། །དེ་ཕན་ཆད་ནི་སྤུ་སྐྱེ་འགྱུར། །དེ་ལ་ལྷན་ཅིག་སྐྱེས་

པའི་རྒྱུ། །གཉེར་མའི་ས་བོན་གནོད་འགྱུར་ཉིད། །གཞང་འབྲུམ་ས་བོན་གནོད་པ་ཡང་། །ཕ་མས་མི་འཕྲོད་ཟོས་པ་དང་། །སྔོན་ལས་དེ་གཉིས་དང་འདུས་པ། །འཁྲུགས་པ་ལས་གྱུར་དེ་དག་ནི། །གསོར་མི་རུང་བ་ཉིད་དུ་བཤད། །རིགས་འབྱུང་ནད་ཀུན་དེ་

དང་འདྲ། །ལྷན་ཅིག་སྐྱེས་པ་ཁྱད་པར་དུ། །རྩུབ་ཅིང་བརྟ་བར་དཀའ་བ་དང་། །ནང་དུ་ཁ་བལྟས་དཀར་བ་དང་། །བླ་བརྣན་མི་བཟོད་ཅན་གསོ་དཀའ། །ཅིག་ཤོས་དྲུག་སྟེ་ནད་ཐ་དད། །འདྲེས་དང་འདུས་པ་ཁྲག་ལས་འབྱུང་། །རླུང་དང་བད་ཀན་གཉིས་ལས་

เล่ม ๑๙๘ · หน้า 139b

སྐམ། །ཁྲག་དང་མཁྲིས་པ་ལས་རླན་ཅན། །ནད་རྣམས་ལྡང་རྒྱུ་སྔར་བཤད་པ། །འཁྲུགས་པ་དེ་ཡིས་ཁོང་པ་ཡི། །མེ་དྲོད་ཉམས་ཤིང་བཤང་བ་འཕེལ། །གཞན་ཡང་ཉལ་བོ་རབ་དྲགས་དང་། །གཞོན་པས་ཁོང་དཀྲུགས་སྟན་དག་ནི། །མ་སྙོམས་སྲ་དང་ཙོག་

པུར་འདུག །འཇམ་རྩིའི་གཅེའུ་ས་དང་ནི། །རྡོ་དང་གོས་ཀྱིས་དྲུད་པ་དང་། །ཤིན་ཏུ་གྲང་བའི་ཆུས་བཀྲུས་དང་། །རྟག་ཏུ་འཁྲུ་བར་བྱེད་པ་དང་། །བཤང་དང་གཅི་དང་འཕྱེན་གྱི་ཤུགས། །བཀག་དང་ནན་གྱིས་བཙིར་བ་དང་། །རིམས་དང་སྐྲན་དང་ཚད་པར་འཁྲུ། །

འོར་ནད་སྐྱ་རྦབ་བེ་སྣབས་ཀྱིས། །སྐེམས་བྱས་གནོད་པར་འགྱུར་བ་ཡི། །སྤྱོད་པ་བསྟེན་ལས་འབྱུང་བར་འགྱུར། །བུད་མེད་ཟླ་གྲངས་མ་ཚང་འཕྱིལ། །ཟླ་བ་རྫོགས་པས་གཟིར་ལས་འབྱུང་། །དེ་འདྲ་དག་དང་གཞན་ཡང་རླུང་། །ཐུར་སེལ་འཁྲུགས་པས་དྲི་མ་ནི། །

གཞང་གི་གཉེར་མར་དེ་གཞག་པས། །དེ་ནི་མི་མངོན་གྱུར་པས་གནས། །གཞང་འབྲུམ་འབྱུང་བར་འགྱུར་བ་ཡིན། །དེ་ཡི་སྔོན་ཚུལ་མེ་དྲོད་ཉམས། །བརླ་ནི་རེངས་ཤིང་ན་བ་དང་། །བྱིན་པའི་ཉྭ་ན་མགོ་འཁོར་ཞིང་། །ཡན་ལག་ན་ཞིང་མིག་གཉིས་སྐྲང་། །

བཤང་བ་འཁྲུ་བའམ་ཡང་ནི་སྲི། །རླུང་ཆེན་ནང་ནས་འཁྱིལ་བ་དང་། །ཕལ་ཆེར་ལྟེ་བའི་འོག་ནས་རྒྱུ། །ནད་བཅས་བཅད་པ་ལྟ་བུར་སེམས། །དཀའ་བར་འབྱུང་ཞིང་སྒྲ་ཅན་འབྱུང་། །རྒྱུ་མ་ཀྲུལ་ཀྲུལ་ཟེར་ཞིང་སྤོས། །སྐེམ་ཞིང་སྒྲེགས་པ་མང་དུ་

འབྱུང་། །གཅིན་མང་བཤང་ཉུང་ཡི་ག་འཆུས། །སྒྲེགས་པ་དུད་འདྲར་སྐྱུར་བ་འབྱུང་། །མགོ་དང་བྲང་དང་རྒྱབ་ཏུ་གཟེར། །སྙོམ་ཞིང་ཁ་དོག་ཉམས་པ་དང་། །གློང་བག་དབང་པོ་ཉམ་ཆུང་ལ། །ཁྲོ་ཞིང་བསྙེན་བཀུར་དཀའ་བ་དང་། །མ་ཞུ་སྐེམ་ནད་

སྐྱ་རྦབ་དང་། །དམུ་རྫིང་རྣམས་ལ་སོམ་ཉི་སྐྱེས། །གཞང་འབྲུམ་སྐྱེ་བར་གྱུར་བ་ལ། །འདི་དག་ཉིད་ནི་འཕེལ་བར་འགྱུར། །དེ་ཡིས་འོག་གི་ལམ་བཀག་པས། །ཐུར་དུ་སེལ་བའི་རླང་ལོག་སྟེ། །ལུས་དང་དབང་པོ་ཀུན་གནས་པའི། །རླུང་གཞན་

เล่ม ๑๙๘ · หน้า 140a

ཐམས་ཅད་འཁྲུག་པར་བྱེད། །དེ་བཞིན་བཤང་གཅི་མཁྲིས་པ་དང་། །བད་ཀན་ལུས་ཟུངས་རྟེན་བཅས་པ། །འཁྲུགས་ཤིང་མེ་དྲོད་ཉམས་པར་བྱེད། །དེ་ནས་གཞང་འབྲུམ་ནད་ཅན་ལ། །ཕལ་ཆེར་ཐམས་ཅད་ཉེར་འབྱུང་བ། །སྐེམ་

ཞིང་མཆོག་ཏུ་བསྐྱོད་མི་ནུས། །སྟོབས་ཟད་ཁོང་རྨྱ་བཞིན་མདངས་ཉམས། །ལུས་ལྷོད་སྙིང་པོ་མེད་འགྱུར་ཞིང་། །འབུས་ཟོས་པ་ཡི་ཤིང་འདྲ་ལ། །བླ་བརྣན་མ་ལུས་དག་གིས་འདེབས། །ཇི་སྐད་བཤད་པའི་གནད་གཟིར་ཞིང་། །ལུད་པ་སྐམ་དང་སྐད་

འགགས་དང་། །ཁ་རོ་མི་ཚོར་ཆམ་འདེབས་སྦོ། །སྒྱིད་སྒྱུར་རྐ་ལག་ན་ཞིང་སློན། །སྦྲིད་པ་སྐྲང་དང་རིམས་ནད་དང་། །ཁུ་བ་ཟད་ཅིང་རབ་རིབ་སློན། །རྡེའུ་ཆགས་ནད་ཀྱིས་གཟིར་བ་དང་། །སྐད་འགགས་ཞུམ་ལ་སེམས་ཁོང་ཆུད། །མཆིལ་མ་མང་འདོར་

ཡི་ག་འཆུས། །རུས་ཚིགས་ཀུན་དང་སྙིང་ལྟེ་བ། །གཞང་དང་སྣ་རྩ་གཟིར་དང་བཅས། །གཞང་ནང་འབྲུ་ནི་མ་སྨིན་བཙོས། །ཁུ་བ་ལྟ་བུའི་སྦྱིན་བག་འཛག །རྟུག་སྐམ་སྦྱིན་པའམ་སླ་བར་འགྱུར། །སྨིན་དང་མ་སྨིན་བར་བར་འཁྲུ། །སྐྱ་ཞིང་སེར་དང་

སྔོན་པོ་ཡི། །ཁྲག་ནི་སྦྱིན་བག་འཁྲུ་བར་འགྱུར། །གཞང་འབྲུམ་རླུང་ཤས་ཆེ་ལས་གྱུར། །སྐམ་ཞིང་ཙེག་ཙེག་ཚ་བ་དང་། །རྙིད་ཅིང་དམར་ནག་རེངས་པ་དང་། །མི་སྙོམས་རྩུབ་ཅིང་སྲ་བ་དང་། །ཕན་ཚུན་མི་འདྲ་ཡོ་བ་དང་། །རྩེ་མོ་རྣོ་ཞིང་གས་པ་དང་། །

བིམ་པ་རྒྱ་ཤུག་ཁ་རྫུ་ར། །རས་བལ་ས་བོན་དང་འདྲ་ཞིང་། །ལ་ལ་ཀ་ཏམ་མེ་ཏོག་འདྲ། །ལ་ལ་ཡུངས་ཀར་ལྟ་བུར་སྐྱེས། །མགོ་དང་ཕྲག་པ་རྩིབ་ལོགས་བརླ། །ཆུ་སོ་དག་ཏུ་ལྷག་པར་ན། །སྦྲིད་པ་སྒྲེགས་པ་བཤང་བ་སྲི། །སྙིང་འཕར་ཡི་ག་འཆུས་པ་སྐྱེད། །

ལུད་དབུགས་མི་བདེ་མེ་དྲོད་ཉམས། །རྣ་བ་སྒྲ་བཅས་མགོ་འཁོར་བྱེད། །དེས་ཉེས་རྟུག་སྐམ་ཉུང་ངུ་ནི། །སྒྲ་བཅས་སྐ་སླ་འདྲེན་མ་དང་། །ན་ཞིང་ལྦུ་བ་འབྱར་བག་ཅན། །རྟུག་སྐམ་ཚུལ་གྱིས་འབྱུང་བར་འགྱུར། །པགས་པ་སེན་མོ་བཤང་གཅི་དང་། །མིག་དང་

เล่ม ๑๙๘ · หน้า 140b

གདོང་ནི་གནག་པར་འགྱུར། །སྐྲན་དང་མཆེར་པ་དམུ་རྫིང་དང་། །གཏུན་འདྲ་དེ་ཉིད་ལས་འབྱུང་འགྱུར། །མཁྲིས་ཤས་ཆེ་ལས་རྩེ་མོ་ནི། །སྔོ་ཞིང་དམར་སེར་དཀར་བར་སྣང་། །ཕྲ་ཞིང་དྲི་མནམ་ཁྲག་སླ་འཛག །སྲབ་ཅིང་འཇམ་ལ་ལྷོད་པ་ཡིན། །མཆེར་པའི་དུམ་བུ་

ནེ་ཙོའི་ལྕེ། །སྲིན་བུ་པད་པའི་མཆུ་འདྲར་སྣང་། །ཚ་ཞིང་གནག་ལ་རིམས་དང་རྔུལ། །སྐོམ་དད་ཡི་ག་འཆུས་རྨོངས་སྐྱེད། །བཤང་དྲོ་སླ་ཞིང་སྔོ་ལ་ཚ། །སེར་ཞིང་དམར་བར་འཁྲུ་བར་འགྱུར། །ནས་རུལ་ནང་འདྲ་པགས་པ་དང་། །སེན་སྩོགས་སྔོ་སེར་ལྗང་བར་འགྱུར། །

བད་ཀན་ཤས་ཆེ་རྩ་བ་སྦོམ། །མཐུག་ཅིང་ནད་ཀྱི་ཤུགས་དལ་དཀར། །སྐྲང་ཞིང་རྒྱས་ལ་སྣུམ་པ་དང་། །འགྲེང་ཞིང་སྣུམ་ལ་ལྕི་ཞིང་བརྟན། །འབྱར་བག་ཚོར་བ་ཆུང་ཞིང་འཇམ། །གཡའ་ཞིང་རེག་ན་དགའ་བར་བྱེད། །ཀ་རི་ར་བ་ན་ས་ཡི། །རུས་པ་བ་ཡི་ནུ་སོར་འདྲ། །

ཆུ་སོར་ཟུག་ཅིང་སྦོ་གཞང་ན། །ལྟེ་བ་ལྒང་པ་བཅད་སྙམ་སེམས། །ལུད་པ་དབུགས་མི་བདེ་སྙིང་ན། །མཆིལ་མང་ཆམ་འདེབས་ཡི་ག་འཆུས། །གཅིན་སྲི་མགོ་བོ་ཚོར་བ་མེད། །གྲང་བའི་རིམས་ནི་སྐྱེད་པར་བྱེད། །ཁ་ཆུ་འཛག་ཅིང་མེ་དྲོད་ཉམས། །སློན་ཞིང་མ་

ཞུའི་ནད་ཀུན་སྐྱེད། །བཤང་བ་ཚིལ་འདྲ་བད་ཀན་མང་། །འཁྲུ་དང་བཅས་པར་འབྱུང་བར་འགྱུར། །འཛག་པར་མི་བྱེད་རྡོལ་མི་བྱེད། །པགས་པ་ལ་སོགས་སྣུམ་ཞིང་དཀར། །འདྲེས་ལས་མཚན་ཉིད་འདྲེས་པ་ཡིན། །འདུས་པ་མཚན་ཉིད་ཀུན་དང་ལྡན། །ཁྲག་

ཤས་ཆེ་ལས་གཞང་འབྲུམ་ནི། །མཁྲིས་པའི་མཚན་ཉིད་འདྲ་བ་ལ། །ནྱ་གྲོ་དྷ་ཡི་མྱུ་གུ་འདྲ། །བྱི་རུ་འོལ་མ་སེ་མདོག་འདྲ། །ཤིན་ཏུ་ཚ་བྲོ་ན་བ་དང་། །བཤང་བ་ཤུགས་ཀྱིས་རབ་བཙིར་ལས། །འཕྲལ་དུ་ཁྲག་ནི་འབྱུང་བ་དང་། །དེ་ཉིད་ཤིན་ཏུ་འཛག་པར་འགྱུར། །སྦལ་

པ་འདྲ་ཞིང་ཁྲག་ཟད་ལས། །བྱུང་བའི་སྡུག་བསྔལ་གྱིས་ཉེན་འགྱུར། །མདོག་སྟོབས་སྤྲོ་བ་ཉམས་པ་དང་། །མདངས་འཕྲོག་དབང་པོ་ཞན་པར་འགྱུར། །མུངྒ་ཀོ་དྲ་བའི་ཕྱེ་མ། །ཙ་ན་ཀ་རི་ར་སྩོགས་པ། །རྩུབ་དང་བཤང་བ་སྲི་བས་རླུང་། །རང་གནས་འཁྲུགས་པ་སྟོབས་

เล่ม ๑๙๘ · หน้า 141a

ལྡན་པས། །ཐུར་དུ་རྒྱུ་བའི་བུ་ག་ནི། །བཀག་སྟེ་སྨད་དུ་རབ་སྐམས་ནས། །བཤང་བ་གཅི་བ་འཕྱེན་རྣམས་ནི། །འགགས་པས་ནད་ནི་མི་བཟད་སྐྱེད། །དེ་ཡིས་ཁོང་པ་རྒྱབ་རྩིབ་ལོགས། །སྙིང་གར་ནད་ནི་ཤིན་ཏུ་སྐྱེད། །ལྟོ་སྤོས་གསུས་པ་ན་བ་དང་། །སྙིང་

གཅུས་རྒྱུ་མ་བཅད་སྙམ་སེམས། །ཆུ་སོར་ཤིན་ཏུ་ཟུག་པ་དང་། །མཁུར་བར་སྐྲང་པ་འབྱུང་བར་འགྱུར། །རླུང་ནི་གྱེན་དུ་སོང་གྱུར་ན། །དེ་ལས་སློན་རིམས་ཡི་ག་འཆུས། །སྙིང་ནད་བེའུ་སྣབས་མ་ཞུ་དང་། །གཅིན་སྲི་བཤང་བ་འཁྲུ་བ་དང་། །འོན་དང་རབ་རིབ་དབུགས་མི་བདེ། །

མགོ་ན་ལུད་པ་ཆམ་པས་འདེབས། །ཡིད་ཀྱིས་འགྱུར་བ་སྐོམ་དང་ཁྲག །མཁྲིས་པ་སྐྲན་དང་དམུ་རྫིང་སྩོགས། །རླུང་གི་ནད་གཏོགས་དེ་དང་དེ། །ཤིན་ཏུ་མི་བཟད་འབྱུང་བར་འགྱུར། །གཞང་འབྲུམ་གྱེན་དུ་འཁྱིལ་འགྱུར་བ། །འདི་ནི་མཆོག་ཏུ་གནོད་བྱེད་ཡིན། །རླུང་ཤས་ཆེ་བའི་

ཁོང་པར་ནི། །དེ་མེད་པར་ཡང་འབྱུང་བར་འགྱུར། །ལྷན་ཅིག་སྐྱེས་དང་ནད་གསུམ་ལྡན། །ཕུགས་མའི་གཉེར་མར་གང་གནས་པ། །དེ་དག་གསོར་མི་རུང་བ་ཡིན། །མེ་དྲོད་སྟོབས་ཆེ་སྩོགས་ཀྱིས་འཚོ། །འདྲེས་ལས་གྱུར་དང་གཉེར་མ་ནི། །བར་མར་གནས་པ་གང་ཡིན་

པ། །ལོ་གཅིག་ཡན་ཆད་ལོན་གྱུར་པ། །དེ་དག་གསོ་དཀའ་ཡིན་པར་བཤད། །ཕྱི་རོལ་གཉེར་མར་བྱུང་བ་དང་། །ནད་གཅིག་ཤས་ཆེ་ལས་བྱུང་དང་། །སྐྱེས་ནས་རིང་པོ་མ་ལོན་གང་། །གཞང་འབྲུམ་དེ་ནི་གསོ་བ་སླ། །ཕོ་མཚན་སྩོགས་ཀྱི་འོག་ནས་ནི། །རང་རང་སྐབས་

བཤད་ལྟེ་བར་སྐྱེས། །རྟ་བླ་བ་ཡི་ཁ་འདྲ་ཞིང་། །འབྱུང་བག་ཅན་ལ་འཇམ་པ་ཡིན། །ཁྱབ་བྱེད་ཀྱིས་ནི་བད་ཀན་བསྡུས། །པགས་པའི་ཕྱི་རོལ་ཐོར་བུར་བྱེད། །མཛེར་པ་འདྲ་ཞིང་རྩུབ་པར་གནས། །པགས་པའི་མཛེར་པ་ཡིན་པར་ཤེས། །རླུང་གིས་ཟུག་ཅིང་རྩུབ་པར་འགྱུར། །

མཁྲིས་པས་གནག་ལ་དམར་རྩར་འགྱུར། །བད་ཀན་གྱིས་དེ་སྣུམ་ཉིད་དང་། །རྨེན་བུའི་མདོག་དང་འདྲ་བར་འགྱུར། །བློ་དང་ལྡན་པས་མྱུར་བར་ནི། །འབད་དེ་གཞང་འབྲུམ་གསོ་བར་བྱེད། །དེ་ཡིས་གཞང་ནི་མྱུར་འགགས་ནས། །དམུ་རྫིང་ནད་ནི་སྐྱེ་བར་འགྱུར། །ཡན་ལག་བརྒྱད་

เล่ม ๑๙๘ · หน้า 141b

པའི་སྙིང་པོ་བསྡུས་པ་ལས། ནད་གཞིའི་གནས་ཀྱི་ལེའུ་བདུན་པའོ།། །།དེ་ནས་ཚད་པས་འཁྲུ་བ་དང་ཕོ་བའི་ནད་གཞི་བཤད་པར་བྱའོ། །ནད་གཞི་སྣ་རེ་ཀུན་དང་ནི། །འཇིགས་དང་མྱ་ངན་ལས་གྱུར་པའི། །ཚད་པས་འཁྲུ་བ་རྣམ་དྲུག་ཡིན། །དེ་ནི་ཆུ་འཐུངས་དྲགས་པ་དང་། །

ཤ་རིད་ཤ་སྐམ་མ་གོམས་པའི། །ཏིལ་གྱི་ཁུ་བ་མ་སྨིན་འབྲུ། །ཆང་རྩུབ་ཁ་ཟས་ཚོད་མ་ཟིན། །གཞང་འབྲུམ་སྣུམ་བག་དྲགས་པ་དང་། །འབུ་དང་ཤུགས་ནི་བཀག་ལས་འབྱུང་། །དེ་འདྲས་རླུང་ནི་འཁྲུགས་པ་ཡིས། །ཆུ་ཁམས་ཐུར་དུ་བསྐྱོད་གྱུར་ལ། །དེ་ཉིད་ཀྱིས་ནི་མེ་དྲོད་

ཉམས། །དེ་འོག་ཁོང་པ་ཁྱབ་ནས་ནི། །བཤང་བ་སླ་བ་ཉིད་དུ་བྱེད། །དེ་ལྟར་ཚད་འཁྲུ་འབྱུང་བར་བཤད། །དེ་ཡི་འབྱུང་འགྱུར་མཚན་མ་ནི། །བཤང་ལམ་སྙིང་ག་ལྟོ་བར་ཟུག །ལུས་སྙོམ་བཤང་བ་སྲི་བ་དང་། །སྦོ་ཞིང་ཁ་ཟས་མི་འཇུ་བའོ། །དེ་ལས་རླུང་གྱུར་བཤང་ཆུར་

བཅས། །ཉུང་ཞིག་འབྱུང་ཞིང་གཟེར་སྒྲ་བཅས། །འགག་ཅིང་འབྱུང་བར་འགྱུར་བ་དང་། །རྩུབ་སླ་དབུ་བར་བཅས་པ་འམ། །གོང་བུ་ཡང་དང་ཡང་དུ་འབྱུང་། །དེ་བཞིན་བུ་རམ་ཚིག་པ་འདྲ། །སྦྱིན་བག་བཅས་ཤིང་བཅད་སྙམ་སེམས། །ཁ་སྐམ་གཞང་ནི་སྣད་པ་དང་། །སྤུ་

ལངས་པ་དང་འཁྲུ་བ་ཡིན། །མཁྲིས་པས་སེར་ཞིང་གནག་པ་དང་། །སྔོ་ཞིང་དུ་བའི་མདོག་འདྲ་ལ། །ཁྲག་བཅས་ཤིན་ཏུ་དྲི་མནམ་པ། །སྐོམ་དད་བརྒྱལ་ཚ་རྡུལ་དང་བཅས། །གཟེར་བཅས་གཞང་ཁ་ཚ་དང་བཅས། །གཞང་ཁར་ཐོར་བུ་འབྱུང་བ་ཡིན། །བད་ཀན་ལས་གྱུར་

སྐ་བ་དང་། །འབྱར་བག་དཀར་ཞིང་ནལ་ནལ་པོ། །སྣུམ་ཞིང་བེའུ་སྣབས་བད་ཀན་བཅས། །རྒྱུན་དུ་འཁྲུ་ཞིང་ལྕི་ལ་མནམ། །སྐ་ཞིང་ནད་རྗེས་འབྲང་བ་དང་། །གཉིད་ཆེ་ཁོང་སྙོམ་ཡི་ག་འཆུས། །ཉུང་ཟད་ཉུང་ཟད་འཁྲུ་དང་བཅས། །བ་སྤུ་བརྩེ་ཞིང་གློང་བཅས་དང་། །ཆུ་

སོ་ལྟོ་བ་གཞང་ཁ་ལྕི། །བཤང་ཡང་བཤང་བ་མ་བཏང་སྙམ། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །འཇིགས་པས་སེམས་ནི་འཁྲུགས་གྱུར་པ། །རླུང་གིས་མཁྲིས་བཅས་བཤང་བ་ནི། །སླ་བྱེད་དེ་ནས་འཁྲུ་བ་ནི། །ཚ་ཞིང་སླ་ལ་འཕྱོ་བ་དང་། །མཚན་མ་རླུང་མཁྲིས་

เล่ม ๑๙๘ · หน้า 142a

ལས་བྱུང་འདྲ། །མྱ་ངན་ལས་བྱུང་དེ་དང་འདྲ། །མདོར་ན་ཚད་འཁྲུ་རྣམ་གཉིས་ཏེ། །མ་ཞུར་བཅས་དང་མ་ཞུ་མེད། །ཁྲག་བཅས་ཁྲག་མེད་དེ་ལས་ནི། །དང་པོ་བཤང་གཅི་ཆུར་འབྱིང་འགྱུར། །དྲི་མནམ་ལྟོ་ནི་སྦོ་བ་དང་། །མཁྲེགས་ཤིང་མཆིལ་སྣབས་ཤིན་ཏུ་

མང་། །སྨིན་པ་དེ་ལས་བཟློག་པ་ཡིན། །བད་ཀན་སྨིན་པའང་ཆུ་ནང་འབྱིང་། །གང་ཞིག་ཚད་འཁྲུ་འབད་པ་ནི། །མེད་དེས་ཕོ་བའི་ནད་དུ་འགྱུར། །མེ་དྲོད་ཉམས་པར་བྱེད་པ་ཡི། །ཟས་བསྟེན་པ་ཡིས་མེ་དྲོད་ཉམས། །གང་ཞིག་ཞུ་ནས་བཤང་བ་ནི། །བེའུ་སྣབས་བཅས་

དང་བེའུ་སྣབས་མེད། །འཁྲུ་བ་དེ་ནི་ཚད་འཁྲུ་སྟེ། །རང་བཞིན་གྱིས་ནི་མྱུར་གསོད་བྱེད། །མ་ཞུ་ཁ་ཟས་མ་ཞུ་དང་། །ཞུ་བ་སྨིན་པའང་མི་འཁྲུ་འགྱུར། །རྒྱུ་མེད་ཡང་དང་ཡང་སྲི་བའམ། །རྒྱུ་མེད་ཡང་ཡང་སླ་བར་འབྱུང་། །ཕོ་བར་མ་ཞུ་སྩོགས་ཤིང་འཁྲུ། །ཡུན་རིང་

ན་བར་བྱེད་པ་ཡིན། །དེ་ནི་ནད་སྣ་རེ་རེ་འདུས། །ལས་བྱུང་རྣམ་པ་བཞི་ཡིན་ནོ། །དེ་ཡི་སྔོན་ཚུལ་སྙོམ་པ་དང་། །རིང་ནས་འཇུ་ཞིང་སྐྱུར་བག་འབྱུང་། །མཆིལ་མང་ཁ་ཡིས་རོ་མི་ཚོར། །རྨྱ་སྙོམ་སྐོམ་ཞིང་ཡི་ག་འཆུས། །ལྟོ་སྦོ་སློན་ནི་བྲོ་བ་དང་། །རྣ་བ་རྒྱུ་

མ་སྒྲ་དང་བཅས། །སྤྱི་ཡི་མཚན་ཉིད་སྐེམ་པ་དང་། །དུ་བ་མུན་དང་རིམས་ཀྱིས་འདེབས། །བརྒྱལ་ཞིང་མགོ་ན་བཤང་བ་འགགས། །རྐང་པ་ལག་པ་སྐྲངས་པར་འགྱུར། །དེ་ལ་རླུང་ལ་རྐན་བསྐམས་ཞིང་། །རབ་རིབ་རྣ་བར་སྒྲ་འབྱུང་དང་། །རྩིབ་ལོགས་བརླ་

དང་ཆུ་སོར་ན། །བཤང་བ་ཡང་དང་ཡང་དུ་འབྱུང་། །ཡང་ཡང་སྦོ་ཞིང་གསུད་པ་དང་། །རོ་རྣམས་ཀུན་ལ་བརྐམ་པ་དང་། །བཀྲེས་སྐོམ་རྒྱུ་མ་བཅད་སྙམ་སེམས། །ཟས་ཞུ་ནས་ནི་སྦོ་བ་དང་། །ཟས་ཟོས་ནས་ནི་བདེ་བར་འགྱུར། །རླུང་གི་སྙིང་ནད་སྐྲན་གཞང་འབྲུམ། །

མཆེར་པ་སྐྱ་རྦབ་འབྱུང་བར་དོགས། །བཤང་བ་འབྱུང་དཀའ་སྐ་སླར་འབྱུང་། །དེ་ཡང་བེེ་སྣབས་སྒྲ་ཅན་འབྱུང་། །གཞང་ན་ལུད་པ་དབུགས་མི་བདེ། །མཁྲིས་པ་སྔོ་ཞིང་སེར་བ་དང་། །སེར་པོ་སླ་བག་འཁྲུ་བར་འགྱུར། །མནམ་ཞིང་སྒྲེགས་སྒྱུར་སྙིང་ལྐོག་ཚ། །

เล่ม ๑๙๘ · หน้า 142b

ཡི་ག་འཆུས་ཤིང་སྐོམ་དད་ཆེ། །བད་ཀན་ལས་གྱུར་འཇུ་དཀའ་ཞིང་། །ཟས་སློན་ཡི་ག་འཆུས་པ་དང་། །ཁར་ཆགས་མཆིལ་མ་མང་བ་དང་། །ལུད་པ་སྙིང་ནད་ཆམ་པས་འདེབས། །སྙིང་ག་མེར་མེར་པོར་སེམས་ཤིང་། །ལྟོ་བ་ཚོར་བ་ཆུང་ཞིང་ལྕི། །སྒྲེགས་པ་དྲི་མནམ་

མངར་འབྱུང་སྙོམ། །བུད་མེད་མི་དགའ་མེ་དྲོད་ཆུང་། །བེའུ་སྣབས་བད་ཀན་འདྲེས་པར་འཁྲུ། །བཤང་བ་ལྕི་བར་འབྱུང་བར་འགྱུར། །རིད་པ་མིན་ཡང་ཉམས་སྟོབས་ཆུང་། །ཀུན་སྐྱེས་མཚན་ཉིད་འདྲེན་མར་ལྡན། །མ་སྙོམས་ལ་སོགས་མེ་དྲོད་གསུམ། །ཡན་ལག་

ཆར་ཕྱེ་གང་བཤད་པ། །དེ་ཡང་ཕོ་བའི་ནད་དུ་འགྱུར། །སྙོམས་པ་བདེ་གནས་རྒྱུ་ཡིན་ནོ། །རླུང་ནད་རྡེའུ་ནད་མཛེ་ནད་དང་། །གཅིན་སྙི་དམུ་རྫིང་མཚན་བར་རྡོལ། །གཞང་འབྲུམ་ཕོ་ནད་ཅེས་བྱ་བརྒྱད། །ནད་ཆེན་གསོ་བར་དཀའ་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་

པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་གཅིན་འགགས་པའི་ནད་གཞི་བཤད་པར་བྱའོ། །ལྒང་པ་ལྒང་པའི་མགོ་ཕོ་མཚན། །རྐེད་པ་རླིག་པ་གཞང་ཁ་ནི། །གཞང་ཁའི་རུས་པར་བརྟེན་གྱུར་ཞིང་། །གཅིག་ཏུ་འབྲེལ་བ་ཡིན་པར་

བཤད། །ལྒང་པ་ཁ་ནི་ཐུར་བལྟས་ཀྱང་། །གཅིན་འཛག་པ་ཡི་རྩ་སྒོ་ནས། །རྒྱུན་མི་འཆད་པར་འཛག་པ་ཡིས། །ངོས་གཉིས་ནས་ནི་ཕྲེའུས་འགེངས། །ཞུགས་པ་གང་ཡིན་དེ་ཡིས་ནི། །གཅིན་འགགས་པ་དང་གཅིན་སྙི་བའི། །གསོ་དཀའ་གནད་ལ་བརྟེན་

པའི་ནད། །ཉི་ཤུ་སྐྱེད་པར་བྱེད་པ་ཡིན། །ལྒང་པ་ཆུ་སོ་ཕོ་མཚན་ན། །ཅུང་ཟད་ཡང་དང་ཡང་དུ་འབྱུང་། །སྲི་བ་རླུང་ལས་གྱུར་བ་ཡིན། །མཁྲིས་པ་ལས་གྱུར་སེར་ཚ་ན། །མདོག་དམར་བད་ཀན་ལས་གྱུར་པ། །ལྒང་པ་ཕོ་མཚན་ལྕི་ཞིང་སྐྲངས། །འབྱར་བག་ངལ་

གྱིས་འབྱུང་ཞིང་ཐོགས། །ནད་ཀུན་ལས་བྱུང་མཚན་ཀུན་ལྡན། །གང་ཚེ་རླུང་གིས་ལྒང་པའི་ཁ། །བཀག་པ་དེ་ཚེ་གཅིན་མཁྲིས་པ། །བད་ཀན་ཁུ་ཆུར་བཅས་པ་ནི། །རིམ་གྱིས་བསྐམས་པར་བྱས་པ་ལས། །མི་བཟད་རྡེའུ་ཆགས་འགྱུར་ཏེ། །བ་ལང་མཁྲིས་པར་གི་

เล่ม ๑๙๘ · หน้า 143a

ཝང་ལྟར། །ཐམས་ཅད་བད་ཀན་ལ་བརྟེན་འགྱུར། །འདི་ཡི་སྔོན་ཚུལ་མཚན་ཉིད་ནི། །ལྒང་པ་སྦོ་ཞིང་དེ་ཡི་ནི། །ཉེ་འཁོར་ཀུན་དུ་རབ་ཏུ་ན། །གཅིན་ཡང་ལྷག་པར་དབྲེ་བྲོ་ཞིང་། །གཅིན་འགགས་རིམས་འདེབས་ཡི་ག་འཆུས། །སྤྱི་ཡི་མཚན་

ཉིད་ལྟེ་བ་དང་། །ལྒང་མགོ་ལྒང་པའི་སྲུབས་ན་ཞིང་། །དེ་ཡིས་གཅིན་འབྱུང་སྒོ་བཀག་པས། །གཅིན་གྱི་རྒྱུན་ནི་འཆད་ཅིང་འབྱུང་། །དེ་བྱུང་ཟིན་ནས་བདེ་བར་བྱེད། །སླ་ཞིང་བ་ལང་ཚིལ་འདྲ་ལ། །དེ་བསྐྱོད་པ་ཡིས་ཁྲག་ཏུ་འགྱུར། །དྲག་ཤུལ་སྤྱོད་པས་རབ་ཏུ་ན། །

དེ་ལ་རླུང་གྱུར་ཤིན་ཏུ་ན། །སོ་འཐམས་སྡོམ་ཞིང་ལུས་འདར་ལ། །ཕོ་མཚན་ཉེད་ཅིང་ལྟེ་བ་འཚིར། །རྒྱུན་དུ་ན་ཞིང་འཁུན་པར་བྱེད། །བཤང་བ་འཕྱེན་དང་བཅས་པར་འབྱུང་། །གཅིན་གྱི་ཐིགས་པ་ཡང་ཡང་འོང་། །རྡེའུ་གནག་ཅིང་རྩུབ་པ་དང་། །ཆུ་སོར་ཚེར་

མས་གང་སྙམ་བྱེད། །མཁྲིས་པས་ལྒང་པ་ཚ་བ་དང་། །བཙོས་པ་སྙམ་བྱེད་རབ་ཏུ་དྲོ། །གོ་བྱེའི་འབྲས་བུའི་དབྱིབས་འདྲ་ལ། །རྡེའུ་མདོག་དམར་ཞིང་སེར་ལ་གནག །བད་ཀན་གྱིས་བསིལ་ལྕི་བ་དང་། །ལྒང་པའི་ནང་དུ་ཟུག་ཅིང་ན། །རྡེའུ་ཆེ་ཞིང་འཇམ་པ་ལ། །

སྦྲང་རྩིའི་མདོག་གམ་ཡང་ན་དཀར། །འདི་དག་བྱིས་པ་རྣམས་ལ་ནི། །ཕལ་ཆེར་འབྱུང་བར་འགྱུར་བ་ཡིན། །གནས་དང་ཤ་ནི་ཆུང་བའི་ཕྱིར། །བཟུང་དང་དབྱུང་བ་བདེ་བ་ཡིན། །མི་ཆེན་ཁུ་བ་ལས་བྱུང་རྡེའུ། །ཁུ་བ་བཀག་ལས་འབྱུང་བར་འགྱུར། །གནས་

ལས་འཕོས་པ་ཕྱིར་མ་བྱུང་། །རླིག་བར་གནས་པ་རླུང་གིས་ནི། །བསྐམས་ནས་ཉེ་བར་བསྡུས་གྱུར་པ། །དེ་ནི་ཁུ་བ་རྡེའུ་ཆགས་ཡིན། །ལྒང་པར་གཅིན་ནི་སྲི་བྱེད་ཅིང་། །ཚ་ཞིང་སྐྲང་བར་བྱེད་པ་ཡིན། །དེ་ནི་སྐྱེས་མ་ཐག་ཏུ་ནི། །ཁུ་བ་ཞུ་སྟེ་སླ་བར་

འགྱུར། །ཕྱོགས་དེར་མནན་ན་ཞུ་བར་བྱེད། །རྡེའུ་གསེག་མ་ལྟ་བུར་གནས། །རླུང་གིས་ཕྱེ་མར་བཤིག་གྱུར་པ། །དེ་འདིར་ཚུལ་བཞིན་འབྱུང་ཞེས་བྱ། །གཅིན་དང་ལྷན་ཅིག་ཕྱིར་འབྱུང་འགྱུར། །ལུགས་བཞིན་མི་འབྱུང་རྡེའུར་ཆགས། །གཅིན་ནི་བཀག་པར་

เล่ม ๑๙๘ · หน้า 143b

བྱས་གྱུར་པས། །རླུང་གིས་ལྒང་བའི་ཁ་བཀག་ནས། །གཅིན་འགགས་ན་ཞིང་གཡའ་བར་འགྱུར། །ལན་འགའ་རང་གནས་ལས་སྤངས་ནས། །ལྒང་པ་རྒྱས་ཏེ་ཁ་ཆེ་ཞིང་། །མངལ་འདྲ་སྦོམ་ཞིང་ལོག་པར་འདུག །དེར་ནི་ན་ཞིང་ཚ་བར་བྱེད། །འཕར་ཞིང་

གཅུས་པ་སྙམ་དུ་སེམས། །ཐིགས་པ་ཙམ་དུ་འཛག་པ་དང་། །ལྒང་བཙིར་རྒྱུན་ནི་འབྱུང་བར་འགྱུར། །རྣམ་པ་གཉིས་པོ་འདི་དག་ནི། །རླུང་གི་ལྒང་པའི་ནད་ཅེས་བྱ། །གསོ་དཀའ་གཉིས་པ་རླུང་གི་ཡིན། །མཐུ་ཆེན་ཤིན་ཏུ་གསོ་དཀའ་ཡིན། །བཤང་ལམ་དེ་

ནི་ལྡང་པ་ཡི། །བར་ན་རླུང་ནི་བརྟེན་གྱུར་པ། །གཏུན་འདྲ་སྲ་ཞིང་མཐོ་བ་དང་། །མི་འགྱུར་གནས་བྱེད་མདུད་པ་ཅན། །རླུང་ནད་གཏུན་འདྲ་དེ་སྦོས་བཅས། །བཤང་གཅི་འཕྱེན་ནི་འགགས་བྱེད་ཡིན། །ལོག་རྒྱུ་འཁྱིལ་བར་བྱེད་པ་ཡི། །རླུང་གིས་ཆུ་

སོར་མི་བཟད་གཟེར། །གཅིན་ལས་ཞུགས་ཏེ་འཁྱིལ་བྱེད་ཅིང་། །རེངས་བྱེད་ལྕི་ཞིང་གཅུས་སྙམ་བྱེད། །གཅིན་ནི་ཉུང་ཤས་ཉུང་ཤས་འབྱུང་། །ཡང་ན་བཤང་གཅི་གཏོང་ཚེ་འབྱུང་། །འདི་ནི་རླུང་ནད་འཁྱིལ་བ་ཡིན། །གཅིན་ནི་ཡུན་རིངས་བཀག་གྱུར་

པ། །སྲི་ཞིང་འབྱུང་བར་མི་འགྱུར་ལ། །གཅིན་ཐོན་ནས་ནི་ནད་ཚབས་འབྲི། །གཅིན་བཀག་པ་ཡིས་གནོད་གྱུར་པ། །གང་ཚེ་རླུང་གིས་བཟློག་གྱུར་པ། །ལྟེ་བའི་འོག་ནས་ལྟེ་བའི་བར། །གཅིན་གྱིས་གང་འགྱུར་དེ་ཡི་ཚེ། །རབ་ཏུ་ན་ཞིང་སྦོས་པ་དང་། །ཟས་མི་འཇུ་

ཞིང་དྲི་མ་འགགས། །དེ་ནི་ལྟོར་གཅིན་འགགས་ཞེས་བྱ། །གཅིན་འབྱུང་བུ་ག་འཆུས་པའམ། །རླུང་གིས་བཀག་ནས་གཅིན་ཉུང་འབྱུང་། །ལྒང་པ་མཚན་སྦུབས་ནོར་བུ་ནི། །གནས་ནས་དེ་འོག་རིམ་གྱིས་འཛག། །ནད་བཅས་པའམ་ནད་མེད་པ། །གཅིན་ནི་ཆད་དང་

བཅས་པར་འབྱུང་། །ལྷག་མ་ལུས་ཏེ་མཚན་ལྕི་ཡིན། །ལྒང་པའི་ཁ་ནང་ཟླུམ་ཞིང་སྲ། །ཅུང་ཞིག་འཕྲལ་དུ་འབྱུང་འགྱུར་ན། །གཅིན་སྩོགས་རྡེའུ་ལྟ་བུ་ནི། །གཅིན་གྱི་མདུད་པར་དེ་བཤད་དོ། །གཅིན་སྙོམས་པ་ལས་ཉལ་པོ་བྱས། །རླུང་གིས་ཁུ་བ་བསྐྱོད་གྱུར་པ། །

เล่ม ๑๙๘ · หน้า 144a

གནས་ལས་བསྐྱོད་ཅིང་གཅིན་བཏང་ཚེ། །སྔོན་ནམ་ཕྱི་ནས་ཐལ་ཆུ་དང་། །མདོག་འདྲ་བྱུང་བར་འགྱུར་བ་ཡིན། །ཁུ་བ་འདྲེས་པར་དེ་བཤད་དོ། །རྩུབ་ཅིང་སྐེམ་ལ་རླུང་གིས་ནི། །གང་ཚེ་རྟུག་སྐམ་ནད་གྱུར་པ། །གཅིན་འབྱུང་བུ་གར་སོང་ནས་

ནི། །བཤང་བ་དང་འདྲེས་དེ་ཡི་ཚེ། །གཅིན་ནི་བཤང་བའི་དྲི་ཅན་འབྱུང་། །བཤང་བ་འགགས་པར་དེ་བཤད་དོ། །མཁྲིས་པ་དྲག་ཤུལ་ཁ་ཟས་ནི། །རྣོ་ཚ་ཉི་ཚན་ལ་སོགས་ཀྱིས། །འཕེལ་ཞིང་རླུང་ནི་ཞུགས་གྱུར་པ། །ལྒང་པའི་ཉེ་འཁོར་ཚ་ཞིང་ན། །

གཅིན་ནི་སེར་པོར་འགྱུར་བ་འམ། །ཡང་ན་ཁྲག་བཅས་ཁྲག་ཉིད་འབྱུང་། །ཚ་ཞིང་སྲིལ་ཡང་ཡང་འབྱུང་། །དེ་ནི་ཚ་རླུང་ཞེས་བྱར་བཤད། །རྩུབ་ཅིང་ལུས་ནི་རྨྱ་བ་ཡི། །ལྒང་པར་གནས་པའི་མཁྲིས་པ་རླུང་། །གཅིན་ཟད་ཚ་དང་ན་བར་བཅས། །བསྐྱེད་པ་དེ་ཡང་

དེ་སྐད་བཤད། །བད་ཀན་མཁྲིས་པ་གཉི་ག་ལ། །རླུང་གིས་བསྐྱོད་པར་གྱུར་ན་ནི། །དེ་ཚེ་གཅིན་སྲི་སེར་བ་དང་། །དམར་ཞིང་དཀར་ལ་སྐ་བ་འབྱུང་། །དེ་ནི་ཚ་བཅས་གི་ཝང་ངམ། །དུང་གི་ཕྱེ་མའི་མདོག་འདྲ་འམ། །ཡང་ན་སྐམ་ཞིང་མདོག་ཀུན་ལྡན། །དེ་ནི་

གཅིན་ཉམས་ནད་དུ་བཤད། །དེ་ལྟར་གཅིན་འགགས་ལས་བྱུང་བའི། །མཚན་ཉིད་རྒྱ་ཆེར་བཤད་ནས་ནི། །དེ་འོག་གཅིན་སྙི་ལས་བྱུང་བའི། །ནད་གཞིའི་མཚན་ཉིད་བཤད་པ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་དགུ་པའོ།། །།དེ་ནས་གཅིན་

སྙི་བ་ཟ་ཁུའི་ནད་དམིགས་བཤད་པར་བྱའོ། །གཅིན་སྙིའི་ནད་ནི་ཉི་ཤུ་སྟེ། །དེ་ལས་བད་ཀན་ལས་གྱུར་བཅུ། །མཁྲིས་པ་ལས་དྲུག་རླུང་གྱུར་བཞི། །དེ་རྣམས་ཚིལ་གཅིན་བད་ཀན་སྐྱེད། །ཟས་དང་སྐོམ་གྱི་ཚུལ་ལས་ནི། །ཕལ་ཆེར་དེ་དག་འབྱུང་བར་བྱེད། །མངར་

དང་སྐྱུར་དང་ལན་ཚྭ་དང་། །ལྕི་ཞིང་འབྱིལ་ལ་བསིལ་བ་དང་། །འབྲུ་མར་ཆང་དང་གཤེར་བའི་ཤ།།དར་བ་བུ་རམ་བུ་རམ་ཤིང་། །གནས་གཅིག་སྟན་གཅིག་ལ་རྟག་གནས། །མལ་སྟན་ཆོ་གར་མི་ལྡན་ལ། །བརྟེན་ནས་གཅིན་སྙིའི་ནད་སྐྱེད་བྱེད། །བད་ཀན་འཁྲུགས་

เล่ม ๑๙๘ · หน้า 144b

ལས་ལྒང་པའི་གཅིན། །སྙི་འགྱུར་ལུས་གཤེར་རྡུལ་ཚིལ་དང་། །ཤ་གློངས་ལྒང་པར་བརྟེན་ཅིང་སྙི། །མཁྲིས་པས་ཁྲག་ཀྱང་ཟད་བྱས་ནས། །བད་ཀན་སྩོགས་ཟད་གཅིན་གནས་བསྐྱེད། །རླུང་འཁྲུགས་པ་དང་དེ་ཟད་ལས། །ལུས་ཟུངས་ལྒང་པར་འཁུས་

ཏེ་བསྐྱེད། །དེ་བྱུང་གསོ་བྱ་འཚོ་ཙམ་དང་། །སྤང་བྱ་གཅིན་ནད་རྣམ་གསུམ་འགྱུར། །མདོར་ན་མི་མཐུན་བྱ་བ་དང་། །ནད་དམིགས་ཆེན་པོ་ཉིད་ཀྱིས་འབྱུང་། །དེ་རྣམས་ཀྱི་ནི་སྤྱིའི་མཚན་ཉིད། །གཅིན་ནི་རྙོག་མ་ཅན་དུ་འབྱུང་། །གནོད་དང་གནོད་བྱ་ཁྱད་མེད་

ཀྱང་། །དེ་དུས་ཁྱད་པར་ཉིད་དང་ནི། །གཅིན་གྱི་མདོག་སྩོགས་དབྱེ་བ་ཡིས། །གཅིན་སྙིའི་དབྱེ་བ་བརྟག་པར་བྱ། །དང་ཞིང་མང་ལ་དཀར་ཞིང་བསིལ། །དྲི་ང་མེད་ཅིང་ཆུ་འདྲ་བ། །གཅིན་སྙི་ཆུ་ཡི་ཟ་ཁུ་ཡིན། །ཅུང་ཟད་རྙོག་ཅན་སྦྱིན་བག་ཅན། །བུ་རམ་

ཤིང་ཁུ་ལྟ་བུར་མངར། །ཟ་ཁུ་བུ་རམ་ཤིང་ཁུ་ཡིན། །ཞག་ལོན་ན་ནི་སྐ་བར་འགྱུར། །ཟ་ཁུ་གར་པོ་ཞེས་བྱའོ། །སྟེང་ན་དངས་མ་འོག་ན་སྐ། །ཆང་འདྲ་ཆང་གི་ཟ་ཁུ་ཡིན། །བ་སྦུ་ལྡང་ཞིང་འབྲས་བཏགས་འདྲ། །དཀར་ཞིང་མང་འབྱུང་འབྲས་ཕྱེ་འདྲ། །

ཁུ་ཆུ་འདྲ་བའམ་ཁུ་བ་འདྲེས། །ཁུ་བ་འདྲ་བའི་ཟ་ཁུ་ཡིན། །གཅིན་ནི་བྱེ་ཚིགས་དྲི་མ་ཅན། །བྱེ་མའི་ཟ་ཁུ་ཞེས་བྱའོ། །གཅིན་སྙི་མང་དུ་འབྱུང་ཞིང་བསིལ། །མངར་བ་དེ་བསིལ་ཟ་ཁུ་ཡིན། །དལ་གྱིས་ཉུང་ཟད་ཉུང་ཟད་འབྱུང་། །བགས་ཀྱིས་འབྱུང་བའི་ཟ་

ཁུ་ཡིན། །ཁ་ཆུ་འདྲ་བའི་ནལ་ནལ་པོ། །འབྱིལ་བག་ཁ་ཆུའི་ཟ་ཁུ་ཡིན། །དྲི་རོ་ཁ་དོག་རེག་བྱ་ནི། །ནས་ཚིག་འཁུས་འདྲ་ནས་ཚིག་ཅན། །ཟ་ཁུ་སྔོན་པོ་ཁ་དོག་སྔོ། །ཟ་ཁུ་ནག་པོ་སྣག་ཚ་འདྲ། །གཅིན་སྙི་ཚ་ཞིང་མདོག་སེར་བ། །དེ་ནི་སྐྱེར་པ་འདྲ་བ་ཡིན། །

མནམ་ཞིང་བཙོད་ཀྱི་ཁུ་བ་འདྲ། །བཙོད་ཀྱི་ཟ་ཁུ་ཞེས་བྱའོ། །དྲི་ང་ཚ་ཞིང་ལན་ཚྭར་བཅས། །ཁྲག་འདྲ་ཁྲག་གི་ཟ་ཁུ་ཡིན། །ཞག་གི་ཟ་ཁུ་ཞག་དང་འདྲེས། །ཞག་ཉིད་གཅིན་དུ་འབྱུང་བ་ཡིན། །རྐང་འདྲེས་པའམ་རྐང་ཉིད་ནི། །ཡང་དང་ཡང་འབྱུང་རྐང་ཟ་ཁུ། །

เล่ม ๑๙๘ · หน้า 145a

གླང་ཆེན་མྱོས་ལྟར་རྒྱུན་དུ་ནི། །གཅིན་ཤུགས་དལ་བར་འབྱུང་འགྱུར་ལ། །ཆུ་སེར་བཅས་ཤིང་རྙོག་བཅས་འབྱུང་། །གླང་ཆེན་ཟ་ཁུ་ཞེས་བྱའོ། །སྦྲང་རྩིའི་ཟ་ཁུ་སྦྲང་རྩི་འདྲ། །དེ་ནི་རྣམ་པ་གཉིས་སུ་འགྱུར། །ལུས་ཟུངས་ཟད་པས་

རླུང་འཁྲུགས་པའམ། །ནད་ཀྱིས་རྩ་སྦུབས་བཀག་སྟེ་འབྱུང་། །ནད་ཀྱིས་བཀག་པའི་མཚན་མ་དག །དེ་ནི་རྒྱུ་མེད་པར་འབྱུང་ཞིང་། །སྐད་ཅིག་ཟད་སྟོང་གང་འགྱུར་བ། །གསོ་བར་དཀའ་བ་ཉིད་དུ་འགྱུར། །ཐམས་ཅད་དུས་སུ་མ་བཅོས་ན། །སྦྲང་རྩི་འདྲ་བའི་

ཟ་ཁུར་འགྱུར། །གང་ཞིག་ཐམས་ཅད་མངར་འགྱུར་བས། །ཕལ་ཆེར་སྦྲང་རྩིའི་ཟ་ཁུ་ཡིན། །སྦྲང་རྩིའི་ཟ་ཁུ་ཞེས་བྱ་ཀུན། །མངར་བ་ལས་ནི་བཤད་པ་ཡིན། །ཟས་མི་འཇུ་ཞིང་ཡི་ག་འཆུས། །སློན་ལུད་གཉིད་ཆེ་ཆམ་པས་འདེབས། །བད་ཀན་ལས་

བྱུང་ཟ་ཁུ་ལ། །བླ་བརྣན་དེ་དག་འབྱུང་བར་འགྱུར། །ཕོ་མཚན་ལྒང་པར་ཟུག་པ་དང་། །རླིག་འབྲས་བྱེ་ཞིང་རིམས་ཀྱིས་འདེབས། །ཚ་སྐྱུར་སྐོམ་དད་བརྒྱལ་དང་འཁྲུ། །མཁྲིས་པ་ལས་གྱུར་བླ་བརྣན་ཡིན། །རླུང་ལས་སྐྱེས་པའི་སྙིང་འཕར་ཞིང་། །ལུས་

འདར་སྙིང་ན་ཟས་ལ་བརྐམ། །གཟེར་ཞིང་གཉིད་མེད་སྐེམ་པ་དང་། །ལུད་པ་དབུགས་མི་བདེ་བ་འབྱུང་། །ཁམ་ཕོར་རུས་སྦལ་འདྲ་བ་ཅན། །སྒུ་བོ་མེ་དབལ་ཕྲ་མོ་དང་། །སྲན་ཆུང་འདྲ་དང་ཉུངས་ཀར་འདྲ། །བུ་བཅས་འབྱུང་དང་པི་ད་རི། །ཁོང་འབྲས་

ཞེས་བྱའི་འབྲས་འབྲུམ་བཅུ། །གཅིན་ནད་མ་བཅོས་པ་ལས་འབྱུང་། །ཚིགས་དང་གནད་དང་ཤ་ཆེ་བའི། །སྲོག་གི་གནས་སུ་འབྱུང་བར་འགྱུར། མཐའ་མ་མཐོ་ཞིང་དབུས་མ་དམའ། །གནག་ཅིང་རྣག་དང་ནད་བཙས་ལ། །དབྱིབས་དང་ཚད་ནི་ཁམ་ཕོར་འདྲ། །

ཐོར་བུ་ཁམ་ཕོར་ཞེས་བྱའོ། །ནང་དུ་ཟུག་ཅིང་ན་བྱེད་ལ། །ཉེ་འཁོར་དག་ཏུ་ཆེར་མཆེད་ཅིང་། །འཇམ་ཞིང་རུས་སྦལ་རྒྱབ་འདྲ་བའི། །འབྲས་ནད་རུས་སྦལ་ཅན་ཞེས་བྱ། །སྲ་ཞིང་རྩ་ཡི་དྲ་བ་ཅན། །སྣུམ་ཞིང་འཛག་ལ་ཁྱོན་ཆེ་བ། །ན་ཞིང་ནང་ཟུག་བུ་ག་

เล่ม ๑๙๘ · หน้า 145b

ནི། །ཕྲ་མོར་ལྡན་པ་དྲ་བ་ཅན། །ནང་དུ་ཟུག་ཅིང་ན་ལ་རྣགས། །རྒྱབ་བམ་ལྟོ་བ་དག་ཏུ་ནི། ཐོར་བུ་ཆེན་པོ་ཁ་དོག་གནག། །སྐུ་བོར་འདུག་པས་སྒུ་བོར་བཤད། །སྐྱེས་མ་ཐག་ཏུ་པགས་པ་ཚ། །ཤིན་ཏུ་ན་བྱེད་མེ་དབལ་ཏེ། །དམར་ཞིང་གནག་ལ་

གས་པ་དང་། །ཚ་ཞིང་རྨུགས་བྱེད་མེ་དབལ་ཕྲ། །སྲན་ཆུང་འདྲ་བའི་ཚད་དང་དབྱིབས། །མཉམ་པས་སྲན་ཆུང་ཅན་ཡིན་ནོ། །ཚད་དང་དབྱིབས་ནི་ཉུངས་ཀར་འདྲ། །མྱུར་དུ་སྨིན་ཞིང་ནད་ཚབས་ཆེ། །ཡུངས་ཀར་འདྲ་བའི་འབྲུམ་ཕྲན་གྱིས། །ཡོངས་

སུ་བསྐོར་བས་ཆུ་བུར་ཅན། །བུ་བཅས་ཆེ་ཞིང་མང་བ་ལ། །རབ་ཕྲའི་འབྲུམ་བུས་ཁྱབ་གྱུར་པའོ། །ལྡུམ་བུ་བི་ད་རི་ལྟར་ལྡུམ། །སྲ་བ་བི་ད་རི་ཞེས་བྱ། །ཁོང་འབྲས་གཞན་དུ་བཤད་པ་ཡིན། །དེ་ལ་དང་པོའི་འབྲས་ནད་གསུམ། །བུ་བཅས་དང་

ནི་བི་ད་རི། །ཚིལ་ཆེན་ལས་བྱུང་བརྣག་དཀའ་ཡིན། །གཞན་དག་མཁྲིས་པ་ཤས་ཆེ་ཞིང་། །ཚིལ་ཆུང་ལས་བྱུང་བརྣག་ནུས་འགྱུར། །དེ་རྣམས་ནད་ཤས་ཇི་ལྟར་ཆེའི། །གཅིན་སྙི་བ་ཡི་དབང་ལས་འབྱུང་། །འདི་དག་ཟ་ཁུ་མེད་པར་ནི། །གནོད་

གྱུར་ཚིལ་ལས་འབྱུང་འགྱུར་ཏེ། །ཇི་སྲིད་དངོས་པོ་མི་སྣང་བ། །དེ་སྲིད་ཤེས་པར་མི་འགྱུར་རོ། །ཁ་དོག་ལྗང་བའམ་དམར་བའི་གཅིན། །ཟ་ཁུའི་སྔོན་ཚུལ་མེད་པ་ཡིས། །གཅིན་འབྱུང་གང་དེ་ཟ་ཁུ་མིན། །དེ་ནི་ཁྲག་མཁྲིས་ཡིན་ཞེས་བྱ། །ལུས་རྡུལ་

ཡན་ལག་མནན་ཞིང་ལྷོད་པ་དང་། །སྟན་དང་མལ་དང་གཉིད་ཀྱི་བདེ་ལ་ཆགས། །སྙིང་མིག་རྣ་བ་ཁ་ལྕེ་བྱུགས་སྙམ་བྱེད། །ལུས་སྦོམ་སྐྲ་དང་སེན་མོ་རིང་བ་དང་། །བསིལ་བག་ལ་དགའ་གྲེ་བ་རྐན་བསྐམས་ཤིང་། །ཁ་ནང་རོ་མངར་རྐང་མཐིལ་ལག་

མཐིལ་ཚ། །གང་དུ་གཅིས་པར་གྲོག་མ་འདུ་འགྱུར་བ། །གཅིན་ནད་ཟ་ཁུའི་ཚོགས་ནི་ཕྱིས་འབྱུང་ཚུལ། །ཟ་ཁུ་སྦྲང་རྩིའི་མདོག་འདྲ་འབྱིལ་བ་དང་། །སྦྲང་རྩིའི་རོ་འདྲ་བ་ལ་གཉིས་སུ་རྟོག །ལུས་བརྟས་བད་ཀན་ཅན་གྱི་ཟ་ཁུའམ། །ཉེས་པ་ཟད་པས་

เล่ม ๑๙๘ · หน้า 146a

རླུང་གི་བདག་ཅན་ཡིན། །སྔོན་ཚུལ་བཅས་པའི་བད་མཁྲིས་ཟ་ཁུ་དང་། །གང་ཡང་རིམ་གྱིས་རླུང་ནད་ཟ་ཁུར་འགྱུར། །མཁྲིས་པ་ལས་གྱུར་གང་ཡིན་གསོ་བར་དཀའ། །གལ་ཏེ་ཚིལ་ནད་ཆུང་གྱུར་གསོ་སླ། །ཡན་ལག་བརྒྱད་པའི་སྙིང་

པོ་བསྡུས་པ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་ཁོང་འབྲས་དང་རྒྱུ་རླུགས་དང་སྐྲན་གྱི་ནད་གཞི་བཤད་པར་བྱའོ། །ཁ་ཟས་ཁེངས་བུ་རབ་ཚ་དང་། །རྩུབ་དང་སྐམ་དང་ཚ་འགྱུར་ཟོས། །ཉལ་བའི་སྤྱོད་པ་མི་བདེ་བས། །ཁྲག་ནད་

སྐྱེད་འགྱུར་དེ་དང་དེས། །པགས་པ་ཤ་ཚིལ་རུས་པ་དང་། །ཁྲག་དང་ཆུ་བ་ཆུ་བ་ཆེ། །ཕྱི་དང་ནང་དུ་སྐྲངས་གྱུར་པ། །རྩ་བ་ཆེ་ཞིང་ནད་ཚབས་ཆེ། །ཟླུམ་པོའམ་འཇོང་བར་གནས་པ་གང་། །ཁོང་འབྲས་དེ་ནི་རྣམ་པ་དྲུག །ནད་དམིགས་སྣ་རེ་འདུས་པ་དང་། །ཁྲག་

དང་སྨས་པ་ལས་བྱུང་བའོ། །འདིར་ཕྱིའི་ཡན་ལག་དེ་དང་དེར། །རབ་ན་མདུད་པ་འདྲ་ལ་མཐོ། །ནང་གི་ཤིན་ཏུ་མི་བཟད་ཅིང་། །གཏིང་རིང་སྐྲན་ལྟར་སྲ་བ་ཡིན། །གྲོག་མཁར་ལྟ་བུར་མཐོ་བ་དང་། །མེ་དང་མཚོན་ལྟར་མྱུར་གསོད་བྱེད། །ལྟེ་བ་ཆུ་སོ་

མཆིན་མཆེར་པ། །གློ་དང་སྙིང་ལྟོ་བརླ་རྩ་དང་། །མཁལ་མ་གཉིས་སམ་གཞང་དུའང་འབྱུང་། །དེ་ལ་རླུང་གྱུར་ནད་ཚབས་དྲག །དམར་ནག་རིང་ཞིག་ལོན་ནས་ནི། །འབྱུང་ཞིང་སྨིན་པ་དབྱིབས་མི་སྙོམས། །རན་ཞིང་མགོ་འཁོར་སྤོས་བ་དང་། །གཡོ་

ཞིང་འཕོ་ལ་སྒྲ་དང་བཅས། །མཁྲིས་གྱུར་ཟངས་ལྟར་དམར་རྩ་གནག །སྐོམ་དད་ཚ་རིམས་རྨོངས་བག་སྐྱེད། །ལྡང་ཞིང་སྨིན་པ་མྱུར་བ་ཡིན། །བད་ཀན་ལས་སྐྱ་གཡའ་དང་བཅས། །སློན་ཞིང་བསིལ་ལ་སླ་བ་དང་། །གླལ་ཞིང་ལྕི་ལ་ཡི་ག་འཆུས། །འབྱུང་

ཞིང་སྨིན་པ་ཡུན་རིང་ཐོགས། །འདུས་པ་ལས་གྱུར་འདྲེན་མ་ཡིན། །འདིར་ནི་ཕྱི་ནང་གཉིས་མཚན་ཉིད། །དོན་གྱི་དབང་ལས་ཤེས་པར་བྱ། །འབྲུམ་བུ་ནག་པོས་ཁེབས་ཤིང་གནག །རབ་ཚ་ན་ཞིང་རིམས་ཀྱིས་འདེབས། །མཁྲིས་པའི་རྟགས་ལྡན་ཕྱི་འམ་

เล่ม ๑๙๘ · หน้า 146b

ནང་། །ཁྲག་གྱུར་བུད་མེད་ཉིད་ལ་འབྱུང་། །མཚོན་ལ་སྩོགས་པས་སྨས་པ་ཡིས། །རྨ་བྱུང་མི་འཕྲོད་བསྟེན་པ་ལས། །རྨ་ཁའི་ཚ་བ་རླུང་གིས་ཕུལ། །ཁྲག་བཅས་མཁྲིས་པ་འབྱུང་བར་བྱེད། །ཁོང་འབྲས་བླ་བརྣན་ནད་མང་ཞིང་། །ཁྲག་མཁྲིས་མཚན་

ཉིད་ཅན་དག་བྱེད། །བླ་བརྣན་དེ་ཡི་དབྱེ་བ་ཡང་། །གནས་ཀྱི་དབྱེ་བ་ལས་བཤད་དོ། །ལྟེ་བར་བྱུང་ན་སྐྱིགས་བུ་སྟེ། །ཆུ་སོར་གཅིན་འགགས་རྣག་ཏུ་འགྱུར། །མཆེར་པ་དབུགས་མི་བདེ་མཆིན་པར། །དབུགས་འབྱུང་འགག་སྐོམ་མགོ་འཁོར་

འགྱུར། །གློ་བར་བྱུང་ན་ལྐོག་ནད་འགྱུར། །སྙིང་བྱུང་ཡན་ལག་ཀུན་གཟིར་སྙམ། །རབ་རྨོངས་མུན་སྲོས་སྙམ་དུ་བྱེད། །སྙིང་འཕར་ན་བར་འགྱུར་བ་ཡིན། །ལྟོ་བ་རྩིབ་ལོགས་ཕྲག་པའི་བར། །ན་ཞིང་ལྟོ་སྦོས་འབྱུང་བར་འགྱུར། །ཆུ་སོ་མདོམས་བར་

བྱུང་བརླ་ན། །མཁལ་མར་བྱུང་ན་རྐེད་པ་རྒྱབ། །རྩིབ་ལོགས་སུ་ནི་ན་བར་འགྱུར། །གཞང་དུ་རླུང་ནི་ཐུར་འབྱུང་འགགས། །ཞུ་དང་མ་ཞུ་ཕྱེད་ཉིད་ཞུ། །དེ་དག་འོར་ནད་ལྟ་བུར་བཤད། །ལྟེ་བ་ཡན་ཆད་སྨིན་ཁར་འཛག། །ལྟེ་བ་མན་ཆད་གཞང་དུ་འཛག།།

ལྟེ་བར་གནས་པ་གཉི་གར་འཛག །ཁོང་འབྲས་ཀྱི་ནི་ནད་དམིགས་རྣམས། །འཛག་ལས་རྨ་ལྟར་ཤེས་པར་བྱ། །དེ་ལས་འདུས་པ་ལས་གྱུར་དང་། །སྙིང་དང་ལྟེ་བ་ཆུ་སོར་གནས། །ཕྱི་འམ་ནང་དུ་བྱེ་བ་འམ། །སྨིན་ཏེ་ཁ་ནས་འཛག་པ་ནི། །ཉམ་

ཆུང་བླ་བརྣན་ལྡན་པ་སྤང་། །དེ་བཞིན་བུད་མེད་བུ་བཙས་པའམ། །སྦྲུམ་མའམ་ནུ་ཞོ་ཡོད་པ་དང་། །ནུ་ཞོ་མེད་པའི་ནུ་མ་ཡི། །རྩ་སྒོ་ཁ་བྱེར་ཕྱིན་གྱུར་ནས། །ཕྱི་ཡི་ཁོང་འབྲས་མཚན་ཉིད་ཅན། །སྐྲང་ཞིང་སྲབ་འབྱུང་བར་འགྱུར། །བུ་མོ་རྣམས་ཀྱི་ནུ་

རྩའི་སྒོ། །ཕྲ་བས་འབྱུང་བར་མི་འགྱུར་རོ། །རླུང་ནི་རྒྱུ་ལམ་འགགས་པས་འཁྲུགས། །སྐྲང་དང་གཟེར་ནི་སྐྱེད་ཅིང་རྒྱུ། །ཆུ་སོ་རླིག་པར་ཕྱིན་པ་དང་། །རླིག་པར་རྒྱུ་བའི་རྩ་དག་ནི། །བཙིར་ནས་རླིག་པ་པགས་པ་དག། །འཕེལ་ཞིང་རླིག་རླུགས་ཉིད་དུ་ཕྱེད། །རང་

เล่ม ๑๙๘ · หน้า 147a

ཁྲག་གཅིན་ཚིལ་རྒྱུ་མ་ལས། །རླིག་རླུགས་དེ་ནི་རྣམ་བདུན་འགྱུར། །རྒྱུ་མ་གཅིན་སྐྱེས་པའམ་རླུང་། །རྒྱུ་མའི་དབྱེ་བ་འབའ་ཞིག་གཞན། །རླུང་གྱུར་རྐྱལ་པ་གང་འདྲ་ཞིང་། །རེག་ན་རྩུབ་ཅིང་རྒྱུ་མེད་ན། །མཁྲིས་གྱུར་ཨུ་དུམྦཱ་ར་ཡི། །འབྲས་

བུ་སྨིན་འདྲ་ཚ་དྲོ་འདྲུལ། །བད་ཀན་ལས་བསིལ་ལྕི་ཞིང་སྣུམ། །གཡའ་ཞིང་སྲ་ལ་ནད་ཚབས་ཆུང་། །ཁྲག་གྱུར་གནག་ཅིང་འབྲུམ་བུས་ཁྱབ། །མཁྲིས་པའི་རླིག་རླུགས་མཚན་ཉིད་ལྡན། །ཚིལ་གྱུར་རླིག་རླུགས་བད་ཀན་འདྲ། །འཇམ་ཞིང་ཏ་ལའི་འབྲས་བུར་

མཚུངས། །གཅིན་གནག་པ་ལ་བརྟེན་པ་རྣམས། །གཅིན་ལས་འབང་བར་དེ་འགྱུར་ཏེ། །རྐྱལ་པ་ཆུ་ཡིས་གང་བལྟར། །གཡོ་འགྱུར་ནད་དང་བཅས་ཤིང་འཇམ། །གཅིན་འགགས་པ་དང་རླིག་པ་ཡི། །འོག་ཏུ་སྐྲང་པར་བྱེད་པར་འགྱུར། །རླུང་འཁྲུགས་པ་ཡི་

ཟས་དང་ནི། །ཆུ་གྲང་ལ་ནི་རྐྱལ་བ་དང་། །ཤུགས་བཀག་བཅིར་དང་ཁུར་དང་ལམ། །ཡན་ལག་ལོག་པར་འཆུས་པ་དང་། །རླུང་འཁྲུགས་པ་ནི་གཞན་གྱིས་ཀྱང་། །གང་ཚོ་རྒྱུ་མ་ཕྲ་མོའི་ཆ། །རླུང་གིས་ལོག་པར་ཕུལ་འགྱུར་ཏེ། །རང་གི་གནས་ནས་

ཐུར་དུ་བསྐྱོད། །ཆུ་སོའི་ཚིགས་སུ་ཕྱིན་པ་དང་། །དེ་ཆ་མདུད་པ་ལྟར་གློ་འགྱུར། །ཡལ་བར་བོར་ན་རླིག་པ་ཆེར་སྐྱེ་ཞིང་། །སྤོ་ཤིང་ན་ལ་རེངས་པར་རླུང་གིས་བྱེད། །རབ་ཏུ་གཟིར་ཞིང་ནང་ན་སྒྲ་དང་བཅས། །གང་བར་བྱེད་ཅིང་བཅུག་ཀྱང་སླར་འབྱུང་བྱེད། །

རྒྱུ་རླུགས་འདི་ནི་གསོ་དཀའ་སྟེ། །རླུང་གི་རླིག་རླུགས་འདྲ་བ་ཡིན། །རྩུབ་ཅིང་གནག་ལ་དམར་པའི་རྩ། །ཕྲ་མོའི་དྲ་བས་ཁེབས་པ་ཡིན། །སྐྲན་བརྒྱད་ནད་ནི་སོ་སོ་དང་། །འདྲེས་དང་འདུས་པ་ལས་གྱུར་དང་། །ཟླ་མཚན་གྱི་ནི་ཉེས་པ་ཡིས། །བརྒྱད་པ་བུད་མེད་

རྣམས་ལ་འབྱུང་། །རིམས་དང་སློན་དང་ཚད་འཁྲུ་སྩོགས། །སྐྱུག་སྨན་སྩོགས་དང་ལས་རྣམས་ཀྱིས། །སྐེམ་གྱུར་རླུང་སྐྱེས་ཟས་ཟ་དང་། །བཀྲེས་ཏེ་ཏུ་གྲང་འཐུངས་གྱུར་པའམ། །སྐེམ་འཐུངས་རྗེས་ལ་གང་ཞིག་ནི། །རྐྱལ་དང་མཆོང་བ་ལ་སོགས་པ། །

เล่ม ๑๙๘ · หน้า 147b

བསྟེན་པས་ལུས་ནི་དཀྲུགས་བྱས་དང་། །སློན་མི་བྲོ་ཡང་སྐྱུགས་པ་དང་། །རླུང་ལ་སོགས་པ་འབྱུང་བ་ཡི། །ཤུགས་བཀག་པ་འམ་བཙིར་པའམ། །སྣུམ་མ་དང་དུགས་ནི་མ་བསྟེན་པར། །སྦྱང་བའི་ལས་ནི་བྱས་པ་དང་། །སྦྱངས་ཟིན་མྱུར་དུ་ཚ་བ་དང་། །བད་

ཀན་སྐྱེད་པའི་ཟས་སྐོམ་སྤྱད། །རླུང་རྒྱས་པ་ཡི་ནད་རྣམས་ནི། །སོ་སོའམ་འདྲེས་པའམ་འཁྲུགས་གྱུར་པའམ། །ཀུན་ནས་ཁྲག་དང་བཅས་འཁྲུགས་པས། །སྦུབས་ཅན་ལ་ནི་བརྟེན་གྱུར་ནས། །སྟེང་འོག་ལམ་ནི་བཀག་ནས་སུ། །གཟེར་སྔོན་འགྲོ་ཞིང་རེག་

ཏུ་རུང་། །ཤིན་ཏུ་མཐོ་ཞིང་མདུད་པའི་གཟུགས། །སྐྲན་ནི་སྐྱེད་པར་འགྱུར་བ་ཡིན། །སྐེམ་པས་བད་ཀན་མཁྲིས་བཤང་བའི། །རྒྱུན་སྲང་འགགས་པར་གྱུར་པ་ཡིས། །རླུང་ནི་ཁོང་པར་གནས་བཅས་པ། །རྩུབ་པས་སྲ་བར་གྱུར་པ་ཡིན། །རང་

གནས་ལྡང་འགྱུར་རང་དབང་ཅན། །གཞན་གནས་ལ་བརྟེན་གཞན་དབང་ཅན། །གོང་པོར་གྱུར་པས་གཟུགས་མེད་ཀྱང་། །གཟུགས་ཅན་ལྟར་གནས་སྐྲན་ཞེས་བྱ། །ཆུ་སོ་ལྟེ་བ་སྙིང་ག་དང་། །རྩིབ་ལོགས་ལ་ནི་གནས་པ་ཡིན། །རླུང་ལས་མཇིང་པ་

ཀླད་པ་གཟེར། །རིམས་འདེབས་མཆེར་ན་རྒྱུ་མ་ཁྲུག །བཤང་སྲི་ཁབ་ཀྱིས་གཙགས་སྙམ་ན། །དབུགས་འབྱིན་ཡང་དང་ཡང་མི་ཕྱིན། །ལུས་རེངས་ཁ་ནི་སྐམ་པ་དང་། །སྐེམ་ཞིང་མེ་དྲོད་མི་སྙོམས་ལ། །པགས་སྩོགས་གནག་ཅིང་རྩུབ་པ་དང་། །

རླུང་སྐྲན་གཡོ་བ་ཡིན་པའི་ཕྱིར། །དབྱིབས་ནི་བརྟག་པར་མི་མངོན་ཞིང་། །གནས་འཕེལ་འབྲི་དང་ན་བ་དང་། །གྲོག་མས་ཁྱབ་པ་ལྟ་བུར་ནི། །སྐྲན་ནི་འགུལ་ཞིང་ཟུག་པ་ཡིན། །མཁྲིས་ལས་ཚ་ཞིང་སྒྲེགས་སྐྱུར་བརྒྱལ། །འཁྲུ་ཞིང་ལུས་རྔུལ་སྐོམ་རིམས་

འདེབས། །པགས་པ་ལ་སོགས་སེར་པོར་སྣང་། །སྐྲན་ནི་རེག་པར་མི་བཟོད་དང་། །ཚ་ཞིང་འབར་ལ་དྲོ་བ་དང་། །རང་གི་གནས་ནི་སྲེག་སྙམ་བྱེད། །བད་ཀན་སློན་བག་ཡི་ག་འཆུས། །མེ་དྲོད་ཉམས་ཤིང་གྲང་རིམས་འདེབས། །ཆོམ་པ་ཁོང་སྙོམ་དང་ག་ལྕི། །

เล่ม ๑๙๘ · หน้า 148a

ལུད་པ་ལུ་ཞིང་པགས་སྩོགས་དཀར། །སྐྲན་ཕུགས་རིང་ཞིང་སྲ་བ་དང་། །ལྕི་ཞིང་རང་གནས་བརྟེན་ནད་ཆུང་། །ཕལ་ཆེར་རང་གནས་འདུག་པ་དང་། །རང་གི་དུས་སུ་ནད་སྐྱེད་བྱེད། །གཉིས་ལས་བྱུང་བའི་སྐྲན་གསུམ་པོ། །མཚན་ཉིད་

འདྲེན་མར་ལྡན་པ་ཡིན། །ཀུན་སྐྱེས་མི་བཟད་ན་ཞིང་ཚ། །མྱུར་སྨིན་སྲ་མཐོ་དེ་གསོ་དཀའ། །ཁྲག་གི་སྐྲན་ནི་གང་ཡིན་པ། །དེ་ནི་བུད་མེད་ཉིད་ལ་འབྱུང་། །ཟླ་མཚན་དུས་སམ་བུ་གསར་བཙས། །ཡང་ན་མངལ་གྱི་ནད་ཅན་གྱིས། །བུད་མེད་རླུང་སྐྱེད་བསྟེན་

གྱུར་པས། །རླུང་ནི་འཁྲུགས་པར་གྱུར་པ་ལས། །ཟླ་རེ་འབྱུང་བར་བྱེད་པ་ཡིས། །ཟླ་མཚན་མངལ་དུ་བཀག་པས་ནི། །དེ་ནི་མངལ་ཆགས་འདྲར་སྣང་ཞིང་། །མཚན་མ་གསལ་བར་སྟོན་བྱེད་དེ། །སྙིང་འཕར་ནུ་འཛག་ཡིད་མི་བདེ། །སྐེམ་པ་ལ་སྩོགས་ཚུལ་

དུ་སྣང་། །དེ་ནས་རིམ་གྱིས་རླུང་འདྲེས་དང་། །མཁྲིས་པ་ཡི་ནི་རྒྱུ་ཡིས་ན། །རླུང་དང་མཁྲིས་པ་ལས་བྱུང་བའི། །སྐྲན་ནི་ཁྲག་དེ་སྐྱེད་བྱེད་ཡིན། །ན་ཞིང་སྲ་ལ་ཚ་ཞིང་འཁྲུ། །སྐོམ་དད་རིམས་སྩོགས་བླ་བརྣན་འབྱུང་། །ནད་ཀྱི་ཁྲག་ལ་བརྟེན་པས་ན། །མངལ་

གནས་དག་ཏུ་ལྷག་པར་གཟེར། །མངལ་ནས་དྲི་ང་འཛག་པ་དང་། །ན་ཞིང་འཕར་ལ་ཟུག་པར་བྱེད། །མངལ་ཆགས་འདྲ་ཡང་ཡན་ལག་མེད། །འོན་ཀྱང་སྐྲན་ནི་འགུལ་གཟེར་ལྡན། །དེ་ཉིད་དེར་ནི་གོང་པོར་གནས། །ལན་འགའ་འགུལ་བར་བྱེད་པ་ཡིན། །

འདི་ནི་ལྟོར་འཕེལ་མི་བྱེད་ཀྱི། །སྐྲན་ཉིད་འཕེལ་བར་བྱེད་པ་ཡིན། །རང་གི་ནད་གཞི་ལ་བརྟེན་པས། །དེས་དེར་སྐྲན་ནད་ཐམས་ཅད་སྐྱེད། །ཡུན་རིངས་ནས་ནི་སྨིན་འགྱུར་བའམ། །ཡང་ན་མ་སྨིན་ཁོང་འབྲས་ཀྱང་། །ནད་ཁྲག་ལ་ནི་བརྟེན་པའི་ཕྱིར། །ཤིན་ཏུ་མྱུར་

བར་སྨིན་པར་འགྱུར། །དེ་ཕྱིར་མྱུར་དུ་ཚ་འགྱུར་བས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །ནང་གནས་སྐྲན་ནི་ཆུ་སོ་དང་། །ལྟོ་བ་མཆིན་པ་སྙིང་ན་ཞིང་། །མེ་དྲོད་མདོག་ཉམས་ཉམས་སྟོབས་འབྲི། །ཤུགས་ནི་འགག་པར་འགྱུར་བ་ཡིན། །ཕྱི་རོལ་དེ་ལས་

เล่ม ๑๙๘ · หน้า 148b

བཟློག་པ་སྟེ། །ཁོང་པའི་ཡན་ལག་ནད་ཚབས་ཆུང་། །ཕྱོགས་དེའི་མདོག་ནི་ཉམས་པ་དང་། །ཕྱི་རོལ་དུ་ནི་མཐོང་ཞིང་འཕགས། །ལྟོ་སྦོ་ལྷག་པར་མི་བཟད་ན། །རྒྱུ་མའི་སྒྲ་བཅས་མི་བཟད་ན། །སྦོ་བཅས་ལྟོ་བ་ན་བ་དང་། །རླུང་གི་ནད་ཀྱིས་སྟེང་འོག་

བཀག །དེ་ནི་ཧེན་གྱི་ཞེས་བྱར་བཤད། །སྲ་ཞིང་གཏུན་འདྲ་མདུད་པ་ཅན། །གཏུན་འདྲ་གྱེན་དུ་མཐོ་བར་གནས། །ཧེན་གྱི་མཚན་ལྡན་གཏུན་བུ་ནི། །འཕྲེད་གནས་དེ་དང་ཚུལ་འདྲ་ཡིན། །ཞུ་བའི་གནས་ནས་གཞང་ཕོ་མཚན། །རླུང་ནི་མི་བཟད་ན་ཞིང་རྒྱུ། །

ཐུར་དུ་ཟུག་པ་ཡིན་པར་བཤད། །དེ་ལས་བཟློག་པ་གྱེན་དུ་ཟུག་པའོ། །སྒྲེགས་པ་མང་ཞིང་བཤང་བ་འགགས་པ་དང་། །འགྲངས་ཟ་མི་ནུས་རྒྱུ་མ་སྒྲ་དང་བཅས། །སྦོ་ཞིང་ཧེན་ལངས་ཁ་ཟས་འཇུ་མི་ནུས། །སྐྲན་ནི་ཉེར་འབྱུང་མཚན་མ་ཡིན་པར་བཤད། །ཡན་

ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་དམུ་རྫིང་གི་ནད་གཞི་བཤད་པར་བྱའོ། །ནད་ཀུན་མེ་དྲོད་ཉམས་ལས་སྐྱེ། །ལྷག་པར་དམུ་རྫིང་ནད་སྐྱེ་ཞིང་། །མ་ཞུ་དྲི་མ་ཅན་གྱི་ཟས། །དྲི་མ་སྩོགས་

ལས་སྐྱེ་བར་འགྱུར། །ནད་ཀྱིས་ཆུ་ནི་རྒྱུ་བའི་རྩ། །སྟེང་དང་འོག་ཏུ་བཀག་ནས་ནི། །སྲོག་དང་ཐུར་སེལ་ལ་གནོད་དེ། །པགས་པ་ཤ་ཡི་བར་གནས་ནད། །ལྟོ་བ་བཀང་སྟེ་དམུ་རྫིང་སྐྱེད། །དེ་ཡང་རྣམ་པ་བརྒྱད་འགྱུར་ཏེ། །ནད་གཞི་ཐ་དད་འདུས་མཆེར་པ། །དྲི་

མ་འགགས་དང་རྒྱུ་རྡོལ་དང་། །དེས་གཟིར་རྐན་དང་མཆུ་བསྐམས་ཤིང་། །རྐང་པ་ལག་པ་གསུས་པ་སྐྲང་། །སྤྱོད་པ་ཁ་ཟས་ཉམས་སྟོབས་འབྲི། །སྐེམ་ཞིང་གསུས་པ་ཆེར་སྐྱེས་ལ། །མི་ནི་ཡི་དགས་གཟུགས་ཅན་འགྱུར། །དེ་ནི་འབྱུང་འགྱུར་མཚན་མ་དག །

བཀྲེས་པ་མེད་ཅིང་ཟས་ཀུན་ནི། །རིང་ནས་ཚ་ཞིང་སྐྱུར་བཅས་འཇུ། །འཇུ་དང་མི་འཇུ་མི་ཤེས་ལ། །འགྲངས་པར་ཟ་ཡང་མི་ནུས་ཤིང་། །སྟོབས་ནི་རྟག་ཏུ་ཟད་པར་འགྱུར། །ཅུང་ཟད་བསྐྱོད་ཀྱང་དབུགས་མི་བདེ། །བཤང་བ་འཕེལ་ཞིང་འགགས་པར་བྱེད། །

เล่ม ๑๙๘ · หน้า 149a

རྐང་པ་གཉིས་སུ་ཅུང་ཟད་སྐྲང་། །ཆུ་སོར་ན་ཞིང་ཟས་ཡང་བ། །ཅུང་ཟད་ཟོས་ཀྱང་གསུས་པ་རྒྱས། །རྩ་རྒྱས་ལྟོ་བའི་གཉེར་མ་འཇིག །དམུ་རྫིང་ནད་ནི་ཐམས་ཅད་ལ། །སྙོམ་ཞིང་ཉམ་ཆུང་འགྱུར་བ་དང་། །དྲི་མ་སྲི་ཞིང་མེ་དྲོད་ཆུང་། །

ཚ་ཞིང་སྐྲང་ལ་གསུས་པ་སྦོ། །མཇུག་ཏུ་ཆུ་ནི་འབྱུང་བར་འགྱུར། །ཐམས་ཅད་ཆུ་མེད་པར་དུ་སྨུག །སྐྲང་མེད་ཁུར་ལྟར་ལྕི་མ་ཡིན། །རྩ་དྲའི་སྐར་ཁུང་རིས་ཀྱིས་ཁེབས། །རྟག་ཏུ་སྒྲ་ནི་འུར་འུར་ཟེར། །རླུང་གིས་ལྟེ་བ་རྒྱུ་མར་ཞུགས། །ཤུགས་སྐྱེད་ན་ནི་འཇིག་

པར་འགྱུར། །སྙིང་ག་ལྟེ་བ་རྐེད་པ་དང་། །གཞང་དང་ཆུ་སོན་བར་བྱེད། །རླུང་ནི་སྒྲ་དང་བཅས་པར་རྒྱུ། །བཤང་བ་འགག་ཅིང་གཅི་བ་ཉུང་། །མེ་དྲོད་ཆུང་མིན་སྐམ་པ་མིན། །ཁར་ནི་རོ་བྲོ་མེད་པ་ཡིན། །དེ་ལ་རླུང་གི་དམུ་རྫིང་ནི། །རྐང་ལག་རླིག་

པ་ལྟོ་བ་སྐྲང་། །ལྟོ་བ་རྩིབ་ལོགས་རྐད་རྒྱབ་ན། །ཚིགས་རྣམས་བྱེ་བ་སྙམ་དུ་སེམས། །ལུད་པ་སྐམས་ཤིང་ཡན་ལག་སྙོམ། །རོ་སྨད་ལྕི་ཞིང་བཤང་གཅི་འགག །པགས་པ་ལ་སྩོགས་གནག་ལ་སྨུག །གློ་བུར་དུ་ནི་འཕེལ་ཞིང་འབྲི། །

གསུས་པར་ཟུག་ཅིང་ན་བ་དང་། །རྩ་བྲན་ནག་པོས་ཁྱབ་ཅིང་རྒྱས། །བརྡབས་ན་རྐྱལ་པ་དབུགས་ཀྱིས་ནི། །གང་བ་ལྟ་བུའི་སྒྲ་དང་ལྡན། །འདིར་རླུང་ནད་དང་སྒྲར་བཅས་པས། །ཐམས་ཅད་དུ་ནི་རྒྱུ་བར་བྱེད། །མཁྲིས་པའི་དམུ་རྫིང་རིམས་འདེབས་རྒྱས། །

ལུས་ཚ་སྐོམ་དང་ཁ་རོ་ཁ། །མགོ་འཁོར་ཚད་འཁྲུ་པགས་པ་སྩོགས། །སེར་ཞིང་གསུས་པའི་མདོག་རྩ་སྔོ། །རྩ་ནི་དམར་སེར་དག་གིས་ཁྱབ། །རྡུལ་དང་ཚ་བར་བཅས་པས་སྲེག །དད་འབྱུང་རེག་ན་འཇམ་པ་དང་། །མྱུར་དུ་སྨིན་ཞིང་ཉེར་གདུང་

འགྱུར། །བད་ཀན་དམུ་རྫིང་ལྷུ་ཚིགས་ན། །ཚོར་བ་མེད་ཅིང་སྐྲངས་ལ་ལྕི། །གཉིད་ཆེ་སློན་ཞིང་ཡི་ག་འཆུས། །ལུད་པ་དབུགས་མི་བདེ་པགས་སྩོགས། །སྲ་ཞིང་ལྟོ་བ་མཁྲང་ལ་སྣུམ། །རྩ་ཡི་རི་མོས་ཁྱབ་ཅིང་ཆེ། །རིང་ནས་འཕེལ་ཞིང་སྲ་བ་དང་། །

เล่ม ๑๙๘ · หน้า 149b

རེག་ན་གྲང་ཞིང་གསུས་པ་ལྕི། །ནད་གསུམ་འཁྲུགས་པ་དེ་དང་དེ། །བུད་མེད་ཀྱིས་བྱིན་དྲི་མ་རྡུལ། །དབྱིག་དུག་དུག་སྩོགས་ཀྱིས་གནོད་འགྱུར། །ཁྲག་བཅས་དྲི་མ་བསགས་པ་ནི། །ལྟོར་སོང་གནོད་པ་སྐྱེད་བྱེད་དེ། །ཁ་སྐོམ་མགོ་འཁོར་བརྒྱལ་བཅས་པའི། །

རྟགས་གསུམ་ལྡན་པའི་དམུ་རྫིང་སྐྱེད། །མྱུར་དུ་སྨིན་ཞིང་མི་བཟད་ན། །དེ་ནི་གྲང་དང་རླུང་དང་ཆར། །ཕྲད་པས་ཤིན་ཏུ་གནོད་པར་འགྱུར། །མང་དུ་ཟོས་པས་བསྐྱོད་པ་དང་། །བཞོན་པ་དྲག་ཏུ་འགྲོ་བ་དང་། །ལས་ལམ་ཉལ་པོ་དྲགས་པས་དུབ། །སྐྱུག་སྨན་དྲགས་

དང་ནད་ཀྱིས་སྐེམ། །གཡོན་ལོགས་གནས་པའི་མཆེར་པ་ནི། །གནས་ལས་འཕོས་ཏེ་འཕེལ་བ་དང་། །ཡང་ན་དངས་མ་སྩོགས་པས་ཁྲག །རྒྱས་བྱས་དེ་ནི་འཕེལ་གྱུར་དང་། །དེ་ནས་གཏུན་བུ་བཞིན་རབ་སྲ། །དེ་ནས་རུས་སྦལ་རྒྱབ་འདྲ་བར། །རིམ་གྱིས་

འཕེལ་བར་འགྱུར་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར་བྱེད། །ལུད་པ་དབུགས་མི་བདེ་སྐོམ་དད། །ཁ་ཡིས་རོ་ནི་མི་ཚོར་ཞིང་། །ལྕི་ཞིང་ན་ལ་རིམས་ཀྱིས་འདེབས། །ཤ་མདོག་སྐྱ་ཞིང་མི་སྡུག་ལ། །བརྒྱལ་ཞིང་སློན་པར་བྱེད་པ་དང་། །ཚ་ཞིང་མྱོས་དང་

ལྡན་པར་འགྱུར། །རྩ་མདོག་དམར་བའམ་མི་སྡུག་པའམ། །སྔོ་ཞིང་སེར་ལ་རི་མོར་བཅས། །དེ་ལ་རིམ་གྱིས་ནད་རྣམས་ནི། །བཤང་འགགས་ནད་དང་ལྟོ་སྦོས་དང་། །རྨོངས་བག་སྐོམ་ཚ་རིམས་ཀྱིས་འདེབས། །ལུས་ལྕི་ལྟོ་སྲ་ཡི་ག་འཆུས། །མཆེར་པ་ལྟ་

བུར་མཆིན་གཡས་ལོགས། །གནས་འཕོས་དམུ་རྫིང་སྐྱེད་ཅེས་བྱ། །བྱ་སྒྲོ་སྤུ་དང་བཅས་པའི་ཟས། །ཟོས་པས་བཤང་ལམ་གནས་འགགས་ཏེ། །གཞང་འབྲུམ་དང་ནི་རྟུག་སྐམ་དང་། །རྒྱུ་མར་ཆགས་པའི་ཟས་ཀྱིས་ཀྱང་། །ཐུར་དུ་སེལ་བའི་རླུང་འཁྲུགས་

ཏེ། །བཤང་བས་བད་མཁྲིས་བཀག་ནས་ནི། །ལྟོ་བར་དམུ་རྫིང་ཆགས་པར་བྱེད། །དེས་ནི་ཚ་སྐོམ་རིམས་སྦྲིད་འབྱུང་། །ལུད་པ་དབུགས་མི་བདེ་བརླ་ན། །ཀླད་སྙིང་ལྟེ་བ་གཞང་ཁ་ན། །དྲི་མ་འགགས་སློན་ཡི་ག་འཆུས། །ལྟོ་བར་རླུང་ནི་འཁྱིམས་པར་བྱེད། །

เล่ม ๑๙๘ · หน้า 150a

བརྟན་ཞིང་རྩ་ནི་སྔོ་ལ་སྨུག །རྩ་རིས་སྣང་བའམ་མི་སྣང་འགྱུར། །ཕལ་ཆེར་ལྟེ་བའི་འོག་ཏུ་ནི། །བ་ལང་མཇུག་འདྲ་འབྱུང་བར་འགྱུར། །རུས་སྩོགས་ཟུག་རྔུར་བཅས་པའི་ཟས། །ཟོས་སམ་ཤིན་ཏུ་དྲག་ཟོས་པ། །རྒྱུ་མ་རྡོལ་ལམ་གས་

གྱུར་ནས། །བུ་ག་དེ་ནས་མ་ཞུ་བར། །ཕྱིར་འཛག་བཤང་ལམ་ལས་འབྱུང་ཞིང་། །བཤང་བཅས་ཉུང་ཤས་ཉུང་ཤས་ནི། །ཤ་རུལ་ལྟ་བུར་མནམ་པ་ནི། །སྦྱིན་བག་དམར་སེར་འབྱུང་བར་འགྱུར། །ལྷག་མ་ཡིས་ནི་ལྟོ་བ་འགེངས། །དམུ་རྫིང་མི་བཟད་སྐྱེ་

བར་འགྱུར། །དེ་ནི་ལྟེ་བ་མན་ཆད་རྒྱས། །ཆུས་གང་ལྟ་བུར་མྱུར་དུ་འགྱུར། །ནད་ཀྱི་ཚུལ་ནི་ཤས་ཆེར་ལྡན། །དབུགས་མི་བདེ་སྐོམ་མགོ་འཁོར་ཁྱབ། །རྒྱུ་རྡོལ་དམུ་རྫིང་ཞེས་བཤད་དེ། །གཞན་དག་རྒྱུ་མ་འཛག་ཅེས་ཟེར། །སྣུམ་འཐུངས་ལ་སོགས་བྱས་ནས་

ནི། །འཕྲལ་དུ་ཆུ་གྲང་འཐུངས་པའམ། །མེ་དྲོད་བྲི་བའམ་ཧ་ཅང་ནི། །སྐོམ་པས་ཆུ་འཐུང་དྲགས་པའམ། །རླུང་དང་བད་ཀན་འཁྲུགས་ཆུར་འདྲེས། །ཆུ་ཡི་ལམ་ནི་བཀག་གྱུར་པས། །དེ་ཉིད་གནས་དེར་འཕེལ་བར་འགྱུར། །དེ་འོག་དམུ་རྫིང་གྱུར་པ་

ཡིན། །དེ་ནས་དམུ་རྫིང་དེ་ལས་ནི། །སྐོམ་དད་རྐུབ་ཏུ་ཆུ་འཛག་བཅས། །དབུགས་མི་བདེ་ལུད་ཡི་ག་འཆུས། །སྣ་ཚོགས་མདོག་ལྡན་རྩ་ཡིས་ཁྱབ། །རྐྱལ་པ་ཆུས་གང་རེག་པ་འདྲ། །བསྐྱོད་ན་སྒྲ་གྲག་ལུས་འདར་ལ། །དམུ་རྫིང་ཆེན་པོས་ཆ་ཞིང་

སྣུམ། །བརྟན་ཞིང་དེ་ནི་ལྟེ་བ་ཟླུམ། །ཐམས་ཅད་ཡལ་བར་བོར་ན་ནི། །ནད་ནི་རང་གནས་ལས་འཕོས་ཏེ། །སྨིན་པས་སླ་ཞིང་ཟག་འགྱུར་བ། །ཚིགས་དང་རྩ་སྒོ་ལས་ཀྱང་འཛག །ཕྱི་ཡི་རྩ་སྒོ་ནས་རྔུལ་འབྱུང་། །འགགས་ནས་ཐད་ཀར་འཁྱིལ་ཞིང་

གནས། །ཆུ་དེ་ཉིད་ནི་འཕེལ་འགྱུར་ཞིང་། །སྦྱིན་བག་གྱུར་ན་དེ་ཚེ་ནི། །ལྟོ་བ་ལྕི་ཞིང་སྲ་ལ་ཟླུམ། །བརྡབས་ན་སྒྲ་ནི་མི་འབྱུང་ཞིང་། །མདོག་འཇམ་རྩ་རིས་མི་སྣང་ལ། །ལྟོ་བ་དང་ནི་རྒྱབ་ཏུ་འགྲོ། །དེ་རྗེས་ཆུ་ཡི་དམུ་རྫིང་སྐྱེ། །ལྟོ་བ་འཕེལ་ཞིང་

เล่ม ๑๙๘ · หน้า 150b

དེ་ལས་ལྷག །རྩ་ནུབ་གྱུར་པའི་དམུ་ཆུ་ནི། །དམུ་རྫིང་བཤད་པའི་མཚན་ཉིད་ལྡན། །རླུང་དང་མཁྲིས་པ་བད་ཀན་མཆེར། །འདུས་པའི་ཆུ་ཡི་དམུ་རྫིང་རྣམས། །ཕྱི་མ་བཞིན་དུ་གསོ་བ་དཀའ། །གཞན་དག་ཕལ་ཆེར་ཟླ་ཕྱེད་གསོད། །ཐམས་ཅད་

ཆུར་གྱུར་འཆི་ལྟས་ལེའུ། །ལས་བཤད་བླ་བརྣན་ལྡན་པའང་གསོད། །སྐྱེས་ནས་དམུ་རྫིང་གྱུར་པ་དག །ཕལ་ཆེར་གསོ་བར་དཀའ་བར་བཤད། །སྟོབས་ལྡན་ཆུར་ནི་མ་གྱུར་ཞིང་། །གསར་དུ་བྱུང་བ་འབད་པས་གསོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་

པ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གཉིས་པའོ།། །།དེ་ནས་སྐྱ་རྦབ་དང་འོར་ནད་དང་མེ་དབལ་གྱི་ནད་གཞི་བཤད་པར་བྱའོ། །ཇི་སྐད་བཤད་པའི་ནད་འཁྲུགས་པས། །མཁྲིས་པ་ལྷག་པར་ལྡང་འགྱུར་ལ། །དེ་ལ་རླུང་ནི་སྟོབས་ཆེ་བས། །སྙིང་

ལ་གནས་པའི་མཁྲིས་པ་ནི། །གཏོར་ཏེ་རྩ་ཆེན་བཅུའི་ནང་བཀྲམ། །ལུས་ཀུན་ལ་ནི་ཁྱབ་གྱུར་པས། །བད་ཀན་པགས་པ་ཤ་ཁྲག་ལ། །གནོད་བྱས་བར་དུ་གནས་ནས་ནི། །ཤ་དང་པགས་པ་དེ་དག་ལས། །པགས་མདོག་ཐ་དད་དཀར་བ་དང་། །སེར་

ཞིང་ལྗང་སྔོན་བྱེད་པར་འགྱུར། །དེ་ལས་སྐྱ་བའི་ཤས་ཆེ་བས། །དེ་ཕྱིར་སྐྱ་རྦབ་ནད་ཅེས་བཤད། །ནད་དེས་ལུས་ནི་ལྕི་བ་དང་། །ལུས་ཟུངས་རྣམས་ནི་ལྷོད་པ་དང་། །མདངས་ཀྱི་ཡོན་ཏན་ཟད་གྱུར་ཞིང་། །དེ་ལས་ཁྲག་དང་ཚིལ་ཆུང་སྟེ། །སྙིང་པོ་མེད་

ཅིང་དབང་པོ་ལྷོང་། །ཡན་ལག་བརྡུངས་པ་སྙམ་བྱེད་ཅིང་། །སྙིང་ནི་ཟག་པ་སྙམ་དུ་སེམས། །མིག་ཕུགས་སྐྲང་ཞིང་ཉམས་ལ་ན། །མཆིལ་མང་སྐད་གསང་དམའ་བ་དང་། །ཟས་མི་འདོད་ཅིང་གྲང་མི་བཟོད། །སྤུ་འབྱི་མེ་དྲོད་ཉམས་པ་དང་། །རོ་སྨད་

འབྱིང་ཞིང་རིམས་ཀྱིས་འདེབས། །དབུགས་མི་བདེ་ཞིང་རྣ་སྒྲ་འབོད། །མགོ་འཁོར་ངལ་བར་བྱེད་པ་ཡིན། །དེ་ནི་ནད་གཞི་ཐ་དད་འདུས། །ས་ཞག་ཟོས་ལས་རྣམ་ལྔ་འགྱུར། །འདི་ཡི་སྔོན་ཚུལ་སྙིང་འཕར་ཞིང་། །པགས་པ་རྩུབ་པར་གྱུར་པ་དང་། །ཡི་

เล่ม ๑๙๘ · หน้า 151a

ག་འཆུས་ཤིང་གཅིན་མདོག་སེར། །རྔུལ་མེད་ཁོང་པའི་མེ་དྲོད་ཆུང་། །ལུས་རྨྱ་ངལ་བར་བྱེད་པ་ཡིན། །དེ་ལ་རླུང་གྱུར་ལུས་ན་ཟུག །རྩ་སེན་མིག་དང་བཤང་གཅི་རྣམས། །མདོག་ནག་རྩུབ་ལ་འདར་བ་དང་། །སྐྲང་སྦོ་ཁ་ཡིས་རོ་མི་ཚོར། །

རྟུག་སྐམ་རྩིབ་ལོགས་ཀླད་པ་ན། །མཁྲིས་ལས་རྩ་དང་སེན་མོ་སྩོགས། །ལྗང་སྔོན་རིམས་འདེབས་མུན་འཐིབས་བྱེད། །སྐོམ་དང་རྔུལ་བརྒྱལ་བསིལ་བ་འདོད། །ལུས་མནམ་ཁ་ནང་ཁ་བ་དང་། །འཁྲུ་ཞིང་སྒྲེགས་པ་སྐྱུར་ལ་ཚ། །བད་ཀན་རྩ་སྩོགས་དཀར་

བ་དང་། །གློངས་ཤིང་ཁ་ནང་ལན་ཚྭ་བྲོ། །བ་སྤུ་ལྡང་ཞིང་སྐད་འགགས་ལ། །ལུད་པ་ལུ་ཞིང་སློན་པར་བྱེད། །འདུས་གྱུར་མཚན་མ་འདྲེས་བརྣག་དཀའ། །ས་ཞག་བསྐ་བས་རླུང་སྐྱེད་ལ། །ཚ་བྲོ་མཁྲིས་པ་མངར་བད་ཀན། །དངས་མ་ལ་སོགས་གནོད་

འགྱུར་ཞིང་། །རྩུབ་པས་ཟས་ཟོས་རྩུབ་གྱུར་ནས། །ཞུ་བས་རྩ་སྦུབས་འགགས་བྱས་ཏེ། །སྔ་མ་བཞིན་དུ་སྐྱ་རྦབ་སྐྱེད། །དེ་ནས་ལྟེ་བ་རྐང་པ་དང་། །ཁ་དང་ཕོ་མཚན་སྐྲང་པར་བྱེད། །བཤང་བ་སྲིན་བུ་དང་བཅས་འཁྲུ། །བད་ཀན་ཁྲག་དང་བཅས་པ་འབྱུང་། །

གང་ཞིག་སྐྱ་རྦབ་ནད་ཀྱིས་བཏབ། །དེ་ཡིས་མཁྲིས་སྐྱེད་ཟས་ཟོས་པས། །ཁོང་པ་ཡན་ལག་གནས་མཁྲིས་གནས། །བཤང་ཁྲག་བསྲེགས་ཏེ་མིག་སེར་སྐྱེད། །དེས་ནི་མིག་དང་པགས་པ་གདོང་། །བཤང་གཅི་སེན་མོ་ཁ་དོག་སེར། །ལུས་ཚ་སྐོམ་དང་

ཟས་མི་འཇུ། །སྦལ་འདྲ་དབང་པོ་ཉམ་ཆུང་འགྱུར། །དེ་ནི་མཁྲིས་པའི་ཤས་ཆེན། །སྐྱ་རྦབ་ནད་མེད་པར་དེ་འབྱུང་། །ཡལ་བར་བོར་ན་ཆེར་སྐྲངས་ཏེ། །གསོ་དཀའ་མིག་སེར་འོར་ཐབས་ཡིན། །ཧ་ལི་ས་ནི་ལྗང་ནག་སེར། །རླུང་མཁྲིས་མགོ་འཁོར་སྐོམ་

དད་ཆེ། །བུད་མེད་ལ་དགའ་རིམས་ཆུང་འདེབས། །ཁོང་རྨྱ་མེ་དྲོད་ཉམས་སྟོབས་འབྲི། །ཧ་ལི་ས་ཀ་ཁྲག་ངན་འགྱུར། །ཆུ་སེར་ཅན་ཞེས་བྱ་བ་ཡིན། །དེ་རྣམས་ཀྱི་ནི་བླ་བརྣན་སྔར། །འོར་ནད་གཙོ་བོ་ཡིན་པར་བཤད། །དེ་ཕྱིར་དེ་ཉིད་བཤད་པར་བྱའོ། །

เล่ม ๑๙๘ · หน้า 151b

རླུང་འཁྲུགས་གྱུར་པས་བད་ཀན་དང་། །ཁྲག་དང་མཁྲིས་པ་ཕྱི་རོལ་རྩར། །འཕྲོས་བྱས་དེ་ཡང་རྒྱུན་སྲང་འགགས། །པགས་པ་ཤ་ལ་གནས་གྱུར་ཏེ། །འོར་ནད་མཐོང་ཞིང་སྐྲང་པར་བྱེད། །དེ་བས་ཐམས་ཅད་འདུས་གྱུར་བཤད། །རྒྱུ་རྣམས་

ཀྱི་ནི་བྱེ་བྲག་ལས། །གཟུགས་དབྱེ་དགུ་ཡི་བདག་ཉིད་ཅན། །ནད་གཞི་ཐ་དད་གཉིས་དང་ཀུན། །སྣད་དང་དུག་གིས་ཕོག་ལས་འབྱུང་། །ཡང་ན་རང་དང་གློ་བུར་གཉིས། །ཡན་ལག་ཀུན་སྐྲང་ཕྱོགས་གཅིག་གཉིས། །ཁྱབ་དང་མཐོ་དང་མདུད་པ་

ཡི། །དབྱིབས་ཀྱི་དབྱེ་བས་གསུམ་དུ་འདོད། །འོར་ནད་ཀྱི་ནི་སྤྱི་ཡི་རྒྱུ། །ནད་ལས་སྐྱེས་པ་ཁྱད་པར་ཉིད། །ནད་ལས་སྨྱུང་སྩོགས་ཀྱིས་ཉམ་ཆུང་། །མྱུར་དུ་ལྷག་པར་ཟོས་ལས་འབྱུང་། །དེ་ནས་གཞན་ཡང་ལྕི་བ་དང་། །སྐྱུར་དང་སྣུམ་བསིལ་ལན་

ཚྭ་དང་། །ཐལ་སྨན་རྣོན་པོ་ཚ་བ་དང་། །མྱ་ངན་ཆུ་གཉིད་དྲགས་དང་ཡར། །ས་ཟོས་ཤ་ལྕི་ཤ་སྐམ་དང་། །མ་ཞུ་ངལ་དང་བུད་མེད་དྲགས། །རྐང་གིས་ལམ་དུ་འགྲོ་བ་འམ། །བཞོན་པས་དྲག་ཏུ་བསྐྱོད་འགྱུར་ཡིན། །ལུད་པ་དབུགས་མི་བདེ་ཚད་

འཁྲུ། །གཞང་འབྲུམ་ལྟོ་བའི་ནད་དང་ནི། །མངལ་ནས་ཁྲག་ཟག་རིམས་ཀྱིས་བཏབ། །གསུད་དང་ཆུ་སེར་སློན་ཉེས་དང་། །སྦྲུམ་མ་དང་ནི་མེ་དབལ་གྱི། །ནད་དང་སྐྱ་རྦབ་དག་གིས་བཏབ། །གཞན་ཡང་ལོག་པར་གསོས་གྱུར་པའི། །ནད་

དེ་བྲང་དུ་གནས་ན་ནི། །སྟོད་སྐྲང་ཆུ་སོར་གནས་སྨད་སྐྲང་། །དབུས་ན་གནས་པ་རབ་ཏུ་སྐྲང་། །ཡན་ལག་ཀུན་ཁྱབ་ཐམས་ཅད་སྐྲང་། །ཉིང་ལག་ལ་བརྟེན་དེ་སྐྲང་བྱེད། །དེ་ཡི་སྔོན་ཚུལ་རྩ་རྣམས་ཚ། །ཡན་ལག་སྙོམ་པར་བྱེད་པ་ཡིན། །རླུང་

ལས་སྐྲང་པ་འཕོ་ཞང་རྩུབ། །སྤུ་རྩུབ་སྨུག་ཅིང་གནག་པ་དང་། །པགས་འཁུམས་འདར་བརྩེ་རེག་ནན། །ན་ཞིང་ཟུག་པ་བེམ་བེམ་པོ། །མྱུར་བར་ལྡང་ཞིང་མྱུར་དུ་ཞི། །སྐྲངས་པ་མནན་ན་དམའ་བར་འགྱུར། །སྣུམ་དང་དྲོ་པས་མཉེས་ན་ཞི། །

เล่ม ๑๙๘ · หน้า 152a

མཚན་མོ་ཆུང་ཞིང་ཉིན་མོ་ཆེ། །པགས་པ་ཡུངས་ཀར་ལྡེ་གུ་ཡིས། །བསྐུས་ལྟར་ཚ་བ་ཙག་ཙག་བྱེད། །མཁྲིས་པ་རྩ་སེར་དམར་ལ་གནག །སྤུ་ནི་དམར་སེར་གྱུར་པ་དང་། །མྱུར་དུ་ལྡང་དང་ཞི་མི་འགྱུར། །དང་པོར་དབུས་

སུ་བྱུང་དང་སྲབ། །སྐོམ་བཅས་ཚ་ཞིང་རིམས་འདེབས་རྔུལ། །མནམ་ཞིང་འདྲུལ་ལ་སྣུམ་མགོ་འཁོར། །བསིལ་བར་འདོད་ཅིང་ཐུར་དུ་འཁྲུ། །དྲི་མནམ་རེག་ན་མི་བཟོད་འཇམ། །བད་ཀན་གཡའ་སྤུ་པགས་པ་དཀར། །མཁྲང་ཞིང་བསིལ་ལ་ལྕི་བ་

དང་། །སྣུམ་ཞིང་འཇམ་ལ་བརྟེན་ཞིང་འཐས། །གཉིད་ཆེ་སློན་ཞིང་མེ་དྲོད་ཉམས། །མནན་ན་མི་འབྱིང་ལྡང་དཀའ་ཞིང་། །ཞི་དཀའ་མཚན་མོ་སྐྲངས་ཚབས་ཆེ། །འོད་མ་གཙགས་བུ་སྩོགས་དྲལ་ཡང་། །ཁྲག་མི་འབྱུང་བར་སྤྱིན་བག་འཛག །དྲོ་དང་

རེག་པ་ལ་མངོན་དགའ། །གཉིས་འབྱུང་གསུམ་པོ་རང་ཇི་བཞིན། །རྒྱུ་དང་མཚན་མ་འདྲེན་མ་ཡིན། །འདུས་པ་ཀུན་གྱི་བདག་ཉིད་ཅན། །མཚོན་ལས་སྩོགས་པས་ནད་གྱུར་ཞིང་། །བཅད་དམ་དབྲལ་ལམ་སྨས་ལ་སྩོགས། །ཁ་བ་མེ་

དང་རྒྱ་མཚོའི་རླུང་། །བསེ་རྩི་ཀ་པི་ཀ་ཆུ་ཡི། །ཁུ་བ་གྲ་མ་སྩོགས་རེག་པས། །སྐྲང་པ་མཆེད་པར་འགྱུར་བ་ཡིན། །ཤིན་ཏུ་ཚ་ཞིང་དམར་བར་སྣང་། །ཕལ་ཆེར་མཁྲིས་པའི་མཚན་ཉིད་ཅན། །དུག་སྐྱེས་སྲོག་ཆགས་དུག་ཅན་ནི། །

ལུས་ལ་སོད་དང་གཅིན་གྱིས་ཕོག །སྲོག་ཆགས་དུག་མེད་པ་ཡི་ཡང་། །སོ་དང་མཆེ་བ་སེན་མོས་ཟུག །གཅིན་རྟུག་ཁུ་བས་སྨོས་པ་དང་། །དྲི་མ་ཅན་གྱི་གོས་ཀྱིས་རེག །དུག་ཤིང་རླུང་ལ་རག་པ་དང་། དབྱིག་དུག་ཕྱེ་མས་རེག་ལས་བྱུང་། །

མཉེན་ཞིང་གཡོ་ལ་འཕྱང་བ་དང་། །མྱུར་གསོད་ཚ་ཞིང་ན་བར་བྱེད། །འོར་ནད་གསར་བྱུང་བླ་བརྣན་མེད། །གསོ་སླ་གསོ་དཀའ་སྔར་བཤད་ཟིན། །མེ་དཔལ་ནད་དང་སྣད་པའི་བར། །གནོད་པ་འོར་ནད་མཚུངས་པ་ཡིན། །དེ་ནི་ཕྱི་ནང་གཉི་ག་སྟེ། །

เล่ม ๑๙๘ · หน้า 152b

གསུམ་ན་གནས་པ་ཡིན་པར་བཤད། །ཕྱི་མ་བཞིན་དུ་གསོ་བར་དཀའ། །དེ་ལ་ནད་ནི་ཇི་བཞིན་དུ། །འཁྲུགས་པའི་རྒྱུ་ཡིས་ལྡང་གྱུར་ལ། །ཁྱད་པར་དུ་ནི་ཚ་བ་ཡིས། །ལུས་ལ་མྱུར་དུ་མཆེད་པར་བྱེད། །དེ་ཡང་ནང་གནས་ནང་དུ་མཆེད། །ཕྱིར་

གནས་ཕྱིར་མཆེད་གཉི་གར་གནས། །གཉི་གར་མཆེད་པར་བྱེད་པ་ཡིན། །དེ་ལ་ནང་ན་གནས་པ་ནི། །གནད་རྣམས་ཚ་གདུང་མྱོས་པར་བྱེད། །བུ་ག་རྣམས་ལ་གནོད་པ་དང་། །སྐོམ་དད་རབ་ཆེ་གཅིན་ནད་སྩོགས། །མི་སྙོམས་པར་ནི་འབྱུང་བ་

དང་། །མེ་དྲོད་མྱུར་ཉམས་ལས་ཤེས་བྱ། །ཕྱི་རོལ་དེ་ལས་བཟློག་པ་ཡིན། །དེ་ལ་རླུང་གྱུར་མེ་དབལ་ནི། །རླུང་གི་རིམས་དང་ནད་ཐབས་འདྲ། །སྐྲང་ཞིང་འགུལ་ལ་ཟུག་པ་དང་། །ཡན་ལག་སྙོམ་ཞིང་བ་སྤུ་བརྩེ། །མཁྲིས་གྱུར་

མྱུར་དུ་མཆེད་ཅིང་འགྲོ། །མཁྲིས་རིམས་རྟགས་ལྡན་ཤིན་ཏུ་དམར། །བད་ཀན་ལས་གཡའ་རེག་ན་འཇམ། །བད་ཀན་ལས་བྱུང་རིམས་འདར་ན། །མེ་དབལ་སྩོགས་ཀུན་ཡལ་བར་བོར། །རང་གི་ནད་ཚུལ་བསགས་གྱུར་ན། །དེ་ནི་སྨིན་རྡོལ་རང་

རང་གི། །མེ་དབལ་རྨ་ཡི་མཚན་ཉིད་འཛིན། །རླུང་མཁྲིས་ལ་ནི་རིམས་འདེབས་སློན། །བརྒྱལ་ཞིང་ཚད་འཁྲུ་སྐོམ་མགོ་འཁོར། །རུས་ཚིགས་ཆག་སྙམ་མེ་དྲོད་ཉམས། །མུན་ཞུགས་སྙམ་སེམས་ཡི་ག་འཆུས། །ཡན་ལག་ཐམས་ཅད་མེ་

མདག་ནི། །འབར་པས་ཁྱབ་པ་ལྟ་བུར་ཚ། །ཕྱོགས་ནི་གང་དང་གང་དུ་མཆེད། །ཁྱབ་པས་ཡན་ལག་དེ་དང་དེ། །མེ་མདག་ཞི་བ་ལྟར་གནག་པའམ། །སྔོ་བའམ་དམར་བས་ཁྱབ་བྱེད་ལ། །མེས་བསྲེགས་ལྟ་བུར་ཆུ་བུར་འབྱུང་། །མྱུར་དུ་མཆེད་ཅིང་

ཁྱབ་པར་བྱེད། །གནད་ཀྱི་རྗེས་འཇུག་མེ་དབལ་ནི། །དེ་ནས་སྟོབས་རབ་སྐྱེས་པའི་རླུང་། །ཡན་ལག་ན་ཞིང་དྲན་པ་སྟོར། །གཉིད་ཡར་དབུགས་ཀྱི་རྔམ་པ་དྲག །སྐྱིགས་བུས་འདེབས་ཤིང་འདི་ལྟ་བུའི། །གནས་སྐབས་དེས་ནི་ཐོབ་པར་འགྱུར། །

เล่ม ๑๙๘ · หน้า 153a

ས་དང་མལ་ཁྲི་སྟན་སྩོགས་ལ། །གང་དུ་འང་བདེ་བ་མི་འཐོབ་ཅིང་། །འགྲེ་ཞིང་སྡུག་བསྔལ་མྱོང་བ་དང་། །ལུས་སེམས་ངལ་ལས་བྱུང་བ་ཡིས། །གཉིད་ཀྱི་རྨོངས་བག་སད་དགའ་བ། །དེ་ནི་མེ་འདྲའི་མེ་དཔལ་ཡིན། །བད་ཀན་གྱིས་ནི་

བཀག་པའི་རླུང་། །བད་ཀན་དེ་རྡོལ་མང་དུ་ཕྱེ། །ཁྲག་འཕེལ་བ་ཡིས་ཁྲག་བརྟོལ་ཏེ། །པགས་པ་ཆུ་བཤལ་གནས། །གནོད་བྱས་ཐོར་བུ་ཕྲ་ཞིང་རིམ། །ཟླུམ་ཞིང་སྦོམ་ལ་སྲ་བ་ཡི། །མཛེར་པའི་ཕྲེང་བ་ཆགས་བྱེད་ཅིང་། །མདོག་དམར་རབ་ན་རིམས་ཀྱིས་འདེབས། །

ལུད་པ་དབུགས་མི་བདེ་ཚད་འཁྲུ། །ཁ་སྐམ་སྐྱིགས་བུ་སློན་མགོ་འཁོར། །རྨོངས་བག་མདོག་ཉམས་བརྒྱལ་དང་ལུས། །ཡན་ལག་ན་ཞིང་མེ་དྲོད་ཉམས། །དེ་ལྟར་མཛེར་པའི་མེ་དབལ་ནི། །བད་ཀན་རླུང་འཁྲུགས་ལས་གྱུར་ཡིན། །བད་ཀན་མཁྲིས་ལས་རིམས་

འདེབས་རེངས། །གཉིད་ཆེ་སློན་བག་ཀླད་པ་ན། །ཡན་ལག་ན་ཞིང་བྱ་རྨྱང་འདོད། །བླ་ཞིང་མགོ་འཁོར་ཡི་ག་འཆུས། །རྩུབ་ཅིང་དྲོད་ཉམས་རུས་ཆག་སྙམ། །སྐོམ་ཞིང་དབང་པོ་མི་གསལ་ལྕི། །བེ་སྣབས་འཁྲུ་ཞིང་དང་ག་འཁྱིལ། །དེ་ནི་རྩ་སྦུབས་རྣམས་སུ་འགྲོ། །

ཕལ་ཆེར་མ་ཞུ་གནས་ན་ཞུགས། །ཕྱོགས་གཅིག་ཏུ་ནི་རབ་མིན། །ཐོར་བུ་སེར་པོ་དམར་པོ་དང་། །དཀར་པོས་ཕྱོགས་ཀུན་གང་བར་བྱེད། །ནོར་བུ་ལྟར་སྣང་གནག་ཅིང་སྣུམ། །དྲི་མ་ཅན་ལ་སྐྲང་ཞིང་ལྕི། །རྣག་པའི་ཟབས་ཆེ་རབ་ཏུ་ཚ། །རེག་ན་འཇིག་ཅིང་རྣག་པ་དང་། །

འདམ་ལྟར་ཤ་ནི་ཞིག་གྱུར་ཅིང་། །རྩ་རྒྱུས་གསལ་བར་སྣང་བ་ཡིན། །མི་ཡི་རོ་ལྟར་མནམ་མེ་དཔལ། །དེ་ནི་འདམ་འདྲ་ཞེས་བྱར་བཤད། །ཀུན་སྐྱེས་མཚན་ཉིད་ཀུན་དང་ལྡན། །ལུས་ཟུངས་ཀུན་ལ་རབ་ཁྱབ་བྱེད། །ཕྱི་ཡི་རྒྱུ་ཡི་སྨས་ལས་འཁྲུགས། །ཁྲག་

བཅས་མཁྲིས་པ་སྐྱེད་བྱེད་དེ། །མེ་དཔལ་དུ་ནི་རླུང་གིས་བྱེད། །རྒྱ་སྲན་ཀུ་ལངྠ་འདྲ་བའི། །འབྲུམ་བུས་ཁྱབ་སྐྲང་རིམས་འདེབས་ན། །ཤིན་ཏུ་ཚ་ལ་དམར་ཞིང་སྔོ། །ནད་དམིགས་ཐ་དད་ལས་གྱུར་གསུམ། །གཉིས་གྱུར་བླ་བརྣན་མེད་གསོ་སླ། །རྨ་དང་འདུས་པ་ལས་

เล่ม ๑๙๘ · หน้า 153b

འབྱུང་དང་། །ཐམས་ཅད་གནད་ནི་ཁྱབ་པ་དང་། །རྩ་དང་ཆུ་བ་ཤ་འདྲུལ་དང་། །མི་རོའི་དྲི་འདྲ་རུལ་གསོ་དཀའ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་མཛེ་ནད་དང་ཤ་བཀྲ་དང་གཟི་གུ་དང་སྲིན་བུའི་

ནད་གཞི་བཤད་པར་བྱའོ། །ཁ་ཟས་སྤྱོད་ལམ་ལོག་པ་དང་། །ཁྱད་པར་དུ་ནི་མི་འཕྲོད་བསྟེན། །དམ་པ་སྨོད་དང་སྲོག་གཅོད་དང་། །གཞན་གྱི་ནོར་འཕྲོག་སྩོགས་བསྟེན་དང་། །སྡིག་པའི་ལས་ནི་འཕྲལ་བྱས་དང་། །སྔོན་ཆད་བྱས་པས་ནད་བསླངས་ནས། །རྩ་ལ་ཐད་ཀར་གྲམ་

ནས་ནི། །ཤ་དང་པགས་པ་ཆུ་སེར་ཁྲག། །གནོད་བྱས་སླ་བར་གྱུར་ནས་ནི། །དེ་ནས་ཕྱིར་ནི་འབྱུང་འགྱུར་ཏེ། །པགས་པའི་མདོག་ནི་མི་སྡུག་བྱེད། །མི་བཟད་དེ་ནི་མཛེ་རུ་བཤད། །གང་ཕྱིར་དུས་ལས་ཡལ་བར་བོར། །དེ་ནི་ལུས་ཀུན་མ་རུངས་འགྱུར། །ལུས་ཟུངས་

ལ་ཞུགས་ནང་དུ་ཁྱབ། །ཐམས་ཅད་འདྲུལ་བར་བྱེད་པར་འགྱུར། །རྔུལ་བཅས་རུལ་ཞིང་མནམ་པ་དང་། །སྲིན་བུ་ཕྲ་མོ་མི་བཟད་སྐྱེད། །སྤུ་ལྤགས་ཆུ་བ་རྩ་ཆེན་དང་། །རུས་པ་སྙི་བ་རིམ་བཞིན་ཟ། །དེ་བས་ཤ་བཀྲ་ཕྱི་རོལ་ཏེ། །མཛེ་ལས་གཞན་ནི་ཡིན་པར་བཤད། །

ནད་གཞི་ཐ་དད་འདྲེས་པ་དང་། །འདུས་གྱུར་མཛེ་ནད་རྣམ་པ་བདུན། །ཀུན་ཀྱང་ཉེས་གསུམ་ལས་བྱུང་ཡང་། །དེ་ལས་ལྷག་པ་ལས་མིང་འདོགས། །རླུང་གི་མཛེ་ནི་ཐོད་པ་འདྲ། །མཁྲིས་གྱུར་ཨུ་དུམྦཱ་ར་སྟེ། །བད་ཀན་ལས་གྱུར་ཟླུམ་གླང་ཤུ། །རླུང་མཁྲིས་

ལས་སྐྱེས་རི་ཤྱའི་ལྕེ། །བད་རླུང་ལས་བྱུང་པགས་པ་གཅིག། །འབྲུམ་ཕྲན་དང་ནི་ཤ་བཀྲ་དང་། །འབྲས་བྱེར་ཆུ་སེར་ཞིག་པོའོ། །བད་ཀན་མཁྲིས་པ་ལས་བྱུང་བ། །ཤུ་བ་རྨ་ཁ་བརྒྱ་པ་དང་། །པདྨ་དཀར་པོ་འབྲུམ་བུར་བཅས། །གཡན་པ་པགས་

པ་མྱགས་པའོ། །འདུས་པ་ལས་གྱུར་འོལ་མ་སེ། །དང་པོའི་གསུམ་དང་ཤུ་བ་དང་། །འོལ་མ་སེ་དང་པདྨ་དཀར། །རི་ཤྱའི་ལྕེ་ཞེས་བྱ་བ་སྟེ། །འདི་བདུན་མཛེ་ནད་ཆེན་པོ་ཡིན། །མཛེ་ནད་སྔར་བྱུང་མཚན་མ་ནི། །ཤིན་ཏུ་འཇམ་པའམ་རེག་ན་

เล่ม ๑๙๘ · หน้า 154a

རྩུབ། །རྔུལ་འབྱུང་མི་འབྱུང་མདོག་མི་སྡུག །ལུས་ཚ་གཡའ་ཞིང་པགས་ཚོར་མེད། །ཐོར་བུ་ཕྲའུ་མཐོ་བ་དང་། །རྨ་ནི་ལྷག་པར་གཟེར་བ་དང་། །མྱུར་དུ་འབྱུང་ཞིང་རིང་དུ་གནས། །འཚོབས་པ་དག་ཀྱང་རྩུབ་པར་འགྱུར། །

རྒྱུ་ཆུང་གིས་ཀྱང་ནད་ཆེར་ལྡང་། །བ་སྦུ་བརྩེ་ཞིང་ཁྲག་མདོག་གནག །ཐོད་པ་ལྟ་བུ་གནག་ཅིང་སྨུག །རྩུབ་སྲ་ཚོར་བ་ཆུང་ལ་སྲབ། །ཁྱབ་ཅིང་མཐའ་མ་མི་མཉམ་ལ། །བ་སྤུ་ལངས་པས་ཁྱབ་པར་བྱེད། །ཤིན་ཏུ་ཟུག་ཅིང་གཡའ་བ་ཆུང་། །

མྱུར་དུ་ཁྱབ་བྱེད་ཐོད་པ་འདྲ། །ཨུ་དུམྦཱ་ར་སྨིན་པ་ལྟར། །པགས་སྤུ་སྨུག་རྩ་དཀར་བས་ཁྱབ། །ཤས་ཆེར་མཐུག་དང་ཤས་ཆེར་འདྲུལ། །ཚ་བའི་ནད་དང་ཁྲག་ཤས་ཆེར། །མྱུར་དུ་སྨིན་ཅིང་འདྲུལ་བར་བྱེད། །འབུ་ཅན་ཨུ་དུམྦཱ་ར་ཡིན། །

བརྟན་ཞིང་འཐས་ལ་ལྕི་ཞིང་འཇམ། །དཀར་དམར་མྱུར་དུ་མི་མཆེད་ལ། །ཕན་ཚུན་འདབ་འབྲེལ་ཤུ་བ་སློན། །གཡའ་ཞིང་རྣག་ཆེ་འབུས་གང་ལ། །མཐའ་མ་འཇམ་ཞིང་སེར་པོར་སྣང་། །གོར་གོར་པོར་གནས་ཟླུམ་པོ་ཡིན། །གཡའ་ཞིང་ཕྲ་ཙག་

གནག་པ་དང་། །ཆུ་སེར་མང་བ་གླང་ཤུ་ཡིན། །རྩུབ་ཅིང་སྲབ་ལ་མཐའ་མ་དམར། །ནང་ན་གནག་ཅིང་མཐོ་བ་དང་། །ཟུག་ཅིང་ཚ་ལ་ན་ཞིང་རྣགས། །འབྲུམ་བུ་རྩུབ་པོས་ཁྱབ་པ་དང་། །རི་ཤྱའི་ལྕེ་ནི་དབྱིབས་འདྲ་པ། །འབུ་མང་རི་ཤྱའི་

ལྕེ་འདྲར་བཤད། །གླང་པོའི་ལྤགས་འདྲ་རེག་རྩུབ་ལྤགས། །གཅིག་པུར་བཤད་ལ་གཞི་ཆེ་བ། །རྔུལ་མི་འབྱུང་ཞིང་ཉ་ལྤགས་འདྲ། །འབྲུམ་བུ་ཕྲ་མོ་ཐུག་ཐུག་པོ། །རེག་ན་རྩུབ་དང་ལྡན་པ་དང་། །གཡའ་ཞིང་སྲ་ལ་གནག་པ་ཡིན། །ཤ་བཀྲ་

ནང་རྩུབ་ཕྱི་རོལ་འཇམ། །ཕྲུགས་ན་གློག་པ་འབྱུང་བ་དང་། །རེག་ན་འཇམ་ཞིང་སྲབ་པ་ལ། །ཀུ་བའི་མེ་ཏོག་ལྟར་དམར་དཀར། །ཕལ་ཆེར་རོ་སྟོད་དག་ཏུ་འབྱུང་། །རྨེན་བུ་དམར་པོ་གཡའ་དང་ལྡན། །ཁྱབ་པར་བྱེད་པའི་འབྲས་ཞེས་བྱ། །

เล่ม ๑๙๘ · หน้า 154b

རྐང་པ་ལག་པ་གས་པ་དང་། །མི་བཟད་ན་ཞིང་གཡའ་ཚབས་ཆུང་། །རྐང་ལག་ཞིག་པ་ཞེས་བྱའོ། །ཐོར་བུ་དམར་པོས་ཁྱབ་པ་དང་། །རིང་དུ་མཆེད་ཅིང་དཱུར་བ་འདྲ། །པགས་པ་ཟར་མའི་མེ་ཏོག་འདྲ། །གཡའ་ཞིང་བརྟན་པར་གནས་པ་དང་། །

ཟླུམ་པོར་བྱུང་བ་ཤུ་བ་ཡིན། །རྩ་བ་སྦོམ་ཞིང་ཚ་བཅས་ན། །དམར་ཞིང་སྨུག་ལ་རྨ་ཁ་མང་། །རྣག་ཅིང་འབུ་མང་ཁ་བརྒྱ་པ། །ཕལ་ཆེར་ཀུན་ཏུ་སྐྱེ་བ་ཡིན། །མཐའ་མ་དམར་ཞིང་དབུས་ན་དཀར། །གཡའ་ཚ་ན་དང་བཅས་པ་དང་། །

མཐོ་ཞིང་རི་མོ་བརྟན་པས་ཁྱབ། །པདྨའི་འདབ་མ་ལྟར་རྒྱས་ཤིང་། །སྟུག་ཅིང་ཆུ་སེར་ཁྲག་མང་ལ། །ཕལ་ཆེར་མྱུར་རྡོལ་པད་དཀར་ཡིན། །པགས་པ་སྲབ་པའི་འབྲུམ་བུ་དཀར། །དམར་བས་གང་བ་འབྲུམ་བུ་ཡིན། །གཡའ་བའི་ནད་ནི་གཡའ་

བ་དང་། །འདྲུལ་ཞིང་ལྷག་པར་ན་བ་དང་། །འབྲུམ་པ་ཕྲ་ནག་མང་པོ་ནི། །ཕལ་ཆེར་རྐུབ་ལག་གྲུ་མོར་འབྱུང་། །ཐོར་བུ་བཅས་ཤིང་རེག་མི་བཟོད། །གཡའ་ཞིང་དྲོ་ཚ་ན་དང་བཅས། །དམར་ལ་པགས་པ་མྱགས་པ་ཡིན། །འོལ་མ་སེ་ནི་རབ་

ཚ་ན། །སྟོད་ནི་དམར་ཞིང་གནག་པ་སྟེ། །འོལ་མ་སེ་ཡི་འབྲས་བུ་འདྲ། །མཛེ་ཡི་མཚན་མ་ཀུན་དང་ལྡན། །དེ་བས་ཁ་དོག་དུ་མར་འགྱུར། །མཛེ་ནད་ནད་གཞི་ཤས་ཆེ་བ། །ནད་དབྱེ་ཤེས་ལས་བཤད་པ་ཡི། །མཚན་མ་ལས་ཀྱིས་

བསྟན་པ་ཡི། །ནད་ཀུན་རྒྱས་པ་ལས་བྱུང་དང་། །གང་ཡང་འཆི་ལྟས་ལས་བཤད་དང་། །རུས་རྐང་ཁུ་ཆུ་ལ་གནས་སྤང་། །ཚིལ་ལ་གནས་པ་འཚོ་བ་ཙམ། །མཁྲིས་འདྲེས་ཤ་ཁྲག་གནས་གསོ་དཀའ། །རླུང་དང་བད་ཀན་ལས་གྱུར་དང་། །

པགས་གནས་ནད་གཅིག་གྱུར་གསོ་སླ། །དེ་ལ་པགས་པར་གནས་པའི་མཛེ། །ཟུག་ཅིང་རྩུབ་ལ་མདོག་མི་སྡུག །ཁྲག་གནས་རྔུལ་འབྱུང་གཉིད་ཆེ་སྐྲང་། །ཤ་ལ་གནས་པ་རྐང་པ་དང་། །ལག་པར་འབྲུམ་བུ་འབྱུང་བ་དང་། །ཚིགས་གནས་ལྷག་པར་ཚིགས་འདྲུལ་སྐེམ། །རྐང་པ་འཇས་

เล่ม ๑๙๘ · หน้า 155a

འགྱུར་ཚིལ་གནས་པ། །ཡན་ལག་ཞིག་པར་བྱེད་པར་འགྱུར། །རུས་པ་རྐང་གནས་སྣ་ཞོམ་ཞིང་། །མིག་དམར་སྐད་ནི་འགགས་པ་དང་། །རྨ་ལ་འབུ་ཞུགས་ཁུ་བར་གནས། །བུ་དང་ཆུང་མར་བཅས་ལ་འབྱུང་། །ཁྲག་སྩོགས་

ལ་ནི་རིམ་བཞིན་དུ། །མཚན་མ་ཐམས་ཅད་འབྱུང་བར་འགྱུར། །གཟི་གུ་མཛེ་དང་གཅིག་ལས་འབྱུང་། །དེ་ནི་ཤ་བཀྲ་ཆུ་དང་ནི། །ཡོངས་སུ་འཛག་པ་ཞེས་བྱར་བཤད། །ནད་གཞི་གསུམ་ལ་བརྟེན་ཞིང་འབྱུང་། །རླུང་ལས་རྩུབ་ཅིང་སྨུག་པ་ཡིན། །

མཁྲིས་གྱུར་པདྨའི་འདབ་ལྟར་དམར། །ཚ་ཞིང་བ་སྤུ་འབྱི་བར་བྱེད། །བད་ཀན་ལས་སྐྱ་སྟུག་ཅིང་ལྕི། །གཡའ་བཅས་རིམ་བཞིན་ཁྲག་དང་ནི། །ཤ་དང་ཚིལ་ལ་བརྟེན་པར་བཤད། །འདི་དག་མདོག་ནི་གཉི་ག་ཡིན། །དེ་ནི་ཕྱི་མ་བཞིན་གསོ་དཀའ། །སྤུ་

དཀར་མ་ཡིན་སྲབ་པ་དང་། །ཕན་ཚུན་མ་འདྲེས་གསར་དུ་བྱུང་། །མེས་མ་བསྲེགས་པ་གསོ་བར་སླ། །དེ་ལས་གཞན་པ་གསོ་དཀའ་ཡིན། །མདོམས་དང་ལག་མཐིལ་མཆུར་བྱུང་བ། །གསར་དུ་བྱུང་ཡང་གསོ་བར་དཀའ། །ནད་རྣམས་ཕལ་ཆེར་ཟས་དང་ནི། །

མལ་གཅིག་རེག་སྩོགས་ལ་བརྟེན་ལས། །ཐམས་ཅད་འགོ་སྟེ་མིག་ནད་དང་། །མཛེ་ནད་ལྷག་པར་འགོས་པ་ཡིན། །ཤ་བཀྲ་གཟི་གུའི་ནད་བཤད་ནས། །ད་ནི་སྲིན་བུའི་ནད་བཤད་བྱ། །ཕྱི་དང་ནང་གི་དབྱེ་བ་ཡིས། །སྲིན་བུ་རྣམ་པ་གཉིས་སུ་བཤད། །ཕྱི་

ཡི་དྲི་མས་བད་ཀན་ཁྲག །བཤང་སྐྱེས་དབྱེ་བས་རྣམ་བཞི་ཡིན། །མིང་ལས་རྣམ་པ་ཉི་ཤུར་འགྱུར། །དེ་ལ་ཕྱི་ཡི་ཁྲག་ལས་བྱུང་། །ཚད་དབྱིབས་མདོག་ནི་ཏིལ་འབྲུ་འདྲ། །སྐྲ་དང་གོས་ལ་བརྟེན་པ་ཡིན། །ཕྲ་ཞིང་རྐང་པ་མང་ལ་མིང་། །ཤིག་དང་སྲོ་

མ་ཞེས་བྱའོ། །གཉི་གས་ཐོར་བུ་འབྲུམ་བུ་དང་། །གཡན་པ་དག་ནི་སྐྱེད་པར་འགྱུར། །ནང་གི་མཛེ་དང་རྒྱུ་གཅིག་སྟེ། །དེ་ལས་བད་ཀན་ལས་མང་སྐྱེ། །ཟས་མངར་བུ་རམ་འོ་མ་དང་། །ཚ་དང་འབྲས་སར་ཆན་ལ་དགའ། །མི་གཙང་བྱུང་བཅས་བཤང་

เล่ม ๑๙๘ · หน้า 155b

ལམ་ནས། །ལོ་མ་འདབ་མ་ལ་སྩོགས་དགའ། །བད་ཀན་མ་ཞུའི་གནས་སུ་འབྱུང་། །སྐྱེས་ནས་ཀུན་དུ་འགྲོ་བ་ཡིན། །ལ་ལ་འབྲེང་བ་འདྲ་བ་ཡིན། །ལ་ལ་སྲིན་བུ་ཁོལ་མ་འདྲ། །ཁ་ཅིག་མྱུ་གུ་འབུས་པ་འདྲ། །ཕྲ་ཞིང་རིང་ལ་ཆུང་བ་

དང་། །དཀར་ཞིང་དམར་བར་སྣང་བ་ཡིན། །དེ་ཡི་མིང་ནི་རྣམ་བདུན་ཏེ། །རྒྱུ་མ་ཟད་དང་ལྟོ་ནང་འཁྱིལ། །སྙིང་ཟ་ཡ་མཚན་ཆེན་པོ་དང་། །མི་མངོན་རྒྱུ་དང་འཇག་མ་འདྲ། །དྲི་ཞིམ་ཞེས་བྱ་དེ་རྣམས་ནི། །སྙིང་འཕར་ཁ་ཆུ་འཛག་པ་དང་། །

ཟས་མི་འཇུ་ཞིང་ཡི་ག་འཆས། །བརྒྱལ་ཞིང་མི་དྲན་རིམས་འདེབས་སློན། །སྐོམ་ཞིང་སྦྲིད་པ་ཆམ་པས་འདེབས། །ཁྲག་རྒྱུ་བ་ཡི་རྩ་ནང་ནས། །ཁྲག་ལས་བྱུང་བའི་སྲིན་བུ་ཕྲ། །ཟླུམ་ཞིང་རྐང་མེད་ཟངས་ལྟར་དམར། །ཕྲ་ཞིང་ལ་ལར་བལྟར་

མི་སྣང་། །སྐྲ་རྩ་ཟ་ཞིང་སྦུ་འབྱི་བྱེད། །སྦུ་གླིང་ཨུ་དུམྦཱ་ར་འདྲ། །ཞགས་པ་བཅས་དང་ཐོང་ཀ་སྟེ། །དྲུག་པོ་དེ་དག་མཛེ་ལས་གཅིག །ཞུ་བའི་གནས་སུ་མི་གཙང་སྐྱེས། །འཕེལ་ནས་ཐུར་དུ་རྒྱུ་བར་བྱེད། །དེ་ནི་ཆེར་འཕེལ་གྱུར་པ་ན། །

གང་ཚེ་མ་ཞུའི་གནས་སུ་ཞུགས། །དེ་ཚེ་སྒྲེགས་པ་དབུགས་འབྱུང་བ། །ཕྱི་ས་ལྟ་བུར་མནམ་པར་འགྱུར། །ཟླུམ་ཞིང་ལུས་ཕྲ་སྦོམ་པོ་དང་། །སྨུག་དང་སེར་དང་དཀར་དང་གནག །སྲིན་བུ་དེ་མིང་རྣམ་ལྔ་སྟེ། །ཁམ་གྱི་ཟས་དང་དལ་གྱིས་འགྲོ། །

མྱོང་བར་བྱེད་དང་བརྐམ་པ་དང་། །ལུས་ལ་གནོད་བྱེད་ཅེས་བྱའོ། །དེས་འཁྲུ་གཟེར་དང་རྟུག་སྐམ་བྱེད། །སྐེམ་ཞིང་མདོག་ནི་སྐྱ་བ་དང་། །བ་སྤུ་ལྡང་ཞིང་མེ་དྲོད་ཉམས། །ལྕི་གཡའ་གཞང་ནི་ཕྱིར་འབྱུང་བྱེད། །

ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བཅུ་བཞི་པའོ།། །།དེ་ནས་རླུང་ནད་ཀྱི་ནད་གཞི་བཤད་པར་བྱའོ། །རླུང་ནི་ཕན་དང་གནོད་བྱེད་ལ། །འདི་ནི་སྣ་ཚོགས་རྒྱུ་གཅིག་པུ། །ཁྱད་པར་དུ་ནི་ལུས་ཀྱི་ནི། །

เล่ม ๑๙๘ · หน้า 156a

ནད་དང་ནད་མེད་རྒྱུ་གཅིག་པུ། །དེ་ནི་ཀུན་བྱེད་ཀུན་བདག་ཉིད། །སྣ་ཚོགས་གཟུགས་ཅན་སྐྱེ་དགུའི་བདག། །འབྱིན་བྱེད་འཛིན་བྱེད་ཁྱབ་འཇུག་གཙོ། །སྡུད་བྱེད་འཆི་བདག་གཤིན་རྗེར་འགྱུར། །དེ་བས་དེ་ལྡང་མི་འགྱུར་

བར། །རྟག་ཏུ་འབད་པ་ཉིད་དུ་གྱིས། །དེ་ཡིས་ཐ་མལ་གཞན་གྱུར་ལས། །ནད་ཀྱི་བྱེ་བྲག་ཤེས་པར་བཤད། །བསྡུས་དང་རྒྱས་པ་དེའི་མིང་གནས། །རྒྱུ་བའི་ལམ་ནི་རེ་རེ་ལྔ། །ནད་ཚུལ་ཤེས་པར་བཤད་པ་ཡིན། །འདིར་ནི་

ནད་ཀྱི་རྣམ་གྱུར་བ། །དེ་ཡི་དབྱེ་བ་ནད་གཞི་དང་། །མཚན་ཉིད་བཅས་པ་ཉིད་དུ་བཤད། །གྲངས་མེད་ཀྱང་ནི་བརྒྱད་ཅུ་ཡི། །གྲངས་སུ་སྔར་ནི་བཤད་པ་ཡིན། །ལུས་ཟུངས་ཟད་བྱེད་བསྟེན་དྲགས་པས། །རླུང་ནི་འཁྲུགས་པར་བྱེད་འགྱུར་

ཏེ། །སྦུ་གུ་སྟོང་པར་རྒྱུ་གྱུར་པ། །དེ་ཉིད་ཤིན་ཏུ་འགེངས་བར་བྱེད། །ནད་གཞན་གྱིས་ནི་གང་བ་དེར། །ཁེབས་པས་མཐུ་ཅན་ཉིད་དུ་འགྱུར། །དེ་ལ་ཞུ་བའི་གནས་སུ་ཞུགས། །གཟེར་དང་རྒྱུ་མ་སྒྲ་བཅས་སྦོ། །བཤང་འགགས་རྡེའུ་ནད་

གཞང་འབྲུམ་སྐྱེ། །རྒྱབ་དང་རྐེད་པ་མཇུག་མདོར་ན། །རོ་སྨད་ཀྱི་ནི་ཕྱོགས་དེ་རུ། །མི་བཟད་གནོད་པ་དེ་དེ་སྐྱེད། །མ་ཞུའི་གནས་ཞུགས་སྐོམ་དད་སློན། །ལུད་པ་དབུགས་མི་བདེ་གསུད་ནད། །ལྐོག་མ་འགགས་ཤིང་སྒྲེགས་མང་ན། །

ལྟེ་བ་ཡན་ཆད་སྐྱེད་པར་བྱེད། །རྣ་བ་སྩོགས་ཞུགས་དབང་པོར་གནོད། །པགས་ཞུགས་གས་ཤིང་རྩུབ་པར་བྱེད། །ཁྲག་ཞུགས་གཉིད་སྟུག་མི་བཟད་ན། །ཚ་ཞིང་དམར་ལ་མདོག་མི་སྡུག །ཐོར་འབྱུང་ཁ་ཟས་སྲ་བར་གནས། །ཡི་ག་འཆུས་

སྐོམ་མགོ་འཁོར་ན། །ཤ་ཚིལ་ལ་གནས་རྨེན་བུ་དང་། །རབ་ཏུ་ཟུག་ཅིང་ལུས་རྩུབ་ལ། །ལུས་ལྕི་རབ་ན་རེངས་པ་དང་། །ཁུ་ཚུར་དབྱིག་པས་ཕོག་སྙམ་བྱེད། །རུས་གནས་བརླ་དང་རུས་ཚིགས་ན། །མི་བཟད་གཟེར་ཞིང་ཉམས་སྟོབས་ཟད། །རྐང་

เล่ม ๑๙๘ · หน้า 156b

གནས་རུས་པ་ཁོང་སྟོང་ཞིང་། །གཉིད་མེད་རྟག་ཏུ་ན་བ་ཡིན། །ཁུ་བར་གནས་པ་མྱུར་འབྱུང་ལ། །འགགས་པའམ་མདོག་འགྱུར་ཉིད་དུ་འགྱུར། །མངལ་གྱི་ཁུ་བར་གནས་དེ་བཞིན། །རྩ་རྣམས་སྟོང་ཞིང་སྦོ་བར་འགྱུར། །ཆུ་བར་གནས་

པ་གཟུགས་འཇས་དང་། །སྒུར་དང་ད་རྒན་ནད་དུ་འགྱུར། །ཚིགས་ལ་གནས་པའི་རླུང་སྐྲང་པ། །རྐྱལ་བ་རླུང་གིས་གང་རེག་འདྲ། །བརྐྱང་དང་བསྐུམ་པར་བྱེད་པ་ཡིས། །བསྐྱོད་པ་ན་དང་བཅས་པར་འགྱུར། །ཡན་ལག་ཀུན་ལ་བརྟེན་པ་ནི། །

ཟུག་ཆག་སྙམ་སེམས་འགུལ་བ་དང་། །རེངས་དང་ཚོར་བ་མེད་པ་དང་། །ཚིགས་འཁུམས་འདར་བར་བྱེད་པར་འགྱུར། །གང་ཚེ་རྩ་ཆེན་ཀུན་ལ་གནས། །ཡང་དང་ཡང་དུ་འཁྲུགས་གྱུར་པ། །དེ་ཚེ་ཡན་ལག་ལ་འཇུག་པས། །ནད་ནི་

ལུས་ལ་འཇུག་ཅེས་བྱ། །རོ་སྨད་དུ་ནི་འགག་པའི་རླུང་། །གྱེན་དུ་སོང་སྟེ་སྙིང་གར་གནས། །སྙིང་གའི་སྦུ་གུར་ཞུགས་ནས་ནི། །མགོ་བོ་ཡན་ལག་བཅས་པར་ཟུག །ལུས་ནི་ཀུན་དུ་ཞུགས་གྱུར་ན། །དེ་ནི་གཞུ་ལྟར་སྒུ་བོར་བྱེད། །དབུགས་

འབྱིན་དཀའ་ཞིང་མིག་རེངས་ཧར། །ལྷོད་ཅིང་འཛུམས་པར་བྱེད་འགྱུར་ལ། །དེ་ནས་ཕུག་རོན་ལྟ་བུར་འཁུན། །དྲན་པ་མེད་དེ་གཞན་དབང་ཅན། །དེ་ཉིད་ཨ་བ་ཏ་ནར་བཤད། །རླུང་གིས་སྙིང་ནི་བཏང་གྱུར་ན། །སྐད་ཅིག་ཙམ་དུ་བདེ་ལ་

རེག །སླར་ཞུགས་ན་ནི་ན་བར་བྱེད། །དེ་ནི་མངལ་འཇིག་ལས་བྱུང་དང་། །ཁྲག་ནི་ལྷག་པར་འཛག་གྱུར་དང་། །སྣད་པ་དག་ལས་བྱུང་གྱུར་པ། །ཤིན་ཏུ་གསོ་བར་དཀའ་བར་འགྱུར། །མཇིང་པ་རེངས་པའི་རླུང་ཞུགས་ཤིང་། །གང་ཚེ་

རྩ་ཆེན་ལ་གནས་པ། །ལུས་ཀུན་ཁྱབ་པར་གྱུར་པ་ན། །དེ་ཚེ་ནམ་ཚོང་འགུགས་པར་བྱེད། །ལུས་ནི་གཞུ་ལྟར་ནང་དུ་གུག །མིག་རེངས་ཤུགས་ནི་འབྱིན་པར་བྱེད། །གླལ་འབྱུང་སོ་ནི་འཆའ་བ་དང་། །བད་ཀན་སྐྱུགས་པར་བྱེད་པར་འགྱུར། །

เล่ม ๑๙๘ · หน้า 157a

རྩིབ་ལོགས་ཟུག་ཅིང་ཚིག་མི་འཐོན། །འགྲམ་པ་རྒྱབ་དང་མགོ་བོ་ན། །འདི་ནི་ནང་དུ་གུག་ཅེས་བྱ། །ཕྱི་ཡི་དེ་དང་འདྲ་བ་ལ། །ལུས་ནི་ཕྱིར་དགྱེད་བྱེད་པ་དང་། །མགོ་བོ་རྒྱབ་ཏུ་འདྲེན་བྱེད་ཅིང་། །དེ་ལ་བྲང་ནི་ཤིན་ཏུ་འབུར། །གཉའ་བ་བཅོམ་པ་ལྟར་ན་ཞིང་། །སོ་དང་ཁ་ནི་

མདོག་མི་སྡུག །རྔུལ་ཞིང་ལུས་ནི་ལྷོད་པར་བྱེད། །ཕྱིར་དགྱེད་གཞུ་རེངས་ཞེས་བྱ་ཞིང་། །དེ་ལ་ཤུགས་དྲག་ཅེས་ཀྱང་བཤད། །གནད་ལ་གནས་པའི་རྨར་ཞུགས་ཏེ། །རླུང་གིས་བསྐྱོད་པར་གྱུར་པ་དང་། །རྐང་པ་ནས་ནི་མགོ་བོའི་བར། །ལུས་ལ་ནད་ཀྱིས་ཁྱབ་བྱེད་པ། །སྐམ་

ཞིང་ལུས་ནི་སྐྱ་གྱུར་པ། །རྨ་ཡི་ད་རྒན་དེ་སྤང་བྱ། །ལུས་ལ་འཇུག་པའི་རླུང་ཀུན་ནི། །ཤུགས་དང་བྲལ་ནས་བདེ་བར་འགྱུར། །ལྕེ་ནི་བྲུད་དྲགས་སྐམ་ཟོས་གནོད། །འགྲམ་པའི་རྩ་བར་གནས་རླུང་འཁྲུགས། །འགྲམ་པ་གཉིས་ནི་བསྐྱོད་བྱས་ནས། །ཁ་ནི་གདངས་པར་བྱེད་པའམ། །ཡང་

ན་འཛུམས་པར་བྱེད་པར་འགྱུར། །འགྲམ་པ་ཉམས་པར་བྱེད་པ་དེས། །ཟ་དང་སྨྲ་བ་དཀའ་བར་འགྱུར། །སྨྲ་བར་བྱེད་པའི་རྩ་གནས་རླུང་། །ལྕེ་ནི་ལྡིབས་པར་བྱེད་འགྱུར་ཞིང་། །ལྕེ་ལྡིབས་དེས་ནི་བཟའ་བཏུང་དང་། །སྨྲ་བ་ལ་སོགས་མི་ནུས་འགྱུར། །མགོ་བོས་ཁུར་ནི་ཁྱེར་པ་

དང་། །དགོད་དྲགས་མང་དུ་སྨྲ་བ་དང་། །སྔངས་དང་གཅུས་ཏེ་སྦྲིད་པ་གཏོང་། །གཞུ་སྲ་འདྲེན་པར་བྱེད་པ་དང་། །སྔས་ནི་མི་མཉམ་ལ་ཉལ་དང་། །སྲ་བ་འཆའ་བར་བྱེད་པ་དང་། །རླུང་སྐྱེད་པ་ནི་དེ་དང་དེས། །རླུང་འཕེལ་རོ་སྟོད་ལ་ཞུགས་ནས། །གདོང་གི་གཞོགས་

ཕྱེད་ཡོན་པོར་བྱེད། །སྨྲ་བ་དགོད་དང་ལྟ་བའང་ཡོ། །དེ་ནས་དེ་ཡི་མགོ་འགུལ་ཞིང་། །ཚིག་མི་ཕྱིན་ལ་མིག་རེངས་ཤིང་། །སོ་འགུལ་སྐད་ནི་འགགས་པ་དང་། །སྒྲ་མི་ཐོས་ཤིང་སྦྲིད་པ་ཐོགས། །དྲི་མི་ཚོར་ཞིང་དྲན་ཉམས་རྨོངས། །གཉིད་ལོག་པ་ན་དངང་བར་

འགྱུར། །མཆིལ་མ་གཡོན་དུ་འདོར་བ་དང་། །མིག་གཅིག་འཛུམས་པར་འགྱུར་པ་དང་། །ནམ་ཚོང་ཡན་ཆད་མི་བཟད་ན། །གཞོགས་ཕྱེད་དག་གམ་རོ་སྨད་ན། །ལ་ལས་དེ་གཞོགས་ཕྱེད་ནད་བཤད། །གཞན་དག་ཕྱོགས་གཅིག་གུག་ཅེས་ཟེར། །རླུང་ནི་ཁྲག་ལ་

เล่ม ๑๙๘ · หน้า 157b

བརྟེན་གྱུར་ཏེ། །སྤྱི་བོ་འཛིན་པའི་རྩར་ཞུགས་པ། །རྩུབ་ཅིང་ནད་བཅས་མདོག་གནག་བྱེད། །རྩ་འཛིན་དེ་ནི་གསོར་མི་རུང་། །རླུང་གིས་དེ་ལ་གཞོགས་ཕྱེད་བཟུང་། །རྩ་དང་རྒྱུས་པ་བསྐམས་བྱས་ནས། །གཞོགས་ཕྱེད་གང་ཡང་རུང་ལ་གནོད། །ཚིགས་ཀྱི་སྦྲེལ་མཚམས་ལྷོད་

པར་བྱེད། །དེ་ཡིས་ལུས་ཕྱེད་ཐམས་ཅད་ནི། །ལས་སྦྱོར་མི་ནུས་ཚོར་བ་མེད། །དེ་ནི་ཕྱོགས་གཅིག་ནད་ཅེས་ཟེར། །གཞན་དག་ཕྱོགས་གཅིག་བསྐམས་པར་འཆད། །ལུས་ཀུན་རླུང་ནད་དེ་དང་འདྲ། །ཡན་ལག་ཀུན་ལ་བརྟེན་པ་ཡིན། །རླུང་ནད་ཉི་ཚེས་གཞོགས་བྱེད་བསྐམས། །

ཤིན་ཏུ་གསེ་དཀའ་ཡིན་པར་བཤད། །གཞན་དང་འདྲེས་པའང་གསོ་དཀའ་ཡིན། །ཟད་བྱེད་རྒྱུ་ཅན་སྤང་བར་བྱ། །མ་ཞུ་བད་ཀན་ལྡན་པ་ཡིས། །རྒྱུན་སྲང་བཀག་སྟེ་ལུས་རེངས་པས། །བརྐྱང་བསྐུམ་ཀུན་ལས་ཉམས་འགྱུར་བ། །ཤིང་འདྲ་ཤིང་ལྟར་རེངས་པ་ཡིན། །

ཕྲག་པའི་རྩ་བར་ཞུགས་པའི་རླུང་། །དེར་གནས་རྩ་ནི་འཁུམས་བྱས་ཏེ། །དཔུང་པ་བསྐྱོད་པར་མི་ནུས་བྱེད། །དཔུང་པ་འཇས་པའི་རླུང་ནད་ཡིན། །གང་ཞིག་ལག་མཐིལ་སོར་མོར་འབྲེལ། །ཆུ་བ་རྒྱབ་ཏུ་འཁུམས་བྱེད་ཅིང་། །ལག་ངར་བྱ་བ་ཉམས་བྱེད་པ། །རླུང་དེ་བི་ཤ་ཙེ་རུ་

བཤད། །གང་ཚེ་རླུང་ནི་རྐེད་པར་གནས། །བརླ་ཡི་ཆུ་བའི་ནང་དུ་ཞུགས། །དེ་ཚེ་མི་དེ་འཐེང་པོར་འགྱུར། །བརླ་གཉིས་ལ་ཞུགས་འཕྱེ་བོར་འགྱུར། །གང་ཞིག་འགྲོ་བར་རྩོམ་པ་ན། །ལུས་འདར་འཐེང་པོ་ལྟར་འགྲོ་བ། །ཚིགས་ཀྱི་སྦྲེལ་མཚམས་ལྷོད་གྱུར་པ། །དེ་ནི་སྲན་མའི་འཐེང་པོར་བཤད། །ཁ་ཟས་དྲོ་གྲང་

སྐམ་རློན་འདྲེས། །ལྕི་དང་སྣུམ་ཆེས་བསྟེན་པ་དང་། །ཞུ་དང་མ་ཞུ་མི་བདེས་བསྐྱོད། །ཉིན་ཉལ་མཚན་གཉིད་མ་ལོག་པས། །མ་ཞུ་ཤིན་ཏུ་སྩོགས་འགྱུར་ཏེ། །གལ་ཏེ་བརླ་ནང་ཞུགས་འགྱུར་ན། །བད་ཀན་ཚིལ་དང་རླུང་བཅས་པ། །ནད་གཞན་ཟིལ་གྱིས་མནན་ནས་ནི། །བརླ་རུས་ནང་དུ་གང་བྱས་ཏེ། །བད་ཀན་

གྱིས་ཏེ་རེངས་གྱུར་ལ། །དེ་ཚེ་དེ་ཡིས་བརླ་རེངས་བྱེད། །འདེགས་མི་ནུས་གྲང་ཚོར་བ་མེད། །གཞན་གྱི་ཡིན་སྙམ་སེམས་ཤིང་ལྕི། །མི་བཟད་པར་ནི་འགྲོ་བ་ཉམས། །སེམས་ཁོང་ཆུད་ཅིང་ཡན་ལག་ན། །སྙོམ་སློན་རིམས་འདེབས་ཡི་ག་འཆུས། །རྐང་པ་སྒྱིད་ཞན་འདེགས་པ་དཀའ། །བེམ་བེམ་པོར་འདུག་ལྡན་པ་

เล่ม ๑๙๘ · หน้า 158a

ཡིན། །དེ་ནི་བླ་རེངས་ནད་ཅེས་བཤད། །གཞན་དག་ཕྱུག་པོའི་རླུང་ཞེས་ཟེར། །རླུང་དང་ཁྲག་ལས་སྐྱེས་པའི་སྐྲང་། །པུས་མོའི་སྟེང་བྱུང་ནད་ཚབས་ཆེ། །ཅེ་སྤྱང་མགོ་ལྟར་སྦོམ་གྱུར་པ། །ཅེ་སྤྱང་མགོ་འདྲ་ཡིན་ཞེས་བྱ། །རྐང་པ་ན་ཞིང་མི་མཉམ་

འདོར། །ངལ་བ་ལས་ནི་གང་ཆེ་རླུང་། །ལོང་མོར་གནས་ཏེ་ནད་སྐྱེད་པ། །དེ་ནི་རླུང་ནད་ཚེར་མར་བཤད། །རྟིང་བ་སོར་མོར་འབྲེལ་པ་ཡི། །ཆུ་བར་རླུང་གིས་གནོད་གྱུར་གང་། །བརླ་ནས་འཇུག་པར་བྱེད་པ་དེ། །གཟུགས་འཁུམས་ཞེས་ནི་བྱ་བར་བཤད། །བི་ཤ་ཙི་

དང་གཟུགས་འཁུམས་བཤད། །མི་བཟད་ན་བ་ཁ་ལིར་བཤད། །གང་གི་རྐང་པ་བརྩི་འགྱུར་ཞིང་། །བེམ་བེམ་པོར་ནི་གྱུར་པ་དག །བད་ཀན་རླུང་འཁྲུགས་ལས་གྱུར་པ། །རྐང་པ་བརྩེ་བར་དེ་བཤད་དོ། །མཁྲིས་པ་ཁྲག་དང་བཅས་པའི་རླུང་། །རྐང་པ་གཉིས་སུ་ཚ་

བྱེད་ཅིང་། །ཁྱད་པར་དུ་ནི་འགྲོ་ཚེ་ཚ། །དེ་ནི་རྐང་ཚ་ཞེས་བྱར་བཤད། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ནད་གཞིའི་གནས་ཀྱི་ལེའུ་བཅྭ་ལྔ་པའོ།། །།དེ་ནས་དྲེག་ནད་ཀྱི་ནད་གཞི་བཤད་པར་བྱའོ། །ཁྲག་ནི་འཁྲུགས་པར་བྱེད་པའི་ཟས། །ཚ་བ་དང་

ནི་མི་འཕྲོད་པ། །བསྟེན་དང་སྦྱོར་བ་ལོག་པ་དང་། །ཉིན་ཉལ་མཚན་གཉིད་མ་ལོག་དང་། །ཉལ་པོ་དྲགས་དང་སྐྱིད་པར་གནས། །འཆགས་པའི་སྤྱོད་པ་མ་བསྟེན་དང་། །སྣད་དང་སྦྱང་བ་མ་བྱས་བས། །མི་ཡི་ཁྲག་ནི་འཁྲུགས་འགྱུར་ཞིང་། །རླུང་སྐྱེད་ཟོས་པས་རླུང་ནད་ནི། །

འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས། །དེ་བཞིན་ཁྲག་ཀྱང་ལམ་འགགས་ལ། །དང་པོར་གནོད་པར་འགྱུར་བ་ཡིན། །དེ་ནི་ཕྱུག་པོའི་རླུང་ནད་དང་། །འཐེང་ནད་སྟོབས་འཇིག་རླུང་ཁྲག་འདྲེས། །མིང་དུ་དེ་ནི་རྣམ་པར་བཤད། །དེ་ཡང་དང་པོར་རྐང་པར་རྒྱུ། །མཆོག་ཏུ་བཞོན་

སོགས་མཆོངས་ལས་བྱུང་། །དེ་ཡི་འབྱུང་འགྱུར་མཚན་ཉིད་ནི། །མཛེ་ནི་འབྱུང་འགྱུར་མཚན་མར་མཚུངས། །དེ་བཞིན་ལུས་ཉམས་ཡན་ལག་ལྷོད། །པུས་མོ་བྱིན་པ་བརླ་རྐེད་པ། །ལག་པ་རྐང་པའི་ཚིགས་རྣམས་སུ། །གཡའ་ཞིང་འགུལ་དང་ན་བ་དང་། །ཆག་སྙམ་

เล่ม ๑๙๘ · หน้า 158b

སེམས་ཤིང་ཚོར་མེད་ལྕི། །ཡང་དང་ཡང་དུ་ལྡང་བ་དང་། །སླར་ཡང་ཞི་བར་འགྱུར་བ་ཡིན། །རྐང་པ་གཉིས་ཀྱི་རྩ་བར་གནས། །ལན་འགའ་ལག་པ་དག་ཏུ་གནས། །བྱི་བའི་དུག་ནི་ལྡང་བ་ལྟར། །ལུས་ཀུན་ལ་ནི་ཁྱབ་པར་འགྱུར། །ཐོག་མར་པགས་པ་ཁྲག་

ལ་གནས། །བྱུང་བ་རྟོགས་པར་བླ་ཞེས་བྱ། །དེ་ནས་རིམ་གྱིས་ལུས་ཟུངས་ཀུན། །ཁྱབ་སྟེ་རྟོགས་པར་དཀའ་ཞེས་བྱ། །རྟོགས་སླ་པགས་གཡའ་ལ་སོགས་ལྡན། །ཟངས་ལྟར་དམར་དང་སྔོ་བ་དང་། །བྱ་རྨྱང་བཅས་ཤིང་རབ་དྲོ་ཚ། །རྟོགས་དཀའ་སྔར་

བས་ལྷག་པར་ན། །སྐྲང་ཞིང་མཁྲང་ལ་ཚོས་པར་བྱེད། །གཞང་དང་ཚིགས་དང་རུས་པ་རྐང་། །བཅད་སྙམ་སེམས་ཤིང་ནང་དུ་རྒྱུ། །ཤུགས་དང་ལྡན་ཚེ་སྒུར་པོ་དང་། །ཞ་བོ་འཐེང་པོར་བྱེད་འགྱུར་ལ། །ལུས་ནི་ཀུན་དུ་རྒྱུ་བ་ཡིན། །དེ་ལ་རླུང་ཤས་ཆེ་གྱུར་ན། །

གཟེར་འགུལ་ཟུག་པའི་ཤས་ཆེ་ཞིང་། །སྐྲང་བ་རྩུབ་ཅིང་གནག་པ་དང་། །སྔོ་ཞིང་འཕེལ་ཞིང་འབྲི་བར་འགྱུར། །རྩ་ཆེན་སོར་མོའི་ཚིགས་རྣམས་ནི། །འཁུམས་ཤིང་ལུས་བཅུམ་བཞིན་དུ་ན། །གྲང་ལ་མི་དགའ་རེག་ན་བདེ། །རེངས་ཤིང་འདར་ལ་ཚོར་བ་མེད། །ཁྲག་ཤས་ཆེ་

སྐྲང་རབ་ཏུ་ཟུག །དམར་ཞིང་ཚ་བ་ཙེག་ཙེག་བྱེད། །སྣུམ་དང་རྩུབ་བས་ཞི་མི་འགྱུར། །གཡའ་དང་འདྲུལ་བར་ལྡན་པ་ཡིན། །མཁྲིས་གྱུར་ཚ་ཞིང་རྨོངས་བག་དང་། །རྔུལ་ཞིང་བརྒྱལ་མྱོས་སྐོམ་དད་ཆེ། །རེག་མི་བཟོད་ཅིང་ན་ལ་དམར། །སྐྲང་ཞིང་སྨིན་ལ་ཤིན་ཏུ་

བྲོ། །བད་ཀན་གྱིས་འགུལ་མི་ཤེས་ལྕི། །ཚོར་མེད་སྣུམ་ཞིང་གྲང་བ་དང་། །གཡའ་ཞིང་ཅུང་ཟད་ན་བ་ཡིན། །འདྲེས་པའི་མཚན་ཉིད་འདྲེན་མ་ཡིན། །ནད་གཅིག་ལས་བྱུང་གསར་གསོ་སླ། །ནད་གཉིས་ལས་བྱུང་འཚོ་བ་ཙམ། །འདུས་པ་ལས་བྱུང་ཆུ་སེར་འཛག །རེངས་

དང་ཐོར་བུ་འབྱང་བ་སྤང་། །རླུང་ནི་ཡན་ལག་ཚིགས་གནས་པ། །ཁྲག་གི་ལམ་ལ་མྱུར་གནོད་བྱེད། །དེ་གཉིས་ཕན་ཚུན་འདྲེས་གྱུར་པའི། །ནད་ཀྱིས་སྲོག་ནི་འཕྲོག་པར་བྱེད། །ལྔ་ཡི་བདག་ཉིད་ཅན་རླུང་ལས། །སྲོག་རྩུབ་དྲག་ཤུལ་སྨྱུང་བ་དང་། །འགྲངས་དྲགས་

เล่ม ๑๙๘ · หน้า 159a

སྣད་དང་ལམ་གྱིས་དུབ། །ཤུགས་བཀག་ནན་གྱིས་བརྩིར་བ་ཡིས། །འཁྲུགས་ནས་མིག་ལ་སོགས་པ་ལ། །ཉེ་བར་གནོད་པ་སྐྱེད་བྱེད་ཅིང་། །ཆམ་པ་ཉམ་ཐག་སྐོམ་ལུད་པ། །དབུགས་མི་བདེ་སོགས་ནད་མ་བསྐྱེད། །སྟོད་རྒྱུ་སྦྲིད་པ་སྒྲེགས་པ་དང་། །

སྐྱུགས་པ་གཉིད་ནི་བཀག་པ་དང་། །ཁུར་ལྕི་འདེགས་དང་དྲག་ཏུ་ངུ་། །དགོད་དྲགས་སོགས་ཀྱིས་ནད་འཁྲུགས་ཏེ། །མགུལ་པ་འགགས་ཤིང་སེམས་ཉམས་ལ། །ཆམ་འདེབས་སློན་ཞིང་ཡི་ག་འཆུས། །མགུལ་པར་ལྦ་བ་སོགས་སྐྱེད་ཅིང་། །ནམ་འཚོང་ཡན་ཆད་བརྟེན་

ནད་སྐྱེད། །ཁྱབ་བྱེད་འགྲོ་དང་འདུག་དྲགས་དང་། །རྩེད་མོ་དྲགས་དང་མི་བཟོད་སྤྱོད། །ཁ་ཟས་མི་མཐུན་རྩུབ་འཇིགས་དགའ། །ཡི་མུག་སོགས་ཀྱིས་འཁྲུགས་པར་འགྱུར། །ཁུ་བ་སྟོབས་དང་སྤྲོ་བ་ཉམས། །སྐྲང་དང་སེམས་གཡེངས་རིམས་ཀྱིས་འདེབས། །ཡན་ལག་ཀུན་ལ་ཟུག་པ་དང་། །

སྤུ་བརྩེ་ཡན་ལག་ཚོར་བ་མེད། །མཛེ་དང་མེད་དབལ་གཞན་ཡང་ནི། །ལུས་ཀུན་ཁྱབ་པའི་ནད་སྐྱེད་འགྱུར། །མཉམ་གནས་འདུ་བ་མ་སྙོམས་དང་། །གྲང་དང་འདྲེན་མའི་ཟས་ཟོས་དང་། །དུས་མིན་གཉིད་ལོག་མཚན་མོ་ནི། །གཉིད་མ་ལོག་ལ་སོགས་ཀྱིས་འཁྲུགས། །གཟེར་

དང་སྐྲན་དང་ཕོ་ནད་སོགས། །ཞུ་དང་མ་ཞུར་གནས་ནད་སྐྱེད། །ཐུར་སེལ་ཟས་ནི་རྩུབ་དང་ལྕི། །ཤུགས་བཀག་པ་དང་མི་སྲུན་བཞོན། །ཁྱོགས་དང་བཞོན་དང་སྟན་གནས་དང་། །འགྲོ་བ་བསྟེན་ནི་དྲགས་པ་ཡིས། །འཁྲུགས་ནས་གསོ་བར་དཀའ་བའི་ནད། །ཞུ་བའི་གནས་ལ་

བརྟེན་པ་སྐྱེད། །གཅིན་དང་ཁུ་ཆུའི་ནད་གཞང་འབྲུམ། །གཞང་འབྱུང་ལ་སོགས་མང་པོ་སྐྱེད། །རླུང་ཀུན་མ་ཞུར་ལྡན་པ་ནི། །སྙོམ་དང་འགུལ་མི་ཤེས་ཁོང་ལྕི། །སྣུམ་དང་སྒྱིད་ཞན་ཡི་ག་འཆུས། །གྲང་སྐྲན་མེ་དྲོད་ཉམས་བྱེད་ཅིང་། །ཚ་དང་རྩུབ་པ་མངོན་འདོད་

ཅིང་། །དེ་ཟོས་བདེ་འགྱུར་ལས་ཤེས་བྱ། །མ་ཞུ་བ་དང་མི་ལྡན་པ། །སྙོམ་སོགས་གོ་ནི་བཟློག་པ་ཡིན། །དེ་ནས་རླུང་གིས་འདྲེས་པ་ཡི། །དབྱེ་བ་མང་པོར་ཤེས་པར་བྱ། །མཁྲིས་པས་འདྲེས་རྟགས་ཚ་བ་དང་། །སྐོམ་གཟེར་མགོ་འཁོར་མུན་འཐིབས་བྱེད། །ཚ་དྲོ་སྐྱུར་དང་

เล่ม ๑๙๘ · หน้า 159b

ལན་ཚྭ་བྲོ། །ཚ་ཞིང་གྲང་བ་འདོད་པ་ཡིན། །བསིལ་ཞིང་ཁོང་ལྕི་གཟེར་བ་དང་། །ཚ་བ་སོགས་ཟོས་སྨྱུང་བ་དང་། །རྩོལ་དང་རྩུབ་པས་ལྷག་པར་བདེ། །དྲོད་འདོད་བད་ཀན་ལྡན་པ་ཡིན། །ཁྲག་བཅས་ཚ་ཞིང་ན་དང་བཅས། །པགས་པའི་ཤ་ནད་ཤིན་ཏུ་ཟུག །སྐྲང་པ་

མདོག་དམར་འགྱུར་བ་དང་། །ཐིག་ལེ་དམར་པོ་འབྱུང་བ་ཡིན། །ཤ་དང་འདྲེས་པ་མཁྲང་བ་དང་། །མདོག་འགྱུར་འབྲུམ་བུ་ཕྲ་མོ་འབྱུང་། །སྤུ་བརྩེ་ལུས་ལ་གྲོག་མ་ནི། །རྒྱུ་བ་སྙམ་དུ་སེམས་པར་འགྱུར། །ཚིལ་དང་འདྲེས་པ་གསོ་དཀའ་དང་། །གཡོ་ཞིང་སྣུམ་ལ་

འཇམ་གྲང་བར། །ལུས་ལ་སྐྲང་ཞིང་ཡི་ག་འཆུས། །དེ་ནི་ཕྱུག་པོའི་རླུང་ནད་ཡིན། །རུས་པ་དང་ལྡན་རེག་ན་ཚ། །བཙིར་ན་མངོན་པར་དགའ་བ་དང་། །ཁབ་ཀྱིས་རབ་ཏུ་གཙགས་སྙམ་བྱེད། །ཡན་ལག་ན་ཞིང་ཟུག་པ་ཡིན། །རྐང་དང་ལྡན་ལ་ལུས་སྒུ་ཞིང་། །གླལ་

མང་དཀྲིས་པ་སྙམ་དུ་སེམས། །རབ་ཏུ་ན་ལ་ལག་གཉིས་ཀྱིས། །བཙིར་ན་བདེ་བར་འགྱུར་བ་ཡིན། །ཁུ་བ་དང་འདྲིས་དྲག་ཏུ་འབྱུང་། །ཡང་ན་མི་འབྱུང་འབྲས་བུ་མེད། །ཟས་འདྲེས་ཁོང་པར་མ་ཞུ་ན། །ཞུ་ནས་ནད་དེ་བདེ་བར་འགྱུར། །གཅིན་དང་རླུང་འདྲེས་ལྒང་པ་སྦོ། །

གཅིན་ནི་འགགས་པར་བྱེད་པར་འགྱུར། །བཤང་འདྲེས་ཐུར་དུ་འབྱུང་བ་འགག །རང་གི་གནས་སུ་ཡོངས་སུ་གཅོད། །སྣུམ་ཟོས་མྱུར་དུ་འཇུ་བར་འགྱུར། །ཟས་ཟོས་ལྟོ་ནི་སྦོས་པ་དང་། །ཟས་ཀྱིས་བཤང་བ་ཕུལ་ནས་ནི། །ན་ཞིང་སྐོམ་པོ་རྙོག་ཅན་འབྱུང་། །རླུང་ནི་

ལུས་ཟུངས་ཀུན་དང་འདྲེས། །བརླ་དང་ཆུ་སོ་རྒྱབ་ཏུ་ན། །རླུང་ནི་ལོག་སོང་མི་བདེ་ཞིང་། །སྙིང་ནི་རབ་ཏུ་ན་བར་བྱེད། །སྲོག་དང་མཁྲིས་པ་འདྲེས་གྱུར་འཁྲུགས། །མགོ་འཁོར་བརྒྱལ་དང་ལུས་ཚ་འགྱུར། །ལེགས་པར་མ་ཞུ་སློན་པར་བྱེད། །སྟོད་རྒྱུ་མགོ་འཁོར་སོགས་

པ་དང་། །ནང་དུ་ཚ་ཞིང་སྟོབས་ཟད་འགྱུར། །ཁྱབ་བྱེད་རྨོངས་བག་ལུས་ཀུན་ནི། །ཚ་ཞིང་ངལ་ལ་ལུས་སྤྱོད་འགགས། །ལུས་ཚ་ནད་དང་བཅས་པ་ཡིན། །མཉམ་གནས་དྲོད་ཀྱིས་གནོད་རྡུལ་ཆེ། །མི་དགའ་སྐོམ་དང་ཚ་བཅས་འགྱུར། །ཐུར་དུ་སེལ་བས་དྲི་མ་ནི། །ཁ་

เล่ม ๑๙๘ · หน้า 160a

དོག་སེར་པོར་འབྱུང་བ་དང་། །ཟླ་མཚན་ཆེར་འཕེལ་མོ་མཚན་དང་། །ཕོ་མཚན་རྐུབ་ཏུ་ཚ་བར་འགྱུར། །སྲོག་ནི་བད་ཀན་འདྲེས་གྱུར་པ། །ལུས་ལྷོད་སྐོམ་དང་ཡི་ག་འཆུས། །མཆིལ་མང་སྒྲེགས་པ་སྦྲིད་མང་སློན། །དབུགས་འབྱུང་དབུགས་རྔུབ་ཐོགས་

པ་ཡིན། །སྟོད་རྒྱུ་ལུས་ནི་ལྕི་བ་དང་། །ཚིག་ཐོགས་སྐད་འགགས་ཡི་ག་འཆུས། །སྟོབས་དང་ཁ་དོག་ཉམས་པར་བྱེད། །ཁྱབ་བྱེད་རུས་ཚིགས་རེངས་པ་དང་། །ཡན་ལག་ཐམས་ཅད་ལྕི་བ་དང་། །འགྲོས་ནི་ཤིན་ཏུ་འཁྱོར་བ་ཡིན། །མཉམ་གནས་ཡན་ལག་གྲང་

བྱེད་ཅིང་། །རྔུལ་མི་འབྱུང་ཞིང་དྲོད་ཆུང་འགྱུར། །ཐུར་སེལ་བཤང་དང་གཅི་བ་ནི། །བད་ཀན་བཅས་པར་འབྱུང་བར་འགྱུར། །དེ་ལྟར་རླུང་ནི་གཞན་འབྲེལ་བ། །ཉི་ཤུ་རྩ་གཉིས་ཡིན་ཞེས་བྱ། །དེ་བཞིན་སྲོག་ལ་སོགས་པའི་རླུང་། །ཕན་ཚུན་རིམ་བཞིན་འདྲེས་གྱུར་པ། །

ཀུན་ཀྱང་འཁྲུགས་པར་གྱུར་པ་དེ། །ཉི་ཤུར་འགྱུར་བ་ཡིན་ཞེས་བྱ། །སྲོག་དང་སྟོད་རྒྱུ་ལྷན་ཅིག་འཁྲུགས། །དབུགས་འབྱུང་དབུགས་རྔུབ་དཀའ་བ་དང་། །ཆམ་འདེབས་མགོ་བོ་ན་བར་བྱེད། །སྙིང་ན་ཁ་ནི་སྐམ་པར་འགྱུར། །སྟོད་རྒྱུའི་རླུང་ནི་སྲོག་དང་འདྲེས། །མདོག་དང་

གཟི་མདངས་སྟོབས་ཟད་བྱེད། །ཕྱོགས་འདིས་འགྲེས་པ་ལྷག་མ་རྣམས། །སྨན་པས་ཉེ་བར་སྦྱར་པར་བྱ། །རླུང་ནི་གནས་དང་འཕེལ་དང་འབྲི། །ལས་རྣམས་ལེགས་པར་བརྟག་པར་བྱའོ། །སྲོག་ལ་སོགས་པ་ལྔ་པོ་ནི། །འཁྲུགས་པས་ཕན་ཚུན་འདྲེས་པ་ཡིན། །མཁྲིས་

པ་ལ་སོགས་བཅུ་གཉིས་དང་། །འདྲེས་པར་འགྱུར་ཏེ་འདྲེན་མ་ཡིན། །མཁྲིས་པ་སོགས་ལས་འདྲེས་དེ་བཞིན། །འདྲེན་མ་རྣམ་པ་དུ་མ་ཡིན། །རབ་དང་རབ་མཆོག་བརྟགས་པ་ཡིས། །འདྲེས་པ་གྲངས་མེད་འགྱུར་བ་ཡིན། །དེ་ནི་རང་གི་མཚན་ཉིད་དང་། །རིམ་གྱིས་

བདེ་བར་འགྱུར་བ་ལས། །རྟོགས་དཀའ་ཡིན་ཏེ་ཡང་ཡང་བརྟག །མ་ཡེངས་པས་ནི་ཤེས་པར་བྱ། །ཁྱད་པར་སྲོག་ནི་འཚོ་བ་ཡིན། །སྟོད་དུ་རྒྱུ་བ་སྟོབས་ཞེས་བརྗོད། །དེ་གཉིས་གནོད་པར་གྱུར་པ་ལས། །ཚེ་དང་སྟོབས་ནི་ཟད་པར་འགྱུར། །རླུང་ནི་འདྲེས་པ་

เล่ม ๑๙๘ · หน้า 160b

མ་ཤེས་པའམ། །ཤེས་ཀྱང་ལོ་གཅིག་ལོན་པ་ནི། །འབད་ཀྱང་གསོ་དཀའ་ཡིན་པའམ། །གསོ་བའི་ཐབས་ནི་མེད་པ་ཡིན། །འདྲེས་ནད་ཡལ་བར་བོར་ན་ནི། །ཁོང་འབྲས་མཆེར་པ་སྙིང་ནད་དང་། །སྐྲན་དང་མེ་དྲོད་ཉམས་ལ་སོགས། །བླ་བརྣན་དེ་ལས་འབྱུང་བར་

འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །ནད་གཞིའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། ནད་གཞིའི་གནས་ཏེ་གནས་གསུམ་པ་རྫོགས་སོ།། །།དེ་ནས་རིམས་ནད་གསོ་བ་བཤད་པར་བྱའོ། །

རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་བཤད་དོ། །གང་ཕྱིར་མ་ཞུ་གནས་མ་ཞུ། །རྒྱུན་སྲང་བཀག་སྟེ་མེ་དྲོད་ཉམས། །རིམ་གྱིས་ཉེས་པ་སྐྱེད་བྱེད་པས། །སྔོན་ཚུལ་བྱུང་དང་རིམས་སོགས་ལའང་། །དེ་ཕྱིར་སྨྱུང་བ་བྱ་དགོས་ལ། །སྟོབས་

ནི་འབད་པས་བསྲུང་བར་བྱ། །སྟོབས་ནི་ནད་མེད་པ་ཡི་གནས། །བྱ་བའི་རིམས་ནི་ནད་མེད་དོན། །སྨྱུང་བྱས་ནད་ནི་ཉམ་སྨད་ཅིང་། །མེ་དྲོད་སྐྱེད་དང་ཁོང་ཡང་འགྱུར། །བདེ་ཞིང་བཀྲེས་སྐོམ་ཡི་ག་འབྱེ། །ཟས་འཇུ་སྟོབས་དང་མདངས་སྐྱེད་འགྱུར། །དེ་ལ་ཕལ་ཆེར་བད་

ཀན་ནད། །བསླངས་དང་གཡོས་པར་གྱུར་པ་དང་། །དང་གར་འཁྱིལ་བཅས་མཆིལ་མ་མང་། །ཟས་ལ་མི་དགའ་ལུད་པ་གསུང་། །ཟོས་མ་ཐག་ཏུ་རིམས་འདེབས་པ། །ཁྱད་པར་དུ་ནི་མ་ཞུར་འགྱུར། །སྐྱུག་སྨན་བཏང་འོས་སྐྱུག་སྨན་བསྔགས། །དེ་ལས་གཞན་དུ་བྱས་ན་

ནི། །དབུགས་མི་བདེ་དང་ཚད་འཁྲུ་རྨོངས། །སྙིང་ནད་མི་བཟད་རིམས་ཀྱིས་འདེབས། །པོ་སོན་པི་པི་ལིང་བཅས་པ། །དུག་མོ་ཉུང་ངམ་ཤིང་མངར་ནི། །ཆུ་དྲོན་སྦྲང་རྩིར་བཅས་པའམ། །ཡང་ན་རྒྱམ་ཚར་ལྡན་པ་བླུད། །ཀར་ཀ་ཏ་འམ་པ་ཏོ་ལ། །ནིམ་པ་སྦའི་ལོ་མའི་

ཆུའམ། །འབྲས་ཡོས་ཀྱི་ནི་སྐྱོ་མའམ། །བུ་རམ་ཤིང་ཁུའམ་ཆང་སྦྱར་བཏུང་། །ཉམས་སྟོབས་དུས་ཀྱི་དབྱེ་ཤེས་པས། །ཆོ་གའི་གནས་ལས་བཤད་པ་ཡི། །སྐྱུག་སྨན་དག་ནི་རབ་ཏུ་བཏང་། །སྐྱུག་སྨན་གྱི་ནི་སྦྱོར་བ་དག །བྱས་པར་གྱུར་ཏམ་མ་བྱས་ཀྱང་། །རིམས་

เล่ม ๑๙๘ · หน้า 161a

ནད་ཅན་ལ་རྣམ་སྦྱང་བྱ། །ནད་ནི་བསྐྱོད་པར་གྱུར་པ་དང་། །སྨིན་དང་ཞི་བར་བྱ་ཕྱིར་བྱ། །ཐལ་བས་གཡོགས་པའི་མེ་བཞིན་དུ། །མ་ཞུས་ཁེབས་ཟས་འཇུ་མི་འགྱུར། །དེ་བས་ཉེས་པ་སྨིན་བྱའི་ཕྱིར། །རིམས་དང་ལྡན་ལ་སྨྱུང་བ་བྱ། །རླུང་དང་

བད་ཀན་རིམས་སྐོམ་དང་། །ཆུ་ཚན་ཉུང་ཤས་ཉུང་ཤས་བཏུང་། །དེས་ནི་བད་ཀན་ཞུ་གྱུར་ནས། །སྐོམ་དད་མྱུར་དུ་སེལ་བར་བྱེད། །མེ་དྲོད་སྐྱེད་ཅིང་བུ་གའི་རྒྱུན། །འཇམ་པར་བྱས་ནས་སྦྱོང་བར་བྱེད། །ཞེན་པའི་རླུང་མཁྲིས་རྔུལ་དང་ནི། །བཤང་གཅི་བདེ་བར་འབྱིན་

པར་བྱེད། །གཉིད་རྨོངས་ཡི་ག་འཆུས་པ་སེལ། །སྲོག་ནི་འཛིན་པར་བྱེད་པ་ཡིན། །ཆུ་གྲང་དེ་ལས་བཟློག་པ་སྟེ། །ནད་ཀྱི་ཚོགས་ནི་འཕལ་བྱེད་ཡིན། །ཆུ་ཚན་ཡོན་ཏན་དེ་འདྲ་ཡང་། །གཅིག་ཏུ་མཁྲིས་པས་ལྡན་རིམས་དང་། །མཁྲིས་ཤས་ཆེ་དང་ཕྱོགས་གཅིག་

ཚ། །ཀུན་ཚ་རྨོངས་བག་ཚད་པར་འཁྲུ། །ཆང་དུབ་ལས་བྱུང་སོ་ག་དང་། །གཅོང་སྐེམས་ཁྲག་མཁྲིས་ཅན་མི་བླུད། །དེ་ལ་གླ་སྒང་ཙནྡན་དང་། །བཅའ་སྒ་པར་པ་ཏ་དང་ནི། །པུ་ཤེལ་ཙི་དང་བ་ལེ་ཀ ། བསྐོལ་ཆུ་བསྒྲངས་བླུད་རིམས་སྐོམ་སེལ། །མཁྲིས་པ་མེད་པར་ཚ་མི་

འབྱུང་། །ཚ་བ་མེད་པར་རིམས་ཡོད་མིན། །དེ་བས་མཁྲིས་པ་ལ་གནོད་སྤང་། །མཁྲིས་ཤས་ཆེ་བས་ལྷག་པར་སྤང་། །ཁྲུས་དང་བསྐུ་དང་བྱུག་པ་དང་། སྨྱུང་བ་ལྷག་མའང་སྤང་བར་བྱ། །མ་ཞུ་གཟེར་འཇོམས་སྨན་ལྟ་བུར། །མ་ཞུ་རིམས་ནི་མི་བཟད་ལ། །སྨན་བཏུང་མི་

བྱ་དེ་ཡིས་ནི། །ལྷག་པར་མ་ཞུ་འཕེལ་བར་འགྱུར། །ལྟོ་བ་མ་ཞུས་ཁྱབ་པ་ལ། །འོ་མ་སྦྲུལ་ལ་བླུད་དང་མཚུངས། །རླུང་དང་བད་ཀན་བདག་ཉིད་དེར། །ལྐོག་ནད་ཆམ་པ་དབུགས་མི་བདེ། །བྱིན་པ་ཚིགས་རུས་གཟེར་གྱུར་ལ། །རྔུལ་འབྱུང་བ་ནི་རབ་བསྔགས་ཏེ། །རྔུལ་

དང་བཤང་གཅི་འཕྱེན་བདེར་འབྱུང་། །མེ་དྲོད་སྐྱེད་ཅིང་ཟས་འཇུ་བྱེད། །སྣུམ་འཐུང་ཆོ་གར་བཤད་པ་ནི། །རྣམ་པ་ཀུན་དུ་སྤྱད་པར་བྱ། །སྨྱང་དང་དུགས་བྱ་དུས་དང་ནི། །ནས་ཐུག་ཏིག་ཏའི་ཁུ་བ་རྣམས། །དྲི་མ་རྣམས་ནི་སྨིན་བྱེད་པ། །རིམ་མམ་གནས་སྐབས་ཇི་བཞིན་སྦྱིན། །

เล่ม ๑๙๘ · หน้า 161b

རླུང་ནད་ཉི་ཚེ་ཟད་བྱེད་དང་། །གློ་བུར་བ་དང་རིམས་རྙིང་ལ། །སྨྱུང་བ་མི་བྱ་དེ་ལ་ནི། །ཉམས་མི་སྨད་པའི་ཞི་བྱ་ཕན། །དེ་ལ་མ་ཞུའི་རིམས་ལྡན་ཚུལ། །ཉམས་སྨད་མི་བྱར་ཤེས་པར་བྱ། །གསོ་བའི་ཐབས་ནི་གཉིས་ཤེས་ལས། །བརྟགས་ཏེ་སྨྱུང་བ་བྱ་བ་ཡིན། །སྨྱུང་

བྱས་མཚན་མར་ལྡན་པ་ནི། །དེ་ལ་ཐུག་སླ་ལ་སོགས་བླུད། །རང་གིས་སྨན་དང་ཇི་བཞིན་བསྐོལ། །དང་པོར་ཐུག་སླ་ལ་སོགས་སྦྱིན། །ཞག་དྲུག་བར་དུའམ་གང་ཚེ་རིམས། །རྩེ་ཞིལ་གྱུར་པའི་བར་དུ་སྦྱིན། །དེ་ཡིས་ཤིང་གིས་མེ་བཞིན་དུ། །དེ་ཡི་མེ་དྲོད་འཕེལ་

བར་བྱེད། །དང་པོ་འབྲས་ཡོས་ཐུག་འཇུ་སླ། །བཅའ་སྒ་པི་པི་ལིང་དང་བཅས། །འུ་སུ་རྒྱ་མཚར་བཅས་པ་སྦྱིན། །སྐྱུར་འདོད་སེའུ་འབྲུ་བཅས་བ་བཏུང་། །འཁྲུ་བའམ་མཁྲིས་པ་མང་བ་ལ། །སྦྲང་རྩི་བཅའ་སྒ་བཏབ་བསྒྲངས་བླུད། །ཆུ་སོ་རྩིབ་ལོགས་གླད་པ་གཟེར། །གཟེ་

མ་བྱ་ཀྲི་བསྐོལ་བ་བླུད། །རིམས་འཁྲུར་ཀྲྀཥྞ་པརྞི་དང་། །བལ་བིལ་བ་བཅའ་སྒ་དང་། །ཨུཏྤལ་འུ་སུ་བསྐོལ་རིམས་འཁྲུར། །ཐུག་སྐྱུར་སྨིན་དང་དྲོད་བསྐྱེད་ཡིན། །སྐྱིགས་བུ་ལུད་པ་དབུགས་མི་བདེ། །གཟེར་ཅན་རྩ་བ་ཆུང་ངུ་ལྔ། །བད་ཀན་གྱིས་ཉེན་ནས་ཐུག་ནི། །རྩ་

བ་ཆེན་པོ་ལྔ་པ་སྦྱིན། །རྟུག་པ་འགགས་ལ་ནད་བཅས་པ། །པི་པི་ལིང་དང་སྐྱུ་རུ་ར། །བཏབ་པའི་ནས་ཐུག་མར་དང་བརྔོས། །དྲི་མ་ནད་ནི་བདེ་འབྱུང་བྱེད། །ལྟོ་བར་རྟུག་འགགས་ནད་བཅས་ལ། །དབྱི་མོ་པི་པི་ལིང་རྩ་བ། །རྒུན་འབྲུམ་དོང་ག་སྐྱུ་རུ་ར། །ཁོང་པ་བཅད་པ་སྙམ་

བྱེད་ལ། །རྒྱ་ཤུགད་ཏྲིག་ས་ལ་བར། །ཀྲྀཥྞ་པཎི་བིལ་བ་བླུད། །རྔུལ་མེད་གཉིད་མེད་སྐོམ་པས་ཉེན། །ཁར་དོང་གྲ་སྐྱུ་རུ་རའོ། །རྒྱ་ཤུག་ཁར་རྒུན་འབྲུམ་དང་། །ཐལ་ཏྲེས་གླ་སྒང་ཙནྡན་ནི། །སྐོམ་དང་སློན་དང་བཅས་པ་བླུད། །སྦྲང་རྩིར་བཅས་པ་རིམས་འཇོམས་ཡིན། །

དེ་དག་ཐུག་པའི་སྨན་ཡིན་ཏེ། །ཤ་ཁུ་ཡུ་ཤ་སོགས་པའང་སྦྱར། །ཆང་ལས་བྱུང་དང་ཆང་རྒྱུན་བསྟེན། །བད་ཀན་མཁྲིས་པའི་གནས་ཞུགས་ནས། །དེ་གཉིས་ཤས་ཆེའམ་སོ་གའམ། །སྐོམ་དང་སློན་དང་ཚད་པས་ཉེན། །ཁྲག་ནི་སྟོད་དུ་འབྱུང་བ་སྟེ། །དེ་ལ་ཐུག་པ་མི་བླུད་ཀྱི། །

เล่ม ๑๙๘ · หน้า 162a

འབྲས་ཕྱེའི་སྐྱོ་མ་རིམས་འཇོམས་པའི། །འབྲས་བུའི་ཁུ་བ་སྦྲང་རྩི་དང་། །ཁར་དཀར་བཅས་བླུད་པར་བྱ། །དེ་ནས་སྐྱོ་མ་ཞུ་ནས་ནི། །བཀྲེས་ན་ནས་ཐུག་འབྲས་བརྔོས་པའི། །འབྲས་ཆན་དག་ནི་བཟའ་བྱ་ཞིང་། །ཤ་ཁུ་སླ་བའི་ཁུ་བ་འམ། །མུངྒ་འུར་

པའི་ཁུ་བཅས་བཟའ། །དེ་ལྟར་ཞག་དྲུག་འདི་བཟླས་ཏེ། །ཉམས་སྟོབས་ནད་ནི་བསྲུང་བར་བྱ། །དེ་ནས་སྨྱུང་བ་ལ་སོགས་པས། །སྨིན་པའི་ནད་ནི་ལྷག་མ་རྣམས། །སྨིན་པའམ་ཡང་ན་ཞི་བྱའི་ཕྱིར། །སྨན་ཁུའི་སྦྱོར་བའི་བྱ་བ་བསྔགས། །མཁྲིས་ལ་མཆོག་ཏུ་ཁ་བ་

སྟེ། །བད་ཀན་ལ་ནི་ཚ་བ་བླུད། །བད་ཀན་མཁྲིས་པ་སེལ་བྱེད་ཀྱང་། །བསྐ་བ་བསྔགས་པ་མ་ཡིན་ཏེ། །རིམས་གསར་དྲི་མ་འགགས་བྱེད་པས། །བསྐ་བས་མི་བཟད་རིམས་སྐྱེད་ཅིང་། །དང་ག་འཁྱིལ་དང་ཡི་ག་འཆུས། །སྐྱིགས་བུ་དབུགས་མི་བདེ་ཡང་སྐྱེད། །

ལ་ལ་ཞག་བདུན་ནས་སྨན་གཏོང་། །གཞན་དག་ཞག་ནི་བཅུ་ལོན་ནས། །ཁ་ཅིག་ཟས་ཡང་ཟོས་ནས་གཏོང་། །མ་ཞུ་ཤས་ཆེ་ལ་མི་གཏང་། །གང་ཕྱིར་མི་བཟད་རིམས་ཉེན་ལ། །ནད་ཀྱི་ཤུགས་ནི་འབྱུང་འགྱུར་བ། །མ་སྨིན་པ་ལ་སྨན་གྱིས་ནི། །རིམས་ནི་སླར་འཕེལ་བྱེད་པ་

འམ། །ནད་ནི་ཤིན་ཏུ་སོགས་པ་ཡིས། །སྙོམ་དང་རྨོངས་བག་སྐྱེད་པར་བྱེད། །གང་ཚེ་རིམས་རྩེ་ཞིལ་ལུས་ཡང་། །དྲི་མ་ལ་སོགས་གཡོས་གྱུར་བ། །རིམས་བཏབ་ཡུན་རིང་མ་ལོན་ཡང་། །དེ་ཚེ་སྨན་ནི་སྦྱིན་པར་བྱ། །གླ་སྒང་པར་པ་ཏར་བཅས་པའམ། །བཅའ་སྒའམ་

ཡང་ན་བྱི་ཚེར་བ། །བསྐོལ་བ་བསྒྲངས་པའི་ཁུ་བ་བླུད། །པ་ཏ་པུ་ཤེལ་པ་ལ་ཀ །བླུད་པའམ་དེ་བཞིན་དུ་ནིམ་པ། །སླེ་ཏྲེས་གླ་སྒང་དོ་གྲ་རྣམས། །འདི་ནི་ཅི་རིགས་པར་བླུད་བྱ། །ནན་སྨིན་བྱེད་པའི་སྨན་ཁུ་བ། །རིམས་དང་སྐོམ་དད་ཡི་ག་འཆུས། །ཁས་རོ་མི་ཚོར་མ་ཞུ་

འཇོམས། །དུག་མོ་ཉུང་དང་པ་ཏོ་ལའི། །ལོ་མ་དང་ནི་པུ་ཙེ་ཤེལ། །པ་ཏོལ་གླ་སྒང་ཐལ་ཏྲེས་དང་། །པ་ཏ་དང་ནི་པུ་ཙེ་ཤེལ། །པ་ཏོལ་ནིམ་པ་འབྲས་བུ་གསུམ། །རྒུན་འབྲུམ་གླ་སྒང་དུག་མོ་ཉུང་། །ཀིར་ཏིག་ཏ་སླེ་ཏྲེས་དང་། །བཅའ་སྒ་དང་ནི་ཙནྡན་དཀར། །སླེ་ཏྲེས་གླ་སྒང་སྐྱུ་རུ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด