ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) ཨཥྚ་ཨཾ་ག་ཧྲྀ་ད་ཡ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๑๙๘ · หน้า 192a

བཅས་ཆུའམ། །ར་ཡི་འོ་མ་སྦྱར་བ་བཏུང་། །སེང་ཕྲོམ་བཙོད་དང་པུ་ཤེལ་ཙེ། །ཤ་མ་ལི་ཤུན་དུག་མོ་ཉུང་། །ཙནྡན་ཤིང་མངར་པུ་ཤེལ་ཙེ། །ནཱ་ག་གེ་སར་འབྲས་ཆུར་བླུད། །ལ་ལ་ཕུད་དང་དུག་མོ་ཉུང་། །པ་ཏ་བཅའ་སྒ་སྐྱེར་ཁཎྜའི། །

ཕྱེ་མ་གཟེར་དང་བཅས་ལ་ཕན། །ཁྲག་ནི་དྲག་ཏུ་འབྱུང་བ་ལ། །ཀཎྜ་ཀ་རི་པ་ཡ་སྱ། །གཉིས་དང་བསྐོལ་བའི་ཞུན་མར་བསྔགས། །ཡང་ན་སེང་ཕྲོམ་ད་ཏ་ཀི། །དུག་མོ་ཉུང་ཤུན་འབྲས་བུ་དང་། །ཨུཏྤལ་པདྨ་གེ་སར་མར། །ཡ་བཀྵ་ར་སེ་འབྲུའི་བཅུད། །ཁ་

ར་པདྨ་གེ་སར་དང་། །མར་སར་བཅས་པ་ཏིལ་སྦྱར་བའམ། །མར་སར་སྦྱར་བས་ཁྲག་ལས་ནི། །གྱུར་པའི་གཞང་འབྲུམ་སེལ་བར་བྱེད། །ར་ཡི་མར་སར་འོ་མ་དང་། །སྐམ་སའི་སྲོག་ཆགས་ཤ་ཁྲག་དང་། །རྒྱ་སྣེའི་ཁུ་བར་བཅས་ཤ་ཁུ། །ཅུང་ཟད་སྐྱུར་དང་སྐྱུར་མེད་པ། །

སཱ་ལུ་ཙ་སྣར་ཞོ་ཡི་སྤྲི། །དྲུག་ཅུ་པ་དང་ཆང་སར་དང་། །ཆང་གི་དངས་མ་སར་པ་ནི། །ཁྲག་ལས་གྱུར་པའི་སྨན་མཆོག་ཡིན། །ཐུག་པ་ཡུ་ཤ་ཤ་ཁུ་སོགས། །ཡང་ན་ཀུན་དོང་འབའ་ཞིག་གིས། །ཁྲག་རྒྱས་གྱུར་པ་སེལ་བྱེད་དེ། །རླུང་ལས་གྱུར་པའང་སྦྱར་བར་བྱ། །

ཕལ་ཆེར་རླུང་ཤས་ཆེ་གཞང་འབྲུམ། །ཁྲག་འཛག་དྲགས་ལས་འབྱུང་འགྱུར་བས། །དེ་བས་ལྷག་པར་དེ་ལ་ནི། །དེ་བསལ་བ་ལ་འབད་པར་བྱ། །ཁྲག་མཁྲིས་ཤས་ཆེ་བད་ཀན་དང་། །རླུང་ཤས་ཆེ་བར་མཐོང་གྱུར་ན། །དེ་ཞི་བྱ་ཕྱིར་རྣམ་ཀུན་དུ། །བསིལ་བའི་ཆོ་ག་སྤྱད་

པར་བྱ། །གལ་ཏེ་དེས་ཀྱང་མ་ཞི་ན། །དེ་ཚེ་སྣུམ་དང་དྲོ་བས་བརྟ། །ཤ་ཁུ་དྲོ་འཇམ་ཞུན་མར་ནི། །ཐོག་མ་ཉིད་དུ་སྦྱར་བར་བྱ། །དེ་ལ་ཏིལ་མར་མར་དང་ནི། །འོ་མ་དྲོ་འཇམ་བླུད་པའང་བསྔགས། །བྱི་ཚེར་ཀུ་ཤ་འཇག་མའི་རྩྭ། །ཤལ་མ་ལི་ཡི་མེ་ཏོག་དང་། །

ཨུ་དུམ་བཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་ཡི་མྱུ་གུ་སྲང་། །གཉིས་གཉིས་ཆུ་བྲེ་གསུམ་དང་ནི། །འོ་མ་བྲེ་གང་ནང་དུ་བསྐོལ། །འོ་མ་ལུས་ནས་ཚིགས་མ་བཙགས། །ཁུ་བ་དེར་ནི་མོན་ཆ་ར། །བཙོད་དང་ཙནྡན་ཨུཏྤལ། །ཨུཏྤལ་པདྨའི་གེ་སར་དང་། །དུག་མོ་ཉུང་གི་ས་བོན་

เล่ม ๑๙๘ · หน้า 192b

ཏེ། །འདི་རྣམས་བཏགས་པའི་ལྡེ་གུ་བསྲེས། །འདི་ནི་སྤྱི་བག་འཇམ་རྩིར་གྲགས། །མར་དང་སྦྲང་རྩི་ཁ་རར་བཅས། །མཁྲེགས་དང་གཞང་ནི་འབྱུང་བ་དང་། །ཁྲག་འཛག་རིམས་ནི་འཇོམས་པར་བྱེད། །ཤིང་མངར་པྲ་པུཎྜ་རཱི་ཀ །དེ་བཞིན་མོན་ཆར་ལ་སོགས། །ཉིས་

འགྱུར་གྱི་ནི་འོ་མ་བསྐོལ། །སྣུམ་གྱི་འཇམ་རྩི་གཏང་བར་བྱ། །ཤིང་མངར་ཨུཏྤལ་སེང་ཕྲོམ་བཙོད། །བིལ་བ་ཙནྡན་བ་ལེ་ཀ །དབྱི་མོ་གླ་སྒང་བོང་ང་དཀར། །བ་ཏ་ཡ་བཀྵ་ར་མཆོག །སྐྱེར་པ་ཤིང་ཚ་ཙི་ཏྲ་ཀ །དོང་ག་སྤང་སྤོས་ཐང་ཤིང་

དང་། །ཙང་གི་རི་ཡི་ཁུ་བ་མར། །བསྐོལ་བ་དེས་ནི་ཉེས་གསུམ་འཇོམས། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད། །སྐྱ་རྦབ་རིམས་དང་ཡི་ག་འཆུས། །གཅིན་སྲི་གཞང་ནི་ཉམས་པ་དང་། །ཆུ་སོ་སྦོ་དང་མཁྲེགས་པ་དང་། །བེ་སྣབས་འཁྲུ་དང་གཞང་འབྲུམ་སེལ། །

དེ་བླུད་སྨན་གྱི་དམ་པ་ཡིན། །རིམ་གྱིས་མངར་ཞིང་སྐྱུར་བ་དང་། །གྲང་དྲོ་ལ་སོགས་རྟག་ཏུ་ནི། །མེ་དྲོད་སྟོབས་ལས་ལྟོས་ཏེ་གཏང་། །གཞང་འབྲུམ་ནད་ལས་རྒྱལ་བར་འགྱུར། །རྟུག་སྐམ་གྱིས་ཉེན་ཏིལ་མར་ནི། །གྲང་བའི་རིམས་ལ་ཕན་པས་བསྐུ། །རླན་དུགས་

སྣུམ་ཅན་གྱིས་དུགས་བྱ། །དེ་ནས་རེང་བུ་གཞུག་བྱ་སྟེ། །ཤ་མ་དུར་བྱིད་དན་ད་དང་། །ནི་ལི་ནི་འབྲས་པི་པི་ལིང་། །པོ་སོན་ཆ་ལན་ཚྭ་ཉེས་འགྱུར། །ཕྱེར་བཏགས་བུ་རམ་བ་གཅིན་སྦྱར། །མར་བསྐུས་རིང་བུ་མཐེ་བོང་ཙམ། །བཅུག་ན་རྟུག་སྐམ་བདེ་འབྱུང་

བྱེད། །པི་པི་ལིང་དང་པོ་སོན་ཆ། །ཁྱིམ་གྱི་དུང་པ་ཉུངས་ཀར་བཅས། །འདི་དག་ཉིད་ཀྱི་ཕྱེ་མ་ནི། །རྐུབ་ནས་གཅེ་འུས་འབུད་བར་བྱ། །དེ་དོན་མེད་ན་རབ་རྣོ་སྣུམ། །མས་གཏོང་བས་ནི་བཙིར་ཏེ་གཏང་། །དེས་ནི་གཞང་རྩ་དྲང་པོར་བྱེད། །བཤང་གཅི་འཕྱེན་ནི་བདེ་བར་

འབྱུང་། །སླར་ཡང་འགགས་ན་རླུང་འཇོམས་པའི། །བཀྲུ་སྨན་སྣུམ་ཅན་གཏང་བྱ་ཞིང་། །འཇམ་རྩི་དག་ནི་གཏང་བར་བྱ། །རྩུབ་པས་རླུང་ནི་རྟུག་སྐམ་འགྱུར། །ལན་ཚྭ་གསུམ་དང་ཚ་བ་གསུམ། །འབྲས་བུ་གསུམ་དང་དན་ཏི་དང་། །བསེ་ཤིང་འབྲས་བུ་ཙི་

เล่ม ๑๙๘ · หน้า 193a

ཏྲ་ཀ །ཕྱེ་མ་མར་དང་སྦྲང་རྩིས་སྦྲུས། །རྫ་སྐྱོགས་ཁ་སྦྱར་འཇིམ་པས་བྱུགས། །དུ་བ་ནང་འཁྱིམས་བསྲེག་པར་བྱ། །ཐལ་བ་དགེ་བ་ཅན་ཞེས་བྱ། །མར་དང་ལྷན་ཅིག་བླུད་པའམ། །འབྲས་ཆན་སྣུམ་ཅན་དང་སྦྱར་ཟོས། །རྟུག་སྐམ་འགགས་

དང་གཞང་འབྲུམ་སྐྲན། །སྐྱ་རྦབ་དམུ་རྫིང་བདེ་གཅིན་སྲི། །སྙིང་ནད་འོར་ནད་ཕོ་བའི་ནད། །གཅིན་སྙི་མཆིན་པ་གཟེར་དང་སྨྲོ། །ལུད་པ་དབུགས་མི་བདེ་བ་འཇོམས། །གཞང་འབྲུམ་ལ་ནི་གང་ཞིག་བཤད། །དེ་བཞིན་རྟུག་སྐམ་དག་ལ་སྦྱར། །ཀ་རཉྫ་ཤུན་སྲང་ནི་ཉིས་

བརྒྱ་བཅུ། །བྲེ་བཅུ་དྲུག་བསྐོལ་བཞི་ཆ་ལུས་པ་དེར། །བུ་རམ་སྲང་ནི་བརྒྱད་ཅུ་ཚ་བ་གསུམ། །སྲང་བརྒྱད་ཞིབ་ཏུ་བཏགས་པའི་ཕྱེ་མ་གཞུག །འདི་དག་ཟླ་གཅིག་བཞག་སྟེ་ལངས་གྱུར་ནས། །ཚ་བྱས་མཆོག་ཏུ་དྲོད་སྐྱེད་ཟས་འཇུ་བའི། །ནུས་སྐྱེད་རླུང་བདེར་རྒྱུ་བྱས་གཞང་

འབྲུམ་དང་། །མཆེར་ནད་སྐྲན་དང་དམུ་རྫིང་སེལ་བར་བྱེད། །པུ་ཏི་ཀ་རཉྫ་ནི་སྲང་བརྒྱད་དང་། །ཙི་ཏྲ་ཀཎྜ་ཀ་རི་སྲང་ཉིས་བརྒྱ། །ཆུ་བྲེ་བཞི་བཅུ་བརྒྱད་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པར་བུ་རམ་སྲང་བརྒྱད་གཞུག། །དྲི་སྣ་གསུམ་དང་ཚ་གསུམ་སེ་འབྲུ་དང་། །པི་པི་

ལིང་གི་རྩ་བ་སྲུ་སྲུའི་རྩ། །གུ་གུལ་མ་ནུ་འུ་སུ་དབྱི་མོང་དང་། །སྤ་མའི་འབྲས་བུ་སྒེ་གཤེར་སྟར་བུ་ནི། །སྲང་རེ་ཞིབ་ཏུ་བཏགས་པའི་ཕྱེ་མ་བསྐོལ། །བསྒྲངས་ནས་སྦྲང་རྩི་སྲང་ནི་ཉི་ཤུ་གཞུག །སྒེ་གཤེར་སྐྱུར་རྩི་ཆེན་པོ་རྒུན་འབྲུམ་རློན། །བུ་རམ་ཤིང་གི་ཁུ་བ་བཙིར་བ་

བཅས། །མར་གྱི་སྣོད་བཅུག་ཟླ་གཅིག་བཞག་སྟེ་ལངས། །སྐྱུར་གྱུར་འདི་ནི་གཞང་འབྲུམ་སོག་ལེ་སྟེ། །མེ་དྲོད་སྐྱེད་པར་བྱེད་པའི་མཆོག་ཡིན་ལ། །སྐྱ་རྦབ་དབྱིག་དྲུག་དམུ་རྫིང་སྐྲན་མཆེར་པ། །ལྟོ་སྦོས་རྡེའུ་ཆགས་གཅིན་སྲི་འཇོམས་པར་བྱེད། །པི་ལུའི་ཁུ་བ་རས་

བཙགས་བྲེ་བཅུ་དྲུག །མར་གྱི་སྣོད་ཀྱི་ནང་དུ་བཅུག་ནས་ནི། །ད་ཏ་ཀི་དང་རྒུན་འབྲུ་འབྲ་གོ་དང་། །སྐྱུ་རུ་ར་ཡི་འབྲས་བུ་སྲང་གཉིས་གཉིས། །པ་ཏ་བོང་ང་དཀར་པོ་བྱི་ཚེར་བ། །སྟར་བུ་ཚ་བ་གསུམ་དང་ཤིང་ཚ་དང་། །སུག་སྨེལ་འུ་སུ་སྤྲ་ཀི་ཀ་ཀོ་ལ། །ལི་ཤི་པི་པི་ལིང་རྩ་བྱི་

เล่ม ๑๙๘ · หน้า 193b

དང་ག །ཀྲུ་ཏྲུག་ཏྲེས་སྲང་རེ་རེ་བུ་རམ་ནི། །སྲང་བརྒྱད་རླུང་མེད་གནས་སུ་ཟླ་ཕྱེད་གཞག །དེས་ནི་གཞང་འབྲུམ་སྐྲན་བཅས་ཞི་བྱེད་ཅིང་། །མེ་ཡི་སྟོབས་ནི་མྱུར་དུ་སྐྱེད་པར་བྱེད། །ཡང་ན་རྩ་བ་བཅུ་པ་དུར་བྱིད་དང་། །པ་ཏ་ཨར་ཀ་གཉིས་དང་བོང་ང་དཀར། །ཀད་པ་ལ་

རྣམས་རེ་རེ་སྲང་བཅུ་བཅུ། །སྔ་མ་བཞིན་དུ་བསྲེགས་པའི་ཐལ་བ་ནི། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ་ནས་ནི། །བཞི་ཆ་ལུས་པར་བུ་རམ་སྲང་བརྒྱ་དང་། །ཚ་བ་གསུམ་དང་དབྱི་མོང་ཨ་རུ་ར། །སྲང་ལྔ་ཙི་ཏྲ་ཀ་ནི་སྲང་གཉིས་དང་། །ཡ་བཀྵ་ར་སྲང་གཉིས་བཅུག་སྟེ་

བསྐོལ། །གཟར་བུར་ཆགས་པའི་བུ་རམ་ལྡེ་གུ་ཡིས། །སྐྲན་དང་མཆེར་ནང་གཞང་འབྲུམ་མཛེ་ནད་དང་། །གཅིན་ནད་མེ་དྲོད་ཉམས་པ་འཇོམས་པར་བྱེད། །ཙི་ཏྲ་ཀ་ཡི་རྩ་བ་སྲང་ལྔ་བཅུ། །ཆུ་སྲང་བཅུ་དྲུག་བསྐོལ་ལ་བརྒྱད་ཆ་ལུས། །དེར་ནི་བུ་རམ་རྙིང་པ་སྲང་བརྒྱ་

གཞུག །སླར་བསྐོལ་སྐ་བར་གྱུར་པ་དེ་ནང་དུ། །ཚ་བ་གསུམ་དང་ཤུ་ཏི་ཨ་རུ་ར། །རུ་རྟ་གླ་སྒང་ཤིང་ཚ་བྱི་དང་ག །ཙི་ཏྲ་ཀ་དང་སུག་སྨེལ་ཕྱེར་བཏགས་བསྲེས། །དེས་ནི་གཞང་འབྲུམ་མཛེ་དང་སྐྲན་དང་ནི། །མཆེར་པ་དམུ་རྫིང་ནད་ནི་འཇོམས་བྱེད་ཅིང་། །རྟག་ཏུ་

བསྟེན་ན་མེ་དྲོད་སྐྱེད་པར་བྱེད། །ཚ་བ་གསུམ་དང་ཏིལ་དང་འབྲས་བུ་གསུམ། །བྱི་དང་ག་དང་གོ་བྱེ་ཙི་ཏྲ་ཀ །བུ་རམ་རི་ལུར་བྱས་བསྟེན་གཞང་འབྲུམ་དང་། །པགས་པའི་ནད་ནི་སེལ་བར་བྱེད་པ་ཡིན། །སོར་ན་ཡི་རྩ་བ་ཁ་སྦྱར་བཅུག །འཇིམ་པས་བསྐུས་ཏེ་ཆོ་ག་བཞིན་

བསྲེགས་པ། །ལན་ཚྭ་ཏིལ་མར་བཅས་པ་ཟོས་གྱུར་ན། །གཞང་འབྲུམ་སེལ་བར་བྱེད་པའི་དམ་པ་ཡིན། །ན་ལེ་ཤམ་དང་པི་པི་ལིང་དོང་གྲ། །ཀྲུ་ཏྲུག་ཏྲེས་ནི་ཆ་རེ་བསྐྱེད་པ་དང་། །ཙི་ཏྲ་བཞི་འགྱུར་སུ་ར་ན་དང་སྦྱར། །བུ་རམ་རི་ལུས་གཞང་འབྲུམ་གཅོད་པར་བྱེད། །སོ་

ར་ན་ཡི་བཅུ་དྲུག་ཕྱེར་བཏགས་ཤིང་། །ཙི་ཏྲ་ཀ་ནི་དེ་ཡི་ཆ་ཕྱེད་བྱ། །བཅའ་སྒ་ཆ་གཉིས་ན་ལེ་ཤམ་ཆ་གཅིག །བུ་རམ་རི་ལུར་བྱས་པས་གཞང་འབྲུམ་སེལ། །ཨ་རུ་ར་དང་དོང་གྲ་པི་པི་ལིང་། །ཀ་རཉྫ་དང་ཙི་ཏྲ་བྱི་དང་ག། །ཀ་ར་མཉམ་ཕྱེ་རྒོད་མའི་ཁ་ལྟ་བུ། །ཟས་ལྕི་མང་དུ་

เล่ม ๑๙๘ · หน้า 194a

ཟོས་ཀྱང་འཇུ་བར་བྱེད། །དུག་མོ་ཉུང་ལཾ་ག་ལི་པི་པི་ལིང་། །ཙི་ཏྲ་ཀ་དང་ཨ་བ་མརྒ་ཡི། །ས་བོན་རྩ་མཁྲིས་རྒྱམ་ཚ་བུ་རམ་རྣམས། །རི་ལུར་བྱས་པས་གཞང་འབྲུམ་སེལ་བར་བྱེད། །གལ་ཏེ་གཞང་འབྲུམ་གཞིག་པར་འདོད་ན་ནི། །རྒྱམ་ཚ་ཙི་ཏྲ་ཀ་

དང་དུག་མོ་ཉུང་། །ཙི་ལི་བིལ་བ་ནིམ་པར་བཅས་པ་དག །བཏགས་པའི་ཕྱེ་མ་དར་བར་བཅས་པ་བཏུང་། །གཞང་འབྲུམ་སྐམ་ལ་བ་ལ་ཏ་ཀ་སྟེ། །གཤེར་ལ་དུག་མོ་ཉུང་ཤུན་སྨན་མཆོག་ཡིན། །ཀུན་ལ་དུས་ཀུན་དུ་ནི་དར་རྙིང་མཆོག །སྟོབས་སྐྱེད་བྱེད་ཅིང་ནད་རྣམས་

འཇོམས་པ་ཡིན། །རྟུག་པ་འགགས་པ་བསལ་བར་བྱ་བའི་ཕྱིར། །རླུང་སེལ་མེ་དྲོད་སྐྱེད་པར་བྱེད་པ་ཡི། །བཟའ་དང་བཏུང་བ་གང་ཡིན་དེ་བསྟེན་བྱ། །དེ་ལས་གོ་ཟློག་པ་ནི་སྤང་བར་བྱ། །གཞང་འབྲུམ་ཚད་འཁྲུ་ཕོ་བའི་ནད་རྣམས་ནི། །ཕལ་ཆེར་ཕན་ཚུན་རྒྱུར་གྱུར་

ཡིན་པས་ན། །མེ་དྲོད་ཆུང་ན་སྐྱེའི་ཆེ་ན་མིན། །དེ་བས་དེ་ལ་མཆོག་ཏུ་མེ་དྲོད་བསྲུང་། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བརྒྱད་པའོ།། །།དེ་ནས་འཁྲུ་བ་གསོ་བའི་ལེའུ་བཤད་པར་བྱའོ། །འཁྲུ་བ་ཕལ་ཆེར་

མ་ཞུ་བའི། །གནས་རྟེན་མེ་དྲོད་ཉམས་པ་ལ། །འབྱུང་བས་དེའི་ཕྱིར་རླུང་གྱུར་ལའང་། །དང་པོ་སྨྱུང་བ་བྱས་པ་ཕན། །གཟེར་དབོ་བད་ཀན་གྱིས་ཉམ་ཐག །འཁྲུ་བ་ཅན་ནི་སློན་དུ་གཞུག །ནད་ནི་གང་ཞིག་སོགས་པ་དག །མ་སྨིན་ཟས་དང་འདྲེས་གྱུར་ན། །འཁྲུ་བ་དག་

ནི་འབྱུང་གྱུར་ཏེ། །ཤིན་ཏུ་སློངས་ཏེ་འབྱུང་གྱུར་དང་། །རང་ཉིད་འཁྲུ་བྱེད་དེ་ལ་ནི། །བཏང་སྙོམས་གཞག་པ་དེ་ཉིད་སྨན། །མ་ཞུ་འཁྲུལ་དང་པོར་ནི། །གཅོད་པའི་སྨན་ནི་གཏང་མི་བྱ། །གལ་ཏེ་འགགས་བྱེད་ལྟོ་སྦོ་ལྕི། །གཟེར་དང་ཚོར་བ་ཆུང་གྱུར་ལ། །ཨ་

རུ་བཏང་ན་ནད་འཁྱིལ་བ། །འབྱིན་པས་སྲོག་ནི་སྟེར་བྱེད་ཡིན། །ནད་ཚབས་འབྲིང་ལ་ཁྱད་པར་དུ། །བུ་ཏི་ཀ་དང་པི་པི་ལིང་། །བཅའ་སྒ་ཤུ་དག་ཨ་རུ་ར། །འུ་སུ་ལེགས་པར་བསྐོལ་བ་བླུད། །ཡང་ན་བིལ་བ་འུ་སུ་དང་། །གླ་སྒང་དོང་གྲ་བ་ལེ་ཀ །པ་ཐ་ཤུ་དག་ཁ་རུ་ཚ། །

เล่ม ๑๙๘ · หน้า 194b

དོང་ག་བྱི་དང་ཨ་རུ་ར། །བཅའ་སྒ་གླ་སྒང་བོང་ང་དཀར། །བིལ་བ་ཤིང་ཀུན་དུག་མོ་ཉུང་། །ནད་གཞི་ཆུང་བའི་ཚད་འཁྲུལ། །སྨྱུང་བ་བྱས་པ་བསྔགས་པ་ཡིན། །ཡང་ན་ཤུ་དག་བོང་ང་དཀར། །གླ་སྒང་པར་པ་ཏ་བསྐོལ་པ་འམ། །བ་ལེ་ཀ་དང་དོང་གྲ་ནི། །བསྐོལ་

བའི་ཆུ་དག་བླུད་པར་བྱ། །བཀྲེས་ཤིང་ཉམ་ཆུང་ཟས་དུས་སུ། །ཁ་ཟས་ཡང་བ་རིག་པས་སྦྱིན། །དེས་དེའི་ཁ་ཟས་ཡི་གར་འོང་། །མེ་དྲོད་ལུས་སྟོབས་སྐྱེད་པར་བྱེད། །དར་བའམ་རང་སྐྱུར་དག་གམ་ནི། །ནས་ཐུག་དག་གི་སྐྱོ་མའམ། །ཆང་ངམ་རྒུན་ཆང་དག་གི་ནི། །

བཏུང་བ་གང་འོས་ཉེར་སྤྱད་བྱ། །ཁ་ཟས་བྱིན་པའི་འོག་ཏུ་ནི། །བིལ་བ་གཞོན་ནུ་ཟུར་བ་དཀར། །འུ་སུ་ཤིང་ཀུན་ང་ཏྲིག་སེའུ། །ཟི་ར་སྤ་འབྲས་པ་ལ་ཤ །ལ་ལ་ཕུད་དང་ཁ་རུ་ཚ། །རྒྱམ་ཚ་རྩ་བ་ཆུང་ངུ་ལྔ། །ཚ་བ་ལྔ་དང་པ་ཐ་སྟེ། །སྨིན་གཅོད་དྲོད་ནི་སྐྱེད་པར་བྱེད། །

བད་ཀན་མཁྲིས་པའི་ཤས་ཆེ་ལ། །ས་ལ་པརྞི་བ་ལ་དང་། །བིལ་བ་ཀྲྀཥྞ་པརྞི་དང་། །སེ་འབྲུ་བསྐོལ་བའི་ཐུག་པ་ཕན། །པི་པི་ལིང་རྩ་ཨ་རུ་ར། །ཐུག་པས་རླུང་ནི་བདེར་རྒྱུ་བྱེད། །ནད་གཞི་མང་ལ་འགགས་པ་དང་། །མེ་དྲོད་ཆེ་བར་གང་ཞིག་འཁྲུ། །པི་པི་ལིང་དང་འབྲས་

བུ་གསུམ། །བྱི་དང་ག་བསྐོལ་བཀྲུ་སྨན་གཏང་། །སྦྱངས་བྱས་ནས་ནི་ཐུག་པ་དག །རླུང་འཇོམས་མེ་དྲོད་སྐྱེད་པ་བླུད། །གང་ཞིག་མ་ཞུ་སྨིན་གྱུར་དང་། །མེ་དྲོད་སྐྱེས་ནས་འཁྲུ་འགྱུར་ཞིང་། །འབྱར་བག་ལྦུམ་ཅན་ནད་བཅས་པ། །སྲི་ཤིང་ཡང་དང་ཡང་དུ་ནི། །ཡང་

ཡང་འཁྲུ་ཞིང་བཤང་ཆུང་བའམ། །བཤང་བ་མ་འདྲེས་མཁྲེགས་བཅས་ལ། །ཞོ་དང་འོ་མ་མར་ཏིལ་མར། །བཅའ་སྒ་བུ་རམ་བཅས་པ་བླུད། །ཡང་ན་རྒྱ་ཤུག་འབྲས་བུ་སྤངས། །བུ་རམ་ཏིལ་མར་ལྡན་པ་སྦྱིན། །བཤང་བསྲི་ལ་ཕན་ཚོད་མ། །སྡུམ་མང་དེ་བཞིན་ཤ་ཁུ་

དང་། །ཞོ་དང་སེ་འབྲུ་གཡོས་པ་དང་། །སཱ་ལུའི་འབྲས་ཆེན་མ་ཤ་ཏིལ། །མུངྒ་ལེགས་པར་གཡོས་པའི་ཟས། །དེ་ནི་བཀྲེས་པར་གྱུར་ཚེ་སྦྱིན། །ཟུར་བའི་རྩ་བ་ཀ་པི་ཏ། །པ་ཏ་སྭ་ཏི་ཀའི་ཚོད་མ། །ཤུ་ཤ་ལ་ལ་ཕུད་དང་ནི། །ཀར་ཀ་རུ་དང་སྲིང་གི་ནི། །ཡང་ན་

เล่ม ๑๙๘ · หน้า 195a

ཙིར་བི་ཏ་ཡང་རུང་། །ཨུ་པོ་ཏ་ཀ་ཛི་བན་ཏི། །བ་གུ་རྩེ་དང་རྒྱ་སྣེའུ་དང་། །ལྕམ་པའམ་ཡང་ན་ཨེ་རཎ་དང་། །ལོ་ནི་ཀ་ཡི་ཁུ་བ་དང་། །རུས་སྦལ་བྱེའུ་ལོ་བ་ཀ །རྨ་བྱ་སྲེག་པ་ཁྱིམ་བྱ་ཡི། །ཤ་ཁུ་དང་ཡང་སྦྱིན་པར་བྱ། །བིལ་བ་གླ་སྒང་བ་རུ་ར། །བཅའ་

སྒ་ད་ཏ་ཀའི་མེ་ཏོག །དར་བ་བསྐོལ་བའི་ནས་ཐུག་གམ། །ཞོ་དང་སྦྱར་བས་འཁྲུ་བ་སེལ། །ཀ་པིད་ཏ་དང་ཀ་ཙུ་ར། །ག་བྲའི་རྩ་བ་ཡུ་ཏི་དང་། །ནྱ་གྲོ་དྷ་དང་རྡོ་དྲེག་དང་། །སེ་འབྲུ་སོ་མར་བལ་དང་། །ཤལ་མ་ལི་ཡི་ལོ་མ་ཕན། །བིལ་བ་གཞོན་ནུའི་ལྡེ་གུ་དང་། །ཏིལ་བཏགས་ལྡེ་གུའང་དེ་དང་མཉམ། །

ཞོ་ཡི་སྤྲིས་སྐྱུར་སྣུམ་བཅས་དང་། །སྦྱར་དུག་མཁྲེགས་པ་འཇོམས་པར་བྱེད། །འུ་སུ་ཟི་ར་ན་ལེ་ཤམ། །ད་ཏྲིག་ཟུར་པ་ཁ་རུ་ཚ། །སེ་འབྲུ་པ་ཏ་ད་ཏ་ཀི། །འབྲས་གསུམ་ཆ་ལྔ་ཀ་པི། །ནས་ཚིག་འཁུས་ཐལ་ལ་ལ་ཕུད། །ཨ་མྲ་འཛམ་བུའི་འབྲས་བུའི་རྐང་། །བིལ་བ་

དྲུག་འགྱུར་ལྡེ་གུར་བཏགས། །ཞོ་དང་བུ་རམ་མུངྒའི་ཁུ། །ཏིལ་མར་མར་དང་གཡོས་པ་དག །གཞན་གྱིས་མི་ཐུབ་སྦྱར་ཐུག་འདི། །དྲོད་སྐྱེད་སྨིན་བྱེད་འཁྲུ་བ་གཅོད། །ཡི་ག་འབྱེད་ཅིང་མཁྲེགས་པ་སེལ། །རྒྱ་ཤུག་བིལ་བ་གཞོན་ནུ་ཡི། །ལྡེ་གུ་འབྲས་དང་ནས་དང་

ནི། །མུད་ག་མ་ཤ་ཏིལ་རྣམས་དང་། །འབྲུ་ཡི་ཡུ་ཤར་རྣམ་པར་བཏགས། །བཤང་བ་ཟད་ཅིང་ཁ་སྐམ་ལ། །ཞོ་དང་སེ་འབྲུའི་ཁུ་བ་དང་། །མར་དང་ཏིལ་མར་ལྷན་ཅིག་བརྔོས། །འབྲས་ཆན་དེ་དང་སྦྱར་བ་ནི། །བཤང་ཟད་ཁ་ནི་སྐམ་ལ་སྦྱིན། །ཡང་ན་ཞོ་སྤྲིས་སྣུམ་

གཉིས་བརྔོས། །བུ་རམ་བཅའ་སྒར་བཅས་པ་སྦྱིན། །ཡང་ན་ཆང་ནི་སྣུམ་གཉིས་བརྔོས། །ཚོད་མའི་དོན་དུ་སྦྱིན་པའམ། །འབྲས་བུ་སྐྱུར་པོ་སྣུམ་གཉིས་བརྔོས། །སྒོག་པ་ལས་བྱས་ཡུ་ཤའམ། །སྣུམ་གཉིས་དང་བརྔོས་ཕྱེ་ཟན་ནི། །ཚ་བ་གསུམ་གྱི་ཕྱེ་བཏབ་སྦྱིན། །

དེ་བཞིན་མ་ཤ་ལེགས་བཅོས་པ། །མར་གྱི་སྙིང་པོ་བླུད་པའམ། །ར་ཐུག་ལུག་ཐུག་དག་གི་ཤ །བཙོས་ཏེ་བཙགས་པའི་ཁུ་བ་དང་། །སེ་འབྲུའི་ཁུ་བའི་ཆུ་དང་ནི། །འུ་སུ་དོང་གྲ་སྣུམ་བཅས་བསྐོལ། །སཱ་ལུ་རྩ་སྣར་བཅས་པ་ནི། །ཟ་ཞིང་དེ་ཉིད་འཐུངས་པ།

เล่ม ๑๙๘ · หน้า 195b

ཡིས། །རྟུག་པ་ཟད་པ་ལས་བྱུང་བའི། །ནད་ལས་མྱུར་དུ་ཐར་བར་འགྱུར། །བུ་རམ་ཏིལ་མར་བིལ་བ་གཞོན། །པི་པི་ལིང་དང་བཅའ་སྒ་ཡི། །ལྡེ་གུས་རླུང་གིས་གནོད་གྱུར་པའི། །གཟེར་ཐབས་མཁྲེགས་དང་བཅས་པ་སེལ། །སེང་ཕྲོམ་ཤུན་ལྤགས་ད་ཏ་ཀའི། །

མེ་ཏོག་རྒྱ་ཤུག་འདབ་མ་རྣམས། །ཞོ་སྤྲིས་སྦྲང་རྩི་ཀ་པི་ཏའི། །ཁུ་བར་སྦྱར་བ་བླུད་ན་ཕན། །རླུང་གིས་རྟུག་འགགས་ཤས་ཆེར་ནི། །ན་ཞིང་མཁྲེགས་པར་བྱེད་པ་དང་། །བེ་སྣབས་ཁྲག་བཅས་སྐོམ་གདུངས་ལ། །འོ་མ་ཚིམ་པར་བླུད་ན་ཕན། །ཏིལ་མར་མར་གྱི་སྟེང་དུ་ནི། །

བཞོས་མ་ཐག་པའི་འོ་མ་བླུད། །ཡང་ན་ཨ་རཎྜ་ཡི་རྩའམ། །བིལ་བ་གཞོན་ནུ་བསྐོལ་བ་བླུད། །གླ་སྒང་ཉི་ཤུ་འོ་མ་ཡི། །སུམ་འགྱུར་གྱི་ནི་ཆུ་བསྐོལ་བ། །འཁྲུ་བ་གཟེར་བཅས་སེལ་བར་བྱེད། །པི་པི་ལིང་དང་ན་ལེ་ཤམ། །ཞིབ་དུ་བཏགས་པའི་ཕྱེ་དང་སྦྱིན། །

དེས་ནི་ཡུན་རིང་གནས་པ་ཡི། །མཁྲེགས་པ་སེལ་བར་བྱེད་པར་འགྱུར། །མ་ཞུ་མེད་ཅིང་གཟེར་གྱིས་ཉེན། །སྨྱུང་བ་ལ་སོགས་པས་ཉམས་སྨད། །ཁོང་རྩུབ་མེ་དྲོད་བརྟགས་ནས་ནི། །མར་ནི་ཐལ་སྨན་རྣོ་བཅས་སྦྱིན། །ཡང་ན་རྩ་བ་བཅུ་བསྐོལ་ཆུ། །ཞོ་དང་ཆང་གི་དངས་མར་

བསྐོལ། །ལྕེ་མྱང་ཚ་དང་ཚ་བ་ལྔ། །ཏིལ་མར་འཕྲལ་དུ་ནད་འཇོམས་བྱེད། །བཅའ་སྒ་སྲང་དྲུག་པི་པི་ལིང་། །མཱུ་ལ་ཀྲུ་ཏྲུག་ཏྲེས་རྒྱམ་ཚ། །སྲང་གཉིས་ཏིལ་མར་བྲེ་གང་དང་། །ཞོ་དང་བསྐོལ་བའི་ཏིལ་མར་ནི། །འཁྲུ་བའི་ནད་ནི་སེལ་བྱེད་ཡིན། །ཤ་དང་འོ་མ་

མར་ཕྱོགས་གཅིག །བཏུང་དང་འཇམ་རྩི་བསྐུ་བ་རུ། །ཏིལ་མར་འབའ་ཞིག་ཕྱོགས་གཅིག་སྦྱར། །བཤང་མཁྲེགས་གཟེར་ནི་འཇོམས་བྱེད་ཡིན། །དེ་ནི་རླུང་སེལ་མཆོག་ཡིན་ལ། །རླུང་འཁྲུགས་མ་གཏོགས་གཟེར་མི་འབྱུང་། །ཁམས་གཞན་འཇོམས་པས་

འབར་གྱུར་པ། །རླུང་ནི་རང་གནས་བརྟེན་ཁྱབ་བྱེད། །མེ་དྲོད་ཆུང་ལ་ཏིལ་མར་ནི། །སྦྱར་བས་བདེ་བར་བྱེད་པའི་མཆོག །ཏིལ་མར་བཅས་པ་རླུང་གནས་སུ། །མཁྲེགས་པ་གནས་པར་མི་འགྱུར་རོ། །དྲི་མ་ཟད་ཅིང་ནད་གཞན་རང་གི་ནི། །གནས་ལས་འཕོས་པས་རླུང་ནི་སྟོབས་

เล่ม ๑๙๘ · หน้า 196a

ཆེ་བ། །ཁོང་པ་གཟེར་ཞིང་མཁྲེགས་པར་བྱེད་པ་ལ། །ཕྱི་ནང་ཏིལ་མར་མ་བཏང་སུ་ཞིག་འཚོ། །གཞང་ན་འབྱུང་བར་གྱུར་པ་ལ། །འོ་མར་བསྐོལ་བའི་མར་རྒྱ་ཤུག །སྐྱུར་པོ་ཙང་གི་རིའི་ཁུ་བ། །ཞོ་དང་དོང་གྲར་བཏགས་པ་བླུད། །སྒྱུར་བ་དེ་ཉིད་བཅུག་པ་དང་། །

འུ་སུ་ན་ལེ་ཤམ་ཟིར། །ཁ་རུ་ཚ་དང་ཚ་བ་ལྔ། །སེ་འབྲུ་དག་དང་སྦྱར་བ་ནི། །ཞིབ་ཏུ་བཏགས་པའི་ལྡེ་གུ་ཕན། །རྩ་བ་བཅུ་པ་བསྐོལ་བ་ཡི། །ཟུར་བ་ཤུ་ཏི་རུ་རྟའམ། །ཤུ་དག་ཙི་ཏྲ་ཀ་བསྐོལ་བའི། །སྣུམ་གྱི་འཇམ་རྩི་གཏང་བར་བྱ། །མཁྲེགས་དང་གཞང་ནི་འབྱུང་བ་དང་། །གཅིན་

སྲི་རྐེད་པ་ན་བ་དང་། །མངར་དང་སྐྱུར་བར་བསྐོལ་བ་ཡི། །མར་རམ་ཏིལ་མར་འཇམ་རྩི་གཏང་། །གཞང་འབྱུང་གཞུག་པ་དཀའ་བ་ལ། །བསྐུ་ཞིང་དུགས་ནི་འཇམ་བྱས་གཞུག །དབུས་སུ་ཕུག་པའི་པགས་པ་ནི། །འུར་མཐིལ་འཆིང་བདག་ཀྱང་བྱ། །རྩ་བ་ལྔ་ནི་ཆེན་

པོ་ཡི། །ཁུ་བ་དང་ནི་འོ་མར་བསྐོལ། །བྱི་བ་རྒྱུ་མ་བཏོན་པས་ཀྱང་། །རླུང་འཇོམས་ལྡེ་གུ་ལྟ་བུར་བྱ། །ཏིལ་མར་བསྐོལ་གཞང་འབྱུང་བ་ལ། །བཏུང་དང་བསྐུ་བས་དེ་གསོ་བྱ། །མཁྲིས་པ་མ་ཞུ་རྣོ་དང་དྲོ། །སྤངས་ལ་སྔོན་བཞིན་སྨྱུང་བ་བྱ། །སྐོམ་བཅས་ཡན་ལག་དྲུག་

པའི་ཆུ། །རྩྭ་མཁྲིས་ཐལ་ཏྲེས་བཅས་པ་བླུད། །བཀྲེས་ན་ཁ་ཟས་ཐུག་པ་སོགས། །བྲི་ཧ་ཏི་སོགས་ཉེའུ་ཤིང་པ། །བ་ལ་རྣམ་གཉིས་པརྞི་གཉིས། །བསྐོལ་བ་དྲོད་སྐྱེད་བྱེད་པ་ཕན། །བླུད་ཀྱང་རྗེས་སུ་འབྲེལ་གྱུར་ན། །དུག་མོ་ཉུང་ཤུན་འབྲས་བུ་དང་། །བོང་ང་དཀར་པོ་

བཅས་བཏགས་ཕྱེ། །སྦྲང་རྩི་བསྲེས་པ་འབྲས་ཆུ་བླུད། །བ་ཐ་དུག་མོ་ཉུང་ཤུན་འབྲས། །སྐྱེར་པ་པི་པི་ལིང་རྩའམ། །བོང་ང་བིལ་བ་དུག་མོ་ཉུང་། །གླ་སྒང་བ་ལེ་ཀ་བསྐོལ་བའམ། །ཡང་ན་བོང་ང་དཀར་མུར་བ། །སྐྱེར་པ་དབུལ་རྡོ་དུག་མོ་ཉུང་། །བོང་ང་བཅའ་སྒ་དུག་མོ་ཉུང་། །གླ་

སྒང་ཀད་པལ་སྦྲང་རྩིར་བཅས། །དུག་མོ་ཉུང་གི་ས་བོན་ནི། །སྲང་གཅིག་བསྐོལ་བའི་ཁུ་བ་བླུད། །གང་ཞིག་ཤ་ཁུ་བཅས་སྦྱར་ཟ། །མཁྲིས་བཅས་ལྟོ་བའི་ནད་སེལ་འགྱུར། །དེ་བཞིན་གླ་སྒང་བསྐོལ་བའི་ཁུ། །སྦྲང་རྩིར་སྦྱར་བ་བླུད་པས་ཕན། །ཤལ་མ་ལི་ཡི་འདབ་མའི་རྩ། །བསྐོལ་བའི་

เล่ม ๑๙๘ · หน้า 196b

ཁུ་བ་བསྒྲངས་པའམ། །རྩ་མཁྲིས་གླ་སྒང་དུག་མོ་ཉུང་། །སྐྱེར་ཁཎྜ་དང་བཅས་པའམ། །ཡང་ན་སྐྱེར་པ་བ་ལེ་ཀ །བིལ་བའི་རྐང་དང་བྱི་ཚེར་བ། །ཏིལ་དང་སེང་ཕྲོམ་མོན་ཆ་ར། །བཙོད་དང་པདྨ་ཨུཏྤལ། །དོང་གྲ་ད་ཏ་ཀའི་མེ་ཏོག །སེ་འབྲུའི་ཤུན་པ་ཨུཏྤལ་བཅས། །

ཚིགས་བཅད་ཕྱེད་ཀྱིས་བཤད་སྦྱོར་བ། །སྦྲང་རྩིར་བཅས་པ་འབྲས་ཆུ་བླུད། །སྐྱེར་པ་སེང་ཕྲོམ་དུག་མོ་ཉུང་། །སུག་སྨེལ་བསྐོལ་བས་སྨིན་འཁྲུ་སེལ། །སེང་ཕྲོམ་དང་ནི་ཨ་བརྟ། །པྲི་ཡང་ཀུ་སོགས་སྡེ་ཚན་དང་། །བསྐོལ་བ་སོ་སོར་བླུད་དེ་བཞིན། །པུ་ཙེ་ཤེལ་དང་ཤིང་

མངར་དང་། །སེ་འབྲུའི་མྱུ་གུ་པྲི་ཡང་ཀུ། །ཞོ་དང་འུ་སུའི་འབྲས་བུར་བཅས། །ཐུག་པ་ལྡེ་གུས་སྦྱར་དུགས་བྱ། །དེ་བཞིན་བིལ་བ་ཀ་པིད་ཐ། །ཨ་མྲ་འདམ་བུའི་རྐང་ལས་སྦྱར། །སྨིན་པའི་ཁུ་བར་རའི་འོ་མ། །མཆོག་ཏུ་ཕན་ཏེ་དེས་ཀྱང་ནི། །སྟོབས་ལྡན་ནད་གཞི་ཆེ་བའི་

ཕྱིར། །མ་ཞིན་ནི་བཀྲུ་སྨན་གཏང་། །རིམ་གྱིས་བཤད་པ་ཁྲག་དག་ཏུ། །གང་ཞིག་འཁྲུ་བར་གྱུར་པ་ལའང་། །པ་ལ་ཤ་ཡི་འབྲས་བུ་ཡི། །ཁུ་བ་དང་སྦྱར་འོ་མ་བླུད། །དེ་ནས་འོ་མ་དྲོ་འཇམ་ཙམ། །ཉམས་སྟོབས་ཇི་བཞིན་བླུད་པར་བྱ། །དེས་ནི་དྲི་མ་བསལ་བས་ན། །

ལྟོ་ཡི་ནད་ནི་ཞི་བར་འགྱུར། །ཀྱི་ལྕེ་བ་ཡི་སྦྱང་བ་ཡང་། །པ་ལ་ཤ་ལྟར་སྦྱོར་བ་བྱ། །ཐུག་སོགས་རིམ་པ་བྱས་ཀྱང་ནི། །གལ་ཏེ་གཟེར་ནི་མ་ཞི་ན། །ཉེས་བསལ་དེ་ལ་མེ་དྲོད་སྟོབས། །ལས་དཔགས་འཇམ་རྩི་མྱུར་དུ་གཏང་། །ཤ་ཏ་པུཥྤ་ཉེ་ཤིང་དང་། །བིལ་བ་དང་ནི་ཤིང་

མངར་དག །མར་འོ་ཏིལ་མར་བཞི་ཆར་བཅས། །བསྐོལ་བ་འཇམ་རྩིའི་སྨན་མར་ཡིན། །དེས་ནི་ཚ་འཁྲུ་མ་ཞི་ན། །སྤྱི་བག་འཇམ་རྩི་མཆོག་ཏུ་ཕན། །ཤལ་མ་ལི་ཡི་ལོ་མ་རློན། །ཀུ་ཤ་རློན་པས་དཀྲིས་ནས་ནི། །ས་ནག་ལྡེ་གུ་བསྐུས་ནས་སུ། །ལྕི་བ་སྐམ་པོའི་མེ་ནང་

བསྲེགས། །འཇིམ་པ་ལུས་པ་དེ་བཀོག་སྟེ། །གོང་པོ་དེ་ལས་སྲང་གཅིག་ཙམ། །འོ་མ་བྲེ་གང་ནང་དུ་མཉེ། །བཙགས་ལ་དངས་མར་རྒྱ་སྤོས་དང་། །ཤིང་མངར་སྦྲང་རྩི་ལྡེ་གུ་མར། །ཏིལ་མར་ལྡན་པས་འཇམ་རྩི་བྱ། །ཁྲུས་བྱས་འོ་མ་འབྲས་ཆན་སྦྱིན། །ཡང་ན་སྐམ་སའི་ཤ་ཁུ་སྦྱིན། །

เล่ม ๑๙๘ · หน้า 197a

མཁྲིས་པའི་ཚད་འཁྲུ་རིམས་དང་འོར་ནད་སྐྲན། །རླུང་ནད་ཁྲག་དང་ཕོ་བའི་ནད་སེལ་ཞིང་། །འདི་དག་བཀྲུ་སྨན་མས་གཏོང་དྲག་པོ་ཡི། །སྦྱོར་བྱས་དྲག་ཏུ་འབྱུང་བའང་མྱུར་ཞི་བྱེད། །དུག་མོ་ཉུང་ནི་བུ་རམ་ཕྲན། །ལྟར་བསྐོལ་དུག་མོ་ཉུང་སོགས་སྡེ། །ཨ་

བརྟ་སོགས་སྦྲང་རྩིར་བཅས། །ལྡེ་གུས་འཁྲུ་བ་ཐམས་ཅད་སེལ། །སྨིན་ཅིང་ནད་མེད་མེ་དྲོད་ཆེ། །ཁྲག་དང་བཅས་པ་རིང་ནས་འཁྲུ། །སྣ་ཚོགས་མདོག་ཏུ་འཁྲུ་འགྱུར་བ། །སྨན་ཐུམ་བཙོས་པ་སྦྱར་བར་བྱ། །ཀད་ཕ་ལ་ཡི་ཤུན་ལྡེ་གུ། །བིལ་བའི་ལོ་མས་དཀྲིས་

ནས་ནི། །འཇིམ་པས་བསྐུས་ཏེ་མེ་ནང་བསྲེགས། །ཁུ་བ་བཙིར་ལ་བསྒྲངས་པ་ནི། །སྦྲང་རྩིའམ་ཁ་རར་བཅས་པ་རུ། །འཁྲུ་བ་ཅན་ལ་ཅི་རིགས་བླུད། །དེ་བཞིན་འོ་མ་ཅན་ཤིང་ཀུན། །དེ་ཡི་མྱུ་གུ་ལས་ཀྱང་བྱ། །འཁྲི་ཤིང་ཤུན་པ་མར་དང་བཅས། །བསྐོལ་བའི་

རླངས་པས་བཙོས་པ་ནི། །སྦྲང་རྩི་བཅས་པ་ཚ་འཁྲུ་བ། །སྟོབས་ཅན་དྲག་ཏུ་འབྱུང་བའང་སེལ། །མཁྲིས་པའི་འཁྲུ་བ་ཅན་གྱིས་ནི། །མཁྲིས་པ་སྐྱེད་བྱེད་གང་བསྟེན་པ། །དེ་ཡིས་མཁྲིས་པ་འཁྲུགས་གྱུར་ནས། །ཁྲག་གི་ཚད་འཁྲུ་སྐོམ་དད་རིམས། །འདེབས་ཤིང་

གཞང་ཁ་མི་བཟད་འདྲུལ། །པདྨ་ཨུཏྤལ་ས་མང་ག །མོན་ཆ་རས་བསྐོལ་བ་ཡི། །ར་ཡི་འོ་མ་དེ་ལ་ཕན། །ཐལ་ཏྲེས་ཤིང་མངར་སེང་ཕྲོམ་མམ། །ནྱ་གྲོ་དྷ་སོགས་མྱུ་གུ་དང་། །སྦྲང་རྩི་ཁ་རར་བཅས་པ་ནི། །བཏུང་བའམ་གཞང་ཁར་བླུགས་པས་ཕན། །དེ་བཞིན་ཤ་

ཁུ་སོགས་སྐྱོན་མེད། །མར་བཅས་བསྒྲངས་པའི་ཟས་སྐོམ་ཕན། །ཏང་པལ་འབྲས་བུའི་ཁུ་བ་ནི། །ཅུང་ཟད་སྐྱུར་ཞིང་ཀ་རར་བཅས། །ར་ཡི་འོ་མ་ཆུ་ཕྱེད་དང་། །ཨུཏྤལ་དོང་གྲ་བ་ལེ་ཀ ། ཀྲྀཥྞ་པརྞི་ཁུ་བར་བཅས། །ཐུག་པས་ཁྲག་གི་ཚད་འཁྲུ་སེལ། །ཟས་ཀྱི་སྔོན་དུ་མར་

སར་ནི། །སྦྲང་རྩི་ཁ་རར་སྦྱར་བ་བལྡག །ཁྲག་འཁྲུ་ཚབས་ཆེ་ལ་རའམ། །རི་དགས་ཁྲག་གི་མར་བརྔོས་སྦྱིན། །འོ་མ་དང་བཟའ་འོ་མ་བཏུང་། །འོ་མ་བསྲུབས་མར་ཞག་གསུམ་བསྟེན། །ཡང་ན་གོང་མ་སྲེག་གི་ནི། །ཤ་ཁུ་དང་ཟོས་ནད་མེད་འགྱུར། །ཉེ་ཤིང་བཏགས་པ་

เล่ม ๑๙๘ · หน้า 197b

འོ་མ་དང་། །ལྷན་ཅིག་བླུད་ཅིང་འོ་མར་བཟའ། །ཡང་ན་དེ་དང་བསྐོལ་བ་ཡི། །མར་གྱིས་ཚད་འཁྲུ་མྱུར་དུ་སེལ། །རྒྱ་སྐྱེགས་བཅའ་སྒ་པི་པི་ལིང་། །སྐྱེར་པའི་ཤུན་པ་པུ་ཙེ་ཤེལ། །དུག་མོ་ཉུང་དང་བཅས་བསྐོལ་མར། །ཐུག་སླ་ཐུག་པ་དང་སྦྱར་བས། །ནད་གཞི་གསུམ་ལས་

བྱུང་བ་ཡི། །མི་ཟད་འཁྲུ་བའང་མྱུར་དུ་སེལ། །ས་ནག་དུང་དང་ཤིང་མངར་དང་། །སྦྲང་རྩིར་ཁྲག་འབྲས་ཆུ་བླུད། །ཁྲག་གིས་འཁྲུ་བ་སེལ་བར་བྱེད། །པྲི་ཡང་ཀུ་དང་སྦྲང་རྩིའང་ཕན། །ཏིལ་ནག་བཏགས་པའི་ལྡེ་གུ་དང་། །ཤ་ཁར་ནི་ཆ་ལྔ་ནི། །ར་ཡི་འོ་མ་སྦྱར་བ་བླུད། །

འཕྲལ་དུ་ཁྲག་ཏུ་འཁྲུ་བ་སེལ། །ཁ་ར་སྦྲང་རྩི་ཙནྡན་བཅས། །འབྲས་ཀྱི་ཆུ་དང་བླུད་ན་ནི། །ཁོང་ཚ་སྐོམ་དང་གཅིན་ནད་དང་། །ཁྲག་ཏུ་འཁྲུ་ལས་ཐར་བར་འགྱུར། །གཞང་ཁ་ཚ་ཞིང་འདྲུལ་བ་ལ། །བསིལ་བའི་སྨན་གྱིས་བླུགས་ཤིང་བསྐུ། །གང་ཚེ་ཡང་དང་ཡང་དུ་

འཁྲུ། །ཁྲག་ཉུང་གཟེར་དང་བཅས་པར་འཁྲུ། །རླུང་གིས་གགས་ནི་བྱས་གྱུར་པས། །སྐབས་འབྱུང་བའམ་མི་འབྱུང་བྱེད། །དེ་ཚེ་དེ་ལ་སྤྱི་བག་ནི། །འཇམ་རྩི་སྔར་བཤད་གཏང་བར་བྱ། །ཀར་བུ་དར་ཤིང་ཤ་པ། །ལ་སོགས་ལོ་མ་ཆམ་ཆོམ་བརྡུངས། །ནས་དང་བསྐོལ་བའི་

ཁུ་བ་དེ། །མར་དང་འོ་མ་བཅས་པར་བསྐོལ། །སྤྱི་བག་འཇམ་རྩི་བཏང་ན་ནི། །བེེ་སྣབས་འཁྲུ་དང་གཞང་འབྱུང་དང་། །མཁྲེགས་པའི་ནད་རྣམས་སེལ་བྱེད་ཅིང་། །སྐེམ་པོ་སྟོབས་ནི་སྐྱེད་པར་བྱེད། །སྟག་ཚེར་བ་དང་བསྐོལ་བ་ཡི། །མར་གྱི་འཇམ་རྩི་གཏང་བར་

བྱ། །དང་པོར་བཤང་བ་ཁྲག་འདྲེས་འབྱུང་། །ཡང་ན་ཕྱིས་ནི་འཁྲུ་གྱུར་པ། །དེ་ལ་ཉེ་ཤིང་བསྐོལ་བའི་མར། །ལྡེ་གུའི་དོན་དུ་སྦྱར་བར་བྱ། །ཁ་ར་ཆ་ཕྱེད་དང་སྦྱར་ལ། །སྦྲང་རྩི་བཞི་ཆ་བཅུག་པ་ཡི། །མར་སར་ཕན་པའི་ཟས་ཟོས་ན། །ནད་དེ་མྱུར་དུ་སེལ་བར་འགྱུར། །

ཨུ་དུམ་ཝཱ་ར་ནྱ་གྲོ་དྷ། །ཨ་ཤྭདྠ་ཡི་མྱུ་གུ་ནི། །བརྡུངས་ཏེ་ཞག་གཅིག་ཆུ་ནང་སྦངས། །མཉེས་ཏེ་བཙགས་པར་མར་བསྐོལ་ལ། །ཁ་ར་དེ་ཡི་ཕྱེད་བཏབ་ཅིང་། །སྦྲང་རྩི་བཞི་ཆ་བཏབ་སྟེ་བླུད། །གང་ཞིག་ཁྲག་ནི་ཐུར་དུའམ། །གྱེན་དུ་འབྱུང་བར་བྱེད་ལ་སྦྱིན། །བད་ཀན་

เล่ม ๑๙๘ · หน้า 198a

འཁྲུ་བ་རླུང་བཤད་པའི། །མ་ཞུ་སྨིན་བྱ་མཆོག་ཏུ་བྱ། །རྗེས་སུ་འབྲེལ་པ་དེ་ལ་ནི། །བིལ་བ་གཞོན་ནུ་གླ་སྒང་དང་། །ཨ་རུ་ར་དང་བཅའ་སྒ་བསྐོལ། །སྨིན་ཅིང་མེ་དྲོད་སྐྱེད་པ་བླུད། །ཤུ་དག་དོང་གྲ་བྱི་དང་ག །བུ་ཏི་ཀ་དང་ཐང་ཤིང་དང་། །པི་པི་ལིང་

གཉིས་ཀྲུ་ཏྲུག་ཏྲེས། །པི་པི་ལིང་གི་རྩ་བའམ། །པ་ཏ་ཙི་ཏྲ་དུག་མོ་ཉུང་། །ཤུ་དག་པི་པི་ལིང་རྩ་བ། །པུ་ཙེ་ཤེལ་དང་ཨ་རུ་ར། །བསྐོལ་བའམ་ཡང་ན་བཏགས་པ་སྦྱིན། །བད་ཀན་ཚད་པར་འཁྲུ་སྨན་བླུད། །ཁ་རུ་ཚ་དང་ཚ་བ་གསུམ། །ཤུ་དག་ཤིང་ཀུན་བོང་ང་

དཀར། །ཨ་རུ་ར་ཡི་ཆུ་ཚན་བཅས། །བད་ཀན་འཁྲུ་བས་ཉེན་ལ་བླུད། །ཀ་པིད་ཏ་ཡི་རྐང་དང་ནི། །ཚ་གསུམ་སྦྲང་རྩི་ཤ་ཁ་རའམ། །ཀད་ཕ་ལ་དང་སྦྲང་རྩིར་བཅས། །ལྟོ་ཡི་ནད་ནི་སེལ་བྱེད་ཡིན། །པི་པི་ལིང་དང་སྦྲང་རྩིར་བཅས། །ཙི་ཏྲ་ཀ་དང་དར་བར་བཅས། །བིལ་བ་

གཞོན་ནུ་བྱིན་ན་ཡང་། །འཁྲུ་བའི་ནད་ནི་སེལ་བར་བྱེད། །པ་ཏ་གླ་སྒང་མོན་ཆ་ར། །བིལ་བ་དོང་གྲ་ད་ཏ་ཀའམ། །བུ་རམ་དར་བར་བཅས་པ་ཡིས། །འཁྲུ་བ་ཤིན་ཏུ་གསོ་དཀའ་འང་སེལ། །པི་པི་ལིང་རྩལ་ལ་ཕུད། །དྲི་བཟང་བཞི་དང་དོང་གྲ་དང་། །ན་ལེ་ཤམ་

དང་ཀྲུ་ཏྲུག་ཏྲེས། །འུ་སུ་ཟི་ར་བ་ལེ་ཀ །ཁ་རུ་ཚ་རྣམས་ཆ་མཉམ་དང་། །ད་ཏྲིག་དང་ནི་ད་ཏ་ཀི །བིལ་བ་དང་ནི་པི་པི་ལིང་། །སེ་འབྲུ་དང་ནི་ལ་ལ་ཕུད། །སུམ་འགྱུར་ཀ་ར་དྲུག་འགྱུར་དང་། །ཀ་པིད་ཏ་ནི་བརྒྱད་འགྱུར་བྱས། །ཕྱེ་མས་ཚད་འཁྲུ་ཕོ་བའི་ནད། །ཟད་བྱེད་སྐྲན་

དང་ལྐོག་མའི་ནད། །ལུད་པ་དབུགས་མི་བདེ་དྲོད་ཉམས། །གཞང་འབྲུམ་ཆམ་པ་ཡི་ག་འཆུས་སེལ། །སྨིག་རྐང་དང་ནི་དྲི་སྣ་བཞི། །ཞོ་ནི་གཉིས་གཉིས་ལ་ལ་ཕུད། །འུ་སུ་ཟི་ར་ཞོ་བཞི་བཞི། །པི་པི་ལིང་རྩ་ཚ་བ་གསུམ། །སྲང་ནི་རེ་རེ་སེ་འབྲུ་དང་། །ཁ་ར་སྲང་བརྒྱད་

གཅིག་སྦྱར་འདི། །ཕྱེ་མ་སེ་འབྲུ་བརྒྱད་པ་ཡིན། །ཡོན་ཏན་གོང་མ་དག་དང་འདྲ། །ཁ་ཟས་རླུང་གིས་འཁྲུ་བར་བཤད། །སྦྱར་ཐུག་ལ་སོགས་ཅི་རིགས་སྦྱིན། །ན་ལེ་ཤམ་དང་བྱི་དང་ག །ཀ་པིད་ཏ་དང་དོང་གྲར་བཅས། །ཙང་གི་རི་དང་རྒྱ་ཤུག་སྐྱུར། །སྦྱར་ཐུག་བད་ཀན་འཁྲུ་

เล่ม ๑๙๘ · หน้า 198b

བ་སེལ། །བད་ཀན་ཟད་ལ་སྔར་བཤད་པའི། །རྒྱ་སྐྱེགས་ལ་སོགས་སྲང་དྲུག་པ། །ནས་ཐུག་དང་ནི་བསྲེས་པ་ཡི། །མར་ནི་རྙིང་པ་སྦྱིན་པར་བྱ། །རླུང་དང་བད་ཀན་གྱིས་བཀག་པ། །བད་ཀན་ཤས་ཆེར་འཁྲུ་བའམ། །གཟེར་ཞིང་མཁྲེགས་པར་བྱེད་པ་ལ། །སྤྱི་བག་

འཇམ་རྩི་བསྔགས་པ་ཡིན། །ཤུ་དག་བིལ་བ་པི་པི་ལིང་། །རུ་རྟ་ཤུ་ཏི་རྒྱམ་ཚར་བཅས། །བིལ་བའི་མར་རམ་ཏིལ་མར་ནི། །ཤུ་དག་སོགས་དང་བསྐོལ་བ་གཏང་། །བད་ཀན་རླུང་གིས་ཤས་ཆེར་གཟེར། །ཅུང་ཟད་དྲོ་བའི་འཇམ་རྩི་གཏང་། །བད་ཀན་ཟད་ཅིང་ཡུན་རིང་

དུ། །འཁྲུ་ཞིང་ཉམ་ཆུང་གྱུར་པ་ན། །རླུང་ནི་ངེས་པར་སྟོབས་ཆེ་བ། །རང་གི་གནས་ན་བརྟེན་དེ་སྐྱེ། །དེ་སྟོབས་ཆེ་བས་འཕྲལ་གསོད་བྱེད། །དེ་ཕྱིར་དེ་ནི་མྱུར་དུ་གསོ། །རླུང་གི་རྗེས་ལ་མཁྲིས་པ་སྟེ། །མཁྲིས་པའི་རྗེས་ལ་བད་ཀན་ནི། །གསོ་བའམ་གསུམ་ལས་དང་

པོ་ནི། །གང་ཞིག་ཤས་ཆེར་གྱུར་པ་གསོ། །འཇིགས་དང་མྱ་ངན་དག་ལས་ཀྱང་། །མྱུར་དུ་འཁྲུགས་པས་དེ་ཕྱིར་དེར། །རླུང་བསལ་བ་ཡི་གསོ་བ་དང་། །དབུགས་དབྱུང་བ་དང་དགའ་བར་བྱ། །གང་ཞིག་གཅིན་མེད་ཕྱི་ས་དང་། །འཕྱེན་ནི་འབྱུང་བར་འགྱུར་བ་དང་། །

མེ་དྲོད་ཆེ་ཞིང་ལྟོ་བ་ཡང་། །དེ་ཡི་ཁོང་ནད་ཞི་བ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ལས་ལེའུ་དགུ་པའོ།། །།དེ་ནས་ཕོ་བའི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །ཕོ་བ་ལ་ནི་བརྟེན་པའི་ནད། །མ་ཞུ་བ་ལྟར་གསོ་བར་

བྱ། །འཁྲུ་བར་བཤད་པའི་ཆོ་ག་ཡིས། །དེ་ཡི་མ་ཞུ་སྨིན་པར་བྱ། །ཟས་ཀྱི་དུས་སུ་ནད་དུག་སོགས། །ཚ་བ་ལྔ་སོགས་ལྡན་པ་དང་། །ཚ་བྲོ་ཡང་བའི་ཁ་ཟས་དང་། །གཞན་ཡང་དྲོད་སྐྱེད་སྦྱོར་བ་སྦྱིན། །མ་ཞུར་ཐུག་པ་བོང་ང་དཀར། །བཅའ་སྒ་སྐྱུར་དང་བཅས་པ་སྦྱིན། །

བཏུང་བར་འཁྲུ་བ་ལས་བཤད་པའི། །ཆུ་དང་དར་བ་ཆང་སོགས་བླུད། །ཕོ་བའི་ནད་ལ་དར་བ་ནི། །དྲོད་སྐྱེད་འཁྲུ་གཅོད་ཡང་བས་ན། །ཕན་ཏེ་ཞུ་རྗེས་མངར་བའི་ཕྱིར། །མཁྲིས་པ་སྐྱེད་པར་མི་བྱེད་དོ། །བསྐ་ཞིང་དྲོ་ལ་སྦྱོང་བྱེད་དང་། །རྩུབ་ཅིང་བད་ཀན་ལ་ཡང་ཕན། །

เล่ม ๑๙๘ · หน้า 199a

མངར་སྐྱུར་ཁ་བས་རླུང་ལ་ཕན། །བསྲུབས་མ་ཐག་ཏུ་ཚ་མི་སྐྱེད། །སྐྱུར་བ་བཞི་པོ་བྲེ་གང་དང་། །ཚ་བ་གསུམ་ནི་སྲང་གསུམ་དང་། །རྒྱ་ཚ་སྲང་བཞི་ཁ་ར་ནི། །སྲང་བརྒྱད་ཕྱེ་མར་བྱས་པ་ནི། །ཚོད་མ་སྲན་ཚོད་བཏུང་བ་སོགས། །བཏུང་ངོ་དྲུག་སོགས་ལ་ཡང་

གདབ། །མ་ཞུ་ལུད་པ་དབུགས་མི་བདེ། །ཡི་ག་འཆུས་དང་སྐྲན་མཆིན་པ། །ཕོ་བ་སྙིང་ནད་སྐྱ་རྦབ་འཇོམས། །དོང་གྲ་གླ་སྒང་བོང་ང་དཀར། །བསྐོལ་བ་མ་ཞུ་སེལ་བྱེད་བླུད། །དེ་ཡི་ལྡེ་གུ་ཆུ་ཚན་ནམ། །བཅའ་སྒའམ་ཨ་རུ་ར་བཅས་བླུད། །ཤུ་དག་ལ་སོགས་རྒྱམ་

ཚར་བཅས། །ཡང་ན་ཆང་དང་སྦྱར་བ་བླུད། །བཤང་བ་མ་སྨིན་འཁྲུ་བཅས་ལ། །སེ་འབྲུའི་ཆུ་དང་བཅས་པ་ཡི། །བིལ་བ་དོང་གྲ་ཙི་ཏྲ་ཀ །ཁ་རུ་ཚ་ནི་བཏབ་པ་སྦྱིན། །བད་ཀན་རླུང་གྱུར་བེ་སྣབས་ཅན། །ཁོང་པ་གཟེར་ལ་དུག་མོ་ཉུང་། །ཤིང་ཀུན་

བོང་ང་ཁ་རུ་ཚ། །ཤུ་དག་ཨ་རུ་ར་ཆུ་དྲོན། །སྐྱུགས་པའི་རྗེས་ལ་གཟེར་ཞིང་བསྒོངས། །ཨ་རུ་ར་དང་ཁ་རུ་ཚ། །ཟི་ར་ན་ལེ་ཤམ་བཅས་ཕྱེ། །ཆུ་དྲོན་དང་ནི་བཅས་པ་བླུད། །དོང་གྲ་པ་ཏ་པི་པི་ལིང་། །ཐལ་ཏྲེས་བྲི་ཧ་ཏི་གཉིས་དང་། །དུག་མོ་ཉུང་དང་ཙི་ཏྲ་ཀ །ཚ་བ་རྣམ་ལྔ་ཐལ་སྨན་གཉིས། །

ཕྱེར་བཏགས་ཆང་ཞོ་དེའི་དངས་མ། །ཆུ་དྲོན་རང་སྐྱུར་དག་ལ་བླུད། །དེས་ནི་མེ་དྲོད་འཕེལ་བྱེད་ཅིང་། །ཁོང་པའི་རླུང་ནི་སེལ་མཆོག་ཡིན། །ལན་ཚྭ་ལྔ་དང་ཐལ་སྨན་གཉིས། །ཚ་བ་ལྔ་དང་ན་ལེ་ཤམ། །ལ་ལ་ཕུད་དང་ཤིང་ཀུན་ལས། །སྐྱུར་རྩི་ཆེན་པོའམ་སེ་འབྲུ་

འམ། །རྒྱ་ཤུག་ཁུ་བས་རི་ལུ་བྱས། །སྨིན་དང་དྲོད་སྐྱེད་བྱེད་མཆོག་ཡིན། །བལ་བུའི་ལོ་མ་དབྱི་མོ་དང་། །པི་པི་ལིང་ནི་སྲང་རེ་དང་། །པི་པི་ལིང་དང་དེ་རྩ་སྲང་། །གཉིས་གཉིས་བཅའ་སྒ་སྲང་གསུམ་དང་། །དྲི་སྣ་གསུམ་དང་པུ་ཤེལ་ཙེ། །ཞོ་ནི་གཉིས་གཉིས་ཕྱིར་ཞིབ་

བཏགས། །བུ་རམ་སུམ་འགྱུར་དག་གིས་ནི། །རི་ལུ་བྱས་པ་རྟག་ཏུ་བཟའ། །དེ་རྗེས་ཡུ་ཤ་ཤ་ཁུ་དང་། །ཆང་རྙིང་འོ་མ་ཞོ་ག་ཆུ། །ཐུག་པ་བླུད་ན་རླུང་དང་ནི། །བད་ཀན་ལས་གྱུར་སློན་བྲོ་དང་། །ཕོ་བ་རྩིབ་ལོགས་སྙིང་ག་ན། །རིམས་དང་འོར་ནད་སྐྱ་རྦབ་དང་། །སྐྲན་

เล่ม ๑๙๘ · หน้า 199b

དང་ཆང་ནད་གཞང་འབྲུམ་དང་། །ཆམ་པ་མཆིལ་མ་དབུགས་མི་བདེ། །ལུད་པ་རྣམས་ནི་འཇོམས་པར་བྱེད། །བཤང་བ་འགགས་ལ་དེ་ཉིད་ནི། །བཅའ་སྒའི་གོང་དུ་ཨ་རུ་ར། །བཅུག་སྟེ་དེ་ལ་སྦྱིན་པར་བྱ། །མཁྲིས་གྱུར་སློན་བྲོ་ལ་སོགས་ལ། །ཁ་ར་བཞི་འགྱུར་བཅས་པ་ནི། །

བསྐོལ་བ་ལས་ནི་རི་ལུར་བྱས། །ཡང་ན་བུ་རམ་ཁ་རར་བཅས། །མེ་དང་འཕྲད་པར་གྱུར་པ་ལས། །དེ་ནི་མཆོག་ཏུ་ཡང་བར་འགྱུར། །དེ་ནས་འདི་ནི་མ་ཞུ་སྨིན། །རླུང་ལས་གྱུར་པའི་ཕོ་ནད་ལ། །དྲོད་སྐྱེད་སྨན་དང་བཅས་པ་དང་། །མར་ནི་ཉུང་ཟད་ཉུང་ཟད་བླུད། །མེ་དྲོད་ཆུང་

ཞིང་སྐྱེས་གྱུར་ནས། །བཤང་གཅི་རླུང་ནི་འགགས་གྱུར་ན། །ཞག་ནི་གཉིས་གསུམ་སྣུམ་བཏང་དུགས། །བསྐུ་བྱས་མས་གཏོང་དྲག་པོ་བྱ། །དེ་ནས་ཨེ་རཎྜ་ཡི་མར། །སེང་ཕྲོམ་གྱི་ནི་མར་དང་ནི། །ཐལ་སྨན་དག་གིས་རླུང་ཞི་ནས། །གཡོས་པའི་ནད་ལ་བཀྲུ་སྨན་གཏང་། །སྦྱངས་

ནས་ཁོང་པ་རྩུབ་གྱུར་ཏེ། །བཤང་བ་འགགས་ལ་འཇམ་རྩི་ནི། །དྲོད་སྐྱེད་སྐྱུར་ཞིང་རླུང་འཇོམས་པའི། །སྨན་བཙོས་ཏིལ་མར་དེ་ལ་གཏང་། །དེ་ལྟར་བཀྲུ་སྨན་དྲག་བཀྲུ་སྨན། །འཇམ་རྩི་ཆོ་ག་བཞིན་བྱས་ལ། །ཁ་ཟས་ཡང་བ་དང་ལྡན་པའི། །ཞུན་མར་སླར་ཡང་བསྟེན་པར་བྱ། །

རྩ་བ་ལྔ་དང་ཚ་བ་གསུམ། །ཨ་རུ་ར་དང་ལྕེ་མྱང་ཚ། །ར་སྣ་པི་པི་ལིང་རྩ་བ། །ཐལ་སྨན་རྣམ་གཉིས་ཟི་ར་དང་། །བྱི་དང་ག་དང་ཟུར་པ་མར། །ཚ་དང་སྐྱུར་རྩི་ཆེན་པོ་ཡི། །ཁུ་བ་དང་ནི་སྒེའུ་གཤེར་དང་། །ལ་ཕུག་སྐམ་པོ་རྒྱ་ཤུག་སྐྱུར། །སེ་འབྲུ་ཙུག་ཀྲི་ཀའི་ཁུ་བ། །དར་བཞོ་

དང་ཆང་དངས་དང་། །རྩབ་མོ་དངས་མ་རྩབ་མོ་དང་། །སྐྱུར་རྩབས་དང་ནི་དེ་བསྐོལ་བ། །མེ་དྲོད་སྐྱེད་པའི་དམ་པ་ཡིན། །གཟེར་དང་སྐྲན་དང་དམུ་རྫིང་དང་། །ལུད་པ་དབུགས་མི་བདེ་བ་དང་། །རླུང་དང་བད་ཀན་འཇོམས་པར་བྱེད། །ཡང་ན་སྐྱུར་རྩི་ཆེན་པོ་ཡི། །ཁུ་བར་

བསྐོལ་བའི་མར་བླུད་བྱ། །འདི་ཡི་ཏིལ་མར་བསྐོལ་བ་ཡིས། །བསྐུ་བྱུག་བྱས་ན་རླུང་སེལ་ཏོ། །རླུང་དང་བད་ཀན་མ་འདྲེས་ཞུའམ། །བད་ཀན་རླུང་ཤས་ཆེ་བ་ལ། །སྨན་ནི་འདི་དག་ཉིད་ཀྱི་ཕྱེ། །ཆུ་དྲོན་སྦྱར་བ་བླུད་པར་བྱ། །མཁྲིས་པས་མེ་དྲོད་ཉམས་གྱུར་པ། །བཀྲུ་

เล่ม ๑๙๘ · หน้า 200a

སྨན་དག་གམ་སློན་སྨན་གཏང་། །ཁ་དང་ཡང་དང་འཁྲུ་གཅོད་དང་། །ཚ་མི་སྐྱེད་པས་དྲོད་བསྐྱེད་བྱ། །ཕྱེ་མ་སྣུམ་དང་ཁ་བ་ཡིས། །མེ་དྲོད་ཉེ་བར་བསྐྱེད་པར་བྱ། །པ་ཏོ་ལ་དང་ཀྱི་ལྕེ་བ། །ནིམ་པ་པུ་ཙེ་ཤེལ་རྩ་མཁྲིས། །པར་པ་ཏ་དང་དུག་མོ་ཉུང་། །

ཤུན་ལྤགས་འབྲས་བུ་མུར་བ་དང་། །ཤི་ཀྲུ་མངར་པོའི་འབྲས་བུ་དང་། །ཤུ་དག་སྐྱེར་པའི་ཤུན་ལྤགས་དང་། །ཤུག་པ་དང་ནི་པུ་ཤེལ་ཙེ། །ཙནྡན་གླ་སྒང་ལ་ལ་ཕུད། །ས་ནག་བོང་ང་ཚ་བ་གསུམ། །ཤིང་ཚ་སུག་སྨེལ་ཐང་ཤིང་དང་། །གནྡྷ་བྷ་དྲའི་ཕྱེ་མ་ནི། །སྦྲང་

རྩིའི་ལྡེ་གུར་བྱས་བཟའ་བའམ། །ཆང་ངམ་ཆུ་དང་སྦྱར་འཐུངས་ན། །སྙིང་ནད་སྐྱ་རྦབ་ཕོ་བའི་ནད། །སྐྲན་གཟེར་རིམས་ནད་ཡི་ག་འཆུས། །མིག་སེར་འདུས་པའི་ནད་དང་ནི། །ཁ་ཡི་ནད་རྣམས་འཇོམས་པར་བྱེད། །རྩ་མཁྲིས་གླ་སྒང་པུ་ཙེ་ཤེལ། །ཚ་བ་གསུམ་དང་དུག་

མོ་ཉུང་། །ཙི་ཏྲ་ཀ་ནི་ཆ་གཉིས་དང་། །དུག་མོ་ཉུང་གི་ཤུན་ལྤགས་ནི། །བཅུ་དྲུག་ཆ་སྦྱར་ཞིབ་ཏུ་བཏགས། །དེ་ནི་བུ་རམ་ཆུ་གྲང་བླུད། །ཕོ་བའི་ནད་དང་སྐྲན་སེལ་ཞིང་། །མིག་སེར་སྐྱ་རྦབ་རིམས་ཀྱི་ནད། །ཡི་ག་འཆུས་དང་འཁྲུ་བ་འཇོམས། །དོང་གྲ་བོང་ང་གླ་སྒང་དང་། །

པ་ཏ་བིལ་བ་སྐྱེར་ཁཎྜ། །དུག་མོ་ཉུང་གིས་པོ་ན་དང་། །ཏིག་ཏ་ད་ཏ་ཀའི་མེ་ཏོག །ཕྱེ་མར་བཏགས་ལ་སྦྲང་རྩིར་སྦྱར། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པ་ལས་གྱུར་ཕོ་བའི་ནད། །མཁྲེགས་འཁྲུགས་གཞང་འབྲུམ་གཞང་ཁ་ན། །ཁྲག་ཏུ་འཁྲུ་བ་དག་ལའང་ཕན། །ཙནྡན་

ཤུག་པ་པུ་ཤེལ་ཙེ། །པ་ཏ་མུར་བ་བླ་བ་དང་། །ཤུ་དག་ཐལ་ཏྲེས་དབྱི་མོ་དང་། །ལོ་མ་བདུན་པ་བ་ཤ་ཀ །པ་ཏོ་ལ་དང་ནྱ་གྲོ་དྷ། །ཨུ་དུམ་ཝཱ་ར་ཨ་ཤྭཏྠ། །བེེག་ཤ་ཀ་པི་ཏ་ན་དང་། །པུ་ཙེ་ཤེལ་དང་ལི་ག་དུར། །ནིམ་པ་སྲང་ནི་གཉིས་གཉིས་ལ། །ཆུ་བྲ་བཅུ་དྲུག་བསྐོལ་བ་དེར། །

ཀི་ར་ཏིག་ཏ་དུག་མོ་ཉུང་། །རམ་ཉེ་ཨུཏྤལ་པི་པི་ལིང་། །བསྐོལ་བ་དེ་འཐུངས་མཁྲིས་པ་ཡི། །ཕོ་བའི་ནད་ལ་བླུད་པར་བྱ། །མཛེར་བཤད་ཏིག་ཏའི་མར་ཡང་བླུད། །བད་ཀན་ལས་གྱུར་ཕོ་བའི་ནད། །སློན་སྨན་རྣོན་པོས་སློན་བྱས་ནས། །ཚ་སྐྱུར་ལན་ཚྭ་ཐལ་སྨན་གྱིས། །རིམ་

เล่ม ๑๙๘ · หน้า 200b

གྱིས་མེ་དྲོད་སྐྱེད་པར་བྱེད། །ཚ་བ་ལྔ་དང་ཨ་རུ་ར། །འུ་སུ་པ་ཏ་པ་ལ་ཤ།།སྐྱུར་རྩེ་ཆེན་པོའི་མྱུ་གུ་དང་། །བསྐོལ་བའི་ཐུག་པ་ལ་སོགས་བླུད། །མ་དུ་ཀ་ཡི་མེ་ཏོག་བྲེ། །བཅུ་དྲུག་བྱེ་དང་ག་དེའི་ཕྱེད། །ཙི་ཏྲ་ཀ་ནི་དེ་ཕྱེད་དང་། །བསེ་ཤིང་འབྲས་བུ་བྲེ་བཞི་དང་། །བཙོད་སྲང་

བརྒྱད་དེ་འདི་དག་ནི། །ཆུ་བྲེ་སུམ་ཅུ་རྩ་གཉིས་བསྐོལ། །ཆུ་བྱེ་བཅུ་དྲུག་ལུས་བསྒྲངས་པར། །སྦྲང་རྩི་བྱེ་དོ་གཞུག་པ་དང་། །སུག་སྨེལ་པདྨའི་རྩ་བ་དང་། །ཨ་ཀར་ཙནྡན་ལྡེ་གུ་བྱུག །བུམ་པར་ཟླ་བ་གཅིག་གཞག་སྟེ། །ལངས་ནས་མནན་ཆང་བླུད་གྱུར་ན། །འདི་ཡིས་ཕོ་བའི་

དྲོད་སྐྱེད་ཅིང་། །ཉམས་བརྟས་ཁྲག་མཁྲིས་སེལ་བར་བྱེད། །སྐེམས་དང་མཛེ་དང་ཤ་བཀྲ་དང་། །གཅི་སྙི་བ་ཡི་ནད་རྣམས་འཇོམས། །མ་དུ་ཀ་ཡི་མེ་ཏོག་ནི། །ཁུ་བ་བསྐོལ་བ་ཕྱེད་དུ་བ། །བསྒྲངས་པར་སྦྲང་རྩི་བཞི་ཆ་བཏབ། །སྔ་མ་བཞིན་དུ་བྱས་པའི་ཆང་། །ཕན་པའི་

ཟས་དང་བཅས་བསྟེན་ན། །ཕོ་བའི་ནད་ནི་ཐམས་ཅད་སེལ། །དེ་བཞིན་རྒུན་འབྲུ་བུ་རམ་ཤིང་། །འབྲ་གོའི་ཁུ་བ་མནན་པ་བླུད། །ཤིང་ཀུན་ཤུ་དག་པུ་ཙེ་ཤེལ། །བོང་ང་པ་ཏ་དུག་མོ་ཉུང་། །གཟེ་མ་ཚ་བ་ལྔ་པོ་ཞོ། །གཉིས་གཉིས་ལན་ཚྭ་ལྔ་སྲང་རེ། །མར་དང་ཏིལ་མར་

ཕུལ་དོ་དོ། །ཞོ་བྲེ་གཉིས་དང་བསྲེས་ནས་ནི། །མེ་ནི་ཆུང་ངུ་ལ་བཙོས་སྟེ། །རྙིང་ཞིང་ཁུ་བ་ཐིམ་པ་དང་། །དེ་ནས་དུ་བ་འཁྱིམས་པར་བསྲེག །བཏགས་ཏེ་མར་དང་བསྲེས་པ་དག །དེ་ལས་ཞོ་གཉིས་འཐུངས་ནས་ནི། །ཞུ་ནས་ཁ་ཟས་མངར་ཟོས་ནས། །དེས་ནི་བད་ཀན་རླུང་ནད་ནི། །ཀུན་

དང་དུག་དང་དབྱིག་དུག་འཇོམས། །རྩྭ་མཁྲིས་དང་ནི་པུ་ཙེ་ཤེལ། །པ་ཏོ་ནིམ་པ་པར་པ་ཏ། །བསྲེགས་ལ་མ་ཧེའི་གཅིན་དང་ནི། །འཐུངས་ན་མེ་དྲོད་སྐྱེད་བྱེད་ཡིན། །ཤུ་དག་རུ་རྟ་སེར་པོ་གཉིས། །ཙི་ཏྲ་ཀ་དང་པུ་ཙེ་ཤེལ། །གླ་སྒང་ར་ཡི་གཅིན་དང་ནི། །བསྐོལ་བ་མེ་དྲོད་སྐྱེད་

བྱེད་ཡིན། །སུ་ཏའི་སྡོང་བུ་སྲང་བཞི་དང་། །ལན་ཚྭ་གསུམ་ལས་སྲང་རེ་དང་། །པར་ཏ་ཀ་ནི་ཕུལ་གང་དང་། །ཨརྐ་སྲང་བརྒྱད་ཙི་ཏྲ་ཀ །སྲང་གཉིས་བསྲེགས་ལ་པར་ཏ་ཀའི། །ཁུ་བས་རི་ལུ་བྱས་ནས་ནི། །ཟས་རྗེས་ཟོས་ན་ཟོས་པའི་ཟས། །མྱུར་དུ་ལུད་པ་དབུགས་མི་བདེ། །

เล่ม ๑๙๘ · หน้า 201a

གཞང་འབྲུམ་གསུང་དང་ཆམ་པ་དང་། །སྙིང་ནད་དེས་ནི་ཞི་བར་བྱེད། །ཁ་ལུད་ཟུར་པ་ར་སྣ་དང་། །ཚ་བ་གསུམ་དང་ཨ་རུ་ར། །ནས་ཚིག་འཁུས་ཐལ་སྭརྫི་ཀའི། །ཐལ་སྨན་ལན་ཚྭ་ལྔ་པོ་རྣམས། །ཕྱེར་བཏགས་དྲོ་འཇམ་ཆུ་དང་བླུད། །མདོག་སྟོབས་མེ་དྲོད་འཕེལ་

བྱེད་ཡིན། །བད་ཀན་ལས་གྱུར་ཕོ་བའི་ནད། །རླུང་བཅས་དེ་ལ་མར་དང་བསྐོལ། །ཐང་ལ་འབར་དང་སྲང་དྲུག་པ། །དེ་བཞིན་གོ་བྱེའི་སྨན་མར་བླུད། །ཁ་རུ་ཚ་དང་ཚ་ནག་དང་། །བུལ་ཏོག་དང་ནི་སྭརྫི་ཀ །ནས་ཚིག་འཁུས་པའི་ཐལ་བ་དང་། །ཀཎྜ་ཀ་རི་སབ་ཏ་ལ། །ཙི་ཏྲ་ཀ་ནི་གཅིག་

ཏུ་བསྲེག །ལན་བདུན་བར་དུ་གཟགས་པ་ཡི། །ཐལ་ཁུ་བྲེ་དོ་མར་བྲེ་བཞི། །བསྐོལ་ལ་མེ་དྲོད་བསྐྱེད་ཕྱིར་བླུད། །འདུས་པ་ལས་ནི་ལྔ་པོ་དང་། །འདི་དག་ཉམས་སྟོབས་ཇི་བཞིན་བྱ། །བད་ཀན་མཆིལ་མང་དྲོད་ཆུང་ལ། །ཁ་རྩུབ་མེ་དྲོད་སྐྱེད་པར་སྦྱར། །བད་ཀན་ལས་བྱུང་

སྐེམས་པ་ལ། །སྣུམ་དང་རྩུབ་པ་རེས་ཀྱིས་བསྟེན། །ཉམ་ཆུང་རིད་པའི་ལུས་ལ་ནི། །མེ་དྲོད་སྐྱེད་པ་སྣུམ་ལྡན་སྦྱིན། །མཁྲིས་པ་ཤས་ཆེའི་དྲོད་ཉམས་ལ། །ཁ་དང་མངར་བ་ལྡན་པ་སྦྱིན། །རླུང་ཤས་ཆེ་ལ་སྣུམ་སྐྱུར་དང་། །ལན་ཚྭར་ལྡན་པ་བསྔགས་པ་ཡིན། །རིད་པ་མེ་

དྲོད་སྐྱེད་པ་ལ། །སྣུམ་ཉིད་མཆོག་ཏུ་ཤེས་པར་བྱ། །སྣུམ་ཤས་ཆེ་བར་གྱུར་པ་ལ། །རབ་ལྕིའི་ཟས་ཀྱང་སྦྱིན་མི་བྱ། །གང་ཞིག་དྲོད་ཆུང་བད་ཀན་ཟད། །བཤང་བ་སྨིན་ཀྱང་སླ་བ་ལ། །དེ་ལ་སྨན་རྣོར་བཅས་པ་ཡི། །མར་ནི་ཉུང་ཟད་བླུད་པར་བྱ། །དེ་ཡིས་མེ་དང་མཉམ་གནས་

རླུང་། །རང་གནས་བཀུག་སྟེ་རང་གི་ནི། །ལས་ལ་སྦྱོར་བས་དྲོད་སྐྱེད་བྱེད། །དེ་ནི་མེ་དྲོད་སྐྱེད་བྱེད་ཡིན། །གང་ཞིག་བཤང་བ་སྲ་བ་ཡིས། །དཀའ་བས་འབྱིན་པར་བྱེད་པ་དག །དེ་ལ་ལན་ཚྭ་བཅས་པའི་མར། །ཟས་ནི་སླ་བར་བྱེད་པ་སྦྱིན། །རྩུབ་པས་མེ་དྲོད་ཆུང་ལ་མར། །

ཡང་ན་ཏིལ་མར་དྲོད་སྐྱེད་བླུད། །སྣུམ་མང་འཐུངས་པས་དྲོད་ཉམས་ལ། །ཐལ་སྨན་ཕྱེ་མ་ཆང་རྙིང་སྦྱར། །རྟུག་འགགས་པ་ལ་མས་གཏོང་བའི། །དྲག་པོ་དང་ནི་འཇམ་རྩི་བྱ། །ནད་ཚབ་ཆེ་བས་མེ་དྲོད་ཉམས། །སྦྱང་བྱས་ཟས་ཀྱི་ཆོ་ག་སྤྱད། །ནད་བྱང་མེ་དྲོད་ཆུང་བ་ལ། །

เล่ม ๑๙๘ · หน้า 201b

ཞུན་མར་འབའ་ཞིག་དྲོད་སྐྱེད་བྱེད། །ལམ་དང་སྨྱུང་བས་ཉམ་ཆུང་ལ། །ནས་ཐུག་མར་དང་སྦྱར་བའམ། །ཟས་བཅས་བླུད་ན་སྟོབས་སྐྱེད་ཅིང་། །དྲོད་སྐྱེད་བརྟ་བར་བྱེད་པ་ཡིན། །ཡུན་རིངས་ཉལ་པོ་སྤྱད་པ་དང་། །མི་ནི་ཉམ་ཆུང་སྐམ་གྱུར་ལ། །མཐུ་རྩལ་ཅན་གྱིས་ཟས་ཚོལ་

བ། །ཤ་ཟའི་ཤ་ཁུ་སྐྱུར་སྦྱར་སྦྱིན། །ཡང་ཞིང་དྲི་ཚ་སྦྱོང་བྱེད་པ། །དེ་ཡིས་མེ་དྲོད་མྱུར་དུ་སྐྱེད། །ཤ་ཡིས་སྐྱེད་པའི་ཤ་ཡིན་ཕྱིར། །སྟོབས་ནི་མཆོག་ཏུ་སྐྱེད་པར་བྱེད། །སྣུམ་དང་མནན་ཆང་ཆང་རྙིང་དང་། །སྨན་ཁུ་ཕྱེ་མ་འཕྲོད་པ་ཟོས། །ལུས་ལ་ལེགས་པར་སྦྱར་བ་ཡིས། །

སྟོབས་དང་མེ་དྲོད་འཕེལ་བར་བྱེད། །དཔེར་ན་མེ་ནི་ཤིང་སྲ་བས། །སྦར་བ་ཡུན་རིང་གནས་པར་བྱེད། །དེ་བཞིན་ཁོང་པར་གནས་པའི་མེ། །སྣུམ་དང་བཅས་པས་བརྟན་པར་གནས། །ཇི་ལྟར་མེ་ནི་ཤིང་མེད་པའམ། །མེ་ཆུང་ཤིང་ནི་དྲགས་པ་ལྟར། །ལུས་མེ་ཟས་ནི་མ་

ཟོས་པ། །ཟས་དྲགས་གྱུར་པས་འབར་མི་བྱེད། །གང་ཚེ་བད་ཀན་ཟད་མཁྲིས་པ། །རང་གི་གནས་སུ་རླུང་ཞུགས་ན། །མེ་དྲོད་འཕེལ་ཞིང་རབ་རྒྱས་འགྱུར། །དེ་ཚེ་མེ་ནི་རླུང་བཅས་པས། །ཟས་སྨིན་བྱས་ནས་ལུས་ཟུངས་ཀྱང་། །ཟད་ཅིང་མདངས་འཐོར་བྱེད་པས་གསོད། །

ཟས་ཟོས་ནས་ནི་བདེ་འགྱུར་ལ། །ཞུ་ནས་མུན་ཞུགས་སྙམ་སེམས་འགྱུར། །སྐོམ་དད་ཚ་བརྒྱལ་དབུགས་མི་བདེ། །ལ་སོགས་མེ་དྲོད་དྲགས་ལས་འབྱུང་། །ཟས་ལྕི་སྣུམ་སླ་རྟུལ་བ་དང་། །གྲང་དང་འཇུ་དཀའ་མེ་དྲོད་འབྲི། །འབར་བའི་མེ་ལ་ཆུ་བླུགས་ལྟར། །མེ་དྲོད་

ཤས་ཆ་དེ་ཞི་བྱ། །དེ་ནས་ཁ་ཟས་མ་ཞུ་ལའང་། །ཡང་དང་ཡང་དུ་ཟས་སྦྱིན་བྱ། །བུད་ཤིང་མེད་པའི་སྐབས་རྙེད་ལྟར། །ཇི་གནས་འདིར་གནས་མི་འགྱུར་བྱ། །ཀྲི་ས་ར་དང་འོ་ཐུག་སྣུམ། །སྣུམ་ཁུར་བུ་རམ་གཡོས་པ་དང་། །རླན་ཅན་ཆུ་ཡི་སྲོག་ཆགས་ནི། །ཚོ་བ་ཡི་ནི་ཤ་སྦྱིན་

ནོ། །མཆོག་ཏུ་ཉ་ནི་འཇམ་པོ་དང་། །མི་འགུལ་ཆུ་ལ་གནས་པ་སྦྱིན། །ལུག་ཤ་ཚོན་པོ་དག་ཀྱང་ནི། །ཟོས་ན་མེ་དྲོད་དྲགས་པ་སལ། །འོ་མ་སྦྲང་རྩི་བཅས་བའམ། །མར་དང་སྦྱར་བ་སྐོམ་ཚེ་བླུད། །གྲོ་ཡི་ཕྱེ་ནི་འོ་མ་དང་། །མར་ནི་མང་པོར་བཅས་པ་བླུད། །རླན་ཅན་

เล่ม ๑๙๘ · หน้า 202a

སྲོག་ཆགས་ཤ་ཁུ་དང་། །ཏིལ་མར་མ་གཏོགས་སྣུམ་ཅན་བླུད། །ཤ་མ་དུར་བྱིད་དང་བསྐོལ་བའི། །འོ་མའི་བཀྲུ་སྨན་བླུད་པར་བྱ། །མཁྲིས་པ་སེལ་བའི་ཁ་ཟས་དང་། །འོ་ཐུག་ལན་མང་སྦྱིན་པར་བྱ། །གང་ཞིག་ལྕེ་ཞིང་ཆིལ་སྐྱེད་དང་། །བད་ཀན་སྐྱེད་པའི་

ཁ་ཟས་རྣམས། །ཐམས་ཅད་མེ་དྲོད་དྲགས་ལ་ཕན། །ཟོས་ནས་ཉིན་པར་ཉལ་བར་བྱ། །ཟས་ནི་མེ་དྲོད་ཀྱིས་འཇུ་བྱེད། །ཟས་མེད་ནས་ནི་ནད་ཟད་བྱེད། །ལུས་ཟུངས་ཟད་པར་བྱེད་པར་འགྱུར། །ལུས་ཟུངས་ཟད་ནས་འཆི་བར་འགྱུར། །ཟས་འདི་དག་ནི་རང་བཞིན་གྱིས་མི་མཐུན། །

འདི་ནི་སྦྱོར་དང་གཡོས་ཀྱིས་མི་འཕྲོད་པ། །དེ་ལ་སོགས་པ་མེ་ཤེས་ཅི་དགའ་བར། །སྤྱོད་དེ་མེ་དྲོད་སྟོབས་ལས་གྱུར་པ་ཡིན། །དེ་བས་འབད་པ་ཀུན་གྱིས་མེ་དྲོད་བསྲུང་། །དེ་ཉམས་ན་ནི་མི་ཡི་སྲོག་ཉེས་ཉམས། །ཉེས་པས་ཁྱབ་ན་ནད་ཀྱི་ཚོགས་ཀྱིས་འདེབས། །མེ་དྲོད་མཉམ་ན་

ནད་མེད་ཚེ་རིང་འགྱུར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་པའོ།། །།དེ་ནས་གཅིན་འགགས་པའི་ལེའུ་བཤད་པར་བྱའོ། །རླུང་ལས་གྱུར་པའི་གཅིན་སྲི་ལ། །རླུང་འཇོམས་ཏིལ་མར་གྱིས་ལུས་བསྐུ། །ལྟེ་བ་མན་ཆད་

དུགས་བྱ་ཞིང་། །རླན་དུགས་ལུས་ནི་སྤྱིང་བའང་བྱ། །རྩ་བ་བཅུ་པ་ཨེ་རཎྜ། །བ་ལ་ནས་དང་ཉེ་ཤིང་པ། །བ་སྤྲུ་བ་དང་ཀུ་ལངྠ། །རྒྱ་ཤུག་དང་ནི་བ་རུ་ར། །སྲུ་སྲུའི་རྩ་བ་བྲི་ཤི་བ། །ཏིལ་མར་ཞུན་མར་ཕག་དང་དྲེད། །ཞག་བསྐོལ་ལན་ཚྭ་བཅས་པ་ནི། །འཐུངས་ན་གཟེར་

འཇོམས་མཆོག་ཡིན་ནོ། །སྨན་འདི་དག་ནི་སྣུམ་པ་ཡི། །འབྲས་བུར་བཅས་ཤིང་སྐྱུར་བ་དང་། །སྣུམ་དང་ལྡན་པར་ཟས་སྐོམ་དང་། །གོང་པོ་དཀྲི་བའི་དུགས་དཔྱད་བྱ། །ཁ་རུ་ཚ་མང་བཏབ་པའི་ཆང་། །འཐུངས་ན་གཅིན་གྱི་ནད་སེལ་བྱེད། །མཁྲིས་གྱུར་བསྐུ་དང་

བླུགས་པ་དང་། །ལུས་བཅིང་བས་ནི་བསིལ་བར་བྱ། །ཉེ་ཤིང་གཟེ་མ་བི་ད་རི། །རྒུན་འབྲུ་རྩ་ཡི་རྩ་བ་ལྔ། །བསྐོལ་བའི་ནང་དུ་སྦྲང་རྩི་དང་། །ཁ་རབ་བཏབ་པ་བླུད་པར་བྱ། །བ་ཤ་ཀ་དང་ག་གོན་དང་། །རྒྱལ་མོ་ག་གོན་ལེ་བརྒན་རྩིའི། །ས་བོན་གུར་གུམ་རྒུན་ཆུ་དང་། །འཐུངས་

เล่ม ๑๙๘ · หน้า 202b

ན་གཅིན་འགགས་ནད་སེལ་བྱེད། །ཤིང་མངར་ཨེར་བ་རུའི་ས་བོན། །སྐྱེར་པ་འབྲས་ཀྱི་ཆུ་དང་བླུད། །རྒུན་འབྲུའི་ལྡེ་གུ་ཆུར་སྦྱར་བའམ། །རྒུན་འབྲུ་ཆུར་ནི་སྦངས་པ་བླུད། །བད་ཀན་ལས་གྱུར་དུགས་བྱས་ལ། །སྐྱུག་སྨན་བཟའ་བ་རྣོ་དྲོ་སྦྱིན། །ནས་ཡོས་ཐལ་སྨན་རྣོ་བ་དང་། །དར་

བ་བཅས་པ་སྦྱིན་པར་བྱ། །སུག་སྨེལ་ཆང་དང་སྦྱར་བའམ། །སྐྱུ་རུ་ར་ཡི་ཁུ་བ་བླུད། །བཞད་རུས་གཟེ་མ་སུག་སྨེལ་དང་། །ཚ་གསུམ་སྦྲང་རྩི་གཅིན་བཅས་བླུད། །ཡང་ན་ཀཎྜ་ཀ་རིའི་ཁུ། །སྦྲང་རྩིར་སྦྱར་བ་བླུད་པར་བྱ། །ཤི་ཏི་བ་རའི་ས་བོན་ནི། །ཞིབ་བཏགས་དར་བར་སྦྱར་བ་

བླུད། །བ་ད་སཔྟ་པརྞི་དང་། །སླེ་ཏྲེས་དོང་གྲ་དུག་མོ་ཉུང་། །ཀེའུ་ཀ་དང་སུག་སྨེལ་དང་། །ཀ་རཉྫ་བསྐོལ་སྦྲང་རྩིར་བཅས། །དེས་སྦྱར་ཐུག་པའམ་བྱི་རུ་ཡི། །ཕྱེ་མ་འབྲས་ཀྱི་ཆུ་དང་བླུད། །པ་ཏ་ལི་ཡི་ཐལ་བའི་ཆུ། །ལན་བདུན་བཙགས་པ་ཏིལ་མར་བཅས། །ནས་ཚིག་

འཁུས་ཐལ་པ་ཏ་ལི། །པ་རི་པ་ཏྲ་ཏིལ་ཐལ་ཆུ། །ཤིང་ཚ་སུག་སྨེལ་ན་ལེ་ཤམ། །ཆང་དང་སྦྱར་བ་བླུད་པར་བྱ། །འདི་དག་རེ་རེའི་ལྡེ་གུར་སྦྱར། །བུ་རམ་སོ་ཡིས་བཅད་ཅིང་བཟའ། །འདུས་པའི་བདག་ཉིད་ཅན་ཀུན་ལ། །འདི་དག་གནས་སྐབས་ཇི་བཞིན་ཕན། །རྡེའུ་

ཆགས་རིང་པོ་མ་ལོན་དང་། །རླུང་གི་ལྒང་ནད་སོགས་ལའང་སྦྱར། །རྡེའུ་ཆགས་ནད་ནི་མི་བཟད་དེ། །འཆི་བདག་དང་ནི་འདྲ་བར་འདོད། །གཞོན་པའི་ཚེ་ན་སྨན་གྱིས་གསོ། །འཕེལ་ནས་འདྲལ་བར་འོས་པ་ཡིན། །དེ་ཡི་སྔོན་འབྱུང་ཚུལ་ལ་ནི། །སྣུམ་འཆོས་ལ་སོགས་རིམ་

པས་བསྔགས། །སྲུ་སྲུའི་རྩ་བ་སྤྲ་ཏོག་དང་། །ཨ་སྨན་ད་ཀ་བ་སི་ར། །ཉེ་ཤིང་ལྕམ་པ་པུ་ཙེ་ཤེལ། །ཨ་ཏི་པ་ལ་བ་ལུ་ཀ །སྤངས་མ་བྲྀཀྵ་ད་ནི་དང་། །ཤ་ཀའི་འབྲས་བུ་བྱ་ཀྲི་གཉིས། །གུད་ཐ་གཟེ་མ་ཀུ་ལངྠ། །ནས་དང་རྒྱ་ཤུག་པ་ར་ཎ། །ཀ་ཏ་ཀ་ཡི་འབྲས་བུ་

དང་། །ཨུ་ཤ་ཀ་སྩོགས་ཕྱེ་མ་བཏབ། །འདི་དག་ཁུ་བ་མར་བསྐོལ་བླུད། །རླུང་གྱུར་རྡེའུ་འཇིག་པར་བྱེད། །ཨེ་རཎྜ་དང་བྲི་ཧ་ཏི། །ཀཎྜ་ཀ་རི་གཟེ་མ་དང་། །བུ་རམ་ཤིང་ཕྲན་རྩ་བ་ཡི། །ལྡེ་གུ་ཞོ་དང་སྦྱར་ཏེ་བླུད། །རྡེའུ་ཆགས་པ་སེལ་བྱེད་ཡིན། །ཀུ་

เล่ม ๑๙๘ · หน้า 203a

ཤ་འཇག་མ་འདམ་བུ་དང་། །ཀུ་ཏ་ཉེའུ་ཤིང་ཨིག་ག་ཐ། །སྲུ་སྲུའི་རྩ་བ་འཇག་ཟླུམ་དང་། །བི་ད་རི་དང་བ་ར་ཧི། །འབྲས་ཀྱི་རྩ་བ་གཟེ་མ་དང་། །བ་ལུ་ཀ་དང་པ་ཏ་ལི། །བཏུལ་དང་བླ་བར་བཅས། །བ་སྤྲུ་བ་དང་སྲི་ཤ་ཀ །དེ་རྣམས་བསྐོལ་ཁུ་མར་དང་བསྐོལ། །

ག་གོན་ས་བོན་ལ་སོགས་དང་། །ཨུཏྤལ་ཡིས་བོན་དང་། །ཤིང་མངར་དང་ནི་བྲག་ཞུན་ཕྱེ། །དེ་དག་མཁྲིས་གྱུར་རྡེ་ཆགས་སེལ། །བ་ར་ཎ་སོགས་རླུང་འཇོམས་ཏེ། །སུག་སྨེལ་ཧ་རེ་ཎུ་ཀའི་སྡེ། །གུ་གུལ་རུ་རྟ་ན་ལེ་ཤམ། །ཙི་ཏྲ་ཀ་དང་བྱེའུ་རུག་པ། །དེ་དག་ལྡེ་གུར་བྱས་པ་གཞུག །

ཨུ་ཤ་ཀ་ཡི་སྡེ་ཚན་བཅུག །མར་བསྐོལ་བ་ཡིས་བད་ཀན་ལས། །གྱུར་པའི་རྡེའུ་མྱུར་དུ་འཇོམས། །རང་རང་སྨན་ནི་འདི་ཉིད་ཀྱིས། །ཐལ་སྨན་འོ་མ་ཐུག་སྩོགས་སྦྱར། །པི་ཙུ་ཀ་དང་ཨང་གོ་ལ། །ཀ་ཏ་ཀ་ལ་ཤ་ཀ་དང་། །ཨུཏྤ་ལ་ཡི་འབྲས་བུ་རྣམས། །བུ་རམ་བཅས་པའི་ཆུ་

དྲོན་བླུད། །རྡེ་ཕྲན་འཇིག་པར་བྱེད་པའི་མཆོག །ཁྲུང་ཁྲུང་རྔ་མོ་བོང་བུའི་རུས། །གཟེ་མ་ཏ་ལ་པ་ཏྲི་ཀ །ཨ་ཟ་མོ་དང་ཀ་དམ་པའི། །རྩ་བ་དང་ནི་བཅའ་སྒ་ནི། །ཆང་ངམ་ཆུ་དྲོན་བཅས་པ་བླུད། །རྡེ་ཕྲན་ཆགས་པ་འཇིག་པར་བྱེད། །མ་རི་ཙི་ཀའི་ས་བོན་གྱི། །ཕྱེ་མ་སྦྲང་རྩིར་སྦྱར་བ་

དང་། །ལུག་གི་འོ་མ་ཞག་བདུན་ནི། །བླུད་ན་རྡེའུ་ནི་འཇིག་པར་བྱེད། །ཤི་ཀྲུའི་རྩ་བ་བསྐོལ་བ་ནི། །དྲོ་འཇམ་འཐུངས་པས་རྡེ་ནད་འཇོམས། །ཏིལ་དང་ཨ་པ་མརྒ་དང་། །ཆུ་ཤིང་དང་ནི་པ་ལ་ཤ །ནས་ཚིག་འཁུས་ཐལ་ལུག་གཅིན་བླུད། །ཕྱེ་མ་རྡེའུ་ཆགས་པ་སེལ། །ཡང་

ན་ལྕམ་པའི་རྩ་བ་ནི། །གཅིག་ཏུ་ཆང་ལ་སོགས་པ་བླུད། །ཡང་ན་དེ་བསྐོལ་འོ་མ་བླུད། །ནད་ཀྱིས་ཉེན་པ་སེལ་བ་བྱེད། །ཨ་རུ་ར་ཡི་རུས་པ་བཙོས། །ཡང་ན་བ་སྤྲུ་བ་བཙོས་བླུད། །ཡང་ན་འོ་མ་ཅན་ཟས་བཟའ། །ཡང་ན་བར་ཧི་ཤི་ཀ་ཡི། །རྩ་བ་འབྲས་བུར་བཅས་པ་བླུད། །

གཅིན་འགགས་ལྷག་མ་རྣམས་ལ་ནི། །འདི་ཡི་གསོ་བ་ལྷག་མའང་སྦྱར། །བྲི་ཧ་ཏི་སོགས་སྡེ་ཚན་བསྐོལ། །གཟེ་མ་ཉིས་འགྱུར་གཞུག་པར་བྱ། །ཆུ་འམ་འོ་མ་ཞུན་མར་དང་། །བླུད་ན་གཅིན་གྱི་ནད་ཀུན་སེལ། །ཐང་ཤིང་གླ་སྒང་མུར་བ་དང་། །ཤིང་མངར་དང་ནི་ཨ་རུ་ར། །ཆང་ངམ་

เล่ม ๑๙๘ · หน้า 203b

འོ་མ་ཆུར་སྦྱར་བ། །གཅིན་གྱི་ནད་ནི་ཀུན་ལ་བླུད། །བྱི་ཚེར་བ་བསྐོལ་ཁུ་བའམ། །ཨརྫུ་ན་བསྐོལ་ཁུ་བ་ནི། །རྒྱམ་ཚ་འབྲས་བུ་གསུམ་བཏབ་ལ། །ཆུ་ཚན་དྲོ་འཇམ་སྦྱར་བ་བླུད། །ཀཎྜ་ཀ་རི་གཟེ་མ་བསྐོལ། །ཡང་ན་ནས་ཐུག་བུར་ཕྲན་བཅས། །བི་ད་ར་སོགས་བསྐོལ་བའམ། །

ཁྱིམ་བྱའི་ཤ་ཡི་ཁུ་བ་བླུད། །བི་ད་རི་ལ་སོགས་པ་དང་། །བསྐོལ་བའི་བྲག་ཞུན་སྦྱིན་པའམ། །ཡང་ན་ཆང་ནི་ནད་མེད་བླུད། །རྟའམ་ཤིང་རྟར་བསྐྱོད་ནས་ནི། །མགྱོགས་པར་འགྲོ་བས་བསྐྱོད་གྱུར་ན། །རྡེའུ་དེ་ནི་གཡོ་བར་འགྱུར། །བི་ད་རི་ལ་སོགས་པ་ཡི། །སྡེ་ཚན་རྣམ་

པ་ཀུན་ཏུ་སྦྱར། །བཀྲུ་སྨན་དོན་དུ་སེང་ཕྲམ་མར། །འཇམ་རྩིའི་ལས་ཀྱང་བསྟེན་པར་བྱ། །མཆོག་ཏུ་འཇམ་རྩི་གོང་མ་བྱ། །ཁུ་ཆུའི་རྡེའུ་ཆགས་དེ་ཡི་ནི། །གཅིན་ལམ་སྦྱངས་ལ་སྟོབས་ཆེ་བའི། །ཁུ་ཆུའི་གནས་ནི་སྦྱང་བའི་ཕྱིར། །སྐྱེས་པ་ཁུ་བ་འཕེལ་བྱེད་པའི། །ཤ་

དང་ཁྱིམ་བྱའི་ཤ་ཡིས་འགྲངས། །འདོད་པ་བདོ་བས་བུད་མེད་ནི། །དགའ་བ་སྐྱེད་ལ་ཉལ་པོ་བྱ། །གསོ་བ་འདི་ཡིས་བཅོས་ཀྱང་ནི། །མ་ཞི་ན་ནི་སྨན་པ་ཡིས། །མཚོན་ནི་ལེགས་པར་བརྟག་བྱས་ཏེ། །གསོ་བ་མ་བགྱི་ངེས་པར་འཆི། །བགྱིས་ན་འང་དོགས་པར་བཅས་

པ་ལས། དེ་ལྟར་རྒྱལ་པོ་ལ་ཞུས་ནས། །ལས་ལ་བྱང་བའི་སྨན་པ་ནི། །མང་པོ་དང་ནི་དཔྱད་པར་བྱ། །དེ་ནས་ནད་པར་སྣུམ་བསྐུས་ཤིང་། །སྦྱངས་ཤིང་ཅུང་ཟད་ཉམས་སྨད་པའི། །ལུས་ནི་སྣུམ་བསྐུ་དུགས་བྱ་ཞིང་། །ཟན་མ་ཟོས་ཤིང་བཀྲ་ཤིས་བྱས། །པུས་མོར་སླེབ་

པའི་སྤང་ལེབ་ལ། །འདུག་པ་མི་ཡི་པད་པར་བརྟེན། །རོ་སྟོད་གན་རྐྱལ་བཞག་ནས་ནི། །གོས་ཀྱིས་དཀྲིས་པའི་སྟེང་དུ་གཞག །དེ་ནས་དེ་ཡི་སྒྱིད་ཁུང་དག །བཀུག་ནས་རས་ཀྱིས་དམ་པ་རུ། །རྟེན་གྱི་མི་དང་བཅས་པར་ནི། །བཅིངས་ཏེ་དབུགས་ནི་ཕྱུང་ནས་སུ། །ལྟེ་བ་

མན་ཆད་བསྐུས་ནས་ནི། །དེ་ཡི་གཡོན་རོལ་ཕྱོགས་སུ་ནི། །མཉེས་ལ་ཁུ་ཚུར་གྱིས་མནན་ཅིང་། །འོག་ཏུ་འབྱིན་པའི་བར་དུ་བཙིར། །དེ་ནས་གཡོན་པའི་མཛུབ་མོ་དང་། །གུང་མོའི་སེན་མོ་ཟེགས་ནས་ནི། །ཏིལ་མར་བསྐུས་ཏེ་རྐུབ་ཏུ་ནི། །སྲུབས་མཚམས་བར་དུ་གཞུག་

เล่ม ๑๙๘ · หน้า 204a

པར་བྱ། །རྡེའུ་ལྟེ་བའི་གཉེར་མ་ནས། །ཕོ་མཚན་གཞང་བར་ཕྱིན་པར་བྱ། །དེ་ནས་ཆུ་སོའི་གནས་སུ་ནི། །གཉེར་མ་མེད་ཅིང་དབྱུང་སླ་བ། །སོར་མོ་གཉིས་ཀྱིས་བཙིར་ནས་ནི། །མདུད་པ་ལྟ་བུར་མཐོ་བར་བྱ། །སྲུབས་མཚམས་ནས་གང་མ་གཏོགས་

པར། །གཙགས་བུས་ལེགས་པར་དྲལ་ནས་ནི། །རྡེའུའི་ཚད་དུ་དབྲལ་བྱས་ལ། །ཅི་ནས་ཆག་གྲུགས་མེད་པར་ནི། །ཆ་སྤྱད་རྩེ་མོ་གུག་པ་ཡིས། །མ་ལུས་པར་ནི་དབྱུང་བར་བྱ། །བུད་མེད་ཆུ་སོ་ངོས་སུ་གནས། །དེ་ནི་མངལ་གནས་པ་ལ་བརྟེན། །མཐོ་བར་གྱུར་ནས་སྤྱད་

ཀྱིས། །ལེགས་པ་ཁོ་ནར་དབྲལ་བར་བྱ། །གཞན་དུ་བྱས་ན་དེ་ཡིས་ནི། །རྨ་ནས་གཅིན་ནི་འཛག་པར་འགྱུར།།སྐྱེས་པའི་རྨ་ནི་དབྲལ་ཉེས་ན། །གཅིན་འཛག་པ་དང་གཅིག་ཏུ་འགྱུར། །ཆུ་སོ་དབྲལ་བའི་རྡེའུ་རྒྱུ། །གཅིག་ལས་གྲུབ་ཀྱི་གཉིས་ལས་མིན། །ཟུག་རྔུ་ཆུང་ལས་

ཆུ་དྲོན་གྱི། །ནང་དུ་དེ་ནི་སྤྱིང་བར་བྱ། །དེ་ལྟར་ཁྲག་གིས་གང་མི་འགྱུར། །གང་ལ་མཚན་ལས་འོ་མ་ཅན། །ཤིང་གི་ཁུ་བ་བཙིར་བར་བྱ། །དེ་ནས་གཅིན་ནི་དག་བྱའི་ཕྱིར། །བུ་རམ་གྲངས་པ་སྦྱིན་པ་དང་། །རྨ་ལ་མར་དང་སྦྲང་རྩི་བསྐུ། །དུས་གཉིས་ནས་ཐུག་མར་

བཅས་པའི། །དྲོ་འཇམ་གཅིན་སྐྱེད་ཞག་གསུམ་བླུད། །བུ་རམ་མང་པོ་འོ་མ་དང་། །འབྲས་ཆན་ཉུང་བ་ཞག་བཅུ་སྦྱིན། །དེ་ནས་འབྲས་བུ་སྐྱུར་བ་དང་། །སྐམ་སའི་སྲོག་ཆགས་ཤ་ཁུ་སྦྱིན། །འོ་མ་ཅན་ཤིང་ཁུ་བ་ཡིས། །རྨ་ནི་བཀྲུས་ནས་བཙོད་དང་ནི། །ཤིང་མངར་པྲ་

པུཎྜ་རའི་ཀ །སེང་ཕྲོམ་དཀར་པོས་བསྐུ་བར་བྱ། །རྨ་བསྐུས་སྨན་ནི་འདི་དག་ཉིད། །སྐྱེར་བཅས་ཏིལ་མར་བསྐོལ་ཏེ་བསྐུས། །འདི་ཡིས་རྨ་ཞག་བཅུ་དུགས་བྱ། །གཅིན་གྱི་ལམ་ནི་ཞག་བདུན་ན། །རང་གི་ལམ་ནས་མ་བྱུང་ན། །རྡེའུའི་རྨ་ནི་མེ་ཡིས་བསྲེགས། །རང་གི་ལམ་

ནས་བྱུང་གྱུར་ནས། །ཕལ་ཆེར་མས་གཏོང་མངར་བས་གསོ། །རྨ་དེ་འཚོབས་ཀྱང་ལོ་གཅིག་བར། །རི་བོ་གླང་པོ་རྟ་དང་ནི། །ཤིང་ལ་འཛེག་པར་མི་བྱ་སྟེ། །ཤིང་རྟར་མི་ཞོན་ཉལ་པོ་སྤང་། །ཆུ་ལ་རྐྱལ་བར་མི་བྱའོ། །ཁུ་ཆུ་གཅིན་རྒྱུ་ལྒང་པ་དང་། །རླིག་སྦུབས་མཚམས་

เล่ม ๑๙๘ · หน้า 204b

སྲུབས་གཞང་རྩ་དང་། །ཕོ་མཚན་མོ་མཚན་རྩེ་མོ་ནི། །བརྒྱད་པོར་མཚོན་ནི་གདབ་མི་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་གཅིག་པའོ།། །།དེ་ནས་གཅིན་སྙི་བ་ཟ་ཁུའི་ལེའུ་བཤད་པར་བྱའོ། །ཟ་ཁུ་ཅན་ནི་སྟོབས་

ལྡན་ལ། །དང་པོ་སྐྱུག་སྨན་བཀྲུ་སྨན་ནི། །སྣུམ་ཅན་ཉུངས་ཀར་ཨ་རི་ཧ། །བ་རུ་ར་དང་ཀ་རཉྫའི། །སྣུམ་དང་གཟེ་མ་ཏིལ་མར་བསྐོལ། །རང་སྨན་ཇི་བཞིན་བསྐོལ་བ་ཡི། །སྣུམ་བཅས་སྐྱུག་སྨན་བཀྲུ་སྨན་གཏང་། །གླ་སྒང་ཐང་ཤིང་དོང་གྲ་བཅུག །བྱེའུ་རུག་པ་སོགས་ཁུ་བ་

ཡི། །འཇམ་རྩི་དེ་ནས་གཏང་བར་བྱ། །མཁྲིས་པ་ནྱ་གྲོ་དྷ་སོགས་པས། །སྦྱངས་ནས་ཤ་ཁུས་བརྟ་བར་བྱ། །གཅིན་ནད་དང་ནི་སྐྲན་དང་ནི། །སྐེམ་ཞིང་ཉམས་ནི་སྨད་པ་འབྱུང་། །དེ་བས་རྗེས་འབྲེལ་བསྲུང་བའི་ཕྱིར། །ཞི་བར་བྱ་བ་གཏང་བར་བྱ། །སྦྱང་བ་མ་བྱས་

ལ་དེ་ཉིད། །གཅིན་ནད་ཅན་ནི་ཀུན་ལ་བླུད། །སྐྱེར་པ་སྐྱུ་རུ་ར་བསྐོལ་ཁུ། །སྦྲང་རྩིར་བཅས་པ་ནད་པར་བླུད། །སྐྱེར་པ་ཐང་ཤིང་འབྲས་བུ་གསུམ། །གླ་སྒང་ཆུ་བསྐོལ་བླུད་པའང་ཕན། །ཙི་ཏྲ་སྐྱེར་པ་འབྲས་བུ་གསུམ། །དུག་མོ་ཉུང་ནི་སྦྲང་རྩི་བཅས། །ཡང་ན་སླེ་

ཏྲེས་སྐྱུ་རུ་ར། །སྦྲང་རྩིར་བཅས་པའི་ཁུ་བའང་ཕན། །སེང་ཕྲོམ་གླ་སྒང་ཀད་པ་ལ་དང་ཨ་རུ་ར། །པ་ཐ་བྱི་ཚེར་བྱི་དང་ག་དང་ཨརྫུན། །སེང་ལྡེང་སྐྱེར་པ་བྱི་དང་ག་དང་དར་བ་བསྐོལ། །ཁུ་བ་གསུམ་པོ་སྦྲང་རྩིར་བཅས་པས་བད་ཀན་སེལ། །མཁྲིས་གྱུར་པུ་ཤེལ་སེང་ཕྲོམ་

ཙནྡན་ཨརྫུ་ན། །ནིམ་པ་པ་ཏོ་ལ་དང་སླེ་ཏྲེེས་སྐྱུ་རུ་ར། །སེང་ཕྲོམ་བ་ལེ་ཀ་དང་སྐྱེར་པ་ད་ཏ་ཀའི། །གསུམ་པོ་དེ་དག་བསྐོལ་བ་སྦྲང་རྩིར་བཅས་པ་བླུད། །འདི་དག་ཇི་བཞིན་ཟས་སྐོམ་དང་། །ནས་དང་གྲོ་དང་སྦྱར་བ་དང་། །རླུང་ཤས་ཆེ་བའི་གཅིན་སྙི་ལ། །སྣུམ་དང་སྦྱར་

ཏེ་སྦྱིན་པར་བྱ། །ལྕི་བ་རྟ་རྟུག་ལས་བྱུང་བའམ། །འོད་མ་ལས་ནི་སྐྱེས་པ་དག །ཁུར་བ་ཟན་དྲོན་ཆག་ཚེ་སྩོགས། །ནས་ལས་བྱས་པའི་ཟན་ཀྱང་ཕན། །རྩ་འབྲུ་མུངྒ་ལ་སོགས་དང་། །འབྲས་རྙིང་དྲུག་ཅུ་པ་རྙིང་ཕན། །ཉུངས་ཀར་ཏིལ་བཙིར་ལས་བྱུང་བའམ། །སྦྱར་ཐུག་

เล่ม ๑๙๘ · หน้า 205a

སྐྱུར་དང་བཅས་པའམ། །ཀ་པིད་ཏ་དང་ཏིན་ཏུ་ཀ །འཛམ་བུ་དེ་སྦྱར་བཏུང་བ་དང་། །ཚོད་མ་ཁ་བོ་སྦྲང་རྩི་དང་། །འབྲས་བུ་གསུམ་ཟན་བཟའ་བ་སྐམ། །སྐམ་སའི་ཤ་ནི་བསྲེགས་པ་དང་། །སྐམ་པའམ་ལྕགས་དང་གཡོས་པ་དང་། །རྒུན་ཆང་ཆང་རྙིང་

མནན་ཆང་རྙིང་། །རྒུན་ཆུ་བསྐོལ་བ་ལས་བྱུང་བླུད། །ཨ་ས་ན་སོགས་བསྐོལ་བའི་ཆུ། །འཇག་མ་བསྐོལ་ཆུ་སྦྲང་རྩིའི་ཆུ། །འབྲས་བུ་གསུམ་ལ་མཚན་མོ་སྦངས། །ཉིན་པར་སྐམས་ལ་དེ་ནས་ནི། །ལེགས་པར་བཏགས་པའི་ཕྱེ་དག་དང་། །བུ་རམ་སྦྲང་རྩིར་བཅས་

པ་བླུད། །ས་ལ་ལོ་མ་བདུན་པ་དང་། །ཀམ་བི་ལྱ་དང་བ་རུ་ར། །བྲི་ཤ་ཀ་དང་ཀ་པིད་ཏ། །རོ་ཧི་ནི་ཡི་མེ་ཏོག་ནི། །ཕྱེར་བཏགས་སྦྲང་རྩིར་བཅས་སྦྱིན་ནམ། །སྐྱུ་རུ་ར་ཡི་ཁུ་བ་བླུད། །བད་ཀན་མཁྲིས་པའི་གཅིན་ནད་སེལ། །གཟེམ་སྐྱེར་པ་སེང་ཕྲོམ་དང་། །ཤུ་དག་

ཀད་ཕལ་ཨརྫུ་ན། །ཤུག་པ་ལུང་ཐང་ཨསྨན་ཏ། །ཙནྡན་དང་ནི་ཨ་ཀ་རུ། །ལ་ལ་ཕུད་དང་པ་ཏོ་ལ། །ག་དུར་བོང་ང་གོ་བྱེ་བཙོད། །བད་ཀན་རླུང་ལ་ཏིལ་མར་བཅས། །མཁྲིས་པར་མར་དེ་འདྲེན་མར་བཙོས། །རྩ་བ་བཅུ་པ་ཟི་ར་དཀར། །དན་ཏི་ཐང་ཤིང་བ་སྤྲུ་

གཉིས། །སྣུ་ཧ་ཨརྒའི་རྩ་བ་དང་། །བུ་ག་དམ་པ་ཨ་རུ་ར། །གོ་བྱེ་ཀ་རཉྫའི་རྩ་བ། །བ་ར་ཎ་ཡི་རྩ་བ་དང་། །པི་པི་ལིང་རྩ་མ་ནུའི་རྩ། །རེ་རེ་སྲང་ནི་བཅུ་བཅུ་དང་། །ནས་དང་རྒྱ་ཤུག་རྒྱ་སྲན་ལས། །བྲེ་གསུམ་ཆུ་ནི་བརྒྱད་འགྱུར་དང་། །བསྐོལ་ལ་བཞི་ཆ་

ལུས་པ་དང་། །དེ་དང་པི་པི་ལིང་གཉིས་དང་། །དབྱི་མོ་ལྕང་མ་རོ་ཧི་ཤ །དུར་བྱིད་བྱི་དང་ཀམྦི་ལྱ། །ག་བྲའི་རྩ་བ་བཅའ་སྒ་དང་། །མར་བྲེ་གང་དང་བསྐོལ་བ་ཡིས། །གཅིན་སྙིའི་ནད་ནི་དེ་ཉིད་དང་། །འབྲུམ་ཕྲན་དུག་དང་སྐྱ་རྦབ་དང་། །ཁོང་འབྲས་སྐྲན་དང་གཞང་འབྲུམ་

དང་། །འོར་ནད་སྐེམ་དང་དབྱིག་དུག་དང་། །དམུ་རྫིང་ལུད་པ་དབུགས་མི་བདེ། །སློན་དང་ཚིལ་ཆེས་མཆེར་པའི་ནད། །དྲེག་མཛེ་སྨྱོ་བྱེད་བརྗེད་བྱེད་འཇོམས། །མར་འདི་ཐང་ལ་འབར་གྱི་ཡིན། །སེང་ཕྲོམ་མུར་བ་བྱི་དང་ག །ཟུར་པ་རྒྱ་སྤོས་ག་བྲའི་རྩ། །ཆུ་སྲིན་སེན་མོ་

เล่ม ๑๙๘ · หน้า 205b

དུག་མོ་ཉུང་། །གླ་བ་རུ་རྟ་པྲི་ཡང་ཀུ། །གླ་གོར་ཞོ་ཤ་ཙི་ཏྲ་ཀ །བོང་ང་བིལ་ཤ་ལ་གཉིས་དང་། །དྲི་བཟང་བཞི་དང་རྩ་མཁྲིས་དང་། །པུ་ཙེ་ཤེལ་དང་ལ་ལ་ཕུད། །པ་ཏ་པུཥྐར་མཱུ་ལ་དང་། །པི་པི་ལིང་གི་རྩ་བ་དང་། །དབྱི་མོ་དང་ནི་འབྲས་བུ་གསུམ། །ཞོ་ནི་གཉིས་

གཉིས་ཆུ་བྲེ་ནི། །བཅུ་དྲུག་ལ་བསྐོལ་བཞི་ཆ་ལུས། །བཙགས་ཏེ་བསྒྲངས་པའི་ནང་དུ་ནི། །སྦྲང་རྩི་བྲེ་དོ་བཅུག་ནས་ནི། །ཟླ་ཕྱེད་ལེགས་པར་གཞག་པ་ཡི། །སེང་ཕྲོམ་མནན་ཆང་གཅིན་སྙི་དང་། །གཞང་འབྲུམ་མཛེ་དང་ཡི་ག་འཆུས། །སྲིན་བུ་སྐྱ་རྦབ་ཕོ་བའི་ནད། །ཚིལ་

བྱེད་པ་ཡི་ནད་སེལ་བྱེད། །ཨ་ས་ན་ལ་སོགས་པའི་སྡེ། །སྣ་རེ་སྲང་ནི་ཉི་ཤུ་དག །ཆུ་བྲེ་ཉིས་བརྒྱ་ལྔ་བཅུ་དྲུག །བསྐོལ་ལ་བཞི་ཆ་ལུས་པ་དང་། །བུ་རམ་སྲང་ནི་ཉིས་བརྒྱ་དང་། །སྦྲང་རྩི་བྲེ་དོ་གཞུག་པ་དང་། །དུག་མོ་ཉུང་སོགས་ལྡེ་གུ་ནི། །སྲང་རེའི་ཚད་ནི་བཅུག་པ་སྟེ། །སྦྲང་

རྩི་པི་པི་ལིང་གི་ཕྱ། །མར་གྱིས་བསྐུས་པའི་སྣོད་དག་ནི། །རྒྱ་སྐྱེགས་བསྐུས་པར་བཅུག་ནས་ནི། །ནས་ཀྱི་ནང་དུ་བཅུག་ནས་སུ། །ལྕགས་ནི་རྣོ་ལ་སྲབ་པ་དག །སེང་ལྡེང་གི་ནི་མེ་མདག་བསྲེགས། །ཇི་སྲིད་ལྕགས་ནི་ཟད་པའི་བར། །མང་དུ་དེར་ནི་གཞག་པར་བྱ། །ལྕགས་

ལས་བྱས་པའི་ཆང་མནན་བླུད། །སྔོན་པས་ཡོན་ཏན་ལྷག་པ་ཡིན། །རྩུབ་པ་དྲིལ་ཕྱིས་དམ་དུ་བསྡམས། །དྲག་ཤུལ་མཚན་མོ་གཉིད་མི་ལོག །ཚིལ་དང་བད་ཀན་འཇོམས་བྱེད་གང་། །དེ་ནི་ཕྱི་ནང་ལས་བཏང་ཕན། །བྲག་ཞུན་སྲང་བརྒྱ་སྙིང་པོའི་ཆུ། །སྦངས་པའི་སྙིང་པོ་ཆུ་

དང་ནི། །ལེགས་པར་བླུད་ཅིང་སཱ་ལུ་དང་། །སྐམ་སའི་ཤ་ཁུ་བཅས་པ་བཟའ། །བླ་བརྣན་ཤིན་ཏུ་མང་བ་ཡི། །གཅིན་སྙིའི་ནད་ནི་ཀུན་ཀྱང་འཇོམས། །འབྲས་ཕྲེང་ཐོར་བུ་རྨེན་བུ་དང་། །ཚིལ་ཆེས་མཛེ་དང་མཚན་བར་རྡོལ། །སྲིན་ནད་རྐང་བམ་འོར་ནད་སེལ། །འདི་ནི་

བཅུད་ཀྱིས་ལེན་མཆོག་ཡིན། །ལམ་དུ་དུགས་དང་ལྷམ་དག་ནི། །མེད་པར་དྲང་སྲོང་ཚུལ་དུ་ནི། །དཔག་ཚད་བརྒྱ་ཡི་བར་དུ་འགྲོ། །ཆུ་ཡི་གནས་ནི་བརྐོ་བའམ། །བ་གཅིན་ལྕི་བ་བསྟེན་པའམ། །བ་ལང་དང་ནི་ལྷན་ཅིག་འཁྱམས། །སྐེམ་པའི་གཅིན་ནད་ཅན་དག་

เล่ม ๑๙๘ · หน้า 206a

གི། །ཟས་དང་སྨན་ཚིལ་མི་བསྐྱེད་པས། །ཁམ་ཕོར་ལ་སོགས་འབྲས་ནད་ནི། །མ་སྨིན་སྐྲང་པའི་ནད་ལྟར་གསོ། །སྨན་པ་ལ་ནི་རྨ་ལྟར་གསོ། །དེ་ཡི་སྔོན་བྱུང་ཚུལ་ཉིད་ལ། །འོ་མ་ཅན་ཤིང་བསྐོལ་ཆུ་དང་། །ར་ཐུག་གཅིན་ནི་བླུད་པ་བསྔགས། །གཅིན་

སྙིའི་ནད་ཅན་ལྟོ་སྲ་བས། །ཕལ་ཆེར་བཀྲུ་སྨན་རྣོན་པོ་གཏང་། །སུག་སྨེལ་སོགས་ཀྱི་ཏིལ་མར་སྦྱར། །རྨ་འཚོབ་པ་ཡི་ཆོ་ག་བྱ། །དོང་གྲ་ལ་སོགས་སྡེ་ཚན་ནི། །བཏགས་པའི་ལྡེ་གུས་དྲིལ་བར་བྱ། །ཨ་ས་ན་སོགས་བསྐོལ་ཆུ་བླུད། །དུག་མོ་ཉུང་སོགས་ཟས་སྐོམ་སྦྱར། །

པ་ཏ་ཐལ་ཏྲེས་ཙི་ཏྲ་ཀ །ཤ་རང་ག་པཱ་ཀན་ཏ་རི། །སཔྟ་པརྞི་དུག་མོ་ཉུང་། །ཀད་ཕ་ལ་དང་དོང་གའི་ཕྱེ། །སྦྲང་རྩིས་ལྡེ་གུ་བྱས་པའམ། །ལྕགས་དགུ་པ་ཡང་དེ་བཞིན་སྦྱིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་གཉིས་པའོ།། །།

དེ་ནས་ཁོང་འབྲས་དང་རྒྱུ་རླུགས་ཀྱི་ལེའུ་བཤད་པར་བྱའོ། །ཁོང་འབྲས་མ་སྨིན་ཐམས་ཅད་ལ། །འོར་ནང་ལྟ་བུར་གསོ་བ་དང་། །རྒྱུན་ཏུ་ཁྲག་ནི་བྱུང་བར་བྱ། །སྨིན་པ་ལ་ནི་རྨ་ལྟར་གསོ། །རླུང་ཤས་ཆེ་ལ་རྩ་བ་ལྔ། །བསྐོལ་བས་རྨ་ནི་བཀྲུ་བ་དང་། །ཐང་ཤིང་སོགས་སྡེ་ཤིང་མངར་དང་། །ཏིལ་སྦྱར་རྒྱམ་ཚས་

རྨ་བསྐུ་བྱ། །བཀྲུ་སྨན་དང་ནི་ལྡན་པ་ཡི། །དུར་བྱིད་ཀྱིས་ནི་རྣམ་སྦྱངས་ཤིང་། །བི་ད་རི་ཡི་སྡེ་བསྐོལ་བའི། །དུར་བྱིད་ཀྱིས་ནི་རྨ་འབྱོར་བྱ། །མཁྲིས་གྱུར་འོ་མ་ཅན་ཆུས་བཀྲུ། །སླེ་ཏྲེས་ཤིང་མངར་ཏིལ་གྱིས་བསྐུ། །བཙོད་དང་རྒྱ་ཤུག་པུ་ཤེལ་ཙེ། །པ་ཡ་སྱ་དང་སེར་པོ་གཉིས། །

འབྲས་བུ་གསུམ་དང་ཤིང་མངར་དང་། །འོ་མར་བཅས་པས་རྨ་འབྱོར་བྱ། །ཡང་ན་ནྱ་གྲོ་དྷ་སོགས་པའི། །མྱུ་གུ་ཤུན་པ་འབྲས་བུ་བསྐུ། །བད་ཀན་ལས་གྱུར་དོང་གའི་ཆུས། །བཀྲུ་ཞིང་ཕྱེ་དང་སེར་པོ་གཉིས། །དུར་བྱིད་དང་ནི་ཏིལ་གྱིས་བསྐུ། །ཡང་ན་རྒྱ་སྲན་དན་ཏི་ཡི། །ཤམ་

དུར་བྱིད་ཙི་ཏྲ་ཀ །སེང་ཕྲོམ་རྒྱམ་ཚབ་གཅིན་བཅས། །ཏིལ་མར་གྱིས་ནི་རྨ་འཚོབ་བྱ། །ཁྲག་དང་གློ་བུར་ལས་གྱུར་པ། །མཁྲིས་པའི་ཁོང་འབྲས་ལྟ་བུར་གསོ། །མ་སྨིན་ནད་དུ་བྱུང་བ་ལ། །བ་ར་ཎ་སོགས་སྡེ་བསྐོལ་བར། །ཨུ་ཤ་ཀ་ཡི་སྡེ་ཚན་བཏབ། །སྔ་དྲོ་ཁོང་འབྲས་ཅན་

เล่ม ๑๙๘ · หน้า 206b

ལ་བླུད། །བཀྲུ་སྨན་བཅས་པར་བསྐོལ་བའི་མར། །དེ་གཉིས་དང་ནི་ལྡན་པར་བླུད། །ནི་རུ་ཧ་དང་སྣུམ་འཇམ་རྩི། །དེ་དག་གཉིས་ལ་སྦྱར་བར་བྱ། །བཟའ་དང་བཏུང་དང་བསྐུ་བ་ལ། །སྦྲང་རྩི་ན་ལེ་ཤམ་དཀར་སྦྱར། །ནད་དམིགས་ཇི་བཞིན་བླུད་ན་ནི། །ཁོང་འབྲས་

མ་སྨིན་འཇོམས་པར་བྱེད། །ཀྱི་ལྕེ་ནིམ་པ་འབྲས་བུ་གསུམ། །ཤིང་མངར་པུ་ཙེ་ཤེལ་ཆ་མཉམ། །དུར་བྱིད་པ་ཏོ་ལའི་རྩ་བ། །རེ་རེ་ཆ་ནི་བཞི་པར་བྱ། །སྲན་ཆུང་སྤུན་པ་མེད་སྲང་བརྒྱད། །དེ་བསྐོལ་མར་དང་བཅས་པ་བླུད། །ཁོང་འབྲས་སྐྲན་དང་མེ་དཔལ་དང་། །

ལུས་ཚ་རྨོངས་བག་མྱོས་རིམས་འདེབས། །སྐོམ་དང་བརྒྱལ་སློན་སྙིང་ནད་དང་། །ཁྲག་མཁྲིས་མིག་སེར་མཛེ་ནད་འཇོམས། །ཀྱི་ལྕེ་བ་ནི་ཕུལ་གང་དག །བརྒྱད་འགྱུར་ཆུ་རུ་བསྐོལ་ནས་ནི། །དེ་ཡི་ཁུ་བ་ཕུལ་གང་དང་། །སྐྱུ་རུ་ར་ཡི་ཁུ་བ་དང་། །འོ་མ་མར་ནི་ཕུལ་རེ་

དང་། །ཏིག་ཏ་བྱི་ཚེར་ཀྲ་ཡིན་ཏི། །གླ་སྒང་རམ་ཉེ་ཏ་མ་ལ། །ཙནྡན་ཨུཏྤལ་ཛི་བན་ཏི། །གཅིག་ཏུ་བསྡུས་ཏེ་བསྐོལ་བ་ཡི། །མར་དེ་ཡོན་ཏན་སྔ་མར་མཚུངས། །རྒུན་འབྲུ་འབྲ་གོ་མ་དུ་ཀ །བི་ད་རི་དང་ཉེ་ཤིང་བཅས། །པ་རུ་ཤ་ཀ་འབྲས་བུ་གསུམ། །དེ་བཙོས་ཁུ་

བ་མར་བསྐོལ་ལ། །འོ་མ་བུ་རམ་ཤིང་ཀུ་དང་། །སྐྱུ་རུ་ར་ཡི་ཁུ་བ་དང་། །ཨ་རུ་ར་ཡི་ལྡེ་གུར་བཅས། །བསྐོལ་ཏེ་བསྒྲངས་པ་དེ་ནང་དུ། །ཁ་ར་སྦྲང་རྩི་བཞི་ཆར་བཏབ། །ཡོན་ཏན་སྔ་མ་འདྲར་ཤེས་བྱ། །ནད་དམིགས་ཇི་བཞིན་རྔབས་རྭ་སོགས། །ཡང་ན་གཏར་གས་

ཁྲག་དབྱུང་བྱ། །ཁོང་འབྲས་སྨིན་པར་གྱུར་པ་ལ། །ཁོང་པར་གནས་པ་ཕྱིར་འབུར་བར། །ཤེས་ནས་དེ་ནི་བཅིང་བར་བྱ། །གཟེར་བ་དེར་གནས་གོང་བུར་འདུག །དེ་ངོས་བཙིར་བས་ཚོར་བ་ཆུང་། །ཚ་བ་ལ་སོགས་ཆུང་གྱུར་ན། །སྨིན་པ་ཡིན་པས་ཁོང་འབྲས་ནི། །

བརྟོལ་ཏེ་རྨ་ལྟར་གསོ་བར་བྱ། །ནང་གི་ཆར་གནས་ཁོང་འབྲས་ནི། །སྨིན་པའི་མཚན་མའང་འདི་ཉིད་ཡིན། །སྨིན་ནས་བུ་ག་རྣགས་གྱུར་ཏེ། །དེ་ནི་སྟེང་མ་འོག་ཏུ་དབྱུང་། །རང་ཉིད་རྡོལ་བའི་ནད་དེ་ནི། །ཟས་ཕན་བྱིན་ཞིང་བཏང་སྙོམས་གཞག །ཞག་བཅུའམ་བཅུ་

เล่ม ๑๙๘ · หน้า 207a

གཉིས་བར་དུ་ནི། །སྨན་པས་བླ་བརྣན་ལས་བསྲུང་བྱ། །རྣག་ནི་ལེགས་པར་མི་འཛག་ན། །བ་ར་ཎ་སོགས་ཆུ་དྲོན་ནམ། །ཤི་ཀྲུ་སྦྲང་རྩི་བླུད་པའམ། །དེ་དང་སྦྱར་བའི་ནས་ཐུག་བླུད། །རྒྱ་ཤུག་རྒྱ་སྲན་ནས་ཀྱི་ནི། །ཡུ་ཤ་དང་ནི་བཟའ་བ་བསྔགས། །ཞག་བཅུ་ཡན་

ཆད་ཀྱི་ལྕེ་བ། །མར་རམ་སེང་ཕྲོམ་དག་གིས་ནི། །ཉམས་སྟོབས་ཇི་བཞིན་སྦྱང་བར་བྱ། །སྦྱངས་ནས་ཏག་ཏ་སྦྲང་རྩི་བླུད། །འདི་ལ་ཀུན་ཀྱང་སྐྲན་ལྟ་བུར། །ནད་ཐབས་ཇི་བཞིན་གསོ་བར་བྱ། །ཁོང་འབྲས་ཀུན་དང་གནས་སྐབས་དང་། །ཐམས་ཅད་དུ་ནི་གུ་གུལ་གཏང་། །

དེ་བཞིན་བྲག་ཞུན་རང་རང་གི། །སྦྱོར་བར་བཅས་ཏེ་ཁུ་བ་བླུད། །འབད་དེ་སྨིན་པ་ལས་བསྲུང་བྱ། །སྨིན་ན་ཤིན་ཏུ་གསོ་དཀའ་ཡིན། །གཞན་ཡང་མྱུར་དུ་ཚ་བྱེད་པས། །ཁོང་འབྲས་ཞེས་ནི་དེ་ལ་བཤད། །གལ་ཏེ་གཅིན་སྙི་ལས་གྱུར་ན། །གཅིན་སྙི་བ་ཡི་གསོ་བ་བྱ། །ནུ་

མར་བྱུང་ལ་འདི་ལྟར་ནི། །མི་བཅིང་ཐམས་ཅད་རྨ་ལྟར་གསོ། །དབྲལ་ཚེ་ནུ་ཞོ་འཛག་པ་དང་། །ནུ་སོར་ནག་པོར་མི་གནོད་བསྲུང་། །མ་སྨིན་གནས་སྐབས་ཐམས་ཅད་དུ། །དེ་ཡི་ནུ་ཞོ་བཙིར་ཞིང་བཞོ། །རྒྱུ་རླུགས་རླུང་ཤས་ཆེ་བ་ལ། །དུར་བྱིད་སྣུམ་ཅན་གྱིས་སྦྱངས་ཤིང་། །ཨ་

མྲའི་འབྲས་བུ་སེང་ཕྲོམ་མར། །ཨེ་རཎྜ་དང་སྐྱིད་དེ་བའི། །མར་དང་སྨན་མར་འདྲེན་མར་སྦྱིན། །དེ་ནས་རླུང་འཇོམས་སྨན་ཁུ་སྣུམ། །ལྡེ་གུ་མས་གཏོང་དྲག་པོ་བྱ། །ཤ་ཁུ་བཅས་པའི་ཟས་སྦྱིན་ཞིང་། །ཤིང་མངར་སྣུམ་བསྐོལ་འཇམ་རྩི་གཏང་། །རླུང་འཇོམས་དུགས་དང་

བསྐུ་མཉེ་བྱ། །སྨིན་ནས་དྲལ་ལ་རྨ་ལྟར་གསོ། །རྒྱུ་རླུགས་ཁྲག་མཁྲིས་ལས་གྱུར་པ། །སྨིན་དང་མ་སྨིན་ཇི་བཞིན་དུ། །རྨ་དང་སྐྲངས་པའི་གསོ་བ་བྱ། །རྒྱུན་ཏུ་ཁྲག་ཀྱང་དབྱུང་བར་བྱ། །བད་ཀན་ལས་གྱུར་སྐྱེར་པ་ཡི། །ཕྱེ་མ་གཅིན་སྦྱར་བ་བླུད། །འདི་ལ་མཉེད་

བྱ་མ་གཏོགས་པར། །བད་ཀན་རྨེན་བུའི་གསོ་བ་བྱ། །སྨིན་ནས་དབྲལ་ཏེ་ཛཱ་ཏི་ཡི། །མེ་ཏོག་གོ་བྱེ་ཨང་ཀོ་ལ། །ལོ་མ་བདུན་པ་པ་ཏོ་ལ། །ནིམ་པ་ཡུང་བ་བྱི་དང་ག །དུག་མོ་ཉུང་དང་ཏིལ་མར་བསྐོལ། །རྨ་སྦྱང་ཕྱིར་ནི་བླུད་པ་བསྔགས། །ཚིལ་ལས་གྱུར་ལ་བྱེའུ་རུག་སོགས། །

เล่ม ๑๙๘ · หน้า 207b

བ་གཅིན་སྦྱར་ཏེ་བཏགས་པའམ། །མགོ་བོའི་བཀྲུ་སྨན་དག་གིས་བྱ། །རླིག་པའི་སྲུབས་མཚམས་མ་གཏོགས་པར། །འཕེལ་གཙགས་ཀྱིས་ནི་དབྲལ་ནས་ནི། །ཚིལ་ནི་ལེགས་པར་དབྱུང་བར་བྱ། །རྨ་ནི་སྦྲང་རྩི་ནག་ཚུར་དང་། །རྒྱམ་ཚ་ངེས་པར་བསྐུས་ནས་བཙེམས། །

དེ་ལ་ཚིལ་ནི་སྦྱང་བའི་ཕྱིར། །སྡོང་རོས་སུག་སྨེལ་སུ་མ་ན། །གོ་བྱེ་པི་པི་ལིང་མཱུ་ལ། །ཏིལ་མར་ངག་ནི་བསྐུ་བར་བྱ། །རྨ་ནི་འབྱོར་བར་གྱུར་གྱི་བར། །སྣུམ་དང་དུགས་ཀྱང་བསྟེན་པར་བྱ། །གཅིན་བྱུང་སྣུམ་གྱིས་དུགས་བྱ་ཞིང་། །རས་མ་ཕྲ་མོས་དཀྲི་བར་བྱ། །

སྲུབས་མཚམས་འོག་ཏུ་དམུ་རྫིང་བཞིན། །ལེགས་པར་དབྲལ་ཏེ་གཟག་པར་བྱ། །རྨ་བཀབ་བཅིང་དང་འབྱོར་པར་བྱ། །རྒྱུ་མ་བྱུང་བར་གྱུར་པ་དག །རླིག་པར་ཕྱིན་པར་མ་གྱུར་ལ། །རླུང་གི་རྒྱུ་རླུགས་བཞིན་དུ་གསོ། །བ་སྦུ་བ་ནི་སྲང་བརྒྱ་དང་། །རྩ་བ་བཅུ་པ་ཨེརཎྜ། །

ཨ་ཤྭ་གནྡྷྱ་ཉེ་ཤིང་དང་། །པ་ཡ་སྱ་དང་དཱུར་བ་གཉིས། །འདམ་བུ་ཀུ་ཤ་བུ་རམ་གཉིས། །ཨ་ཧ་ག་ལར་བཅས་པ་ནི། །རེ་རེ་སྲང་ནི་བཅུ་བཅུར་བྱས། །ཆུ་བྲེ་བརྒྱ་རྩ་ཉི་ཤུ་བརྒྱད། །བསྐོལ་བ་བརྒྱད་ཆ་ལུས་པ་རུ། །དེར་ནི་བུ་རམ་སྲང་སུམ་ཅུ། །ཨེ་རཎྜ་ཡི་མར་བྲེ་

དོ། །འོ་མ་མར་ནི་བྲེ་དོ་དོ། །པི་པི་ལིང་དང་དེ་རྩ་བ། །ཤིང་མངར་རྒུན་འབྲུ་ལྕེ་མྱང་ཚ། །ལ་ལ་ཕུད་དང་དོང་གྲ་གཞུག །དེ་བཙོས་སྐྱིད་དེ་བ་ཞེས་བྱ། །གཞོན་ཤ་ཅན་གྱི་བཅུད་ལེན་ཡིན། །རླུང་དང་ཐན་པ་ལམ་དུ་འགྲོ། །བཞོན་སྩོགས་བསྲུང་བ་བསྡམས་མི་དགོས། །སྐྱིད་

དེ་བ་དང་ཕྱུག་པོ་དང་། །བདེ་བ་བསྟེན་དང་བུད་མེད་དང་། །བུད་མེད་རྒན་མོའི་ཁྱོ་དང་ནི། །དཔལ་སྐྱེད་རྩོད་པ་ཟློག་བྱེད་ཅིང་། །དུས་ཀུན་དུ་ནི་བརྟེན་གྱུར་ན། །མདོག་མདངས་ཤ་ནི་རྒྱས་བྱེད་ཅིང་། །རྒྱུ་རླུགས་ཁོང་འབྲས་སྐྲན་གཞང་འབྲུམ། །ཕོ་མཚན་མོ་མཚན་

རླུང་གིས་ཉེན། །འོར་ནད་དམུ་རྫིང་མཆིན་པ་དང་། །རྟུག་སྐམ་ནད་ནི་སེལ་བྱེད་མཆོག །སྣུམ་གྱི་བཀྲུ་སྨན་འཇམ་རྩི་ཡིས། །གལ་ཏེ་རྒྱུ་རླུགས་མ་ཞི་ན། །དང་པོ་འཇམ་རྩི་བཏང་ནས་ནི། །དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་ཁམ་པའི་ཁ་འདྲ་བས། །རླུང་ལམ་དགག་ཕྱིར་

เล่ม ๑๙๘ · หน้า 208a

བསྲེག་པར་བྱ། །མཐེ་བོང་སྟེང་གི་རྒྱུས་པ་ནི། །སེར་ཞིང་སྣལ་མ་འདྲ་བ་གང་། །ཁབ་ཀྱིས་བཏེག་སྟེ་ཐད་ཀ་རུ། །གང་ན་ནད་ཡོད་བཅད་དེ་བསྲེག། །གཞན་དག་དེ་ལས་ལོགས་གཞན་ནམ། །སྲིན་ལག་སོར་མོ་བསྲེག་ཅེས་ཟེར། །ཁ་ཅིག་འདི་ནི་བད་ཀན་རླུང་། །ལས་གྱུར་

སྐྲན་མཆེར་ལ་བྱ་ཟེར། །བི་ཤ་ཙེ་ནད་གང་ན་ཡོད། །མཐེའུ་ཆུང་སྲིན་ལག་དག་ལ་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ཀྱི་ལེའུ་བཅུ་གསུམ་པའོ།། །།དེ་ནས་སྐྲན་གསོ་བའི་ལེའུ་བཤད་པར་བྱའོ། །རླུང་གྱུར་སྐྲན་ནི་མི་བཟད་ན། །ཕྱིས་

འཕྱེན་ནི་འགགས་གྱུར་ན། །རྩུབ་དང་གྲང་བྱུང་རླུང་ནད་ལ། །ཕན་པའི་ཏིལ་མར་དག་གིས་གསོ། །ཟས་སྐོམ་འཇམ་རྩི་སྦྱར་བ་དང་། །བསྐུ་བྱུག་སྣུམ་འཚོས་དུགས་དཔྱད་བྱ། །སྦོ་དང་ཟུག་དང་རེངས་པ་དང་། །འགགས་པ་ལ་ནི་མཆོག་ཏུ་བྱ། །སྣུམ་འཆོས་དུགས་ནི་

བྱས་པ་ཡིས། །བུ་གའི་རྒྱུན་སྲང་མཉེན་བྱེད་ལ། །རླུང་ཤས་ཆེ་བ་གཞོམ་བྱ་ཞིང་། །ཕྱིས་སྲི་བ་སེལ་སྐྲན་འཇོམས། །ལྟེ་བ་ཡན་ཆད་སྐྱེས་པ་ཡི། །སྐྲན་ལ་མཆོག་ཏུ་སྣུམ་བླུད་ཕན། །ཞུ་བའི་གནས་བརྟན་འཇམ་རྩི་བྱ། །ལྟོ་བར་གནས་ལ་གཉི་ག་བྱ། །རླུང་ཅན་སྐྲན་ནི་

དྲོད་ཆེ་ལ། །ཕྱིས་རླུང་ནི་འགགས་གྱུར་ལ། །བཟའ་བཏུང་ཉམས་བརྟས་བྱེད་པ་དང་། །སྣུམ་དང་དྲོ་བ་སྦྱིན་པར་བྱ། །རླུང་གྱུར་སྐྲན་ལ་བད་ཀན་དང་། །མཁྲིས་པ་སྲུང་ཞིང་ནི་རུ་ཧ། །འཇམ་རྩི་བཅས་པའི་སྦྱོར་བ་ནི། །ཡང་དང་ཡང་དུ་བྱ་བ་ཡིན། །འཇམ་རྩི་མཆོག་ཏུ་

སྐྲན་འཇོམས་པར། །ཤེས་བྱ་དེ་ནི་རླུང་གི་ནད། །དང་པོར་རང་གི་གནས་སུ་བཅོམ། །འཕྲལ་དུ་སྐྲན་ནི་སེལ་བར་བྱེད། །དེ་བས་སྐྲན་ལ་རྒྱུན་དུ་ནི། །མས་གཏོང་དྲག་པོ་འཇམ་རྩི་བཅས། །བཏང་བར་གྱུར་པས་རླུང་བད་ཀན། །མཁྲིས་པའི་བདག་ཉིད་ཅན་རྣམས་སེལ། །

ཤིང་ཀུན་དང་ནི་ཚ་བ་གསུམ། །རྩབས་རུ་ཚ་དང་ཁ་རུ་ཚ། །སེ་འབྲུ་མ་ནུ་གོ་སྙོད་དང་། །ཟི་ར་འུ་སུ་ལ་ལ་ཕུད། །སྟར་བུ་ཡ་བཀྵ་ར་དང་། །ཟུར་པ་ཤུ་དག་ཙི་ཏྲ་ཀ །ཨ་ཟ་གནྡྷ་སུག་སྨེལ་དང་། །བྱེ་རུག་པ་ནི་ཞོ་དང་བཅས། །མར་བསྐོལ་རླུང་གི་སྐྲན་སེལ་ཞིང་། །གཟེར་དང་

เล่ม ๑๙๘ · หน้า 208b

ལྟོ་སྦོས་འཇོམས་པར་བྱེད། །སྤ་མའི་འབྲས་བུ་ཚ་བ་གསུམ། །ཟི་ར་གོ་སྙོད་ཚ་བ་ལྔ། །ཨ་ཟ་མོ་དང་ལྕེ་མྱང་ཚ། །ཞོ་དང་འོ་མ་མར་དང་ནི། །སེ་འབྲུལ་ཕུག། །རྒྱ་ཤུག་གི། །ཁུ་བ་བསྐོལ་བས་རླུང་གི་ནི། །སྐྲན་དང་དམུ་རྫིང་ལྟོ་སྦོས་དང་། །རྩིབ་ལོགས་སྙིང་དང་ལྟོ་བ་གཟེར། །

མངལ་ནད་གཞང་འབྲུམ་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་དང་། །རིམས་ནད་ཡི་ག་འཆུས་པ་འཇོམས། །རྩ་བ་བཅུ་པ་སུ་ཤ་བི། །པ་ལ་ཤ་ཀ་མ་ནུ་དང་། །བ་སྦུ་བ་གཉིས་ཨེ་རཎྜ། །ར་སྣ་ཨ་ཤྭ་གནྡྷ་དང་། །ག་བྲའི་རྩ་བ་ཟུར་པ་དཀར། །སླེ་ཏྲེས་གནྡྷ་པ་ལག་

སྲང་ནི་གཉིས་གཉིས་ཚད་བྱས་དང་། །ཉི་ཤུ་རྩ་བརྒྱད་ནང་དུ་བསྐོལ། །ནས་དང་རྒྱ་ཤུག་རྒྱ་སྲན་དང་། །མ་ཤ་བྲེ་རེ་ལྷན་ཅིག་ཏུ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །ཁུ་བ་དེར་ཞོ་བྲེ་བཞི་དང་། །མར་བྲེ་གང་དང་སླར་བསྐོལ་ལ། །སེ་འབྲུ་ཨམྲ་ཏ་ཀ་དང་། །ཁ་ལུང་ཁུ་བ་བྲེ་

རེར་བཅས། །དེ་བཞིན་རྩབ་མོ་སྐྱུར་རྩབས་ཚ། །གཡེར་མ་ཤུ་དག་ག་བྲའི་རྩ། །ར་སྣ་པི་པི་ལིང་རྩ་བ། །ཙི་ཏྲཀ་དང་འུ་སུ་དང་། །ཡ་བ་ན་ག་ལ་ལ་ཕུད། །སྟར་བུ་ཟི་ར་ནག་པོ་དང་། །གོ་སྙོད་ཟི་ར་སྤ་མའི་འབྲས། །ཀ་ར་པི་བ་ཟངས་རྩི་བ། །ཨུ་ཤ་ཀ་དང་དུར་བྱིད་དང་། །

དན་ད་མུར་བ་བྱི་དང་ག །སེ་འབྲུ་ཧསྟི་པི་པི་ལིང་། །གཟེ་མ་སྤང་སྤོས་སྲུ་སྲུའི་རྩ། །ག་གོན་རྒྱལ་མོ་ག་གོན་གྱི། །ས་བོན་ཤུ་ཏི་ཐལ་སྨན་གཉིས། །བྱེའུ་རུག་པ་ཐལ་ཏྲེས་དང་། །ནི་ལི་ན་ལའི་འབྲས་བུ་དང་། །ལན་ཚྭ་གསུམ་དང་ཚ་བ་གསུམ། །བཅས་པའི་ཞོ་ཡི་སྨན་མར་

དེས། །སྔར་བཤད་ནང་ནི་གསོ་དཀའ་དང་། །བརྗེད་བྱེད་སྨྱོ་བྱེད་གཅིན་སྲི་དང་། །རླུང་ནད་གཞང་འབྲུམ་མྱུར་དུ་འཇོམས། །ཚ་བ་གསུམ་དང་འབྲས་བུ་གསུམ། །འུ་སུ་དབྱི་མོང་བྱི་དང་ག །ཙི་ཏྲ་ཀ་ནི་ལྡེ་གུར་བྱས། །འོ་མ་མར་བསྐོལ་རླུང་སྐྲན་འཇོམས། །སྒོག་སྐྱའི་རྩ་བ་

སྲང་བརྒྱ་དང་། །རྩ་བ་ཆེན་པོ་སྲང་ལྔ་ལྔ། །ཆུ་སྲང་སྟོང་དང་དེ་བསྐོལ་ལ། །བཞི་ཆ་ལུས་པར་ཕྱེད་སེ་འབྲུའི། །ཁུ་བ་ཆང་དང་འབྲས་ཁུ་སྐྱུར། །ཞོ་རྣམས་དེ་ཡི་ཕྱེད་ཕྱེད་དང་། །ཚབ་གསུམ་དང་འབྲས་བུ་གསུམ། །ཤིང་ཀུན་དབྱི་མོ་ལ་ལ་ཕུད། །དབྱི་མོང་སྟར་བུ་ལྕེ་མྱང་ཚ། །

เล่ม ๑๙๘ · หน้า 209a

ཐང་ཤིང་སྲང་ནི་ཕྱེད་ཕྱེད་དང་། །མར་ནི་བྲེ་གང་བཅས་པར་བསྐོལ། །རླུང་ལས་གྱུར་པའི་སྐྲན་ཀུན་འཇོམས། །གཅོང་ཆེན་སྐབས་སུ་བཤད་པ་ཡི། །སྲང་དྲུག་པ་ཡི་མར་ཡང་བླུད། །འོ་མའི་སྐྱིན་པ་ཆང་དངས་སམ། །སེ་འབྲུ་ཞོ་སྤྲིས་སྦྱར་བའི་མར། །

རླུང་ལས་གྱུར་པའི་སྐྲན་སེལ་ཏོ། །རླུང་གི་སྐྲན་ལ་བད་ཀན་འཕེལ། །དྲོ་འཇམ་ཡི་ག་འཆུས་པ་དང་། །སྙིང་རྒལ་ཁོང་ལྕི་སྙོམ་གྱུར་པ། །དེ་ལ་སྐྱུག་སྨན་གཏང་བར་བྱ། །གཟེར་དང་ལྟོ་སྦོས་བཤང་སྲི་ལ། །གནས་ཤེས་བྱས་ནས་སྣུམ་བཅས་པའི། །སྨན་མར་སྨན་གྱི་ཕྱེ་མ་

དང་། །ཁུ་བ་རི་ལུང་བྱས་པ་ཡི། །རྒྱ་ཤུག་སེ་འབྲུ་ཆུ་དྲོན་དང་། །དར་བ་ཆང་དང་སྐྱུར་རྩབས་དང་། །ཆང་དངས་བཅས་པ་ནང་པར་བླུད། །ཡང་ན་ཕྱེ་མ་ལ་སོགས་པ། །ཐུག་པ་སླ་བོར་བྱས་པ་ནི། །ནང་པར་ཡང་ན་ཟས་སྔོན་བླུད། །ཕྱེ་མ་ཁ་ལུང་ཁུ་བ་དང་། །ལན་མང་

བགྲུངས་པར་གྱུར་པ་ཡི། །ལས་ནི་བྱེད་པར་ནུས་གྱུར་པའི། །རི་ལུས་རླུང་དང་བད་ཀན་འཇོམས། །ཤིང་ཀུན་ཤུ་དག་ཨ་རུ་ར། །ཨ་ཟག་གནྡྷ་སེ་འབྲུ་དང་། །འུ་སུ་པ་ཏ་ཏི་མུ་ས། །མ་ནུ་ཟུར་པ་དཀར་པོ་དང་། །སྤ་མའི་འབྲས་བུ་ཅི་ཏ་ཀ །ཐལ་སྨན་གཉིས་དང་ལན་ཚྭ་

གཉིས། །ཚ་བ་གསུམ་དང་ཟིར་དང་། །དབྱི་མོ་ད་ཏྲིག་སྟར་བུའི་ཕྱེས། །རླུང་དང་བད་ཀན་ལས་གྱུར་པའི། །སྙིང་ག་རྩིབ་ལོགས་ཆུ་སོ་དང་། །མཇུག་ཏོ་མངལ་དང་ཆུ་སོར་གཟེར། །བད་ཀན་རླུང་ལས་གྱུར་པའི་ནད། །གསོ་དཀའ་སྐྲན་དང་འཕྱེན་དང་ནི། །གཅིན་དང་ཕྱི་ས་

འགགས་པ་དང་། །ལྐོག་མ་འགགས་ཤིང་སྙིང་ནད་དང་། །སྐྱ་རྦབ་ཡི་ག་འཆུས་པ་དང་། །མཆེར་པ་གཞང་འབྲུམ་སྐྱིགས་བུ་དང་། །རྒྱུ་རླུགས་ལྟོ་སྦོས་མེ་དྲོད་ཉམས། །ལུད་པ་དབུགས་མི་བདེ་བ་སེལ། །རྒྱམ་ཚ་དང་ནི་ལ་ལ་ཕུད། །ཨ་ཟ་མོ་དང་པི་པི་ལིང་། །དོང་གྲ་རིམ་

བཞིན་ཆ་རེས་བསྐྱེད། །ཐམས་ཅད་དང་ནི་ཆ་མཉམ་པའི། །ཨ་རུ་ར་བསྲེས་ཕྱེ་མ་འདི། །མེ་ནི་མངོན་སུམ་ཉིད་ཡིན་ནོ། །ཚ་བ་གསུམ་དང་ཏི་མུ་ས། །རྒྱམ་ཚ་དང་ནི་ཟི་ར་གཉིས། །ཆ་མཉམ་ཤིང་ཀུན་བརྒྱད་ཆའི་ཕྱིར། །མར་བསྲེས་ཁམ་གྱི་དང་པོར་ཟོས། །མེ་དྲོད་དྲག་པོ་སྐྱེད་

เล่ม ๑๙๘ · หน้า 209b

བྱེད་ཅིང་། །རླུང་གི་སྐྲན་ནི་འཇོམས་པར་བྱེད། །ཤིང་ཀུན་ཤུ་དག་ཁ་རུ་ཚ། །དོང་གྲ་དང་ནི་ལ་ལ་ཕུད། །རྣམ་རྒྱལ་མ་ནུ་རུ་རྟ་དང་། །དུར་བྱིད་དན་དའི་རྩ་བར་བཅས། །ཆ་རེས་བསྐྱེད་པའི་ཕྱེ་མ་འདི། །ཆུ་དྲོན་སྦྱར་འཐུངས་ལྟོ་བའི་ནད། །སྐྲན་དང་དམུ་རྫིང་ལ་སོགས་པ། །སེང་

གེས་རི་དྭགས་ཚོགས་རྣམས་ནི། །མཐུ་རྩལ་གྱིས་ནི་ཟིལ་ནོན་ལྟར། །ནད་རྣམས་འཇོམས་པར་བྱེད་པ་ཡིན། །ལྕེ་མྱང་ཚ་དང་པི་པི་ལིང་། །ཨ་ཟ་མོ་དང་ཨ་རུ་རའི། །ཕྱེ་མ་ཆུ་དྲོན་སྦྱར་བླུད་ན། །སྐྲན་ཅན་བད་རླུང་ལས་གྱུར་ཚོགས། །ལྕགས་མདས་ལུས་ཕུག་བཞིན་དུ་འཇོམས། །

ཀ་རཉྫ་ཡི་ལོ་མ་དང་། །ཨིན་ཏྲ་བ་རུ་ཎ་དབྱི་མོ། །ཀྲུ་ཏྲུག་ཏྲེས་དང་བཅའ་སྒ་དང་། །པི་པི་ལིང་དང་ན་ལེ་ཤམ། །མ་ལུས་རིམ་བཀོད་རྒྱམ་ཚས་བཀབ། །བསྲེགས་ལ་བཏགས་ཏེ་ཞོ་དང་ནི། །ཞོ་ག་ཆུ་སྦྱར་བླུད་པ་དག །སྐྲན་དང་དམུ་རྫིང་འོར་ནད་དང་། །སྐྱ་རྦབ་གཞང་

འབྲུམ་ནད་རྣམས་སེལ། །ཤིང་ཀུན་སུམ་འགྱུར་རྒྱམ་ཚ་དང་། །དེ་ལས་ཨེ་རཎྜ་ཡི་མར། །སུམ་འགྱུར་དེ་ལས་སྒོག་སྐྱ་ཡི། །ཁུ་བ་སུམ་འགྱུར་སྦྱར་བ་དག །བླུད་ན་སྐྲན་དང་དམུ་རྫིང་དང་། །རྒྱུ་རླུགས་གཟེར་གྱི་ནད་རྣམས་འཇོམས། །ཁ་ལུང་ཁུ་བ་ཤིང་ཀུན་དང་། །སེ་འབྲུ་

རྒྱམ་ཚ་ཁ་རུ་ཚ། །ཆང་གི་དངས་མར་སྦྱར་བླུད་ན། །རླུང་ལས་གྱུར་པའི་སྐྲན་ནད་སེལ། །བཅའ་སྒ་ཞོ་གཉིས་བུ་རམ་ཞོ། །བཞི་དང་ཏིལ་ནག་བཀྲུས་སྲང་གཅིག །གཅིག་ཏུ་ཕྱེ་མར་བཏགས་བྱིན་ཞིང་། །འོ་མ་དྲོ་འཇམ་རྗེས་བླུད་ན། །རླུང་གི་སྙིང་ནད་སྐྲན་གཞང་འབྲུམ། །

མངལ་གཟེར་རྟུག་པ་འགགས་པ་སེལ། །རླུང་གྱུར་སྐྲན་ལ་ཨེ་རཎྜའི། །མར་ནི་ཆང་དང་སྦྱར་བ་བླུད། །བད་རླུང་འདྲེས་ལའང་དེ་ཉིད་བླུད། །མཁྲིས་པ་འདྲེས་ལ་འོ་མ་བཅས། །གལ་ཏེ་མཁྲིས་པ་འཕེལ་འགྱུར་ཏེ། །ཚ་གྱུར་རླུང་གི་སྐྲན་ཅན་ལ། །མཐུན་པ་རྗེས་སུ་འབྱིན་

བྱེད་པ། །སྣུམ་བཅས་བཀྲུ་སྨན་གཏང་བར་བྱ། །དེས་ཀྱང་ཚ་བ་མ་བྲི་ན། །དེ་ལ་གཏར་ག་གདབ་པར་བྱ། །སྒོག་སྐྱ་བཤུས་པ་སྐམ་པོ་ནི། །སྲང་བཞི་ཆུ་དང་འོ་མ་ནི། །བརྒྱད་འགྱུར་གྱི་ནི་ནང་དུ་བསྐོལ། །འོ་མ་མ་ལུས་པར་བླུད་ན། །རླུང་གྱུར་སྐྲན་དང་རྟུག་འགགས་

เล่ม ๑๙๘ · หน้า 210a

དང་། །རླུང་ནད་གཟུགས་འཁུམས་མི་བཟད་རིམས། །སྙིང་ནད་ཁོང་འབྲས་ཟད་བྱེད་རྣམས། །འོ་མ་དེ་ཡིས་མྱུར་དུ་འཇོམས། །ཏིལ་མར་ཆང་དང་བ་གཅིན་དང་། །རང་སྐྱུར་ཡ་བཀྵ་རར་བཅས། །བླུད་ན་སྐྲན་དང་དམུ་རྫིང་དང་། །ལྟོ་སྦོས་ཅིག་ཅར་

འཇོམས་པར་བྱེད། །ཙིཏྲ་པི་པི་ལིང་སྤྲུ་ལ། །བཅའ་སྒ་ཤིང་ཀུན་ཨེརཎྜ། །རྒྱམ་ཚ་ཁ་རུ་ཚ་བཅས་པ། །བསྐོལ་བ་བླུད་ན་གཟེར་བ་དང་། །ལྟོ་སྦོས་རྟུག་འགགས་སེལ་མཆོག་ཡིན། །མ་ནུ་ཨེ་རཎྜའི་རྩ་བ། །ནས་དང་བྱི་ཚེར་བ་ཤ་ཀ །ཆུ་དང་བསྐོལ་ཏེ་བླུད་ན་ནི། །ལྟོ་

ནད་སྦོས་དང་གཟེར་འཇོམས་བྱེད། །མ་ནུ་ཨེ་རཎྜ་འཇག་མའི། །རྩ་བ་ཐང་ཤིང་བཅའ་སྒ་རྣམས། །ཆུ་དང་བསྐོལ་བའི་ཁུ་བ་བླུད། །ཁོང་པ་ཕྲག་པ་རྒྱབ་གཟེར་འཇོམས། །བྲག་ཞུན་དང་ནི་པ་ཡ་སྱ། །རྩ་བ་ཆེན་པོ་ལྔ་བསྐོལ་བ། །རླུང་གྱུར་སྐྲན་ནད་ཅན་ལ་བླུད། །

རྟུག་སྐམ་ནད་ལ་ནས་ཀྱི་ནི། །ཆག་ཚེ་སྣུམ་དང་ལྡན་པ་སྦྱིན། །པི་པི་ལིང་ངམ་ལ་ཕུག་གི །ཁུ་བ་དང་ནི་སྦྱར་བ་སྦྱིན། །ནས་ཀྱི་ཟན་དྲོན་འོ་མར་བཅས། །རླུང་གི་རྟུག་འགགས་ནད་ལ་སྦྱིན། །ཡང་ན་མོན་སྲན་གྲེའུའི་ཆན། །སྣུམ་མང་ལན་ཚྭར་ལྡན་པ་སྦྱིན། །དུར་བྱིད་

དན་ཏི་ནི་ལི་ནི། །ཨ་རུ་ར་དང་ཀམ་པི་ལྱ། །ནས་ཚིག་འཁུས་ཐལ་ཁ་རུ་ཚ། །དོང་གྲ་མར་དང་བཅས་པ་ནི། །དྲི་མར་བཅས་ལ་བཀྲུ་སྨན་གཏང་། །ནི་ལི་ནི་དང་འབྲས་བུ་གསུམ། །ར་སྣ་པ་ལ་པུ་ཙེ་ཤེལ། །ཀཎྜ་ཀ་རི་བྱི་དང་ག །སྲང་རེ་ཆུ་བྲེ་བཞི་ནང་བསྐོལ། །ཁུ་བ་

བརྒྱད་ཆ་ལུས་པ་རུ། །མར་བྲེ་གང་དང་ཞོ་བྲེ་གང་། །སུ་དྷ་ཀྵི་ར་སྲང་གཅིག་བསྐོལ། །དེ་ལས་མར་བྲེ་རེ་རེ་ན། །ནས་ཐུག་ཐུག་སླ་སྦྱར་ཏེ་བླུད། །ཞུ་ཞིང་ལེགས་པར་འཁྲུས་ནས་ནི། །ཤ་ཁུ་བཟའ་བ་སྦྱིན་པར་བྱ། །ནི་ལི་ནི་ཡི་སྨན་མར་འདིས། །སྐྲན་མཛེ་དམུ་རྫིང་ངོ་

ཁབས་དང་། །འོར་ནད་སྐྱ་རྦབ་རིམས་ནད་དང་། །ཤ་བཀྲ་མཛེར་བ་སྨྱོ་བྱེད་འཇོམས། །ཁྱིམ་བྱ་རྨ་བྱ་གོང་མ་སྲེག །ཁྲུང་ཁྲུང་བྱེའུའི་ཤ་ཁུ་དང་། །སཱ་ལུའི་འབྲས་ཆན་ཆང་དང་མར། །རླུང་གི་སྐྲན་ནི་སེལ་བ་ཡིན། །ཉུང་ཞིང་སྣུམ་ལ་སླ་ཞིང་དྲོ། །ཁ་ཟས་རླུང་སྐྲན་ཅན་གྱིས་

เล่ม ๑๙๘ · หน้า 210b

བཟའ། །བཏུང་བར་ཆང་གི་དངས་མའམ། །འུ་སུ་བསྐོལ་བའི་ཆུ་ཚན་བླུད། །མཁྲིས་གྱུར་སྐྲན་ནི་སྣུམ་དྲོ་ལས། །བྱུང་བ་དེ་ལ་རྒུན་འབྲུ་དང་། །ཨ་རུར་བསྐོལ་བུ་རམ་བཅས། །ཀམ་པི་ལྱ་དང་སྦྲང་རྩི་དང་། །ཆོ་གའམ་ཁྲག་མཁྲིས་གསོར་བཤད་པའི། །བཀྲུ་སྨན་བླུད་དེ་

འཁྲུས་པ་ཕན། །རྩུབ་དྲོ་ལས་བྱུང་སྐྲན་ལ་ནི། །ཏིག་ཏའམ་བ་ཤ་ཀ་བསྐོལ་བའི། །མར་ནི་བླུད་པར་བྱས་པའམ། །རྩྭ་ཡི་རྩ་བ་ལྔ་པ་འམ། །འཚོ་བྱེད་སྡེ་ཚན་བཤད་པ་དང་། །མར་བསྐོལ་བླུད་ན་མཆོག་ཏུ་ཕན། །ནྱ་གྲོ་དྷ་སོགས་སྡེ་ཚན་རྣམས། །འཚོ་བྱེད་སྡེ་ཚན་འོ་

མ་ཕན། །དེ་ཡང་བཤོལ་དུ་མེད་གྱུར་པར། །སྨན་པས་བཀྲུ་སྨན་དང་བསྐོལ་བའི། །མར་རམ་འོ་མ་དག་གི་ནི། །བཀྲུ་སྨན་ཉེ་བར་གཏང་བར་བྱ། །སྐྱུ་རུ་ར་དང་བུ་རམ་ཤིང་། །ཁུ་བ་མར་ནི་བྲེ་གང་དང་། །ཨ་རུ་ར་ནི་ཞི་ཆ་བཅུག །བསྐོལ་བའི་མར་བླུད་མཁྲིས་སྐྲན་

སེལ། །ཡང་ན་མཁྲིས་པའི་ཁོང་འབྲས་གསོར། །བཤད་པའི་སེང་ཕྲོམ་སྨན་མར་བླུད། །རྒུན་འབྲུ་ཤིང་མངར་པ་ཡ་སྱ། །ཤུག་པ་ཙནྡན་སྦྲང་རྩི་རྣམས། །འབྲས་བཀྲུས་ཆུ་དང་བླུད་ན་ནི། །མཁྲིས་པའི་སྐྲན་ནི་སེལ་བར་འགྱུར། །ཀྱི་ལྕེ་བ་ནི་སྲང་གཉིས་དང་། །

ཆུ་བྲེ་དོ་ནི་བསྐོལ་ནས་སུ། །བརྒྱད་ཆ་ལུས་པ་བཙགས་པ་ནི། །དྲོ་འཇམ་འོ་མ་ཆ་མཉམ་བླུད། །ཡང་ན་དེ་སྟེང་འོ་ཚན་ནི། །མེ་དྲོད་ཇི་བཞིན་བླུད་པར་བྱ། །དེ་ཡིས་ནད་ནི་བསལ་བས་ན། །མཁྲིས་པ་ཅན་གྱི་སྐྲན་ཞིར་འགྱུར། །ཚ་ལ་མར་གྲང་བསྐུ་བའམ། །བསིལ་

བའི་སྨན་མར་བཅས་པ་བསྐུ། །ཆུ་སྐྱེས་ལོ་མས་རེག་བྱ་ཞིང་། །སྣོད་ཆུས་གང་ལ་རེག་པ་ཕན། །གཟེར་དང་མེ་དྲོད་བྲི་འགྱུར་ཞིང་། །ཚ་བའི་དང་པོ་ཚུལ་ཅན་གྱིས། །མཁྲིས་པའི་སྐྲན་ལ་ཁྱད་པར་དུ། །ཁྲག་ནི་ལན་མང་དབྱུང་བ་ཕན། །རྩ་བ་ཆད་སྐྲན་མི་ཚ་

ཞིང་། །ཉེ་བར་ཟད་པར་འགྱུར་བ་དང་། །ཁྲག་ནི་སྐྱུར་བར་མི་འགྱུར་ལ། །ཁྲག་ལས་གྱུར་པའི་ནད་ཀྱང་མང་། །གཉིད་ཅིང་ནད་ནི་བསལ་བལ། །སྐམ་སར་སྐྱེས་པའི་ཤ་ཁུས་བརྟ། །བརྟས་ན་ཉེས་པ་ལྷག་ལུས་ལ། །སླར་ཡང་མར་ནི་བསྟེན་པར་བྱ། །ཁྲག་དང་

เล่ม ๑๙๘ · หน้า 211a

མཁྲིས་པ་འཕལ་གྱུར་པས། །སྐྲན་ནི་སྨིན་པར་ཕྱོགས་པ་ལ། །གསོ་བའི་བྱ་བ་མ་རྙེད་ཅིང་། །མཁྲིས་པའི་ཁོང་འབྲས་ལྟར་གསོ་བྱ། །སཱ་ལུ་བ་དང་རའི་འོ་མ། །པ་ཏོལ་སྐམ་སའི་ཤ་མར་དང་། །པ་རུ་ཤ་ཀ་སྐྱུ་རུ་ར། །རྒུན་འབྲུ་འབྲ་གོ་སེ་འབྲུ་དང་། །

ཁ་རར་བཅས་པའི་ཁ་ཟས་བཟའ། །བཏུང་བ་བ་ལ་བྲི་ཧ་ཏི། །ལ་སོགས་བསྐོལ་བ་བླུད་པར་བྱ། །བད་ཀན་ལས་གྱུར་དང་པོ་ནི། །སློན་བྱ་དེ་མི་བཟོད་སྨྱུང་བྱ། །ཁ་དྲོ་ཚ་བའི་ཐུག་སྩོགས་ཀྱི། །རིམ་པར་དེ་འོག་མེ་དྲོད་སྐྱེད། །ཤིང་ཀུན་ལ་སོགས་ཐལ་སྨན་དང་། །ཤིང་ཀུན་སྟར་བུ་ཉིས་འགྱུར་གཏང་། །

གལ་ཏེ་འབུར་རམ་གཏིང་རིང་གྱུར། །ཚོར་བ་ཆུང་ཞིང་སྲ་ལ་བརྟན། །ལྟོ་སྦོས་ལ་སོགས་ལྡན་པའི་སྐྲན། །དུགས་བྱས་ནས་ནི་སྙི་བར་བྱ། །བད་ཀན་ལས་གྱུར་སྐྲན་ཅན་གྱིས། །མར་ཚ་ཐལ་སྨན་བཅས་ཆུ་བླུད། །ནས་ཚིག་

འཁུས་ཐལ་ཚ་བ་གསུམ། །རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །སེ་འབྲུ་རྩ་བ་བཅུ་བསྐོལ་མར། །བད་ཀན་ལས་གྱུར་སྐྲན་མྱུར་འཇོམས། །བསེ་ཤིང་འབྲས་བུ་སྲང་གཉིས་དང་། །རྩ་བ་ཆུང་ངུ་ལྔ་སྲང་རེ། །ཆུ་བྲེ་བཞི་ཡི་ནང་དུ་བསྐོལ། །བཞི་ཆ་ལུས་པ་དེ་དང་ནི། །མཉམ་

པའི་འོ་མ་མཉམ་པའི་མར། །བྱི་དང་ག་དང་ཤིང་ཀུན་དང་། །ནས་ཚིག་འཁུས་ཐལ་ལྕེ་མྱང་ཚ། །ཀཎྜ་ཀ་རི་རྩབས་རུ་ཚ། །ཟུར་པ་ར་སྣ་ཤིང་མངར་དང་། །པི་པི་ལིང་དང་དོང་གྲ་རྣམས། །ཞོ་ནི་གཉིས་གཉིས་བཅས་པར་བསྐོལ། །གོ་བྱེ་ཡི་ནི་སྨན་མར་ནི། །བད་ཀན་

སྐྲན་ནི་སེལ་བའི་མཆོག །མཆིན་པ་མཆེར་པའི་ནད་དང་ནི། །སྐྱ་རྦབ་དང་ནི་ཕོ་བའི་ནད། །ལུད་པ་དབུགས་མི་བདེ་བ་འཇོམས། །དེ་ནས་སྐྲན་ཅན་དེ་ཡི་ལུས། །མ་ལུས་པར་ནི་དུགས་བྱས་ལ། །སྐྲན་ཀུན་ལ་ནི་ཐོག་མ་ཉིད། །སྣུམ་ཆོས་དུགས་ནི་བྱས་གྱུར་ན། །

གསོ་བ་གང་ཞིག་བྱས་པ་དེས། །གྲུབ་ཀྱི་རྩུབ་ཆོས་ཀྱིས་མི་འགྲུབ། །སྣུམ་ཞིང་དུགས་ཀྱིས་བརླན་ལུས་ཀྱི། །སྐྲན་ནི་སྙི་བར་གྱུར་པ་དང་། །ཇི་ལྟར་བཤད་པའི་བུམ་པ་ནི། །བཞག་པས་བཀང་ནས་དེ་བསལ་བྱ། །དེ་ནས་རས་ནང་ཆུད་བྱས་ཏེ། །ཚད་ཤེས་པ་ཡི་

เล่ม ๑๙๘ · หน้า 211b

སྐྲན་དབྲལ་བྱ། །ཤིང་གཅད་ར་རྨིག་མེ་ལོང་རྣམས། །ཇི་སྙེད་པ་ཡིས་ལེགས་པར་བཅིང་། །དེས་སྐྲན་གཅིག་པུ་དབྱི་བྱ་ཞིང་། །སྙིང་དང་རྒྱུ་མར་རེག་མི་བྱ། །ཏིལ་དང་ཟར་མའི་ས་བོན་དང་། །ཉུངས་ཀར་ཨེ་རཎྜ་ཡིས་བྱུག །བད་ཀན་སྐྲན་ནི་ལྕགས་ཀྱི་སྣོད། །དྲོ་

འཇམ་ཙམ་གྱིས་དུགས་བྱའོ། །དེ་ལྟར་གནས་ལས་བསྐྱོད་ནས་ནི། །བད་ཀན་སྐྲན་ལ་སྣུམ་བཅས་པའི། །བཀྲུ་སྨན་དང་ནི་འཇམ་རྩི་དག །རྩ་བ་བཅུ་པ་ལྡན་པར་སྦྱང་། །པི་པི་ལིང་དང་སྐྱུ་རུ་ར། །རྒུན་འབྲུ་ཤ་མ་དུར་བྱིད་སོགས། །སྲང་རེ་དང་ནི་བསྐོལ་བ་

ལ། །ཨེ་རཎྜ་ཡི་ཞུན་མར་ནི། །བྲེ་རེ་འོ་མ་དྲུག་འགྱུར་དང་། །ལྷན་ཅིག་བསྐོལ་བར་གྱུར་བ་འདི། །འདྲེས་པའི་སྨན་མར་ཞེས་བྱ་སྟེ། །སྐྲན་ཅན་འཁྲུ་བར་བྱེད་པའི་མཆོག །རྒྱུ་རླུགས་ཁོང་འབྲས་གཟེར་བ་ནི། །རླུང་གི་ནད་ལ་བདུད་རྩི་ཡིན། །ཡང་ན་ནི་ལི་ནི་སྨན་མར། །

སྲང་གཉིས་ཚད་དུ་བླུད་པའམ། །དེ་བཞིན་སྐྱིད་དེ་བའི་སྨན་མར། །དམུ་རྫིང་སྐབས་བཤད་མར་ཡང་ཕན། །དན་ད་ཙི་ཏྲ་ཨ་རུ་ར། །སྲང་ནི་ཉི་ཤུ་རྩ་ལྔ་ལྔ། །ཆུ་བྲེ་བཅུ་དྲུག་ནང་དུ་བསྐོལ། །བརྒྱད་ཆ་ལུས་བཙགས་ཨ་རུ་ར། །བཅས་པ་བུ་རམ་དན་དར་མཉམ། །བཅུག་

ལ་ཏིལ་མར་དུར་བྱིད་ཕྱེ། །སྲང་བཞི་བཅའ་སྒ་པི་པི་ལིང་། །ཞོ་གཉིས་བསྐོལ་བསྒྲངས་ལྡེ་གུ་དེ། །སྦྲང་རྩི་ཏིལ་མར་ཆ་མཉམ་པ། །དྲི་སྣ་བཞི་བཞི་སྲང་རེ་གཞུག །དེ་ལས་ཨ་རུ་གཅིག་དང་། །ལྡེ་གུ་སྲང་གཅིག་བཅས་ཟོས་ན། །བདེ་བར་ནད་ནི་བྲེ་གང་འཁྲུ། །

སྐྲན་དང་སྙིང་ནད་གཞང་འབྲུམ་དང་། །གློ་ནད་ལྟོ་སྦོས་སྦྱར་བའི་དུག །མཛེ་དང་དམུ་རྫིང་ནད་སློང་དང་། །ཡི་ག་འཆུས་དང་མཆེར་པའི་ནད། །སྐྱ་རྦབ་མིག་སེར་འཇོམས་པར་བྱེད། །འདི་ནི་དན་ད་ཙི་ཏྲ་ཀ །ཨ་རུ་ར་ཡི་ལྡེ་གུ་ཡིན། །སུ་དྷ་ཀྵི་རའི་རླན་དང་ནི། །དུར་བྱིད་

དང་ནི་ལེགས་བསྲེས་ཏེ། །མར་དང་སྦྲང་རྩི་ཞོ་གཉིས་བཅས། །ལྡེ་གུས་ལེགས་པར་འཁྲུ་བར་འགྱུར། །རུ་རྟ་དུར་བྱིད་ཨ་རུ་ར། །དན་ད་གུ་གུལ་ནས་ཚིག་འཁུས། །བ་གཅིན་བཅས་བླུད་ཡང་ན་ནི། །གུ་གུལ་ཉི་ཚེ་བ་གཅིན་བླུད། །ཆོ་ག་གྲུབ་པ་ལས་བཤད་པའི། །

เล่ม ๑๙๘ · หน้า 212a

བཀྲུ་སྨན་དྲག་པོ་སྐྲན་འཇོམས་གཏང་། །རྩ་བ་ཟུག་ཅིང་ལྷུན་ཆེ་ལ། །སྲ་ཞིང་ལྕི་ལ་ཚོར་བ་མེད། །གཏིང་རིང་མ་སྨིན་པ་ཡི་སྐྲན། །ཐལ་སྨན་དང་ནི་ཆང་རྙིང་དང་། །མེ་ཡི་ལས་ཀྱིས་བསལ་བར་བྱ། །བད་ཀན་ཤས་ཆེ་ཐལ་སྨན་ནི། །གཞང་འབྲུམ་

རྡེའུ་ཕོ་བའི་ནད། །གསོ་བའི་སྐབས་བཤད་གཏང་བྱ་ཞིང་། །ཞག་གཅིག་ཞག་གཉིས་ཀྱིས་ཆོད་པ། །ཡང་ན་ཞག་གསུམ་ངལ་སོས་ལ། །ལུས་ཀྱི་ཉམས་སྟོབས་ནད་དག་ནི། །འཕེལ་འབྲིའི་ལས་ལ་བརྩོན་པར་བྱ། །ཐང་ཤིང་དུར་བྱིད་དན་དང་། །པུ་ཙེ་ཤེལ་དང་

ཚ་བ་ལྔ། །སྭ་རྫི་ཀ་ཐལ་ནས་ཚིག་འཁུས། །པ་ཏ་དང་ནི་འབྲས་བུ་གསུམ། །རུ་རྟ་བ་སར་སུ་གནྡྷ། །ཟི་ར་ནག་པོ་སྲང་ཕྱེད་ཕྱེད། །ལན་ཚྭ་ལྔ་ནི་སྲང་རེ་དག །བཏགས་པའི་ཕྱེ་མ་ཏིལ་མར་དང་། །ཞག་དང་ཞོ་དང་མར་དང་སྦྲུས། །རྫ་མར་དུབ་མ་ཤོར་བསྲེགས། །

རྫ་མ་མེ་ཡི་མདོག་འགྱུར་དེའི། །ཐལ་བ་བླངས་པ་འོ་མ་མར། །དར་བ་ཆང་སོགས་སྦྱར་ཏེ་བླུད། །སྐྲན་དང་རྟུག་འགགས་རྒྱུ་རླུགས་དང་། །གཞང་འབྲུམ་དམུ་རྫིང་ཕོ་བའི་ནད། །སྲིན་ནད་བརྗེད་བྱེད་སྨྱོ་བྱེད་གདོན། །མངལ་ནད་ཁུ་ཆུ་ལས་གྱུར་རྡེའུ། །བྱི་ལ་སྦྲུལ་གྱི་

དུག་རྣམས་ཀྱང་། །ཐལ་བའི་སྨན་འདིས་སེལ་བར་བྱེད། །བད་ཀན་ལས་གྱུར་སྐྲན་ལ་སྣུམ། །ཤ་ཁུ་འོ་མ་མར་བསྟེན་ལ། །ཐལ་སྨན་བཏང་ན་སྐྲན་དག་ནི། །གནས་ནས་དུམ་བུ་དུམ་བུ་རུ། །བཅད་ནས་ཐུར་དུ་འབྱིན་པར་བྱེད། །མེ་དྲོད་ཆུང་ཞིང་ཡི་ག་འཆུས། །ཆང་

གོམས་སྣུམ་ཅན་ཟ་བ་ལ། །རྒྱུན་སྲང་དག་ཕྱིར་མནན་ཆད་དང་། །ཆང་རྙིང་སྐྱོན་མེད་བླུད་པར་བྱ། །སཱ་ལུ་དྲུག་ཅུ་པ་རྙིང་པ། །རྒྱ་སྲན་སྐམ་སའི་སྲོག་ཆགས་ཤ །ཙི་ཏྲ་པུ་རི་ཀ་རཉྫ། །ཨ་ཏི་མན་ད་ལ་ལ་ཕུད། །བ་རི་ན་ཡི་མྱུ་གུ་དང་། །ཤི་ཀྲུ་བིལ་བ་གཞོན་ནུ་

དང་། །ལ་ཕུག་གཞོན་ནུ་སྐམ་པོ་དང་། །ཁ་ལུང་ཤིང་ཀུན་སྟར་བུ་དང་། །སེ་འབྲུ་ནས་ཚིག་འཁུས་ཐལ་བ། །ཚ་བ་གསུམ་དང་ངར་བ་དང་། །མར་དང་ཏིལ་མར་ཁ་ཟས་སྦྱིན། །བཏུང་བར་ཆང་གི་དངས་མ་དང་། །སྐྱུར་རྩབས་དར་བཞོག་ཆུ། །བིད་ལ་ལ་ཕུད་ཕྱེ་མ། །

เล่ม ๑๙๘ · หน้า 212b

རྩ་བ་ལ་བསྐོལ་ཁུ་བའམ། །རྒུན་ཆང་རྙིང་པ་བླུད་པར་བྱ། །པི་པི་ལིང་དང་དེའི་རྩ་བ། །གོ་སྙོད་རྒྱམ་ཚ་ཀྲུ་ཏྲུག་ཏྲེས། །ཆང་གི་སྙིགས་མར་བསྲེས་པ་ཡིས། །སྐྲན་ནི་མྱུར་དུ་སེལ་བར་བྱེད། །སློན་དང་སྨྱུང་བ་དུགས་དང་ནི། །སྨན་མར་བླུད་དང་བཀྲུ་སྨན་དང་། །འཇམ་

རྩི་ཐལ་སྨན་མནན་ཆང་དང་། །ཆང་རྙིང་རི་ལུ་ཕན་ཟས་ཀྱིས། །བད་ཀན་སྐྲན་ཅན་གཏིང་ཟུག་པས། །གལ་ཏེ་ཞི་བར་མ་གྱུར་ན། །དེ་ལ་ཁྲག་དབྱུང་ཐ་མར་ནི། །མདེའུ་ལྕགས་སོགས་ཀྱིས་བསྲེག་པར་བྱ། །དེ་ནས་སྐྲན་ནི་མཐར་ཐུག་པར། །སྨན་པས་གོས་ཀྱིས་དཀྲིས་

ནས་ནི། །ལྟེ་བ་ཆུ་སོ་རྒྱུ་མ་སྙིང་། །སྤུ་ཡི་ཕྲེང་ནི་མ་གཏོགས་པར། །ཤིན་ཏུ་གཏིང་ཐུག་མ་ཡིན་པར། །མདེའུ་བསྲེགས་པའམ་ཡང་ན་ནི། །གཟོང་བུའི་ལྕགས་ནི་བསྲེགས་པའམ། །ཏིན་དུ་ཀ་ཡི་ཤིང་གིས་བསྲེག །དེ་ནས་བསིལ་བས་མེ་དབལ་ནི། །ཞི་ནས་རྨ་

ལྟར་གསོ་བར་བྱ། །མ་ཞུ་རྗེས་འབྲེལ་སྨྱུང་བྱས་ནས། །ཐུག་པ་སོགས་ཀྱིས་མེ་དྲོད་བསྐྱེད། །རང་རང་རིམ་དང་འབྲེལ་པ་ལས། །འདྲེན་མའི་གསོ་བས་གསོ་བར་བྱ། །བཙས་པའི་དུས་ནི་འདས་གྱུར་པའི། །བུད་མེད་ལ་སྐྲན་ཁྲག་སྐྱེས་འབྱུང་། །དེ་ལ་ལུས་སྣུམ་

དུགས་བྱས་པར། །སྣུམ་གྱི་བཀྲུ་སྨན་གཏང་བར་བྱ། །ཏིལ་བསྐོལ་མར་དང་བུ་རམ་དང་། །ཚ་གསུམ་ག་བྲའི་རྩ་བའི་ཕྱེ། །ཁྲག་ལས་གྱུར་པའི་སྐྲན་དང་ནི། །བུད་མེད་ཟླ་མཚན་མེད་ལ་བླུད། །ག་བྲའི་རྩ་བ་པི་པི་ལིང་། །ཐང་ཤིང་ཀ་རཉྫའི་ཤུན་པ། །པི་པི་ལིང་གི་རྩ་

བ་ཡི། །ཕྱེ་མ་ཏིལ་བསྐོལ་ཆུར་སྦྱར་བ། །བླུད་ན་ཁྲག་སྐྲན་ནད་སེལ་བྱེད། །པ་ལ་ཤ་ཡི་ཐལ་བ་ནི། །བྲེ་བརྒྱད་ཏིལ་མར་མར་བྲེ་བརྒྱད། །བསྐོལ་ཏེ་ཚད་བཞིན་བླུད་ན་ནི། །སྐྲན་ནི་སྙི་བར་བྱེད་པ་ཡིན། །གལ་ཏེ་སྙི་བར་མ་གྱུར་ན། །མངལ་གྱི་བཀྲུ་སྨན་གཏང་བར་

བྱ། །ཏིལ་གྱི་ལྡེ་གུ་ཐལ་སྨན་བཅས། །ཡང་ན་སུ་དྷ་ཀྴི་རར་སྦྱར། །ཡང་ན་དེ་གཉིས་དང་བསྲེས་པའི། །ཉ་ནི་ཁ་བོ་གཏང་བར་བྱ། །ཕག་རྒོད་ཉ་ཡི་མཁྲིས་པ་ཡིས། །བསྒོས་པའི་རས་མ་གཞུག་པར་བྱ། །ཡང་ན་བུ་རམ་ཐལ་སྨན་གཉིས། །ཕབས་སྦྱར་མངལ་ནི་སྦྱང་ཕྱིར་

เล่ม ๑๙๘ · หน้า 213a

གཏང་། །ཁྲག་མཁྲིས་སེལ་བའི་ཐལ་སྨན་ནི། །སྦྲང་རྩི་མར་བཅས་ལྡེ་གུ་སྦྱིན། །སྒོག་སྐྱའི་ཆང་ནི་རྣོན་པོ་དང་། །ཉ་ཡང་དེ་ལ་སྦྱིན་པར་བྱ། །རྩ་བ་བཅུ་པ་ཐལ་སྨན་དང་། །འོ་མ་བ་གཅིན་མས་གཏད་བྱ། །དེས་ཀྱང་ཁྲག་འཛག་མ་གྱུར་ན། །སྐྲན་

འཇིག་བྱེད་པའི་སྦྱོར་བ་ཕན། །བྱུང་ནས་མར་དང་ཏིལ་མར་བསྐུ། །བཅད་པ་དག་ནི་མི་བྱ་ཞིང་། །ཤ་ཁུ་འབྲས་ཆན་བཟའ་བ་དང་། །བཏུང་བ་ཆང་ནི་སར་པ་བླུད། །ཁྲག་ནི་ཤས་ཆེར་བྱུང་གྱུར་ན། །ཁྲག་མཁྲིས་སེལ་བའི་གསོ་བ་བྱ། །རླུང་གི་ནད་ཀྱིས་ཉེན་གྱུར་ན། །རླུང་གི་གསོ་

བ་ཀུན་ཀྱང་བྱ། །ལྟོར་སྤོས་སོགས་དང་རྟུག་སྐམ་ལ། །རླུང་བསལ་གསོལ་བ་ཇི་བཞིན་བྱ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་བཞི་པའོ།། །།དེ་ནས་དམུ་རྫིང་གསོ་བའི་ལེའུ་བཤད་པར་བྱའོ། །ནད་ནི་ཤས་ཆེར་སྩོགས་པ་དང་། །བུ་གའི་རྒྱུན་

སྲང་འགགས་པ་ལ། །དམུ་རྫིང་འབྱུང་བས་དེ་ཡི་ཕྱིར། །རྟག་ཏུ་བཀྲུ་སྨན་གཏང་བར་བྱ། །ཡང་ན་ཟླ་བ་གཅིག་གམ་གཉིས། །ཨེ་རཎྜའི་མར་བ་གཅིན་བཅས། །འོ་མར་བཅས་པའམ་བ་གཅིན་ནམ། །མ་ཧེའི་གཅིན་ནི་བླུད་བྱ་ཞིང་། །བ་ཡི་འོ་མ་བླུད་པར་བྱ། །ལྟོ་སྦོས་ཚ་

བས་ཉམ་ཐག་ཅིང་། །སྐོམ་དང་བརྒྱལ་བས་ནོན་པ་ལ། །རྔ་མོའི་འོ་མ་བླུད་པར་བྱ། །རྩུབ་ཅིང་རླུང་ཤས་ཆེ་བ་ཡི། །ནད་ནི་སྦྱོང་བར་འདོད་པ་ཡིས། །སྣུམ་ཆོས་དང་ནི་སྨན་མར་དག །དམུ་རྫིང་འཇོམས་པ་སྦྱར་བར་བྱ། །སྲང་དྲུག་རྩ་བ་བཅུ་པའི་ཆུ། །ཞོ་ག་ཆུ་ནི་བྲེ་བརྒྱད་

བསྐོལ། །དོང་གྲ་སྲང་གསུམ་མར་དང་ནི། །ཏིལ་མར་བྲེ་ནི་རེ་རེ་དང་། །ཞོ་ག་ཆུ་ནི་བྲེ་བཞི་དག །བསྐོལ་བ་འདི་ནི་བླུད་གྱུར་ན། །དམུ་རྫིང་ཐམས་ཅད་འཇོམས་པར་བྱེད། །རླུང་དང་བད་ཀན་ལས་བྱུང་བའི། །སྐྲན་ལའང་མཆོག་ཏུ་ཕན་པ་ཡིན། །བཞི་འགྱུར་ཆུ་དང་ཉིས་འགྱུར་

གཅིན། །ཀྲུ་ཏྲུག་ཏྲེས་སྲང་གཅིག་ལྡེ་གུ། །བྲེ་གང་མར་བསྐོལ་ཐལ་སྨན་བཅས། །དམུ་རྫིང་ཅན་ལ་བླུད་པར་བྱ། །ནས་དང་རྒྱ་ཤུག་རྒྱ་སྲན་དང་། །རྩ་བ་ལྔ་ནི་བསྐོལ་བའི་ཆུ། །ཆང་དང་རང་སྐྱུར་བཅས་པ་དང་། །མར་བསྐོལ་བ་ཡང་བླུད་པར་བྱ། །སྣུམ་འདི་སྣུམ་

เล่ม ๑๙๘ · หน้า 213b

བཅས་ཉམས་སྟོབས་ནི། །སྐྱེ་ཞིང་རླུང་ནད་ཞི་གྱུར་ནས། །ནད་ནི་གནས་ནས་བསྐྱོད་པ་དང་། །ཆོ་ག་གྲུབ་བཤད་བཀྲུ་སྨན་གཏང་། །པ་ཏོ་ལའི་རྩ་འབྲས་བུ་གསུམ། །སྐྱེར་པ་བྱི་དང་ག་ཞོ་རེ། །ཀམ་པི་ལ་དང་ནི་ལི་ནི། །ཙི་ཏྲ་ཀ་ཞོ་གཉིས་གསུམ་བཞི། །ཕྱེར་བཏགས་

བ་གཅིན་སྦྱར་བ་བླུད། །འཁྲུས་ནས་ཐུག་པ་ཤ་ཁུ་ནི། །སྐམ་སར་གནས་པའི་ཤ་ཁུ་སྦྱིན། །དེ་ནས་ཞག་དྲུག་འོ་མ་དང་། །ཚ་བ་གསུམ་དང་བསྐོལ་བ་ནི། །ཡང་དང་ཡང་དུ་བླུད་བྱས་ན། །འདི་ཡིས་དམུ་རྫིང་ཐམས་ཅད་ནི། །དམུ་ཆུར་གྱུར་ཀྱང་འཇོམས་པར་བྱེད། །བི་ཤ་

ལ་དང་ཤང་ཁི་ནི། །དན་ད་སེང་ཕྲོམ་ཤུན་ཤུ་དག །རྒྱ་ཤུག་ཕྲེའུ་རྒུན་འབྲུ་དང་། །རྒྱ་ཤུག་སྦོམ་ཆུ་བུ་རམ་ཆང་། །བ་གཅིན་དང་ནི་སྦྱར་ཏེ་བླུད། །ལ་ལ་ཕུད་དང་སྤ་མའི་འབྲས། །འུ་སུ་ཤུ་ཏི་ཟིར་ནག །པི་པི་ལིང་རྩ་ཀ་ར་བཱི། །ཨ་ཟ་མོ་དང་ཟུར་བ་དཀར། །ཤུ་དག་

ཟི་ར་ཙི་ཏྲ་ཀ །ཚ་བ་གསུམ་དང་ཁྲོན་བུ་དང་། །འབྲས་བུ་གསུམ་དང་ཐལ་སྨན་གཉིས། །མ་ནུ་རུ་རྟ་ལན་ཚྭ་ལྔ། །བྱི་དང་ག་རྣམས་ཆ་མཉམ་དང་། །དན་ད་ཆ་གསུམ་དེ་བཞིན་དུ། །དུར་བྱིད་བི་ཤལ་ཉིས་འགྱུར། །ས་དལ་ནི་བཞི་འགྱུར་ཏེ། །ཕྱེ་མ་འདི་ནི་སྲེད་མེད་དུ། །

ཞེས་བྱ་ནད་ཀྱི་ཚོགས་འཇོམས་བྱེད། །འདི་བསྟེན་ནད་ནི་མི་གནས་ཏེ། །ཁྱབ་འཇུག་གིས་བཅོམ་ལྷ་མིན་མཚུངས། །དམུ་རྫིང་ནད་ལ་དར་བ་བླུད། །སྐྲན་ཅན་རྒྱ་ཤུག་ཆུ་སྦྱར་བླུད། །རླུང་གིས་ལྟོ་སྦོས་ཆང་སྦྱར་གཏང་། །རླུང་ནད་ཉིད་ལ་ཆང་དངས་སྦྱར། །ཕྱིས་འགགས་

ལ་ཞོག་ཆུ། །གཞང་འབྲུམ་ཅན་ལའང་ཞོག་ཆུས། །བཅད་སྙམ་སེམས་ལ་ད་ཏྲིག་ཆུས། །མ་ཞུ་བ་ལ་ཆུ་དྲོན་ལས། །མཚན་བར་རྡོལ་དང་སྐྱ་རྦབ་དང་། །ལུད་པ་དབུགས་མི་བདེ་སྐད་འགགས། །སྙིང་དང་ཕོ་བའི་ནད་དང་ནི། །མཛེ་དང་མེ་དྲོད་ཉམས་དང་རིམས། །མཆེ་

བའི་དུག་དང་རྩ་བའི་དུག །དབྱིག་དུག་སྦྱར་བའི་དུག་བཅས་ལ། །ཅི་རིགས་པར་ནི་ཕྱེ་མ་འདི། །ཁོང་པ་སྣུམ་དང་ལྡན་པ་ལ། །བླུད་ནས་འཁྲུ་རུ་གཞུག་པར་བྱ། །སྤ་མའི་འབྲས་བུ་བྱ་སྣུ་དང་། །འབྲས་བུ་གསུམ་དང་ནི་ལི་ནི། །པུ་ཙེ་ཤེལ་དང་ཀྱི་ལྕེ་བ། །དུར་བྱིད་ཤུ་དགས་ཏ་

เล่ม ๑๙๘ · หน้า 214a

ལ། །རྒྱམ་ཚ་དང་ནི་ཁ་རུ་ཚ། །པི་པི་ལིང་ནི་ཕྱེ་མར་བཏགས། །སེ་འབྲུའི་ཁུ་བའམ་འབྲས་བུ་ནི། །གསུམ་གྱི་ཁུ་བའམ་ཤ་ཁུའམ། །བ་གཅིན་དྲོ་འཇམ་ཆུ་ལས་བླུད། །འདིས་ནི་སྐྲན་ནད་ཐམས་ཅད་དང་། །མཆེར་པ་དམུ་རྫིང་ཐམས་

ཅད་དང་། །ཤ་བཀྲ་མཛེ་ནད་མ་ཞུ་དང་། །དྲོད་ཉམས་མེ་དྲོད་མ་སྙོམས་དང་། །གཞང་འབྲུམ་སྐྱ་རྦབ་མིག་སེར་དང་། །རྐང་ལག་ཞ་བའི་ནད་དང་ནི། །རླུང་དང་མཁྲིས་པ་བད་ཀན་རྣམས། །བཀྲུ་སྨན་བཏང་བས་མྱུར་དུ་སེལ། །ནི་ལི་ནི་དང་ཚ་བ་གསུམ། །ལྕང་

མ་ཡ་བཀྵ་ར་དང་། །ལན་ཚྭ་དང་ཀྲུ་ཏྲུག་ཏྲེས། །ཕྱེ་མ་ཞུན་མར་བླུད་ན་ནི། །དམུ་རྫིང་སྐྲན་གྱི་ནད་རྣམས་སེལ། །སྦྱང་བྱས་ཉམ་ཆུང་བར་བར་དུ། །རྔ་མོ་བའམ་ར་ཡི་ནི། །འོ་མ་སྔོན་བཞིན་བླུད་པར་བྱ། །བཤོལ་དུ་མེད་པའི་ནད་ལ་ནི། །བཀྲུ་སྨན་ཕྱིར་

ནི་སྣུམ་བཅས་གཏང་། །མཆོག་ཏུ་ཉམ་ཆུང་གྱུར་ལ་སྦྱིན། །ཨ་རུ་ར་ཡི་ཕྱེ་མ་ནི། །བྲེ་གང་མར་ནི་བྲེ་བཞི་དང་། །མེ་ལ་བཞུས་ནས་གཟར་བུ་ཡིས། །དཀྲུགས་ནས་ནས་ཀྱི་སྦུན་པའི་ནང་། །ཟླ་གཅིག་བཞག་ནས་དེ་རྗེས་ལ། །ཕྱུང་སྟེ་ལེགས་པར་བཞུས་ནས་ནི། །

ཨ་རུ་ར་བསྐོལ་ཁུ་བ་དང་། །ཞོ་ནི་སྐྱུར་པོ་བཅས་པ་བསྐོལ། །དེ་འཐུངས་དམུ་རྫིང་སྐྲན་ལྟོ་སྦོས། །གཏུན་འདྲའི་རླུང་ནད་ཁོང་འབྲས་དང་། །མཛེ་དང་སྨྱོ་བྱེད་བརྗེད་བྱེད་རྣམས། །ཉེ་བར་འཇོམས་པར་བྱེད་པ་ཡིན། །ཤྲཱི་ཁཎྜ་བའི་འོ་མ། །བསྐོལ་ཏེ་བསྒྲངས་ནས་

གཟར་བུས་དཀྲུགས། །ལས་བྱུང་མར་ནི་སྣུ་ཧ་ཡི། །འོ་མར་བཅས་བསྐོལ་སྔ་མར་མཚུངས། །འོ་མ་བྲེ་ནི་བཅུ་དྲུག་དང་། །སུ་དྷ་ཀྵི་ར་བྲེ་ཕྱེད་བཅས། །ཞོར་གྱུར་བསྲུབས་པ་ལས་གྱུར་མར། །དུར་བྱིད་བསྐོལ་བའང་ཡོན་ཏན་དེའོ། །མར་ནི་བྲེ་གང་དག་དང་ནི། །

འོ་མ་བརྒྱད་འགྱུར་ནང་དུ་ནི། །སྣུ་ཧའི་འོ་མ་སྲང་གཅིག་དང་། །དུར་བྱིད་སྲང་དྲུག་བསྐོལ་དེ་བཞིན། །འདི་བླུད་འོག་ཏུ་ཐུག་པ་དང་། །ཤ་ཁུ་མངར་པོའམ་འོ་མ་བླུད། །མ་ཞུ་འཁྲུས་པར་གྱུར་པ་དང་། །བཅའ་སྒ་བསྐོལ་བའི་ཆུ་དྲོན་བླུད། །དེ་ནས་ཐུག་པ་དེ་འོག་ནི། །

เล่ม ๑๙๘ · หน้า 214b

ཀུ་ལངྠ་ཡི་ཡུ་ཤ་བླུད། །དེ་ལྟར་ཁོང་རྩུབ་ཞག་གསུམ་བླུད། །སླར་ཡང་ཐུག་སོགས་རིམ་པར་བླུད། །རིམ་པ་འདི་དག་ཉིད་ཀྱིས་ནི། །ཞུན་མར་ཡང་དང་ཡང་དུ་བླུད། །མར་ནི་བསྐོལ་བར་གྱུར་པ་འདི། །སྨན་པ་ལས་ལ་བྱང་བ་ཡིས། །སྐྲན་རྣམས་དང་ནི་དབྱིག་

དུག་དང་། །དམུ་རྫིང་བསལ་ཕྱིར་བླུད་པར་བྱ། །ཡང་ན་པི་ལུ་ལྡེ་གུར་བསྐོལ། །ལྟོ་སྦོས་སེལ་བར་བླུད་པར་བྱ། །སེང་ཕྲོམ་ནི་ལི་ནི་མར་རམ། །འདྲེས་པའི་སྨན་མར་བླུད་པར་བྱ། །ནད་བསལ་ནས་ནི་རིམ་གྱིས་ཟས། །སཱ་ལུའི་འབྲས་ཆན་ཡང་ཞིང་ཉུང་། །བྱིན་

ལ་དམུ་རྫིང་ཅན་གྱི་ནི། །ནད་ཀྱི་ལྷག་མ་དག་བྱའི་ཕྱིར། །ཨ་རུ་ར་ནི་རྡོག་མ་སྟོང་། །བ་གཅིན་དང་སྦྱར་འོ་མ་བླུད། །ཡང་ན་པི་པི་ལིང་རྡོག་སྟོང་། །སུ་དྷ་ཀྵི་རར་ལེགས་བསྲེས་པའམ། །པི་པི་ལིང་ནི་བསྐྱེད་སྦྱིན་པའམ། །འོ་མར་འཐུང་ཞིང་བྲག་ཞུན་བཟའ། །དེ་བཞིན་

གུ་གུལ་འོ་མ་དང་། །ཆ་མཉམ་སྒེའུ་གཤེར་ཁུ་བ་སྦྱིན། །ཡང་ན་ཐང་ཤིང་ཙི་ཏྲ་ཀའི། །ལྡེ་གུ་འོ་མར་སྦྱར་བ་བླུད། །ཟླ་གཅིག་ཧ་ཏི་པི་པི་ལིང་། །བཅའ་སྒ་འོ་མར་བཅས་པ་བླུད། །དན་ད་ཙི་ཏྲ་བྱི་དང་ག །དབྱི་མོ་ཚ་བ་གསུམ་ལྡེ་གུ། །ཞོ་གཉིས་འོ་མ་སྦྱར་བླུད་ན། །

དམུ་རྫིང་འཕེལ་བ་སེལ་བར་བྱེད། །ཡང་ན་སུ་དྷ་ཀྵིར་མར། །བཅས་པའི་ཁ་ཟས་ཟླ་གཅིག་སྦྱིན། །སུ་དྷཱ་ཀྵི་ར་ལ་སྦངས་བའི། །པི་པི་ལིང་དང་ཁུར་བ་སྦྱིན། །གལ་ཏེ་རྩིབ་ལོགས་གཟེར་ཞིང་རེངས། །སྙིང་བརྒལ་རླུང་གི་ནད་ལྡང་ན། །དེ་ལ་ཏིལ་མར་བིལ་བ་

དང་། །ཐལ་སྨན་དང་ནི་ལྡན་པར་སྦྱིན། །ཏུན་ཏུ་ཀ་དང་བ་ལ་དང་། །བ་ལ་ཤ་འམ་ཏིལ་སྡོང་དང་། །ཨ་པ་མརྒ་ཀ་ཏ་ལི། །ཨགྣི་མནྠཱི་ཐལ་བ་རྣམས། །སོ་སོར་གཟགས་པ་བསྐོལ་བ་བླུད། །བད་ཀན་རླུང་ངམ་མཁྲིས་པའམ། །དེ་གཉིས་རླུང་དང་འདྲེས་གྱུར་པ། །

སྟོབས་ལྡན་རང་གི་སྨན་བཅས་པ། །ཨེ་རཎྜ་ཡི་ཏིལ་མར་ཕན། །ཐང་ཤིང་ཨརྒ་པ་ལ་ཤ །ཧ་ཏི་པི་པི་ལིང་ཤི་ཀྲུ། །ཨ་ཤྭ་ཀརྞ་བ་གཅིན་བཅས། །ལྡེ་གུ་ལྟོ་བའི་ཕྱི་རིམ་བྱུག །བྲི་ཤི་ཀལི་ཤུ་དག་དང་། །བཅའ་སྒ་རྩ་བ་ལྔ་པ་དང་། །འུ་སུ་རུ་རྟ་བ་སྤྲུ་གཉིས། །བསྐོལ་

เล่ม ๑๙๘ · หน้า 215a

བ་བ་གཅིན་བཅས་པ་བླུགས། །འཁྲུས་ཤིང་ལྟོ་བ་ཞུམ་འགྱུར་བའི། །ས་ར་ན་ལ་སོགས་དུགས་བྱ། །གོས་ཀྱིས་ལེགས་པར་དཀྲི་བར་བྱ། །དེ་ལྟར་རླུང་གིས་སྤོས་མི་འགྱུར། །གང་ཞིག་ལེགས་པར་འཁྲུས་གྱུར་པ། །སླར་ཡང་སྦོས་གྱུར་དེ་ལ་ནི། །

སྣུམ་བཅས་སྐྱུར་དང་ལན་ཚྭ་གཉིས། །བཀྲུ་སྨན་མས་གཏོང་དྲག་པོར་བྱ། །རླུང་གིས་རེངས་དང་བཅས་གྱུར་པས། །གང་ཞིག་ལྟོ་སྦོས་གྱུར་པའི་མི། །དེ་ལ་ཐལ་སྨན་རྣོན་པོ་ནི། །བ་གཅིན་བཅས་པ་མས་གཏོང་བྱ། །དེ་ལྟར་དམུ་རྫིང་སྤྱི་ཡི་ནི། །གསོ་བ་གྲགས་

པར་བཤད་པ་ཡིན། །དེ་ནས་རླུང་གྱུར་དམུ་རྫིང་ཅན། །བི་ད་རི་སོགས་མར་བསྐོལ་བླུད། །དེ་ནས་སྣུམ་གྱིས་ཞེན་བྱས་ཤིང་། །ཡན་ལག་དུགས་བྱ་བཀྲུ་སྨན་གཏང་། །འདི་ལ་སེང་ཕྲོམ་མར་རམ་ནི། །འདྲེས་པའི་སྨན་མར་ལན་མང་བླུད། །ཐུག་སྩོགས་རིམ་པ་

བྱས་ནས་ནི། །སྟོབས་བསྐྱེད་ཕྱིར་ནི་འོ་མ་བླུད། །ཉམས་སྟོབས་རྙེད་ནས་རིམ་གྱིས་ནི། །འོ་མ་དེ་ནི་སྤང་བར་བྱ། །ཡུ་ཤ་ཤ་ཁུ་སྐྱུར་དང་ནི། །ལན་ཚྭར་བཅས་པས་མེ་དྲོད་བསྐྱེད། །རྟུག་འགགས་གྱུར་ནས་སླར་སྣུམ་དང་། །དུགས་བྱ་དེ་འོག་མས་གཏོང་བྱ། །

རྩུབ་ཅིང་མས་གཏོང་སྨན་བཅས་པའི། །རྩ་བ་བཅུ་པའི་མས་གཏོང་སྦྱར། །གཡོ་ཞིང་ཚིགས་རུས་ལ་འཇུག་པ། །རྩུབ་ཅིང་འཕྱེན་དང་ཕྱིས་འགགས། །མེ་དྲོད་ཆེ་ལ་ཏིལ་མར་དང་། །ཨེ་རཎྜའི་མར་རླུང་འཇོམས་པའི། །སྨན་དང་བསྐོལ་བའི་འཇམ་རྩི་གཏང་། །ཁྲུས་

མི་བྱ་ལ་འོ་མ་མར། །ཤ་ཁུ་ལ་སོགས་ཞི་བྱེད་གཏང་། །མཁྲིས་པ་ལས་གྱུར་སྟོབས་ཆེ་ལ། །མངར་དང་སྦྱར་བའི་སྣུམ་ཆོས་བྱ། །ཤ་མ་དུར་བྱིད་འབྲས་བུ་གསུམ། །བསྐོལ་བའི་ཁུ་བའི་བཀྲུ་སྨན་གཏང་། །དེ་འོག་ནྱ་གྲོ་དྷ་སོགས་བསྐོལ། །ཁུ་བར་ཁ་ར་སྦྲང་

རྩི་མར། །ལྡན་པ་ནི་རུ་ཡང་ཕན། །དེ་བསྐོལ་སྣུམ་གྱི་འཇམ་རྩི་གཏང་། །ཉམ་ཆུང་དང་པོ་འཇམ་རྩི་གཏང་། །འོ་མ་མས་གཏོང་གེས་སྦྱང་བྱ། །མེ་སྟོབས་བསྐྱེད་ཅིང་སྣུམ་ཆོས་བྱ། །འོ་མ་དུར་བྱིད་ལྡེ་གུའམ། །ཨེ་རཎྜ་དང་བསྐོལ་བའམ། །སད་ལ་དང་ཀྱི་

เล่ม ๑๙๘ · หน้า 215b

ལྕེ་བའམ། །དོང་ག་བསྐོལ་བ་དག་གིས་བྱ། །བད་ཀན་བཅས་ལ་བ་གཅིན་བཅས། །རླུང་ཅན་ཏིག་ཏ་མར་བཅས་པའི། །ཡང་དང་ཡང་དུ་བཀྲུ་སྨན་གཏང་། །འདི་དག་འོ་མར་བཅས་བཟའ་བའམ། །བི་ད་རི་སོགས་སྡེ་བསྐོལ་བླུད། །དམུ་རྫིང་ཅན་ལ་འོ་ཐུག་ནི། །

སྦྱིན་ཞིང་ཉེ་བར་བསྐུ་བར་བྱ། །སླར་ཡང་འོ་མ་འཇམ་རྩི་དང་། །བཀྲུ་སྨན་ཡང་དང་ཡང་དུ་གཏང་། །རིམ་པས་ངེས་པར་གནས་བྱས་ཏེ། །མ་ཡེངས་མཁྲིས་གྱུར་དམུ་རྫིང་བསལ། །བད་ཀན་ལས་གྱུར་སྣུམ་ཆོས་བྱ། །དུག་མོ་ཉུང་སོགས་མར་བསྐོལ་གཏང་། །ཉམས་

སྟོབས་ལྡན་པས་དུགས་བྱས་ཏེ། །སུ་དྷ་ཀྵི་རའི་བཀྲུ་སྨན་གཏང་། །ཐུག་སོགས་རིམ་དང་ཐལ་སྨན་ཚ། །ལྡན་པས་བད་ཀན་སེལ་བ་སྦྱིན། །བ་གཅིན་ཚ་གསུམ་ཏིལ་མར་བཅས། །མས་གཏོང་དྲག་པོ་བྱ་བའང་ཕན། །མུངྒ་ཀ་སོགས་ལྡེ་གུ་དང་། །སྣུམ་གྱི་འཇམ་རྩི་དེ་

ནས་གཏང་། །ཁ་ཟས་འོ་མ་ཚ་བ་གསུམ། །ཡང་ན་རྒྱ་སྲན་ཁུ་བ་སྦྱིན། །བད་ཀན་འཐས་ཤིང་ལྟོ་བ་སྐྲང་། །རྨོངས་བག་སྙིང་འཕར་ཡི་ག་འཆུས། །མེ་དྲོད་ཆུང་བ་ཆང་གོམས་ན། །ཆང་སྙིང་ནས་ཚིག་འཁུས་ཐལ་བླུད། །ཤིང་ཀུན་དང་ནི་པི་པི་ལིང་། །འབྲས་བུ་གསུམ་

དང་ཐང་ཤིང་དང་། །སེར་པོ་རྣམ་གཉིས་གོ་བྱེ་དང་། །ན་ལེ་ཤམ་དཀར་པུ་ཙེ་ཤེལ། །སེང་ཕྲོམ་ཤུ་དག་བཅའ་སྒ་དང་། །བོང་ང་གླ་སྒང་རུ་རྟ་དང་། །ས་ར་ན་དང་ལན་ཚྭ་དང་། །བཏགས་པ་ཞོ་དང་སྣུམ་བཞི་སྦྱར། །དུ་བ་མ་ཤོར་བར་བསྲེགས་ལ། །ཐལ་བ་དེ་ལས་ཞོ་གཉིས་

དང་། །ཆང་དང་ཆུ་དྲོན་ཞོག་ཆུ། །ཆང་རྙིང་མནན་ཆང་སྦྱར་བ་བླུད། །སྐྲན་དང་དམུ་རྫིང་གཏུན་འདྲའི་ནད། །རྩིག་པ་འདྲ་དང་གསུད་དང་སྐྲན། །སྙིང་ནད་མཆེར་པ་གཞང་འབྲུམ་དང་། །རྟུག་འགགས་ནད་རྣམས་འཇོམས་པར་བྱེད། །བད་ཀན་དམུ་རྫིང་ཉམ་ཆུང་ལ། །

ཆང་རྙིང་དང་ནི་བག་ཅིན་དང་། །ལྕགས་ཕྱེ་དང་སྦྱར་བཏུང་བ་དང་། །ཐལ་སྨན་ཏིལ་མར་བཅས་པ་བླུད། །ཉུངས་ཀར་ཕབས་དང་ལ་ཕུག་གི། །ས་བོན་བཏབ་པའི་ལྡེ་གུ་ཡིས། །བསྐུ་ཞིང་དམུ་རྫིང་དུགས་བྱ་བ། །འདི་ལ་རྒྱུན་དུ་སྦྱང་བར་བྱ། །འདུས་པ་ལས་གྱུར་དམུ་

เล่ม ๑๙๘ · หน้า 216a

རྫིང་ནི། །མེ་དྲོད་ཉམས་སྟོབས་མ་ཟད་ལ། །ནད་ཤས་ཆེ་ལྟར་རེ་ཐག་ཆད། །གསོ་བའི་སྦྱོར་བ་འདི་བྱའོ། །དན་ད་ཏྲ་པན་ཏིའི་འབྲས་བུ། །བཙིར་བའི་མར་ནི་བླུད་པ་བསྔགས། །དམུ་རྫིང་གསོས་ཀྱང་མ་འཆོས་དང་། །མཆོག་ཏུ་ཉེས་གསུམ་

ལས་གྱུར་ལ། །དེ་ཡི་ཉེ་དུ་དྲིས་ནས་ནི། །ཀ་ཀ་ད་ནི་འོལ་མ་སེ། །ཀ་ར་བཱི་རའི་རྩ་བ་དག །བཏགས་པའི་ལྡེ་གུ་ཆང་སྦྱར་བླུད། །ཡང་ན་བཟའ་བཏུང་ནང་དུ་ནི། །དུག་ཀྱང་རིམ་པས་སྦྱིན་པར་བྱ། །གང་དུ་སྦྲུལ་ནི་ཁྲོས་གྱུར་ནས། །ཤིང་ཏོག་ལ་ནི་དུག་བསྒོས་པ། །

དེ་ཡིས་འདི་ཡི་ནད་ཚོགས་ནི། །བརྟན་ཞིང་ཞེན་པ་ལམ་ལོག་ཞུགས། །བཤིག་སྟེ་ཕྱིར་ནི་འབྱིན་པར་བྱེད། །དུག་གིས་མྱུར་དུ་འཇིག་པར་བྱེད། །དེ་བཞིན་ནད་མེད་འགྱུར་བའམ། །འཆི་བ་ཉིད་དུ་འགྱུར་བ་ཡིན། །ནད་བསལ་ནད་དེ་ཆུ་གྲང་གིས། །ཁྲུས་བྱས་འོ་མའམ་

ཐུག་པ་བླུད། །དུར་བྱིད་ཀྱི་ནི་ཚོད་མའམ། །རྒྱ་སྣེའུ་མར་ཏི་ཀ་པརྞི། །ཀ་ལ་ཤ་ཀ་སྣེའུ་ཡི། །ཁུ་བ་དང་ནི་བསྐོལ་བ་ལ། །སྐྱུར་དང་ལན་ཚྭ་སྣུམ་མེད་ཅིང་། །ཤིན་ཏུ་ཚོས་པའམ་མ་ཚོས་མིན། །ཟས་མེད་ཟླ་བ་གཅིག་སྦྱིན་ལ། །དེ་ནས་སྐོམ་ན་ཁུ་བ་བླུད། །དེ་ལྟར་

ཟླ་བ་གཅིག་གི་བར། །ཚོད་མས་ནད་ནི་བསལ་གྱུར་ནས། །ཉམ་ཆུང་བ་ལ་བརྟས་བྱེད་པ། །རྔ་མོའི་འོ་མ་བླུད་པར་བྱ། །མཆེར་པའི་དམུ་རྫིང་ནད་གཞི་ནི། །ཇི་བཞིན་སྣུམ་ཆོས་དུགས་བྱ་སྟེ། །ཞོ་དང་འབྲས་ཆན་བཅས་བྱིན་ལ། །ལག་པ་གཡོན་ནས་གཏར་ག་གདབ། །

ཉམ་སྟོབས་རྙེད་ནས་སླར་ཡང་ནི། །སྣུམ་བླུད་ནས་ནི་སྦྱང་བར་བྱ། །རྒྱ་མཚོའི་ཉ་ཕྱིས་ཐལ་སྨན་དང་། །འོ་མ་སྦྱར་བ་བླུད་པར་བྱ། །པུ་ཏི་ཀ་རཉྫའི་ཐལ་བ། །སྐྱུར་ཁུ་ཁ་རུ་ཚ་དང་ནི། །པི་པི་ལིང་གི་ཕྱེ་བཏབ་བ་བླུད། །ཤི་ཀྲུ་བསྐོལ་བ་པི་པི་ལིང་། །རྒྱམ་ཚ་ཙི་ཏྲ་ཀ་བཏབ་བླུད། །

ཤིང་ཀུན་སྩོགས་ཕྱེ་ཐལ་སྨན་དང་། །མར་སྦྱར་མེ་དྲོད་ཇི་བཞིན་སྦྱིན། །དོང་གྲ་ངན་པ་པི་པི་ལིང་། །ཆ་མཉམ་ཨ་རུ་ར་ཉིས་འགྱུར། །ཁ་རུ་ཚ་ནི་ཆ་ཕྱེད་བཅས། །ཕྱེ་མ་ཆུ་དྲོན་སྦྱར་བ་བླུད། །བྱི་དང་ག་དང་ཀྲུ་ཏྲུག་ཏྲེས། །ཕྱེ་དང་རྒྱམ་ཚ་ཤུ་དག་རྣམས། །ཁམ་སྐྱོགས་

เล่ม ๑๙๘ · หน้า 216b

ནང་བསྲེགས་འོ་མར་བཅས། །བླུད་ན་སྐྲན་དང་མཆེར་ནད་འཇོམས། །རྒྱ་ཤུག་ལོ་མ་ཏིལ་མར་བསྲེས་པ་དག །ལེགས་པར་མཉེས་ཤིང་བསྲེགས་ཏེ་དེ་འོག་ཏུ། །གཏུན་བུས་བཙིར་ལ་དེ་འོག་འོ་མ་བླུད། །མཆེར་པ་དམུ་རྫིང་ཚོགས་ནི་འཇིག་པར་འགྱུར། །རོ་ཧིཏ་ཡི་ལྕུག་

མ་གཏུབས། །དུམ་བུ་ཨ་རུ་ར་བཅས་ཆུའམ། །བ་གཅིན་ནང་དུ་ཞག་བདུན་ནི། །སྦངས་ལ་དེ་ནི་བླུད་གྱུར་ན། །མིག་སེར་མཆེར་པ་སྐྲན་གཞང་འབྲུམ། །སྲིན་ནད་གཅིན་སྙིད་མུ་རྫིང་འཇོམས། །རོ་ཧི་ཏ་ཀའི་ཤུན་ལྤགས་ནི། །སྲང་ནི་ཉི་ཤུ་རྩ་ལྔའི་ཚད། །རྒྱ་ཤུག་བྲེ་

དོར་བཅས་པ་ནི། །བསྐོལ་བའི་ཁུ་བ་བྱས་ནས་ནི། །ཚ་བ་ལྔ་ནི་སྲིང་རེ་དང་། །དེ་དག་ཀུན་དང་མཉམ་པ་ཡི། །རོ་ཧི་ཏ་ཀའི་ཤུན་ལྤགས་ཕྱེ། །མར་བྲེ་གང་དང་བཙོས་ནས་ནི། །འདི་བླུད་པ་ཡིས་མྱུར་དུ་ནི། །མཆེར་པ་རབ་ཏུ་འཕེལ་བ་སེལ། །ཆུ་ཤིང་ཏིལ་གྱི་སྡོང་པོ་

དང་། བུ་རམ་ཤིང་བསྲེགས་ཐལ་བ་ནི། །ཏིལ་མར་བསྐོལ་བ་བླུད་གྱུར་ན། །བད་རླུང་ལས་གྱུར་མཆེར་ནད་འཇོམས། །མ་ཞི་སྐྲན་གྱི་ཆོ་ག་ལྟར། །རླུང་དང་བད་ཀན་ཤས་ཆེ་ལ། །མཆེར་ནད་སྤྱི་བག་མ་གྱུར་ལ། །མེ་ཡི་ལས་ནི་སྤྱད་པར་བྱ། །མཁྲིས་གྱུར་འཚོ་བྱེད་སྣ་

བཅུ་དང་། །མར་དང་འོ་མ་འཇམ་རྩི་གཏང་། །ཁྲག་དབྱུང་སྦྱང་བ་བྱ་བ་དང་། །འོ་མ་བླུད་པར་གྱུར་པའང་བསྔགས། །མཆིན་པ་མཆེར་པ་ལ་ལྟར་གསོ། །གཏར་ག་ལག་པ་གཡས་ནས་བྱ། །རྒྱུ་མ་འགགས་གྱུར་དུགས་བྱས་ལ། །བ་གཅིན་སྨན་ནི་རྣོ་བཅས་པའི། །

ཏིལ་མར་ལན་ཚྭ་བཅས་པ་ཡི། །ནི་རུ་ཧ་ནི་འཇམ་རྩིར་བྱ། ཕྱིས་སླ་འགྱུར་ཁ་ཟས་དང་། །བཀྲུ་སྨན་རྣོན་པོ་འདི་ལ་གཏང་། །རྟུག་འགགས་བསལ་བའི་གསོ་བ་ནི། །རླུང་འཇོམས་བྱེད་པ་གང་ཡིན་བྱ། །རྒྱུ་མ་རྡོལ་བའི་དམུ་རྫིང་ལ། །དུགས་མ་གཏོགས་

པའི་གསོ་བ་ཀུན། །བད་ཀན་དམུ་རྫིང་ལྟ་བུར་བྱ། །སོགས་པ་བཞིན་དུ་ཆུ་གཟགས་ཤིང་། །སྨན་པས་དེ་ལྟར་འཚོ་ཙམ་བྱ། །དམུ་ཆུ་ལ་ནི་ཆུ་ཡི་ནི། །ཉེས་སེལ་སྨན་ནི་དང་པོ་ནི། །སྨན་རྣོ་བ་གཅིན་ལྡན་པ་དང་། །སྣ་ཚོགས་ཐལ་སྨན་ལྡན་པར་སྦྱིན། །དྲོད་

เล่ม ๑๙๘ · หน้า 217a

སྐྱེད་བད་ཀན་འཇོམས་པ་ཡི། །ཟས་ཀྱིས་དེ་ནི་གསོ་བར་བྱ། །ར་ཡི་རིལ་མའི་ཐལ་བའི་ཆུ། །བ་གཅིན་བཅས་གཟགས་མེ་བསྐོལ་བ། །སྐ་བར་གྱུར་པ་དེ་ནང་དུ། །པི་པི་ལིང་དང་དེའི་རྩ་བ། །བཅའ་སྒ་དུར་བྱིད་ལན་ཚྭ་ལྔ། །དན་ད་ཁྲོན་བུ་

འབྲས་བུ་གསུམ། །ཤུ་དག་ཀརྐ་ཏ་སྲིང་གི། །ཡ་བཀྵ་ར་པ་ཏ་ལ། །སྭ་རྫི་ཀཥ་ཞེས་བྱ་བ། །ཞོ་ནི་གཉིས་གཉིས་བཏགས་ཕྱེ་གཞུག །རྒྱ་ཤུག་ཙམ་གྱི་རི་ལུ་བྱ། །དེ་ནས་སྐྱུར་རྩབས་དང་སྦྱར་ལ། །བླུད་ན་མ་ཞུ་འོར་ནད་དང་། །དམུ་ཆུའི་ནད་ནི་འཕེལ་བ་སེལ། །དེ་

ལྟར་སྨན་གྱིས་མ་ཐུབ་ན། །རྒྱུ་འགགས་ལ་སོགས་དམུ་རྫིང་གསུམ། །གཉེན་གྱི་རྒྱལ་པོ་ལ་ཞུས་ཏེ། །མཚོན་གྱི་ལས་ནི་སྤྱད་པར་བྱ། །རྒྱུ་འགགས་རྡོལ་བའི་དམུ་རྫིང་ལ། །སྣུམ་ཞེན་དུགས་བྱས་ལྟེ་བའི་འོག །གཡོན་ལོགས་སུ་ནི་སོར་བཞི་ཡི། །ལྟོ་བའི་ཕྱོགས་

སུ་བཞག་ནས་ནི། །སོར་བཞི་ཙམ་གྱི་ཚད་དབྲལ་ལ། །དེ་ནས་རྒྱུ་མ་ཕྱུང་ནས་ནི། །བཏགས་ཏེ་སྤུ་དང་དྲི་མ་དང་། །འབྱར་བག་རྡོ་བ་ལ་སོགས་བསལ། །བརྟོལ་བ་ཟུག་རྔུ་ཕྱུང་ནས་ནི། །རྣམ་པར་བསལ་ལ་གཟགས་པར་བྱ། །བུ་ག་དབྲལ་ལ་འཆར་གཞུག་ཅིང་། །

ཟིན་ནས་དེ་ཡི་ལུས་ཀྱི་ནི། །མགོ་བོ་རྣམ་པར་གཅད་པར་བྱ། །དེ་རྗེས་མར་དང་སྦྲང་རྩི་ཡིས། །བསྐུས་ནས་རྒྱུ་མ་ལེགས་པར་གཞུག །དེ་འོག་ཕྱིའི་ངོས་ནས་རྨ་བཙེམ། །དེ་ནས་ས་ནག་ཤིང་མངར་གྱི། །ལྡེ་གུས་ལེགས་པར་བསྐུ་བར་བྱ། །དེ་འོག་རླུང་མེད་གནས་

སུ་ནི། །བཞག་ལ་འོ་མས་གསོས་པ་དང་། །སྣུམ་གྱི་སྣོད་ནས་བཅིང་བར་བྱ། །ཆུ་བཅས་དམུ་རྫིང་ཏིལ་མར་ནི། །རླུང་འཇོམས་བསྐོལ་བས་བསྐུས་ནས་ནི། །ཆུ་དྲོན་བླུགས་པས་དུགས་བྱ་ཞིང་། །ལྟོ་བ་རས་ཀྱིས་དཀྲིས་ནས་ནི། །རྒྱུ་འགགས་རྡོལ་པར་བཤང་

ནས་སུ། །སོར་གཅིག་ཙམ་ནི་དབུག་པར་བྱ། །དེར་ནི་གཅེའུ་བཅུག་ནས་ནི། །དེ་ལ་ཆུ་ཕྱེད་གཟགས་པར་བྱ། །དེ་ནས་གཅེའུ་ཕྱུང་ནས་ནི། །ཏིལ་དང་རྒྱམ་ཚའི་ལྡེ་གུ་ཡིས། །རྨ་བསྐུས་ནས་ནི་བཀག་ནས་སུ། །རས་ཀྱིས་ལྟོ་བ་དཀྲི་བར་བྱ། །ཞག་གསུམ་ཡང་ན་

เล่ม ๑๙๘ · หน้า 217b

ཞག་བཞི་ཞིང་། །ཞག་ནི་བཅུ་དྲུག་བར་གྱིས་བྱ། །དེ་ནི་བར་བར་དུབ་བསྟི་ཞིང་། །ཆུ་ནི་ཉུང་ཟད་ཉུང་ཟད་དབྱུང་། །ལྟོ་ནི་ལྷོད་པར་གྱུར་པ་ན། །ཤིན་ཏུ་དམ་དུ་དཀྲི་བར་བྱ། །ཆུ་ནི་གཟགས་པ་སྨྱུང་བྱས་ལ། །ཐུག་པ་ལན་ཚྭ་སྣུམ་མེད་བླུད། །ཟླ་དྲུག་བར་དུ་འོ་མས་

གསོ། །ཟླ་གསུམ་ཐུག་པ་འོ་ཐུག་བླུད། །ཟླ་གསུམ་བར་དུའོ་ཐུག་གམ། །འབྲས་བུ་སྐྱུར་བཅས་ཤ་ཁུ་ནི། །ལན་ཚྭ་སྣུམ་ནི་ཉུང་བ་བླུད། །ཁྲེ་དང་ཅི་ཙེ་རྙིང་པོ་སྦྱིན། །དེ་ལྟར་ལོ་གཅིག་འབད་པ་ཡིས། །ཆུ་ཡི་དམུ་རྫིང་ལེགས་པར་གསོ། །སྤང་བ་རྣམས་ནི་བསྡམས་པ་

དང་། །བརྟན་པར་བྱ་ཞིང་སྐོམ་མེད་བྱ། །གང་ཕྱིར་དམུ་རྫིང་ཐམས་ཅད་ནི། །ནད་སོགས་པ་ལས་བྱུང་བས་ན། །དེ་ཕྱིར་རླུང་སོགས་བསལ་བ་ཡི། །གསོ་བ་ཀུན་ལ་བསྔགས་པ་ཡིན། །ནད་ཀྱིས་ལྟོ་བ་གང་འགྱུར་པས། །མེ་དྲོད་འབྲི་བར་གྱུར་པ་ཡིན། །དེ་བས་

ནང་ན་དྲོད་སྐྱེད་པའི། །རྩ་བ་ལྔ་བཅས་ཉུང་བ་དང་། །ལན་ཚྭ་སྣུམ་དང་ཁ་བ་ཉུང་། །འཇུ་སླའི་ཁ་ཟས་སྦྱིན་པར་བྱ། །བ་གཅིན་དང་ནི་སྦངས་པ་ཡི། །དྲུག་ཅུ་པ་ཡི་འབྲས་དག་ལས། །ཐུག་པ་འོ་ཐུག་བཙོས་ནས་ནི། །ཅི་འདོད་པར་ནི་སྦྱིན་པར་བྱ། །དམུ་རྫིང་སྐྱོན་

ནི་སྦྱང་བའི་ཕྱིར། །དེ་རྗེས་བུ་རམ་ཤིང་ཁུ་བླུད། །དེ་ནི་རླུང་མཁྲིས་བད་ཀན་རྣམས། །རང་རང་གནས་སུ་འགྲོ་བར་འགྱུར། །ཤིན་ཏུ་ཚ་བའི་ཆུ་ལན་ཚྭ། །རྩུབ་ཅིང་བཤང་སྲི་གྲང་ཞིང་ལྕི། །བུ་རམ་ཏིལ་གཡོས་ཚོད་མ་དང་། །ཆུ་འཐུང་ལུས་ནི་འཁྲུ་བ་དང་། །རྩོལ་

དྲགས་ལམ་དུབ་ཉིན་མོ་གཉིད། །བཞོན་པས་འགྲོ་བ་སྤང་བར་བྱ། །ཤིན་ཏུ་སྐ་སླ་མིན་ཞིང་མངར། །དར་བ་སྐོམ་དུ་བླུད་པ་བསྔགས། །རླུང་ལ་རྒྱམ་ཚ་པི་པི་ལིང་། །མཁྲིས་པར་ཀར་ཚ་བ་གསུམ། །བད་ཀན་ལས་གྱུར་ལ་ལ་ཕུད། །རྒྱམ་ཚ་ཟི་ར་སྦྲང་རྩི་དང་། །ཚ་བ་

གསུམ་དང་ལྡན་པ་སྦྱིན། །འདུས་པ་ལས་གྱུར་སྦྲང་རྩི་དང་། །ཤུ་དག་ཏིལ་མར་བཅའ་སྒ་དང་། །ཤུ་ཏི་རུ་རྟ་ལྕེ་མྱང་ཚ། །མཆེར་པ་རྒྱུན་འགགས་དམུ་རྫིང་ལ། །ཚ་བ་གསུམ་དང་ལ་ལ་ཕུད། །རྒྱམ་ཚ་གོ་སྙོད་སྤ་འབྲས་བཅས། །རྒྱུ་རྡོལ་སྦྲང་རྩི་པི་པི་ལིང་། །ཚ་བ་

เล่ม ๑๙๘ · หน้า 218a

གསུམ་དང་ལྡན་པ་བླུད། །ཆུ་ཡི་དམུ་རྫིང་ཅན་ལ་ནི། །ཚ་བ་གསུམ་བཅས་བླུད་ན་ཕན། །རླུང་དང་བད་ཀན་གྱིས་གཟིར་ཞིང་། །ལུས་ལྕི་ལྟོ་སྦོས་ཡི་ག་འཆུས། །ཚད་འཁྲུ་མེ་དྲོད་ཉམས་པ་ལ། །དར་བ་བདུད་རྩི་ལྟ་བུ་ཡིན། །སྦྱོར་བ་ཀུན་

གྱི་རྗེས་ལ་ནི། །འོ་མ་ཉེ་བར་སྦྱར་བྱ་སྟེ། །ལུས་ཟུངས་ཐམས་ཅད་བརྟན་བྱེད་ཅིང་། །སྟོབས་བསྐྱེད་ནད་ནི་ལྷག་ལུས་སེལ། །སྨན་གྱིས་ཉམས་སྨད་གྱུར་ལུས་ལ། །འོ་མ་བདུད་རྩི་ལྟ་བུ་ཡིན། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། གསོ་བའི་གནས་ཀྱི་

ལེའུ་བཅོ་ལྔ་པའོ།། །།དེ་ནས་སྐྱ་རྦབ་ཀྱི་ནད་གསོ་བའི་ལེའུ་བཤད་པར་བྱའོ། །སྐྱ་རྦབ་ནད་ལ་དང་པོར་ནི། །དགེ་བ་ཆེན་པོའི་སྨན་མར་རམ། །བ་ཡི་ལྔ་དང་ཏིག་ཏ་ཆེའམ། །དོང་ག་སོགས་བསྐོལ་སྨན་མར་བླུད། །སེའུ་འབྲུ་ཕུལ་གང་འུ་སུ་ཕྱེད། །

ཙི་ཏྲ་ཀ་དང་བཅའ་སྒ་ལས། །སྲང་རེ་པི་པི་ལིང་སྲང་ཕྱེད། །ལྡེ་གུར་བྱས་པ་མར་སྲང་ནི། །ཉི་ཤུ་ཆུ་བྲེ་བཞི་ནང་བསྐོལ། །སྐྱ་རྦབ་སྙིང་ནད་གཞང་འབྲུམ་སྐྲན། །མཆེར་རླུང་བད་ཀན་གྱིས་ཉེན་སེལ། །དྲོད་སྐྱེད་ལུད་པ་དབུགས་མི་བདེ། །སེལ་ཞིང་དབུགས་འཁྱིལ་

བདེར་འབྱུང་བྱེད། །བུ་བཙས་དཀའ་དང་མོ་གཤམ་ལ། །འདི་ནི་མཆོག་ཏུ་བསྔགས་པ་ཡིན། །སྣུམ་བྱས་སྐྱུག་སྨན་རྣོན་པོ་གཏང་། །སླར་ཡང་སྣུམ་བཅས་བཀྲུ་སྨན་ནི། །འོ་མ་གཅིན་སྦྱར་བཏང་བའམ། །མཁུར་བཀང་ལན་མང་བྱས་པས་སྦྱང་། །དན་དའི་འབྲས་

བུའི་ཁུ་བ་དྲོ། །ཏང་པལ་ཡང་ན་རྒུན་འབྲུ་ནི། །སྲང་བརྒྱད་ཞག་གཅིག་སྤངས་མཉེས་པ། །དེ་འཐུངས་སྐྱ་རྦབ་ནད་སེལ་ཏོ། །ཨ་རུ་ར་བཏགས་བ་གཅིན་སྦྱར། །ཡང་ན་དེ་བསྐོལ་འབྲས་བུ་གསུམ། །ཁྲོན་བུ་མ་ཤ་དུར་བྱིད་དང་། །ཐང་ཤིང་བཅའ་སྒའི་ལྡེ་གུ་ནི། །བ་

གཅིན་སྲང་བརྒྱད་སྦྱར་བའམ། །བ་གཅིག་ལྷན་ཅིག་བསྐོལ་བ་བླུད། །དེ་དག་ཉིད་ནི་མར་བསྐོལ་བ། །བླུད་ནའང་ནད་ནི་སེལ་བར་བྱེད། །ཡང་ན་ལྕགས་ཕྱེ་བ་གཅིན་ནམ། །འོ་མ་ཞག་བདུན་བཞག་པ་བླུད། །ཞུ་ནས་ཁ་ཟས་འོ་མའམ། །ཤ་ཁུ་མངར་པོ་སྦྱིན་པར་བྱ། །

เล่ม ๑๙๘ · หน้า 218b

སྟོད་སྨད་སྦྱངས་ནས་ཨ་རུ་ར། །སྦྲང་རྩི་མར་སྦྱར་ལྡེ་གུ་སྦྱིན། །བི་ཤ་ལ་དང་པུ་ཙེ་ཤེལ། །གླ་སྒང་རུ་རྟ་ཐང་ཤིང་དང་། །དུག་མོ་ཉུང་ནི་ཞོ་གཉིས་གཉིས། །མུར་བ་སྲང་ཕྱེད་བོང་ང་ནི། །ཞོ་གཅིག་དེ་ཡི་ཕྱེར་བཏགས་ཆུ། །དྲོ་འཇམ་སྦྱར་བླུད་སྦྲང་རྩི་སྦྱིན། །སྐྱ་རྦབ་རིམས་

དང་ཁོང་ཚ་དང་། །ལུད་པ་དབུགས་མི་བདེ་སྐྲན་སྦོས། །ཡི་ག་འཆུས་དང་མ་ཞུ་རླུང་། །ཁྲག་མཁྲིས་དེས་ནི་སེལ་བར་བྱེད། །སླེ་ཏྲེས་དང་ནི་བ་ཤ་ཀ །འབྲས་བུ་གསུམ་དང་པུ་ཙེ་ཤེལ། །ཏིག་ཏ་ནིམ་པ་རྩ་མཁྲིས་རྣམས། །བསྐོལ་ཏེ་བསྒྲངས་པར་སྦྲང་རྩི་ནི། །བཏབ་

པ་བླུད་ན་སྐྱ་རྦབ་དང་། །མིག་སེར་ཁྲག་མཁྲིས་འཇོམས་པར་བྱེད། །ཚ་བ་གསུམ་དང་ཙི་ཏྲ་ཀ །འབྲས་བུ་གསུམ་དང་བྱི་དང་ག །ག་དུར་དང་མཉམ་ལྕགས་ཀྱི་ཕྱེ། །མར་དང་སྦྲང་རྩི་དར་བའམ། །ཆུ་དྲོན་འོ་མར་སྦྱར་བླུད་ན། །མིག་སེར་སྐྱ་རྦབ་སྙིང་ནད་དང་། །མཛེ་

དང་གཞང་འབྲུམ་ནད་རྣམས་སེལ། །དོང་གྲ་ལྕགས་ཕྱེ་ཏིལ་དང་ནི། །བུ་རམ་ཆ་མཉམ་པ་ཡི་ཚད། །པི་པི་ལིང་ནི་ཉིས་འགྱུར་གཞུག །རི་ལུ་སྐྱ་རྦབ་ཅན་ལ་སྦྱིན། །ཏ་བྱ་སྐྱེར་པའི་ཤུན་པ་དང་། །དབྱི་མོང་པི་པི་ལིང་རྩ་བ། །ཐང་ཤིང་རྩ་བ་གསུམ་སྩོགས་དགུ། །

ཕྱེ་མར་བཏགས་པ་ཉིས་འགྱུར་གྱི། །མན་དུ་རའི་ཕྱེ་དངུལ་རྡོ་འདྲ། །དེ་དག་གི་ནི་བརྒྱད་འགྱུར་གྱི། །བ་གཅིན་ནང་དུ་སོ་སོར་བསྐོལ། །རི་ལུར་བྱ་བར་བཟོད་པ་དང་། །གཅིག་ཏུ་བསྲེས་ཏེ་རི་ལུར་བྱ། །འདི་ནི་མ་དུ་རའི་རི་ལུ། །དེ་ཟོས་དར་བ་འཐུངས་ན་ནི། །སྐྱ་རྦབ་ཅན་

ལ་སྲོག་སྟེར་རོ། །མཛེ་དང་མ་ཞུ་འོར་ནད་དང་། །བརླ་རེངས་ཡི་ག་འཆུས་པ་དང་། །གཞང་འབྲུམ་མིག་སེར་གཅིན་སྙི་དང་། །མཚེར་པའི་ནད་རྣམས་ཞི་བར་བྱེད། །ཏ་བྱ་བྲག་ཞུན་རྡུལ་ལྕགས་ཀྱི། །དྲི་མ་སྣ་རེ་སྲང་ལྔ་ལྔ། །ཙི་ཏྲ་ཀ་དང་འབྲས་བུ་གསུམ། །ཚ་བ་

གསུམ་དང་བྱེ་དང་བ། །སྲང་རེ་ཁ་ར་སྲང་བརྒྱད་སྦྱར། །ཕྱེ་མ་སྦྲང་རྩིས་སྦྲུས་པ་ཡིས། །སྐྱ་རྦབ་དུག་དང་ལུད་པ་ལུ། །གཅོང་ཆེན་མི་བཟད་རིམས་དང་ནི། །མཛེ་དང་མ་ཞུ་གཅིན་སྲི་དང་། །སྐྲན་དབུགས་མི་བདེ་ཡི་ག་འཆུས། །ཁྱད་པར་དུ་ནི་བརྗེད་བྱེད་དང་། །མིག་སེར་

เล่ม ๑๙๘ · หน้า 219a

གཞང་འབྲུམ་ནད་རྣམས་འཇོམས། །དུག་མོ་ཉུང་དང་འབྲས་བུ་གསུམ། །ནིམ་པ་གླ་སྒང་པ་ཏོ་ལ། །དོང་གྲ་བསྐོལ་བའི་ཁུ་བར་ནི། །བྲག་ཞུན་སྲང་བརྒྱད་ཞག་བཅུར་རམ། །ཉི་ཤུའམ་སུམ་ཅུའི་བར་དུ་སྦངས། །ཀ་ར་དཀར་པོ་དེ་མཉམ་དང་། །

སྨིག་རྐང་དང་ནི་པི་པི་ལིང་། །ཀར་ཀ་ཏ་སྲིང་སྐྱུ་རུ་ར། །སྲང་རེའི་ཚད་དུ་བྱས་པ་དང་། །ཀཎྜ་ཀ་རིའི་རྩ་འབྲས་བུ། །སྲང་གཅིག་ཚད་དུ་བྱས་པ་དང་། །དྲི་སྣ་གསུམ་ནི་ཞོ་གཉིས་གཉིས། །སྦྲང་རྩི་སྲང་གསུམ་བྱས་པ་དང་། །རི་ལུ་ཞོ་གཉིས་ཚད་བྱས་ཟོས། །སེ་

འབྲུའི་ཁུ་བ་འོ་མ་དང་། །བྱ་ཡི་ཤ་ཁུ་ཆུ་དྲོན་དང་། །ཨ་ས་བ་དང་ཆང་རྙིང་དང་། །དེ་ནི་ཟོས་རྗེས་བླུད་པའམ། །ཟས་སྔོན་ཟས་ཀྱི་རྗེས་བླུད་ན། །སྐྱ་རྦབ་མཛེ་དང་རིམས་མཆེར་པ། །མགོ་འཁོར་གཞང་འབྲུམ་མཚན་བར་རྡོལ། །རྣག་དང་སྙིང་ནད་ཁུ་བའི་ནད། །

གཅིན་ནད་དྲོད་ཉམས་སེལ་བྱེད་ཅིང་། །སྐེམ་དང་སྦྱར་དུག་དམུ་རྫིང་དང་། །ལུད་པ་ཁྲག་མཁྲིས་གསར་པ་དང་། །འོར་ནད་སྐྲན་དང་ལྐོག་མའི་ནད། །རྒྱུ་རླུགས་མགོ་འཁོར་བཅས་པ་ཡི། །ནད་ཀུན་སེལ་ཞིང་དགེ་བ་ཡིན། །རྒུན་འབྲུ་པི་པི་ལིང་བྲེ་རེ། །ཁར་སྲང་

ནི་ལྔ་བཅུ་དང་། །ཤིང་མངར་བཅའ་སྒ་སྨིག་རྐང་དག །སྲང་ནི་གཉིས་གཉིས་ཕྱེ་མར་བྱས། །སྐྱུ་རུ་ར་ཁུ་བྲེ་བཅུ་དྲུག །ནང་གཞུག་ལྡེ་གུ་བཞིན་དུ་བསྐལ། །བསྒྲངས་པར་སྦྲང་རྩི་བྲེ་གང་གཞུག །དེ་ལས་ཞོ་གཉིས་ཚད་ཟོས་ན། །གཟུགས་འཁུམས་སྐྱ་རྦབ་ནད་

དང་ནི། །མིག་སེར་གྱི་ནི་ནད་འཇོམས་སོ། །རྩ་བ་ལྔ་པ་ཆུང་ངུའི་ཆུ། །རྒུན་འབྲུ་སྐྱུ་རུ་རའི་ཁུ་བ། །བཟའ་དང་བཏུང་བར་སྦྱར་བ་ནི། །སྐྱ་རྦབ་མིག་སེར་ནད་སེལ་ཏོ། །དེ་ལྟར་སྐྱ་རྦབ་ནད་ལ་ནི། །སྤྱི་ཡི་སྨན་ནི་བསྟན་པ་ཡིན། །མཁས་པས་ནད་དམིགས་སོ་སོ་

ཡི། །སྟོབས་དབང་ལས་ཀྱང་སྦྱར་བར་བྱ། །རླུང་གྱུར་ཕལ་ཆེར་སྣུམ་ཆོས་བྱ། །མཁྲིས་པར་ཁ་དང་བསིལ་བ་གཏང་། །བད་ཀན་ལས་གྱུར་རྩུབ་ཚ་དྲོ། །འདུས་པར་འདྲེན་མར་སྦྱར་བར་བྱ། །ས་ཟོས་ལས་གྱུར་སྦྱང་བ་ནི། །རྣོན་པོས་ལུས་ལས་བསལ་བར་

เล่ม ๑๙๘ · หน้า 219b

བྱ། །དེ་འོག་ལྟོ་སྦྱང་སྟོབས་བསྐྱེད་ཕྱིར། །དེ་ལ་ཞུན་མར་སྦྱིན་པར་བྱ། །ཚ་བ་གསུམ་དང་བིལ་བ་དང་། །སེར་པོ་གཉིས་དང་འབྲས་བུ་གསུམ། །བ་སྤྲུ་བ་གཉིས་གླ་སྒང་དང་། །ལྕགས་ཕྱེ་བ་ཏ་བྱི་དང་ག །ཐང་ཤིང་བྲེཥྩི་ཀ་ལི་དང་། །ག་བྲའི་རྩ་བ་འོ་མ་

མར། །བསྐོལ་བ་འཐུངས་ན་ས་ཞག་ཟོས། །ལས་གྱུར་ནད་ནི་ཐམས་ཅད་སེལ། །དེ་བཞིན་ནཱ་ག་གེ་སར་དང་། །ཤིང་མངར་ཀུ་ཤ་པི་པི་ལིང་། །འོ་མར་བསྐོལ་བ་བླུད་ན་ཕན། །དེ་ལ་སྲེད་པར་གྱུར་ན་ནི། །བྱི་དང་ག་དང་པ་ཏ་དང་། །ནིམ་པ་བསྐོལ་བའི་

ཁུ་བའམ། །མུར་བ་དང་བསྲེས་ས་ཞག་དག །སྲེད་པ་དགག་ཕྱིར་སྦྱིན་པར་བྱ། །ས་ཞག་བྱེ་བྲག་ཐ་དད་ནད། །རྗེས་སུ་མཐུན་པའི་སྨན་སྦྱིན་བྱ། །མིག་སེར་ལ་ནི་མཁྲིས་འཇོམས་སྨན། །སྐྱ་རྦབ་གནོད་པ་མེད་པ་སྦྱིན། །ཨ་རུ་ར་ནི་བརྒྱའི་ཁུ་བར། །ཨ་རུ་

ར་རྡོག་ལྔ་བཅུའི་ཕྱེད། །མར་ནི་བྲེ་གང་ནང་དུ་བསྐོལ། །སྐྲན་དང་མིག་སེར་སྐྱ་རྦབ་འཇོམས། །དོང་ག་བུར་ཤིང་ཁུ་བའམ། །བི་ད་རི་དང་སྐྱུ་རུ་རའི། །ཁུ་བ་ཚ་བ་གསུམ་བཅས་ལ། །སྲང་གཅིག་བླུད་ན་མིག་སེར་འཇོམས། །དནྡ་བུ་རམ་ཉིས་འགྱུར་གྱི། །

ལྡེ་གུ་ཆུ་སྲང་སྦྱར་བ་བླུད། །དུར་བྱིད་ཕྱེ་མ་སྦྲང་རྩིར་བཅས། །འབྲས་བུ་གསུམ་གྱི་ཁུ་བ་བླུད། །འབྲས་བུ་གསུམ་མམ་སླེ་ཏྲེས་སམ། །སྐྱེར་པའམ་ནིམ་པའི་ཁུ་བ་དག །སྦྲང་རྩིར་སྦྱར་བ་ནང་རེ་ནི། །མིག་སེར་གྱིས་ནི་ཉེན་ལ་བླུད། །སྐྱེར་པ་ཡུག་སྣམ་སྐྱུ་རུ་ར། །

མིག་སེར་སེལ་བའི་མིག་སྨན་ཡིན། །མིག་སེར་ཅན་གང་དྲི་མ་ནི། །ཏིལ་བཏགས་ལྟ་བུར་བྱུང་གྱུར་ན། །བད་ཀན་ལམ་བཀག་དེ་ལ་ནི། །བད་ཀན་མཁྲིས་པ་སེལ་བས་གསོ། །རྩུབ་གྲང་ལྕི་དང་མངར་བ་དང་། །དྲག་ཤུལ་རླུང་ནི་འགགས་པ་ཡིས། །རླུང་དང་

བད་ཀན་གཅིག་གྱུར་པ། །མཁྲིས་པ་ཕྱིར་འབྱིན་དེ་ཡི་ཚེ། །མིག་དང་པགས་པ་སེར་བ་དང་། །ཕྱིས་སྐྱ་བར་གྱུར་པ་དང་། །བཤང་འགགས་རྒྱུ་མ་འཁྲུགས་པ་དང་། །སྙིང་ག་ལྕི་བ་ཉིད་འགྱུར་ལ། །མཁྲིས་པའི་ཡན་ལག་ལ་བརྟེན་པ། །རིད་ཅིང་དྲོད་ཆུང་རྩིབ་

เล่ม ๑๙๘ · หน้า 220a

ལོགས་གཟེར། །སྐྱིགས་བུ་ལུད་པ་ཡི་ག་འཆུས། །རིམས་འདེབས་རིམ་གྱིས་འབྱུང་བར་འགྱུར། །དེ་ལ་རྨ་བྱའམ་ཁྱིམ་བྱ་དང་། །སྲེག་པའི་ཤ་ཁུའམ་ལ་ཕུག་ནི། །སྐམ་སའི་ཁུ་བའམ་རྒྱ་སྲན་ཁུ། །རྩུབ་ཁ་སྐྱུར་བར་སྦྱར་བ་སྦྱིན། །རབ་ཚ་སྐྱུར་

དང་རྣོ་བ་དང་། །ལན་ཚྭ་ཤིན་ཏུ་དྲོ་བའང་བསྔགས། །ཁ་ལུང་ཁུ་བ་ཚ་བ་གསུམ། །སྦྱར་བའི་ལྡེ་གུའང་སྦྱིན་པར་བྱ། །དེས་ནི་མཁྲིས་པ་རང་གནས་སུ། །འཇུག་ཅིང་བཤང་མདོག་ཐ་མལ་འགྱུར། །རྒྱུ་མ་འཁྲུགས་སོགས་བླ་བརྣན་བཅས། །རླུང་ཡང་རབ་ཏུ་ཞི་བར་

འགྱུར། །འདི་ཡིས་བླ་བརྣན་ཞི་ནས་ནི། །མིག་སེར་གསོ་བའི་ཆོ་ག་བྱ། །མིག་སེར་ཁོང་དུ་ཞེན་པ་ན། །བྲག་ཞུན་བ་གཅིན་དང་སྦྱར་བ། །གསེར་གྱི་དྲི་མའམ་ཏ་བྱ་ནི། །བ་གཅིན་སྦྱར་བ་ཟླ་གཅིག་བླུད། །ཧ་ལིས་ཀ་སླེ་ཏྲེས་ཁུ། །འོ་མ་མ་ཧེའི་མར་བསྐོལ་བའི། །

སྐྱུ་རུ་ར་ཡི་ཁུ་བ་དང་། །དུར་བྱིད་སྦྱར་བའི་བཀྲུ་སྨན་བླུད། །འཁྲུས་ནས་ཁ་ཟས་མངར་བག་ནི། །རླུང་འཇོམས་མཁྲིས་པ་འཇོམས་པ་སྦྱིན། །སྔར་བཤད་རྒུན་འབྲུ་ལྡེ་གུ་དང་། །མངར་བའི་སྨན་མར་ཞུན་མར་སྦྱིན། །འོ་མ་མས་གཏོང་སྨན་དང་ནི། །འཇམ་རྩིར་

བཅས་པ་བསྟེན་པར་བྱ། །མེ་དྲོད་བསྐྱེད་པར་བྱ་བའི་ཕྱིར། །རྒུན་ཆང་ཆང་རྙིང་སྦྱིན་བྱ་ཞིང་། །ལུད་པའི་སྐབས་བཤད་ཨ་རུ་རའི། །ཤིང་མངར་ར་དར་བ་པི་པི་ལིང་། །འོ་མར་བཅས་པས་ནད་དམིགས་དང་། །མེ་དྲོད་ཇི་བཞིན་སྦྱིན་པར་བྱ། །མཁས་པས་འོར་ནད་སྐབས་

བཤད་པའི། །གསོ་བ་སྐྱ་རྦབ་ལ་ཡང་སྦྱར། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། །གསོ་བའི་གནས་ཀྱི་ལེའུ་བཅུ་དྲུག་པའོ།། །།དེ་ནས་འོར་ནད་གསོ་བ་བཤད་པར་བྱའོ། །འོར་ནད་ཡན་ལག་ཀུན་ཞུགས་ཤིང་། །ནད་སྐྱེས་མ་སྨིན་ལ་དང་པོར། །

སྨྱུང་བྱས་ཁ་ཟས་ཡང་བ་བཟའ། །བོང་ང་ཐང་ཤིང་བྱི་དང་ག །དུག་མོ་ཉུང་དང་ན་ལེ་ཤམ། །བསྐོལ་བའི་ཆུ་དྲོན་བླུད་པར་བྱ། །ཡང་ན་ཨ་རུ་ར་བཅའ་སྒ། །ཐང་ཤིང་བ་སྤྲུ་བསྐོལ་བའམ། །ལྕགས་ཕྱེ་དགུ་པར་བཅས་པ་བླུད། །འོར་ནད་ཤས་ཆེར་ཨ་རུ་ར། །བ་

เล่ม ๑๙๘ · หน้า 220b

གཅིན་བཅས་པ་སྦྱང་ཕྱིར་བླུད། །འབྲས་བུ་གསུམ་བསྐོལ་པུ་ཙེ་ཤེལ། །དུར་བྱིད་ལྕགས་ཕྱེ་ཚ་གསུམ་བཅས། །ཡང་ན་དེ་བཞིན་གུ་གུལ་ལམ། །བྲག་ཞུན་དང་ནི་སྦྱར་བ་བླུད། །མེ་དྲོད་ཆུང་ཞིང་མ་སྨིན་ལ། །ལྕི་ཞིང་རྟུག་འགགས་ཡང་ན་འཁྲུ། །ཚ་བ་གསུམ་དང་

རྩབ་རུ་ཚ། །སྦྲང་རྩི་དར་བར་སྦྱར་བའམ། །ཨ་རུ་ར་དང་བུ་རམ་བཅས། །བུ་རམ་བཅའ་སྒར་སྦྱར་བའམ། །ཟོས་རྗེས་དར་བ་བླུད་པར་བྱ། །སྒེའུ་གཤེར་བུ་རམ་ཆ་མཉམ་པ། །སྲང་ཕྱེད་ཚད་ཀྱིས་བསྐྱེད་ནས་ནི། །ཆེ་ཚད་སྲང་ལྔའི་བར་དུ་ནི། །ཟླ་གཅིག་ཟ་ཞིང་

ཡུ་ཤ་དང་། །འོ་མ་ཤ་ཁུ་བཅས་ཟོས་ན། །འོར་ནད་དམུ་རྫིང་སྐྲན་གཞང་འབྲུམ། །གཅིན་དང་དབུགས་མི་བདེ་ཆམ་པ། །སྒྱིད་སྙོམ་མ་ཞུ་མིག་སེར་དང་། །ལུས་སྐེམ་གདོན་གྱི་ནད་རྣམས་དང་། །ལུད་པ་བད་ཀན་སྦྱོར་འདིས་སེལ། །སྒེའུ་གཤེར་དོང་གྲ་ལྡེ་གུའི་

ཁུ་བ་དང་། །འོ་མ་དག་དང་མར་ནི་བསྐོལ་བླུད་ན། །འོར་ནད་སྦྲིད་པ་དམུ་རྫིང་མེ་དྲོད་ཉམས། །ནད་ཀྱིས་ཟིལ་ནོན་ན་ཡང་ནད་མེད་འགྱུར། །མ་ཞུ་མེད་ཅིང་ཕྱི་ས་འགགས། །འོར་ནད་ཀྱིས་གཟིར་ཚ་བ་གསུམ། །དུར་བྱིད་དན་ད་ཀྲུ་ཏྲུག་ཏྲེས། །བསྐོལ་བའི་འོ་

མ་བླུད་པར་བྱ། །མ་ཧེའམ་ཡང་ན་བ་གཅིན་ནམ། །འོ་མ་བཏུང་ཞིང་དེ་དང་བཟའ། །ཞག་བདུན་ཡང་ན་ཟླ་གཅིག་པར། །རྔ་མོའི་འོ་མ་བླུད་པས་གསོ། །ཏི་མུ་ས་དང་ནས་ཚིག་ཐལ། །ལ་ལ་ཕུད་དང་ཚ་བ་ལྔ། །ན་ལེ་ཤམ་དང་སེ་འབྲུ་དང་། །པ་ཏ་འུ་སུ་སྟར་

བུ་དང་། །བིལ་བ་གཞོན་ནུ་ཞོ་གཉིས་གཉིས། །ཆུ་བྲེ་བཞི་བསྐོལ་མར་བྲེ་གང་། །བསྐོལ་བ་བླུད་ན་འོར་ནད་དང་། །གཞང་འབྲུམ་སྐྲན་དང་ཟ་ཁུ་འཇོམས། །ཞོ་དང་ཙི་ཏྲ་ཀ་བསྲེས་ལས། །བྱུང་བའི་མར་ནི་དར་བར་བཅས། །ཙི་ཏྲ་ཀ་བཏབ་བསྐོལ་བ་ནི། །

ཡོན་ཏན་གོང་མ་མཚུངས་པ་ཡིན། །ཐང་ལ་འབར་དང་ཏིག་ཏ་ཆེ། །དགེ་བའམ་ཨ་རུ་རའི་སྨན་མར། །དུས་ཤེས་པ་ཡིས་སྦྱིན་པར་བྱ། །རྩ་བ་བཅུ་པའི་ཁུ་བ་ནི། །བྲེ་བཞིར་ཨ་རུ་ར་བརྒྱ་བསྐོལ། །དེར་ནི་བུ་རམ་སྲང་བརྒྱ་གཞུག །ཚ་བ་གསུམ་དང་དྲི་སྣ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด