ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ

ชื่อสันสกฤต (อักษรทิเบต ตามตัวบท) པ་དཱརྠ་ཙནྡྲ་ཀ་པྲ་བྷཱ་བ་ཏི་ནཱ་མ་ཨཥྚཱཾ་ག་ཧྲྀ་ད་ཡ་བྲྀཏྟི

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๐ · หน้า 1b

༄༅༅། །རྒྱ་གར་སྐད་དུ། པ་དཱརྠ་ཙནྡྲ་ཀ་པྲ་བྷཱ་བ་ཏི་ནཱ་མ་ཨཥྚཱཾ་ག་ཧྲྀ་ད་ཡ་བྲྀཏྟི། བོད་སྐད་དུ། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་

ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ལ་ཕྱག་

འཚལ་ལོ། །འཕྲོག་བྱེད་མི་ཟད་ཚིག་གི་གཏེར། །ལྷ་ཡི་ལྷ་དབང་རབ་བཏུད་དེ། །རྒྱས་བཤད་ཚིག་དོན་ཟླ་བའི་ཟེར། །ཀུན་ལ་ཕན་གསལ་བདག་གིས་ནི། །དཔལ་ལྡན་སྒྲིབ་མེད་

ལྷ་ཡིས་ནི། །སྙིང་ནི་རྣམ་པར་དྲངས་པས་ན། །བླ་མའི་ལུང་ནི་ཡང་དག་ཉིད། །གསལ་བར་རྟོགས་ནས་བརྩམ་པར་བྱ། །རིག་པས་རབ་ཟབ་གྲགས་ལྡན་པའི། །དགེ་བའི་འོ་

མའི་མཚོ་ལས་སྐྱེས། །ཟླ་བ་དགའ་བ་ཟླ་བ་ལྟར། །མ་རྟོགས་ཚ་བ་ཞི་བྱེད་ཡིན། །འདོད་ཆགས་ལ་སོགས་མ་ལུས་པ་ཡི་ནད། །རྒྱུན་དུ་འབྲེལ་བས་ལུས་ཀུན་མ་ལུས་ཁྱབ། །

เล่ม ๒๐๐ · หน้า 2a

འདོད་དང་གཏི་མུག་ཁྲོ་བ་སེལ་བ་ཡི། །སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ། བསྟན་བཅོས་རྩོམ་པས་ནི་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་དགོས་པའི་ཕྱིར་ཚིགས་སུ་བཅད་

པ་དང་པོ་འདི་སྨོས་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ནད་སེལ་སྨན་པ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །འདིར་འདོད་ཆགས་ལ་སོགས་པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཡིན་ལ། འདོད་ཆགས་

ལ་སོགས་པ་དེ་ཉིད་ནི་གནོད་ཅིང་གཟིར་བར་བྱེད་པས་ན་ནད་དེ། ལུས་དང་སེམས་གདུང་བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གང་གི་ཕྱིར་ལུས་ཅན་རྣམས་ཤིན་ཏུ་གཟིར་བར་བྱེད་པ་ཡིན་ལ། དེ་གང་གིས་སེལ་བར་

མཛད་པའོ། །དེ་ཇི་ལྟ་བུ་ཞེ་ན། རྒྱུན་དུ་འབྲེལ་བ་ཞེས་བྱ་བ་སྨོས་ཏེ། རྟག་ཏུ་རྗེས་སུ་འབྲང་ཞིང་དུས་ཐམས་ཅད་དུ་ཀུན་ཏུ་འབྲེལ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་དེ་དང་བྲལ་བའི་འཁོར་བ་ནི་ནམ་ཡང་འབྱུང་བར་མི་འགྱུར་

རོ། །ལུས་ཀུན་ཁྱབ་ཅེས་བྱ་བ་ནི་ལུས་ཀྱང་ཡིན་ལ་ཀུན་ཡང་ཡིན་པས་ན་ལུས་ཀུན་ཞེས་བྱ་སྟེ། སྐྱེས་བུ་དང་། ཕྱུགས་དང་། གླང་པོ་དང་། རྟ་དང་། བ་ལང་དང་། བ་ལང་རྒོད་དང་། འབུ་སྲིན་དང་། གྲོག་སྦུར་

เล่ม ๒๐๐ · หน้า 2b

ལ་སོགས་པ་དང་འབྲེལ་བའི་ལུས་མ་ལུས་པ་དེ་ཐམས་ཅད་ལ་མཆོག་ཏུ་ཁྱབ་པར་གནས་པས་ན་མ་ལུས་ཁྱབ་ཅེས་བྱ་སྟེ། རྩ་བ་དང་བཅས་ཤིང་ས་བོན་དང་བཅས་པ་མ་ལུས་པ་ལ་ཁྱབ་བ་ཞེས་བྱ་བའི་དོན་ཏོ། །འདོད་དང་གཏི་མུག་ཁྲོ་བ་སེལ། །ཞེས་བྱ་བ་ལ། འདོད་པ་

ནི་ཡུལ་རྣམས་ལ་འདོད་ཅིང་ཆགས་པ་ལ་མངོན་པར་ཞེན་པའོ། །གཏི་མུག་ནི་བྱ་བ་དང་བྱ་བ་མ་ཡིན་པ་མངོན་པར་མ་རྟོགས་ཤིང་མི་ཤེས་པའོ། །ཁྲོ་བ་ནི་སེམས་ཀྱིས་ཞེ་སྡང་ཞིང་གང་དུ་ཡང་མངོན་པར་ཆགས་པ་མེད་པ་སྟེ། གང་དེ་ལྟ་བུ་སེལ་ཞིང་འཇོམས་པར་མཛད་

པའི་སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ཡིན་ཏེ། ངོ་མཚར་དུ་གྱུར་ཅིང་རྨད་དུ་བྱུང་བའི་ཚུལ་ཅན་གྱི་སྨན་པ་སྔོན་མེད་དེ་ལ་ཕྱག་འཚལ་ཞིང་འདུད་པར་ནི་གང་གི་ཕྱིར་སྨན་པ་འདི་ནི་ལྷན་ཅིག་སྐྱེས་པའི་ཚུལ་ཅན་རྟག་ཏུ་འབྲེལ་ལ། ཁྱབ་པར་གནས་པ་རྩ་བ་

དང་བཅས་པ་གསོར་མི་རུང་བའི་ནད་དང་མཚུངས་པའི་རྣམ་པ་ཅན། འཇིག་པར་མཛད་པ་ཡིན་ལ། སྨན་པ་གཞན་དག་ནི་རིམས་ལ་སོགས་པའི་ནད་རྣམས་མཚན་མ་འདི་དག་དང་ལྡན་ན་སེལ་བར་མི་ནུས་སོ། །ཡང་ན་གང་ཞིག་གི་སྔོན་དུ་གཞན་མེད་པ་གང་ཡིན་པ་དེ་

ནི་སྔོན་མེད་ཅེས་བྱའོ། །འདི་སྐད་སྟོན་ཏེ། དེ་ཉིད་ནི་དེ་ཐམས་ཅད་ལས་ཐོག་མར་གྱུར་པ་ཡིན་ནོ། །གང་གི་ཕྱིར་མངོན་པར་འདོད་པའི་ལྷ་ལ་ཕྱག་བྱ་བ་སྔོན་དུ་འགྲོ་བར་ནི་རྩོམ་པ་ལ་འཇུག་པ་ཐམས་ཅད་རིང་པོ་མི་ཐོགས་པར་གེགས་མེད་པ་ཉིད་དུ་རྫོགས་ཤིང་འབྲས་བུ་

དང་བཅས་པར་འགྱུར་རོ། །དེའི་ཕྱིར་འདོད་པའི་ལྷ་ལ་ཕྱག་བྱས་ནས། དེའི་འོག་ཏུ་སྨན་དཔྱད་ཀྱི་རྒྱུད་བྱེད་པས། རྒྱུད་འདི་ཐམས་ཅད་རྩོམ་པ་ལ་འཇུག་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འབྲེལ་པ་ལ་སོགས་པ་བཞི་བྱ་དགོས་ལ། ཚིག་ནི་རིམ་གྱིས་འཇུག་པ་ཡིན་

པས། འདི་དག་ཅིག་ཅར་བརྗོད་པར་མི་ནུས་སོ། །དེ་བས་ན་དང་པོར་རེ་ཞིག་འབྲེལ་པ་བཤད་པར་བྱའོ། །དེ་ཡང་། གང་ཕྱིར་འབྲེལ་པ་བརྗོད་པ་ཡིས། །ཉན་པ་པོ་ཡི་འཇུག་པ་འགྲུབ། །དེ་བས་བསྟན་བཅོས་ཐམས་ཅད་ལ། །འབྲེལ་བ་དང་པོར་བརྗོད་པར་བྱ། །

เล่ม ๒๐๐ · หน้า 3a

ཞེས་བཤད་པས་ན། འབྲེལ་བ་བརྗོད་དགོས་ལ། དགོས་པ་ཡང་། བསྟན་བཅོས་དག་ནི་ཐམས་ཅད་དང་། །ལས་རྣམས་ཅི་ཡང་རུང་བ་ཡི། །ཇི་སྲིད་དགོས་པ་མ་སྨྲས་པ། །དེ་སྲིད་དེ་ནི་སུ་ཞིག་འཛིན། །ཞེས་བཤད་པ་ཡིན་ནོ། །དེ་ལ་

འདིར་འབྲེལ་པ་ནི་ཐབས་ནད་ཀྱི་མཚན་ཉིད་དང་། ཐབས་ལས་བྱུང་བ་ནད་ཉེ་བར་ཞི་བའི་ཚེའི་རིག་བྱེད་དེ། དེ་དག་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །དགོས་པ་ནི་ཁམས་དང་རང་བཞིན་གྱི་བྱ་བ་ཡང་སྟོན་པ་ནི་གཞུང་འདིའི་དགོས་པ་

ཡིན་ལ། དགོས་པའི་དགོས་པ་ནི་ཆོས་དང་། ནོར་དང་འདོད་པ་རྫོགས་པ་ཡིན་ནོ། །དེ་ནས་ཚེ་རིང་བར་འདོད་པའི་ལེའུ་བཤད་པར་བྱའོ། །ཞེས་བྱ་བ་ལ། འདིར་དེ་ནས་ཞེས་བྱ་བའི་སྒྲ་ནི་བཀྲ་ཤིས་པ་དང་། དབང་དུ་བྱ་བ་དང་། དེ་མ་ཐག་པའི་དོན་གྱི་དབང་དུ་བྱས་པ་ཡིན་

ཏེ། དེ་ཡང་། ཡི་གེ་ཨོཾ་དང་དེ་ནས་སྒྲ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྟོལ་ཏེ་མངོན་པར་བྱུང་། །དེས་ན་འདི་གཉིས་བཀྲ་ཤིས་ཡིན། །ཞེས་སྨོས་པ་ཡིན་ལ། བཀྲ་ཤིས་པ་ལ་སོགས་པ་ནི་དེ་འདོན་པར་བྱེད་པ་རྣམས་ལ་བར་ཆད་མེད་པར་རབ་

ཏུ་འཇུག་ཅིང་། མངོན་པར་འདོད་པའི་དོན་བསྒྲུབ་པ་འབྱུང་བར་འགྱུར་བ་ཡིན་ནོ། །དབང་དུ་བྱ་བ་ནི་ཚེ་རིང་བར་འདོད་པ་ལ་ཕན་པའི་བསྟན་བཅོས་ཀྱི་དབང་དུ་བྱས་པ་ཡིན་ཏེ། གང་འདི་ནས་ཉེ་བར་བརྩམས་ཏེ། གཞུང་ཡོངས་སུ་རྫོགས་པ་དེ་དག་ཐམས་ཅད་ནི་ཚེ་རིང་བར་འདོད་པ་

རྣམས་ལ་ཕན་པ་ཡིན་ནོ། །དེ་མ་ཐག་པ་ཡང་ལྷ་ལ་ཕྱག་བྱས་པའི་རྗེས་ཐོགས་ཉིད་ལ་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པར་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་འགལ་བ་དང་། ཐེ་ཚོམ་དང་བཅས་པ་དང་། དོན་མེད་པ་དང་། ཟློས་པ་ལ་སོགས་

པའི་ཉེས་པ་དང་བཅས་པའི་གཞུང་མང་དུ་ཡོད་པའམ། འགྲོ་བའི་ཁོངས་སུ་གཏོགས་པའི་འཇིག་རྟེན་པ་རྣམས་ནད་ཀྱི་ཟིལ་གྱིས་ནོན་པར་མཐོང་སྟེ། དེ་བས་ན་ཚེ་ལ་ཕན་པ་དང་། ནད་མེད་པའི་འགྲོ་བ་ལ་ཕན་པ་བཤད་པར་བྱའོ། །ཞེས་པའོ། །ཚེ་ཞེས་བྱ་བ་ནི་འགྲོ་བས་ན་ཚེ་

เล่ม ๒๐๐ · หน้า 3b

སྟེ། རྒྱུན་མི་འཆད་པར་འགྲོ་ཞིང་སྐད་ཅིག་ཀྱང་མི་སྡོད་པའོ། །ཚེ་དེ་འདོད་པ་རྣམས་ལ་ཕན་པས་ན་ཚེ་རིང་བར་འདོད་པའོ། །ལེའུ་ཞེས་བྱ་བ་ལ། ཤེས་པར་བྱེད་པས་ན་ལེའུ་སྟེ། དེ་ཡང་ཡི་གེ་བསྡུས་པ་ནི་ངག་ཡིན་ལ། ངག་བསྡུས་པ་ནི་རབ་ཏུ་བྱེད་པའོ། །རབ་ཏུ་

བྱེད་པ་བསྡུས་པ་ནི་ལེའུའོ། །བཤད་པར་བྱའོ་ཞེས་བྱ་བ་ལ། སྣ་ཚོགས་ཤིང་དུ་མར་ཕྱེ་བ་སྟེ། ཚིག་དང་། དོན་དང་། དྲིས་པ་དང་། ལན་ཏེ། གཞུང་ཡོངས་སུ་རྫོགས་ཀྱི་བར་དུ། གང་ཅུང་ཟད་བཤད་པ་དེ་ཐམས་ཅད་ནི་ཚེ་རིང་བར་འདོད་པ་རྣམས་ལ་ཕན་པའི་ཕྱིར་

བཤད་ཅིང་། བསྟན་ལ་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བའི་བར་དུའོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་ལྟར་བཤད་དེ་ཞེས་བྱ་བ་ལ། རྒྱུན་ཤེས་ལས་སྐྱེས་པས་ན་རྒྱུན་ཤེས་ཀྱི་བུ་སྟེ། འདིས་ནི་རིགས་ཡོངས་སུ་དག་པར་སྟོན་པར་འགྱུར་རོ། །

དེ་བཞིན་དུ་ཚེའི་རིག་བྱེད་ཀྱི་བསྟན་བཅོས་འདི་ལུང་གི་ཚད་མ་དང་ལྡན་པ་ཡང་ཡིན་ནོ། །རྒྱུན་ཤེས་ཀྱི་བུ་ལ་སོགས་པ་ཡང་ཡིན་ལ། དྲང་སྲོང་ཆེན་པོ་ཡང་ཡིན་པས་ན། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་ཏེ། འདིས་ནི་རང་བཟོ་བྱས་པ་བཀག་པ་ཡིན་

ཏེ། ཁོ་བོས་ནི་རང་དགར་ནི་ཅུང་ཟད་ཀྱང་སྨྲ་བར་ནུས་པ་མ་ཡིན་ནོ་ཞེས་པའོ། །འདི་ལྟར་ཞེས་བྱ་བའི་སྒྲ་ནི་འདི་སྐད་ཅེས་བྱ་བའི་དོན་ཏོ། །བཤད་དེ་ཞེས་བྱ་བའི་སྒྲ་ནི་སྔོན་གྱི་དུས་སུ་སྨྲ་ཞིང་སྟོན་པ་ཞེས་བྱ་བའི་དོན་ཏོ། །ཚེ་ནི་རིང་བར་འདོད་པ་ཡིས། །ཆོས་དང་ནོར་དང་བདེ་བ་

བསྒྲུབ། །ཚེ་ཡི་རིག་བྱེད་ལུང་བཤད་པ། །རབ་ཏུ་གུས་པར་བྱ་བར་གྱིས། །ཞེས་བྱ་བ་ལ། ཆོས་དང་ནོར་གྱི་བདེ་བ་ཚེ་འདོད་པའི་སྐྱེས་བུས་ཚེའི་རིག་བྱེད་བསྟན་པ་མཆོག་ཏུ་གུས་པར་བྱ་བ་ནི། རང་ངམ་གཞན་ལས་ཤེས་ཏེ་བྱའོ། །དེ་ལ་ཚེ་ཞེས་བྱ་བ་ནི་འཚོ་བ་སྟེ། ལུས་དང་

དབང་པོས་སེམས་ཅན་བདག །འདུས་པ་བཞི་ཡིས་འཚོ་བ་སྟེ། །རྟག་པར་འགྲོ་ཞིང་རྗེས་འབྲེལ་བ། །ཚེ་ཡི་རྣམ་གྲངས་ཡིན་པར་བཤད། །ཅེས་བྱ་བ་ཡིན་ལ། ཚེ་དེ་རིག་པར་བྱེད་པས་ན་ཚེའི་རིག་བྱེད་དོ། །ཇི་ལྟ་ཞེ་ན། ཕན་པ་དང་། ཕན་པ་མ་ཡིན་པ་དང་། བདེ་བ་

เล่ม ๒๐๐ · หน้า 4a

དང་། སྡུག་བསྔལ་བ་དང་། ཚད་མ་དང་། ཚད་མ་མ་ཡིན་པ་ཉིད་ལས་ཤེས་སོ། །དེ་ཡང་ལུང་ལས། ཕན་དང་མི་ཕན་བདེ་སྡུག་བསྔལ། །དེ་ཡི་ཚེ་ཡིན་ཕན་མི་ཕན། །གང་དུ་ཚད་དུ་བཤད་པ་ནི། །ཚེ་ཡི་རིག་བྱེད་ཡིན་པར་བཤད། །ཅེས་

སྨོས་པ་ཡིན་ནོ། །ཡང་ན་གང་གིས་གང་ལ་ཚེ་ཡོད་པར་འགྱུར་བ་དེ་ནི་ཚེའི་རིག་བྱེད་དེ། དེ་ཡོད་པར་ཤེས་པ་ཐོབ་ཅིང་། རྣམ་པར་དཔྱོད་པར་འགྱུར་རོ། །དེའི་ལུང་བཤད་པ་ནི་ཚེའི་རིག་བྱེད་སྟོན་པར་བྱེད་པའི་བསྟན་བཅོས་ཏེ། དེ་ལྟར་ན་ཚེའི་རིག་བྱེད་སྟོན་པར་བྱེད་པའི་བསྟན་

བཅོས་ལ་རབ་ཏུ་གུས་ཤིང་འབད་པས་གོ་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དེ་ནི་ཆོས་ལ་སོགས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལ་ཆོས་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་འཛིན་ཅིང་འཚོ་བར་བྱེད་པས་ན་ཆོས་སོ། །བླང་ཞིང་དོན་དུ་གཉེར་བར་བྱ་བ་

ཡིན་པས་ནོར་རོ། །བདེ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དེ་རྣམས་བསྒྲུབ་པ་ནི་སྒྲུབ་པའི་ཐབས་སུ་གྱུར་པའོ། །ད་ནི་བསྟན་བཅོས་གཅིག་ལས་གཅིག་ཏུ་བརྒྱུད་པ་ཡིན་པར་བསྟན་པའི་ཕྱིར། ཚངས་པས་ཚེ་ཡི་རིག་བྱེད་དྲན། །སྐྱེ་དགུའི་བདག་ལ་བཤད་པ་ཡིན། །

དེ་ཡིས་ཐ་སྐར་དེས་བརྒྱ་བྱིན། །དེས་རྒྱུན་ཤེས་སོགས་དྲང་སྲོང་ལའོ། །དེ་ཡིས་མེ་བཞིན་འཇུག་ལ་སོགས། །དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས། །ཞེས་སྨོས་པ་ཡིན་ནོ། །དེ་ལ་ཚངས་པ་ནི་མེས་པོ་ཆེན་པོ་སྟེ། །དེས་ནི་ཚེའི་རིག་བྱེད་དྲན་པ་ཡིན་ཏེ། ཚེའི་རིག་

བྱེད་ནི་རྟག་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་དགུའི་བདག་ཅེས་བྱ་བ་ནི་མྱུར་བ་ཞེས་བྱ་བ་སྟེ། དེ་ལ་བཤད་ཅིང་འཛིན་དུ་བཅུག་གོ། །དེ་ཡིས་ཐ་སྐར་ཞེས་བྱ་བ་ནི་སྐྱེ་དགུའི་བདག་པོ་དེས་ལྷའི་སྨན་པ་ཐ་སྐར་གྱི་བུ་གཉིས་ལ་བཤད་ཅིང་འཛིན་དུ་བཅུག་གོ། །དེས་བརྒྱ་བྱིན་

ཞེས་བྱ་བ་ནི་ཐ་སྐར་གྱི་བུ་གཉིས་ཀྱིས། བརྒྱ་བྱིན་མིག་སྟོང་ལྡན་འཛིན་དུ་བཅུག་གོ། །དེས་རྒྱུན་ཤེས་ལ་སོགས་པ་དྲང་སྲོང་ལ་ཞེས་བྱ་བ་ནི། བརྒྱ་བྱིན་དེས་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་རྣམས་འཛིན་དུ་བཅུག་སྟེ། རྒྱུན་ཤེས་ཀྱི་བུ་ནི་ནབ་སོ་སྐྱེས་སོ། །སོགས་པའི་

เล่ม ๒๐๐ · หน้า 4b

སྒྲས་ནི་ཐང་ལ་འབར་དང་། རྐང་གཉིས་སྤྱོད་དང་། མུ་ཁྱུད་དང་། འདྲོབ་སྐྱོང་གི་བུ་ལ་སོགས་པས་གཟུང་ངོ་། །དེ་ཡིས་མེ་བཞིན་འཇུག་ལ་སོགས། །ཞེས་བྱ་བ་ནི། རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་དེ་རྣམས་ཀྱིས། །དྲང་སྲོང་མེ་བཞིན་

འཇུག་ལ་སོགས་པ་ལ་བཤད་དེ། སོགས་པའི་སྒྲས་ནི་དྲང་སྲོང་ལུག་དང་། རྒྱ་སྐྱེགས་སྣ་དང་། མདའི་མཆོག་དང་། ལན་ཚྭའི་ལག་པ་ཞེས་བྱ་བའི་བར་ལ་བཤད་ཅིང་འཛིན་དུ་བཅུག་གོ། །དེ་རྣམས་ཀྱིས་རྒྱུད་སོ་སོར་བྱས། །ཞེས་བྱ་བ་ནི།

མེ་བཞིན་འཇུག་ལ་སོགས་པ་དེ་རྣམས་ཀྱིས་ཀྱང་སོ་སོར་ཞེས་པ་རེ་རེས། རྒྱུད་ཅེས་པ་སྨན་དཔྱད་ཀྱི་གཞུང་བྱས་ཤིང་རྒྱ་ཆེར་སྦྱར་བ་ཡིན་ནོ། །དེ་ཡང་གཞུང་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཞེས་བྱའོ། །གལ་ཏེ་དྲང་སྲོང་ཆེན་

པོ་རྣམས་ཀྱིས་བྱས་པའི་གཞུང་རྣམས་ཡོད་བཞིན་དུ། རྒྱུད་འདི་ཅིའི་ཕྱིར་རྩོམ་པར་བྱེད། དེ་ལ་འབད་པ་དོན་མེད་པ་བསྐྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེ་ན། དེའི་ཕྱིར་ཤིན་ཏུ་འཐོར་བ་དེ་རྣམས་ལས་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་ཅེས་བྱའོ། །

རབ་ཅེས་ཕལ་ཆེར་བསྡུས་པ་ནི། །ཤིན་ཏུ་བསྡུས་མིན་རྒྱས་མིན་པར། །ཡན་ལག་བརྒྱད་པའི་སྙིང་པོ་བྱས། །ཞེས་བྱ་བ་སྨོས་པ་ཡིན་ཏེ། ཤིན་ཏུ་འཐོར་ཞིང་མ་འདུས་ལ། ཚིག་མཐོན་དམན་ཅན་གྱིས་དོན་ཕན་ཚུན་འཕྱན་པར་འགྱུར་བའི་

གཞུང་དེ་རྣམས་ལས། ཤིན་ཏུ་ཞེས་པ་ཕལ་མོ་ཆེ་མང་དུ་བསྡུས་ནས། ཡན་ལག་བརྒྱད་པའི་སྙིང་པོ་ངས་བྱས་ལ། དེ་ཡང་ཤིན་ཏུ་བསྡུས་པའམ། ཤིན་ཏུ་རྒྱས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིག་གི་དོན་ནི་རྣམ་པར་འཐོར་བའི་ཚིག་

རྣམས་ལས་བཏུས་ཤིང་ལེགས་པར་བསྡུས་པས་བཏུས་པའོ། །དེ་ཡང་གཅེས་པ་ཉིད་ལས་ཕལ་ཆེར་བཏུས་པ་ཡིན་ཏེ། གཞུང་གཞན་དག་ཏུ་གཅེས་པ་ཙམ་ཞིག་བསྡུས་པ་ཡིན་ལ། འདི་ནི་རབ་ཏུ་གཅེས་པ་བསྡུས་པ་ཡིན་ནོ། །ཤིན་ཏུ་

เล่ม ๒๐๐ · หน้า 5a

བསྡུས་མིན་རྒྱས་མིན་པར། །ཞེས་བྱ་བ་ལ། བསྡུས་པ་ནི་གཞུང་ཉུང་ངུ་ཞིག་སྦྱར་བའོ། །རྒྱས་པ་ནི་གཞུང་མང་པོ་སྦྱར་བ་ཡིན་ནོ། །གང་གི་ཕྱིར་ཤིན་ཏུ་བསྡུས་པ་ནི་བློ་དམན་པ་རྣམས་ཀྱི་དོན་དུ་མི་འགྱུར་ལ།

དེ་རྣམས་ཉིད་ལ་ཤིན་ཏུ་རྒྱ་ཆེར་བཤད་ན་ཡང་མཉན་པ་དང་། གོ་བ་དང་ཉམས་སུ་ལེན་པར་མི་ནུས་སོ། །དེ་བས་ན་བློ་དམན་པ་དང་། བར་མ་དང་། མཆོག་དང་ལྡན་པའི་སློབ་མ་རྣམས་ཀྱི་དོན་དུ་རྒྱུད་འདི་བྱས་པ་ཡིན་ནོ། །ཡན་

ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བ་ནི། ཡན་ལག་བརྒྱད་པོ་རྣམས་ཀྱི་སྙིང་པོ་སྟེ། དེ་ནི་སྙིང་དང་འདྲ་བས་ན་སྙིང་པོ་སྟེ། སྙིང་པོའི་སྒྲ་ནི་གཅེས་པའི་ཚིག་ཡིན་ཏེ། གཅེས་པར་གྱུར་པ་གཙོ་བོར་བྱས་པས་གཅེས་པའི་དོན་ཏོ། །ཡན་

ལག་བརྒྱད་པོ་དེ་རྣམས་ཀྱང་གང་ཞིག་ཡིན་ཞེ་ན། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ། །ཞེས་སྨོས་པ་ཡིན་ཏེ། ཚེའི་རིག་བྱེད་

ཅེས་བྱ་བའི་རྒྱུད་དེའི་ཡན་ལག་རྣམ་པ་བརྒྱད་ནི་ལུས་ཀྱི་ཡན་ལག་གསོ་བའི་དཔྱད་གནས་ཤིང་བརྟེན་པའི་ཡན་ལག་བརྒྱད་དུ་དྲང་སྲོང་རྣམས་ཀྱིས་བཤད་ཅིང་བསྟན་ཏོ། །དེ་ལ་གསོ་དཔྱད་ཅེས་བྱ་བ་ནི། ནད་བསལ་ཞིང་ཞི་བར་བྱས་ནས། ཁམས་མཉམ་པར་བྱ་

བའི་དོན་གྱི་བྱ་བའོ། །དེ་ཡང་ལུང་ལས། སྨན་པ་ལ་སོགས་རྣམ་པ་བཞི། །བསྔགས་པས་ཁམས་ནི་འགྱུར་བ་ལ། །ཁམས་སྙོམས་ཕྱིར་ནི་རབ་འཇུག་པ། །གསོ་དཔྱད་ཅེས་ནི་བྱ་བར་བཤད། །ཅེས་འབྱུང་བ་ཡིན་ནོ། །དེ་ལ་ལུས་ཀྱི་གསོ་བ་ནི་ཡན་ལག་

ཐམས་ཅད་ལ་བརྟེན་པའི་ནད་རིམས་དང་། འཁྲུ་བ་དང་། སྐྲང་པ་དང་། ཁྲག་དང་། མཁྲིས་པ་དང་། མཛེ་དང་། གཅིན་རྟུག་འགགས་པ་ལ་སོགས་པ་ཉེ་བར་ཞི་བར་བྱ་བའི་དོན་ཏོ། །བྱིས་པ་གསོ་བ་ནི་གཞོན་ནུ་གསོ་བ་ན་མའི་ནུ་ཞོའི་ཉེས་པ་

เล่ม ๒๐๐ · หน้า 5b

སྦྱང་བའི་ཕྱིར་ཏེ། གནོད་པ་བྱེད་པའི་ནུ་ཞོ་ལས་བྱུང་བའི་ནད་ཉེ་བར་ཞི་བར་བྱ་བའི་དོན་ཏོ། །གདོན་གསོ་བ་ནི་ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། ཀླུ་ལ་སོགས་པའི་གདོན་གྱིས་སེམས་

ཟིན་པ་ལ་ཞི་བའི་ལས་དང་། གཏོར་མ་སྦྱིན་པ་ལ་སོགས་པ་གདོན་ཉེ་བར་ཞི་བའི་དོན་དུ་བྱའོ། །ལུས་ཀྱི་སྟོད་ཀྱི་ཡན་ལག་གསོ་བ་ནི། ནམ་ཚོང་ཡན་ཆད་དུ་གཏོགས་པའི་ནད་ཀྱི་རྣམ་པར་གྱུར་པ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ཁ་ལ་སོགས་པའི་

ནད་ཉེ་བར་ཞི་བར་བྱ་བའི་དོན་དུ་བྱའོ། །མཚོན་གྱིས་སྨས་པ་གསོ་བ་ནི། རྩྭ་དང་། ཤིང་དང་། རྡོ་དང་། ས་རྡུལ་དང་། ལྕགས་དང་། བོང་བ་དང་། རུས་པ་དང་། སྐྲ་དང་། སེན་མོ་སྣ་ཚོགས་ཀྱི་རྣག་འཛག་པ་དང་། རྨ་མི་བཟད་པ་དང་། ནང་དུ་ནུབ་

པའི་ཟུག་རྔུ་དབྱུང་བའི་དོན་དུ་བྱའོ། །མཆེ་བའི་གསོ་བ་ནི། སྦྲུལ་དང་སྲིན་བུ་ལ་སོགས་པས་ཟིན་པ་བསལ་བ་དང་། དུག་སྣ་ཚོགས་ཀྱིས་བཅོམ་པ་ཉེ་བར་ཞི་བའི་ཕྱིར་བྱ་བའོ། །རྒས་པ་ལ་གསོ་བ་ནི་ལང་ཚོ་ལ་གནས་པར་བྱ་བ་དང་། ཚེ་དང་བློ་འཕེལ་བ་དང་།

ནད་ཉེ་བར་ཞི་བའི་དོན་དུ་བྱའོ། །རོ་ཙ་བར་བྱ་བའི་ཕྱིར་གསོ་བ་ནི། ཁུ་བ་ཆུང་བ་དང་། གདུག་པ་དང་། ཟད་པ་དང་། བསྐམས་པར་གྱུར་པ་རྣམས་ས་བོན་འཕེལ་ཞིང་རབ་ཏུ་དང་བ་བསྐྱེད་པའི་ཕྱིར་དང་། རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་བྱ་བའོ། །དེ་ལྟར་ན་ཡན་

ལག་རྣམ་པ་བརྒྱད་དུ་བཤད་པ་ཡིན་ནོ། །གང་གི་དོན་དུ་གསོ་བར་བྱ་བའི་ཉེས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟར། རླུང་དང་མཁྲིས་པ་བད་ཀན་ཡང་། །ཉེས་པ་རྣམ་གསུམ་མདོར་བསྡུས་ཡིན། །ཞེས་སྨྲས་པ་ཡིན་ཏེ། དེ་ལ་དང་པོར་རླུང་སྨོས་པའི་རྒྱུ་བཤད་

པར་བྱ་སྟེ། ཁྱབ་དང་མྱུར་དུ་བྱེད་ཕྱིར་དང་། །སྟོབས་ལྡན་གཞན་དག་འཁྲུག་བྱེད་ཅིང་། །རང་རྒྱུད་གྲུབ་དང་ནད་མང་ཕྱིར། །ཀུན་ལས་རླུང་ནི་སྟོབས་ལྡན་ཡིན། །ཞེས་བཤད་པ་ཡིན་ནོ། །དེའི་འོག་ཏུ་ནི་ཕལ་ཆེར་རྒྱུ་འདི་དག་ཉིད་ཀྱིས་མཁྲིས་པ་སྨོས་པ་ཡིན་ལ།

เล่ม ๒๐๐ · หน้า 6a

དེ་བཞིན་དུ་བད་ཀན་ནི་ནུས་པ་ཆུང་བ་དང་། ནད་ཉུང་བ་ཡིན་པའི་ཕྱིར་ཐ་མར་བསྟན་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲས་ནི། ཉེས་པ་གཞན་དག་ཀྱང་ཡོད་པ་ཉིད་དུ་སྟོན་པ་ཡིན་ཏེ། ཉེས་པ་གཞན་དག་ནི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གོ། ལ་

ལ་ནི་ཁྲག་ཀྱང་ཡིན་ནོ་ཞེས་ཟེར་རོ། །གནོད་ཅིང་སུན་འབྱིན་པར་བྱེད་པས་ན་ཉེས་པའོ། །རྣམ་གསུམ་ཞེས་སྨོས་པ་ནི་ངེས་པའི་དོན་ཏེ། གསུམ་ཉིད་ཡོད་ཀྱི་བཞི་པ་ནི་ཡོད་པ་མ་ཡིན་ནོ་ཞེས་པ་སྟེ། ཇི་ལྟར་གཞུང་གཞན་ལས་བཤད་པ་ལྟ་བུའོ་ཞེས་ངེས་པར་བྱ་བ་ཡིན་ཏེ།

འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཁྲག་གཅིག་པུས་ནད་སྐྱེད་པར་ནུས་པ་ནི་མ་མཐོང་ངོ་། །དེ་ཡང་། ཉེས་པ་གཞན་ལྟར་ཁྲག་དག་ནི། །གཞན་གྱི་དབང་གིས་ཉེས་ཡོད་མིན། །འདི་ནི་ཏིལ་མར་ཚིག་པ་ལྟར། །ནད་ཀྱི་མིང་དུ་བྱས་པ་ཡིན། །

ཞེས་བཤད་པ་དང་། དེ་བཞིན་དུ་བསྡུས་པ་ལས་ཀྱང་། ཁམས་སོགས་གནས་པ་ཉེས་པ་ལས། །ནད་ནི་གང་ཞིག་འབྱུང་འགྱུར་བས། །ཉེ་བར་གདགས་པ་དེ་བསྐྱེད་པར། །བཤད་པ་ཚིག་པའི་མར་དང་མཚུངས། །ཞེས་བཤད་པ་ཡིན་ནོ། །མདོར་བསྡུས་

ཡིན་ཞེས་བྱ་བ་ནི་བསྡུས་ནས་བསྟན་པའོ་ཞེས་བྱ་བ་སྟེ། རྒྱས་པར་ནི་རླུང་ལ་སོགས་པ་ལྡན་པ་དང་། འདུས་པ་དང་། ཟད་བྱེད་དང་། མཉམ་པ་དང་། རྣམ་པར་འཕེལ་བ་དང་། དེ་བཞིན་དུ་ཤིན་ཏུ་ཤས་ཆེ་བར་ཡོངས་སུ་བརྟགས་པས་ཀྱང་མཐའ་ཡས་པར་འགྱུར་རོ། །

དེ་ནི་རྣམ་གྱུར་མ་གྱུར་པས། །ལུས་ནི་འཇོམས་དང་གནས་པ་ཡིན། །ཞེས་བྱ་བ་ལ། རླུང་ལ་སོགས་པ་དེ་རྣམས་རྣམ་པར་གྱུར་པ་སྟེ། རང་གི་རང་བཞིན་ལས་གཞན་དུ་གྱུར་ཅིང་གཡོས་པས་ནི། ལུས་འཇོམས་ཤིང་གནོད་པར་བྱེད་ལ། མ་གྱུར་ཅིང་རང་གི་རང་

བཞིན་དུ་ཐ་མལ་པར་མཉམ་པར་གནས་པས་ནི། ལུས་གནས་ཤིང་འཚོ་བར་བྱེད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །དེས་ཁྱབ་གྱུར་ཀྱང་སྙིང་ག་དང་། །ལྟེ་བའི་འོག་བར་སྟེང་ན་གནས། །ཞེས་བྱ་བ་ལ། རླུང་ལ་སོགས་པ་དེ་རྣམས་ཁྱབ་ཅིང་ལུས་མ་ལུས་པ་ལ་རྒྱུ་བར་གྱུར་

เล่ม ๒๐๐ · หน้า 6b

ཀྱང་། གནས་ངེས་པ་ཡོད་པར་ཤེས་པར་བྱ་སྟེ། དེའི་སྙིང་ག་དང་ལྟེ་བའི་འོག་བར་སྟེང་ན་གནས་ཞེས་བྱ་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། སྙིང་ག་དང་ལྟེ་བའི་འོག་མན་ཆོད་ནི་རླུང་གི་གནས་ཡིན་ནོ། །དེ་གཉིས་ཀྱི་བར་ནི་མཁྲིས་པའི་གནས་ཡིན་ནོ། །དེ་གཉིས་ཀྱི་

སྟེང་ཡན་ཆོད་ནི་བད་ཀན་གྱི་གནས་ཡིན་ནོ། །ན་ཚོད་ཉིན་ཞག་ཟས་ཟོས་ལ། །དེ་ཡི་མཐའ་དབུས་སོགས་གཏོགས་རིམ། །ཞེས་བྱ་བ་ནི་ཉེས་པ་དེ་རྣམས་ན་ཚོད་ལ་སོགས་པའི་མཐའ་མ་དང་། དབུས་ལ་སོགས་པར་གཏོགས་པ་ན་རྣམ་པར་འཕེལ་བར་འགྱུར་བ་ཡིན་ནོ། །

རིམ་ཞེས་བྱ་བ་ནི་གོ་རིམས་ཇི་ལྟ་བར་ཡིན་གྱི། རིམ་པ་འཆོལ་བར་ནི་མ་ཡིན་ནོ། །དེ་ཡང་ན་ཚོད་ནི་དུས་སུ་རྣམ་པར་གཞག་པའི་ལུས་ཀྱི་གནས་སྐབས་གཞོན་ནུ་ལ་སོགས་པའོ། །ཉིན་ཞག་ནི་ཉིན་མོ་དང་མཚན་མོའོ། །ཟས་ཟོས་པ་ནི་ཟས་ལ་སྤྱོད་པའོ། །དེའི་མཐའ་མ་

དང་དབུས་དང་ཐོག་མར་གཏོགས་པས་ན་མཐའ་དབུས་གཏོགས་ཞེས་བྱའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ན་ཚོད་ཀྱི་མཐའ་རྒས་པའི་དུས་སུ་ནི་རླུང་འཕེལ་བར་འགྱུར་ལ་དབུས་ཏེ་ལང་ཚོའི་དུས་ནི་མཁྲིས་པ་འཕེལ་བར་འགྱུར་རོ། །དང་པོ་སྟེ་བྱིས་པའི་དུས་

སུ་བད་ཀན་འཕེལ་བར་འགྱུར་རོ། །དེ་བཞིན་དུ་ཉིན་མོའི་ཐ་མར་ནི་རླུང་འཕེལ་ལོ། །ཉི་མ་ཕྱེད་ན་མཁྲིས་པའོ། །སྔ་དྲོ་ནི་བད་ཀན་ནོ། །མཚན་མོའི་མཐར་ནི་རླུང་འཕེལ་བར་འགྱུར་རོ། །ནམ་གྱི་གུང་ལ་ནི་མཁྲིས་པའོ། །ནམ་སྟོད་ནི་བད་ཀན་ནོ། །དེ་ལ་ཟས་ཟོས་

པའི་མཐའ་མ་ལ། ཁ་ཚ་བར་བྲོ་བར་གྱུར་པའི་དུས་སུ་ནི་རླུང་འཕེལ་བར་འགྱུར་རོ། །ཟས་ཟོས་པའི་བར་སྐྱུར་བར་གྱུར་པའི་དུས་སུ་ནི་མཁྲིས་པའོ། །ཟས་ཟོས་ནས་དང་པོ་མངར་བའི་དུས་སུ་ནི་བད་ཀན་འཕེལ་བར་འགྱུར་རོ། །དེས་ནི་འཇུ་བ་མི་སྙོམས་རྣོ། །ཆུང་དང་

མཉམ་པས་མཉམ་པར་འགྱུར། །ཞེས་བྱ་བ་ནི་རླུང་ལ་སོགས་པ་དེ་རྣམས་ཀྱི་མེའི་དྲོད་ཀྱིས་འཇུ་བ་མི་སྙོམས་པ་ལ་སོགས་པ་རྣམ་པ་བཞིར་འགྱུར་རོ། །དེ་ཡང་རླུང་གིས་ནི་འཇུ་བ་མི་སྙོམས་པར་འགྱུར་རོ། །མཁྲིས་པས་ནི་འཇུ་བའི་མེ་དྲོད་ཤིན་ཏུ་རྣོ་བར་འགྱུར་རོ། །བད་ཀན་

เล่ม ๒๐๐ · หน้า 7a

གྱིས་ནི་མེ་དྲོད་ཆུང་བར་འགྱུར་རོ། །མཉམ་པས་ནི་མེ་དྲོད་མཉམ་པར་འགྱུར་ཏེ། ཉེས་པ་གསུམ་འཕེལ་འགྲིབ་མེད་པས་མཉམ་པར་འགྱུར་རོ། །དེ་ལ་གང་ལེགས་པར་ཟས་ཟོས་ཀྱང་ཡུན་རིང་པོ་ཞིག་ནས་འཇུ་བ་དང་། ལན་འགའ་ལེགས་པར་མ་

ཟོས་ཀྱང་ཤིན་ཏུ་མྱུར་བར་འཇུ་བ་ནི་མི་སྙོམས་པའོ། །གང་དུས་ཐམས་ཅད་དུ་ཟས་རན་པར་མ་ཟོས་ཀྱང་མྱུར་དུ་འཇུ་བ་དེ་ནི་རྣོ་བ་ཡིན་ནོ། །གང་དུས་ཐམས་ཅད་དུ་ཟས་རན་པར་ཟོས་ཀྱང་ཡུན་རིང་མོ་ཞིག་ནས་འཇུ་བ་དེ་ནི་ཆུང་བ་ཡིན་ཏེ། རྒྱུ་མ་འཁྲུག་ཅིང་ལྟམ་ལྟམ་

པོར་གྱུར་པའོ། །གང་རན་ཞིང་ལེགས་པར་མ་ཟོས་ཀྱང་བདེ་བར་འཇུ་བ་ནི་མཉམ་པ་ཞེས་བྱའོ། །དེ་ནི་ལྟོ་བ་སྲ་སྙི་རན། །མཉམ་པས་ཀྱང་ནི་བར་མར་འགྱུར། །ཞེས་བྱ་བ་ནི། རླུང་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱིས་ནི་ལྟོ་བ་རྣམ་པ་བཞིར་འགྱུར་ཏེ། རླུང་ཤས་

ཆེ་བས་ལྟོ་བ་སྲ་བར་འགྱུར་ཏེ། དུར་བྱིད་ལ་སོགས་པས་ཀྱང་འཁྲུ་བ་དཀའ་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བས་ལྟོ་སྙི་བར་འགྱུར་ཏེ། ཞོ་ག་ཆུ་དང་། འོ་མས་ཀྱང་འཁྲུ་ནུས་པར་འགྱུར་རོ། །བད་ཀན་གྱིས་རན་པར་འགྱུར་ཏེ། དོང་ག་ལ་སོགས་པས་

ཀྱང་འཁྲུ་ནུས་པར་འགྱུར་རོ། །མཉམ་པས་ཞེས་བྱ་བས་ནི་ཉེས་པ་གསུམ་མཉམ་སྟེ། དེས་ནི་བར་མར་འགྱུར་ཞེས་བྱ་བ། སྲ་བ་ཡང་མ་ཡིན། སྙི་བ་ཡང་མ་ཡིན་པར་འགྱུར་རོ། །སྐྱེ་བའི་དང་པོར་ཁུ་ཁྲག་གནས། །དུག་ཅན་སྲིན་བུའི་དུག་དང་མཚུངས། །

དེ་ནི་རང་བཞིན་རྣམ་གསུམ་སྟེ། །ཆུང་འབྲིང་ཆེན་པོ་སོ་སོར་བལྟ། །མ་ལུས་པ་ལ་ཁམས་མཉམ་པ། །མཆོག་ཡིན་ཉེས་པ་གཉིས་འབྱུང་སྨད། །ཅེས་བྱ་བ་ནི། རླུང་ལ་སོགས་པ་དེ་དག་ནི་རེ་རེ་ཞིང་རང་བཞིན་གསུམ་དུ་འགྱུར་ཏེ། ཆུང་ངུ་དང་། འབྲིང་དང་།

ཆེན་པོའོ། །རང་བཞིན་ཞེས་བྱ་བ་ནི་ལུས་ཀྱི་རང་གི་ངོ་བོའོ། །དེ་ནི་སྐྱེ་བའི་དང་པོའི་མངལ་དུ་འཇུག་པའི་དུས་སྐྱེ་བ་རྩོམ་ཞིང་མངལ་ན་གནས་པ་ཞེས་བྱ་བའི་དོན་ཏོ། །ཁུ་བ་ནི་ས་བོན་ནོ། །ཁྲག་ནི་ཟླ་བའི་དུས་སུ་རྒྱུ་བས་ཟླ་མཚན་ཏེ། དེ་ལ་གནས་པས་ན་ཁྲག་

เล่ม ๒๐๐ · หน้า 7b

གནས་ཞེས་བྱའོ། །དྲིས་པ་གང་གི་ཚེ་ཁུ་བ་དང་ཁྲག་ལ་ཤས་ཆེར་གནས་པ་དེའི་ཚེ། ལུས་རྫོགས་པར་ག་ལ་འགྱུར། དེ་ལས་ཉེས་པ་གང་ལྷག་པར་འགྱུར་བ་དེ་ཉིད་ནི་རྣམ་པར་འགྱུར་ཞིང་འཇིག་པ་ཡིན་ན། ཉེས་པ་ལྷག་པར་གནས་པ་དེ་རང་བཞིན་གྱི་རྒྱུར་ཇི་ལྟར་

འགྱུར་ཏེ། རང་བཞིན་ལས་ཉམས་པ་ཡིན་ལ། རང་བཞིན་ལས་ཉམས་པར་ནི། རང་བཞིན་གྱི་རྒྱུར་ནམ་ཡང་མི་འགྱུར་རོ། །དེ་ཡང་འབྲས་བུ་ནི་རྒྱུ་དང་འདྲ་བར་གནས་པ་ཡིན་ནོ་ཞེས་རྟོགས་པ་དག་ལ་དཔེ་བསྟན་པའི་ཕྱིར། དུག་ཅན་སྲིན་བུའི་དུག་དང་མཚུངས། །ཞེས་བྱ་

བ་སྨོས་ཏེ། དཔེར་ན་དུག་ཅན་ནི་སྲོག་འཇིག་པའི་རྒྱུ་ཡིན་ཡང་། དུག་ནི་སྲིན་བུ་འདི་སྐྱེ་བའི་རང་བཞིན་འབྱུང་བར་སྣང་ངོ་། །དེ་བཞིན་དུ་འདི་དག་ནི་གནོད་པའི་རང་བཞིན་ཅན་ཡིན་ཡང་། རང་གི་ཚད་ལས་ལྷག་པའི་ཉེས་པ་ཁུ་བ་དང་ཁྲག་ལ་གནས་པས། སྐྱེ་བའི་དང་པོ་

ལུས་འབྱུང་བར་འགྱུར་རོ། །དེ་ཡང་རླུང་ཤས་ཆེ་བས་ནི་རང་བཞིན་ཆུང་བར་འགྱུར་རོ། །མཁྲིས་པ་ཤས་ཆེ་བས་ནི་འབྲིང་ངོ་། །བད་ཀན་ཤས་ཆེ་བས་ནི་ཆེན་པོའོ། །མ་ལུས་པ་སྟེ་ཁམས་ཐམས་ཅད་ཀྱི་ནང་ནས་ཁམས་གང་མཉམ་པའི་རང་བཞིན་དེ་ནི་མཆོག་སྟེ། ཐུ་བོ་

དང་དམ་པ་ཡིན་ལ་འདི་ནི་བཞི་པའོ། །དེ་ཡང་གང་གིས་ཁམས་མཉམ་པར་གྱུར་པ་དེ་ནི་ཁམས་མཉམ་པ་སྟེ། ཁམས་ཀྱི་སྒྲ་ནི་ནད་གཞིའི་ཉེས་པ་ལ་བྱའོ། །ཉེས་པ་གཉིས་འབྱུང་སྨད། ཅེས་བྱ་བ་ནི་གང་ཉེས་པ་གཉིས་འདྲེས་པ་ལས་བྱུང་བའི་རང་བཞིན་གསུམ་ནི་སྨད་པ་

ཡིན་ཏེ། ནད་མེད་པ་མ་ཡིན་པའི་གཞིར་གྱུར་པའི་ཕྱིར་རོ། །དེ་ནི་རླུང་དང་མཁྲིས་པ་ལས་བྱུང་བ་དང་། རླུང་དང་བད་ཀན་ལས་བྱུང་བ་དང་། མཁྲིས་པ་དང་བད་ཀན་ལས་བྱུང་བའོ། །དེ་ལ་རླུང་ནི་རྩུབ་ཅིང་ཡང་། །གྲང་ཞིང་སྲ་ལ་ཕྲ་ཞིང་གཡོ། །ཞེས་བྱ་བ་ལ། དེ་ལ་

ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཉེས་པ་དེ་རྣམས་ཀྱི་ནང་ནས། རླུང་ནི་རྩུབ་པ་དང་། ཡང་བ་དང་། གྲང་བ་དང་། སྲ་བ་དང་། ཕྲ་བ་སྟེ། རྩ་སྦུབས་ཕྲ་མོ་ལ་འཇུག་པ་དང་གཡོ་བ་སྟེ། འགྲོ་བའི་ངང་ཚུལ་ཅན་གཅིག་ཏུ་མི་གནས་པ་ཡིན་ནོ། །དྲིས་པ་གཟེགས་གཟན་

เล่ม ๒๐๐ · หน้า 8a

ལ་སོགས་པས་ནི། རླུང་གྲང་བ་དང་། དྲོ་བ་ཡིན་པར་བཤད་ལ། འདིར་ཡང་ཟུང་དུ་འཇུག་པའི་རྗེས་སུ་གནང་བས་གྲང་བ་དང་། དྲོ་བ་གཉིས་ཀ་མ་ཡིན་པར་འདོད་དེ། དེ་ཡང་། ཟུང་དུ་འཇུག་པ་རླུང་གི་མཆོག །ཡང་དག་སྦྱོར་བས་དོན་གཉིས་བྱེད། །

ཉི་མ་ལྡན་པས་སྲེག་བྱེད་ལ། །ཟླ་བར་གནས་པས་བསིལ་བར་བྱེད། །ཅེས་བཤད་པ་དེ་བཞིན་དུ། རླུང་ནི་ཟུང་དུ་འཇུག་པས་ན། །བད་ཀན་ལྡན་པས་བསིལ་བར་འགྱུར། །མཁྲིས་པ་ལྡན་པས་ཚ་བ་ཡིན། །ཞེས་བཤད་པའི་ཕྱིར་རོ་ཞེ་ན། འདིར་ལན་བརྗོད་པར་བྱ་བ་སྟེ།

རླུང་གྲང་བ་དང་དྲོ་བ་ཉིད་མ་ཡིན་པ་ནི་བདེན་མོད་ཀྱི། དེ་ཟུང་དུ་འཇུག་པ་ཡིན་ཡང་དེ་ཙམ་གྱི་དྲོ་བས་གྲང་བའི་ངོ་བོ་ཉིད་མེད་པར་མི་འགྱུར་རོ། །རླུང་གི་མཚན་ཉིད་གྲང་བ་ཡིན་པར་བཤད་པའི་དགོས་པ་ནི་འདི་ཡིན་ཏེ། འདི་ལ་དྲོ་བས་ཉེ་བར་ཞི་བར་འགྱུར་རོ། །ཞེས་བསྟན་པའི་ཕྱིར་དེ་

སྐད་སྨོས་པ་ཡིན་ནོ། །མཁྲིས་པ་སྣུམ་བཅས་རྣོ་ཞིང་དྲོ། །ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར། །ཞེས་བྱ་བ་ལ། སྣུམ་བཅས་ཞེས་པས་ནི། ཅུང་ཟད་སྣུམ་པ་སྟེ། བཅས་པའི་སྒྲ་ནི་ཅུང་ཟད་ཙམ་གྱི་དོན་ཏེ། དཔེར་ན་ཁ་བ་དང་བཅས་པའི་ཤ་ཁ་ར་ཞེས་ཟེར་བ་ལྟར་ཅུང་

ཟད་སྣུམ་བག་ཅན་གང་ཡིན་པ་དེ་ནི་སྣུམ་བཅས་ཞེས་བྱའོ། །རྣོ་བ་ནི་ཁབ་ཀྱིས་འབིགས་པ་ལྟར་མྱུར་དུ་འབྱེད་པ་སྟེ། དམན་པ་ལས་གོ་བཟློག་པའོ། །དྲོ་བ་ནི་ཚ་བ་འུར་འུར་པོ་སྐྱེད་པའོ། །དྲི་མནམ་པ་ནི་ཉ་རུལ་ལྟ་བུའི་དྲི་མནམ་པ་ལྟ་བུའོ། །འཁྲུ་བ་ནི་བཤང་བ་སླ་བའམ། སྟེང་

དང་འོག་ཏུ་ཁྱབ་ཅིང་རྒྱུ་བ་བརྟན་པ་ཡིན་པའོ། །གཤེར་བ་ནི་སླ་བའོ། །བད་ཀན་སྣུམ་བསིལ་ལྕི་བ་དང་། །བརྟུལ་ཞིང་འཇམ་བརྟན་འབྱར་བག་ཅན། །ཞེས་བྱ་བ་ནི་སྣུམ་པའི་ཡོན་ཏན་དང་ལྡན་པས་ན་སྣུམ་པའོ། །བསིལ་བ་ནི་ཚ་བ་མེད་པའོ། །ལྕི་བ་ནི་ཡང་བར་མ་གྱུར་པའོ། །

བརྟུལ་བ་ནི་ཡུན་རིང་པོ་ཞིག་ན་ལྡང་བའོ། །འཇམ་པ་ནི་མི་རྩུབ་པའོ། །བརྟན་པ་ནི་ཁྱབ་པའི་ངང་ཚུལ་ཅན་ནོ། །འབྱར་བག་ཅན་ནི་མཉེས་པ་ན་སོར་མོ་ལ་ཆགས་ཤིང་། འཇམ་བག་ནལ་ནལ་པོ་ལ་འཚེར་བག་ཅན་ནོ། །དེ་ལྟར་ན་ཡོན་ཏན་དེ་དང་ལྡན་པས། ཡོན་ཏན་དང་ཡོན་ཏན་

เล่ม ๒๐๐ · หน้า 8b

ཅན་ཐ་མི་དད་པའི་ཉེ་བར་གདགས་པས། རླུང་ལ་སོགས་པའི་ཡོན་ཏན་ཉིད་དུ་བཤད་པ་ཡིན་ནོ། །འདི་དག་འདྲེས་པར་གྱུར་པའི་ཐ་སྙད་གཞུང་དུ་བསྟན་པར་བྱ་བའི་ཕྱིར་མིང་གཉིས་སྨོས་པ་ནི། དེ་གཉིས་གསུམ་ཟད་འཁྲུགས་པ་ལས། །ལྡན་པ་དང་ནི་འདུས་པ་ཡིན། །ཞེས་

བྱ་བ་ཡིན་ཏེ། ཀུན་ཏུ་འདུས་པའི་རྣམ་པ་གཅིག་ནི་ལྡན་པ་ཞེས་བྱ་ལ། གཉིས་པ་ནི་འདུས་པ་ཞེས་བྱ་སྟེ། གཉིས་པ་དང་གསུམ་པ་ནི་གཉིས་དང་གསུམ་ཞེས་བྱ་ལ། ཟད་པ་དང་འཁྲུགས་པ་ནི་ཟད་འཁྲུགས་ཞེས་བྱ་སྟེ། གཉིས་དང་གསུམ་གྱི་ཟད་པ་དང་འཁྲུགས་

པ་ཞེས་བྱ་སྟེ། དེ་ལྟར་ན་གཉིས་དང་གསུམ་ཟད་པ་དང་འཁྲུགས་པ་དེ་ལས་མིང་གཉིས་འབྱུང་ངོ་། །འདི་སྐད་སྟོན་པ་ཡིན་ཏེ། གཉིས་འཁྲུགས་ཤིང་རང་གི་ཚད་ལས་ལྷག་པར་གྱུར་པའམ། ཟད་པར་གྱུར་པ་ལས་འདྲེས་པར་གྱུར་པ་ནི་ལྡན་པ་ཞེས་བྱ་ལ། ཉེས་པ་གསུམ་

པོ་ཟད་པའམ། འཕེལ་བར་གྱུར་པ་ལས་འདྲེས་པར་གྱུར་པ་ནི་འདུས་པ་ཞེས་བྱའོ། །དེ་ཡན་ཆད་ཉེས་པ་རྣམས་སྨྲས་ནས། ཁམས་རྣམས་བསྟན་པའི་ཕྱིར། ལུས་ཟུངས་དངས་མ་ཁྲག་དང་ཤ།། ཚིལ་དང་རུས་རྐང་ཁུ་ཆུ་སྟེ། །གནོད་བྱ་བདུན་ཡིན་ཞེས་སྨོས་ཏེ། བཅུད་

ཀྱི་དངས་མ་ལ་སོགས་པ་བདུན་ནི་ལུས་ཟུངས་ཞེས་བྱ་སྟེ། ལུས་འཛིན་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཟུངས་སོ། །དེ་རྣམས་ཀྱང་གནོད་བྱ་ཞེས་བྱ་སྟེ། རླུང་ལ་སོགས་པས་གནོད་ཅིང་ཉེས་པར་བྱ་བའི་གཞི་ཡིན་པས་གནོད་བྱ་ཞེས་བྱ་སྟེ། གང་གི་ཕྱིར་རླུང་ལ་སོགས་པ་ནི་གནོད་

པའི་ངོ་བོ་ཡིན་པས། དོན་དང་ལྡན་པའི་མིང་ཉེས་པ་ཞེས་བཏགས་པ་ཡིན་ལ། དེས་ན་དེ་རྣམས་ནི་གནོད་པར་བྱ་བ་ལ་ལྟོས་དགོས་ཏེ། ལས་མེད་པར་བྱེད་པ་པོ་ལས་རྩོམ་པར་མི་འགྱུར་རོ། །དེ་བཞིན་དུ་གནོད་པ་མེད་པར་དངས་མ་དང་ལུས་ཟུངས་ལ་སོགས་པས་གནོད་བྱའི་

མིང་མི་འཐོབ་ལ། དེ་མེད་པར་ཡང་རླུང་ལ་སོགས་པས་གནོད་པའི་མིང་མི་འཐོབ་བོ། །དེ་བས་ན་གཅིག་ལ་གཅིག་ལྟོས་པ་ཡིན་པའི་ཕྱིར་གནོད་པ་དང་གནོད་པར་བྱ་བ་དག་གནོད་པར་བྱ་བ་ཉིད་དང་། གནོད་པ་ཉིད་ཀྱི་མིང་འཐོབ་པ་ཡིན་ནོ། །དྲི་མ། གཅིན། བཤང་བ།

เล่ม ๒๐๐ · หน้า 9a

རྡུལ་ལ་སོགས་པའང་ཡིན་ཞེས་བྱ་བའི་སྒྲས་གནོད་བྱ་ཡིན་པར་སྟོན་ཏེ། བཅུད་ཀྱི་དངས་མ་ལ་སོགས་པ་འབའ་ཞིག་གནོད་བྱ་ཡིན་པར་མ་ཟད་ཀྱི། དྲི་མ་ལ་སོགས་པ་དེ་རྣམས་ཀྱང་རླུང་ལ་སོགས་པས་གནོད་པར་བྱ་བ་ཡིན་ནོ། །དེ་ལྟར་ན་དངས་

མ་ལ་སོགས་པ་ནི་གནོད་བྱ་དང་། ལུས་ཟུངས་ཞེས་བྱ་བ་ཡིན་ལ། དེ་བཞིན་དུ་བཤང་བ་དང་གཅི་བ་ལ་སོགས་པ་ཡང་དྲི་མ་ཞེས་བྱ་བ་དང་། གནོད་བྱ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་གནོད་པ་དང་། ལུས་ཟུངས་དང་། དྲི་མར་བསྟན་པས་ལུས་བཤད་པ་ཡིན་ཏེ།

དེ་ཡང་གཞུང་འདི་ཉིད་ཀྱི་འོག་ནས། ནད་དང་ལུས་ཟུངས་དྲི་མ་ནི། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་བཤད་པའི་ལུས་ཏེ་ཐབས་འགའ་ཞིག་གིས་དུས་ཐམས་ཅད་དུ་ཡོངས་སུ་སྲུང་བ་རྫོགས་པར་འགྱུར་བའི་ཐབས་དེ་བསྟན་པའི་ཕྱིར། ཐམས་ཅད་མཉམ་

པས་འཕེལ་འགྱུར་ཞིང་། །དེ་ལས་བཟློག་པས་གནོད་པར་འགྱུར། །ཞེས་བྱ་བ་སྨོས་པ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་ནི་གནོད་པ་དང་། ལུས་ཟུངས་དང་། དྲི་མ་ལུས་ལ་བརྟེན་པ་རྣམས་ཏེ། དེ་དག་མཉམ་ཞིང་ཆ་མཚུངས་པའི་རང་བཞིན་དུ་གྱུར་པས་བརྟས་ཤིང་

འཕེལ་བར་བྱེད་དེ། རང་གི་ཚད་ལས་ལྷག་པར་གྱུར་ལ། དེ་ལས་བཟློག་པ་ནི་མི་མཉམ་པ་ཉིད་དུ་གནས་པ་སྟེ། དེས་གནོད་པར་འགྱུར་བ་ནི་ཟད་པར་འགྱུར་ཞིང་འབྲི་བར་འགྱུར་བའོ། །སྤྱི་དང་ཁྱད་པར་ལ་ནི་རྫས་དང་ཡོན་ཏན་དང་། ལས་ཀྱི་དབྱེ་བས་གསུམ་དུ་འདོད་དེ། དེ་

ཡང་། ཀུན་གྱི་རྣམ་ཀུན་འཕེལ་བ་ནི། །རྫས་དང་ཡོན་ཏན་བྱ་བར་མཚུངས། །བཟློག་པ་ཡིས་ནི་དངོས་པོ་རྣམས། །དེ་ལས་གཞན་དུ་འགྱུར་བ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་ཡང་རྫས་ལ་ནི་ཁྲག་ནི་ཁྲག་གིས་བརྟ་བར་བྱའོ། །ཤ་ནི་ཤས་སོ། །ཚིལ་ནི་ཚིལ་གྱིས་

སོ། །རུས་པ་ནི་རུས་པས་སོ། །རྐང་ནི་རྐང་གིས་སོ། །ཁུ་བ་ནི་ཁུ་བས་སོ། །དེ་བཞིན་དུ་མངལ་ནི་ཕྱིས་འབྱུང་བར་འགྱུར་བའི་མངལ་གྱིས་སོ། །ཞེས་བཤད་པ་ཡིན་ནོ། །དེ་ལ་ཁྲག་གིས་ཁྲག་གོ་ཞེས་བྱ་བ་ནི་གཉི་ག་ཆུའོ། །ཤ་ནི་ཤས་སོ་ཞེས་བྱ་བ་ནི་སའོ། །དེ་

เล่ม ๒๐๐ · หน้า 9b

བཞིན་དུ་ཆུའི་བདག་ཉིད་ཅན་གྱི་ཆུས་ནི་དེའི་བདག་ཉིད་ཅན་གྱི་བད་ཀན་འཕེལ་བར་འགྱུར་ལ། དེ་བཞིན་དུ་མར་དང་འོ་མས་ནི་ཁུ་བ་འཕེལ་བར་འགྱུར་རོ། །དེ་བཞིན་དུ་སྨན་འཚོ་བྱེད་དང་ཉེའུ་ཤིང་ལ་སོགས་པ་ནི་ཟླ་བའི་བདག་ཉིད་ཅན་ཏེ། ཚིམ་པར་བྱེད་པས་རྫས་ཀྱི་ཁྱད་པར་རྣམས་

ཀྱིས། ལུས་ཟུངས་མཉམ་པོར་བྱེད་པ་ཉིད་དུ་བྱ་བ་གཅིག་པ་ཡིན་པས། ལུས་སྣུམ་ཞིང་སྟོབས་དང་སྐྱེས་བུ་ཉིད་ཀྱི་གཟི་མདངས་བསྐྱེད་པ་ཡིན་ནོ། །ན་ལེ་ཤམ་དང་། ཚ་བ་ལྔ་དང་། བསེ་ཤིང་གི་འབྲས་བུ་ལ་སོགས་པས་ནི་བློ་དང་ཤེས་རབ་དང་། མེ་དྲོད་ལ་སོགས་པ་

འཕེལ་བར་བྱེད་པ་ཡིན་ནོ། །ཡོན་ཏན་ལས་ནི་བཙོ་ཙ་དང་། མོ་ཚ་དང་། ཁ་རུ་ཚ་ལ་སོགས་པ་སའི་ཁམས་ཅན་གྱི་རྫས་སུ་བསྟན་དུ་ཟིན་ཀྱང་ཆུའི་བདག་ཉིད་ཅན་བད་ཀན་འཕེལ་བར་བྱེད་དེ། སྣུམ་པ་དང་། ལྕི་བ་དང་། བསིལ་བ་ལ་སོགས་པའི་ཡོན་ཏན་གྱི་ཆ་དང་

མཚུངས་པའི་ཕྱིར་རོ། །ལས་ཀྱང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་ཡིད་ཀྱི་བྱ་བའི་བདག་ཉིད་ཅན་ནོ། །དེ་ལ་ལུས་ཀྱིས་ནི་རྒྱུག་པ་དང་། མཆོང་བ་དང་། རྐྱལ་བ་ལ་སོགས་པས་ནི་བསྐྱོད་པ་ཉིད་དུ་མཐུན་པས་རླུང་འཕེལ་བར་བྱེད་དོ། །ངག་གིས་ནི་ཀློག་པ་དང་། སྨྲ་བ་

དང་། འདོན་དུ་འཇུག་པ་དང་། གླུར་ལེན་པ་རྣམས་སོ། །ཡིད་ཀྱིས་ནི་ཡིད་ཀྱི་བྱ་བ་སྟེ། སེམས་ཤིང་དཔྱོད་པ་དང་། འདོད་པ་དང་། མྱ་ངན་དང་། འཇིགས་པའོ། །དེ་དག་ཀྱང་ཡིད་འཁྲུགས་པར་བྱེད་པའི་རྒྱུར་གྱུར་པས་རླུང་འཕེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་

དུ་གདུང་བ་བསྐྱེད་པར་མཐུན་པས་ན། ཁྲོ་བ་དང་ཕྲག་དོག་ལ་སོགས་པས་ནི་མཁྲིས་པ་འཕེལ་བར་བྱེད་དོ། །གཉིད་ལོག་པ་དང་། སྙོམ་ལས་དང་། མལ་སྟན་བདེ་བ་ལ་ཆགས་པས་ནི་བསྟན་པར་མཐུན་པས་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །ཁྱད་པར་དུ་གྱུར་ཞིང་མི་

མཉམ་པས་ནི་ཟད་པར་འགྱུར་རོ། །དཔེར་ན་རྫས་ལས་འབྲས་ག་བྷེ་དྷ་ནི་སྐེམ་པར་བྱེད་པ་ཡིན་ལ། དེ་རླུང་གི་བདག་ཉིད་ཅན་ཡིན་པས་སའི་བདག་ཉིད་ཅན་གྱི་ཤ་ལ་སོགས་པ་ཟད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་མེའི་བདག་ཉིད་ཅན་གྱི་ལན་ཚྭས་ནི་བད་ཀན་ཟད་པར་བྱེད་དོ། །

เล่ม ๒๐๐ · หน้า 10a

ཡོན་ཏན་ལས་ནི་དཔེར་ན་སྐྱུར་རྩ་བས་ནི་ཆུའི་བདག་ཉིད་ཅན་ཡིན་པས། བད་ཀན་ལ་དེ་དང་མི་མཐུན་པས་ཡང་བ་དང་། རྩུབ་པ་དང་། དྲོ་བ་དང་། རྣོ་བ་དང་། སྐམ་པའི་ཡོན་ཏན་གྱིས་ཟད་པར་བྱེད་དོ། །ལས་ལས་ནི་གཉིད་དང་། སྙོམ་ལས་དང་།

ཡིད་མི་བདེ་བ་དག་ནི་རླུང་ཀུན་ཏུ་གཡོ་བ་དང་བཅས་པ་ཡིན་ལ། འདི་དག་ཡོངས་སུ་མི་གཡོ་བའི་མཚན་ཉིད་ཅན་ཡིན་པས་ན་འབྲི་བར་བྱེད་པ་དེ་བཞིན་དུ་ཡོངས་སུ་གཡོ་བའི་ཚུལ་ཅན་སེམས་ལས་དང་། ཕན་ཚུན་བསྐྱོད་པ་དང་། རྩོལ་བ་ལ་ནི་མི་འགུལ་བའི་མི་མཐུན་པའི་

ཕྱོགས་ཡིན་པས་ན་བད་ཀན་ཟད་པར་བྱེད་དོ། །དེ་ལྟར་ན། ཐམས་ཅད་མཉམ་པས་འཕེལ་འགྱུར་ཞིང་། །དེ་ལས་བཟློག་པས་གནོད་པར་བྱེད། །ཅེས་བཤད་པ་ཡིན་ནོ། །རླུང་ལ་སོགས་པ་དེ་རྣམས་གང་ལས་འཕེལ་བ་དང་། ཟད་པར་འགྱུར་བ་དེ་བཤད་པར་བྱ་བའི་

ཕྱིར། རོ་ནི་མངར་སྐྱུར་ལན་ཚྭ་དང་། །ཚ་དང་ཁ་དང་བསྐ་བ་སྟེ། །རྫས་དྲུག་ལ་གནས་དེ་རྣམས་ཀྱང་། །གོ་རིམས་བཞིན་དུ་སྟོབས་ཆེན་ཡིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། མངར་བ་ལ་སོགས་པའི་རོ་དྲུག་ནི་ལྕེའི་དབང་པོའི་ཡུལ་ཡིན་པས་ན་རོའོ། །དེ་དག་ཀྱང་

འབྱུང་བ་ལྔའི་བདག་ཉིད་ཅན་གྱི་རྫས་ལ་བརྟེན་པ་ཡིན་ཏེ། གོ་རིམས་ཇི་ལྟ་བ་བཞིན་དུ་མཐུ་སྟོབས་ཆེ་བ་ཡིན་ཏེ། སྔོན་མ་སྔོན་མ་རྣམས་སྟོབས་ཐོབ་ཅིང་ནུས་པ་ཆེ་བ་ཡིན་ནོ། །དེ་བས་ན་རོ་ཐམས་ཅད་ལ་རོ་མངར་བ་ནི་ལུས་ཅན་རྣམས་ཀྱི་སྟོབས་ཤིན་ཏུ་འང་བསྐྱེད་པ་ཡིན་ལ། བསྐ་

བ་ནི་ཐམས་ཅད་ལས་སྟོབས་བསྐྱེད་པ་ལ་དམན་པ་ཡིན་ནོ། །དེ་ལ་མངར་བ་ནི་བུ་རམ་དང་། མར་ལ་སོགས་པ་རོ་མངར་བ་རྣམས་སོ། །སྐྱུར་བ་ནི་སྐྱུར་རྩི་ཆེན་པོ་ལ་སོགས་པ་ཤིན་ཏུ་སྐྱུར་བར་བྱེད་པ་ཡིན་ནོ། །ལན་ཚྭ་ནི་ལྕེ་མྱང་ཚ་ལ་སོགས་པའོ། །ཚ་བ་ནི་ན་ལེ་ཤམ་

ལ་སོགས་པའོ། །ཁ་བ་ནི་ནིམ་པ་ལ་སོགས་པའོ། །བསྐ་བ་ནི་ཨ་རུ་ར་ལ་སོགས་པའོ། །དྲུག་ཅེས་བྱ་བ་ནི་དྲུག་པོ་ཉིད་དེ་ལྷག་པའམ། ཆད་པ་མ་ཡིན་པའོ། །རོ་དེ་རྣམས་ཀྱི་ཡོན་ཏན་དང་། རོ་ལ་སོགས་པའི་བྱེ་བྲག་དང་། དེ་བཞིན་དུ་སྦྱར་ཞིང་འདྲེས་པ་དང་། རོའི་

เล่ม ๒๐๐ · หน้า 10b

རྗེས་ཉིད་དང་། ཤིན་ཏུ་མྱུར་བར་བརྟག་པ་ལ་སོགས་པའི་དབང་གིས་ཐ་དད་པར་འགྱུར་དུ་ཟད་ཀྱིས། འོན་ཀྱང་དྲུག་པོ་ཉིད་ལས་འདའ་བར་མི་འགྱུར་རོ། །དེ་ལས་དང་པོ་གསུམ་པོ་ནི། །རླུང་འཇོམས་ཚ་སོགས་བད་ཀན་སེལ། །བསྐ་དང་ཁ་དང་མངར་བ་ནི། །མཁྲིས་སེལ་

གཞན་དག་བྱེད་པ་ཡིན། །ཞེས་བྱ་བ་ནི། དེ་ལ་རོ་དེ་རྣམས་ཀྱི་ནང་ནས། དང་པོ་ནི་གསུམ་སྟེ། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་རྣམས་ནི་རླུང་འཇོམས་ཤིང་ཞི་བར་བྱེད་པ་ཡིན་ནོ། །གཞན་དག་ཚ་བ་དང་། ཁ་བ་དང་། བསྐ་བ་གསུམ་པོ་དག་ནི་རླུང་དེ་ཉིད་

སྐྱེད་པར་བྱེད་ཅིང་། འཁྲུགས་པར་བྱེད་པ་ཡིན་ནོ། །ཚ་སོགས་བད་ཀན་སེལ་ཞེས་བྱ་བ་ནི། ཚ་བ་དང་། ཁ་བ་དང་། བསྐ་བ་གསུམ་ནི་བད་ཀན་སེལ་བ་ཡིན་ལ། མངར་བ་དང་། སྐྱུར་བ་དང་། ལན་ཚྭ་སྟེ་གསུམ་པོ་གཞན་དག་ནི་བད་ཀན་སྐྱེད་པ་ཡིན་ནོ། །བསྐ་བ་

དང་། ཁ་བ་དང་། མངར་བས་ནི་མཁྲིས་པ་སེལ་བ་ཡིན་ནོ། །སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་སྟེ་གཞན་དག་ནི་མཁྲིས་པ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། མངར་བ་ནི་རླུང་དང་མཁྲིས་པ་སེལ་ཞིང་བད་ཀན་སྐྱེད་པ་ཡིན་ནོ། །སྐྱུར་བ་

ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་སྐྱེད་པ་ཡིན་ནོ། །ལན་ཚྭ་ནི་རླུང་སེལ་ཞིང་བད་ཀན་དང་མཁྲིས་པ་སྐྱེད་པ་ཡིན་ནོ། །ཚ་བ་ནི་བད་ཀན་སེལ་ཞིང་རླུང་དང་མཁྲིས་པ་སྐྱེད་པ་ཡིན་ནོ། །ཁ་བ་ནི་བད་ཀན་དང་མཁྲིས་པ་སེལ་ཞིང་རླུང་སྐྱེད་པ་ཡིན་ནོ། །བསྐ་བ་ནི་བད་ཀན་དང་མཁྲིས་པ་

སེལ་ཞིང་རླུང་སྐྱེད་པ་ཡིན་ནོ། །རོ་དེ་རྣམས་ཀྱི་རྟེན་གྱི་རྫས་རྣམ་པ་གསུམ་ཡོད་པར་བཤད་པ་ནི། དེ་ལྟར་རྫས་ནི་རྣམ་པ་གསུམ། །ཞི་འཁྲུགས་ཐ་མལ་གནས་ལ་ཕན། །ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ཞེས་པ་ཚུལ་འདིས་རྫས་ཞི་བ་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་འགྱུར་

བ་ཡིན་གྱི། རྣམ་པ་གཞན་གྱིས་ནི་གཉིས་སམ། ཡང་ན་རྣམ་པ་དུ་མ་ཉིད་ཡིན་ནོ་ཞེས་སོ། །དེ་ལྟར་གྱི་སྒྲས་ནི་དམ་པའི་དོན་དུ་བཤད་པ་ཡིན་ནོ། །དེ་ལ་གནོད་པ་གང་འཁྲུགས་པར་གྱུར་པ་ཞི་བར་གྱུར་པ་དེ་ནི་ཞི་བ་སྟེ། དཔེར་ན་ཏིལ་མར་དང་། མར་དང་། སྦྲང་རྩི་ལྟ་བུའོ། །དེ་ལ་

เล่ม ๒๐๐ · หน้า 11a

ཏིལ་མར་ནི་སྣུམ་པ་དང་། དྲོ་བ་དང་། ལྕི་བ་དང་ལྡན་པས་རླུང་གི་དེ་དང་མི་མཐུན་པའི་མཚན་ཉིད་ཞི་བར་བྱེད་པ་ཡིན་ལ། མར་སར་ནི་མངར་བ་དང་བསིལ་བ་དང་བརྟན་པའི་ཡོན་ཏན་དང་ལྡན་པས། དེ་དང་མི་མཐུན་པའི་མཚན་ཉིད་དང་ལྡན་པའི་མཁྲིས་པ་སེལ་

བ་ཡིན་ནོ། །སྦྲང་རྩི་ནི་རྩུབ་པ་དང་། རྣོ་བ་དང་། བསྐ་བ་དང་ལྡན་པས་དེ་དང་མི་མཐུན་པའི་མཚན་ཉིད་ཅན་བད་ཀན་ཞི་བར་བྱེད་དོ། །དེ་ལ་འཁྲུགས་པ་ནི་གང་རླུང་ལ་སོགས་པའི་གནོད་པ་རྣམས་དང་། བཅུད་ཀྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་དང་། གཅིན་

ལ་སོགས་པའི་དྲི་མ་རྣམས་འཁྲུགས་པར་བྱེད་པ་ནི་འཁྲུགས་པའོ། །དེ་ནི་དཔེར་ན་ནས་ཐུག་དང་། བ་ཏ་ལ་དང་། མ་ཤ་དང་། ཉ་ཤ་དང་། རྡོ་གུ་རློན་པ་དང་། ཡུངས་ཀར་དང་། ཞོ་སར་པ་དང་། ཕྲུམ་དང་། མི་མཐུན་པའི་ཁ་ཟས་ཉ་དང་འོ་མ་ལྷན་ཅིག་བཟའ་བ་ལྟ་བུ་

ལ་སོགས་པའོ། །ཐ་མལ་པར་གནས་པ་ལ་ཕན་པ་ནི་གནོད་པ་ནས་དྲི་མའི་མཐར་ཐུག་གི་བར་དུ་རང་གི་ཚད་དང་ལྡན་པར་གནས་པ་ནི། མཉམ་པར་འཇུག་ཅིང་ཐ་མལ་བར་གནས་པ་སྟེ། དེ་ལ་ཕན་པའི་རྫས་གང་ཡིན་པ་དེ་ནི་ཐ་མལ་གནས་ལ་ཕན་ཞེས་བྱ་སྟེ། དེ་ནི་དུས་སུ་སྤྱད་པ་ལ་

བརྟེན་པའི་སྐབས་སུ་འོག་ནས་བཤད་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རན་པར་བཟའ་བའི་ལེའུ་ལས་བཤད་པ་དང་། སཱ་ལུ་རྩ་སྣར་དང་། དྲུག་ཅུ་པ་དང་། ནས་དང་། གྲོ་དང་། སྲོག་ཆགས་སྐམས་ལ་གནས་པའི་ཤ་དང་། འཚོ་བྱེད་ཀྱི་ཚོད་མ་ལ་སོགས་པ་དང་། ཞོ་ག་ཆུ་དང་།

འོ་མ་ལ་སོགས་པ་དང་། དེ་བཞིན་དུ་གང་སྟོབས་སྐྱེད་ཅིང་བཅུད་ཀྱིས་ལེན་པ་དང་། རོ་ཙ་བར་བྱེད་པ་དང་། རྣམ་པ་ཐམས་ཅད་དུ་བཟའ་བར་བྱ་བ་ཉིད་དུ་བསྟན་པ་རྣམས་སོ། །དེའི་ནུས་པ་བཤད་པ་ནི། དེ་ལ་ཚ་བསིལ་ཕུལ་བྱུང་བས། །ནུས་པ་རྣམ་པ་གཉིས་སུ་བཤད། །ཅེས་

བྱ་བ་ཡིན་ཏེ། དེ་ལ་ཞེས་པ་རྫས་དེ་ལ་ནུས་པ་རྣམ་པ་ཉི་ཤུ་ཡོད་པའི་ནང་ནས། ཚ་བ་དང་བསིལ་བདག་ནི་ཕུལ་དུ་བྱུང་བ་ཡིན་པས་ནུས་པ་ཞེས་བྱ་སྟེ། ཚེའི་རིག་བྱེད་ཐམས་ཅད་ལས་ཚ་བ་དང་བསིལ་བའི་ནུས་པ་གཉིས་པོ་ཉིད་དུ་བཤད་པ་ནི། རྒྱུ་དང་འབྲས་བུའི་དོན་ཡིན་ནོ། །དེ་ལ་

เล่ม ๒๐๐ · หน้า 11b

ནུས་པ་ནི་ཡོན་ཏན་ལ་བྱ་ལ། ཚ་བ་དང་བསིལ་བ་ཕུལ་དུ་བྱུང་བ་ནི། ཚ་བ་དང་བསིལ་བ་ཁྱད་པར་དུ་འཕགས་པ་ཉིད་དེ། ལ་ལ་ནི་ཚ་བའི་ནུས་པས་ཕུལ་དུ་བྱུང་བས་ཚ་བའི་ནུས་པའི་མིང་ཐོབ་ལ། དེ་བཞིན་དུ་བསིལ་བའི་ནུས་པས་ཕུལ་ཏུ་བྱུང་ཞིང་། བསིལ་བའི་ནུས་པས་

ཁྱད་པར་དུ་འཕགས་པ་ཉིད་ཀྱིས་བསིལ་བའི་ནུས་པའི་མིང་ཐོབ་བོ། །གལ་ཏེ་རྫས་རྣམ་པ་སྣ་ཚོགས་པ་ཡོད་མོད་ཀྱི། འོན་ཀྱང་འགྲོ་བ་ནི་མེ་དང་ཟླ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར། ནུས་པའི་རྣམ་པ་གཉིས་ཁོ་ནར་བཤད་དོ། །སྨན་ཞུ་བའི་རྗེས་བཤད་པ་ནི། རྫས་

ཀྱི་ཞུ་བ་རྣམ་གསུམ་སྟེ། །མངར་སྐྱུར་ཚ་བའི་བདག་ཉིད་ཅན། །ཞེས་སྨོས་པ་ཡིན་ཏེ། ཞུ་བ་ནི་རྣམ་པ་གསུམ་སྟེ། རྫས་ཐམས་ཅད་ཡོངས་སུ་ཞུ་བར་གྱུར་པའི་དུས་སུ། འབྲས་བུ་ལས་རྗེས་སུ་དཔག་པར་བྱ་སྟེ། ཕོ་བའི་མེ་དང་ཕྲད་པ་ལས། རོ་རྣམས་རང་གི་རང་

བཞིན་ལས་གཞན་དུ་འགྱུར་ལ། དེ་ནི་རྣམ་པ་གསུམ་ཉིད་ཡིན་གྱི། རོ་དྲུག་ཡོད་ཀྱང་དྲུག་ནི་མ་ཡིན་ནོ། །དེ་ལ་རྫས་ནི་ལ་ལ་ནི་མངར་བར་ཞུའི། ལ་ལ་ནི་སྐྱུར་བར་ཞུ། ལ་ལ་ཚ་བར་ཞུ་བ་ཡིན་ནོ། །དེ་ལ་མངར་བ་དང་། ལན་ཚྭ་ནི་མངར་བར་ཞུ་བའོ། །སྐྱུར་བ་

ནི་སྐྱུར་བར་ཞུ་བའོ། །ཚ་བ་དང་། ཁ་བ་དང་། བསྐ་བ་ནི་ཚ་བར་རོ། །དེ་ནི་འབྲས་བུ་ལས་རྗེས་སུ་དཔག་པ་ཡིན་ནོ། །དེ་ཡང་། ཕོ་བའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་ནི་གཞན་གྱུར་པ། །རོ་རྣམས་ཞུ་བའི་ཐ་མ་དག །དེ་ནི་ཞུ་བ་ཞེས་བཤད་དོ། །ཞེས་འབྱུང་བ་ཡིན་ནོ། །

དེ་བས་ན་ཁྱད་པར་དུ་སྨིན་པར་གྱུར་པ་ལས་ཞུ་བ་ཞེས་བྱའོ། །ཅུང་ཟད་སྨིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་མཐོ་བཙུན་དྲང་སྲོང་ཙ་ར་ཀས་ཀྱང་། རྫས་ཀྱི་རོ་ནི་འབབ་པ་ན། །ལས་ཀྱི་མཐའ་ནི་ཞུ་བ་ཡིན། །ཇི་སྲིད་གནས་པ་ཡོན་ཏན་ཏེ། །འདུས་པ་ལས་ནི་ཤེས་པར་འགྱུར། །

ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་ལས་བྱས་པ་རྗེས་སུ་དཔག་པའི་ཚུལ་གཅིག་པའི་གནས་སྐབས་ཕོ་བའི་མེ་དྲོད་དང་ཕྲད་པ་ལས་རོ་རྣམས་རོ་གཞན་དུ་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཞུ་བ་ཞེས་བྱའོ། །གང་ཕོ་བ་མེ་དང་ཕྲད་པ་ཙམ་གྱིས་རོ་རྣམས་གནས་སྐབས་དུ་མར་འགྱུར་ཏེ། དང་པོ་

เล่ม ๒๐๐ · หน้า 12a

ནི་མངར་བའོ། །དེའི་རྗེས་ཐོགས་ལ་དེ་ཉིད་སྨིན་པ་ནི་སྐྱུར་བའོ། །དེ་ལས་ཀྱང་སྨིན་པའི་མཐར་ཐུག་པ་ན་ཚ་བར་གྱུར་པ་ལ་ནི་མི་བྱའོ། །རྫས་ཀྱི་ཡོན་ཏན་རྣམས་བཤད་པ་ནི། ཡོན་ཏན་ལྕི་རྟུལ་བསིལ་དང་སྣུམ། །འཇམ་དང་བསྐ་བ་མཉེན་དང་བརྟན། །

ཕྲ་དང་བཅས་ཤིང་སྐམ་བག་ཅན། །དེ་བཟློག་པ་ནི་ཉི་ཤུ་ཡིན། །ཞེས་བྱ་བ་ཡིན་ཏེ། དེ་ལ་རྫས་ཀྱི་ཡོན་ཏན་ནི། ལྕི་བ་ལ་སོགས་པ་བཅུ་ཡིན་ལ། དེ་ལས་བཟློག་པ་དང་། ཉི་ཤུ་ཡིན་པར་ཤེས་པར་བྱ་སྟེ། འདི་དག་རིམ་གྱིས་བཟློག་པ་ནི་ཡང་བ་དང་། རྣོ་བ་དང་། ཚ་བ་དང་།

རྩུབ་པ་དང་། སླ་བ་དང་། སྲ་བ་དང་། གཡོ་བ་དང་། སྦོམ་པ་དང་། སླ་བག་ནལ་ནལ་པོ་ཡིན་ནོ། །དེ་ལྟར་ན་གོ་བཟློག་པ་ནི། དེ་དག་ཡིན་པས་སྤྱིར་ཉི་ཤུར་འགྱུར་རོ། །ནད་ཀྱི་རྒྱུ་བཤད་པ་ནི། དུས་དོན་ལས་ཀྱི་སྦྱོར་བ་རྣམས། །དམན་དང་ལོག་པ་ལྷག་པ་དང་། །

ཡང་དག་སྦྱོར་བས་ནད་དང་ནི། །ནད་མེད་རྒྱུ་གཅིག་ཡིན་ཞེས་བྱ་བ་ཡིན་ཏེ། དེ་ལ་དུས་ནི་བསིལ་བ་དང་། ཚ་བ་དང་། ཆར་འབབ་བའི་དུས་ཏེ་གསུམ་མོ། །དོན་ནི་འབྱུང་བ་ཆེན་པོའི་ཡོན་ཏན་སྒྲ་དང་། རེག་བྱ་དང་། གཟུགས་དང་། དྲི་དང་། རོའོ། །དེ་ཡང་ལུང་ལས།

དོན་ནི་སྒྲ་སོགས་ཡིན་ཞེས་བྱ། །སྤྱོད་ཡུལ་ཡུལ་དང་ཡོན་ཏན་ཡིན། །ཞེས་བཤད་པ་ཡིན་ནོ། །ལས་ནི་བྱ་བ་སྟེ། ལུས་དང་ངག་དང་ཡིད་ཀྱི་ཀུན་ཏུ་སྤྱོད་པའོ། །དེ་ལྟར་དུས་དང་དོན་དང་ལས་ནི་དུས་དོན་ལས་ཏེ། དེ་རྣམས་ཀྱི་སྦྱོར་བ་ནི་འབྲེལ་པའོ། །ཇི་ལྟ་བུ་ཞེ་ན། དམན་དང་ལོག་

པ་ལྷག་པ་དང་། །ཞེས་བྱ་བ་དང་། དེ་བཞིན་དུ་ཡང་དག་པའི་སྦྱོར་བ་ཡིན་ཏེ། གང་དུས་ལ་སོགས་པའི་སྦྱོར་བ་དམན་པ་དང་། ལོག་པ་ལྷག་པ་སྟེ། དེ་ནི་ནད་ཀྱི་རྒྱུ་གཅིག་པུ་ཡིན་ལ། དེ་རྣམས་ཉིད་ཀྱི་ཡང་དག་པའི་སྦྱོར་བ་གང་ཡིན་པ་དེ་ནི་ནད་མེད་པའི་རྒྱུ་གཅིག་པུ་ཡིན་ནོ། །དེ་ལ་

ཡང་དག་པའི་སྦྱོར་བ་སྨོས་པ་ནི་ནད་དང་ནད་མེད་པའི་རྒྱུ་གོ་རིམས་བཞིན་དུ་ཤེས་པར་བྱ་བའི་ཕྱིར་འདི་ལོགས་ཤིག་ཏུ་བསྟན་པ་ཡིན་ནོ། །རྒྱུ་གཅིག་ཡིན་ཞེས་བྱ་བ་ནི་རྒྱུ་གཅིག་པུ་ཡིན་པ་སྟེ། གཅིག་གི་སྒྲ་ནི་གཙོ་བོར་གྱུར་པའི་ཚིག་ཡིན་ནོ། །དེ་ཡང་དཔེར་ན་གཞུ་འཛིན་པ་ནི་སྲིད་སྒྲུབ་གཅིག་

เล่ม ๒๐๐ · หน้า 12b

པུ་ཡིན་ནོ་ཞེས་ཟེར་བ་ལྟ་བུའོ། །དུས་ཀྱི་སྦྱོར་བ་དམན་པ་ནི་རང་གི་རང་བཞིན་ལས་ཉམས་པའོ། །ལྷག་པའི་སྦྱོར་བ་ནི་རང་གི་རང་བཞིན་ལས་ལྷག་པར་གྱུར་པའོ། །ལོག་པའི་སྦྱོར་བ་ནི་རང་གི་རང་བཞིན་ལས་ཕྱིན་ཅི་ལོག་ཏུ་བྱེད་པའོ། །དེ་ཡང་དཔེར་ན་དམན་པའི་བསིལ་

བ་དང་། དམན་པའི་ཚ་བ་དང་དམན་པའི་ཆར་ནི་དམན་པའི་སྦྱོར་བའོ། །དཔེར་ན་གྲང་བའི་དུས་ཀྱི་གནས་སྐབས་སུ་ཤིན་ཏུ་གྲང་བ་ནི་ལྷག་བའི་སྦྱོར་བའོ། །དཔེར་ན་ལྷག་པར་བསིལ་བ་དང་། ལྷག་པར་ཚ་བ་དང་། ལྷག་པར་ཆར་འབབ་པ་ནི་ལྷག་པའི་སྦྱོར་བ་སྟེ། །སྦྱོར་བ་

འདི་གསུམ་ནི་ནད་ཀྱི་རྒྱུ་ཡིན་ནོ། །མཉམ་པའི་སྦྱོར་བ་ནི་ཡང་དག་པའི་སྦྱོར་བ་སྟེ། རང་བཞིན་ཇི་ལྟ་བ་བཞིན་དུ་གནས་པ་ནི་ནད་མེད་པའི་རྒྱུ་ཡིན་ནོ། །ཡང་དོན་ནི་དབང་པོ་རྣམས་ཀྱི་རང་རང་གི་དོན་དམན་པ་ལ་སྦྱོར་བ་ནི་དམན་པའི་སྦྱོར་བའོ། །ཤིན་ཏུ་སྦྱོར་བ་ནི་ལྷག་པར་སྦྱོར་བའོ། །

རྩུབ་ཅིང་མངོན་པར་མི་འདོད་པ་ལ་སོགས་པའི་སྦྱོར་བར་གྱུར་པ་ནི་ལོག་པའི་སྦྱོར་བའོ། །ལུས་ལ་སོགས་པའི་ལས་དམན་པ་ལ་འཇུག་པ་ནི་དམན་པའི་སྦྱོར་བའོ། །ལྷག་པར་འཇུག་པ་ནི་ལྷག་པའི་སྦྱོར་བའོ། །བཤང་གཅི་ལ་སོགས་པའི་ཤུགས་འགགས་པ་དང་། ཕྱེད་ཙམ་ཟ་ཞིང་

མང་དུ་སྨྲ་བ་ལ་སོགས་པ་དང་། འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་རང་རང་གི་བདག་ཉིད་ཀྱིས་འོག་ནས་བཤད་པ་རྣམས་ནི་ལོག་པའི་སྦྱོར་བའོ། །ཐམས་ཅད་ཀྱང་མཉམ་པར་འཇུག་པ་ནི་ཡང་དག་པའི་སྦྱོར་བའོ། །དེ་བས་ན་དམན་པ་ལ་སོགས་པའི་སྦྱོར་བ་གསུམ་ནི་

ནད་ཀྱི་རྒྱུ་ཡིན་ནོ། །ཡང་དག་པའི་སྦྱོར་བ་ནི་ནད་མེད་པའི་རྒྱུ་ཡིན་ནོ། །ནད་དང་ནད་མེད་པའི་ཞེས་གང་ལ་བྱ་ཞེ་ན། ནད་ཀྱི་ཉེས་པ་མ་སྙོམས་པ་ཡིན་ནོ། །ཉེས་པ་སྙོམས་པ་ནད་མེད་ཉིད། །ཅེས་བཤད་པ་ཡིན་ནོ། །རླུང་ལ་སོགས་པའི་ཉེས་པ་རྣམས་གཅིག་གམ་གཉིས་

སམ་གསུམ་རང་གི་ཚད་ལས་འཕེལ་ལམ་ཟད་པར་གྱུར་ན། ནད་ཀྱི་རྒྱུ་ཡིན་པས་ནད་ཉིད་ནི་མ་སྙོམས་པ་ཡིན་པར་བརྟག་པར་བྱ་སྟེ། རང་གི་རང་བཞིན་ལས་གཡོས་པར་གྱུར་པ་ཡིན་ལ། དེ་བས་ན་རྒྱུ་དང་འབྲས་བུ་ཐ་མི་དད་བའི་ཉེ་བར་གདགས་པས་ནད་ཅེས་བྱའོ། །ཉེས་པ་རྣམས་

เล่ม ๒๐๐ · หน้า 13a

སྙོམས་ཤིང་རང་གི་རང་བཞིན་ལས་མི་འགྱུར་བ་མཉམ་པར་གྱུར་པ་དེ་ནི་ནད་མེད་པ་ཉིད་ཅེས་བྱ་སྟེ། ཐ་མལ་པར་རང་བཞིན་དུ་གནས་པ་ཞེས་བྱའོ། །དེའི་དབྱེ་བ་བསྟན་པ་ནི། །དེ་ལ་ནད་ནི་རང་བཞིན་གནས། །གློ་བུར་ཆ་ཡིས་གཉིས་སུ་བཤད། །ཅེས་བཤད་པ་ཡིན་ནོ། །

དེ་ལ་ཞེས་པ་ནད་དང་ནད་མེད་པ་དེ་དག་ལ་ནད་ནི་རང་བཞིན་དུ་གནས་པ་དང་། གློ་བུར་བའི་དབྱེ་བས་གཉིས་སུ་བཤད་དོ། །དེ་ལ་རང་བཞིན་གྱིས་གནས་པ་ནི། རླུང་ལ་སོགས་པའི་ཉེས་པ་ལས་བྱུང་བའོ། །གློ་བུར་བ་ནི་ཕྱི་རོལ་ནས་འོངས་པའོ། །དེ་ཡང་སློབ་དཔོན་གྱིས།

ཉེས་པ་གསུམ་ལས་བྱུང་བ་ནི། རང་བཞིན་གྱིས་གནས་པ་ཡིན་ལ། ཕྱི་རོལ་གྱི་རྒྱུ་ལས་བྱུང་བའི་གློ་བུར་བ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །འདི་གཉིས་ཀྱི་ཁྱད་པར་ནི་འདི་ཡིན་ཏེ། རང་བཞིན་གྱིས་གནས་པའི་ནད་རླུང་ལ་སོགས་པ་ནི། དང་པོ་མ་སྙོམས་པར་གྱུར་ནས།

ཕྱིས་ཟུག་གཟེར་བསྐྱེད་པ་ཡིན་ལ། ཡང་གློ་བུར་བ་ནི་དང་པོ་ཉིད་དུ་ཟུག་གཟེར་བསྐྱེད་ནས། དེར་རླུང་ལ་སོགས་པ་འཁྲུགས་པར་འགྱུར་རོ། །རང་བཞིན་གྱིས་གནས་པ་དང་། གློ་བུར་བའི་ཁྱད་པར་གྱིས་ཕྱེ་བའི་ནད་འདི་གཉིས་ཀྱིས་སེམས་ཀུན་ཏུ་གདུང་བ་ཡིན་པར་ཤེས་

པར་བྱའོ། །གང་གི་ཕྱིར་འདི་ལྟར་ལུས་དང་སེམས་ནི་ནད་ཀྱི་གནས་ཉིད་དུ་གནས་པ་ཡིན་ཏེ། ལུས་གཅིག་པུའམ་སེམས་གཅིག་པུ་ནི་མ་ཡིན་ནོ། །དེ་བས་ན་དེའི་རྗེས་ཐོགས་ལ་འདི་སྐད་ཅེས་བཤད་པ་ཡིན་ཏེ། དེ་རྣམས་ལུས་སེམས་དབྱེ་བ་ཡིས། །གནས་ཀྱང་རྣམ་པ་

གཉིས་ཡིན་ནོ། །ཞེས་བྱ་བ་ལས་ཡང་རང་བཞིན་གྱིས་གནས་པ་དང་། གློ་བུར་བའི་ནད་དེ་རྣམས་ནི་ལུས་དང་སེམས་ཀྱི་དབྱེ་བས་གནས་རྣམ་པ་གཉིས་ཡིན་ཏེ། རིམས་དང་། ཁྲག་དང་། མཁྲིས་པ་དང་། ལུད་པ་ལ་སོགས་པའི་གནས་ནི་ལུས་ཡིན་ལ། མྱོས་པ་དང་།

བརྒྱལ་བ་དང་། སྒྱིད་ལུག་པ་དང་། གདོན་དང་། འབྱུང་བོ་དང་། སྨྱོ་བ་དང་། དྲན་པ་ཉམས་པ་དང་། འདོད་ཆགས་དང་། ཞེ་སྡང་ལ་སོགས་པའི་གནས་ནི་སེམས་ཡིན་ནོ། །དེ་ཡང་འདི་ལས་གནས་པས་ན་གནས་སོ། །དྲིས་པ་ལུས་ཀྱི་ནད་སྐྱེད་པའི་རྒྱུ་ནི་རླུང་ལ་སོགས་

เล่ม ๒๐๐ · หน้า 13b

པའི་ཉེས་པ་རབ་ཏུ་འཁྲུགས་པ་ཡིན་པར་བཤད་ཀྱི། སེམས་ཀྱི་ནད་ཀྱི་རྒྱུ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི། འདོད་ཆགས་གཏི་མུག་ཀྱང་ཡིད་ཀྱི། །ཉེས་པ་གཉིས་སུ་བསྟན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། ཡིད་ནི་སེམས་ལ་བྱ་ལ། དེ་ནི་འདོད་ཆགས་དང་

གཏི་མུག་བདེ་ཞིང་མ་རིག་པ་ལས་བྱུང་བ་ཡིན་ལ། འདིར་ཡང་གཙོ་བོར་གྱུར་པས་དང་པོར་འདོད་ཆགས་སྨོས་པ་ཡིན་ནོ། །ཀྱང་ཞེས་བྱ་བའི་སྒྲས་ནི་རླུང་ལ་སོགས་པ་ཡང་ཉེ་བར་བསྡུ་བའི་དོན་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱང་སེམས་ལ་བརྟེན་ནས། རྣམ་པར་འགྱུར་བར་

བྱེད་པ་ཡིན་ཏེ། དུས་དག་ཏུ་རླུང་དང་མཁྲིས་པ་དང་བད་ཀན་དང་ལྡན་པ་དང་འདུས་པ་དང་། དུག་གི་རྒྱུ་ལས་བྱུང་བའི་སྨྱོ་ནད་དྲུག་ཡོད་པ་ཡིན་ནོ། །བསྟན་པ་ཡིན་ཞེས་བྱ་བ་ནི་ཚེའི་རིག་བྱེད་ཀྱི་བསྟན་བཅོས་དག་ཏུ་ཚིག་གིས་མདོ་ཙམ་དུ་བསྟན་གྱི། རླུང་ལ་སོགས་པ་བཞིན་དུ་འདོད་

ཆགས་དང་གཏི་མུག་གི་མཚན་ཉིད་མ་ལུས་པར་ནི་མ་ཡིན་ནོ། །འདིར་རང་བཞིན་གྱིས་གནས་ཀྱི་མཚན་ཉིད་ལ་སོགས་པས། རླུང་ལ་སོགས་པའམ་མ་ལུས་པ་བཤད་པ་ཡིན་གྱི། འདོད་ཆགས་དང་གཏི་མུག་ནི་མ་ཡིན་ནོ། །ནད་ཀྱིས་བཅོམ་པའི་ལུས་ཤེས་པར་

བྱ་བའི་ཐབས་བསྟན་པ་ནི། ནད་པ་བལྟ་དང་རིག་པ་དང་། །དྲིས་པ་ཡིས་ནི་ཡོངས་སུ་བརྟག །ཅེས་བྱ་བ་སྨོས་པ་ཡིན་ཏེ། ནད་ཡོད་པས་ན་ནད་པ་སྟེ་ནད་ཀྱིས་གདུངས་པའོ། །དེ་ནི་བལྟ་བ་ལ་སོགས་པས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་བལྟ་བ་ནི་མིག་གིས་ཏེ།

མིག་སེར་བ་ལ་སོགས་པས་ཉམ་ཐག་པ་རྣམས་ལ་མདོག་སེར་བ་དང་། དཀར་པོར་སྣང་བ་དང་། དབྱིབས་ཀྱི་ཚད་ཀྱིས་འཕེལ་འགྲིབ་དང་། མདངས་དང་བཤང་གཅི་དང་། སྐྱུགས་པ་ལ་སོགས་པས་བརྟག་པར་བྱའོ། །རེག་པ་ནི་ལག་པ་དང་། ལུས་ཀྱི་རེག་པས་རིམས་

དང་། སྐྲན་དང་། མ་ཞུ་བས་ཉེན་པ་དང་། དེ་བཞིན་དུ་གྲང་བ་དང་། ཚ་བ་དང་། རེངས་པ་དང་། འདར་བ་དང་། འཇམ་པ་དང་། རྩུབ་པ་ལ་སོགས་པ་རེག་པས་བརྟག་པ་དང་། དྲིས་པ་སྟེ་གཟེར་དང་། ཡི་ག་འཆུས་བ་དང་། སློན་བ་དང་། ལྟོ་སྲ་བ་དང་། སྙི་བ་དང་། རྨི་

เล่ม ๒๐๐ · หน้า 14a

ལམ་དུ་མཐོང་བ་དང་། བསམ་པ་དང་། ན་ཚོད་དང་། ནད་ཀྱི་མགོ་གང་ནས་ཟུག་པ་དང་། སྐར་མ་དང་། མཛའ་བོ་དང་། དགྲ་བོ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་པ་དང་། ནད་པའི་ཚིག་ལས་ཡོངས་སུ་བརྟག་པར་བྱའོ། །ནད་ཀྱི་བྱེ་བྲག་

ཤེས་པར་བྱ་བའི་ཐབས་བཤད་པ་ནི། ནད་ཀྱི་གཞི་ཡི་དང་པོའི་ཚུལ། །མཚན་ཉིད་ཉེར་བསྟན་ཐོབ་པ་ཡིན། །ཞེས་བྱ་བ་ཡིན་ཏེ། ནད་ནི་ནད་གཞི་ལ་སོགས་པ་ལྔས་ཡོངས་སུ་བརྟག་པར་བྱ་སྟེ། ནད་གཞི་དང་རྒྱུ་དང་བྱེད་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་སོ། །དེ་ཡང་ཉེ་

བ་དང་རིང་བའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། ཉེ་བ་ཡང་ཉེ་བ་དང་ཤིན་ཏུ་ཉེ་བའི་དབྱེ་བས་གཉིས་སོ། །དེ་ལ་ཉེ་བ་ནི་རྩུབ་པ་དང་། ཡང་བ་དང་། གྲང་བ་ལ་སོགས་པའི་རྫས་དང་འདྲེས་པར་གྱུར་པས་སོ། །ཤིན་ཏུ་ཉེ་བ་ནི་དཔེར་ན་རླུང་ལ་སོགས་པའི་ཉེས་པ་རྣམས་

གང་དག་གི་རྗེས་ཐོགས་ཉིད་ལ་ནད་འབྱུང་བར་འགྱུར་བས་འཁྲུགས་པར་འགྱུར་རོ། །རིང་བ་ནི་གང་རིམས་ལ་སོགས་པའི་དང་པོའི་དུས་ཉིད་དུ་འབྱུང་བ་སྟེ། དཔེར་ན་ཕྱི་རོལ་དུ་ཤ་བཀྲ་ལ་སོགས་པ་འབྱུང་བ་དང་། མཛེ་དང་གཅིན་ནད་ལ་སོགས་པ་སྟེ། དེས་ན་འདི་ལྟ་བུའི་

དོན་བསྐྱེད་པ་དང་། འདི་ལྟ་བུའི་ནད་ཀྱི་རྒྱུ་ཉིད་དུ་ཉེ་བར་གནས་པ་ཡིན་ལ། དེ་ལྟར་བྱུང་བ་ཡིན་པས་དེའི་ཕྱིར་ནད་གཞི་ལས་ནད་ཤེས་པར་བྱའོ། །དང་པོའི་ཚུལ་ནི་ཕྱིས་འབྱུང་བའི་ནད་མི་གསལ་བའི་ཁྱད་པར་གནས་པའི་མཚན་ཉིད་དེ། རིམས་ལ་སོགས་པའི་ནད་འབྱུང་བར་འདོད་

པ་ན། རླུང་ལ་སོགས་པའི་གནོད་པའི་ཁྱད་པར་གྱིས་ཁྱད་པར་མི་སྣང་བ་ལ། གང་གིས་སྣང་བར་འགྱུར་ཞིང་ཅི་ནས་ཆུང་བ་ཉིད་ཀྱིས་གང་མི་གསལ་ཞིང་རྟགས་མངོན་དུ་མ་གྱུར་པ་དེ་ནི་དང་པོའི་ཚུལ་ལོ། །མཚན་ཉིད་ཀྱང་དང་པོའི་ཚུལ་ལས་མཚན་ཉིད་ཐ་དད་པ་སྟེ། གང་གིས་ཉེས་

པ་མ་ལུས་པའི་བྱེ་བྲག་གིས་ཁྱབ་པའི་རྟགས་དང་ལྡན་པར་ནད་གསལ་བ་ཉིད་དུ་མཐོང་ཞིང་ཤེས་པའོ། །ཉེར་བསྟེན་ནི་བདེ་བ་དང་། རྗེས་སུ་འབྲེལ་པའི་ཁ་ཟས་ལ་སོགས་པ་ལ་སྤྱོད་པ་སྟེ། འདི་ལྟ་བུའི་ཁ་ཟས་ལ་སོགས་པས་ནི། འདིའི་ནད་འདི་ན་མ་བྱུང་བ་འདི་ལྟ་བུས་ནི་དེང་འབྱུང་བར་

เล่ม ๒๐๐ · หน้า 14b

འགྱུར་རོ་ཞེས་བསྟན་པ་ལས་ནད་འདི་ཡིན་ནོ་ཞེས་ཤེས་པའོ། །ནད་དེ་ནི་གསོ་ར་རུང་ཞིང་བདེ་བའི་རྒྱུ་ཡིན་པས་ན་བདེ་བ་ཐོབ་པ་ཡིན་ནོ། །ཐོབ་པ་དང་རྫོགས་པ་དང་ཡང་དག་པར་ཐོབ་པ་དང་འོངས་པ་དང་། སྐྱེས་པ་ཞེས་བྱ་བ་ནི་དོན་གྱི་རྣམ་གྲངས་ཡིན་ནོ། །དེ་ཡང་འདི་ལྟ་བུའི་མི་

མཐུན་པ་དང་། གནས་འདི་ལྟ་བུ་གནས་པ་དང་། འདི་ལྟར་རྗེས་སུ་འགྲོ་བ་དང་། བརྟག་པ་འདི་དང་། ལམ་འདི་དང་ཉེས་པ་འདི་ཐོབ་པ་ཡིན་ནོ་ཞེས་ཡོངས་སུ་བརྟག་པ་སྟེ། དེ་བས་ན་ཐོབ་ཅིང་མཐར་ཕྱིན་པ་ལས། ནད་འདི་ཡིན་ནོ་ཞེས་ཤེས་པའོ། །ཉེ་བར་བསྟན་པ་

ལ་སོགས་པའི་སྐབས་ཀྱི་ཡུལ་དང་དུས་ལ་སོགས་པ་དང་ཉེ་བར་སྦྱར་དགོས་ཏེ། དེ་བས་ན་དེ་གཉིས་ཀྱང་བཤད་པ་ནི། ས་དང་ལུས་ཀྱི་བྱེ་བྲག་གིས། །འདི་ལ་ཡུལ་ས་རྣམ་གཉིས་བཤད། །ཅེས་བྱ་བ་ཡིན་ཏེ། ཚེའི་རིག་བྱེད་ཀྱི་བསྟན་བཅོས་འདི་ལ་ཡུལ་ས་ནི་སློབ་དཔོན་དག་

གིས་རྣམ་པ་གཉིས་སུ་བཤད་དོ། །དེ་གང་ཞེ་ན་སའི་བྱེ་བྲག་དང་ལུས་ཀྱི་བྱེ་བྲག་གིས་སོ། །དེ་ལ་ལུས་ཀྱི་ཡུལ་ནི་མགོ་བོ་དང་ལག་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པར་གྲགས་པའི་ལུས་ཉིད་དོ། །སའི་ཡུལ་བཤད་པར་བྱ་སྟེ། སྐམས་ཕལ་ཆེར་རླུང་སྐྱེད་ཅིང་། །རླན་

ཅན་བད་ཀན་འཕེལ་བ་ཡིན། །ཆ་མཉམ་ཉེས་པ་མཉམ་པ་སྟེ། །ས་ཡི་ཕྱོགས་ནི་གསུམ་དུ་བཤད། །ཅེས་བྱ་བ་ལ། །ཡང་སའི་ཕྱོགས་ནི་རྣམ་པ་གསུམ་དུ་བཤད་དེ། དེ་ལ་སྐམ་སའི་ཆུ་དང་ཤིང་དང་རི་བོ་ཉུང་ཟད་ཅིག་ཡོད་པ་སྟེ། འོག་ནས་བཤད་དོ། །ཕལ་ཆེར་རླུང་སྐྱེད་ཅིང་

ཞེས་བྱ་བ་སྟེ། དེ་ལས་སྐྱེས་པའི་སྨན་ནི་རྩུབ་པ་དང་། སྲ་བ་ཡིན་པ་དང་། རི་དགས་ལ་སོགས་པ་ཡང་རླུང་གི་ཤས་ཆེ་བ་ཡིན་ནོ། །རླན་ཅན་ནི་ཆུ་དང་། ཤིང་མེད་པ་དང་། རླུང་མེད་པ་དང་། ཐན་པ་ཉུང་བའོ། །དེ་ནི་བད་ཀན་འཕེལ་བ་ཡིན་ཏེ། དེ་ལས་སྐྱེས་པའི་སྨན་

ལ་སོགས་པ་ཡང་། སྣུམ་ལ་སོགས་པ་དང་ལྡན་པ་ཡིན་ནོ། །ཆ་མཉམ་པ་ནི་མཚན་ཉིད་གཉི་ག་དང་ལྡན་པ་སྟེ། འདྲེས་པའི་ཚུལ་ཅན་ནོ། །ཉེས་པ་མཉམ་པ་སྟེ་ཞེས་བྱ་བ་ནི་རླུང་ལ་སོགས་པའི་ཉེས་པ་མཉམ་པའོ། །སྨན་རྣམས་ཀྱིས་ཡང་དག་པར་སྦྱར་བའི་རྒྱུའི་དུས་བཤད་པ་

เล่ม ๒๐๐ · หน้า 15a

ནི། སྐད་ཅིག་ལ་སོགས་ནད་ཀྱི་སྐབས། །དུས་སུ་སྨན་ནི་སྦྱོར་བར་བྱེད། །ཅེས་བྱ་བ་ཡིན་ཏེ། དུས་ནི་རྣམ་པ་གཉིས་ཏེ། སྐད་ཅིག་ལ་སོགས་པའི་མཚན་ཉིད་དང་། ནད་གྱི་གནས་སྐབས་ཀྱི་མཚན་ཉིད་དོ། །སྨན་ནི་སྦྱར་བར་བྱ་ཞེས་བྱ་བ་ནི་སྨན་གྱི་སྦྱོར་བ་

བྱེད་དོ། །དེའི་དོན་རྫོགས་པར་བྱེད་ནུས་སོ་ཞེས་པའི་དོན་ཏོ། །དེ་ལ་སྐད་ཅིག་ནི་གྲགས་པར་ཟད་དོ། །སོགས་པའི་སྒྲས་ནི་ཐང་ཅིག་དང་། ཡུད་ཙམ་དང་། ཐུན་གཅིག་དང་། ཉིན་ཞག་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། དུས་དང་། ལྷོ་ཕྱོགས་དང་། བྱང་ཕྱོགས་

སུ་འགྲོ་བ་དང་། ལོ་རྣམས་གཟུང་བར་བྱའོ། །སྐད་ཅིག་ལ་སོགས་པའི་དུས་ཀྱི་དཔེར་བརྗོད་པར་འདི་ལྟར། སྔ་དྲོའི་དུས་སུ་སྐྱུག་སྨན་གཏང་། །ཉི་མའི་གུང་ལ་འཁྲུ་སྨན་ཏེ། །ཉི་མ་གུང་ལས་ཅུང་ཟད་ཡོལ། །སྨན་ནས་སྨན་ནི་མཁས་པས་གཏང་། །ཞེས་བཤད་པ་ཡིན་

ནོ། །ནད་ཀྱི་གནས་སྐབས་ནི་མ་ཞུ་བ་དང་། ཞུ་བ་དང་། དལ་བ་དང་། བར་མ་དང་། དྲག་པ་ཉིད་ཀྱི་དེ་དང་འཚམ་པའི་སྨན་གྱི་སྦྱོར་བ་གཏང་བར་བྱའོ། །དེ་ནི་འདི་ལྟར། སྨྱུང་བ་དུགས་དང་རྩ་བ་ལྔ། །ནས་ཐུག་ཏིག་ཏ་ཤ་ཁུ་དང་། །དྲི་མ་རྣམས་ནི་སྨིན་བྱ་བ། །གནས་སྐབས་

ཀྱིས་སམ་རིམ་པས་སོ། །ཞེས་བྱ་བ་དང་། དེ་བཞིན་དུ། རིམས་ལ་ཐུག་པ་སྐ་བ་དང་། །མར་སར་འོ་མ་བཀྲུ་སྨན་དག །ནད་སྟོབས་ཡོད་མེད་བལྟས་ནས་ནི། །ཉི་མ་དྲུག་དྲུག་སྦྱར་བར་བྱ། །ཞེས་བྱ་བ་དང་། དེ་བཞིན་དུ། རིམས་ནི་རྩེ་ཞིལ་ལུས་ཡང་ལ། །དྲི་མ་ལ་སོགས་

གཡོས་པ་ན། །རིམས་བཏབ་ཡུན་རིང་མ་ལོན་ཀྱང་། །དེ་ཚེ་སྨན་གྱི་སྦྱོར་བ་བྱ། །ཞེས་བྱ་བ་ཡིན་ཏེ། གནས་སྐབས་འདིར་བྱིན་པའི་སྨན་ནི་ནད་མེད་པའི་དོན་དུ་འགྱུར་རོ། །སྨན་དེ་ཡང་རྣམ་པ་གཉིས་སུ་བཤད་དོ། །མདོར་ན་སྨན་ནི་རྣམ་གཉིས་ཏེ། །སྦྱང་བ་དང་ནི་ཞི་

བའོ། །ཞེས་བྱ་བ་ཡིན་ཏེ། མདོར་བསྡུ་ན་འཇིག་རྟེན་དག་ན་སྨན་རྣམས་ཡོད་པ་དེ་རྣམས་དུ་མར་ཡོད་དུ་ཟིན་ཀྱང་ཚུལ་གཉིས་ལས་འདའ་བར་མི་བྱེད་དེ། སྦྱང་བ་དང་ཞི་བའི་མཚན་ཉིད་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ། །དེ་ལ་སྦྱང་བ་ནི་ཉེས་པ་འཁྲུགས་པ་ཕྱི་རོལ་དུ་བཏོན་

เล่ม ๒๐๐ · หน้า 15b

ནས་ནད་ཉེ་བར་ཞི་བར་བྱེད་དོ། །ཞི་བ་ནི་གང་རང་གི་གནས་ན་གནས་པ་ཉིད་ལ་ཆ་མཉམ་པར་བྱེད་པས་ཞི་བ་ཡིན་ནོ། །སྨན་བཤད་ནས་དེའི་ཡུལ་བཤད་པ་ནི། ལུས་ལས་བྱུང་བའི་ནད་རྣམས་ཀྱི། །རིམ་གྱིས་སྨན་གྱི་དམ་པ་ནི། །མས་གཏོང་བཀྲུ་སྨན་སློན་སྨན་དང་། །དེ་

བཞིན་ཏིལ་མར་མར་སྦྲང་རྩི། །ཞེས་བྱ་བ་ཡིན་ཏེ། ལུས་ལས་བྱུང་བའི་ནད་རླུང་ལ་སོགས་པ་རྣམས་ཀྱི་རིམ་གྱིས་ཞེས་བྱ་བ་གྲངས་ཇི་ལྟ་བའི་གོ་རིམས་གྱིས་བསྟན་པ་དང་། བཤད་པར་གྱུར་པས་སྨན་གྱི་དམ་པ་ཞེས་བྱ་ལ། སྨན་གཙོ་བོར་གྱུར་པ་ནི་མས་གཏོང་བ་ནས་སློན་

པའི་བར་གྱིས་སྦྱང་བར་བྱ་བ་དང་། དེ་བཞིན་དུ་ཏིལ་མར་ནས་སྦྲང་རྩིའི་བར་ནི་ཞི་བར་བྱེད་པའི་ཚུལ་ཅན་ཡིན་ནོ། །དེས་ན་རླུང་ལ་ནི་མཇུག་མ་ནས་སྦྲང་རྩི་དང་སྨན་བསྐོལ་བ་ལྒང་པ་ནས་གཏང་བར་བྱ་བ་སྨན་གྱི་མཆོག་ཡིན་ནོ། །མཁྲིས་པ་ལ་ནི་བཀྲུ་སྨན་ཁ་ནས་བཏུང་ཞིང་མཇུག་

མའི་ལས་ཀྱི་མཐའ་ནས་དབྱུང་བ་སྨན་གྱི་མཆོག་ཡིན་ནོ། །བད་ཀན་ལ་ནི་སློན་སྨན་ཁ་ནས་འཐུངས་པས། དེ་ཉིད་ནས་ནད་དབྱུང་བ་སྨན་གྱི་མཆོག་ཡིན་ཏེ། དེ་དག་ནི་ནད་རྣམས་སྦྱངས་པའི་ཚུལ་གྱི་སྨན་ཡིན་ནོ། །ཏིལ་མར་ལ་སོགས་པ་ཞི་བའི་རང་བཞིན་ཅན་གྱི་སྨན་ཡིན་ནོ། །དེ་

བཞིན་དུ་ཞེས་བྱ་བ་ནི་རིམ་གྱིས་ཏེ་རླུང་ལ་ཏིལ་མར་རོ། །མཁྲིས་པ་ལ་ནི་མར་སར་རོ། །བད་ཀན་ལ་ནི་སྦྲང་རྩི་སྨན་གྱི་དམ་པ་སྟེ། སྨན་གྱི་གཙོ་བོ་ཡིན་ཞེས་བྱ་བའི་དོན་ཏོ། །དུས་ལ་སོགས་པའི་ཡུལ་ལ་བརྟེན་པ་ཐམས་ཅད་དུ་ལུས་ལས་བྱུང་བའི་ནད་ཐམས་ཅད་ཀྱི་སྨན་གྱི་དམ་པ་

བཤད་ཟིན་ཀྱང་། དེའི་འོག་ཏུ་སེམས་ཀྱི་ནད་གསོ་བའི་མཆོག་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་བཤད་པ་ནི། བློ་དང་བརྟན་བདག་སོགས་ཤེས་པ། །སེམས་ཀྱི་ཉེས་པའི་སྨན་མཆོག་ཡིན། །ཞེས་བྱ་བ་ཡིན་ཏེ། སེམས་ཀྱི་ཉེས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་ལ་ནི་ནད་

སེལ་བར་བྱེད་པའི་སྨན་གྱི་མཆོག་ནི་བློ་དང་བརྟན་པ་ལ་སོགས་པ་ཡིན་ཏེ། དེ་ལ་བློ་ནི་ཤེས་རབ་སྟེ། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་དངོས་པོ་རྣམས་ལ་ཕན་པ་དང་། ཕན་པ་མ་ཡིན་པའི་བྱེ་བྲག་གིས་ཆ་རྣམ་པར་འབྱེད་ཤེས་པར་བྱའོ། །བརྟན་པ་ནི་སེམས་མི་འགྱུར་ཞིང་བརྟན་པ་

เล่ม ๒๐๐ · หน้า 16a

ཉིད་དེ་བློ་མི་རྒོད་པའོ། །དེ་ཡང་གོང་གིས་བཀག་པ་རྣམས་ལ་འཇུག་པར་མི་བྱེད་པ་དང་། ཕན་པ་མ་ཡིན་པ་རྣམས་དང་སྡུག་བསྔལ་ལ་ཡིད་ཞུམ་པ་མེད་པའོ། །བདག་ཉིད་ཤེས་པ་ནི་རྣལ་འབྱོར་གྱི་ངོ་བོ་ཉིད་ཤེས་པས། ཏིང་ངེ་འཛིན་གྱི་དོན་དམ་པའི་བདག་ཉིད་

ཤེས་པའོ། །སོགས་པའི་སྒྲས་ནི་ཡེ་ཤེས་དང་། རྣམ་པར་ཤེས་པ་དང་། དྲན་པ་དང་། ཡུལ་དང་། དུས་ལ་སོགས་པ་ཤེས་པ་ཡོངས་སུ་བསྡུའོ། །སེམས་ཀྱི་ཉེས་པ་འབྱུང་བ་འདོད་པ་ལ་སོགས་པ་ནད་བསལ་བའི་དོན་དུ་མཆོག་ཅེས་བྱ་བའི་སྒྲ་ནི་ཁྱད་པར་གྱི་ཚིག་ཏུ་བསྟན་

པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་འདིས་ནི་གསོ་བ་མ་ལུས་པར་བསྟན་པ་ཡིན་ལ། དེ་ཡང་ཡན་ལག་བཞི་དང་ལྡན་ན་དགོས་པ་བྱེད་པ་ཡིན་པས། དེའི་ཕྱིར་བཤད་པ་ནི། གསོ་བ་དག་ཏུ་བསྟན་པ་ནི། །སྨན་པ་སྨན་དང་ནད་གཡོག་དང་། །ནད་པ་ཡན་ལག་རྣམ་བཞི་སྟེ། །རེ་རེའང་རྣམ་

པ་བཞི་བཞི་ཡིན། །ཞེས་བྱ་བ་ཡིན་ཏེ། གསོ་བ་ཞེས་བྱ་བས་ནད་ཉེ་བར་ཞི་བར་བྱ་བའི་མཚན་ཉིད་ཀྱི་ཡན་ལག་ནི་རྣམ་པ་བཞི་ཡོད་པར་བཤད་ལ། དེ་རེ་རེ་ལ་ཡང་རྣམ་པ་བཞི་བཞི་ཡོད་དེ། དེ་ལྟར་ན་ཡོན་ཏན་རྣམ་པ་བཅུ་དྲུག་ཡིན་པར་གསོ་དཔྱད་མཁས་པའི་སྨན་པ་རྣམས་འདོད་དོ། །

དེ་ལ་སྨན་པ་ནི་དེའི་གཙོ་བོ་ཡིན་པས་དང་པོར་བསྟན་ཏེ། དེ་ཡང་ལུང་ལས། སྦྱོར་ཞིང་རབ་སྦྱོར་སྟོན་པས་ན། །འདི་ནི་སྨན་པ་གཙོ་བོ་ཡིན། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསྡུས་པ་ལས་ཀྱང་། སྨན་པ་ཡོན་ཏན་མེད་ཡན་ལག །ཡོན་ཏན་ལྡན་ཡང་དོན་མེད་ཡིན། །དེ་ཡི་

ཡོན་ཏན་ལྡན་ཡན་ལག །མཚང་ན་ཡང་ནད་པ་འཚོ། །དེ་བས་གསོ་དཔྱད་ལ་དེ་ཉིད། །རྒྱུ་ཡིས་གཙོ་བོ་ཡིན་ཞེས་བྱ། །ཞེས་བཤད་དོ། །སྨན་ནི་རྫས་རྣམས་སོ། །ནད་གཡོག་ནི་བསྙེན་བཀུར་བྱེད་པའོ། །ནད་པ་ནི་ནད་ཀྱིས་ཉམ་ཐག་པ་སྟེ། དེ་དག་ནི་སློབ་དཔོན་གྱིས་མདོར་བསྟན་པ་

ཡིན་ནོ། །དེ་རྣམས་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ནི། སྨན་པ་མཁས་སྟེགས་གཞུང་དན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །ཞེས་བྱ་བ་ཡིན་ཏེ། དེ་ལ་སྨན་པའི་ཡན་ལག་བཞི་ནི་མཁས་པ་སྟེ། ལས་རྣམས་ལ་བྱང་བའོ། །སྟེགས་ནི་རང་གི་མཁན་པོའི་ལུང་གི་དོན་ཤེས་

เล่ม ๒๐๐ · หน้า 16b

པ་ལས། བསྟན་བཅོས་ཀྱི་གཞུང་གི་དོན་ལ་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི། སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ཞེས་བྱ་བ་ཡིན་ཏེ། ལུང་བརྒྱུད་པ་ལས་བསྟན་བཅོས་ཀྱི་དོན་རྟོགས་པ་ཐོབ་བའོ། །ལས་རྣམས་མཐོང་ཞིང་ཞེས་བྱ་བ་ནི། གང་གིས་གསོ་བའི་མཚན་

ཉིད་ཅེས་བྱ་བའི་ལས་མང་པོ་མཐོང་བ་དེ་ནི། ལས་རྣམས་མཐོང་ཞིང་ཞེས་བྱ་བ་སྟེ། ལན་མང་ཞིང་ནད་པ་གསོས་ཤིང་ལས་གོམས་པར་གྱུར་པའོ། །གཙང་བ་ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་བྱ་བ་རྣམས་ལ་སྡིག་པའི་དྲི་མས་མ་གོས་པའོ། །སྨན་ཡང་རྣམ་པ་བཞི་

སྟེ། དེ་ནི། སྨན་ནི་ཆོ་ག་མང་པོ་དང་། །ཡོན་ཏན་མང་ལྡན་ཕུན་ཚོགས་འཕྲོད། །ཅེས་བྱ་བ་སྟེ། དེ་ལ་སྨན་གང་ལ་ཆོ་ག་མང་པོ་ཡོད་པ་དེ་ནི་ཆོ་ག་མང་པོ་སྟེ། བཅུད་དབྱུང་ཞིང་བསྐོལ་བ་དང་། ཕྱེ་མ་ལ་སོགས་པར་བྱས་པས་ན་ནད་རྣམས་སེལ་ནུས་པ་སྟེ། ལན་ཚྭ་ལྟར་

ཆོ་ག་གཅིག་ཡོད་པ་ནི་མ་ཡིན་ཏེ། དེ་ནི་ཁ་གཅིག་པུའི་ནང་དུ་དགོས་པ་བྱེད་པ་ཡིན་ནོ། །ཡོན་ཏན་མང་ལྡན་ཞེས་བྱ་བ་ནི་སེམས་ཅན་སྲེད་པ་ཐ་དད་པ་དག་ལ་ལྕི་བ་དང་རྟུལ་བ་ལ་སོགས་པའི་ཡོན་ཏན་མང་པོ་ཡོད་པ་དེ་ནི་ཡོན་ཏན་མང་ལྡན་ནོ། །ཡང་ན་གང་ནད་དུ་མ་དག་གི་

ཚོགས་རྣམས་སེལ་བའི་ནུས་པ་དང་ལྡན་པའོ། །ཕུན་སུམ་ཚོགས་པ་ནི་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པ་ཡིན་གྱི། ཡོན་ཏན་མ་ཚང་བར་གྱུར་པ་མ་ཡིན་པ་སྟེ། ས་གཞི་བཟང་པོ་ལས་སྐྱེས་པ་ལ་སོགས་པའོ། །དེ་ཡང་གཞུང་ལས། ས་ཕྱོགས་ཆ་མཉམ་

བསྔགས་པ་ནི། །གཞི་མཉམ་ས་བཟང་གཙང་བ་དང་། །དུར་ཁྲོད་མཆོད་རྟེན་ཉེ་འཁོར་དང་། །གཡང་ས་གྲོག་མཁར་རྣམས་སྤངས་པའོ། །ཞེས་བཤད་པའི་ས་གཞི་བཟང་པོ་ལས་སྐྱེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །ཡང་ན་ལེགས་པར་སྨིན་ཅིང་སྦྱར་བ་ལ་

སོགས་པའི་ཡོན་ཏན་དང་ལྡན་པའོ། །འཕྲོད་པ་ནི་སྦྱོར་བར་འོས་པ་སྟེ། གང་གང་ལ་འཕྲོད་ཅིང་འོས་པ་དེ་དེ་ལ་སྦྱར་བའོ། །དེ་ཡང་ནད་དང་། ཡུལ་ཕྱོགས་དང་། དུས་དང་། གནོད་པ་དང་། གནོད་པར་བྱ་བ་དང་། ལུས་དང་། ན་ཚོད་དང་། སྟོབས་ལ་སོགས་པ་ཤེས་པར་

เล่ม ๒๐๐ · หน้า 17a

བྱས་ནས་སྦྱོར་ཞིང་སྟེར་བ་དག་ནད་པ་དང་། ནད་ཀྱི་ཚོགས་ལས་དཔག་སྟེ་འཕྲོད་ཅིང་འོས་པ་དང་། ཕན་པར་གྱུར་པའོ། །ནད་གཡོག་གི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་གཡོག་རྗེས་བརྩེ་གཙང་སྦྲ་ཅན། །སྒྲིམ་ཞིང་བློ་དང་ལྡན་པ་ཡིན། །ཞེས་བྱ་བ་

ཡིན་ཏེ། རྗེས་སུ་བརྩེ་བ་ཞེས་བྱ་བ་ནི་ནད་པ་ལ་བྱམས་ཤིང་དད་པའོ། །གཙང་སྦྲ་ཅན་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ངན་པས་མ་གོས་པའོ། །སྒྲིམ་པ་ནི་བྱ་བ་ཐམས་ཅད་ལ་གཤོར་ཞིང་བརྩོན་པའོ། །བློ་དང་ལྡན་པ་ནི་བློ་གྲོས་ཁྱད་པར་ཅན་ཡོད་པ་སྟེ། མཁས་ཤིང་བྱང་

བ་ཞེས་བྱ་བའི་དོན་ཏོ། །ནད་པའི་ཡོན་ཏན་ཡང་རྣམ་པ་བཞི་སྟེ། ནད་པ་ཕྱུག་ཅིང་བསྒོ་བ་ཉན། །ཤེས་པར་ནུས་ཤིང་སྙིང་སྟོབས་ལྡན། །ཞེས་བྱ་བ་ཡིན་ཏེ། ཕྱུག་པ་ནི་ནོར་དང་ལྡན་པའོ། །བསྒོ་བ་ཉན་པ་ནི་སྨན་པའི་དབང་དུ་གྱུར་ཅིང་བསྒོ་བ་ཉན་པའོ། །ཤེས་པར་ནུས་

ཞེས་བྱ་བ་ནི། ཅི་ལས་གྱུར་པའི་ནད་ཀྱི་གཞི་ལ་སོགས་པ་ཤེས་པར་ནུས་པ་སྟེ། ན་བའི་ཟས་དང་སྤྱོད་པ་ལ་སོགས་པ་སྨན་པ་ལ་བརྡ་སྤྲད་པར་ནུས་ཤིང་ཟས་དང་སྤྱོད་པས་ཇི་ལྟར་གྱུར་པའི་ལོ་རྒྱུས་སྟོན་པར་ནུས་པའོ། །སྙིང་སྟོབས་ལྡན་པ་ནི་སྨན་དང་དཔྱད་ཀྱི་བྱ་བ་ལ་སེམས་ཞུམ་

པ་མེད་ཅིང་ཕོག་སྙ་ཆེ་ལ་བློ་དང་ལྡན་པའོ། །ད་ནི་གསོ་སླ་བ་ལ་སོགས་པའི་ནད་རྣམ་པ་བཞིའི་མཚན་ཉིད་བཤད་པ་ནི། སྨན་ཀུན་བཟོད་པར་ནུས་པའི་ལུས། །སྐྱེས་བུ་གཞོན་ཞིང་བདག་ཉིད་ཐུལ། །གནད་དུ་མ་སོང་རྒྱུ་སྔར་ཚུལ། །མཚན་ཉིད་ཆུང་དང་གནོད་པ་མེད། །གནོད་བྱ་ཡུལ་

དུས་རང་བཞིན་རྣམས། །མཚུངས་མིན་ཡན་ལག་ཕུན་སུམ་ཚོགས། །གཟའ་ནི་རྗེས་སུ་མཐུན་པ་ལ། །ཉེས་པ་ལམ་གཅིག་གསར་གསོ་སླ། །ཞེས་བྱ་བ་ཡིན་ཏེ། སྨན་ཀུན་བཟོད་པར་ནུས་པའི་ལུས་ལ་ནད་སྐྱེད་པར་གྱུར་ན་གསོ་སླ་བ་ཞེས་བྱ་བ་སྟེ། གསོ་བའི་ཐབས་བདེ་ཞིང་སླ་བ་ཡིན་

ནོ། །དེ་ཡང་གཞུང་ལས། གསོ་སླ་བ་ནི་ཐབས་བདེ་བ། །ཅུང་ཟད་དུས་ཀྱིས་བསྒྲུབ་ཏུ་རུང་། །ཞེས་བཤད་པ་ཡིན་ནོ། །དེ་ལ། སྨན་ཀུན་བཟོད་པར་ནུས་པའི་ལུས། །ཞེས་བྱ་བ་ནི། གང་གིས་སྨན་ཐམས་ཅད་བཟོད་ཅིང་བསྟེན་པར་ནུས་པ་སྟེ། རྣོ་བ་དང་། བར་མ་དང་། འཇམ་པའི་

เล่ม ๒๐๐ · หน้า 17b

ཚུལ་ཡུལ་སྣ་ཚོགས་ནས་སྐྱེས་པ་དང་། ཞི་བར་བྱ་བ་དང་། དེ་བཞིན་དུ་སྦྱང་བ་དང་། དུག་དང་ལན་ཚྭ་ལ་སོགས་པ་བསྟེན་པར་བཟོད་པའོ། །སྐྱེས་བུ་ཞེས་སྨོས་པ་ནི་བུད་མེད་དག་མ་ཡིན་ཏེ། གང་གི་ཕྱིར་བུད་མེད་དག་ནི་རྟག་ཏུ་སྡང་ཞིང་བློ་དང་མི་ལྡན་པ་ཡིན་པས། ཇི་སྐད་བཤད་

པའི་ནད་པ་ཡོན་ཏན་དང་མི་ལྡན་པ་ཡིན་ལ། དེ་ནི་ཤིན་ཏུ་གཞོན་ཤ་ཅན་ཡིན་པས། སྨན་རྣོན་པོ་བསྟེན་པར་མི་བཟོད་པ་ཡིན་ནོ། །གཞོན་ཞིང་ཞེས་བྱ་བ་ནི། ལང་ཚོ་ལ་གནས་ཤིང་གཞོན་པ་ཉིད་ཅེས་བྱ་བའི་དོན་ཏོ། །བདག་ཉིད་ཐུལ་ཞེས་བྱ་བ་ནི། བརྐམ་ཞིང་ཆགས་པ་མ་ཡིན་པ་སྟེ།

གང་གི་ཡུལ་ལ་མངོན་པར་འདོད་པ་སྤངས་པས་བདག་ཉིད་ཐུལ་བའོ། །གནད་དུ་མ་སོང་ཞེས་བྱ་བ་ནི། གནད་ལ་མི་གནས་པ་སྟེ། གནད་ནི་མགོ་དང་། སྙིང་ག་དང་། མདོམས་ལ་སོགས་པ་སྟེ། དེ་རྣམས་སུ་མ་སོང་ཞིང་། སྙིང་དང་ལྐོག་མ་ལ་སོགས་པར་ཤས་ཆེར་གནོད་མི་ནུས་པའོ། །

རྒྱུ་སྔར་ཚུལ། །མཚན་ཉིད་ཆུང་དང་ཞེས་བྱ་བ་ནི། རྒྱུ་དང་སྔར་གྱི་ཚུལ་མཚན་ཉིད་དག་ནི། རྒྱུ་སྔར་ཚུལ་གྱི་མཚན་ཉིད་ཅེས་བྱ་སྟེ་རྒྱུ་དང་སྔར་གྱི་ཚུལ་དང་། མཚན་ཉིད་དེ་དག་ཆུང་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་རྒྱུ་ནི་ནད་ཀྱི་གཞིའོ། །སྔར་གྱི་ཚུལ་ནི་སྔར་དང་པོ་བྱུང་བའི་ཚུལ་ལོ། །

མཚན་ཉིད་ནི་རྟགས་ཀྱི་ཚུལ་ཏེ། དེ་དག་ཆུང་བ་གང་ཡིན་པ་དེ་ནི་གསོ་བ་སླ་བ་ཡིན་ནོ། །གནོད་པ་མེད་ཅེས་བྱ་བ་ནི་གང་ལ་འཚེ་ཞིང་གནོད་པ་མེད་པ་དེ་ནི་གནོད་པ་མེད་པ་ཞེས་བྱ་སྟེ། འདི་ལྟར་སྔར་ནད་གཅིག་བསྐྱེད་པ་ལ། དེའི་འོག་ཏུ་གང་ནད་གཞན་བླ་བརྣན་དུ་བྱུང་བ་ནི། དེའི་མཚན་ཉིད་

མ་ཡིན་ཞིང་། གཙོ་བོ་མ་ཡིན་ལ། རང་གི་མཚན་ཉིད་ཇི་ལྟ་བཞིན་མ་ཡིན་ཏེ། ནད་སྔ་མ་དེ་སེལ་བར་བྱེད་པ་ལ་གནོད་པ་བྱེད་པ་ཡིན་ནོ། །དེ་ཡང་ལུང་ལས། ནད་ཀྱི་སྟེང་དུ་ནད་གང་ཞིག །ཕྱིས་དུས་དག་ཏུ་འབྱུང་བ་དག །གསོ་བ་དག་ལ་གགས་བྱེད་པ། །དེ་ནི་གནོད་པ་ཞེས་བཤད་དོ། །ཞེས་འབྱུང་

བ་ནི་ཡིན་ཏེ་དེ་མེད་པ་ལ་གནོད་པ་མེད་པ་ཞེས་བྱའོ། །གནོད་བྱ་ཡུལ་དུས་རང་བཞིན་རྣམས། །མཚུངས་མིན་ཞེས་བྱ་བ་ལ། གནོད་བྱ་དང་། ཡུལ་དང་། དུས་དང་། རང་བཞིན་རྣམས་ནི། གནོད་བྱ་ཡུལ་དུས་རང་བཞིན་རྣམས། །ཞེས་བྱ་སྟེ། གང་གི་དེ་རྣམས་མཚུངས་བ་མ་ཡིན་པ་ནི་མཚུངས་

เล่ม ๒๐๐ · หน้า 18a

མིན་ནོ། །དེ་ལ་དེ་རྣམས་མཚུངས་པ་མ་ཡིན་པ་ནི། དཔེར་ན་གནོད་པར་བྱ་བ་རྐང་དང་ཚིལ་ལ་སོགས་པ་དང་། ཤིན་ཏུ་རླན་ཆེ་བའི་ཡུལ་དང་། གྲང་བའི་དུས་དང་། ནད་པའི་རླུང་གི་རང་བཞིན་དེ་ལ་མཁྲིས་པ་འཁྲུགས་པར་གྱུར་ན་གསོ་སླ་བ་ཡིན་ནོ། །གནོད་

པར་བྱ་བ་མཚུངས་པ་མ་ཡིན་ནོ། །དཔེར་ན་བད་ཀན་གྱི་མཚན་ཉིད་གྲང་བས་ཁྲག་དྲོ་བ་ལ་གནོད་པ་ཡིན་ནོ། །ཡུལ་མཚུངས་པ་མ་ཡིན་པ་ནི། དཔེར་ན་རླན་ཅན་ཤིང་རྩི་མོད་པའི་ཡུལ་དུ་མཁྲིས་པ་སྐྱེས་པའོ། །དུས་མཚུངས་པ་མ་ཡིན་པ་ནི་དཔེར་ན་སྟོན་ཀའི་དུས་སུ་བད་ཀན་སྐྱེས་

པའོ། །རང་བཞིན་མཚུངས་པ་མ་ཡིན་པ་ནི་དཔེར་ན་མཁྲིས་པའི་རང་བཞིན་ཅན་ལ་བད་ཀན་གྱི་ནད་སྐྱེས་པ་ལྟ་བུའོ། །འདིར་དྲིས་པ། གནོད་བྱ་དང་། ཡུལ་དང་། དུས་དང་། རང་བཞིན་རྣམས་མཚུངས་པ་མ་ཡིན་པ་ནི་གསོ་བར་དཀའ་བའམ། སྤང་བར་བྱ་བ་ཡིན་གྱི་གསོ་སླ་བ་མ་

ཡིན་ཏེ། སྒོ་དུ་མ་ནས་གསོ་བ་ཙམ་དགོས་པ་ཡིན་པའི་ཕྱིར་ཏེ། འདི་ལྟར་གནོད་བྱ་ལ་སོགས་པ་འདྲ་བ་མ་ཡིན་པ་དག་ལ། ཕན་ཚུན་གསོ་བའི་རྩོམ་པ་གཞན་དང་གཞན་དག་ཀྱང་བྱ་དགོས་ཀྱི། སྒོ་གཅིག་ནས་གསོ་བ་ནི་གསོ་བ་སླ་བ་ཡིན་ནོ་ཞེ་ན། དེའི་ལན་བརྗོད་པར་བྱ་སྟེ།

གནོད་བྱ་ལ་སོགས་པ་མཚུངས་པ་ནི་རང་བཞིན་སྟོབས་དང་ལྡན་པ་ཡིན་ཞིང་། རྩོམ་པ་ཆེ་བས་གསོ་དཀའ་བའི་ནད་ཉིད་འབྱུང་བས་དེ་གསོ་སླ་བ་མ་ཡིན་ནོ། །ལ་ལར་ནི་གནོད་བྱ་ལ་སོགས་པ་མཚུངས་སུ་ཟིན་ཀྱང་། གསོ་སླ་བ་དག་ནི་ཡོད་དོ། །དེ་ཡང་གཞུང་ལས། རིམས་ལ་

ཡུལ་དུས་མཚུངས་པ་དང་། །གཅིན་འགགས་གནོད་བྱ་མཉམ་པ་དང་། །ཁྲག་གི་སྐྲ་ནི་རྙིང་པ་ཉིད། །གསོ་སླ་བ་ཡི་རྒྱུ་ཉིད་ཡིན། །ཞེས་བཤད་པ་ཡིན་ནོ། །ཡན་ལག་ཕུན་སུམ་ཚོགས་ཞེས་བྱ་བ་ནི། སྨན་ལ་སོགས་པ་ཡན་ལག་བཞིའི་ཕུན་སུམ་ཚོགས་པ་ནི་འབྱོར་བར་

གྱུར་པ་སྟེ། ཡན་ལག་བཞི་པོ་སྟེ་ཡོངས་སུ་རྫོགས་པར་གྱུར་ན། ནད་གསོ་སླ་བར་འགྱུར་བའོ། །གཟའ་ནི་རྗེས་སུ་མཐུན་པ་ལ། །ཞེས་བྱ་བ་ལ། གཟའ་ནི་ཉི་མ་ལ་སོགས་པ་སྟེ། དེ་དག་རྗེས་སུ་མཐུན་པ་ཞེས་བྱ་བ། སྐར་མའི་ཁྱིམ་རྗེས་སུ་མཐུན་པ་ན་གནས་ཤིང་། གནས་བཟང་པོ་

เล่ม ๒๐๐ · หน้า 18b

ན་གནས་པར་གྱུར་ན་ཡང་ནད་གསོ་སླ་བ་ཡིན་ནོ། །ཉེས་པ་ལམ་གཅིག་ཅེས་བྱ་བ་ནི་ཉེས་པ་དང་ལམ་གཉིས་གཅིག་དང་ལྡན་པ་ནི། ཉེས་པ་ལམ་གཅིག་སྟེ། ཉེས་པ་ནི་རླུང་ལ་སོགས་པའོ། །ལམ་ནི་གསུམ་སྟེ། འོག་ནས་བཤད་པའི་ཡན་ལག་གམ། ཡལ་ག་ལ་སོགས་པ་

ནི་ཕྱི་དང་ནང་དང་བར་གྱི་དབྱེ་བས་སོ། །དེས་ན་གང་ཡང་རླུང་ལ་སོགས་པའི་ནང་ནས་གང་ཡང་རུང་བ་གཅིག་ལས་སྐྱེས་ཀྱི། གཉིས་སམ་གསུམ་ལས་མ་སྐྱེས་པ་དང་། དེ་བཞིན་དུ་ཕྱི་རོལ་ལམ་ནང་ངམ་བར་མ་སྟེ་ལམ་གཅིག་ལས་སྐྱེས་པ་དེ་ནི་གསོ་སླ་བ་ཡིན་ནོ། །གསར་པ་ཞེས་བྱ་

བ་ནི་ནད་མ་རྙིངས་པ་སྟེ། སྐྱེས་ནས་རིང་པོ་མ་ལོན་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ལོ་གཅིག་ཡན་ཆད་འདས་པའི་ནད་ནི་གསོ་དཀའ་བ་ཡིན་ནོ། །དེ་ལྟར་ན་དེ་ལྟ་བུའི་ནད་ནི་གསོ་སླ་ཞིང་། གསོ་བའི་ཐབས་ནི་སླ་བ་ཉིད་ཡིན་ནོ། །གསོ་དཀའ་བའི་ནད་བཤད་པ་ནི། ནད་ནི་མཚོན་

སོགས་ཀྱིས་གདབ་ཅིང་། །གསོ་བ་དཀའ་ཞིང་དེ་ལས་འདྲེས། །ཞེས་བྱ་བ་ཡིན་ཏེ། ནད་གང་མཚོན་ལ་སོགས་པས་བསྒྲུབ་ཅིང་གདབ་དགོས་པ་དེ་ནི། གསོ་དཀའ་ཞིང་བཟློག་པར་དཀའ་བ་ཡིན་པས། ཐབས་མང་པོ་དང་ཡུན་རིང་པོས་གསོ་དགོས་པ་ཡིན་ནོ། །དེ་ཡང་གཞུང་

ལས། གསོ་དཀའ་བ་ལ་དཀའ་བ་དང་། །ཐབས་མང་ཡུན་ནི་རིང་པོས་སོ། །ཞེས་བཤད་པ་ཡིན་ནོ། །སོ་ལ་སོགས་པའི་སྒྲས་ནི་ནས་ཚིག་འཁུས་པའི་ཐལ་བས་བསྐུ་བ་དང་། མེ་གདབ་པ་དང་། དུག་གིས་བསྐུ་བ་ལ་སོགས་པས་བསྡུའོ། །དེ་ལས་འདྲེས་ཞེས་བྱ་བ་ལ། དེ་ལས་ཞེས་

བྱ་བ་ནི་སྔར་བཤད་པའི་གསོར་རུང་བའི་མཚན་མ་ལས། ནད་དང་འདྲེས་པ་ཞིག་བྱུང་ན་དེ་ཡང་གསོ་བར་དཀའ་བ་ཡིན་ནོ། །དེ་ལ་དེ་ལས་འདྲེས་པའི་མཚན་ཉིད་ནི་སྔར་བཤད་པའི་གསོ་སླ་བའི་མཚན་ཉིད་ལས་འདྲེས་ཤིང་གཉིས་སམ་གསུམ་ཚོགས་པར་གནས་པ་སྟེ། དཔེར་ན་གཞོན་པ་ན་ཡང་

བདག་ཉིད་ཐུལ་བ་དང་། དབང་པོ་ཐུལ་བ་ཡིན་ཡང་། ནད་གནད་ཀྱི་གནས་སུ་སོང་བ་དང་། སྨན་ཐམས་ཅད་བཟོད་པར་ནུས་པའི་ལུས་དང་ལྡན་ཡང་རྒས་པ་དང་། གལ་ཏེ་གཞོན་དུ་ཟིན་ཀྱང་སྨན་ཐམས་ཅད་ཀྱིས་བཟོད་པར་མི་ནུས་པའོ། །དེ་ལྟར་ན་ཕྱོགས་འདིས་ཐམས་ཅད་ལ་བསྒྲེ་བར་བྱའོ། །གསོ་

เล่ม ๒๐๐ · หน้า 19a

བ་ཙམ་དུ་བྱ་བ་བཤད་པ་ནི། ཚེ་ཡི་ལྷག་མ་ལུས་ཕྱིར་འཚོ། །གོ་བཟློག་པ་ལ་གོམས་ཕན་ཉིད། །ཅེས་བྱ་བ་ཡིན་ཏེ། ཕྱིན་ཅི་ལོག་རྣམ་པ་མང་པོས་བསྒྲུབ་པར་བྱ་བའི་གསོ་བའི་ཐབས་དང་མི་མཐུན་པར་གྱུར་ལ། ཚེའི་ལྷག་མ་ནི་མ་ཟད་པས། ནད་ཀྱིས་གསོ་བར་མི་ནུས་པ་

དག་ལ་ནི་ཁ་ཟས་དང་སྤྱོད་ལམ་ཕན་པ་དག་གིས་རེ་ཞིག་གསོ་ཞིང་འཚོ་བ་ཙམ་དུ་བྱའོ། དེ་ཡོངས་སུ་སྤང་བར་ནི་མི་བྱའོ། །འདི་དང་ཡོངས་སུ་སྤང་བར་བྱ་བའི་ནད་ཀྱི་ཁྱད་པར་ནི་འདི་ཙམ་ཞིག་ཡོད་དོ། །འདི་ལ་ནི་ཚེའི་ལྷག་མ་ཙམ་ཞིག་ཡོད་པས། རེ་ཞིག་སྤང་བར་མི་བྱ་བ་ཡིན་གྱི། མཚན་

ཉིད་གཞན་ཐམས་ཅད་ནི་ཕལ་ཆེར་མཐུན་པ་ཡིན་ནོ། །གོ་བཟློག་ཅེས་བྱ་བ་གང་ཞིག་བཟློག་པ་ཡིན་ཞེ་ན། འདས་མ་ཐག་པའི་རང་བཞིན་གསོ་སླ་བ་ལས་བཟློག་པའོ། །གོམས་པ་ནི་ཡང་དང་ཡང་དུ་བྱ་ཞིང་བསླབ་པ་སྟེ། དེ་བས་ན་ཕན་པའི་ཟས་དང་། སྤྱོད་ལམ་གྱིས་གསོ་བར་བྱའོ། །དེ་ཡང་

གསོ་བས་བདེ་བ་ཅུང་ཟད་ཅིག་བསྐྱེད་ཅིང་། ཡང་རྒྱུ་ཅུང་ཟད་ཀྱིས་ནི་འཕེལ་བར་འགྱུར་རོ། །དེ་ཡང་བསྡུས་པ་ལས། བདེ་བ་ཅུང་ཟད་སྐྱེས་ནས་ནི། །ཅུང་ཟད་རྒྱུ་ནི་འཕེལ་འགྱུར་ཞིང་། །ནད་ཀྱི་ལྷག་མ་མེད་མི་འགྱུར། །ལས་སྐྱེས་ཚེ་ནི་ངེས་པ་ཡིན། །ལྷུང་བ་ལས་ནི་འཇུས་པ་བཞིན། །

ནད་ལ་ཕན་པས་གཟུང་བར་བྱ། །ཞེས་བཤད་པ་ཡིན་ནོ། །སྤང་བར་བྱ་བ་བཤད་པ་ནི། བཅོས་པའི་ཐབས་མེད་ཉིད་དུ་འགྱུར། །ཤིན་ཏུ་ཕྱིན་ཅི་ལོག་པར་གནས། །འདོད་དང་རྨོངས་དང་ཁྲོ་བར་བྱེད། །འཆི་ལྟས་སྣང་ཞིང་དབང་པོ་ཉམས། །ཞེས་བྱ་བ་ཡིན་ཏེ། གང་ལ་བཅོས་ཤིང་

གསོ་བའི་ཐབས་མེད་པར་གྱུར་པ་དེ་ནི་བཅོས་པའི་ཐབས་མེད་པ་སྟེ། སྤང་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །བཅོས་པའི་ཐབས་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་ཤིན་ཏུ་ཕྱིན་ཅི་ལོག་ལ་གནས་པ་ཞེས་བྱ་བ་ཡིན་ནོ། །ནད་གང་གསོ་བ་ཙམ་གྱི་ཚུལ་ལས་ཀྱང་། ཤིན་ཏུ་ཕྱིན་ཅི་ལོག་པར་གནས་པ་སྟེ་

བྱ་བའི་ལས་ཀྱི་ལམ་ཐམས་ཅད་ལས་འདས་ཤིང་། ནད་རྐང་དང་ཁུ་ཆུ་ལ་སོགས་པ་ལུས་ཟུངས་ཤིན་ཏུ་གཏིང་རིང་བར་ཞེན་པ་གནད་དང་ཚིགས་ཀྱི་ནང་དུ་ཞེན་པ་དེ་ནི་བཅོས་པའི་ཐབས་མེད་ཅིང་གསོ་བར་མི་ནུས་པ་ཡིན་ནོ། །དེ་བཞིན་དུ་འདོད་པ་ལ་སོགས་པ་བྱེད་པ་ཡང་གསོར་མི་རུང་བ་ཉིད་དེ།

เล่ม ๒๐๐ · หน้า 19b

འདོད་པ་ནི་ཡུལ་རྣམས་ལ་ལྷག་པར་ཆགས་ཤིང་ཞེན་པའོ། །རྨོངས་པ་ནི་སེམས་དང་བྲལ་ཞིང་དྲན་པ་ཉམས་ལ་མི་ཤེས་པར་གྱུར་པའོ། །ཁྲོས་པ་ནི་གནས་དང་མལ་ལ་སོགས་པ་གང་དུ་ཡང་མི་དགའ་ཞིང་སེམས་ལྡོག་པའོ། །བྱེད་པ་ཞེས་བྱ་བ་ནི་གང་དེ་དག་ལྟར་བྱེད་པ་དེ་ཡང་བཅོས་པའི་ཐབས་

མེད་པ་ཡིན་ནོ། །དེ་བཞིན་དུ་འཆི་ལྟས་སྣང་ཞིང་དབང་པོ་ཉམས་པ་ཡང་སྤང་བར་བྱ་བ་ཡིན་ནོ། །དེ་ལ་འཆི་ལྟས་སྣང་བ་ནི་འཆི་བའི་མཚན་མ་སྣང་བའོ། །དབང་པོ་ཉམས་པ་ནི་མིག་ལ་སོགས་པའི་དབང་པོ་ཉམས་ཤིང་དབང་པོ་འགགས་པར་བྱེད་པའི་ནད་ཀྱང་བཅོས་པའི་ཐབས་མེད་པ་ཡིན་

ཏེ། མྱུར་དུ་དབང་པོ་འཇོམས་པ་ཡིན་ནོ། །དེ་ལྟར་ན་དང་པོ་ནད་ཡོངས་སུ་བརྟགས་ལ་གསོ་བ་བརྩམ་པར་བྱའོ། གཞན་དུ་སྨན་པའི་རང་གི་དོན་ལ་སོགས་པ་ངེས་པར་ཉམས་པར་འགྱུར་རོ། །དེ་ཡང་གཞུང་ལས། དང་པོར་འདི་ལྟར་ནད་བརྟགས་ལ། །དེ་ནས་ལས་ནི་བརྩམ་བྱ་ཡི། །གཞན་དུ་

རང་དོན་རིག་པ་དང་། །གྲགས་པ་ཉམས་པ་ཉིད་ཐོབ་འགྱུར། །ཞེས་བཤད་པ་ཡིན་ནོ། །ནད་པ་བཅོས་པའི་ཐབས་ཡོད་པ་དག་ཀྱང་། སྤང་བར་བྱ་བ་དག་བཤད་པ་ནི། སྨན་པ་རྒྱལ་པོ་ལ་སྡང་དང་། །དེ་དང་མི་མཛའ་སྡང་བ་དང་། །ཡོ་བྱད་མི་འབྱོར་བྲེལ་བ་དང་། །ཉན་དུ་མི་བཏུབ་

ཚེ་ཟད་དང་། །གཏུམ་ཞིང་མྱ་ངན་ལ་མནན་འཇིགས། །བྱས་པ་མི་གཟོ་སྨན་བརྙས་སྤང་། །ཞེས་བྱ་བ་ཡིན་ཏེ། ནད་པ་དེ་ལྟ་བུ་ནི་གསོར་རུང་ཡང་སྤང་བར་བྱའོ། །སྨན་པ་རྒྱལ་པོ་ལ་སྡང་ཞིང་། །ཞེས་བྱ་བ་ནི་སྨན་པ་དག་དང་རྒྱལ་པོ་སྟེ། ས་བདག་ལ་སྡང་བ་དང་། དེ་བཞིན་དུ་དེ་དང་མི་

མཛའ་ཞེས་བྱ་བ། སྨན་པ་དང་རྒྱལ་པོ་ལ་སྡང་ཞིང་མི་མཛའ་བ་དེ་ཡང་སྤང་བར་བྱའོ། །སྡང་བ་དང་ཞེས་བྱ་བ་ནི་བདག་ཉིད་ལ་སྡང་ཞིང་དགྲར་བྱེད་པའོ། །ཡོ་བྱད་མི་འབྱོར་ཞེས་བྱ་བ་ནི་ཡོ་བྱད་མཚང་བ་སྟེ། གསོ་བའི་ཡན་ལག་དང་མི་ལྡན་པའོ། །བྲེལ་བ་ནི་བྱ་བ་མང་བ་སྟེ། བྱ་བ་

གཞན་ལ་ལྟོས་ཤིང་། །ལས་གཞན་ལ་སེམས་ཞེན་པའོ། །ཉན་དུ་མི་བཏུབ་པ་ནི་སྨན་པའི་བསྒོ་བ་མི་བྱེད་པ་གང་ཡིན་པ་དེ་ཡང་སྤང་བར་བྱའོ། །ཚེ་ཟད་པ་ནི་འཚོ་བ་ཡོངས་སུ་ཟད་པའོ། །གཏུམ་པ་ནི་འཕྲལ་དུ་གནོད་པ་བྱེད་ཅིང་གདུག་པའི་ཆོས་ཅན་ནོ། །མྱ་ངན་ལ་མནན་པ་ནི་ཆུང་མ་

เล่ม ๒๐๐ · หน้า 20a

ལ་སོགས་པ་ཤི་བ་ལས་བྱུང་བའི་མྱ་ངན་གྱིས་གཟིར་བའོ། །འཇིགས་པ་ནི་འཇིགས་པ་དང་བཅས་པའོ། །བྱས་པ་མི་གཟོ་བ་ནི་གང་ལ་ཡང་ཕན་པར་བྱས་སུ་ཟིན་ཀྱང་། གནོད་པ་བྱེད་པའོ། །སྨན་པ་བརྙས་པ་ནི་བདག་ཉིད་སྨན་པ་མ་ཡིན་དུ་ཟིན་ཀྱང་། སྨན་པ་ལྟ་བུར་

འཆོས་ཤིང་རྨོངས་པས་རང་དགར་སྨན་དཔྱད་བྱེད་པ་སྟེ། དེ་ཡང་སྤང་བར་བྱའོ། །དེ་ལྟར་ལེའུ་དང་པོར་གཞུང་མ་ལུས་པའི་དོན་མདོར་བསྡུས་པ་བཤད་ནས། དེའི་འོག་ཏུ་བདེ་བླག་ཏུ་དྲན་པར་བྱ་བའི་ཕྱིར། ལེའུའི་གྲངས་ཀྱི་མདོར་བསྡུས་པ་བཤད་པ་ནི། དེ་ནས་གཞན་ཡང་རྒྱུད་

འདི་ཡི། །ལེའུ་བསྡུས་པ་བཤད་བྱ་སྟེ། །ཞེས་བྱ་བ་ཡིན་ཏེ། དེ་ནས་དེའི་འོག་ཏུ་བདེ་བར་དྲན་པར་བྱ་བའི་ཕྱིར། ལེའུ་བསྡུས་པ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྒྱུད་ཅེས་བྱ་བ་འདིས་ཚེའི་རིག་བྱེད་ཀྱི་དོན་འཛིན་ཅིང་སྡུད་པས་ན་རྒྱུད་དོ། །ལེའུ་བསྡུས་པ་ནི་ལེའུ་རྣམས་བསྡུས་

ཤིང་ཕུང་པོ་གཅིག་ཏུ་བྱེད་པའོ། །དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། ཚེ་རིང་ཉིན་རེ་དུས་སྤྱོད་དང་། །ནད་མེད་བྱ་དང་བཏུང་བ་དང་། །ཟས་ཤེས་བྱ་དང་ཟས་བསྡམ་བྱ། །ཟད་ཚོད་སྨན་དང་རོ་ལ་གནས། །ནད་ཤེས་བྱ་དང་དེའི་དབྱེ་བ། །དེ་གསོ་བ་དང་གསོ་ཐབས་གཉིས། །སྦྱང་སོགས་

སྣུམ་ཆོས་ཁྲུས་བརྟ་བྱ། །སྨན་དུད་ཁར་དོར་མིག་བཀྲུ་དང་། །གསོ་དང་དབྱུང་ཐབས་ཟུག་རྔུ་མཚོན། །གཏར་དཔྱད་ཟུག་རྔུ་དབྱུང་བའི་དཔྱད། །མཚོན་དང་ཐལ་སྨན་མེ་བཙའི་ལས། །མདོ་གནས་ལེའུ་སུམ་ཅུ་ནི། །འདི་ཡིན། ཞེས་བྱ་བ་ལ། དེ་ལྟར་སྔར་བཤད་པའི་ལེའུ་སུམ་ཅུས་

ནི་མདོའི་གནས་བཤད་པ་ཡིན་ཏེ། ཚེ་རིང་བར་འདོད་པ་དང་། ཉིན་རེ་དང་དུས་སུ་སྤྱོད་པ་དང་། ཞེས་པ་གཉིས་པའི་མཚམས་སྦྱར་བར་བྱའོ། །དེས་ན་ཚེ་རིང་བར་འདོད་པ་དང་། ཉིན་རེ་སྤྱོད་པ་དང་། དུས་ཀྱི་སྤྱོད་པ་དང་། ནད་མེད་པར་བྱ་བ་དང་། བཏུང་བའི་རྫས་ཤེས་པར་བྱ་བ་དང་། ཟས་ཀྱི་

རང་བཞིན་ཤེས་པར་བྱ་བ་དང་། ཟས་ལེགས་པར་བསྡམས་པར་བྱ་བ་དང་། ཟས་ཀྱི་ཚོད་ཟིན་པར་བཟའ་བ་དང་། སྨན་ལ་སོགས་པའི་རྫས་ཤེས་པར་བྱ་བ་དང་། རོ་རྣམས་ཤེས་པར་བྱ་བ་དང་། ནད་ལ་སོགས་པ་ཤེས་པར་བྱ་བ་དང་། ནད་དེའི་བྱེ་བྲག་ཤེས་པར་བྱ་བ་དང་། ནད་གསོ་བ་བསྟན་པ་དང་། གསོ་

เล่ม ๒๐๐ · หน้า 20b

ཐབས་རྣམ་པ་གཉིས་དང་། སྦྱང་བ་ལ་སོགས་པའི་ཚོགས་བསྡུ་བ་དང་། སྣུམ་ཆོས་ཀྱི་དཔྱད་དང་། དུགས་ཀྱི་དཔྱད་དང་། སློན་དང་ཁྲུས་ཀྱི་དཔྱད་དང་། མདོམས་ཀྱི་དཔྱད་དང་། སྣ་ནས་གཏོང་བའི་སྨན་དང་། སྨན་གྱི་དུད་པའི་དཔྱད་དང་། སྨན་ཁུས་མཁུར་བ་བཀང་ཞིང་དོར་བ་ལ་

སོགས་པའི་དཔྱད་དང་། མིག་སྨན་བླུགས་ཏེ་མིག་ནད་བཀྲུ་བའི་དཔྱད་དང་། མིག་གསོ་ཞིང་ཚིམ་པར་བྱ་བའི་དཔྱད་དང་། སྨན་གྱི་ཕུར་མ་བཙོ་ཞིང་སྨན་ཁུས་མིག་བརྟ་བའི་ཆོ་ག་དང་། མཚོན་གྱི་དུམ་བུ་ལུས་ལས་དབྱུང་བའི་ཆོ་ག་དང་། གཏར་དཔྱད་ཀྱིས་དབུག་པའི་ཆོ་ག་དང་། མཚོན་

གྱི་ལས་ཀྱི་ཆོ་ག་དང་། ཐལ་སྨན་རྣོན་པོ་དང་མེ་བཙའི་ལས་ཀྱི་ཆོ་གའོ། །འདི་དག་གིས་ནི་རྒྱུད་ཀྱི་དོན་མ་ལུས་པ་མདོར་སྟོན་པ་ཡིན་པས་ན་མདོའི་གནས་ཏེ་རྒྱུད་མ་ལུས་པའི་མགོ་བོ་ལྟ་བུ་ཡིན་ནོ། །ད་ནི། ལུས་ཀྱི་བརྗོད་བྱ་སྟེ། ཞེས་བྱ་བ་ལ། ལུས་ཀྱི་ཞེས་བྱ་བ་ནི་ལུས་ཀྱི་གནས་སོ། །ཅི་ཞིག་

བརྗོད་ཅེ་ན་ལེའུ་བསྡུས་པ་ལས། དེ་དག་ཀྱང་གང་ཞེ་ན། མངལ་དུ་འཇུག་དང་དེའི་ནད་དང་། །ཡན་ལག་གནད་ཀྱི་བྱེ་བྲག་དང་། །རྣམ་འགྱུར་བང་ཆེན་ལས་བྱུང་དྲུག །ཅེས་བྱ་བ་ཡིན་ཏེ། དེ་ལ་ལུས་དེའི་མངལ་དུ་འཇུག་པ་དང་། དེའི་ནད་ནི་མངལ་དེའི་ནད་དེ། ལུས་ཀྱི་མངལ་འཇིག་པ་དང་། ལུས་

ཀྱི་ཡན་ལག་གི་བྱེ་བྲག་དང་། ལུས་ཀྱི་གནད་ཀྱི་བྱེ་བྲག་དང་། ལུས་ཀྱི་རྣམ་པར་འགྱུར་བ་ཤེས་པར་བྱ་བ་དང་། ལུས་ཀྱི་བང་ཆེན་ལ་སོགས་པ་ཤེས་པར་བྱ་བ་སྟེ། དེ་ལྟར་ན་ལེའུ་དྲུག་པོ་དེ་དག་ནི་ལུས་ཀྱི་གནས་ཡིན་ནོ། །དེ་ནས་ནད་གཞིའི་གནས་བཤད་པ་ནི། ནད་ཀུན་འབྱུང་བའི་ནད་གཞི་དང་། །

རིམས་ཁྲག་དབུགས་མི་བདེ་གཅོང་སོགས། །ཆང་དང་གཞང་འབྲུམ་ཚད་པའི་ནད། །ཆུ་འགགས་གཅིན་ནི་སྙི་བ་དང་། །ཁོང་འབྲས་དམུ་རྫིང་དག་དང་ནི། །སྐྱ་རྦབ་མཛེ་ནད་རླུང་གིས་གཟིར། །དྲེག་ནད་དག་དང་བཅུ་དྲུག་ཡིན། །ཞེས་བྱ་བ་ཡིན་ཏེ། ནད་ཐམས་ཅད་ཀྱི་ནད་གཞི་དང་། རིམས་དང་།

མཁྲིས་པ་དང་། ལུད་པའི་ནད་གཞི་དང་། དབུགས་མི་བདེ་བའི་ནད་གཞི་དང་། ཟད་བྱེད་ལ་སོགས་པའི་ནད་གཞི་དང་། ཆང་དྲགས་པ་ལ་སོགས་པའི་ནད་གཞི་དང་། གཞང་འབྲུམ་གྱི་ནད་གཞི་དང་། ཚད་པས་འཁྲུ་བའི་ནད་གཞི་དང་། གཅིན་འགགས་པའི་ནད་གཞི་དང་། གཅིན་སྙི་བའི་

เล่ม ๒๐๐ · หน้า 21a

ནད་གཞི་དང་། ཁོང་འབྲས་དང་། སྐྲན་གྱི་ནད་གཞི་དང་། དམུ་རྫིང་གི་ནད་གཞི་དང་། སྐྱ་རྦབ་དང་། འོར་ནད་དང་། མེ་དབལ་ལ་སོགས་པའི་ནད་གཞི་དང་། མཛེ་ནད་དང་། ཤ་བཀྲ་དང་། སྲིན་བུའི་ནད་གཞི་དང་། རླུང་ནད་ཀྱི་ནད་གཞི་དང་། དྲེག་ནད་ཀྱི་ནད་

གཞི་སྟེ། དེ་ལྟར་ལེའུ་བཅུ་དྲུག་ནི་ནད་གཞིའི་གནས་ཡིན་ནོ། །གསོ་བ་བརྗོད་པར་བྱ་སྟེ། རིམས་ནད་གསོ་དང་ཁྲག་དང་ནི། །ལུད་པ་དབུགས་མི་བདེ་དང་གཅོང་། །སློན་དང་ཆང་ནད་གཞང་འབྲུམ་དང་། །ཚད་ནད་ཕོ་བ་གཅིན་ནད་གཉིས། །ཁོང་འབྲས་སྐྲན་དང་དམུ་རྫིང་དང་། །སྐྱ་རྦབ་འོར་

ནད་མེ་དབལ་དང་། །མཛེ་ནད་ཤ་བཀྲ་རླུང་ནད་དང་། །དྲེག་ནད་གསོ་བའི་དཔྱད་རྣམས་ཏེ། །ལེའུ་ཉི་ཤུ་གཉིས་འདི་ཡིན། །ཞེས་བྱ་བ་ཡིན་ཏེ། གསོ་བའི་ནད་ལ་ལེའུ་ཉི་ཤུ་རྩ་གཉིས་ཡོད་པའོ། །དེ་ཡང་གང་ཡིན་ཞེ་ན། རིམས་ནད་གསོ་བ་དང་། ཁྲག་དང་མཁྲིས་པ་གསོ་བ་དང་། ལུད་པ་གསོ་

བ་དང་། དབུགས་མི་བདེ་བ་གསོ་བ་དང་། གཅོང་ཆེན་པོའི་ནད་གསོ་བ་དང་། རྟག་ཏུ་སློན་བ་དང་། སྙིང་ནད་དང་། ཆང་ནད་གསོ་བ་དང་། གཞང་འབྲུམ་གསོ་བ་དང་། ཚད་པས་འཁྲུ་བ་གསོ་བ་དང་། ཕོ་བའི་ནད་གསོ་བ་དང་། གཅིན་འགགས་པའི་ནད་གསོ་བ་དང་། གཅིན་སྙི་བ་གསོ་

བ་དང་། ཁོང་འབྲས་འཕེལ་བ་གསོ་བ་དང་། སྐྲན་ནད་གསོ་བ་དང་། དམུ་རྫིང་གསོ་བ་དང་། སྐྱ་རྦབ་ཀྱི་ནད་གསོ་བ་དང་། འོར་ནད་གསོ་བ་དང་། མེ་དབལ་གསོ་བ་དང་། མཛེ་ནད་གསོ་བ་དང་། ཤ་བཀྲ་གསོ་བ་དང་། སྲིན་ནད་གསོ་བ་དང་། རླུང་ནད་གསོ་བ་དང་། དྲེག་ནད་གསོ་བའི་དཔྱད་

དེ། ཉི་ཤུ་རྩ་གཉིས་པོ་འདི་དག་ནི་གསོ་བའི་གནས་ཞེས་བྱའོ། །དེ་ལས་གཞན་ཡང་ཆོ་ག་གྲུབ། །སྐྱུག་སྨན་བཀྲུ་སྨན་ཆོ་ག་དང་། །དེ་གྲུབ་མས་གཏོང་ཆོ་ག་དང་། །མས་གཏོང་ཉེས་གྲུབ་དྲུག་པ་ནི། །སྨན་ཡིན། ཞེས་བྱ་བ་ནི་འདི་ཡན་ཆད་ཆོ་ག་གྲུབ་པའི་གནས་ཡིན་ནོ། །སྐྱུག་སྨན་གྱི་ཆོ་ག་

དང་། བཀྲུ་སྨན་གྱི་ཆོ་ག་དང་། སྐྱུག་སྨན་དང་བཀྲུ་སྨན་དེ་གྲུབ་པར་བྱ་བའི་ཆོ་ག་དང་། སྨན་མས་གཏོང་བའི་ཆོ་ག་དང་། སྨན་མས་གཏོང་ཉེས་པ་གྲུབ་པའི་ཆོ་ག་དང་། སྨན་གྱི་ཆོ་གའོ། །དེ་ལྟར་ན་ལེའུ་དྲུག་ནི་ཆོ་ག་གྲུབ་པའི་གནས་ཡིན་ནོ། །དེ་ནས་ཕྱི་མ་ནི། །བྱིས་པ་ཉེར་སྤྱོད་དེའི་ནད་དང་།

เล่ม ๒๐๐ · หน้า 21b

དེའི་གདོན་འབྱུང་པོར་གཏོགས་པ་གཉིས། །སྨྱོ་དང་བརྗེད་བྱེད་སོགས་གཉིས་གཉིས། །མིག་ཆུ་རྫི་མ་གྲྭ་ཡི་མཚམས། །མིག་འབྲས་རབ་རིབ་མཐོང་ཉམས་གསུམ། །གཉིས་གཉིས་ཀུན་ལ་འགྲོ་བ་ཡིན། །རྣ་ནད་སྣ་དང་ཁ་དང་མགོའི། །རྨ་དང་ཆག་གྲུགས་མཚན་བར་རྡོལ། །འབྲས་

སོགས་ཕྲ་མོའི་ནད་རྣམས་དང་། །གསང་བའི་ནད་ནི་ཐ་དད་གཉིས། །དུག་དང་སྦྲུལ་དང་སྲིན་བུའི་དུག །བྱི་བ་དང་ནི་བཅུད་ཀྱིས་ལེན། །བུ་མེད་ས་བོན་གསོ་བ་སྟེ། །ལེའུ་བཞི་བཅུ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ལ་གྲུབ་པའི་གནས་མན་ཆད་ནི་ཕྱི་མ་ཞེས་བྱ་བ་སྟེ། རྒྱུད་ཕྱི་མ་

ཡིན་པར་ཤེས་པར་བྱའོ། །བྱིས་པའི་ཉེ་བར་སྤྱོད་པ་ནི། །བྱིས་པའི་ཉེ་བར་སྤྱོད་པར་བྱ་བ་གང་ཡིན་པ་དང་། དེའི་ནད་དང་། དེའི་གདོན་དང་། འབྱུང་པོར་གཏོགས་པ་གཉིས་ཏེ། གདོན་གྱི་དམིགས་ཤེས་པར་བྱ་བ་དང་། གདོན་ནད་བསལ་བར་བྱ་བའོ། །སྨྱོ་བ་དང་བརྗེད་བྱེད་ལ་སོགས་

པ་ལ་ཡང་གཉིས་གཉིས་ཏེ། སྨྱོ་བའི་ནད་ཤེས་པར་བྱ་བ་དང་། སྨྱོ་ནད་བསལ་བ་དང་། བརྗེད་བྱེད་ཀྱི་ནད་ཤེས་པར་བྱ་བ་དང་། བརྗེད་བྱེད་ཀྱི་ནད་བསལ་བར་བྱ་བ་དང་། རྫི་མ་དང་མིག་ཆུའི་ནད་ཤེས་པར་བྱ་བ་དང་། གྲྭ་མཚམས་ཀྱི་དཀར་བ་དང་། གནག་པའི་ནད་ཤེས་པར་བྱ་བ་དང་། གྲྭ་

མཚམས་ཀྱི་དཀར་བ་དང་། གནག་པའི་ནད་བསལ་བའོ། །མིག་གི་འབྲས་བུའི་ནད་ཤེས་པར་བྱ་བ་དང་། རབ་རིབ་བསལ་བ་དང་། མཐོང་བ་ཉམས་པའི་ནད་བསལ་བ་དང་། མིག་ནད་སྣ་ཚོགས་ཤེས་པར་བྱ་བ་དང་། མིག་ནད་སྣ་ཚོགས་བསལ་བ་དང་། རྣ་ནད་ཤེས་པར་བྱ་བ་དང་།

རྣ་ནད་བསལ་བ་དང་། སྣ་ནད་ཤེས་པར་བྱ་བ་དང་། སྣ་ནད་བསལ་བ་དང་། ཁ་ནད་ཤེས་པར་བྱ་བ་དང་། ཁ་ནད་བསལ་བ་དང་། མགོ་ནད་ཤེས་པར་བྱ་བ་དང་། མགོ་ནད་བསལ་བ་དང་། རྨ་རྙིང་པའི་ནད་ཤེས་པར་བྱ་བ་དང་། རྨ་རྙིང་པའི་ནད་བསལ་བ་དང་། རྨ་སར་པ་གསོ་བ་དང་།

རྐང་ལག་ཆག་གྲུགས་སུ་གྱུར་པ་གསོ་བ་དང་། མཚན་པར་རྡོལ་བའི་ནད་གསོ་བ་དང་། འབྲས་དང་། ཐོར་བུ་དང་། རྐང་བམ་དང་། ཟད་བྱེད་དང་། རྩ་སྦུབས་ཤེས་པར་བྱ་བ་དང་། འབྲས་དང་ཐོར་བུ་ལ་སོགས་བའི་ནད་གསོ་བ་དང་། འབྲུམ་བུ་ཕྲ་མོའི་ནད་ཤེས་པར་བྱ་བ་དང་། འབྲུམ་

เล่ม ๒๐๐ · หน้า 22a

བུ་ཕྲ་མོའི་ནད་གསོ་བ་དང་། གསང་བའི་གནས་ཀྱི་ནད་ཤེས་པར་བྱ་བ་དང་། གསང་བའི་གནས་ཀྱི་ནད་གསོ་བ་དང་། དུག་སྣ་ཚོགས་ཀྱི་དམིགས་བརྟག་པ་དང་། དུག་གསོ་བའི་ཆོ་ག་དང་། སྦྲུལ་གདུག་པས་ཟིན་པའི་ནད་གསོ་བ་དང་། སྲིན་བུ་གདུག་པས་ཟིན་

པའི་ནད་གསོ་བ་དང་། བྱི་བ་དང་། ཕུས་པ་ལ་སོགས་པས་ཟིན་པའི་ནད་གསོ་བ་དང་། བཅུད་ཀྱིས་ལེན་པ་དང་། ས་བོན་འཕེལ་ཞིང་རོ་ཙ་བར་བྱེད་པ་སྟེ། དེ་ལྟར་ལེའུ་བཞི་བཅུ་ནི་རྒྱུད་ཕྱི་མ་ཡིན་ནོ། །དེའི་ནད་དང་། དེའི་གདོན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བྱིས་པ་ལ་བསྙེག་པ་ཡིན་

ནོ། །གཉིས་གཉིས་ཞེས་བྱ་བ་ནི། མིག་གི་མཆུ་གཉིས་དང་། གྲྭ་མཚམས་གཉིས་སོ། །གསུམ་ཞེས་བྱ་བ་ནི་མིག་འབྲས་དང་། རབ་རིབ་དང་། མཐོང་བ་ཉམས་པ་གསུམ་པོ་ནི་རེ་རེ་ཞིང་རེ་རེའོ། །དེ་ལ་རབ་རིབ་ནི་ཅུང་ཟད་མི་གསལ་བའོ། །མཐོང་བ་ཉམས་པ་ནི་སྤྲིན་ལྟ་བུས་ཁེབས་

པའོ། །གཉིས་གཉིས་ཞེས་བྱ་བ་ནི། མིག་ནད་སྣ་ཚོགས་ནས། རྨའི་བར་དུ་ཡིན་པར་ཤེས་པར་བྱའོ། །རྐང་ལག་ཆག་གྲུགས་དང་། མཚན་བར་རྡོལ་བ་ནི་རེ་རེའོ། །འབྲས་ལ་སོགས་པ་དང་། གསང་བའི་ནད་དང་། འབྲུམ་བུ་ཕྲ་མོའི་ནད་ནི་སོ་སོ་ཞིང་གཉིས་གཉིས་སོ། །བུ་མེད་པ་ནི་

རབས་ཆད་པའི་སྐྱེས་བུ་སྟེ། དེའི་ས་བོན་གསོ་ཞིང་ཁུ་བ་འཕེལ་བར་བྱ་བ་ནི། ལེའུ་བཞི་བཅུ་པ་ཡིན་ནོ། །དེ་ལྟར་ལེའུ་ནི་བརྒྱ་ཉི་ཤུ། །གནས་ནི་དྲུག་ཏུ་བཤད་པ་ཡིན། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་རྣམ་པ་འདིས་ན། ལེའུ་བརྒྱ་ཉི་ཤུ་ཡོད་པ་ཡིན་ནོ། །གནས་དྲུག་ཅེས་བྱ་བ་ནི། མདོ་དང་།

ལུས་དང་། ནད་གཞི་དང་། གསོ་བ་དང་། ཆོག་གྲུབ་པ་དང་། རྒྱུད་ཕྱི་མའོ། །བཤད་པ་ཡིན་ཞེས་བྱ་བ་ནི། བསྟན་པ་ཡིན་ཞེས་པའི་དོན་ཏོ། །ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བའི་མདོའི་གནས་ལས་རྣམ་པར་འགྲེལ་པ། ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་

བས་རྣམ་པར་སྦྱར་བ་ལས། ལེའུ་དང་པོའི་འགྲེལ་པའོ།། །།དེ་ནས་ཉིན་རེ་ཞིང་སྤྱད་པའི་ལེའུ་བཤད་བར་བྱའོ། །ཞེས་བྱ་བ་ལ། དེ་ནས་ཞེས་པ་ནི་ལེའུ་ཐམས་ཅད་ལ་བཀྲ་ཤིས་པའི་དོན་ཡིན་པའམ། དེ་བཞིན་དུ་དེ་མ་ཐག་པ་དང་། རྩོམ་པ་དང་། རྗེས་སུ་འབྲེལ་པ་ཡིན་ནོ། །དེ་ནས་

เล่ม ๒๐๐ · หน้า 22b

ཞེས་བྱ་བ་ལ་སོགས་པའི་སྒྲ་ལེའུ་སྔ་མར་དོན་བཤད་ཟིན་མོད་ཀྱི། བཀྲ་ཤིས་བའི་དོན་དུ་སློབ་དཔོན་གྱིས་ལེའུ་རེ་རེའི་རྩོམ་པ་ལ་བཀྲ་ཤིས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བའི་སྒྲ་ནི་སྨོས་པ་ཡིན་ནོ། །ཉི་མ་རེ་རེ་ཞིང་བྱ་བའི་སྤྱོད་པ་ཡིན་པས་ན། ཉིན་རེ་ཞིང་སྤྱད་པར་བྱ་བའམ། ཉིན་མོ་སྤྱོད་པ་ཡིན་

པས་ན། ཉིན་རེའི་སྤྱོད་པ་སྟེ། འཇིག་རྟེན་གཉི་ག་ལ་ཕན་པར་བྱ་བའི་ཟས་དང་། སྤྱོད་ལམ་གྱི་སྤྱོད་པ་སྤྱོད་པར་བྱེད་པ་སྟེ། ཉི་མ་རེ་རེ་ཞིང་གང་ཞིག་བྱ་བའི་ལེའུ་དེ་བཤད་པར་བྱའོ་ཞེས་པའོ། །ཚེ་རིང་བར་འདོད་པའི་ལེའུའི་རྗེས་ཐོགས་སུ་འདི་བཤད་པའི་འབྲེལ་པ་གང་ཞིག་ཡིན་ཞེ་ན། དེ་བརྗོད་

པར་བྱ་སྟེ། གང་གི་ཕྱིར་ཚེ་རིང་བར་འདོད་པའི་སྐྱེས་བུས། གཙོ་ཆེར་ཚེ་ལ་ཕན་པ་གང་ཡིན་པ་དེ་དང་པོར་ཀུན་ཏུ་བསྟེན་པར་བྱ་བའམ། དེའི་རྗེས་ལ་ནི་ཕན་བ་གཞན་གང་དག་ཡོད་པ་བསྟེན་པར་བྱ་བ་ཡིན་ནོ། །དེ་བས་ན་དང་པོ་རེ་ཞིག་ཀུན་ཏུ་སྤྱོད་པ་གཙོར་གཟུང་བར་བྱའོ། །དེ་ཡང་གང་གི་

ཕྱིར་ཀུན་ཏུ་སྤྱོད་པ་ལས། ཚེ་རིང་བ་འཐོབ་པར་འགྱུར་བས་ན་ཀུན་ཏུ་སྤྱོད་པ་ཡིན་ནོ། །གང་འདིར་མཚན་མོའི་སྤྱོད་པ་དག་ཀྱང་བཤད་མོད་ཀྱི། འོན་ཀྱང་གཙོ་བོར་གྱུར་པས། ལེའུ་འདི་ལས་ཉིན་མོའི་སྤྱོད་པ་བསྟན་པ་ཡིན་ནོ། །དེ་བས་ན་འདི་ལ་ནི་ཉིན་རེའི་སྤྱོད་པ་ཞེས་བཤད་དོ། །གཞུང་

འདི་ལས་ནི་ཚེ་བསྐྱང་བའི་རང་བཞིན་ཅན་སྟོན་ལ། དེ་ཡང་རྣམ་པ་གཉིས་ཏེ། ཐ་མལ་པར་བདེ་བར་གནས་པའི་འཇུག་པ་དང་། ནད་པའི་འཇུག་པའོ། །དེ་ལ་བཀྲ་ཤིས་པའི་ཕྱིར་དང་། སྨྲ་བར་བྱ་བ་ཉུང་ཟད་ཅིག་ཡོད་པའི་ཕྱིར་དང་། ནད་པ་ལ་ཡང་དགོས་པའི་ཕྱིར། ཐ་མལ་པར་བདེ་

བར་གནས་པར་འཇུག་པ་ཉིད་ཐོག་མར་བཤད་པ་ཡིན་ཏེ། བདེར་གནས་ཚེ་ནི་བསྲུང་བའི་ཕྱིར། །ཡུད་ཙམ་ཚངས་ཕྱིར་གནས་ཏེ་ལངས། །ཞེས་བྱ་བ་ལ། བདེ་བར་གནས་ཤིང་ནད་མེད་ལ་དགེ་བ་དེས་ནི། ཚད་ཇི་ཙམ་དུ་འོངས་བའི་སྲོག་བསྲུང་བའི་ཕྱིར་ཚངས་པའི་ཡུད་ཙམ་ན་ལྡང་ཞིང་

ལངས་པར་བྱའོ། །དེ་ལ་ཡུད་ཙམ་ནི་ཆུ་ཚོད་གཉིས་སོ། །ཚངས་པའི་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེའི་དོན་དུ་འདོན་པ་ལ་ཚངས་པ་ཞེས་བྱའོ། །དེ་བྱ་བ་དང་འཚམ་པའི་ཡུད་ཙམ་ནི། ཐུན་ཐ་མའི་ཆུ་ཚོད་གཉིས་སོ། །འདི་ནི་བདེ་བར་གནས་པའི་དབང་དུ་བྱས་པ་ཡིན་པར་ཤེས་པར་

เล่ม ๒๐๐ · หน้า 23a

བྱའོ། །ལངས་ནས་ཅི་ཞིག་ལ་བརྟེན་པར་བྱ་ཞེ་ན། དེའི་ཕྱིར་བཤད་པ་ནི། ལུས་ཀྱི་བྱ་བ་རྫོགས་བྱས་ནས། །དེ་ནས་གཙང་སྦྲའི་ཆོ་ག་བྱ། །ཨརྐ་ནྱ་གྲོ་དྷ་སེང་ལྡེང་། །ཀ་རཉྫ་ཀ་ཀུ་ལ་སོགས། །བསྐ་དང་ཚ་དང་ཁ་བ་དག །རྩེ་འཇམ་ནང་པར་ཟས་སྤྱད་ནས། །སོ་དང་

རྙིལ་ལ་མ་གནོད་པར། །སོ་ཡི་དག་བྱེད་བཅའ་བར་བྱ། །ཞེས་བྱ་བ་ཡིན་ཏེ། ལུས་ཀྱི་བྱ་བ་རྫོགས་བྱས་ནས། །ཞེས་བྱ་བ་ནི། བཤང་བ་དང་། གཅི་བ་དོར་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། རྣམ་གྲངས་གཞན་དུ་ན་ངེས་པར་བྱ་བའི་བྱ་བ་བྱས་ནས། དེ་ནས་དེའི་འོག་ཏུ་གཙང་སྦྲའི་

ཆོ་ག་བྱས་ལ། སོ་དག་པར་བྱེད་པའི་སོ་ཤིང་བཅའ་བར་བྱའོ། །དེའི་ནང་པར་ཏེ་ཐོ་རངས་དང་། ཟས་སྤྱོད་དེ་ཟས་ཟོས་ཟིན་ནས་བཅའ་ལ། དེ་ཡང་རྩེ་མོ་འཇམ་པ་སྟེ། པིར་ལྟ་བུར་གྱུར་པ་ཙམ་དུ་བཅའ་ལ་བྱའོ། །དེ་བཞིན་དུ་བསྐ་བ་དང་། ཚ་བ་དང་། ཁ་བའི་ཞེས་བྱ་བ་ཡིན་ཏེ།

རོ་དེ་ལྟ་བུ་དག་གོ། །དེ་ཡང་གང་ཞིག་ཅེ་ན། ཨརྐ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སོགས་པའི་སྒྲས་ནི། ཤིང་སད་ཛ་དང་། ཨ་རི་མེ་ད་དང་། ཨ་བ་མརྒ་དང་། ཛཱ་ཏིའི་ཤིང་ལ་སོགས་པ་བསྡུའོ། །དེ་ཡང་སོ་དང་རྙིལ་ལ་མི་གནོད་ཅིང་། མ་གཙེས་པར་བཅའ་བར་བྱའོ། །ཅི་ཐམས་

ཅད་ཀྱིས་བཅའ་བར་བྱ་བའམ། འོན་ཏེ་འགའ་ཞིག་གིས་ཤེ་ན། དེའི་ཕྱིར་བཤད་པ་ནི། མ་ཞུ་སློན་བྲོ་དབུགས་མི་བདེ། །ལུད་པ་ལུ་རིམས་ཁ་ཡོན་ཅན། །སྐོམ་ཞིང་ཁ་སྐམས་སྙིང་མིག་རྣ། །མགོ་བོ་ན་བས་འདི་མི་བཅའ། །སོ་ཤིང་དེ་ནི་འདི་དག་གིས་བཅའ་བར་མི་བྱའོ། །གང་

གིས་ཤེ་ན། མ་ཞུ་བ་སྟེ། ཁ་ཟས་མ་ཞུ་བ་དང་། སློན་བྲོ་ཞིང་སྐྱུགས་པ་དང་། དབུགས་མི་བདེ་བ་ལ་སོགས་པ། འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ། །ཅན་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་ཏེ། གང་ལ་མ་ཞུ་བ་ཡོད་པ་དེ་ནི་མ་ཞུ་བ་ཅན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་

སྦྱར་རོ། །ཁ་ཡོ་བ་ནི་ཁའི་ཕྱེད་རླུང་གིས་ཡོན་པོར་གྱུར་པའོ། །ན་བ་ཞེས་བྱ་བ་ནི་སྐོམ་པ་ལ་སོགས་པ་ཀུན་དང་སྦྱར་ཏེ། དེས་ན་སྐོམ་དད་ཅན་དང་། ཁ་སྐོམས་པའི་ནད་ཅན་དང་། སྙིང་ནད་ཅན་དང་། མིག་ནད་ཅན་དང་། རྣ་ནད་ཅན་དང་མགོ་ན་བ་དག་གིས་སོ་ཤིང་བཅའ་བ་དེ་སྤང་བར་བྱའོ། །

เล่ม ๒๐๐ · หน้า 23b

སོ་ཤིང་བཅའ་བའི་འོག་ཏུ་མིག་སྨན་བྱ་སྟེ། དེའི་ཕྱིར་བཤད་པ་ནི། རྟག་ཏུ་མིག་སྨན་སྐྱེར་ཁཎྜ། །མིག་ལ་ཕན་པས་དེ་ཕྱིར་བསྟེན། །ཞེས་བྱ་བ་ཡིན་ཏེ། རྟག་པར་དུས་ཐམས་ཅད་དུ་རྒྱུན་དུ་ནང་པར་དང་དགོངས་ཀ་མིག་གཉིས་སུ་སྐྱེར་ཁཎྜ་བཅུག་པ་ནི་ཕན་ཞིང་བདེ་བར་བྱེད་པ་ཡིན་

ནོ། །དེ་བས་ན་དེའི་ཕྱིར་དེ་བསྟེན་ཅིང་གོམས་པར་བྱའོ། །ཅི་དུས་ཐམས་ཅད་དུ་དེ་ཉིད་བསྟེན་པར་བྱ་བ་ཡིན་ནམ་ཞེ་ན། དེའི་ཕྱིར་བཤད་པ་ནི། དེ་ནི་མེ་ཡི་རང་བཞིན་ཏེ། །ལྷག་པར་བད་ཀན་ལ་འཇིགས་པས། །མཆི་མ་འཛག་ཕྱིར་སྐྱེར་ཁཎྜ། །ཞག་བདུན་ཞིང་ནི་བླུགས་པར་བྱ། །

ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་མིག་དེ་ནི་མེའི་རང་བཞིན་ཅན་ནམ། ཚུལ་ཅན་ཡིན་པའི་ཕྱིར་བས། དེའི་ཕྱིར་དབང་པོ་རྣམས་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཡིན་པར་ཕལ་ཆེར་བཤད་ལ། མིག་དེ་ནི་རླུང་ལ་སོགས་པ་བས་ཁྱད་པར་དུ་བད་ཀན་ལ་ལྷག་པར་འཇིགས་པ་ཡིན་ཞིང་

བརྟེན་པ་ཡིན་ལ། དེ་དག་ཕན་ཚུན་མི་མཐུན་པ་ཡིན་ལ། དེ་བས་ན་བད་ཀན་དབྱུང་ཞིང་འཛག་པར་བྱ་བའི་ཕྱིར། ཞག་བདུན་བདུན་འདས་པ་དང་། སྐྱེར་ཁཎྜ་བླུགས་པར་བྱ་ཞིང་བསྟེན་པར་བྱའོ། །དེ་ནས་སྣར་བླུགས་པ་ལ་སོགས་པ་བྱ་དགོས་ཏེ། དེའི་ཕྱིར་འདིའི་འོག་ཏུ་སྣ་སྨན་བཤད་

པ་ཡིན་ནོ། །དེ་ཡང་བསྡུས་པ་ལས། མིག་སྨན་སྣ་སྨན་ཁར་གཞག་དོར། །དུད་པ་བརྔུབ་པར་བྱ་བ་དང་། །དུ་བ་སོ་རྩི་དོར་བ་ཡིས། །རིམ་གྱིས་བད་ཀན་རླུང་ལས་རྒྱལ། །ཞེས་བཤད་པ་ཡིན་པས་ན་འདིར། །དེ་ནས་སྣ་སྨན་མཁུར་བཀང་དོར། །དུད་པ་སོ་རྩི་བསྟེན་པར་བྱ། །ཞེས་པ་ཡིན་ཏེ།

དེ་ནས་ཞེས་བྱ་བ་ལ་མིག་སྨན་གྱི་རྗེས་ཐོགས་ལ། སྣ་སྨན་ལ་སོགས་པ་བསྟེན་པར་བྱའོ། །སྣ་སྨན་ནི་སྣ་ནས་གཏང་བའི་སྨན་ནོ། །མཁུར་བཀང་དོར་བ་ནི། སྨན་གྱི་ཁུ་བ་བསྐོལ་བ་ལ་སོགས་པས་མཁུར་བ་བཀང་སྟེ་ཅུང་ཟད་གཞག་ལ་དོར་བའོ། །དུ་བ་ནི་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་སྦྱོར་

བའོ། །སོ་རྩི་ཏམ་པོ་ལ་ནི་གྲགས་པར་ཟད་དོ། །དེ་དག་ཀྱང་ཅི་ཐམས་ཅད་ཀྱིས་བསྟེན་པར་བྱ་བའམ། འོན་ཏེ་ལ་ལ་ཞིག་གིས་བསྟེན་པར་བྱ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སོ་རྩི་གློ་འགྲམས་མཁྲིས་པ་ཁྲག །རྩུབ་པས་མིག་ནི་ན་བ་དང་། །དུག་གིས་བརྒྱལ་ཞིང་ཆང་ནད་གཟིར། །ལུས་སྐེམ་གྱུར་ལ་

เล่ม ๒๐๐ · หน้า 24a

གནོད་པ་ཡིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། མཁྲིས་པ་ཁྲག་གིས་གནོད་པར་གྱུར་པའམ། ལུས་སྐེམ་པོར་གྱུར་པ་ལ། སོ་རྩི་ཏམ་པོ་ལ་དེ་གནོད་པ་ཡིན་ནོ། །དེ་ལ་གློ་འགྲམས་པ་ནི་གློ་རྡོལ་བའོ། །མཁྲིས་པ་ཁྲག་ནི་མཁྲིས་པ་ལས་གྱུར་པའི་ཁྲག་གོ། །རྩུབ་པའི་

རྒྱུས་གང་གི་མིག་གནོད་ཅིང་ན་བར་གྱུར་བ་དེ་ནི། རྩུབ་པས་མིག་ནི་ན་བ་དང་། །ཞེས་བྱའོ། །ཡང་ན་རྩུབ་པར་གྱུར་པ་དང་། མིག་ན་བར་གྱུར་པའོ། །དུག་ནི་ཁ་ལྐུགས་པ་ལ་སོགས་པའོ། །བརྒྱལ་བ་ནི་འབོག་པའོ། །ཆང་ནད་ཀྱིས་གཟིར་བ་ནི་ཆང་གིས་གནོད་པར་གྱུར་པ་སྟེ། འོག་ནས་བཤད་

པའོ། །ལུས་སྐེམས་གྱུར་པ་ནི་གཅོང་ཆེན་པོས་ཐེབས་པ་སྟེ། འདི་དག་ལ་ནི་གནོད་པ་ཡིན་ནོ། །སྣར་བླུགས་པ་ལ་སོགས་པ་བྱས་ནས། བསྐུ་བྱུག་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་ན། །དེ་ནི་རྒས་ངལ་རླུང་འཇོམས་ཡིན། །མིག་གསལ་ལུས་རྒྱས་ཚེ་

འཕེལ་ཞིང་། །གཉིད་འོང་ལྤགས་འཇམ་བརྟས་བྱེད་ཡིན། །ཞེས་བྱ་བ་ཡིན་ཏེ། རྟག་པར་དུས་ཐམས་ཅད་དུ་བསྐུ་བྱུག་ལ་སྤྱད་པར་བྱའོ། །ཅིའི་ཕྱིར་ཞེ་ན། བསྐུ་བྱུག་དེ་ནི་རྒས་པ་དང་། ངལ་བ་དང་། རླུང་འཇོམས་པ་ཡིན་པ་དང་། དེ་བཞིན་དུ་མིག་གསལ་ཞིང་དངས་པར་བྱེད་པ་དང་། ལུས་

རྒྱས་ཤིང་འཕེལ་བ་དང་། ཚེ་ཤིན་ཏུ་འཕེལ་བར་བྱེད་པ་དང་། གཉིད་ལེགས་པར་ལོག་པར་གྱུར་པ་དང་། པགས་པ་ཤིན་ཏུ་འཇམ་ཞིང་མདོག་གསལ་བ་ཉིད་དང་བརྟས་པ་སྟེ། བརྟན་པ་ཉིད་ཀྱིས་ལས་རྣམས་ནུས་པར་བྱེད་པ་ཡིན་ནོ། །དེ་ནི་མགོ་དང་རྣ་བ་དང་། །རྐང་པར་ཁྱད་པར་དག་ཏུ་

བསྟེན། །ཞེས་བྱ་བ་ནི་བསྐུ་བྱུག་བྱ་སྟེ། མགོ་བོ་ལ་སོགས་པས་ཁྱད་པར་དུ་བསྟེན་ཞིང་གོམས་པར་བྱའོ། །གང་གིས་སྤང་བར་བྱ་ཞེ་ན། །བད་ཀན་སྐྱེས་དང་མ་ཞུ་དང་། །བཀྲུ་སྨན་སོགས་གཏང་བསྐུ་བྱུག་སྤང་། །ཞེས་བྱ་བ་སྟེ། བད་ཀན་གྱིས་གཟིར་ཞིང་སྐྱེས་པ་ལ་སོགས་པས་སྤང་བར་བྱ་ཞིང་

བསྟེན་པར་མི་བྱའོ། །དེ་ཡང་བད་ཀན་སྐྱེས་པ་ནི། བད་ཀན་གྱིས་གཟིར་ཞིང་གནོད་པར་གྱུར་པ་སྟེ། སྐྱེས་པ་སྨོས་པ་ནི་ཤིན་ཏུ་གཟིར་བར་གྱུར་པར་བསྟན་པའི་ཕྱིར་རོ། །མ་ཞུ་བ་ནི་ཟས་ཀྱི་ལྷག་མ་མ་ཞུ་བར་གྱུར་པའོ། །བཀྲུ་སྨན་སོགས་གཏང་ཞེས་བྱ་བ་ནི། བཀྲུ་སྨན་དང་སྐྱུག་སྨན་ལ་སོགས་

เล่ม ๒๐๐ · หน้า 24b

པ་བྱས་པ་སྟེ། ལུས་སྦྱངས་ནས་དུས་ཡུན་རིང་པོར་མ་ལོན་པར་དེས་བསྐུ་བྱུག་བསྟེན་པར་མི་བྱའོ། །བསྐུ་བྱུག་བྱས་ནས་ལུས་ཀྱི་རྩོལ་བ་ལ་བརྟེན་པར་བྱ་བ་ཡིན་པས། དེའི་ཕྱིར་བཤད་པ་ནི། ཡང་ཞིང་ལས་ནི་ནུས་པ་དང་། །མེ་ཡི་དྲོད་སྐྱེད་ཚིལ་འབྲི་ལ། །ལུས་ཀྱི་སྐབས་ཕྱེད་མཁྲེགས་

པ་ཉིད། །རྩོལ་བ་ལས་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ཡིན་ཏེ། ལུས་དུབ་པར་བྱེད་པའི་ལས་ལ་ནི། རྩོལ་བ་ཞེས་བྱའོ། །དེ་བས་ན་རྩོལ་བ་བསྟེན་པ་ལས་ནི་ཡང་བ་ལ་སོགས་པ་ཉེ་བར་འབྱུང་བར་འགྱུར་རོ། །དེ་ལ་ཡང་བ་ནི་ལུས་ཀྱི་ཁོང་ཡང་བ་ཉིད་དོ། །ལས་ནུས་པ་ནི་ནུས་པ་བརྟན་

པ་ཉིད་དོ། །མེའི་དྲོད་བསྐྱེད་པ་ནི་འཇུ་བའི་མེ་དྲོད་བསྐྱེད་པའོ། །ལུས་ཟུངས་ཀྱི་ཚིལ་བྲི་བ་ནི་ཚིལ་ཆུང་བར་འགྱུར་བའོ། །ལུས་ཀྱི་སྐབས་ཕྱེད་པ་ནི་ལུས་ཀྱི་སྟོད་སྨད་ཀྱི་ཆ་ཕྱེད་པར་གནས་པའོ། །མཁྲེགས་པ་ནི་ལྷོད་ཅིང་གྲིམས་ལ་བརྟེན་པ་སྟེ། དེ་ལྟ་བུའི་ལུས་ཀྱི་ཡན་ལག་གང་ཡིན་པ་

དེ་ནི། ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཞེས་བྱའོ། །དེ་ལྟ་བུའི་རང་བཞིན་ཅན་ཉིད་དུ་འགྱུར་བས་ན། ལུས་ཀྱི་སྐབས་ཕྱེད་མཁྲེགས་པ་ཉིད། །ཅེས་བྱའོ། །དེ་ཀུན་གྱིས་ཀྱང་བྱ་བའམ་འོན་ཏེ་མ་ཡིན་ཞེ་ན། དེའི་ཕྱིར། རླུང་མཁྲིས་ནད་ཅན་བྱིས་པ་དང་། །རྒས་ཤིང་འཁོགས་པས་དེ་སྤང་བྱ། །

ཞེས་བྱ་བ་སྨོས་ཏེ་རླུང་དང་མཁྲིས་པའི་ནད་ཀྱིས་གཟིར་བ་དང་། བྱིས་པ་དང་། རྒན་པོས་རྩོལ་བ་དེ་སྤངས་ཤིང་དོར་བར་བྱའོ། །དེ་ལ་རླུང་ནད་ཅན་ནི་རླུང་གི་ནད་ཀྱིས་ཉེན་པའོ། །མཁྲིས་ནད་ཅན་ནི་མཁྲིས་པས་ཉེན་པའོ། །ཐ་དད་པ་སྨོས་པ་ལ་ནི། རླུང་དང་མཁྲིས་པ་གཉིས་ཀ་སྨོས་ཀྱང་སྤང་

བར་ཤེས་པར་བྱའོ། །རྒན་པོ་ནི་ལོ་བདུན་ཅུ་ཡན་ཆད་ཡིན་པར་ཤེས་པར་བྱའོ། །གཞན་ཡང་ཇི་ལྟར་བསྟན་པར་བྱ་ཞེ་ན། སྟོབས་ལྡན་སྣུམ་བག་ཟ་བ་དང་། །གྲང་བའི་དུས་དང་དཔྱིད་དུས་དང་། །ནུས་ལྡན་དག་གིས་དེ་བསྟེན་བྱ། །དེ་ལས་གཞན་ཚེ་དལ་བ་ཉིད། །ཅེས་བྱ་བ་ལ། རྩོལ་བ་དེ་ཡང་

སྐྱེས་བུ་སྟོབས་དང་ལྡན་པ་དང་། ཟས་སྣུམ་བག་ཅན་ཟ་བ་དང་། གྲང་བའི་དུས་ཏེ། དགུན་སྟོད་དང་། དགུན་སྨད་དང་། དཔྱིད་ཀྱི་དུས་དང་། ནུས་ལྡན་དག་གིས་ཞེས་པ། ཇི་སྲིད་ཤིན་ཏུ་ནུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྟེན་པར་བྱའོ། །དེ་ལས་གཞན་ཚེ་ཞེས་བྱ་བ་ནི། དེ་ལས་དུས་

เล่ม ๒๐๐ · หน้า 25a

གཞན་པའི་ཚེ་སྟེ། སོ་ག་དང་། དབྱར་དང་། སྟོན་གྱི་ཚེ་ནི་དལ་བ་ཉིད་དེ་རན་ཅིང་ཅུང་ཟད་ཙམ་ཉིད་བསྟེན་པར་བྱའོ། །དེ་བྱས་ཅི་བདེར་ལུས་དག་ནི། །ཀུན་ནས་ཡོངས་སུ་མཉེ་བར་བྱ། །རྩོལ་བ་དེ་བྱས་ཟིན་ནས་ནི། །བདེ་བར་ལུས་ཀུན་གནས་པར་བྱ། །ཞེས་བྱ་བ་ལ།

རྐང་པ་ནས་མགོ་བོའི་བར་ཐམས་ཅད་དུ། རྐང་པ་དལ་གྱིས་ཡོངས་སུ་མཉེ་བར་བྱའོ། །ཤིན་ཏུ་རྩོལ་དྲགས་ལུད་པ་དང་། །སྐོམ་དང་གཅོང་ཅན་མི་དྲན་མུན། །ཁྲག་དང་མཁྲིས་རྒྱས་ངལ་དང་དུབ། །རིམས་དང་སློན་པ་འབྱུང་བར་འགྱུར། །ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཚད་

ལས་འདས་ཤིང་བརྩལ་བའི་ཤུགས་ཧ་ཅང་དྲགས་པར་བསྟེན་པས་ནི། སྐོམ་དད་ཆེ་བ་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལ་སྐོམ་པ་ནི་སྐོམ་དད་ཆེ་བའོ། །གཅོང་ཆེན་པོ་ནི་ཟད་བྱེད་དོ། །མི་དྲན་མུན་ཞེས་བྱ་བ་ནི། མི་དྲན་ཞིང་མུན་པར་ཞུགས་པ་སྙོམ་སེམས་པའོ། །ངལ་བ་ནི་

སྐྱོ་བའོ། །དུབ་པ་ནི་ན་བའོ། །རིམས་དང་སློན་པ་ནི་རླུང་ལས་བྱུང་བའོ། །གཞན་དག་ནི་གྲགས་པར་ཟད་དོ། །འདིའི་ཞར་ལ་དགག་པར་བྱ་བ་གཞན་དག་ཀྱང་བཤད་པ་ནི། རྩོལ་བ་མི་ཉལ་ལམ་བུད་མེད། །བགད་དང་སྨྲ་སོགས་ཤུགས་འབྱིན་པ། །སེང་གེས་གླང་པོ་དྲངས་པ་བཞིན། །ཤིན་

ཏུ་དྲགས་པས་མ་རུང་འགྱུར། །ཞེས་བྱ་བ་ཡིན་ཏེ། རྩོལ་བ་ལ་སོགས་ཧ་ཅང་དྲགས་པར་བསྟེན་ཅིང་སྤྱོད་པར་གྱུར་བའི་སྐྱེས་བུ་ནི་མ་རུང་བར་འགྱུར་རོ། །དེ་ནི་དཔེར་ན་སེང་གེ་རྣམ་པར་གནོན་པ་དང་ལྡན་ཡང་ཤིན་ཏུ་སྟོབས་ཆུང་བས། སྟོབས་ཤིན་ཏུ་ཆེ་བའི་གླང་པོ་ཆེ་དྲངས་ཤིང་འདྲེན་པ་ན། རང་ཉིད་

རྐེད་པ་འཆད་པར་འགྱུར་ཏེ། གང་གི་ཕྱིར་སེང་གེ་ཤིན་ཏུ་བརྟན་པ་དང་ལྡན་པ་ཡིན་མོད་ཀྱི། འོན་ཀྱང་གླང་པོ་ཆེ་གནས་ནས་གནས་སུ་དྲངས་ནས་ཁྱེར་བར་ག་ལ་ནུས་ཏེ། གླང་པོ་ཆེ་ཁྱེར་བ་ཉིད་ན་སྲོག་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་མི་ཡང་གཞུ་འདྲེན་པ་ལ་སོགས་པའི་རྩོལ་བ་ཧ་ཅང་དྲགས་པས་

མ་རུང་ཞིང་འཇིགས་པར་འགྱུར་རོ། །རྩོལ་བའི་འོག་ཏུ་སྐ་བའི་རྫས་དག་གིས་བྱུགས་ཤིང་དྲིལ་བར་བྱ་བ་ཡིན་ཏེ། དེ་བས་ན་དེའི་ཡོན་ཏན་སྨྲས་པ་ནི། དྲིལ་ཕྱིས་བད་ཀན་སེལ་བ་དང་། །ཚིལ་ནི་རབ་ཏུ་ཞུ་བྱེད་ཅིང་། །ཡན་ལག་བརྟན་པར་བྱེད་པ་དང་། །པགས་པ་གསལ་བར་བྱེད་པའི་མཆོག །

เล่ม ๒๐๐ · หน้า 25b

ཅེས་བྱ་བ་ཡིན་ཏེ། དྲིལ་ཕྱིས་ནི་བད་ཀན་སེལ་ཞིང་འཇོམས་པར་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཚིལ་ནི་ལུས་ཟུངས་ཏེ། དེ་ཞུ་བར་བྱེད་པ་ནི་མེ་ལྟར་ཞུ་བར་བྱེད་པའོ། །ཡན་ལག་རྣམས་བརྟན་པར་བྱེད་པ་ནི། མགོ་བོ་དང་རྐང་པ་ལ་སོགས་པ་བརྟན་པར་བྱེད་ཅིང་བརྟས་པར་བྱེད་

པའོ། །དེ་བཞིན་དུ་པགས་པ་ཤིན་ཏུ་གསལ་བར་བྱེད་པའི་མཆོག་ཀྱང་ཡིན་ཏེ། པགས་པ་གསལ་ཞིང་དྲི་མ་མེད་པར་བྱེད་པའི་དོན་ཏོ། །དེ་ལྟར་ལུས་དྲིལ་ནས་ཁྲུས་བྱས་པ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། ཁྲུས་ནི་དྲོད་སྐྱེད་རོ་རྩ་དང་། །ཚེ་དང་མདངས་དང་སྟོབས་རབ་སྐྱེད། །གཡའ་དང་དྲི་

མ་ངལ་དང་རྡུལ། །སྙོམ་སྐོམ་ལུས་ཚ་མི་ཤིས་སེལ། །ཞེས་བྱ་བ་ཡིན་ཏེ། ཁྲུས་ནི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། གཡའ་བ་ལ་སོགས་པ་སེལ་བ་ཡིན་ནོ། །དེ་ལས་ཁྲུས་བྱས་པས་དྲོད་བསྐྱེད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ཏེ། ཕོ་བའི་མེ་དྲོད་གང་ཡིན་པ། །བ་སྤུའི་བུ་

ག་རྣམས་ལས་ཕྱི་རོལ་དུ་འབྱུང་བར་བྱེད་པ་ཡིན་ལ། དེ་ཁྲུས་ཀྱིས་རེག་པ་ཁྱད་པར་གྲང་བའི་རང་བཞིན་གྱིས་བ་སྤུའི་བུ་ག་བཀག་པས་དྲོད་ནང་དུ་ཞུགས་ཏེ། ཕོ་བའི་མེ་དྲོད་སྐྱེད་པ་ཡིན་ཏེ། དཔེར་ན་དགུན་གྱི་དུས་སུ་རླུང་གྲང་མོའི་རེག་པས། བ་སྤུའི་བུ་ག་བཀག་པས་ལུས་ཀྱི་མེ་ཕྱི་རོལ་དུ་མི་

འབྱུང་བས། མེའི་དྲོད་རྣམ་པར་འཕེལ་བ་ལྟ་བུ་ཡིན་ནོ། །རོ་ཙ་བ་ནི་ཁུ་བ་འཕེལ་བར་བྱེད་པའོ། །ཚེ་ནི་ཚེ་ལ་ཕན་པའོ། །མདངས་ནི་གཟི་མདངས་དང་ལྡན་པར་འགྱུར་བའོ། །སྟོབས་ནི་ནུས་པ་སྟེ་རབ་ཏུ་སྐྱེད་པར་བྱེད་པའོ། །གཡའ་བ་ལ་སོགས་པ་ཡང་སེལ་བ་དང་། སྙོམ་པ་ནི་གཉིད་ཀྱིས་

འཐིབས་པར་གྱུར་པ་སྟེ། དེ་ཡང་ལུང་ལས། གཉིད་ཀྱིས་ལོག་པ་རྣམས་ཁྱད་པར་དུ་ནོན་པར་འགྱུར་བ་ནི་སྙོམ་པའོ། །མི་ཤིས་པ་ནི་སྡིག་པ་སྟེ། དེ་སེལ་བར་བྱའོ་ཞེས་བཤད་པ་ཡིན་ནོ། །ཆུ་དྲོན་གྱིས་ནི་ལུས་ཀྱི་སྨད། །བླུགས་ཤིང་བཀྲུས་པ་སྟོབས་སྐྱེད་ཡིན། །དེ་ཉིད་མགོར་བླུགས་

ཁྲུས་བྱས་ན། །སྐྲ་དང་མིག་གི་སྟོབས་འཕྲོག་ཡིན། །ཞེས་བྱ་བ་ནི། ཆུ་དྲོན་གང་ཡིན་པས་རོ་སྨད་བཀྲུས་ཤིང་བླུགས་པ་དེ་ནི་སྟོབས་སྐྱེད་ཅིང་། སྟོབས་ཐོབ་པར་བྱེད་པ་ཡིན་ཏེ། ལུས་ཀྱི་སྨད་དེ་ཉིད་ཀྱི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །ཆུ་དྲོན་པོ་དེ་ཉིད་ཀྱིས་མགོ་བོར་བླུགས་

เล่ม ๒๐๐ · หน้า 26a

ཤིང་ཁྲུས་བྱས་པ་ནི། སྐྲ་དང་མིག་གི་སྟོབས་འཕྲོག་ཅིང་གནོད་པ་ཡིན་ནོ། །ཁྲུས་ནི་འགྲམ་ཆགས་མིག་ནད་དང་། །རྣ་བའི་ནད་དང་ཚད་པས་འཁྲུ། །ལྟོ་སྦོས་ཆམ་པ་མ་ཞུ་དང་། །ཟོས་མ་ཐག་པ་རྣམས་ལ་སྨད། །ཅེས་བྱ་བ་དང་། ཡང་ཁྲུས་ནི་འགྲམ་པའི་ནད་

ཀྱིས་ཉེན་པ་རྣམས་ལ་སྨད་ཅིང་སྤང་བར་བྱ་བ་ཡིན་ནོ། །འགྲམ་ཆགས་ཞེས་བྱ་བ་ནི། རླུང་གི་ནད་དེ་འོག་ནས་བཤད་པའི་མཚན་ཉིད་དང་ལྡན་པའོ། །སྦོས་པ་ནི་རླུང་གིས་ལྟོ་བ་གང་ཞིང་སྦོས་པར་གྱུར་པའོ། །ཆམ་པ་ནི་སྣ་ནས་འཛག་པའོ། །མ་ཞུ་བ་ནི་ཟས་མི་འཇུ་བ་དང་། ཐོགས་

པ་དང་། ཚ་བ་སྐྱེ་བའི་ཁྱད་པར་གྱིས་རྣམ་པ་གསུམ་ཡིན་ནོ། །ཁྲུས་བྱས་ནས་ཟས་ལ་སྤྱད་པར་བྱ་བ་ཡིན་པས། དེའི་ཕྱིར་སྨྲས་པ་ནི། ཞུ་ནས་ཕན་ཞིང་རན་པར་བཟའ། །བཤང་སོགས་ནན་གྱིས་བརྣག་མི་བྱ། །ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁ་ཟས་ཞུ་བ་ནི་ལེགས་པར་ཞུ་

བར་གྱུར་པ་སྟེ། དེའི་ཁ་ཟས་ཞུ་བར་གྱུར་པའོ། །ཕན་པ་ནི་གནོད་པ་མེད་པའོ། །རན་པ་ནི་ཟས་ཀྱི་ཚོད་ཟིན་པར་བཟའ་ཞིང་སྤྱད་པར་བྱ་བའོ། །བཤང་སོགས་ནི་བཤང་བ་དང་གཅི་བ་ལ་སོགས་པ་སྟེ། དེ་ནན་གྱིས་ཞེས་པ་སྟོབས་ཀྱིས་བརྣག་པར་མི་བྱའི་ཡོངས་སུ་དོར་བར་བྱའོ། །

ཤུགས་མ་ཕྱུང་བར་གཞན་མི་བྱ། །གནོད་ལས་མི་བདེ་བར་མ་ཡིན། །ཞེས་བྱ་བ་ནི་རླུང་དང་བཤང་བ་དང་གཅི་བའི་ཤུགས་འབྱུང་བར་གནས་ན། དེ་མི་དབྱུང་བར་གཞན་ལ་བརྩམ་པར་མི་བྱ་སྟེ། གང་གི་ཕྱིར་ཤུགས་བཀག་པས་ནི་ནད་རྣམས་འབྱུང་བར་འགྱུར་རོ། །གནོད་པ་ཞེས་བྱ་སྟེ།

བསྒྲུབ་པར་བྱ་བའི་མཚན་ཉིད་དང་ལྡན་པའི་ནད་ལས་མི་རྒྱལ་ཞིང་། དེ་གསོ་བས་བདེ་བར་མ་བྱས་པར་ཡང་བྱ་བ་གཞན་མི་བྱའོ། །གང་གི་ཕྱིར་གསོར་རུང་བའི་ནད་བཏང་སྙོམས་སུ་བྱས་ན་གསོར་མི་རུང་བ་ཉིད་དུ་འགྱུར་རོ། །དེ་ཡང་འདིར་གཞན་དག་ལས། གསོ་མིན་གསོ་བྱ་ཉིད་མི་

འགྱུར། །གསོ་བྱ་གསོ་དཀའ་བ་ཉིད་འགྱུར། །གསོ་དཔྱད་ལས་གཞན་ལས་ཀྱིས་ནི། །ནད་གཞི་གནས་སྐབས་གཞན་དུ་འགྱུར། །ཞེས་བྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་བདེ་འདོད་ཕྱིར། །རྩོམ་པ་ཀུན་ལ་འཇུག་པར་འདོད། །བདེ་བ་ཆོས་མེད་པར་མ་ཡིན། །དེ་བས་ཆོས་ལ་

เล่ม ๒๐๐ · หน้า 26b

བརྩོན་པར་བྱ། །ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དེ། སྲོག་ཆགས་ཀུན་གྱི་རྩོམ་པའི་བྱ་བ་མ་ལུས་པ་ཀུན་ནི་བདེ་བ་འདོད་ཅིང་བསྒྲུབ་པར་བྱ་བའི་ཕྱིར་བྱེད་པར་འདོད་པ་ཡིན་ནོ། །བདེ་བ་ཞེས་བྱ་བ་ནི་སྡུག་བསྔལ་དང་བྲལ་བའོ། །དེ་ནི་ཆོས་མེད་པར་མ་ཡིན་ཞེས་བྱ་བ་ནི།

ཆོས་མེད་ཅིང་སྤངས་ལ། ཆོས་ལས་གཞན་པར་སྤྱོད་པ་ལས་འབྱུང་བར་མི་འགྱུར་རོ། །རྒྱུ་དེ་བས་ན་ཆོས་གཙོ་བོར་བྱ་ཞིང་ཆོས་ལ་བརྩམ་པར་བྱའོ། །དེས་ནི་འདི་སྐད་སྟོན་པར་འགྱུར་ཏེ། བྱ་བ་ལ་སོགས་པས་རྩོམ་པ་གང་དང་གང་བྱེད་པ་དེ་དང་དེ་ནི། ཆོས་ལ་བརྩམས་པར་

བྱས་ནས་བྱའོ་ཞེས་བྱ་བའི་དོན་ཏོ། །མོས་པས་དགེ་བའི་བཤེས་གཉེན་བསྟེན། །ཅིག་ཤོས་རིང་དུ་སྤང་བར་བྱ། །ཞེས་བྱ་བ་ལ། མོས་པས་ཞེས་བྱ་བ་ནི་ལུས་ངག་དང་། ཡིད་ཀུན་ཏུ་འདུད་པས། དགེ་བའི་བཤེས་གཉེན་ཞེས་བྱ་བ། མཐོ་རིས་དང་། ཐར་པའི་གྲོགས་

བཤེས་སུ་གྱུར་ཅིང་། ཡེ་ཤེས་ལ་སོགས་པ་སྟོན་པར་བྱེད་པ་སྟེ། དེ་འབད་པས་བསྟེན་ཅིང་བསྙེན་བཀུར་དུ་བྱའོ། །ཅིག་ཤོས་རིང་དུ་སྤང་བར་བྱ། །ཞེས་བྱ་བ་ནི། དགེ་བའི་བཤེས་གཉེན་ལ་ལྟོས་པའི་ཅིག་ཤོས་སྡིག་པའི་བྱ་བ་བྱེད་པ་སྟེ། དེ་ནི་སྤང་བར་བྱའོ། །འཚེ་དང་རྐུ་

དང་འདོད་ལོག་སྤྱོད། །ཕྲ་མ་ངག་རྩུབ་བརྫུན་ཚིག་དང་། །མི་འབྲེལ་སྨྲ་དང་གནོད་སེམས་དང་། །བརྣབ་སེམས་ལྟ་བ་ཕྱིན་ཅི་ལོག །དེ་ལྟར་སྡིག་པའི་ལས་རྣམ་བཅུ། །ལུས་ངག་ཡིད་ཀྱིས་སྤང་བར་བྱ། །དེ་ལ་འཚེ་བ་ནི་སྲོག་ཆགས་རྣམས་འཇོམས་པ་སྟེ་གསོད་པའོ། །རྐུ་བ་ནི་

གཞན་གྱི་རྫས་འཕྲོག་ཅིང་བརྐུ་བའོ། །འདོད་པ་ལ་ལོག་པར་སྤྱོད་པ་ནི། བགྲོད་པར་བྱ་བ་མ་ཡིན་པར་སོང་བ་སྟེ། དེ་ལྟར་ན་ལུས་ཀྱི་རྣམ་པ་གསུམ་མོ། །ཕྲ་མ་ནི་གཞན་གྱི་ཉེས་པ་སྒྲོགས་པར་བྱེད་པའོ། །ངག་རྩུབ་པོ་ནི་ཚིག་མི་བཟད་པར་རྣོ་བའམ། གཞན་གྱི་གནད་ལ་འབེབས་

པའོ། །བརྫུན་ནི་ཚིག་མི་བདེན་པ་སྨྲ་བའོ། །མི་འབྲེལ་པར་སྨྲ་བ་ནི། ལོག་པར་སྨྲ་ཞིང་དགོས་པ་མེད་པར་སྨྲ་བ་སྟེ། དེ་ལྟར་ན་ངག་གི་རྣམ་པ་བཞིའོ། །གནོད་སེམས་ནི་སེམས་ཅན་རྣམས་ལ་རྣམ་པར་སྡང་བའོ། །བརྣབ་སེམས་ནི་མི་རིགས་པར་གཞན་གྱི་རྫས་ལ་རེག་པའོ། །ལྟ་བ་

เล่ม ๒๐๐ · หน้า 27a

ཕྱིན་ཅི་ལོག་ནི་ལོག་པར་ལྟ་བ་སྟེ། བསྟན་བཅོས་ལས་བཤད་པའི་ལྟ་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པར་ལྟ་བ་ཉིད་དེ། སྦྱིན་པ་མེད་དོ། །སྦྱིན་སྲེག་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ཞེས་བྱ་བ་དེ་ལྟ་བུ་ནི་ལྟ་བ་ཕྱིན་ཅི་ལོག་

སྟེ། ཡིད་ཀྱི་རྣམ་པ་གསུམ་མོ། །ཕོངས་པ་ནད་པ་མྱ་ངན་གཟིར། །ཅི་ནུས་པར་ནི་ཕན་གདགས་བྱ། །ཞེས་བྱ་བ་ལ། ཕོངས་པ་ནི་འཚོ་བའི་ཐབས་དང་བྲལ་བའོ། །ནད་ཀྱིས་གཟིར་བ་ནི་ནད་ཀྱིས་གནོད་པར་གྱུར་པའོ། །མྱ་ངན་གྱིས་གཟིར་བ་ནི་མྱ་ངན་གྱིས་ཉམ་ཐག་པའོ། །

ཕན་གདགས་པ་ནི་སྦྱིན་པ་དང་། གསོ་བ་དང་། མྱ་ངན་བསལ་བ་དག་གིས་དེ་ལས་བཟློག་ཅིང་ཕན་གདགས་པར་བྱའོ། །འབུ་སྲིན་གྲོག་སྦུར་དག་ལ་ཡང་། །རང་དང་འདྲ་བར་རྟག་ཏུ་བལྟ། །ཞེས་བྱ་བ་ལ། འབུ་སྲིན་གྲོག་སྦུར་ལྟ་བུ་སྲོག་ཆགས་ཕྲ་མོ་རྣམས་ལ་ཡང་རང་དང་འདྲ་ཞིང་བདག་

དང་མཚུངས་པར་དུས་རྟག་ཏུ་བལྟ་ཞིང་བསམ་པར་བྱའོ། །དེ་ཡང་ཇི་ལྟར་བདག་ཉིད་བདེ་བ་དང་སྡུག་བསྔལ་འདོད་ཅིང་འདོར་བ་ལ་སོགས་པ་དང་། སྲོག་ལ་སྡུག་པར་འཛིན་པ་དེ་བཞིན་དུ་འདི་རྣམས་ཀྱང་། བདེ་བ་དང་སྡུག་བསྔལ་འདོད་ཅིང་འདོར་བ་དང་། སྲོག་ལ་སྡུག་པར་འཛིན་པ་

ཡོད་པ་ཉིད་དེ། དེ་བས་ན་དེ་རྣམས་ལ་འཚེ་བ་ལ་སོགས་པ་མི་བྱའོ། །ཞེས་པའོ། །ལྷ་དང་དགེ་སློང་བྲམ་ཟེ་དང་། །སྨན་པ་རྒན་རྒྱལ་མགྲོན་འོངས་མཆོད། །ཅེས་བྱ་བ་ནི། ལྷ་ལ་སོགས་པ་མཆོད་ཅིང་བསྙེན་བཀུར་དུ་བྱའོ། །རྒན་པོ་ནི་ཤེས་པ་དང་ཚུལ་ཁྲིམས་དང་དཀའ་ཐུབ་དང་།

ཚངས་པར་སྤྱོད་པ་དང་། བརྟུལ་ཞུགས་ལ་སོགས་པ་རྣམས་ལ་རྒན་པའོ། །རྒྱལ་པོ་ནི་ས་བདག་གོ། །མགྲོན་འོངས་པ་ནི་གློ་བུར་དུ་ལྷགས་ཤིང་གསར་དུ་འོངས་པའོ། །སློང་ལ་རྒྱབ་ཀྱིས་ཕྱོགས་མི་བྱ། །བརྙས་པར་མི་བྱ་ཚར་མི་གཅད། །ཅེས་བྱ་བ་ནི། སློང་བའི་མི་རྣམས་ལ་

རྒྱབ་ཀྱིས་ཕྱོགས་ཤིང་རེ་ཐག་ཆད་པ་ཡོངས་སུ་སྤང་བ་དང་། མ་གོ་བ་ལྟ་བུ་དང་། ཚིག་རྩུབ་པར་མི་བྱའོ། །བརྙས་པ་ནི་བསྙེན་བཀུར་མེད་ཅིང་བཟློག་པའོ། །ཚར་གཅད་པ་ནི་ཁྱེད་རྣམས་ཀྱིས་ཅི་ཞིག་ཐོས་སམ། བསླབས་སམ་ཤེས་པ་ཡིན་ཞེས་དྲིས་པའི་ཚུལ་གྱིས་ཀུན་སྤྱོས་པའོ། །

เล่ม ๒๐๐ · หน้า 27b

གནོད་པར་བྱེད་བརྩོན་དགྲ་གཞན་ལའང་། །ཕན་གདགས་པ་ནི་གཙོ་ཆེར་བྱ། །ཞེས་བྱ་བ་ནི། གནོད་པར་བྱེད་པ་ལ་བརྩོན་ཞིང་མི་རིགས་པར་བྱེད་པའི་དགྲ་བོ་ལ་ཡང་ཕན་གདགས་པ་ལ་གཙོ་ཆེར་བརྩོན་པ་ཉིད་བྱས་ན། དགྲ་བོ་རྣམས་ཀྱིས་གང་སྡང་བར་གྱུར་པ་ཉིད་ཡིད་ལ་རྣམ་པ་ཐམས་

ཅད་དུ་གནས་མོད་ཀྱི། འོན་ཀྱང་གནོད་པར་བྱ་བ་ཉིད་ནི་ལན་འགའ་ཞིག་འགྲུབ་པ་ཡིན་ལ། གནོད་པར་བྱེད་པ་དེ་ལ་ནི། གནོད་པར་བྱེད་པ་ཉིད་མི་བྱའོ། །ཕན་པར་བྱེད་དུ་གནས་ན། གནོད་པའི་སེམས་ཀྱང་ལྡོག་པར་འགྱུར་བ་ཉིད་ཡིན་ནོ། །འབྱོར་དང་རྒུད་ལའང་ཡིད་གཅིག་བྱ། །རྒྱུ་

ལ་ཕྲག་དོག་འབྲས་བུ་མིན། །ཞེས་བྱ་བ་ལ། འབྱོར་པ་ནི་ཕུན་སུམ་ཚོགས་པའོ། །རྒུད་པ་ནི་དེ་དག་ཉིད་དང་བྲལ་བ་སྟེ། དེ་དག་ལས་ཡིད་གཅིག་ཅིང་སེམས་མཉམ་པར་བྱའི། འབྱོར་པས་དྲེགས་པར་ཡང་མི་བྱ་ལ། རྒུད་པས་ཞུམ་པར་ཡང་མི་བྱའོ། །རྒྱུ་ལ་ཕྲག་དོག་ཅེས་བྱ་བ་

ནི། ཕུན་སུམ་ཚོགས་པར་བྱེད་པའི་རྒྱུའི་དངོས་པོ་ལ་ཕྲག་དོག་བྱའི། འབྲས་བུ་གཞན་གྱི་ཕུན་སུམ་ཚོགས་པ་ལ་ནི་མ་ཡིན་ནོ། །དེ་ཡང་སྤྱོད་པ་དམ་པ་ལ་འཇུག་པ་དང་། ཐོས་པ་དང་། གཏོང་བ་ལ་སོགས་པ་གཞན་གྱི་ཡོན་ཏན་སྐྱེད་པར་བྱེད་པ་དེའི་རྒྱུ་ཉིད་ལ་ཕྲག་དོག་བྱའི། དེའི་

འབྲས་བུ་ཐོབ་པ་ལ་ནི་མ་ཡིན་ཏེ། སྐྱེས་བུ་ཉིད་དུ་གྱུར་པར་མཚུངས་སུ་ཟིན་ཀྱང་། འདི་ནི་འདི་ལྟར་ཡོན་ཏན་དང་ལྡན་པ་ཡིན་ན། བདག་འདི་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པར་ཅིའི་ཕྱིར་མི་བྱ་ཞེས་གང་གིས་སྔོན་མ་ཐོབ་པའི་ཐོས་པ་ལ་སོགས་པ་འཕེལ་བར་འགྱུར་བ་དེ་ལྟ་བུའི་རྒྱུ་ལ་

འབད་པ་ཉིད་དུ་བྱ་བ་ཡིན་ནོ། །དུས་སུ་ཕན་དང་རན་པར་སྨྲ། །སླུ་བ་མེད་ཅིང་ངེས་པར་བྱ། །ཞེས་བྱ་བ་ལ། ཚིག་སྨྲ་བར་བྱ་བ་དག་ནི་དུས་སུ་ཤེས་པ་གནས་སྐབས་ལ་བབ་ཅིང་དུས་ཚོད་ལ་བབ་པར་བྱའོ། །ཕན་པ་ནི་ཆོས་དང་དོན་དང་སྙན་པ་དང་ལྡན་པའོ། །རན་པ་ནི་ཉུང་ཞིང་ཚོད་

ཟིན་པའོ། །སླུ་བ་མེད་པ་ནི་བདེན་ཞིང་མི་སླུ་བའི་ཆོས་ཅན་ནོ། །ངེས་པ་ནི་མཉན་ན་བདེ་བ་སྟེ། འཇམ་པར་སྨྲ་ཞིང་ཡིད་དུ་འོང་ལ་དགའ་བར་སྨྲ་བའོ། །བཞིན་འཛུམ་གསོང་པོར་སྨྲ་བ་དང་། །སྤྱོད་པ་བཟང་ཞིང་སྙིང་རྗེ་འཇམ། །ཞེས་བྱ་བ་ལ། རང་བཞིན་འཛུམ་པ་ནི། རང་བཞིན་མཛེས་

เล่ม ๒๐๐ · หน้า 28a

པ་སྟེ། ཁྲོ་གཉེར་མེད་པའོ། །གསོང་པོར་སྨྲ་བ་ནི་དང་པོ་ཉིད་དུ་སྨྲ་བར་བྱེད་པའོ། །སྤྱོད་པ་བཟང་བ་ནི་རང་བཞིན་བཟང་བ་སྟེ། ཀུན་ཏུ་སྤྱོད་པ་མི་རྩུབ་པའོ། །སྙིང་རྗེ་འཇམ་པ་ནི་སྙིང་རྗེ་འཇམ་པ་སྟེ། སྙིང་བརྩེ་བ་དང་ལྡན་ཞིང་སེམས་མཉམ་པའོ། །གཅིག་པུ་བདེ་མིན་

ཐམས་ཅད་ལ། །ཡིད་མི་བརྟན་ཞིང་དོགས་མི་བྱ། །ཞེས་བྱ་བ་ལ། སྐྱེས་བུས་ནི་བདག་གཅིག་པུ་བདེ་བ་དང་ལྡན་པར་མི་བྱའི། གཞན་དུ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། གཉེན་འདུན་དང་། མཛའ་བཤེས་དང་བྲན་གཡོག་ལ་སོགས་པ་རྣམས་དང་ལྷན་ཅིག་ཐུན་མོང་དུ་ལོངས་

སྤྱད་པས་གནས་པར་བྱའོ། །ཐམས་ཅད་ལ་ཞེས་བྱ་བ་ལ། ཡུལ་ཐམས་ཅད་ལ་ཡིད་བརྟན་ཞིང་བློ་གདེང་བར་མི་བྱ་ལ། ཡིད་བརྟན་དུ་རུང་བའི་མི་དང་། ཉེ་དུ་དང་། མཛའ་བཤེས་དང་། བྲན་གཡོག་ལ་སོགས་པ་ཐམས་ཅད་ལ་ཡང་དོགས་པ་དང་བཅས་པར་མི་བྱའོ། །སུ་ཡང་

བདག་གི་དགྲ་ཡིན་དང་། །བདག་ནི་སུ་ཡང་འགྲས་གྱུར་དང་། །བརྙས་དང་བདག་ལ་གཙོ་བོ་ནི། །མི་བྱམས་ཞེས་ནི་སྨྲ་མི་བྱ། །ཞེས་བྱ་བ་ནི། བདག་ལ་དགྲ་བོ་ཡོད་ཅེས་བྱ་བ་ནི་སུ་ལ་ཡང་སྨྲ་ཞིང་བརྗོད་པར་མི་བྱ་སྟེ། དེ་བརྗོད་ན་གཡོན་ཅན་དག་གིས་ཤིན་ཏུ་ཡང་འབྱེད་པར་འགྱུར་རོ། །

བདག་ནི་སུའི་དགྲ་ཡིན་ཞེས་སྐྱེ་བོ་འགའ་ལ་ཡང་སྨྲ་བར་མི་བྱ་སྟེ། གལ་ཏེ་དེ་ལྟར་བྱས་ན་ཤིན་ཏུ་འགྲས་པར་འགྱུར་རོ། །གཙོ་བོ་དང་འབྲེལ་པའི་བརྙས་པ་སྟེ། མ་བསྟུན་པ་ཡང་སྨྲ་བར་མི་བྱའོ། །དེ་བཞིན་དུ་གཙོ་བོ་དང་འབྲེལ་པའི་མི་བྱམས་ཤིང་བརྩེ་བ་མེད་པ་ལ་ཡང་སྨྲ་བར་མི་

བྱའོ། །འགྲོ་བའི་བསམ་པ་ཤེས་ནས་ནི། །གང་ཞིག་ཇི་ལྟར་ཡོངས་མགུ་བ། །དེ་ལ་དེ་བཞིན་རྗེས་འཇུག་ཅིང་། །གཞན་དག་དགའ་བྱེད་མཛངས་པ་ཡིན། །ཞེས་བྱ་བ་ནི། སྐྱེ་བོ་འཇིག་རྟེན་པའི་སེམས་ཀྱི་བསམ་པ་བརྟགས་ཤིང་ཤེས་པར་བྱས་ལ། ཤེས་རབ་ཀྱིས་ཡོངས་སུ་

དཔྱད་ནས། རྣམ་པ་གང་གིས་སྐྱེ་བོ་གང་དག་ཡོངས་སུ་མགུ་ཞིང་ཀུན་ཏུ་དགའ་བར་འགྱུར་བའི་འགྲོ་བ་དེ་ལ། དེ་བཞིན་དུ་རྣམ་པ་དེ་ཉིད་ཀྱི་རང་བཞིན་དང་བསྟུན་ཏེ་གནས་ཤིང་འཇུག་པར་བྱེད་ལ། སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས་གཞན་དག་དགའ་བར་བྱེད་པ་དེ་ནི་མཛངས་ཤིང་མཁས་

เล่ม ๒๐๐ · หน้า 28b

པར་གྱུར་པའོ། །དབང་པོ་གཟིར་བར་མི་བྱ་ཞིང་། །འདི་རབ་ཉམས་བདེར་བྱ་བའང་མིན། །ཞེས་བྱ་བ་ལ། དབང་པོ་སྟེ་ལྕེ་ལ་སོགས་པ་ཁ་ཟས་ཤིན་ཏུ་ངན་པ་ལ་སོགས་པས་གནོད་ཅིང་གཟིར་བར་མི་བྱ་ལ། ཡང་དབང་པོ་འདི་དག་ལོངས་སྤྱོད་ཀྱི་བདེ་བ་ལ་འབད་པས་བརྩལ་ནས་བརྟེན་

ཅིང་རབ་ཏུ་བདེ་བའི་ཉམས་སུ་ཡང་མི་བྱའོ། །ཚོམས་གསུམ་མེད་པའི་རྩོམ་པ་ལ། །མི་བསྟེན་དེ་དང་འགལ་མི་བྱ། །ཞེས་བྱ་བ་ལ། ཚོམས་གསུམ་ནི་ཆོས་དང་། ནོར་དང་། ལོངས་སྤྱོད་ཅེས་བྱ་བ་ཡིན་ཏེ། བཞི་བ་ཐར་པའི་ནི་ཆོས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ། །དེ་ལྟ་བུའི་སྡེ་ཚོམས་

གསུམ་མེད་ཅིང་། སྟོང་པའི་རྩོམ་པ་སྟེ། སྤྱོད་པའི་འབད་པ་ལ་བརྟེན་པར་མི་བྱ་ཞིང་གནས་པར་མི་བྱའི། ཅི་ནས་ཀྱང་ཆོས་དང་མི་འགལ་བའི་བྱ་བ་གང་ཡིན་པ་དེ་ནི་སྡེ་ཚོམས་གསུམ་དང་མི་འགལ་བ་ཉིད་དུ་སྐྱེས་བུས་བསྟེན་པར་བྱའོ། །དེ་ཡང་ཆོས་ལ་ཀུན་ཏུ་བརྟེན་པ་ན། ཅི་ནས་ཀྱང་

ནོར་དང་ལོངས་སྤྱོད་དང་འགལ་བར་མི་འགྱུར་བ་དེ་ལྟར་བྱ་ལ། ནོར་ལ་བརྟེན་པ་ན་ཡང་ཆོས་དང་འགལ་བར་མི་བྱ་ལ། ལོངས་སྤྱོད་ལ་བརྟེན་པ་ན་ཡང་། ནོར་དང་ཆོས་དང་འགལ་བར་མི་བྱའོ། །ཆོས་རྣམས་ཀུན་གྱི་ལམ་ལ་ནི། །དབུ་མའི་ལམ་གྱི་རྗེས་འཇུག་བྱ། །ཞེས་བྱ་བ་ལ། ཆོས་རྣམས་ཀུན་ཏེ། དངོས་པོ་

ཐམས་ཅད་ལ་ལམ་ཞེས་བྱ་བ་བསྒྲུབ་ཅིང་། བྱ་བའི་གནས་རྣམས་ལ་དབུ་མ་སྟེ། དམན་པ་ཡང་མ་ཡིན་ལ། ཤིན་ཏུ་མཐོ་བ་ཡང་མ་ཡིན་པ་དེ་ནི་རྗེས་སུ་འཇུག་ཅིང་སྤྱད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །སྐྲ་སེན་ཁ་སྤུ་རིང་མི་གཞག །སྒོ་དགུ་རྐང་པ་དྲི་མེད་བྱ། །ཞེས་བྱ་བ་ནི། སྐྲ་དང་སེན་མོ་དང་། ཁ་སྤུ་རིང་

པོར་མ་གྱུར་པར་བྲེགས་པ་སྟེ། ཁ་སྤུ་ཞེས་བྱ་བ་ནི་ཀོ་སྐོའི་ཕྱོགས་ཀྱི་སྤུའོ། །སྒོ་དགུ་དང་རྐང་པ་ནི། སྒོ་དགུ་དང་རྐང་པ་སྟེ། དེ་དག་དྲི་མ་མེད་པར་བྱའོ། །དེ་ལ་སྒོ་དགུ་ནི་དྲི་མའི་གནས་ཀྱི་སྒོ་རྣམས་ཏེ། མིག་དང་། རྣ་བ་དང་། སྣ་དང་། ཁ་དང་། བཤང་བའི་སྒོ་དང་། གཅི་བའི་སྒོ་ལ་སོགས་པའོ། །

རྐང་པ་ནི་རྐང་པ་གཉིས་ཏེ། དེ་རྣམས་ཀྱི་དྲི་མ་བསལ་ཞིང་སྦྱང་བར་བྱའོ། །ཁྲུས་ལ་དགའ་ཞིང་དྲི་ཞིམ་བསྒོ། །ཆ་ལུགས་བཟང་ཞིང་མི་འཕྱར་སྤ། །ཞེས་བྱ་བ་ལ། ཁྲུས་ལ་དགའ་བ་ནི་རྟག་ཏུ་ཁྲུས་བྱེད་པའོ། །དྲི་ཞིམ་བསྒོ་ཞེས་བྱ་བ་ནི། ག་པུར་ལ་སོགས་པའི་དྲི་ཞིམ་པའི་རྫས་རྣམས་ཀྱིས་

เล่ม ๒๐๐ · หน้า 29a

ལུས་རྗེས་སུ་བསྒོ་ཞིང་བྱུགས་པའོ། །ཆས་བཟང་བ་ནི་དྲི་དང་བྱུག་པ་དང་། ཕྲེང་བ་དང་། གོས་དང་། རྒྱན་གྱི་རྣམ་པས་བརྒྱན་གྱིས་ཆས་པར་བྱའོ། །མི་འཕྱར་བ་ནི་ཁེངས་ཤིང་འཕྱར་ཆེས་པ་མ་ཡིན་པར་བྱས་ནས། སྤ་ཞིང་མདངས་དང་ལྡན་པར་བྱའོ། །

རིན་ཆེན་གྲུབ་པའི་གསང་སྔགས་དང་། །སྨན་ཆེན་རྟག་ཏུ་བཅང་བར་བྱ། །ཞེས་བྱ་བ་ནི། རིན་པོ་ཆེ་ནི་མརྐ་ཏ་དང་། པདྨ་རཱ་ག་དང་། བཻ་ཌཱུརྱ་དང་། གསེར་ས་ལེ་སྦྲམ་དང་། རྡོ་རྗེ་ལ་སོགས་པའོ། །གྲུབ་པའི་གསང་སྔགས་ནི། རབ་ཏུ་གྲུབ་པར་གྲགས་ཤིང་། མཐུ་སྔོན་དུ་

སྣང་བའི་གསང་སྔགས། འཇིག་རྟེན་པ་དང་བསྟན་བཅོས་ལས་གྲགས་པའོ། །སྨན་ཆེན་པོ་ནི་ལག་སྨི་དང་། གུ་ཧ་དང་། ཛཱ་ཏི་ལ་དང་། ཤུ་དག་དང་། ཡུངས་ཀར་ལ་སོགས་པའོ། །རིན་པོ་ཆེ་དང་སྔགས་དང་སྨན་དེ་དག་ནི་མགོ་དང་མགུལ་དང་དཔུང་པ་ལ་བཏགས་ཏེ་བཅང་

བར་བྱའོ། །གདུགས་དཀར་ལྷམ་དང་ལྡན་པ་ནི། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ། །ཞེས་བྱ་བ་ལ། གདུགས་དཀར་པོ་ནི་ཚད་པ་འགེབས་བའི་གདུགས་སོ། །ལྷམ་ནི་རྐང་པ་སྐྱོབ་པར་བྱེད་པ་སྟེ། སྐྱེས་བུས་དེ་གཉིས་དང་ལྡན་པ་དང་། གཉའ་ཤིང་གང་ཙམ་དུ་བལྟ་

ཞིང་འགྲོ་བར་བྱ་སྟེ། དེ་ཙམ་ཞིག་ཏུ་མདུན་དུ་བལྟའོ། །དེས་ནི་སྦྲུལ་དང་། ཕྱུགས་དང་། བ་ལང་དང་། རྟ་དང་། རྡོ་རྩུབ་མོ་ལ་སོགས་པ་དག་གི་གནོད་པས་ཉེ་བར་མི་འགྱུར་རོ། །མཚན་མོ་དོན་ཆེན་དག་ལ་ནི། །དབྱུག་ཐོགས་མགོ་དཀྲི་གྲོགས་ལྡན་བྱ། །ཞེས་བྱ་བ་ནི།

མཚན་མོའི་དུས་སུ་ནི་འགྲོ་བར་མི་བྱའོ། །གལ་ཏེ་ཤིན་ཏུ་དོན་ཆེ་ཞིང་བསྟན་པའི་བྱ་བའི་ལས་ལ་འགྲོ་ཞིང་། མཚན་མོ་རྒྱུ་བས་ངེས་པར་འགྲོ་བ་ཡིན་ན། དབྱིག་པ་དང་། མགོ་དཀྲི་བ་དང་། གྲོགས་དང་ལྡན་པར་བྱས་ལ་འགྲོ་བར་བྱའོ་ཞེས་སྟོན་ཏེ། དོན་གྱི་ཤུགས་ཀྱིས་ན་མཚན་མོ་

ངེས་པར་འགྲོ་སྟེ། མི་བྱར་མི་རུང་བའི་བྱ་བ་མ་ཡིན་པའི་དོན་དུ་ཆུང་ངུ་དག་ལ་ནི་འགྲོ་བར་མི་བྱའོ་ཞེས་སྟོན་ཏོ། །དེ་ལ་བེར་ཀ་ཡོད་པས་ན་དབྱིག་པ་ཅན་ཏེ། སྦྲུལ་ལ་སོགས་པ་སྐྲག་པར་བྱ་བའི་ཕྱིར། དབྱིག་པ་སྒྲ་དང་ལྡན་པར་བྱ་བ་དང་། འགྱེལ་བ་ལས་བརྟེན་པར་བྱ་བའི་ཕྱིར་དང་། དགྲ་

เล่ม ๒๐๐ · หน้า 29b

བོ་བཟློག་པར་བྱ་བའི་ཕྱིར་བྱའོ། །མགོ་གཡོགས་པ་ནི་མགོ་བོ་དཀྲིས་པ་ལྟར་སྟེང་ནས་འབབ་པའི་བྱ་དང་། ཕྱེ་མ་ལེབ་དང་། འབུ་སྲིན་ལ་སོགས་པ་ལས་བསྲུང་བར་བྱ་བའི་ཕྱིར་རོ། །གྲོགས་དང་ལྡན་པ་ནི་རྐུན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་

པའི་འཇིགས་པ་ལས་བསྲུང་བར་བྱ་བའི་ཕྱིར་བྱའོ། །མཆོད་རྟེན་མཆོད་བྱ་རྒྱལ་མཚན་དང་། །མི་ཤིས་གྲིབ་མ་ཐལ་ཕུབ་དང་། །མི་གཙང་གསེག་བོང་གཏོར་མ་དང་། །ཁྲུས་བྱས་ས་ནི་འགོམ་མི་བྱ། །ཞེས་བྱ་བ་ལ། མཆོད་རྟེན་ནི་མཆོད་རྟེན་ཉིད་དག་དང་། ཁྱད་པར་ཅན་

གྱི་ལྷས་གནས་བཅས་པའི་ཞིང་གི་ཁྱད་པར་འཇིག་རྟེན་ན་གྲགས་པར་གང་གྱུར་པའོ། །མཆོད་བྱ་ནི་བླ་མ་ལ་སོགས་པའོ། །རྒྱལ་མཚན་ནི་གཙུག་ལག་ཁང་དང་། ལྷ་ཁང་གི་ནང་དུ་བཏགས་པ་མདུང་ངམ་འཁོར་ལོ་དང་ལྡན་པའི་བ་དན་ནོ། །མི་ཤིས་པ་ནི་བཀྲ་མི་ཤིས་པའི་

དངོས་པོ་སྟེ། དེ་རྣམས་ཀྱི་གྲིབ་མ་འགོམ་པར་མི་བྱ་ཞིང་། བརྫི་བར་མི་བྱའོ། །ཐལ་བ་ནི་ལྕི་བ་ལ་སོགས་པ་ཚིག་པ་ལས་བྱུང་བའོ། །ཕུབ་མ་ནི་འབྲས་ཀྱི་ཤུན་བའོ། །མི་གཙང་བ་ནི་བཤང་བ་དང་གཅི་བ་ལ་སོགས་པའོ། །གསེག་མ་ནི་རྡོའི་དུམ་གྲུགས་སོ། །བོང་བ་ནི་སའི་

རང་བཞིན་ལ་རྡོ་དང་འདྲ་བའོ། །གཏོར་མའི་གནས་ནི་འབྱུང་པོ་ལ་སོགས་པ་ལ་ཟས་སྦྱིན་པའི་གནས་སོ། །ཁྲུས་བྱས་པའི་ས་ནི་གང་དུ་འགའ་ཞིག་གིས་ཁྲུས་བྱས་པ་སྟེ། དེ་ཐམས་ཅད་འགོམ་པར་མི་བྱ་ཞིང་ཡོངས་སུ་སྤང་བར་བྱའོ། །ཆུ་བོར་རྐྱལ་ཏེ་འགྲོ་མི་བྱ། །མེ་ཚན་ཕུང་

པོར་འགྲོ་མི་བྱ། །ཞེས་བྱ་བ་ལ་ཆུ་བོ་སྟེ། ཀླུང་གི་ཆུ་ཆེན་པོ་ལ་ལག་པ་གཉིས་བརྐྱང་ཞིང་འགྲོ་བར་མི་བྱ་སྟེ། ཆུ་སྲིན་དང་རུས་སྦལ་ལ་སོགས་པས་གནོད་པར་འགྱུར་བའི་འཇིགས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མེའི་ཕུང་པོ་ཆེན་པོའི་ཚོགས་ཀྱི་ཐད་དུ་འགྲོ་བར་མི་བྱའོ། །ཐེ་ཚོམ་

བཅས་པའི་གྲུ་ཤིང་ལ། །བཞོན་པ་མི་སྲུན་བཞིན་མི་འཛེག །ཅེས་བྱ་བ་ལ། ཐེ་ཚོམ་དང་བཅས་པའི་གྲུ་ནི་ཆིངས་མ་ལྷོད་ཅིང་རྙིངས་པས་ཕ་རོལ་དུ་སྐྱེལ་མི་ནུས་སོ། །དེ་བཞིན་དུ་ཐེ་ཚོམ་དང་བཅས་པའི་ཤིང་ནི། དུག་ལ་སོགས་པའི་གདུག་པ་ཡོད་པའམ། ལྷ་ལ་སོགས་པ་གནས་

เล่ม ๒๐๐ · หน้า 30a

པའམ། ཆག་ཏུ་ཉེ་བ་དག་ཏུ་འཛེག་པར་མི་བྱ་ཞིང་། དེ་དག་གི་སྟེང་དུ་གནས་པར་མི་བྱའོ། །ཇི་ལྟ་ཞེ་ན། བཞོན་པ་མི་སྲུན་བཞིན་ཞེས་བྱ་བ་ཡིན་ཏེ། དཔེར་ན་རྟ་ལ་སོགས་པའི་བཞོན་པ་མི་སྲུན་པ་ལ་བཞོན་དུ་མི་རུང་བ་དང་མཚུངས་སོ། །འདིས་ནི་ཟུར་གྱིས་བཞོན་པ་

མི་སྲུན་པ་ལ་ཡང་ཞོན་པར་མི་བྱའོ་ཞེས་སྟོན་པ་ཡིན་ནོ། །སྦྲིད་པ་གད་མོ་གླལ་བལ། །ཁ་ནི་གདངས་པར་མི་བྱའོ། །ཞེས་བྱ་བ་ལ། སྦྲིད་པ་ནི་སྦྲིད་པ་འབྱུང་བའོ། །གད་མོ་ནི་དགོད་པའོ། །གླལ་བ་ནི་བྱ་རྨྱང་སྟེ། དེ་ལ་ཁ་གདངས་པར་མི་བྱའོ་ཞེས་པ་སྟེ། ཁ་མི་དགབ་པར་མི་བྱའོ། །

སྦྲིད་པ་ལ་སོགས་པ་འབྱུང་བ་ན་ལག་པའམ་གོས་ཀྱིས་དགབ་པར་བྱའོ་ཞེས་པའི་དོན་ཏོ། །སྣ་ནི་བྲུད་པར་མི་བྱ་ཞིང་། །དོན་མེད་ས་རིས་མི་བྱའོ། །ཞེས་བྱ་བ་ལ། སྣ་བྲུད་ཅིང་ཤས་ཆེར་གནོད་པར་མི་བྱ་སྟེ། ཤུ་བ་དང་ཐོར་བུ་ལ་སོགས་པའི་གནོད་པ་སྤང་བར་བྱ་བའི་ཕྱིར་རོ། །དོན་མེད་ཅིང་

དགོས་པ་འགའ་ཞིག་མེད་པར་ས་ལ་སོར་མོ་ལ་སོགས་པས་དེ་ལ་འདྲི་ཞིང་དྲུད་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ལུས་ཀྱི་ཡན་ལག་མི་གཅུ་ཞིང་། །ཙོག་ཙོག་པོར་ཡང་འདུག་མི་བྱ། །ཞེས་བྱ་བ་ལ། ལུས་ཀྱི་ཡན་ལག་ལག་པ་དང་རྐང་པ་ལ་སོགས་པ་གཅུ་བ་སྟེ། མི་མཐུན་པར་བྱས་ནས་

བྱ་བའི་ལས་མི་བྱའོ། །འདི་དག་གིས་ནི་ལག་པ་དང་རྐང་པའི་རྣམ་པར་འགྱུར་བ་སྤང་བར་བྱའོ་ཞེས་སྟོན་པ་ཡིན་ཏེ། གཟེར་དང་ཡན་ལག་ཆག་པར་འགྱུར་བའི་ཉེས་པ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཙོག་ཙོག་པོར་གནས་ཏེ་འདུག་པར་མི་བྱ་སྟེ། ཙོག་ཙོག་པོར་གནས་པས་ཡུན་རིང་

པོར་འདུག་ན། གཞང་འབྲུམ་གྱི་ནད་འབྱུང་བར་བཤད་དོ། །ལུས་ངག་ཡིད་ཀྱི་སྤྱོད་པ་ནི། །སྔ་ནས་ངལ་ལས་བཟློག་པར་བྱ། །ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཞེས་བྱ་བ་ལས་སུ་བྱ་བ་ནི་སྔ་ནས་ཏེ། ངལ་བར་མ་གྱུར་པའི་དང་པོ་ཉིད་ནས་བཟློག་པར་བྱ་སྟེ། ཇི་ཙམ་གྱིས་

ཤིན་ཏུ་དུབ་པར་མ་གྱུར་པ་དེ་ཙམ་ན་བཤོལ་བར་བྱའོ། །དེས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱིས་འགྲོ་བ་དང་། བཀླགས་པ་དང་། སེམས་པ་ལ་སོགས་པའི་ལས་རྣམས་ནི་ཇི་སྲིད་ཤིན་ཏུ་དུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་པའི་དོན་ཏོ། །པུས་བསྒྲེང་ཡུན་རིང་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด