ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པའི་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ
ชื่อสันสกฤต (อักษรทิเบต ตามตัวบท) པ་དཱརྠ་ཙནྡྲ་ཀ་པྲ་བྷཱ་བ་ཏི་ནཱ་མ་ཨཥྚཱཾ་ག་ཧྲྀ་ད་ཡ་བྲྀཏྟི
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๐ · หน้า 116a
དེ་བཞིན་དུ་ནད་ལས་གོ་བཟློག་པའི་གསོ་དཔྱད་ཀྱི་བཅོས་པའི་ཐབས་ཀྱི་གཙོ་བོ་རྣམ་པ་གཉིས་དང་། ལས་རྣམ་ལྔ་དུ་བ་སྣ་ནས་གཏང་བ་དང་། མིག་སྨན་ལ་སོགས་པ་དང་བཅས་པ་ལ་སོགས་པ་བྱ་བ་སྟེ། དཔེར་ན་གླ་སྒང་དང་པར་པ་ཏ་མཁྲིས་པ་སེལ་
བར་བྱེད་པ་ཡིན་དུ་ཟིན་ཀྱང་། རིམས་འཇོམས་པར་བྱེད་པ་དེ་ལྟར་མཁྲིས་པ་ལས་བྱུང་བའི་ནད་གཞན་ལ་ནི་མ་ཡིན་ནོ། །དཔེར་ན་སྐྱེར་པ་ནི་ཚིལ་དང་། བད་ཀན་སེལ་བར་བྱེད་པ་ཡིན་དུ་ཟིན་ཀྱང་། གཙོ་ཆེར་གཅིན་ནད་འཇོམས་པར་བྱེད་པ་དེ་ལྟར་ཚིལ་དང་བད་ཀན་ལས་བྱུང་
བའི་ནད་གཞན་དག་ལ་ནི་དེ་ལྟ་མ་ཡིན་ནོ། །འདི་དག་ཀྱང་འོག་ནས་སློབ་དཔོན་གྱིས་རྒྱ་ཆེར་བསྟན་པ་ཡིན་ནོ། །དེའི་དོན་བྱེད་པ་སྦྱོར་བར་བྱ། །ཞེས་བྱ་བ་ནི། རྒྱུ་དང་ནད་ཀྱི་གོ་བཟློག་པ་དེའི་དོན་བྱེད་པ་སྟེ། འདི་ནི་རྒྱུ་དང་ནད་ཀྱི་གོ་བཟློག་པའི་དོན་བྱེད་པའི་ཚུལ་ཅན་ཡོད་
པས་ན་དོན་བྱེད་པ་སྟེ། དེའི་དོན་ནི་ནད་ཀྱི་གཞི་ལས་གོ་བཟློག་པ་དང་། ནད་ལ་གོ་བཟློག་པ་དག་ལ། གོ་མ་བཟློག་པར་གྱུར་པའི་ལས་དེའི་དོན་བྱེད་པ་སྦྱོར་བར་བྱ་སྟེ། དཔེར་ན་སྐྱུག་བྲོ་བ་ལ་སློན་སྨན་བཏང་བའམ། ཚད་པས་འཁྲུ་བ་ལ་ཁྲུས་བྱ་བའམ། ཆང་ནད་ལ་ཆང་
སྦྱིན་པའམ། མེས་ཚིག་པ་ལ་མེས་བསྲོད་པའམ། ཞི་བ་དང་། རྒྱས་པའི་ལས་བྱ་བ་སྟེ། འདི་དག་ནི་བསྡུས་པ་ལས་རྒྱས་པར་བཤད་དོ། །དོན་གཉིས་ཀས་བྱེད་པ་ལྷ་རྣམས་ལ་ཡང་བརྟེན་ཅིང་། སྨན་གྱི་སྦྱོར་བ་ཡང་བྱེད་པ་དང་། སྐྱུག་བྲོ་བ་ལ་སློན་སྨན་དང་། ཚད་པས་
འཁྲུ་བ་ལ་དྲི་མ་སྦྱང་བ་དང་། ཆང་གི་ནད་ལ་ཆང་བླུད་པ་དང་། མེས་ཚིག་པ་ལ་མེ་ལ་བསྲོད་པ་དང་། མཁྲིས་པ་ནང་དུ་ཞེན་པའམ། ལམ་ལོག་པར་སོང་བ་ལ་དུགས་བྱ་བ་དང་། ཁ་བ་དང་སྐྱུར་བ་དང་བསྐ་བའི་རོ་ལ་བརྟེན་ཅིང་དྲོ་བ་དང་། གྲང་བའི་སྤྱོད་ལམ་གྱིས་གནས་པས་
ཕྱི་རོལ་དུ་གདོན་ཅིང་། རང་གི་ལམ་ནས་རྒྱུ་བར་བྱ་བ་དང་། བད་ཀན་ནང་དུ་ཞེན་ཅིང་རེངས་པར་གྱུར་པ་ལ། ཕྱི་རོལ་ནས་བསིལ་བའི་ཉེ་བར་སྤྱོད་པ་ལ་གནས་པས། དེའི་གནོད་པ་ནང་དུ་ཞུགས་ནས། བད་ཀན་གཞུ་བར་བྱ་སྟེ། དེ་ལྟ་བུའི་གོ་བཟློག་པའི་དོན་བྱེད་དོ། །ཉེས་
เล่ม ๒๐๐ · หน้า 116b
སྨིན་མེ་དྲོད་སྐྱེས་གྱུར་ནས། །ཉམས་བརྟ་སྣུམ་གྱིས་བྱུགས་པ་དང་། །བཏུང་དང་འཇམ་རྩི་སོགས་རིགས་སྦྱར། །ཞེས་བྱ་བ་ལ། ཉེས་པ་རྣམས་སྨིན་ཅིང་ཞུ་བར་གྱུར་པ་ནི། མ་ཞུ་བའི་བེའུ་སྣབས་དང་། གསུད་པ་ལ་སོགས་པས་ཉེན་པ་དེ་མ་ཞུ་བའི་ཉེས་པ་དང་བྲལ་བར་
གྱུར་ཅིང་། ཉེས་པ་སྨིན་ནས་སྨྱུང་བ་ལ་སོགས་པ་བྱས་པས། ཕོ་བའི་མེ་དྲོད་ཀྱང་སྐྱེས་ཤིང་འཕེལ་བར་གྱུར་ནས་ཉམས་བརྟ་བར་བྱ་བའི་ཕྱིར། ཏིལ་མར་ལ་སོགས་པའི་སྣུམ་གྱིས་བྱུག་པ་དང་། སྨན་མར་བཏུང་བ་དང་། འཇམ་རྩི་མས་གཏོང་བ་དག་རིགས་པར་ཞེས་བྱ་བ་
ཡུལ་དང་དུས་ལ་སོགས་པའི་ཆ་ལས་བརྟགས་ཏེ། ཆོ་ག་བཞིན་དུ་སྦྱར་བར་བྱ་བ་ནི་ཕན་པ་ཡིན་ནོ། །སོགས་པའི་སྒྲས་ནི་བཅུད་ཀྱིས་ལེན་པ་དང་། རོ་ཙ་བའི་ཆོ་ག་དག་བསྡུའོ། །འཇམ་རྩི་མས་གཏོང་བའི་དབྱེ་བ་ཡང་དང་པོར་སྦྱང་བ་ལ་སོགས་པའི་སྒོ་ནས་རྣམ་པ་གསུམ་
ཡོད་དེ། དེ་དག་ཀྱང་ནད་དང་། སྨན་ལ་སོགས་པའི་གནས་སྐབས་ཀྱི་ཚུལ་ལས་བརྟགས་ནས། སྨན་པས་འདི་དག་རིགས་པར་སྦྱར་བར་བྱའོ། །བད་ཀན་མ་ཞུའི་བེའུ་སྣབས་ཏེ། །དེ་ནི་མིག་དང་མཁུར་བ་སྐྲང་། །སྒྲེགས་པ་ཟོས་མ་ཐག་འདྲ་འབྱུང་། །མཆིལ་
མ་མང་ཞིང་ཉེས་གཡོ་ལྕི། །ཞེས་བྱ་བ་ལ། བད་ཀན་འཕེལ་བ་ལས། མ་ཞུ་བར་གྱུར་པ་གང་ཡིན་པ་དེ་ནི་བེའུ་སྣབས་ཞེས་བྱ་སྟེ། དེ་ལ་བད་ཀན་གྱི་མ་ཞུ་བའི་མཚན་ཉིད་ནི་འདི་ཡིན་ཏེ། མིག་དང་མཁུར་བ་སྐྲངས་པ་སྟེ། མཁུར་བ་དང་མིག་གི་ཁུང་བུར་གཏོགས་པ་
སྐྲང་བར་འགྱུར་རོ། །དེ་བཞིན་དུ་སྒྲེགས་པ་ཟོས་མ་ཐག་པའི་འདྲ་བ་འབྱུང་སྟེ། མ་སྨིན་པ་འབྱུང་བར་འགྱུར་བ་དང་། མཆིལ་མ་ཤིན་ཏུ་མང་ཞིང་བད་ཀན་འབྱུང་བ་དང་ཉེས་པ་རྣམས་སྨིན། རང་གི་གནས་ནས་གཡོ་བ་དང་། བད་ཀན་གྱེན་དུ་འབྱུང་བར་འགྱུར་བ་དང་ལྕི་བར་
འགྱུར་རོ། །རླུང་ལས་རེངས་བག་གཟེར་བ་དང་། །བཤང་གཅི་འགགས་ཤིང་སྦོས་དྲོད་ཉམས། །ཞེས་བྱ་བ་ལ། རླུང་ལས་གྱུར་པའི་མ་ཞུ་བ་གང་ཡིན་པ་དེ་ནི། མིང་རེངས་བག་ཅེས་བྱ་སྟེ། དེ་ནི་གཟེར་ཞིང་འཇུག་པ་དང་། བཤང་བ་དང་། གཅི་བ་འགགས་
เล่ม ๒๐๐ · หน้า 117a
ཤིང་ཐོགས་པ་དང་། སྦོས་ཤིང་གསུས་པ་རྒྱས་པ་དང་། མེའི་དྲོད་ཉམས་པ་དང་ཡན་ལག་སྙོམ་པར་བྱེད་པར་འགྱུར་རོ། །མཁྲིས་ལས་ཁོང་ཚ་སྐོམ་མགོ་འཁོར། །རྨོངས་བག་སྒྲེགས་པ་སྐྱུར་ཞིང་ཚ། །ཞེས་བྱ་བ་ལ། མཁྲིས་པ་ལས་གྱུར་པའི་
མ་ཞུ་བ་གང་ཡིན་པ་དེ་ནི་ཁོང་ཚ་བ་ཞེས་བྱ་སྟེ། དེ་ནི་སྐོམ་དད་ཆེ་བ་དང་མགོ་འཁོར་བ་དང་། རྨོངས་བག་ཅན་སྒྲེགས་པ་སྐྱུར་བ་དང་། ལུས་ཚ་བ་དང་ལྡན་པར་འགྱུར་རོ། །མ་ཞུ་བེའུ་སྣབས་སྨྱུང་བ་བྱ། །རེངས་བག་ལ་ནི་དུགས་རབ་བྱ། །ཚ་བའི་མ་ཞུ་སྐྱུག་སྨན་དག །
བཏང་བའམ་གནས་སྐབས་གང་ཕན་བྱ། །ཞེས་བྱ་བ་ལ། བད་ཀན་ལས་བྱུང་བའི་མ་ཞུ་བ་བེའུ་སྣབས་ལ་ནི་སྨྱུང་བ་སྟེ་ཟན་གཅོད་པར་བྱའོ། །རེངས་བག་སྟེ་རླུང་ལས་གྱུར་པའི་མ་ཞུ་བ་ནི་དུགས་རབ་བྱ་བ་སྟེ་ཤས་ཆེར་དུགས་བྱའོ། །ཚ་བ་སྟེ་མཁྲིས་པ་ལས་གྱུར་པའི་མ་ཞུ་
བ་ལ་ནི་སྐྱུག་སྨན་གཏང་བར་བྱའོ། །ཡང་ན་གནས་སྐབས་ཇི་ལྟ་བ་བཞིན་དུ་གསུམ་པོ་དག་ཅི་རིགས་པར་བྱའོ། །མ་ཞུའི་བེ་སྣབས་ལྕི་བ་ན། །རྩ་སྦུབས་ཐིམ་ལས་ཡུན་རིངས་ཅན། །བད་ཀན་རླུང་ནི་འདྲེས་མཚན་མ། །དེ་དང་མཉམ་པར་བསྒྲུབ་པར་བྱ། །ཞེས་བྱ་བ་
ལ། མ་ཞུ་བའི་བེའུ་སྣབས་ལྕི་བར་གྱུར་པ་རྩ་སྦུབས་སུ་ཐིམ་ཞིང་ཞེན་པར་གྱུར་བ་ལས་ཡུན་རིངས་ཅན་ཞེས་བྱ་བའི་མ་ཞུ་བའི་ཁྱད་པར་འབྱུང་བར་འགྱུར་རོ། །བད་ཀན་དང་རླུང་འདྲེས་ཤིང་རྗེས་སུ་འབྲེལ་བར་འགྱུར་བ་ལས་བྱུང་བའི་མ་ཞུ་བ་བེའུ་སྣབས་ཅན་གྱི་མཚན་མ་
མིག་སྐྲང་བ་ལ་སོགས་པ་དང་ལྡན་པ་གང་ཡིན་པ་དེ་ལ་ནི། མ་ཞུ་བ་དེ་དང་མཉམ་ཞིང་མཚུངས་པར་སྒྲུབ་ཅིང་གསོ་བར་བྱ་བ་སྟེ། དེ་ལྟར་ན་དེ་ནི་སྨྱུང་བས་བསྒྲུབ་པར་བྱ་བ་ཡིན་ནོ། །དངས་མ་ལུས་ལས་ཟས་དད་ཆུང་། །སྙིང་ན་སྒྲེགས་པ་མནམ་པར་འགྱུར། །ཞེས་བྱ་བ་ལ།
ཟས་ཀྱི་དངས་མའི་ལྷག་མ་མ་ལུས་པ་ཡོངས་སུ་མ་ཞུ་བར་གྱུར་པ་ལས་ནི་ཟས་དད་ཆུང་བ་སྟེ། ཟས་ལ་མི་དགའ་བ་དང་། སྙིང་ན་ཞིང་སྒྲེགས་པ་མནམ་པར་འགྱུར་རོ། །འདི་ལ་ཅུང་ཟད་གཉིད་ལོག་བྱ། །ཞེས་བྱ་བ་ལ། དངས་མའི་ལྷག་མ་མ་ཞུ་བ་འདི་ལ་ནི་ཅུང་ཟད་ཅེས་
เล่ม ๒๐๐ · หน้า 117b
པ། དུས་ཅུང་ཟད་ཅིག་གཉིད་ལོག་པར་བྱའོ། །མ་ཞུ་ཀུན་གྱིས་ཉིན་པར་ནི། །ཟས་མ་ཟོས་པར་གཉིད་ལོག་ལ། །བཀྲེས་གྱུར་ཡང་ལས་རན་པར་བཟའ། །ཞེས་བྱ་བ་ལ། མ་ཞུ་བར་གྱུར་པའི་སྐྱེས་བུ་ཀུན་གྱིས་ནི། བེ་སྣབས་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་དང་
ལྡན་པར་གྱུར་པ་ཀུན་གྱིས་ཀྱང་། ཟས་མ་ཟོས་པར་ཉིན་པར་གཉིད་ལོག་པར་བྱ་ལ། དེ་ནས་དེ་བཀྲེས་པར་གྱུར་ཅིང་ཟས་ལ་འདོད་པ་སྐྱེས་པར་གྱུར་ནས། འབྲས་ལ་སོགས་པ་ལས་བྱས་པའི་ཟས་ཡང་བ་ལས་རན་པར་ཞེས་བྱ་བ་ཚོད་ཟིན་པར་ཉུང་ཟད་བཟའ་བར་བྱའོ། །མ་ཞུ་
སྤྱི་ཡི་མཚན་མ་ནི། །རྣམ་པར་འགགས་སམ་ཤས་ཆེར་འབྱུང་། །ན་ཞིང་རླུང་ནི་མི་གསལ་རྒྱུ། །མཁྲེགས་ཤིང་ལུས་ལྕི་མགོ་བོ་འཁོར། །ཞེས་བྱ་བ་ལ། མ་ཞུ་བ་སྤྱིའི་མཚན་མའམ། རྟགས་སུ་གྱུར་པ་ནི། བཤང་བ་དང་གཅི་བ་དང་། འཕྱེན་ལ་སོགས་པ་སྲ་
ཞིང་རྣམ་པར་འགགས་པར་གྱུར་པའམ། ཡང་ན་བཤང་གཅི་ལ་སོགས་པ་ཤས་ཆེར་འབྱུང་བར་འགྱུར་བ་དང་། ན་ཞིང་རྨྱ་བར་འགྱུར་བ་དང་། རླུང་མི་གསལ་བར་རྒྱུ་ཞིང་ཤེས་པར་དཀའ་བ་འབྱུང་བར་འགྱུར་བ་དང་། བཤང་བ་མཁྲེགས་པ་དང་། ལུས་ལྕི་བ་དང་། མགོ་
བོ་བསྐོར་བ་ལྟ་བུར་འཁོར་བར་འགྱུར་བ་སྟེ། འདི་དག་ནི་མ་ཞུ་བ་བཞི་ཆར་གྱི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཟས་ཚོད་ལྷག་པར་གྱུར་པ་ཉིད། །གཅིག་པུ་མ་ཞུར་མ་ཟད་ཀྱི། །མི་འདོད་གགས་བྱེད་ཚིག་མ་ཚོས། །ལྕི་དང་རྩུབ་དང་མི་གཙང་གྲང་། །ཁོང་ཚ་སྐོམ་དད་
ཆུ་མང་དང་། །བསྲེས་པའི་ཟས་ནི་འཇུ་མི་འགྱུར། །མྱ་ངན་ཁྲོ་དང་བཀྲེས་པ་ཡིས། །ཉེ་བར་གདུངས་ཤིང་ཟས་མི་འཇུ། །ཞེས་བྱ་བ་ལ། ཟས་ཀྱི་ཚོད་ལྷག་པར་གྱུར་པར་ཟོས་པ་གཅིག་པུ་མ་ཞུ་བར་གྱུར་པར་མ་ཟད་ཀྱི། མི་འདོད་བཞིན་དུ་ཟོས་པ་དང་། འགག་པར་བྱེད་པ་སྟེ།
རྩ་སྒོའི་སྦུབས་ཀྱི་གགས་བྱེད་པ་དང་། ཚིག་པ་སྟེ་བཙོས་པ་ཐལ་དྲགས་པ་དང་། མ་ཚོས་པ་སྟེ་ལེགས་པར་ཚོས་ཤིང་སྨིན་པར་མ་གྱུར་བ་དང་། ལྕི་བ་དང་འཇུ་དཀའ་བ་དང་། རྩུབ་སྟེ་སྣུམ་མེད་པ་དང་། མི་གཙང་བ་སྟེ་མ་དག་པ་དང་། གྲང་བ་སྟེ་ཁེངས་པ་དང་། ཚ་བ་
เล่ม ๒๐๐ · หน้า 118a
སྟེ་ལུས་ཀྱི་ཁོང་ཚ་བར་བྱེད་པ་དང་། སྐམ་པ་སྟེ་ཕལ་ཆེར་སྲ་བ་དང་། ཆུ་མང་བ་སྟེ། ཆུ་མང་པོ་དང་བསྲེས་པའི་ཟས་འདི་དག་ནི་འཇུ་བར་མི་འགྱུར་ཞིང་ཡོངས་སུ་དེངས་པར་མི་འགྱུར་གྱི། བེའུ་སྣབས་ཀྱི་ཉེས་པ་འབའ་ཞིག་སྐྱེད་པར་འགྱུར་རོ། །གཞན་
ཡང་གང་མྱ་ངན་ལ་སོགས་པས་གཟིར་བར་ཟོས་པ་དེ་ཡང་མི་མཐུན་པ་ཡིན་ཏེ། མྱ་ངན་ནི་མྱ་ངན་གྱིས་གདུངས་པའོ། །ཁྲོ་བ་ནི་སེམས་འཁྲུགས་པའོ། །བཀྲེས་པ་ནི་བྲུ་བ་ཚ་བས་གདུངས་པ་སྟེ། དེ་ལྟ་བུ་མ་ཟོས་པ་དེ་ཡང་འཇུ་བར་མི་འགྱུར་གྱི། མ་ཞུ་བའི་བེའུ་སྣབས་
ཀྱི་ཉེས་པར་འགྱུར་རོ། །ཕན་དང་མི་ཕན་བསྲེས་པ་དང་། །ཟོས་པ་མཉམ་ཟ་ཡིན་པར་འདོད། །ཅེས་བྱ་བ་ལ། ཕན་པ་དང་མི་ཕན་པ་དང་། འཕྲོད་པ་དང་མི་འཕྲོད་པ་གཅིག་ཏུ་བསྲེས་ནས་ཟོས་པ་ནི། མཉམ་པའི་ཟས་ཟ་བ་ཡིན་པར་སློབ་དཔོན་རྣམས་འདོད་དོ། །འགྲངས་
རྗེས་སླར་ཡང་ཟ་གྱུར་བ། །ལྷག་པར་ཟ་བ་ཡིན་ཞེས་བྱ། །ཞེས་བྱ་བ་ལ། ཁ་ཟས་འགྲངས་བར་ཟོས་ཤིང་ལོངས་སྤྱད་ནས་དེའི་སྟེང་དུ་སླར་ཡང་བཟའ་བ་ཟ་བར་གྱུར་པ་གང་ཡིན་པ་དེ་ནི་ལྷག་པར་ཟ་བ་ཞེས་བྱ་བར་ཤེས་པར་བྱའོ། །དུས་མིན་ཆེ་བའམ་ཆུང་ཟོས་པ། །མི་
མཉམ་པར་ནི་ཟ་བ་ཡིན། །ཞེས་བྱ་བ་ལ། དུས་མ་ཡིན་པ་ནི་ཟས་ཀྱི་དུས་ལ་མ་བབ་པའམ། དུས་ལས་ཡོལ་བར་ཟ་བའོ། །ཆེ་བ་ནི་གང་ལྷག་པར་ཟོས་པའོ། །ཆུང་བ་ནི་ཚད་ལས་ཆུང་ཞིང་དམན་པར་ཟོས་པ་སྟེ། དེ་དག་ནི་མི་མཉམ་པར་ཟ་བ་ཡིན་པར་ཤེས་པར་བྱའོ། །
གསུམ་པོ་འདིས་ཀྱང་གསོད་པའམ། །མི་བཟད་ནད་ཀྱིས་འདེབས་པར་བྱེད། །ཅེས་བྱ་བ་ལ། མཉམ་པར་ཟ་བ་དང་མི་མཉམ་པར་ཟ་བ་སྟེ། གསུམ་པོ་འདི་དག་གིས་ཀྱང་གསོད་ཅིང་འཆིང་བར་བྱེད་པའམ་མི་བཟད་ཅིང་གསོ་དཀའ་བའི་ནད་ཀྱིས་འདེབས་པར་བྱེད་ཅིང་
སྐྱེད་པར་བྱེད་དོ། །དུས་སུ་གོམས་ཤིང་གཙང་ལ་ཕན། །སྣུམ་དྲོ་ཡང་དང་མ་ཡེངས་དང་། །རོ་དྲུག་ལྡན་ཞིང་མངར་བག་ཆེ། །ཤིན་ཏུ་མྱུར་མིན་དལ་བར་མིན། །ཁྲུས་བྱས་བཀྲེས་ཤིང་དབེན་པར་གནས། །ཁ་གདོང་ལག་པ་རྐང་པ་བཀྲུས། །ལྷ་དང་ཡི་དགས་
เล่ม ๒๐๐ · หน้า 118b
རྗེད་ཅིང་སྦྱིན། །བླ་མ་བྱིས་པ་མགྲོན་མཆོད་བྱས། །དུད་འགྲོ་རྣམས་ཀྱང་རབ་བརྟགས་ཏེ། །བདག་ཉིད་ལེགས་པར་བརྟགས་ནས་ནི། །མ་སྨད་སྨྲ་འམ་ཡིད་འོང་སྨྲ། །སྐྱེ་བོ་གཙང་ཞིང་གུས་པས་སྟོབས། །ཡིད་འོང་གཉེན་དང་ལྷན་ཅིག་བཟའ། །ཞེས་བྱ་བ་
ལ། ཟས་ནི་དུས་སུ་བཟའ་ཞིང་ལོངས་སྤྱད་པར་བྱའོ། །ཞེས་བྱ་བར་སྦྱར་རོ། །དེ་ཡང་དུས་ནི་བཤང་དང་གཅི་བསལ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་འོག་ནས་བཤད་པ་ཡིན་ནོ། །དུས་ཡོལ་ནས་ཟོས་པ་དེ་ནི་རླུང་གིས་བཀག་ནས་ཤིན་ཏུ་དཀའ་བས་འཇུ་བར་
འགྱུར་བ་དང་། ཟས་ལེན་ཅིང་ཡི་གར་འོང་བ་འགག་པར་འགྱུར་རོ། །གོམས་པ་ཞེས་བྱ་བ་འདི་ནི། བདག་ཉིད་ཀྱིས་གོམས་ཤིང་བསྟེན་པར་གྱུར་ན་འཕྲོད་པར་གྱུར་པ་ཡིན་གྱི། དེ་ལས་བཟློག་པ་མི་འདོད་ཅིང་གནོད་པ་ནི་མ་ཡིན་ནོ། །གཙང་བ་ནི་གང་ལས་འོངས་ཤིང་
ཅི་ལྟར་གཡོས་པ་ཤེས་པའོ། །ཕན་པ་ནི་ཟས་ཀྱི་རིགས་གང་གིས་ཁམས་སྙོམས་པ་མཉམ་པ་ཡིན་དུ་འཇོག་པར་བྱེད་ཅིང་། མ་སྙོམས་པ་རྣམས་སྙོམས་པར་བྱེད་པའོ། །དེ་ལས་བཟློག་པ་ནི་མི་ཕན་པའོ། །ཟས་སྣུམ་པ་དང་། དྲོ་བ་དང་། ཡང་བས་ནི་མེའི་དྲོད་སྐྱེད་པར་
བྱེད་དེ། ཅུང་ཟད་དྲོ་བས་ནི་ལུས་སྦྱོང་ཞིང་ལུས་ཟུངས་འཁྲུག་པར་མི་བྱེད་པ་དང་། མྱུར་དུ་འཇུ་བར་བྱེད་པ་དང་། ལམ་མ་ཡིན་པར་ཞུགས་པ་རྣམས་བཟློག་ཅིང་ལུགས་སུ་འཇོག་པར་བྱེད་དོ། །སྣུམ་པ་ནི་དབང་པོ་རྣམས་བརྟན་པར་བྱེད་པ་དང་། ལུས་བརྟས་ཤིང་འཕེལ་བ་
དང་། རྒས་སྲ་བ་དང་། སྟོབས་སྐྱེད་པ་དང་། ཁ་དོག་དང་བར་བྱེད་པ་ཡིན་ནོ། །ཡང་བ་ནི་ཟས་ཀྱི་རང་བཞིན་གྱིས་གནོད་པ་མེད་པར་འཇུ་བར་འགྱུར་ལ། མ་ཞུ་ན་ཡང་གནོད་པ་ཆེན་པོ་མེད་པ་ཡིན་ནོ། །ཡང་དྲོ་བས་ནི་ཡི་ག་འབྱེ་བར་བྱེད་པ་དང་། བད་ཀན་འཇིག་པར་
བྱེད་པ་ཡིན་ནོ། །མ་ཡེངས་པ་ཡིད་ལ་གཏོད་པ་སྟེ། ཡིད་གཞན་དུ་ཡེངས་པའམ། ཤིན་ཏུ་མྱུར་བར་ཟ་བའམ། སྨྲ་བཞིན་ནམ། དགོད་བཞིན་དུ་ཟ་ན། སྣུམ་མདངས་མི་སྐྱེད་པ་དང་། རྨྱ་བ་དང་། གནས་སུ་མ་ཆད་པ་དང་། ཡོན་ཏན་དང་སྐྱོན་མི་རྟོག་པར་འགྱུར་
เล่ม ๒๐๐ · หน้า 119a
རོ། །རོ་དྲུག་ལྡན་ཞིང་ཞེས་བྱ་བ་ནི་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། བསྐ་བའི་རོ་དང་ལྡན་པའོ། །མངར་བག་ཆེ་ཞེས་བྱ་བ་ནི། ཕལ་ཆེར་མངར་བའི་ཤས་མང་བའོ། །ཤིན་ཏུ་དལ་ཆེས་པར་བཟའ་བ་ནི་
ངོམས་ཤིང་ཆོག་ཤེས་པར་དཀའ་བ་དང་། མང་དུ་ཟ་བར་འགྱུར་བ་དང་། ཟས་ཀྱི་བག་འགྲངས་བར་འགྱུར་བ་དང་། འཇུ་དཀའ་བར་འགྱུར་རོ། །ཁྲུས་བྱས་པ་ནི་གཙང་སྦྲའི་ཆོ་ག་བྱས་པའོ། །བཀྲེས་པ་ནི་བྲུ་བ་ཚ་བ་དང་ལྡན་པའོ། །དབེན་པར་གནས་པ་སྐྱེ་བོ་མང་པོས་
མ་བསྐོར་བའོ། །ཁ་གདོང་ལག་པ་རྐང་པ་གང་དང་གང་གིས་བཀྲུས་ཤིང་དག་པར་བྱས་པའོ། །དེ་བཞིན་དུ་ལྷ་རྣམས་མཆོད་ཅིང་རྗེད་པ་དང་། ཡི་དགས་ལ་སྦྱིན་པར་བྱ་བ་དང་། བླ་མ་དང་། བྱིས་པ་དང་། མགྲོན་དུ་བོས་པའམ། གློ་བུར་དུ་འོངས་པ་ལ་མཆོད་ཅིང་སྦྱིན་
པར་བྱ་བ་དང་། ཁྱི་ལ་སོགས་པ་ལ་ཡང་སྦྱིན་ཞིང་། ཕྱུགས་ལ་སོགས་པའི་དུད་འགྲོ་རྣམས་ཀྱང་རབ་ཏུ་བརྟགས་ཤིང་། རྩྭ་ལ་སོགས་པ་སྦྱིན་ལ། །བདག་ཉིད་ལེགས་པར་བརྟགས་ནས་ནི། །ཞེས་བྱ་བ་ལ། ངའི་འདི་ནི་གོམས་ཤིང་བསྟེན་པ་ཡིན་ནོ་ཞེས་པ་དང་། རྟག་ཏུ་བག་ཡོད་
པས་གནས་པ་དང་། མ་སྨད་པ་སྟེ་ཟས་ལ་དཔྱས་མི་བརྗོད་པ་དང་། མི་སྨྲ་བ་དང་། ཡིད་དུ་འོང་ཞིང་རྗེས་སུ་མཐུན་པ་ཅུང་ཟད་ཅིག་སྨྲ་བ་དང་། སྐྱེ་བོ་གཙང་ཞིང་གུས་པས་སྟོབས་ཤིང་བྱིན་པའམ། གཡོས་སུ་བྱས་པ་དེ་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་གཉེན་དང་ལྷན་ཅིག་
བཟའ་བར་བྱའོ། །ཟས་ནི་རྩ་དང་སྐྲ་སྤུ་སོགས། །འདྲེས་ཤིང་ཁོང་དུ་སླར་བསྲོས་དང་། །ཚོད་མ་ཟས་ངན་མང་བ་དང་། །ཚ་ཆེས་ལན་ཚྭ་མང་བ་སྤང་། །ཕྲུམ་དང་ཞོ་དང་ཕྲུམ་སྐམ་དང་། །བ་ཚ་ཚྭ་དང་ལ་ཕུག་རྗེན། །ཕག་རྒོད་ལུག་དང་བ་ལང་ཉ། །མ་ཧེའི་ཤ་
དང་རིད་དང་སྐམ། །མ་ཤ་ཆུ་ལྡུམ་ནིས་ཤ་པ། །པད་རྩ་འབྲས་ཁུར་མྱུ་གུར་གྱུར། །ཚོད་མ་སྐམ་དང་ནས་འདྲ་དང་། །བུ་རམ་ཕྲ་མོ་བཟའ་མི་བྱ། །ཞེས་བྱ་བ་ལ། ཕྲུམ་ནས་བུ་རམ་ཕྲ་མོའི་བར་དུ་བཟའ་བར་མི་བྱའོ། །བཟའ་མི་བྱ་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་པ་
เล่ม ๒๐๐ · หน้า 119b
ཡིན་ཏེ། ཕྲུམ་དང་ཆང་ལ་སོགས་པ་རྟག་ཏུ་གོམས་པར་རྒྱུན་དུ་བཟའ་བ་བཀག་པ་ཡིན་གྱི། འདི་དག་ལན་འགའ་ཡང་བཟར་མི་རུང་བར་བཀག་པ་ནི་མ་ཡིན་ནོ། །དེ་ལ་ཕྲུམ་ནི་བའི་འོ་མ་ལ་སོགས་པ་ལས་བྱས་པའོ། །བ་ཚ་ནི་ཡ་བཀྵར་ལ་སོགས་པའོ། །ཚ་ནི་ཆང་ཐམས་ཅད་
ཤིན་ཏུ་སྐྱུར་བར་སོང་བའོ། །ལ་ཕུག་རྗེན་པ་ནི་ལ་ཕུག་རྒན་པོའོ། །ཤ་ཞེས་བྱ་བ་ནི་རིད་པ་ལ་སོགས་པ་ཀུན་དང་སྦྱར་རོ། །རིད་པ་ནི་པགས་པ་དང་རུས་པ་ཙམ་ལུས་པའོ། །སྐམ་པ་ནི་རླན་མེད་པའོ། །ནིས་པ་ནི་གང་བུ་ཅན་གྱི་འབྲུའི་བྱེ་བྲག་གཅིག་གོ། །ཆུ་ལྡུམ་ནི་ཨུཏྤལ་
ལ་སོགས་པའི་སྡོང་བུའི་ཚོད་མའོ། །འབྲས་ཁུར་ནི་སཱ་ལུ་ལ་སོགས་པ་བཏགས་པ་ལས་བྱས་པའི་ཁུར་བའོ། །མྱུ་གུར་གྱུར་པ་ནི་འབྲས་ལ་སོགས་པའི་ཁྱི་སོ་འཐོན་པའོ། །ཡ་བ་ཀ་ནི་གྲ་མ་ཅན་གྱི་འབྲུའི་བྱེ་བྲག་གོ། །བུ་རམ་ཕྲ་མོ་ནི་བུ་རམ་གྱི་ཁྱད་པར་ཆུང་ངུ་ཞིག་གོ། །
སཱ་ལུའི་འབྲས་དང་གྲོ་དང་ནས། །དྲུག་ཅུ་བ་དང་སྐམ་སའི་ཤ།། ཨ་རུ་སྐྱུ་རུ་རྒུན་འབྲུམ་དང་། །མུངྒ་ཁ་ར་པ་ཏོ་ལ། །ཞུན་མར་ཆར་ཆུ་འོ་མ་དང་། །སྦྲང་རྩི་སེའུ་འབྲུ་རྒྱམ་ཚ་བཟའ། །མིག་དང་སྟོབས་ཕྱིར་མཚན་མོ་ནི། །འབྲས་གསུམ་སྦྲང་རྩི་མར་སར་བཟའ། །མི་
ནར་འཇོག་པར་བྱེད་གང་དང་། །ནད་སེལ་བྱེད་པ་གང་ཡིན་བསྟེན། །ཞེས་བྱ་བ་ལ། རཀྟ་ཤ་ལི་ལ་སོགས་པ་དང་། སཱ་ལུའི་འབྲས་ཆན་ལ་སོགས་པ་དང་། སྐམ་སའི་ཤ་རྟག་ཏུ་བཟའ་བར་བྱའོ། །དེ་བཞིན་དུ་མིག་ལ་ཕན་པ་དང་། ལུས་ཀྱི་སྟོབས་བསྐྱེད་
པར་བྱ་བའི་ཕྱིར། མཚན་མོའི་དུས་སུ་འབྲས་བུ་གསུམ་དང་། སྦྲང་རྩི་དང་མར་སར་དུ་སྦྱར་བ་བཟའ་བར་བྱའོ། །གཞན་ཡང་སྨན་གྱི་རིགས་གང་སྨོས་སུ་ཟིན་ཀྱང་། སྨིན་པར་བྱེད་ཅིང་བདེ་བར་འཇུ་བར་བྱེད་པ་གང་ཡིན་པ་དང་། སྨན་གང་ནད་སེལ་ཞིང་འཇོམས་པར་
བྱེད་པ་དེ་ཡང་བསྟེན་ཅིང་བཟའ་བར་བྱའོ། །པད་རྩ་བུར་ཤིང་ཙོ་ཙ་དང་། །མོ་ཙ་ཨ་མྲའི་འབྲས་བུ་དང་། །ལ་དུ་ཁུར་བ་བུ་རམ་ཅན། །ཟས་ནི་ལྕི་ཞིང་སྣུམ་པ་དང་། །མངར་ཞིང་འཇུ་དཀའ་བརྟན་པ་རྣམས། །དང་པོ་ཉིད་དུ་བཟའ་བར་བྱ། །ཞེས་བྱ་བ་ལ། པདྨའི་རྩ་བ་ལ་
เล่ม ๒๐๐ · หน้า 120a
སོགས་པ་ནི་ཟས་ཀྱི་དང་པོར་ཐོག་མ་ཉིད་དུ་བཟའ་བར་བྱའོ། །ཙོ་ཙ་ནི་རྒྱ་སྟར་གྱི་འབྲས་བུའོ། །མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ། །ཁུར་བ་བུ་རམ་ཅན་ནི་བཟའ་བའི་ཁྱད་པར་རོ། །འཇུ་དཀའ་བ་ནི་རོ་རྟུལ་བའོ། །བརྟན་པ་ནི་བརྟན་པོར་གནས་པ་སྟེ། དེ་དག་
ཐོག་མར་བཟའ་བར་བྱའོ། །དེ་ལས་བཟློག་པ་ཐ་མར་བཟའ། །བར་དུ་སྐྱུར་ཚ་ལན་ཚྭ་ཅན། །ཞེས་བྱ་བ་ལ། སྔར་བཤད་པ་དེ་ལས་གོ་བཟློག་པ་ནི། ཡང་བ་དང་། རྩུབ་པ་དང་། ཚ་བ་དང་། རྣོ་བ་དང་། གཡོ་བའི་རང་བཞིན་ཅན་གྱི་སྨན་རྣམས་ཁ་བ་དང་། ཚ་བ་དང་།
བསྐ་བའི་མཚན་ཉིད་ཅན་ཟས་ཀྱི་ཐ་མ་རྫོགས་པའི་དུས་སུ་བཟའ་བར་བྱའོ། །ཟས་ཀྱི་བར་དུ་ནི་སྐྱུར་བ་དང་། ཚ་བ་དང་། སྔར་ལན་ཚྭ་ཅན་བཟའ་བར་བྱའོ། །ལྟོ་ཡི་ཆ་གཉིས་ཟས་ཀྱིས་ཏེ། །ཆ་གཅིག་སྐོམ་གྱིས་དགང་བར་བྱ། །རླུང་ལ་སོགས་པའི་གནས་སུ་ནི། །ཆ་
བཞི་བར་ནི་ལྷག་མར་གཞག །ཅེས་བྱ་བ་ལ། ལྟོའི་ཆ་གཉིས་ནི་ཟས་ཀྱིས་དགང་བར་བྱའོ། །ལྟོའི་ཆ་གཅིག་ནི་སྐོམ་སྟེ་བཏུང་བས་དགང་བར་བྱའོ། །རླུང་ལ་སོགས་པའི་ཉེས་པ་རྣམས་ཀྱི་གནས་དང་རྟེན་དུ་ནི་ལྟོའི་བཞི་པ་ལྷག་མར་གཞག་ཅིང་ལུས་པར་བྱའོ། །འདི་ནི་
རྣམ་པ་ཐམས་ཅད་དུ་བྱ་བ་མ་ཡིན་ཏེ། དེ་ཡང་གཞུང་ལས། རླུང་མེའི་ཤས་ཆུང་ནད་མེད་དང་། །རྒྱལ་པོའི་བདེ་བའི་བདག་ཉིད་ལ། །རིམ་འདི་རྟག་ཏུ་སྦྱར་བྱ་ཡི། །གཞན་དག་ལ་ནི་ངེས་པ་མེད། །ཅེས་བཤད་པ་ཡིན་ནོ། །དེ་ལྟར་ཟས་ཟོས་ཟིན་ནས། དེའི་རྗེས་
ལ་སྐོམ་བཏུང་བར་བྱ་བ་ཡིན་པས་ན། དེའི་ཕྱིར་སྨྲས་པ་ནི། ཟོས་རྗེས་སྐོམ་ནི་བསིལ་བའི་ཆུ། །ནས་དང་བག་ཕྱེའི་གཡོས་བྱས་ཟོས། །ཞོ་ཆང་དུག་འབགས་སྦྲང་རྩི་ལ། །ཆུ་བསིལ་རྗེས་སུ་འཐུངས་ན་ཕན། །ཞེས་བྱ་བ་ལ། ཟས་ཟོས་པའི་རྗེས་ལ་སྐོམ་དུ་བཏུང་
བ་ནི་ཆུ་ཉིད་བཟང་བ་ཡིན་ཏེ། རོ་ཐམས་ཅད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལོངས་སྤྱོད་ཡིན་པའི་ཕྱིར་དང་། འཚོ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ཡང་ཁྱད་པར་ནི་བསིལ་ཞིང་གྲང་བའི་ཡོན་ཏན་དང་
เล่ม ๒๐๐ · หน้า 120b
ལྡན་པའོ། །དེ་ཡང་གང་དང་རྗེས་སུ་མཐུན་ཞེ་ན། ནས་དང་བག་ཕྱེ་ལས་གཡོས་སུ་བྱས་པ་ཟོས་པ་དང་། ཞོ་དང་། ཆང་དང་། དུག་དང་། སྦྲང་རྩི་ཟོས་པའི་རྗེས་ལ་འཐུངས་ན་ཕན་ཞིང་བདེ་བར་འགྱུར་བ་ཡིན་ནོ། །མི་འཇུ་འགགས་ལ་ཆུ་དྲོན་གཏང་། །ཚོད་མ་མུངྒའི་
གནོད་པ་ལ། །ཞོ་ག་ཆུ་དང་དར་བ་དང་། །རང་སྐྱུར་རྩབ་མོ་བཏུང་བར་བྱ། །ཞེས་བྱ་བ་ལ། གང་ཟས་མི་འཇུ་བ་དང་། བཤང་གཅི་འགགས་པ་ལ་ནི་ཆུ་བསྐོལ་དྲོན་མོ་བཏུང་བར་བྱ་བ་ལ། ཚོད་མ་དག་དང་། མུངྒ་ཟོས་པ་ལས་གནོད་པར་གྱུར་པའི་ནད་ལ་ནི་ཞོ་ག་ཆུ་དང་།
དར་བ་དང་། འབྲས་ཁུ་མནན་པའི་རང་སྐྱུར་གྱི་རྩབ་མོ་བཏུང་བར་བྱའོ། །སྐེམ་པོ་རྒྱས་ཕྱིར་ཆང་བཏུང་སྟེ། །ཞེས་བྱ་བ་ལ། མི་སྐེམ་ཞིང་ཤ་ཆུང་བ་དག་ལ། ལུས་རྒྱས་ཤིང་ལུས་ཟུངས་འཕེལ་བར་བྱ་བའི་ཕྱིར། སྐོམ་དུ་ཆང་བཏུང་བ་ཕན་པ་ཡིན་ནོ། །སྦོམ་པོས་
སྦྲང་རྩིའི་ཆུ་བཏུང་ངོ་། །ཞེས་བྱ་བ་ལ། མི་སྦོམ་ཞིང་ཤ་ཆེ་བ་དག་སྐེམ་པོར་བྱ་བའི་ཕྱིར། སྐོམ་དུ་སྦྲང་རྩིའི་ཆུ་བཏུང་བ་སྟེ། སྦྲང་རྩི་དང་ཆུ་སྦྱར་བའི་སྐོམ་བཏུང་བར་བྱའོ། །གཅོང་ཆེན་ནད་ལ་ཤ་ཁུ་བཏུང་། །ཞེས་བྱ་བ་ལ། གཅོང་ཞེས་བྱ་བ་ཟད་བྱེད་ཀྱི་གློ་
གཅོང་ཆེན་པོ་ན་བ་ལ་ཤ་ཁུ་བཏུང་བར་བྱའོ། །དྲོད་ཆུང་ཤ་ཟོས་ཆང་བཏུང་བྱ། །ཞེས་བྱ་བ་ལ། མེ་དྲོད་ཆུང་ཞིང་ཤ་ཟོས་པས་ནི་སྐོམ་དུ་ཆང་བཏུང་བར་བྱའོ། །ནད་དང་སྨན་སོགས་སྦྲུམ་བུད་མེད། །ཟན་བཅད་དཀའ་ཐུབ་ལས་རྣམས་ཀྱིས། །སྐེམ་དང་བྱིས་པ་རྒན་
པོ་ལ། །འོ་མ་བདུད་རྩི་ལྟ་བུར་ཕན། །ཞེས་བྱ་བ་ལ། ནད་པ་ལ་སོགས་པ་ཉམ་ཆུང་ཞིང་རྨྱ་བར་གྱུར་པའི་མི་དང་། སྐེམ་པ་དང་། བྱིས་པ་དང་། རྒན་པོ་དག་ལ་སྐོམ་དུ་འོ་མ་བཏུང་བ་ནི་བདུད་རྩི་ལྟ་བུར་ཕན་པར་བྱེད་པ་ཡིན་ནོ། །མདོར་ན་ཟོས་རྗེས་བཏུང་བ་ནི། །གང་ཞིག་
ཟས་དང་ཡོན་ཏན་གྱིས། །མི་མཐུན་མི་འཕྲོད་མེད་གྱུར་པ། །དེ་ནི་རྣམ་པ་ཀུན་ཏུ་བསྔགས། །ཞེས་བྱ་བ་ལ། མདོར་བསྡུ་ན་ཟས་ཀྱི་རྗེས་ལ་སྐོམ་དུ་བཏུང་བར་བྱ་བ་ནི་གང་ཞིག་ཟས་དང་མི་འདྲ་ཞིང་། དེ་དང་རང་བཞིན་མི་མཐུན་པར་གྱུར་པ་དེ་ནི། དུས་རྣམ་པ་ཀུན་ཏུ་
เล่ม ๒๐๐ · หน้า 121a
བསྔགས་ཤིང་ཕན་པར་འགྱུར་བ་ཡིན་ལ། དེ་ཡང་མི་འཕྲོད་པ་མེད་པར་གྱུར་པའོ། །དེ་ཡང་དཔེར་ན་སྣུམ་པ་ལ་རྩུབ་པ་དང་། རྩུབ་པ་ལ་སྣུམ་པ་དང་། གྲང་བ་ལ་དྲོ་བ་དང་། དྲོ་བ་ལ་གྲང་བ་དང་། མངར་བ་ལ་སྐྱུར་བ་དང་། སྐྱུར་བ་ལ་མངར་བ་དང་།
མངར་བ་ལ་ཁ་བ་དང་། ཁ་བ་ལ་མངར་བའོ། །དེ་ལྟ་ན་ནི་འོ་མ་ལས་གཡོས་བྱས་པའི་ཟས་དང་། འོ་མ་ལས་གྱུར་པ་རྣམས་ལ་སྐོམ་དུ་རང་སྒྱུར་གྱི་རྩབ་མོ་ལ་སོགས་པ་བཏུང་བར་བྱ་དགོས་ཏེ། ཟས་ཀྱི་ཡོན་ཏན་ལས་ཡོན་ཏན་མི་མཐུན་པ་མེད་པ་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་
མི་འཕྲོད་པ་མེད་པ་མི་བྱ་བའི་ཚིག་སྨོས་པ་ཡིན་ཏེ། རྩབ་མོ་རང་སྐྱུར་ལ་སོགས་པ་སྐྱུར་བ་གང་ཡིན་པ་དེ་ནི་འོ་མ་ལ་སོགས་པ་དང་ཡོན་ཏན་མི་མཐུན་པར་གྱུར་པ་ཡིན་དུ་ཟིན་ཀྱང་། དེ་ནི་མི་འཕྲོད་པ་ཡིན་ཏེ། འོ་མ་དང་སྐྱུར་ལྷན་ཅིག་བཟའ་བ་ནི་མི་འཕྲོད་པ་ཡིན་ནོ། །ཞེས་སྔར་
བསྟན་པའི་ཕྱིར་རོ། །དེ་བས་ན་གང་ཟས་དང་སྐོམ་ཡོན་ཏན་མི་མཐུན་ཞིང་། མཚན་ཉིད་ཐ་དད་ཀྱང་མི་འཕྲོད་པ་མེད་པར་གྱུར་བ་བཏུང་བ་དེ་མཆོག་ཏུ་བསྔགས་པ་ཡིན་ནོ། །ད་ནི་སྐོམ་འཐུངས་པའི་ཡོན་ཏན་སྨྲས་པ་ནི། ཟས་རྗེས་སྐོམ་འཐུངས་ངོམས་དང་ཁྱབ། །སྟོབས་
འཕེལ་ལུས་ནི་བརྟན་བྱེད་ལ། །ཟས་སྡུད་སྙི་བར་འགྱུར་བ་དང་། །འདྲུལ་ཞིང་རྣམ་པར་འཇུ་བར་འགྱུར། །ཞེས་བྱ་བ་ལ། ཟས་ཀྱི་རྗེས་སྐོམ་འཐུངས་པ་ནི་ངོམས་ཤིང་ཚིམ་པར་བྱེད་པ་དང་། ལུས་ཁྱབ་ཅིང་རྫོགས་པར་བྱེད་པ་དང་། གཟི་མ་དངས་འཕེལ་ཞིང་བརྟས་པར་བྱེད་པ་
དང་། དེ་བཞིན་དུ་ལུས་བརྟན་པར་བྱེད་པ་དང་། ཡན་ལག་བརྟན་ཞིང་མཁྲེགས་པར་བྱེད་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོགས་སྡུད་ཅིང་གཅིག་ཏུ་གནས་བར་བྱེད་ལ་སྒོང་བར་བྱེད་དོ། །སྙི་བར་བྱེད་པ་ནི་ཟས་བསྡུས་པ་དེ་ལྷོད་ཅིང་སྙི་བར་བྱེད་པ་དང་། ཟས་དེ་ཉིད་འདྲུལ་བར་བྱེད་ཅིང་
སླ་བར་བྱེད་པ་དང་། དེ་བཞིན་དུ་རྣམ་པར་འཇུ་ཞིང་བདེ་བར་འཇུ་བར་བྱེད་པར་འགྱུར་རོ། །དེ་ནི་ནམ་ཚོང་ཡན་ཆད་ནད། །དབུགས་ལུད་གློ་རྡོལ་ཆམ་པ་དང་། །གླུ་ལེན་སྨྲ་མང་ལ་ཆགས་དང་། །སྐད་འགགས་པ་ལ་གནོད་པ་ཡིན། །ཞེས་བྱ་བ་ལ། སྐོམ་འཐུངས་པ་དེ་ནི།
เล่ม ๒๐๐ · หน้า 121b
ནམ་ཚོང་ཡན་ཆད་ཀྱི་ནད་ལ་གནོད་པ་ཡིན་ནོ། །དེ་ལ་ནམ་ཚོང་ནི་མཆན་ཁུང་དང་། དཔུང་པ་གཡས་གཡོན་གྱི་བར་མཚམས་ལ་ནམ་ཚོང་ཞེས་བྱ་སྟེ། དེ་ཡང་ལུང་ལས། ནམ་ཚོང་མགོ་དང་སྐེ་བའི་རྟེན། །མགོ་འཛིན་ཞེས་ཀྱང་བཤད་པ་ཡིན། །ཞེས་འབྱུང་བ་ཡིན་ནོ། །དེ་ལྟར་
ན་དེ་ཡན་ཆད་ཀྱི་ཡན་ལག་གི་ནད་ལ་གནོད་པ་ཡིན་ནོ། །དེ་བཞིན་དུ་དབུགས་མི་བདེ་བ་དང་། ལུད་པ་མང་བ་དང་། གློ་རྡོལ་བ་དང་། ཆམ་པས་བཏབ་པ་ལ་ཡང་གནོད་པ་ཡིན་ནོ། །དེ་བཞིན་དུ་གླུ་ལེན་པ་དང་། སྨྲ་བ་མང་པོ་ལ་ཆགས་ཤིང་ཡང་དང་ཡང་དུ་སློན་པ་དང་། སྐད་
འགགས་པ་ལ་ཡང་གནོད་པ་ཡིན་ཏེ། དེ་རྣམས་ཀྱིས་མ་ཞུ་བའི་གནས་ལ་གནོད་པར་གྱུར་ནས། ལྐོག་མར་གྱུར་པའི་ཟས་ལས་བྱུང་བའི་སྣུམ་དང་འདྲེས་ཏེ། སློན་པ་ལ་སོགས་པའི་ནད་སྐྱེད་པར་འགྱུར་བ་ཡིན་ནོ། །ལུས་ལས་རྣག་འཛག་གཅིན་ནད་མིག །ལྐོག་ནད་རྨ་ཡི་
ནད་ཀྱིས་ཉེན། །སྐོམ་སྤང་། ཞེས་བྱ་བ་ལ། གང་གི་ལུས་ལ་མཛེ་ལ་སོགས་པས་ཉེན་ཅིང་རྣག་འཛག་པར་གྱུར་པ་དང་། དེ་བཞིན་དུ་གཅིན་ནད་དེ། ལྒང་པའི་ནད་ཡོད་པ་དང་། མིག་ན་བ་དང་། ལྐོག་མའི་ནད་ན་བ་དང་། རྨའི་ནད་ཀྱིས་ཉེན་ཅིང་གནོད་པར་གྱུར་པ་སྟེ།
དེ་དག་ཐམས་ཅད་ཀྱིས་སྐོམ་སྤང་ཞིང་དོར་བར་བྱའོ། །ཀུན་གྱིས་སྐོམ་འཐུངས་ནས། །མང་སྨྲ་ལམ་ཞུགས་ཉལ་བ་སྤང་། །ཞེས་བྱ་བ་ལ། ཀུན་གྱིས་ཞེས་བྱ་བ་ནད་མེད་པའམ། ནད་དང་ལྡན་པའི་མི་ཐམས་ཅད་ཀྱིས་ཀྱང་སྐོམ་འཐུངས་པར་གྱུར་པའི་རྗེས་ཐོགས་ལ་མང་
དུ་སྨྲ་ཞིང་འདོན་པ་དང་། ལམ་དུ་ཞུགས་ཤིང་འགྲོ་བ་དང་། ཉལ་ཞིང་གཉིད་ལོག་པ་སྟེ། དུས་དེའི་ཚེ་ཉིད་འཕྲལ་དུ་བྱ་བ་དག་སྤང་ཞིང་དོར་བར་བྱའོ། །ཟས་ཟོས་ནས་ནི་ཉི་ཚན་མེ། །རྟ་ཞོན་རྐྱལ་དང་འདེགས་པ་སྤང་། །ཞེས་བྱ་བ་ལ། ཟས་ཟོས་པའི་རྗེས་ཐོགས་
ཉིད་ལ་ཉི་ཚན་ལ་སོགས་པ་སྤང་བར་བྱ་སྟེ། ཉི་ཚན་ནི་ཉི་མའི་ཐན་པས་གདུངས་པའོ། །མེ་ནི་མེ་ཚ་བ་ལ་འདེས་པར་གྱུར་པའོ། །བཞོན་པ་ནི་རྟ་ལ་སོགས་པས་འགྲོ་བའོ། །རྐྱལ་བ་ནི་མཚོ་ལ་སོགས་བར་རྐྱལ་བའོ། །འདེགས་པ་ནི་གུར་ལ་སོགས་པ་ཡུལ་གཞན་དུ་བསྐྱོད་
เล่ม ๒๐๐ · หน้า 122a
པ་སྟེ་དེ་སྤང་བར་བྱའོ། །ཟས་དང་སྐོམ་ཡོན་ཏན་དང་ལྡན་པ་དང་། ཚོད་ཟིན་པར་བྱས་སུ་ཟིན་ཀྱང་དུས་མ་ཡིན་པར་ཟོས་པ་དང་འཐུངས་པས་ལུས་ལ་གནོད་པར་བྱེད་པ་ཡིན་ནོ། །དེ་བས་ན་བཤང་བ་དང་། གཅི་བ་བསལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པས་དེའི་དུས་སྨྲས་པ་ཡིན་ཏེ། བཤང་དང་གཅི་བསལ་སྙིང་ལ་དྲི་མེད་ཉེས་པ་ལམ་མིན་པར་མི་འགྲོ། །སྒྲེགས་པ་དག་ཅིང་བྲུ་བ་ཚ་གྱུར་ཐུར་གྱི་རླུང་ནི་ཐ་མལ་རྒྱུ། །དེ་བཞིན་མེ་ཡི་དྲོད་བདོ་དབང་པོ་གསལ་ཞིང་ལུས་ཀྱང་རབ་ཏུ་ཡང་། །ཟས་ཀྱི་ཚོད་རན་ཆོ་གར་སྦྱར་བཞིན་ཟ་བ་
དེ་ནི་དུས་སུ་འདོད། །ཅེས་བྱ་བ་ལ། བཤང་བ་དང་གཅི་བ་ལེགས་པར་བསལ་ཞིང་བཏང་བ་དང་། སྙིང་ལ་དྲི་མ་མེད་པ་སྟེ། སེམས་དངས་ཤིང་ཉམ་ང་བ་མེད་པ་དང་། ཉེས་པ་སྟེ་རླུང་ལ་སོགས་བ་ལམ་མ་ཡིན་པ་དག་ཏུ་ལོག་པར་མི་འགྲོ་ཞིང་། རང་གི་གནས་ན་གནས་པ་དང་།
སྒྲེགས་པ་དག་ཅིང་དྲི་མ་མནམ་པ་མེད་པ་དང་། བྲུ་བ་ཚ་བར་གྱུར་ཅིང་བཀྲེས་པས་ཟ་འདོད་པར་གྱུར་པ་དང་། ཐུར་གྱི་རླུང་ཐ་མལ་པར་རྒྱུ་བ་སྟེ། ཐུར་དུ་འབྱུང་བའི་རླུང་ལུགས་བཞིན་འབྱུང་བ་དང་། དེ་བཞིན་དུ་ཕོ་བའི་མེ་དྲོད་བདོ་ཞིང་ཤས་ཆེ་བ་དང་། དབང་པོ་གསལ་ཞིང་རང་
གི་བྱ་བ་རྣམས་ལ་འཇུག་པ་གསལ་བ་དང་། དེ་བཞིན་དུ་རང་གི་ལུས་ཀྱང་རབ་ཏུ་ཡང་བར་གྱུར་ཅིང་བྱ་བ་ལ་ཐོགས་པ་མེད་པར་གྱུར་པ་ནི། ཟས་ཀྱི་ཚོད་རན་པའི་ཆོ་གར་སྦྱར་བ་ཇི་སྐད་བཤད་པ་དེ་བཞིན་དུ་ཟ་བ་དེ་ནི་ཟས་ལ་སྤྱོད་པའི་དུས་ཡིན་པར་སློབ་དཔོན་དག་འདོད་ཅིང་བཞེད་པ་
ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བརྒྱད་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་བར་
བྱའོ། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་སྔར་བཤད་པའི་རྗེས་ཐོགས་ལ་སྟེ། ཟས་ཀྱི་ཚོད་ཟིན་པར་བཟའ་བའི་རྗེས་ལ། སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ། །དེ་ལ་སྨན་ལ་སོགས་པ་ཞེས་སྨོས་པ་ལ་སོགས་པའི་སྒྲས་ནི་ནུས་
เล่ม ๒๐๐ · หน้า 122b
པ་དང་འཇུ་བ་ལ་སོགས་པ་བསྡུའོ། །དེ་རྣམས་བྱེ་བྲག་ཤེས་བར་བྱ་བ་ནི། མཚན་ཉིད་ཁོང་དུ་ཆུད་པར་བྱ་སྟེ། དེ་ཤེས་པར་འགྱུར་བ་ལ་ཕན་པའི་ལེའུ་བཤད་པར་བྱའོ་ཞེས་པའོ། །དེ་གང་གི་ཕྱིར་ཟས་དང་སྐོམ་འདི་དག་ནི་ཟས་དང་། རོ་དང་། ནུས་པ་དང་། འཇུ་བ་ལ་
སོགས་པ་ཡོངས་སུ་བརྟགས་ནས་སྦྱར་བར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེ་ལ་སྨན་ནམ་རྫས་ནི་རོ་ལ་སོགས་པ་ལས་མཆོག་ཏུ་གྱུར་པ་ཡིན་པས་དང་པོར་བསྟན་པ་ཡིན་ཏེ། སྨན་རྣམས་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག །ཅེས་བྱ་བ་ལ། སྨན་རྣམ་
གཉིས་རོ་དང་ནུས་པ་ལ་སོགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རོ་ལ་སོགས་པ་དེ་རྣམས་ནི་སྨན་དེ་ལ་བརྟེན་ཅིང་གནས་པ་ཡིན་གྱི། རོ་ལ་སོགས་པ་འབའ་ཞིག་ཚིག་སྐྱར་གནས་པ་ནི་མ་ཡིན་ཏེ། དེ་བས་ན་དེ་ནི་མཆོག་ཡིན་ནོ། །དེ་ཡང་འབྱུང་ལྔའི་
བདག་ཉིད་ཅན། །ཞེས་བྱ་བ་ལ། སྨན་དེ་ཡང་འབྲས་བུའི་རང་བཞིན་རྒྱུ་བ་དང་མི་རྒྱུ་བ་ལ་སོགས་པའི་ཚུལ་དུ་གནས་པ་གང་ཡིན་པ་དེ་ནི་འབྱུང་བ་ལྔའི་བདག་ཉིད་ཅན་ཏེ། འབྱུང་བ་ཆེན་པོ་རྣམ་པ་ལྔ་ལས་ཤེས་པར་བྱ་སྟེ། ནམ་མཁའ་ལ་སོགས་པ་རྒྱུའི་རྫས་རྣམས་ནི་མ་ཡིན་ཏེ།
ནམ་མཁའ་ལ་སོགས་པ་རྒྱུའི་རྫས་ཀྱི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་དུ་གྱུར་པ་ནི་སོ་སོར་རང་ཉིད་ཐོབ་པའི་དོན་དུ་གནས་པས་འདི་ནི་ནམ་མཁའ་ཞེས་བྱ་བའི་འབྱུང་བ་ཆེན་པོའོ། །འདི་ནི་སའི་འབྱུང་བ་ཆེན་པོ་ཞེས་སྨྲ་བར་ནུས་པ་མ་ཡིན་གྱི། ས་ལ་སོགས་པ་འབྱུང་བ་རྣམས་ནི་
འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་ཡིན་པས་ན། དེའི་སྒྲས་བསྟན་པ་ཡིན་ནོ། །དེ་བས་ན་འབྱུང་བ་ལྔའི་བདག་ཉིད་ཅན་དང་གཅིག་པ་མ་ཡིན་ནོ། །དེ་ཉེ་བར་དམིགས་པ་རྣམ་པ་ལྔས་ཞེས་བྱ་སྟེ། དེ་ལ་དེའི་དྲིའི་ཤས་ཆེ་བ་གང་ཡིན་པ་དེ་ནི་སའི་ཡིན་ལ། རོའི་ཤས་ཆེ་བ་
གང་ཡིན་པ་དེ་ནི་ཆུའི་ཡིན་ནོ། །གཟུགས་ཀྱི་ཡོན་ཏན་ཤས་ཆེ་བ་དེ་ནི་མེའི་ཡོན་ཏན་ནོ། །རེག་པའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་རླུང་གི་ཡིན་ནོ། །སྒྲའི་ཡོན་ཏན་ཤས་ཆེ་བ་གང་ཡིན་པ་དེ་ནི་ནམ་མཁའ་ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་བ་ཡིན་པའི་ཕྱིར། གང་
เล่ม ๒๐๐ · หน้า 123a
ཞེས་བྱ་བའི་ཚིག་འདི་མ་སྨོས་སུ་ཟིན་ཀྱང་། བསྟན་པ་ཉིད་ཡིན་པར་ཤེས་པར་བྱའོ། །གལ་ཏེ་སྨན་དེ་འབྱུང་བ་ཆེན་པོ་ལྔས་སྐྱེད་པ་ཡིན་ན། དེ་འབྱུང་བ་ཆེན་པོ་གང་གིས་ཇི་ལྟར་བྱས་ནས་བསྐྱེད་པ་ཡིན། དེའི་ཕྱིར་སྨྲས་པ་ནི། ས་ལ་བརྟེན་ཏེ་སྐྱེ་བ་ཡིན། །
ཞེས་བྱ་བ་ཡིན་ཏེ། ས་བརྟེན་པའི་གནས་སུ་བྱས་ནས་སྐྱེ་བ་ཡིན་ནོ། །དེ་ལྟར་ནས་ཞེས་བྱ་བའི་འབྱུང་བ་ཆེན་པོས་རྟེན་དུ་བྱས་པའི་དགོས་པ་བྱས་པས་ན། དེས་བསྐྱེད་ཅིང་བསྐྲུན་པ་ཡིན་ནོ་ཞེས་བཤད་དོ། །དེ་བཞིན་དུ་དེ་ནི་མེའི་སྐྱེ་གནས་ཞེས་བྱ་བ་ཆུའི་སྐྱེ་གནས་སུ་གྱུར་ཅིང་། སྐྱེད་པར་
བྱེད་པའི་རྒྱུ་བྱེད་པས་ན། སྨན་གྱི་སྐྱེ་གནས་ནི་ཆུའི་ཡིན་ཏེ། དེ་ལྟར་ཆུ་ཞེས་བྱ་བའི་འབྱུང་བ་ཆེན་པོས་རོ་དང་ལྡན་པར་སྐྱེ་གནས་ཀྱི་དགོས་བ་བྱས་པས་དེས་དེ་སྐྱེད་པ་ཞེས་བྱའོ། །ཆུ་ནི་སྐྱེ་གནས་མེ་དང་རླུང་། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེ་སྐྱེས་གྱུར་དང་ཁྱད་པར་བྱུང་། །
ཞེས་བྱ་བ་ལ། སྨན་དེ་སྐྱེས་ཤིང་བྱུང་བར་གྱུར་པ་དང་། རྫོགས་པར་འཐོན་པ་དེ་ནི་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱི་ཚོགས་པ་ལས་སྐྱེས་པར་གྱུར་པ་ཡིན་ཏེ། ཚོགས་པས་རྒྱུ་དང་འབྲས་བུའི་ཚུལ་གྱིས་སྐྱེད་དེ། དེས་ན་དཔེར་ན་མེ་ནི་སྨིན་པར་བྱེད་པ་ཉིད་ཀྱིས་དགོས་པ་བྱེད་ལ།
རླུང་ནི་གཡོ་འགུལ་གྱིས་སོ། །ནམ་མཁའ་ནི་གོ་འབྱེད་པའི་ཚུལ་གྱིས་སོ། །དེ་སྐྱེས་པར་གྱུར་བ་མེ་དང་རླུང་དང་ནམ་མཁའ་རྣམས་ཀྱི་ཚོགས་པ་ལས་དེ་སྐྱེས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་གང་ཁྱད་པར་དུ་གཞན་རྣམས་ཚུལ་ཐ་དད་ཅིང་། རང་བཞིན་དུ་མ་གྱུར་པའི་བར་དེ་རྣམས་ཀྱང་
མེ་དང་རླུང་དང་ནམ་མཁའ་དེ་རྣམས་ཀྱི་ཚོགས་པ་ལས་བྱུང་བ་ཡིན་ནོ། །གལ་ཏེ་དེ་ལྟར་སྨན་ཐམས་ཅད་དང་འབྱུང་བ་ཆེན་པོ་ལྔ་ཆར་གྱིས་བསྐྱེད་པ་ཡིན་ན། འདི་ནི་སའི་འོ། །འདི་ནི་ཆུའིའོ་ཞེས་མིང་ཅིའི་ཕྱིར་འདོགས་ཤེ་ན། དེའི་ཕྱིར་སྨྲས་པ་ནི། མིང་ནི་ཤས་ཆེ་ལས་གྱུར་ཡིན། །
ཞེས་བྱ་བ་ཡིན་ཏེ། རྫས་གང་ལ་འདི་དག་ཐམས་ཅད་རྒྱུར་གྱུར་པ་ཡིན་ཡང་། གང་གང་གི་ཤས་ཆེ་ཞིང་མང་བར་གྱུར་པ་དེས། དེ་ཉིད་ཀྱི་མིང་དུ་བཏགས་པ་ཡིན་ཏེ། སའི་ཤས་ཆེ་བ་ལས་སྐྱེས་པ་ནི་སའི་མིང་ཅན་ཡིན་ལ། ཆུའི་ཤས་ཆེ་བ་ལས་སྐྱེས་པ་ནི་ཆུའིའོ། །དེ་ལྟར་ན་སྨན་
เล่ม ๒๐๐ · หน้า 123b
ཐམས་ཅད་ནི་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཅན་ཡིན་ནོ། །དེ་བས་འབྱུང་བ་འདུས་པ་ལས། །འབྱུང་བས་སྨན་ནི་རོ་གཅིག་མིན། །ཞེས་བྱ་བ་ལ། གང་ཕྱིར་འབྱུང་བ་ཆེན་པོའི་ཚོགས་པ་རྣམས་ལས་སྨན་རྣམས་འབྱུང་ཞིང་སྐྱེ་བ་ཡིན་པ་དེ་བས་ན། སྨན་རྣམས་ནི་རོ་གཅིག་ཁོ་ནར་
མི་འགྱུར་ཏེ། རོ་མང་ཞིང་ཐ་དད་པ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །འདིར་འདི་ལྟར་གང་རོའི་རྒྱུ་ནི་འབྱུང་བ་ཆེན་པོ་གཅིག་པོ་ཆུ་ཉིད་ཡིན་ནོ། །འབྱུང་བ་ཆེན་པོ་གཞན་དག་ནི་མ་ཡིན་ཏེ། དེ་དག་ནི་རོ་མེད་པ་ཡིན་ནོ། །འབྲས་བུ་ནི་རྒྱུ་དང་ཆ་འདྲ་བར་འབྱུང་བ་ཡིན་པས། གཞན་
ལས་རོ་འབྱུང་བར་མི་རིགས་སོ་ཞེས་བརྒལ་ཞིང་བརྟག་པར་མི་བྱ་སྟེ། གང་གི་ཕྱིར་འབྱུང་བ་འདུས་པ་ལས་འབྱུང་ཞེས་བྱ་བ་འདི་སྐད་སྟོན་པ་ཡིན་ཏེ། ཅི་ལྟར་སྨན་འབྱུང་བ་ཆེན་པོ་འདུས་པ་ལས་སྨན་འབྱུང་བ་དེ་བཞིན་དུ། སྨན་ལ་བརྟེན་པའི་རོ་ཐ་དད་པར་གྱུར་པ་དག་ཀྱང་།
འབྱུང་བ་འདུས་པ་ཉིད་ལས་སྐྱེ་བ་ཡིན་གྱི། ཡོན་ཏན་གཞན་ལྟར་སྨན་ལ་ལྟོས་པ་ནི་མ་ཡིན་ནོ། །དེ་བས་ན་འབྱུང་བ་ཆེན་པོ་འདུས་པ་ཉིད་རོ་འབྱུང་བར་བྱེད་པ་ཡིན་གྱི། འབྱུང་བ་ཆེན་པོ་ཁ་དོག་ལ་སོགས་པ་ལྟ་བུར་རྫས་གཅིག་པུ་ལ་རག་ལུས་པ་ནི་མ་ཡིན་ནོ། །དེ་ལྟར་ན་རོ་ནི་
འབྱུང་བ་ཆེན་པོ་འདུས་པ་ལས་འབྱུང་གི ། གཅིག་ལས་མ་ཡིན་ཏེ། སྨན་ལ་བརྟེན་པའི་རོ་རྣམས་ཀྱི་རྒྱུ་རྣམས་འབྱུང་བ་ཆེན་པོ་འདུས་པ་ཡིན་ནོ། །ལ་ལ་ནི་ཡང་འབྱུང་བ་གཉིས་ཤས་ཆེ་བ་ལས་སྨན་མངར་བ་ལ་སོགས་པའི་རོ་གསལ་བར་འགྱུར་ཏེ། དེ་ཡང་རོ་ཐ་དད་པ་ཤེས་པར་བྱ་
བའི་ལེའུ་ལས། མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེ་ས་ཆུ་དང་མེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས་འབྱུང་ལ། དེ་ལ་མང་ཞིང་ཤས་ཆེ་བ་ལས་ནི་འདི་ནི་སྨན་མངར་བའོ། །འདི་ནི་སྐྱུར་བ་ལ་སོགས་པའི་སྨན་རྣམས་སོ་
ཞེས་བྱ་བར་གནས་ཀྱི། མངར་བའི་སྨན་དེ་ལ་སྐྱུར་བ་ལ་སོགས་པའི་ཞད་དུ་གྱུར་པ་མེད་པ་ནི་མ་ཡིན་ནོ། །མྱངས་པར་གྱུར་པ་དང་ནུས་པའི་དབང་གིས་རྫས་རྣམས་ལ་ཕན་ཚུན་དུ་རོ་དུ་མ་སྣང་ལ། ཆུ་ནི་རོ་མི་གསལ་བ་ཡིན་ཏེ། རོ་དྲུག་ཅར་དང་ལྡན་ཡང་མི་གསལ་ཞིང་མི་མངོན་པ་ཡིན་ནོ། །
เล่ม ๒๐๐ · หน้า 124a
དེ་ལྟར་ན་འབྱུང་བ་འདུས་པ་ལས་སྨན་འབྱུང་བའི་རྒྱུ་ཡིན་པ་དེ་བཞིན་དུ་མངར་བ་ལ་སོགས་པ་རོ་རྣམས་ཀྱི་ཡང་རྒྱུ་ཡིན་པས། རོ་ཐམས་ཅད་ནི་འབྱུང་བ་འདུས་པ་ལས་བྱུང་བ་ཡིན་ཞིང་རོ་གསལ་བ་མང་པོ་བཤད་པ་ཡིན་ནོ། །དེ་ཕྱིར་ནད་ཀྱང་ཉེས་གཅིག་མིན། །
ཞེས་བྱ་བ་ནི། གང་གི་ཕྱིར་སྨན་རོ་སྣ་ཚོགས་པ་ཡིན་པའི་ཕྱིར་ཉིད་ཀྱིས་ན་ནད་ནི་གཅིག་པུ་མ་ཡིན་ནོ་ཞེས་བསྟན་ཏེ། དེ་ལ་ནད་ནི་ནད་ཀྱི་ཚོགས་རྣམས་སོ། །ཉེས་པ་ནི་རླུང་ལ་སོགས་པའོ། །དེ་ཡང་རོ་ལ་བརྟེན་ལ་རོ་ཡང་སྨན་ལ་བརྟེན་ཏེ། སྨན་ནི་འབྱུང་བ་ཆེན་བོའི་བདག་ཉིད་
ཅན་ཡིན་པས་རོ་སྣ་ཚོགས་པ་ཉིད་ལ་དེ་དང་ཕྲད་པ་ལས་རླུང་ལ་སོགས་པ་སྐྱེད་པར་འགྱུར་བ་ཡིན་ལ། དེ་རྣམས་བསྐྱེད་པ་ལས་ནི་ནད་དུ་འགྱུར་བ་ཡིན་ཏེ། དེའི་ཕྱིར་ནད་ཀྱང་ཉེས་པ་གཅིག་དང་ལྡན་པ་མ་ཡིན་ཏེ། ཉེས་པ་གསུམ་ཅར་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་
ཡང་མང་པོ་ཉིད་ཡིན་ནོ་ཞེས་ཤུགས་ཀྱིས་སྦྱར་བར་བྱ་སྟེ། འདི་ནི་རླུང་གི་རིམས་སོ། །འདི་ནི་མཁྲིས་པའི་རིམས་སོ། །ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དེ་ལ་འདིར་རོ་ནི་གང་། རོ་རྗེས་ནི་གང་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེ་ལ་གསལ་བར་རོ་ཞེས་བཤད། །མི་
གསལ་རོ་རྗེས་མཐའ་མར་ནི། །ཅུང་ཟད་གསལ་བ་དག་ཏུའང་འདོད། །ཅེས་བྱ་བ་ལ། འབྱུང་བ་ཆེན་པོ་ལྔ་ལས་གྱུར་པའི་སྨན། རོ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དེ་ལ། མངར་བ་ལ་སོགས་བའི་རོ་གང་གསལ་ཞིང་ངེས་པ་ཉིད་ཀྱི་ཚུལ་དུ་ཤེས་པར་འགྱུར་བ་དེ་ལ་ནི་རོ་ཞེས་
བྱ་བར་བཤད་དེ། འདི་ནི་མངར་བ་ཉིད་དོ། །འདི་ནི་སྐྱུར་བ་ཉིད་དོ་ཞེས་བྱའོ། །རོའི་རྗེས་ནི་མི་གསལ་བ་ལ་བྱ་སྟེ། སྐྱུ་རུ་ར་ལ་སོགས་པ་གང་ཟ་བ་ན། ལྕེས་གསལ་བ་ཉིད་དུ་མ་རྟོགས་པ་དེ་ནི་རོ་རྗེས་ཞེས་བྱའོ། །དེ་ནི་ཐ་མར་ཞབས་སུ་ཅུང་ཟད་ཅེས་ཉུང་ཤས་ཅིག་རོ་དང་བཅས་པ་
གསལ་བ་དག་ཏུའང་འདོད་པ་ཡིན་ནོ། །དྲིས་པ། མངར་བ་ལ་སོགས་པའི་རོ་ལ་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་སྨྲ་བར་མི་རིགས་ཏེ། གང་གི་ཕྱིར་མངར་བ་ལ་སོགས་པའི་རོ་རྣམས་ནི་ཡོན་ཏན་ཉིད་ཡིན་ལ། ལྕི་བ་ལ་སོགས་པ་ཡང་དེ་བཞིན་དུ་ཡོན་ཏན་ཡིན་ཏེ། དེས་
เล่ม ๒๐๐ · หน้า 124b
ན་ལྕི་བ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གནས་མངར་བ་ལ་སོགས་པའི་ཡོན་ཏན་བཤད་པར་ནི་མི་རིགས་ཏེ། གང་གི་ཕྱིར་བྱེ་བྲག་པ་དག་གིས་ཡོན་ཏན་ལ་ནི་ཡོན་ཏན་མེད་པ་ཞེས་བཤད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། སྨན་གྱི་ཡོན་ཏན་ལྕི་སོགས་དང་། །རོ་ནི་ས་ལ་
སོགས་བརྟེན་པས། །མཚུངས་པར་སྤྱོད་བར་ཉེར་གདགས་པས། །རོ་ལས་མིང་དུ་བཏགས་པ་ཡིན། །ཞེས་བྱ་བ་ལ། རོའི་གནས་ལ་སོགས་པ་ལ་ཡང་དག་པར་ན་སྨན་གྱི་ཡོན་ཏན་ལྕི་བ་ལ་སོགས་པ་ཡང་གང་ཡིན་པར་ནི་འབྲས་བུ་ལས་དཔག་པར་བྱའོ། །དེས་ན་སྨན་གྱི་
ཡོན་ཏན་ལྕི་བ་ཡིན་ལ། ལྕི་བ་དེ་བསྟན་པའི་རོ་ཡང་ཡོན་ཏན་ལྕི་བ་ཡིན་པར་མཚུངས་ཤིང་ཐུན་མོང་དུ་སྤྱོད་པ་ཡིན་ཏེ། ལྷན་ཅིག་སྤྱོད་པས་ན་མཚུངས་པར་སྤྱོད་པ་ཞེས་བྱའོ། །ཉེ་བར་གདགས་པ་ནི་ཆ་འདྲ་བར་སྤྱོད་པ་སྟེ། གཞན་གྱི་ཆོས་དང་མཚུངས་པར་བསྒྲེའོ། །དེ་ལྟར་ན་
མཚུངས་པར་སྤྱོད་པའི་ཉེ་བར་གདགས་པས་ཆ་འདྲ་བས་ལྕི་བ་ལ་སོགས་པའི་ཡོན་ཏན་ནི། རོ་ལ་སོགས་པ་ལ་ཡོན་ཏན་ཡོད་པར་བཏགས་པ་ཡིན་གྱི། ཡང་དག་པར་རོལ་སོགས་པའི་ཡོན་ཏན་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་རོ་གཙོ་བོར་གྱུར་པ་ལས་མིང་དུ་སྒྲོས་བཏགས་པ་ཡིན་ནོ། །དེ་ལ་སའི་
སྨན་ལྕི་དང་སྦོམ། །སྲ་ཞིང་དྲི་ཡི་ཤས་རབ་ཆེ། །ལྕི་ཞིང་བརྟན་དང་འདུས་པ་དང་། །ཉེ་བར་འཕེལ་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཞེས་པ་དེ་རྣམས་ཀྱི་ནང་ནས་སའི་རང་བཞིན་ཅན་གྱི་སྨན་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་དྲི་ཞེས་བྱ་བའི་ཡོན་ཏན་གྱི་ཤས་
རབ་ཏུ་ཆེ་བ་ཡིན་ཏེ། སའི་རང་བཞིན་ཅན་གྱི་སྨན་དེའི་ལུས་ནི། ལུས་ལ་སོགས་པར་བྱེད་པ་ཡིན་ནོ། །དེ་ལ་ལྕི་བ་ནི་འཇུ་དཀའ་ཞིང་ལྕི་བར་གྱུར་པ་ཉིད་དོ། །བརྟན་པ་ནི་ལུས་བརྟས་པར་བྱེད་པའོ། །འདུས་པ་ནི་ཡན་ལག་མཁྲེགས་ཤིང་སྲ་བའོ། །ཉེ་བར་འཕེལ་བ་ནི་ལུས་ཟུངས་
རྣམས་རྒྱས་པར་བྱེད་པའོ། །ཆུ་ཡི་གཤེར་དང་ལྕི་བསིལ་སྣུམ། །རྟུལ་ཞིང་བསྐ་ལ་རོ་ཤས་ཆེ། །འཇམ་ཞིང་བད་ཀན་འདྲ་བ་ལ། །འདྲུལ་ཞིང་ཚིམ་བྱེད་སྡུད་བར་བྱེད། །ཅེས་བྱ་བ་ལ། ཆུའི་རང་བཞིན་ཅན་གྱི་སྨན་ནི་གཤེར་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། རོའི་ཡོན་
เล่ม ๒๐๐ · หน้า 125a
ཏན་གྱི་ཤས་ཆེ་བ་ཡིན་ནོ། །དེ་ལུས་ལ་སྦྱར་ན་ལུས་འཇམ་ཞིང་སྣུམ་པར་བྱེད་པ་དང་། རྩ་སྦུབས་གཤེར་ཞིང་བད་ཀན་འདྲ་བ་འཛག་པ་དང་། ཟས་འདྲུལ་ཞིང་མྱགས་པ་དང་། སེམས་ཚིམ་ཞིང་ངོམས་པར་བྱེད་པ་དང་། ཚིགས་དང་རྐང་ལག་སྡུད་ཅིང་འབྱོར་
བར་བྱེད་པ་ཡིན་ནོ། །མེ་ཡི་རྩུབ་རྣོ་ཚ་ཞིང་སྐམ། །ཕྲ་ཞིང་གཟུགས་ཀྱི་ཡོན་ཏན་ཆེ། །ཚ་ཞིང་འབར་ལ་མདོག་སྐྱེད་ཅིང་། །གསལ་ཞིང་སྨིན་པའི་བདག་ཉིད་ཅན། །ཞེས་བྱ་བ་ལ། མེའི་རང་བཞིན་ཅན་གྱི་སྨན་ནི་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། དེ་ནི་གཟུགས་
ཀྱི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ནོ། །དེ་ཟོས་ཤིང་སྤྱད་ན་ལུས་ཚ་བར་བྱེད་པ་དང་། མདངས་འབར་བར་འགྱུར་བ་དང་། ལུས་ཀྱི་མདོག་སྐྱེད་པ་དང་། གསལ་ཞིང་སྣང་བ་དང་ལྡན་པ་དང་། ཟས་སྨིན་ཅིང་འཇུ་བར་བྱེད་པའི་ཡོན་ཏན་ཅན་ཡིན་ནོ། །རླུང་གི་རྩུབ་ཅིང་ཁྱབ་ལ་ཡང་། །
རེག་པའི་ཡོན་ཏན་ཤས་ཆེ་ཡིན། །རྩུབ་ཅིང་ཡང་ལ་དྲི་མ་སེལ། །རྣམ་དཔྱོད་ན་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། རླུང་གི་རང་བཞིན་གྱི་སྨན་ནི། རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་། རེག་པའི་ཡོན་ཏན་གྱི་ཤས་ཆེ་བ་ཡིན་ལ། དེ་ལུས་ལ་བརྟེན་ན་རྩུབ་པ་དང་།
ཡང་བ་དང་། དྲི་མ་སེལ་བ་ལ་སོགས་པའི་ཡོན་ཏན་གྱི་ལས་བྱེད་པ་ཡིན་ནོ། །ནམ་མཁའི་ཕྲ་ཞིང་དངས་ལ་ཡང་། །སྒྲ་ཡི་ཡོན་ཏན་ཤས་ཆེ་སྟེ། །ཁོང་སྟོང་ཡང་བར་བྱེད་པ་ཡིན། །ཞེས་བྱ་བ་ལ། ནམ་མཁའི་བདག་ཉིད་ཅན་གྱི་སྨན་ནི་ཕྲ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དང་།
སྒྲའི་ཡོན་ཏན་ཤས་ཆེ་བ་ཡིན་ནོ། །དེ་ལུས་ཀྱིས་བསྟེན་ན་ཁོང་སྟོང་སྟེ། ནང་སྟོང་པར་བྱེད་པ་དང་། ཡང་བར་བྱེད་པ་ཡིན་ནོ། །དྲིས་པ། རླུང་དང་ནམ་མཁའི་ནི་གཟུགས་མེད་པ་ཡིན་པས་དེའི་བདག་ཉིད་ཅན་གྱི་རྫས་ཡོད་པར་ག་ལ་འགྱུར་ཞེས་པ་ལ། ཉེས་པ་འདི་ཡོད་པ་མ་ཡིན་ཏེ།
སྨན་གང་ལ་རྩུབ་པ་དང་། ཁོང་སྟོང་གི་ལས་བྱེད་པ་མང་དུ་སྣང་ལ། དེར་ནི་རླུང་དང་ནམ་མཁའི་བདག་ཉིད་ཅན་དུ་ཉེ་བར་གདགས་པས་མིང་དུ་བཏགས་པ་ཡིན་ཏེ། དཔེར་ན་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་ལ་སོགས་པའི་ལས་བྱེད་པ་མཐོང་ནས། སྐྱེས་
เล่ม ๒๐๐ · หน้า 125b
བུ་དམ་པ་དག་ལ་འདི་ནི་ལྷ་ཡིན་ནོ་ཞེས་ཉེ་བར་འདོགས་པར་བྱེད་པ་དང་འདྲའོ། །དེ་ལྟར་འགྲོ་ན་དོན་དང་ནི། །སྦྱོར་བ་སྣ་ཚོགས་དབང་གིས་ནི། །སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་བྱ་བ་ལ། དེ་ལྟར་འབྱུང་བ་ཆེན་པོ་ལས་བྱུང་བ་འདིས་ན། སྨན་ལྕི་བ་ལ་སོགས་པའི་ཡོན་
ཏན་དང་ལྡན་པས། འགྲོ་བ་སྟེ་འཁོར་བའི་གནས་འདི། སྨན་མ་ཡིན་པར་གྱུར་པའི་རྫས་ཅི་ཡང་ཡོད་པ་མ་ཡིན་ཏེ། གཞན་དུ་ན་ཐམས་ཅད་ནད་སེལ་བར་བྱེད་པའི་དགོས་པ་བྱེད་པས་སྨན་ཉིད་ཡིན་ནོ། །དེ་ཡང་ཇི་ལྟར་གྱེན་དུ་ཉེས་པ་སེལ་བར་བྱེད་ནུས་པའི་དགོས་པ་དེའི་དོན་བྱེད་
པར་ནུས་པ་དག་གིས་སྟོད་དུ་ཉེས་པ་སེལ་ཏེ། མེ་དང་རླུང་གི་ཤས་ཆེ་བའི་སྨན་གང་ཡིན་པ་དག་ཕལ་ཆེར་དེ་བྱེད་པར་ནུས་པ་ཡིན་ཏེ། རླུང་ནི་འཕར་བར་བྱེད་པ་དང་། མེ་ནི་རིང་དུ་འབར་བར་བྱེད་པ་ཡིན་པའི་ཕྱིར། དེ་བས་ན་རོ་སྟོད་ཀྱི་ནད་བསལ་བའི་དོན་གྱི་དབང་གིས་མེ་དང་རླུང་
ཤས་ཆེ་བའི་སྨན་གང་ཡིན་པ་དེ་རྣམས་དེའི་སྨན་ཡིན་ནོ། །འོག་གི་ཉེས་པ་སེལ་བར་ནུས་པའི་སྨན་ནི་དོན་དེ་སྒྲུབ་པར་བྱེད་ནུས་པ་དང་། ཆུ་ཤས་ཆེ་བའི་སྨན་གང་ཡིན་པ་དག་ཕལ་ཆེར་ནི་དེའི་ནུས་པ་དང་ལྡན་པ་ཡིན་ཏེ། ས་ནི་ལྕི་བ་ཉིད་དང་། དྲི་དང་རོ་ནི་ཆུའི་རང་བཞིན་ཡིན་
ཏེ། དེ་ལྟར་ན་འོག་གི་ནད་སེལ་བའི་རྒྱུའི་དབང་གིས་ས་དང་ཆུའི་ཤས་ཆེ་བའི་རྫས་གང་ཡིན་པ་དེ། དེའི་སྨན་གྱི་མེ་དང་རླུང་གི་མ་ཡིན་ལ། སྟོད་ཀྱི་ཉེས་པ་སེལ་བ་ནི་ས་དང་ཆུའི་ཤས་ཆེ་བ་དག་མ་ཡིན་ནོ། །དེ་ལྟར་ན་རྒྱུའི་དོན་གྱི་དབང་གིས་རྫས་ལ་འགའ་ཞིག་སྨན་དུ་འགྱུར་
བ་ཡིན་གྱི། ཐམས་ཅད་ཐམས་ཅད་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་སྦྱར་བའི་དབང་གིས་ཀྱང་རྫས་ལ་ལ་དག་ལ་ལར་སྨན་དུ་འགྱུར་བ་ཡིན་གྱི། སྦྱོར་བ་གཅིག་གིས་ནད་ཐམས་ཅད་ལ་སྨན་དུ་འགྱུར་བ་མ་ཡིན་མོད་ཀྱི། འོན་ཀྱང་སྦྱོར་བའི་དབང་ཁ་ཅིག་གིས་ནད་ཁ་ཅིག་ལ་
སྨན་དུ་འགྱུར་བ་ཡིན་ཏེ། འདི་ལྟར་པོ་སོན་ཆ་ལ་སོགས་པའི་སྨན་སྦྱོར་བའི་ཁྱད་པར་གཞན་དག་གིས་སྔ་མ་ལས་ལྷག་པར་འགྱུར་བ་ཡིན་ལ། གཞན་དག་གིས་ཀྱང་གཞན་དུ་འགྱུར་གྱི་གཅིག་གིས་ཐམས་ཅད་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་སྦྱོར་བའི་དབང་གིས་ཀྱང་རྫས་
เล่ม ๒๐๐ · หน้า 126a
ཐམས་ཅད་སྨན་ཡིན་ནོ། །དེ་ལ་སྨན་གྱི་གྱེན་དུ་འགྲོ། །ཕལ་ཆེར་མེ་དང་རླུང་ཤས་ཆེ། །ཞེས་བྱ་བ་དེ་ལ། སྨན་གྱི་རིགས་དེ་རྣམས་ཀྱི་ནང་ནས། གྱེན་དུ་འགྲོ་ཞིང་སྟེང་དུ་རྒྱུ་བའི་སྨན་སློན་པར་བྱེད་པ་ནི་ཕལ་ཆེར་ཞེས་པ་མང་དུ་མེ་དང་རླུང་གི་ཤས་ཆེ་བ་སྟེ།
མེ་དང་རླུང་གི་བདག་ཉིད་ཅན་ཡིན་ཏེ། དེ་ཡང་གང་གི་ཕྱིར་གྱེན་དུ་འགྲོ་བས་མེ་ཡིན་པ་དང་། ཡང་བས་རླུང་ཡིན་པར་ཤེས་པར་བྱའོ། །ཐུར་དུ་འགྲོ་བ་ཕལ་ཆེར་ནི། །ས་ཆུའི་ཡོན་ཏན་ཤས་ཆེར་ཡིན། །ཞེས་བྱ་བ་ལ། སྨན་ཐུར་དུ་འགྲོ་ཞིང་འོག་ཏུ་རྒྱུ་བས་འཁྲུ་བར་བྱེད་པའི་
ངང་ཚུལ་ཅན་གང་ཡིན་པ་དེ་ནི། ས་དང་ཆུའི་ཤས་ཆེ་བ་ཡིན་ཏེ། དེ་གཉིས་ནི་ས་ལྕི་བ་དང་། ཆུ་གཞོལ་ཕྱོགས་སུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་སྨན་ནོ། །ཞེས་བྱ་བ་ལ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པ་ལ་བྱ་སྟེ། སྨན་གྱི་ཕྱིར་སྨྲ་བར་བྱ་བ་གང་དག་ཡོད་
པ་དེ་ཐམས་ཅད་རྫོགས་སོ་ཞེས་བྱ་བའི་དོན་ཏོ། །ཆ་འདྲེས་པའི་བདག་ཉིད་ཅན་གྱི་སྨན་དང་། སྟེང་དང་འོག་གི་ཉེས་པ་ཆ་མཉམ་པར་སེལ་བའི་སྨན་ནི། སྔར་སོ་སོར་བསྟན་པའི་དོན་གྱི་ཤུགས་ཀྱིས་ཤེས་པར་འགྱུར་བའི་ཕྱིར། གཞུང་མངས་པར་འགྱུར་བའི་དོགས་པས།
རྒྱུད་གཞན་དག་ལྟར་འདིར་མ་བསྟན་པ་ཡིན་ནོ། །དེ་ལྟར་སྨན་བསྟན་ནས་དེ་ལ་བརྟེན་པའི་རོ་མངར་བ་ལ་སོགས་པ་གང་ཡིན་པ་དེ་དག་རེ་ཞིག་བསྟན་པར་བྱ་སྟེ། དེ་ནི། རོའི་བྱེ་བྲག །འདི་ཡི་འོག་ནས་སྟོན་པ་ཡིན། །ཞེས་བྱ་བ་ཡིན་ཏེ། རོའི་བྱེ་བྲག་དྲུག་ཅུ་རྩ་གསུམ་གྱི་གྲངས་
སུ་ངེས་པར་ཆད་པར་འདིའི་འོག་ནས་ཞེས་པ། རོ་ཐ་དད་པ་ཞེས་བྱ་བའི་ལེའུ་ལས་གཞུང་རྩོམ་པར་བྱེད་པས་སྟོན་ཅིང་འཆད་པར་འགྱུར་ཏེ། འདིར་ནི་བཤད་པར་བྱ་བ་མང་དུ་ཡོད་པས་མ་སྨྲས་པ་ཡིན་ནོ། །ད་ནི་སྨན་གྱི་ནུས་པ་བཤད་པ་རྩོམ་པར་བྱེད་དེ། དེ་ནི། སྨན་མཐུ་ལ་ལས་
བཤད་པ་ནི། །ལྕི་སྣུམ་བསིལ་དང་འཇམ་པ་དང་། །ཡང་རྩུབ་ཚ་དང་རྣོ་བ་སྟེ། །དེ་ལྟར་རྣམ་པ་བརྒྱད་དུ་འདོད། །ཅེས་བྱ་བ་ལ། སྨན་གྱི་མཐུ་ནི་ཐམས་ཅད་དུ་ཐོགས་པ་དང་། གཏུགས་པ་མེད་པར་འགྲོ་བ་ཡིན་པས་སྨན་གང་ལ་ཡོན་ཏན་གྱི་རིགས་གང་ཅུང་ཟད་ཡོད་པ་དེ་
เล่ม ๒๐๐ · หน้า 126b
ཐམས་ཅད་ལ་མཐུའམ་ནུས་པ་ཞེས་བྱའོ། །དེ་ལ་སློབ་དཔོན་གཞན་དག་གིས་བཤད་པ་ནི། སྨན་གྱི་མཐུ་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བ་རྣམ་པ་བརྒྱད་དུ་འཆད་དེ། དེ་ལྟར་རྣམ་པ་འདིས་ནི་གྲངས་ཀྱི་རྣམ་པ་བརྒྱད་ཡིན་པར་སློབ་དཔོན་དག་འདོད་ཅིང་འཆད་ཀྱི། རྣམ་པ་གཞན་
གྱིས་ནི་རྣམ་གྲངས་ཀྱི་ངེས་པ་གཞན་དུ་འདོད་དོ། །སྨན་མཐུ་ཙ་ར་ཀས་བཤད་པ། །གང་གིས་བྱ་བ་གང་བྱེད་པ། །མཐུ་མིན་ཅི་ཡང་མི་བྱེད་ཀྱི། །དེ་དག་ཐམས་ཅད་མཐུ་ཡིས་བྱེད། །ཅེས་བྱ་བ་ལ། དྲང་སྲོང་ཙ་ར་ཀས་སྨན་གྱི་མཐུའམ། ནུས་པ་བཤད་ཅིང་བསྟན་པ་ནི།
དངོས་པོ་གང་གིས་བྱེད་པ། གང་ལ་ཞུགས་ཤིང་བྱ་བ། གང་ཞིག་བྱེད་ཅིང་རྫོགས་པར་གྱུར་པའི་དངོས་པོའི་རང་བཞིན་ཏེ། དེའི་མཐུ་ཡིན་ནོ་ཞེས་མཐོ་བཙུན་དྲང་སྲོང་ཙ་ར་ཀས་བཤད་དོ། །མཐུ་གང་གིས་བྱས་པ་གང་བྱེད་པ་ཞེས་བྱ་བའི་ཚིག་གིས་ན། ནུས་པ་ནི་མཐུ་ཡིན་ཞིང་
རོ་ཡང་མཐུ་ཡིན་ལ། དེ་བཞིན་དུ་སྨན་ལ་བརྟེན་པའི་ཡོན་ཏན་ལྕི་བ་ལ་སོགས་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི། སྨན་དེའི་མཐུ་ཞེས་བྱ་སྟེ། ནུས་པ་ཉིད་ལས་མ་འདས་པ་མཐུ་བྱུང་བ་ཡིན་ནོ། །སྤྱིར་ནི་སྨན་དེའི་མཐུ་ལ་སློབ་དཔོན་རྣམས་ཐ་དད་པར་འདོད་དེ། སློབ་དཔོན་ལ་
ལས་ནི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་ཡིན་པར་འདོད་དེ། དེ་རྣམས་ནི་ཁྱད་པར་ཅན་ཉིད་ལ་མཐུར་འདོད་ཀྱི། ནུས་པ་ཕྲ་མོ་ཙམ་ལ་ནི་མི་འདོད་དོ། །གལ་ཏེ་ནུས་པ་ཕྲ་མོ་ཙམ་ལ་མཐུར་འདོད་ན་ནི། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོའི་ཆ་ཕྲ་མོའི་དངོས་པོ་ཐམས་
ཅད་ལ་ཡོད་པར་འགྱུར་བས་མི་རིགས་པ་ཡིན་ནོ། །དེའི་ཁྱད་པར་ཅན་གྱི་ནུས་པ་དང་ལྡན་པའི་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ལ་མཐུ་ཞེས་བྱ་བའི་མིང་མཐོང་བ་ཡིན་ནོ། །དེས་ན་ཡོན་ཏན་ནི་བརྒྱད་པོ་དེ་དག་ཡིན་ནོ། །དེ་ཡང་གང་གི་སྦྱོར་བ་བྱེད་པས་བྱེད། རྫས་དེའི་ནུས་པ་
ཡིན་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་དྲང་སྲོང་ཙ་ར་ཀས་འདོད་ཀྱི་སྨན་གང་ལ་ཡོན་ཏན་གྱི་རིགས་གང་དག་ཡོད་པ་དེ་ཐམས་ཅད་སྨན་དེའི་མཐུ་དང་བྲལ་ཞིང་། མཐུ་མ་ཡིན་པས་ན་དངོས་པོའི་རིགས་དེས་བྱ་བ་ཅི་ཡང་མི་བྱེད་དེ། བྱ་བ་གང་ཞིག་ཀྱང་རྫོགས་པར་མི་ནུས་སོ། །དེས་
เล่ม ๒๐๐ · หน้า 127a
ན་བྱ་བ་དེ་དག་ཐམས་ཅད་མཐུས་བྱེད་ཅིང་ནུས་པ་རྫོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་དེ་ལྟར་བྱ་བ་ཐམས་ཅད་མཐུ་ཡིན་ན། ཅིའི་ཕྱིར་ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་པོ་ཉིད་ལ་མཐུ་ཞེས་བྱ། རོ་ལ་སོགས་པའི་ཡོན་ཏན་དག་ལ་མཐུ་ཞེས་ཅིའི་ཕྱིར་མི་བྱ།
དེ་དག་གིས་ཀྱང་བྱ་བ་དེ་ནི་བྱེད་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་སྨྲས་པ་ནི། དེས་ན་ལྕི་ལ་སོགས་པ་ཉིད། །ནུས་པའི་ཁྱད་པར་ལྡན་པ་དང་། །ཡོན་ཏན་མ་ལུས་སྙིང་པོར་ནི། །གྱུར་པས་མཐུ་ཞེས་བཤད་པ་དག །དོན་དང་མཐུན་པར་བཏགས་པ་ཡིན། །ཞེས་བྱ་བ་ལ།
དེས་ན་སློབ་དཔོན་དྲང་སྲོང་ཙ་ར་ཀས་ལྕི་བ་ལ་སོགས་པ་བརྒྱད་པོ་ཉིད་ནི་ནུས་པའི་ཁྱད་པར་དང་ལྡན་པ་ཡིན་ཞིང་། ཡོན་ཏན་མ་ལུས་པའི་སྙིང་པོར་གྱུར་པ་ཡིན་པས། མཐུ་ཞེས་བཤད་ཅིང་ནུས་པ་ཞེས་མིང་དུ་བཏགས་པ་དེ་ནི་གཞུང་དང་དོན་མཐུན་ཞིང་ལྡན་པར་མིང་དུ་བཏགས་པ་ཡིན་
ནོ། །དེ་ལ་ནུས་པའི་ཁྱད་པར་དང་ལྡན་པ་ནི་ཡོན་ཏན་ལྷག་པ་ཉིད་དེ་ཕུལ་དུ་བྱུང་བའི་ནུས་པའོ། །ཡོན་ཏན་མ་ལུས་པའི་སྙིང་པོ་ནི་ཡོན་ཏན་མཐའ་དག་གི་དམ་པར་གྱུར་པའོ། །ཐ་སྙད་ནི་འཇིག་རྟེན་པ་དང་། བསྟན་བཅོས་ཀྱི་བརྟགས་པ་རྣམས་སོ། །དེ་ལས་ཀྱང་འདི་རྣམས་ནི་ཐ་སྙད་
གཙོ་བོ་ཡིན་ནོ། །དེ་ཡང་འཇིག་རྟེན་པ་རྣམས་འདི་སྐད་སྨྲ་བ་དག་ཐོས་ཤིང་མཐོང་སྟེ། འདི་ནི་ལྕི་བའོ། །འདི་ནི་ཡང་བའོ། །འདིའི་ཡོན་ཏན་ནི་འདི་ལྟ་བུའོ་ཞེས་ཟེར་བ་དེ་བཞིན་དུ་བསྟན་བཅོས་ལས། གཅེས་པ་མང་དུ་ཡོད་ན་ཡང་། །ཐ་སྙད་གཙོ་བོ་ཉིད་ཀྱིས་ཡིན། །ཞེས་
བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་ཡང་གཅེས་པ་མང་དུ་སྨོས་ཞེས་བྱ་བ་ཡིན་ཏེ། ལྕི་བ་ལ་སོགས་པ་དེ་ནི་གཅེས་པར་མང་དུ་སྨོས་པ་ཡིན་གྱི། རོ་ལ་སོགས་པ་རྣམས་ནི་དེ་ལྟ་མ་ཡིན་པ་དང་། དེ་བཞིན་དུ་གཙོ་བོ་ཉིད་དུ་སྨོས་པ་ཡང་ཡིན་ཏེ། རོལ་སོགས་པའི་ཡོན་ཏན་ལས་
དེ་རྣམས་མཆོག་ཏུ་བཟུང་བར་འོག་ནས་བཤད་དེ། བད་ཀན་ལ་སོགས་པའི་ནད་ཀྱི་རང་བཞིན་བརྟག་པ་ན། རང་རང་གི་ཡོན་ཏན་ལྕི་བ་ལ་སོགས་པ་ཡོད་པར་བསྟན་པ་དང་། བད་ཀན་ལྕི་ཞིང་བསིལ་ལ་སྣུམ། །ཞེས་བཤད་ཀྱི་མངར་བར་མ་བཤད་པ་དང་། མཁྲིས་པ་སྣུམ་བཅས་
เล่ม ๒๐๐ · หน้า 127b
བསིལ་ཞིང་ཚ། །ཞེས་བཤད་ཀྱི་ཡང་བར་མ་བཤད་པ་ཡིན་ནོ། །དེ་བས་གོ་ནི་བཟློག་པའི་ཕྱིར། །དེ་ནི་རོ་ལ་སོགས་པ་ལ། །སྲིད་དུ་ཟིན་ཀྱང་མ་བཤད་དེ། །དེ་བས་ལྕི་ལ་སོགས་པ་ཡིན། །ཞེས་བྱ་བ་ལ། དེ་བས་དེ་ལྟར་བསྟན་པའི་རྒྱུ་འདིས་ན་ཡོན་ཏན་མ་ལུས་པའི་སྙིང་པོར་
གྱུར་པ་ལ་སོགས་པ་ལས། གང་གོ་བཟློག་པར་གྱུར་པའི་རོ་ལ་སོགས་པ་ཞེས་པ་སྟེ། རོ་དང་འཇུ་བ་ལ་སོགས་པའི་ཡོན་ཏན་གཞན་དག་ལ་དེ་སྲིད་ཀྱང་ཞེས་བྱ་བ། མཐུ་ཞེས་བྱ་བ་དེ་ཡོད་དུ་ཟིན་ཀྱང་། གཙོ་བོར་མ་གྱུར་པས་མཐུ་ཞེས་དེ་ལ་མ་བཤད་པ་ཡིན་ནོ། །དེ་བས་ནི་ལྕི་པ་ལ་
སོགས་པ་ཉིད་མཐུ་ཉིད་ཀྱི། རོ་ལ་སོགས་པ་ནི་མ་ཡིན་ནོ། །གཞན་དག་ཚ་དང་བསིལ་ཉིད་གཉིས། །སྟོབས་ཡིན་ཞེས་ཀྱང་སྟོན་པར་བྱེད། །ཅེས་བྱ་བ་ལ། སློབ་དཔོན་གཞན་དག་ནི་སྨན་གྱི་ཚ་བ་དང་བསིལ་བ་གཉིས་ལ་མཐུ་གཉིས་ཞེས་བྱའོ་ཞེས་སྟོན་ཏོ། །ཉིད་ཅེས་
བྱ་བ་ནི་ངེས་པར་གཟུང་བའོ། །དེ་ཡང་རྫས་གང་གིས་བྱ་བ་གང་བྱེད་པ་སྟེ་དེའི་མཐུ་ཞེས་བྱའི། ལྕི་བ་ལ་སོགས་པའི་ཡོན་ཏན་བརྒྱད་ནི་མཐུ་མ་ཡིན་ནོ། །དེ་ཡང་ཚ་བ་དང་བསིལ་བའི་མཚན་ཉིད་ཅན་གྱི་མཐུ་གཉིས་པོ་འདིར་སྔར་བཤད་པའི་སྟོབས་ལྔར་མ་འདུས་པ་ཐམས་ཅད་འདུས་
པ་ཡིན་པའི་ཕྱིར་རོ། །འདིར་དེའི་གཏན་ཚིགས་སྨྲས་པ་ནི། སྨན་ནི་སྣ་ཚོགས་བདག་ཉིད་ཅན། །ཉི་མ་ཟླ་བའི་སྟོབས་ཅན་ཡིན། །འགྲོ་འདི་གསལ་དང་མི་གསལ་ལས། །ནམ་ཡང་འདའ་བར་མི་འགྱུར་རོ། །ཞེས་བྱ་བ་ལ། གང་འདི་འགྲོ་བ་ན་སྨན་རྣམས་ནི་ངོ་བོ་ཉིད་
གཅིག་ཀྱང་སྣ་ཚོགས་པའི་བདག་ཉིད་དུ་སྣང་ལ། དེ་ཡང་ཉི་མ་དང་། ཟླ་བ་ཉིད་ནི་སྟོབས་ཆེ་བ་ཡིན་པས་ན། དེའི་རང་བཞིན་ལས་འདའ་བར་མི་བྱེད་དོ། །དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལ་རེ་ཞིག་རྫས་འདི་དག་སྣ་ཚོགས་དག་ཀྱང་ཉི་མ་དང་ཟླ་བའི་རང་བཞིན་ལས་
འདའ་བར་མི་བྱེད་ཅེ་ན། དེའི་དཔེ་བསྟན་པའི་ཕྱིར་འོག་མ་འདི་སྨོས་བ་ཡིན་ཏེ། ཅི་ལྟར་འགྲོ་བ་འདི་དག་ནི་གསལ་བ་དང་མི་གསལ་བར་སྣང་བའི་ཆོས་ལས་ནམ་ཡང་འདའ་བར་མི་འགྱུར་རོ། །དེ་བཞིན་དུ་རྒྱུ་བ་དང་མི་རྒྱུ་བའི་ཚུལ་གྱིས་སྣ་ཚོགས་པའི་བདག་ཉིད་ཅན་དུ་གནས་བ་དག་
เล่ม ๒๐๐ · หน้า 128a
ཀྱང་། ཟླ་བ་དང་ཉི་མའི་རང་བཞིན་ལས་འདའ་བར་མི་བྱེད་དེ། དེ་ལྟར་ན་སྨན་ལ་ལ་ནི་ཉི་མའི་རང་བཞིན་ཅན་ཡིན་ལ། སྨན་ལ་ལ་ནི་ཟླ་བའི་རང་བཞིན་ཅན་ཡིན་ནོ། །དེ་བས་ན་ལ་ལ་ནི་ཚ་བའི་མཐུ་ཡིན་ལ། ལ་ལ་ནི་གྲང་བའི་མཐུ་ཅན་ཡིན་ནོ། །དེ་ལ་ཚ་བ་མགོ་
འཁོར་སྐོམ། །རྨྱ་རྔུལ་ཚ་ཞིང་མྱུར་འཇུ་བྱེད། །རླུང་དང་བད་ཀན་ཞི་བར་བྱེད། །ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཚ་བ་དང་བསིལ་བའི་མཐུ་གཉིས་ཀྱི་ནང་ན། སྨན་ཚ་བའི་མཐུ་ཅན་ནི་མགོ་འཁོར་བ་ལ་སོགས་པ་བྱེད་དོ། །མྱུར་འཇུ་བྱེད་ཅེས་བྱ་བ་ནི་ཟས་མྱུར་བ་ཉིད་དུ་འཇུ་བར་བྱེད་དོ། །
རླུང་དང་བད་ཀན་གཉིས་ཞི་བར་བྱེད་པ་ནི། རླུང་ནད་དང་བད་ཀན་གྱི་ནད་སེལ་བར་བྱེད་པའོ། །བསིལ་བ་དག་ནི་ཚིམ་བྱེད་ཅིང་། །འཚོ་དང་རེངས་པར་བྱེད་པ་དང་། །ཁྲག་དང་མཁྲིས་པ་རབ་དང་བྱེད། །ཅེས་བྱ་བ་ལ། སྨན་བསིལ་ཞིང་སྟོབས་གྲང་བ་དང་ལྡན་པ་ནི་ཚིམ་པར་བྱེད་པ་ལ་
སོགས་པ་དང་། ཁྲག་དང་མཁྲིས་པ་རབ་ཏུ་དང་བར་བྱེད་དོ། །དེ་ལ་ཚིམ་པ་ནི་བདེ་བ་སྐྱེད་པར་བྱེད་པའོ། །འཚོ་བ་ནི་གཟི་མདངས་འཕེལ་བར་བྱེད་པའོ། །རེངས་པར་བྱེད་པ་ནི་ལུས་ཤིང་བཞིན་རེངས་པར་བྱེད་པའོ། །ཁྲག་དང་མཁྲིས་པ་རབ་ཏུ་དང་བ་ནི་དེ་དག་གསལ་ཞིང་རྙོག་པ་
མེད་པར་བྱེད་པའོ། །ད་ནི་ཕོ་བའི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པའི་རྫས་འཇུ་བ་སྨྲས་པ་ཡིན་ཏེ། ཕོ་བའི་མེ་དང་ཕྲད་པ་ལས། །གང་ཞིག་རོ་གཞན་བྱུང་གྱུར་པའི། །རོ་རྣམས་ཀྱི་ནི་མཐར་ཞུ་བ། །དེ་ནི་ཞུ་བ་ཞེས་བཤད་དོ། །ཞེས་བྱ་བ་ལ། ཕོ་བའི་མེ་དང་སྨན་
ཕྲད་ཅིང་འདུས་པ་ལས་གང་རོ་གཞན་དུ་འགྱུར་བ་སྟེ། མངར་བ་ལ་སོགས་པའི་རོ་གཞན་དག་ཏུ་བྱུང་བར་གྱུར་པ་ཟས་ཀྱི་ལས་ཀྱི་མཐར་ཐུག་པ་ན། མངར་བ་དང་། སྐྱུར་བ་དང་། ཚ་བའི་རོ་རྣམས་ཀྱི་ཞུ་བའི་ཐ་མར་གང་ཞིག་ཞུ་ཞིང་སྨིན་པར་གྱུར་པ་དེ་ནི་ཞུ་བ་ཞེས་བྱའོ། །ཞེས་
དྲང་སྲོང་དག་གིས་བཤད་དོ། །ཇི་ལྟར་མངར་བའི་རོ་ཟོས་པ་ན། དང་བའི་རོའི་ཁྱད་པར་འབྱུང་བར་གྱུར་པ་དེ་ནི་བསྟན་བཅོས་ཤེས་པ་དག་གིས་ཞུ་བ་ཡིན་ནོ་ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྨྲས་པ་ནི། མངར་དང་ལན་ཚྭ་ཞུ་རྗེས་མངར། །སྐྱུར་བའི་ཞུ་རྗེས་སྐྱུར་བ་ཡིན། །ཁ་དང་ཚ་དང་
เล่ม ๒๐๐ · หน้า 128b
བསྐ་བ་རྣམས། །ཞུ་རྗེས་ཕལ་ཆེར་ཁ་བ་ཡིན། །ཞེས་བྱ་བ་ལ། མངར་བ་ནི་རོ་ཞིམ་པའོ། །ལན་ཚྭ་ནི་ཚྭ་རྣམས་ཏེ། དེ་གཉིས་ནི་ཞུ་བའི་རྗེས་མངར་བའོ། །རོ་སྐྱུར་བ་ཟོས་པའི་རྗེས་ཀྱང་སྐྱུར་བ་ཉིད་ཡིན་ནོ། །རོ་ཁ་བ་དང་ཚ་བ་དང་བསྐ་བ་རྣམས་ནི་ཕལ་ཆེར་ཁ་བར་འཇུ་བ་ཡིན་ནོ། །
དེ་ལ་ཕལ་ཆེར་ཞེས་སྨོས་པ་ནི། ཁ་ཅིག་ཏུ་འདིར་སྨོས་པ་དང་མི་མཐུན་པ་ཡོད་དེ། འབྲུ་ལ་གནས་པའི་རོ་མངར་བ་ནི་ཞུ་བའི་རྗེས་སྐྱུར་བར་འགྱུར་ལ། དེས་ནི་འབྲུ་ནི་རོ་མངར་ཡང་ཞུ་རྗེས་སྐྱུར་བ་ཡིན་པས། མཁྲིས་པ་སྐྱེད་ཅིང་ལྕི་བ་ཡིན་ནོ། །དེ་བཞིན་དུ་ཨ་རུ་ར་དང་། བཅའ་སྒ་དང་།
སྒེའུ་གཤེར་དང་། པི་པི་ལིང་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ཡང་བསྡུས་བ་ལས། འབྲུ་ནི་མངར་དང་སྐྱུར་བ་ཉིད། །དེ་བཞིན་སེའུ་སྐྱུར་ཡང་མངར། །ཏིལ་མར་ཁ་བར་གྱུར་པ་དང་། །པི་པི་ལིང་ཡང་བསྐ་བར་འགྱུར། །ཞེས་བཤད་པ་ཡིན་ནོ། །དེ་ལྟར་ན་འབྲུ་ནི་མངར་
དུ་ཟིན་ཀྱང་ཞུ་བའི་རྗེས་སྐྱུར་བར་འགྱུར་བ་དང་། སེའུ་སྐྱུར་ཡང་མངར་བར་འཇུ་བ་དང་། ཏིལ་མར་སྐྱུར་དུ་ཟིན་ཀྱང་ཁ་བར་འཇུ་བ་དང་། པི་པི་ལིང་ཚ་ཡང་ཞུ་རྗེས་བསྐ་བར་འགྱུར་བ་ཡིན་ནོ། །དེས་ན་འདི་ལྟར་མི་མཐུན་པ་དག་ཀྱང་ཡོད་པས་ཕལ་ཆེར་ཞེས་སྨོས་པ་ཡིན་ནོ། །རོ་དང་ཞུ་རྗེས་
འབྲས་བུ་མཉམ། །ཞེས་བྱ་བ་ལ། རོ་ཞེས་པ་ལྕེའི་ཡུལ་དུ་གྱུར་བ་མངར་བ་དང་། སྐྱུར་བ་ལ་སོགས་པ་དང་། ཞུ་བའི་རྗེས་འདི་ནི་འབྲས་བུ་ཡིན་པས་མཉམ་ཞིང་མཚུངས་པ་ཡིན་ཏེ། འདི་ནི་མངར་བའི་རོ་མྱངས་པ་ན་ལུས་ཚིམ་པར་བྱེད་པ་ལ་སོགས་པ་གང་བྱེད་པ་དེ་ནི་མེ་ཏོག་ལྟ་བུ་ཡིན་
ཏེ། རོ་མངར་བ་དེ་ཞུ་བ་དང་། དེ་མཚུངས་པ་ཡིན་ལ། གང་གཞན་རོ་ཞིམ་པ་ལ་སོགས་པའི་བྱ་བ་བྱེད་པ་དེ་ནི། རོ་མངར་བ་དེའི་འབྲས་བུ་ཡིན་པས་ཐམས་ཅད་དུ་མཐུན་པ་ཡིན་ནོ། །རོ་མངར་བའི་ལས་ནི་འཇུ་བ་རྟུལ་བ་དང་། ལུས་ཟུངས་རྒྱས་པ་ལ་སོགས་པའི་ལས་བྱེད་པ་ཡིན་ནོ། །
དེ་ལ་སྨན་ནི་བཟང་དང་ངན། །ལ་ལ་རོ་ཡིས་ལས་བྱེད་ལ། །གཞན་དག་འཇུ་བར་བྱེད་པ་ཡིན། །ཡོན་ཏན་གཞན་དང་ནུས་པ་དང་། །མཐུ་ཡིས་ལ་ལ་བྱེད་པ་ཡིན། །ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། སྨན་དང་། རོ་དང་། ནུས་པ་དང་། མཐུ་སྟོབས་
เล่ม ๒๐๐ · หน้า 129a
ཀྱི་ནང་ནས། སྨན་བཟང་དང་ངན་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་ལས་སྨན་ལ་ནི་རོ་ཡིས་བྱེད་པ་དང་། བསྐ་བ་དང་བཅས་པས་བད་ཀན་ཞི་བར་བྱེད་ཅིང་། ནུས་བ་བསིལ་བར་བྱེད་པས་རླུང་སྐྱེད་པར་བྱེད་དོ། །རླན་ཅན་གྱི་ཤའི་ཆུ་ནི་ནུས་པ་དྲོ་བ་ཡིན་པས་མཁྲིས་པ་
སྐྱེད་པར་བྱེད་དོ། །དེ་བཞིན་དུ་ཏིལ་མར་ནི་ཞུ་རྗེས་ཁ་བ་ཉིད་ཀྱིས་བཤང་གཅི་སྐྱེད་ལ། རང་སྐྱུར་ཡང་རྩུབ་ཅིང་དྲོ་བ་ཡིན་པ་དང་བིལ་བའི་རྐང་ནི་རྩུབ་པས་མཁྲིས་པ་སྐྱེད་པ་དང་། སྐྱུ་རུ་ར་ནི་ནུས་པ་བསིལ་བ་དང་། ཞུ་རྗེས་མངར་བས་བད་ཀན་སྐྱེད་པ་དང་། ཡང་ཞིང་རྩུབ་ཀྱང་རླུང་
མི་སྐྱེད་པ་དང་། ལན་ཚྭ་ལྕེ་མྱང་ཚ་ནི་ཞུ་རྗེས་མངར་བས་མཁྲིས་པ་སེལ་ཞིང་ཡང་བད་ཀན་ལ་ཕན་པ་དང་། པུ་ཤེལ་ཙེ་དང་། བཅའ་སྐ་ནི་སྣུམ་བ་དང་། དྲོ་བ་དང་། ཞུ་རྗེས་མངར་བས་རླུང་སེལ་བ་དང་། པི་པི་ལིང་ཡང་དེ་དང་འདྲ་བས། རླུང་སེལ་བ་དང་། སྒོག་སྐྱ་དང་ཀུན་
དོང་དག་ནི་སྣུམ་པ་དང་། ཚ་བ་དང་། ལྕི་བས་རླུང་སེལ་བར་བྱེད་ལ། དེ་དག་ནི་སྣུམ་པ་དང་། ལྕི་བས་བད་ཀན་སྐྱེད་པར་བྱེད་པ་ཡིན་ནོ། །ལ་ཕུག་སྒོང་པོ་ཡང་ཞུ་རྗེས་མངར་བས་བད་ཀན་སྐྱེད་དོ། །བྲི་ཧ་ཏི་དང་། ཀཎྜ་ཀ་རི་དང་། བྱི་ཤ་ལ་ནི་ནུས་པ་ཚ་བས་མཁྲིས་པ་སྐྱེད་པར་
བྱེད་པ་དང་། ཤ་ནི་ནུས་པ་དྲོ་བས་རླུང་སེལ་ཞིང་མཁྲིས་པ་སྐྱེད་པ་དང་། ཀུ་ལངྠ་ནི་རོ་བསྐ་ཡང་ཞུ་རྗེས་བསིལ་བས་རླུང་སེལ་ཞིང་མཁྲིས་པ་སྐྱེད་པ་ཡིན་ནོ། །དེ་ལྟར་ན་དེ་དག་ནི་ཕྱོགས་གཅིག་ཙམ་གྱི་དཔེར་བསྟན་པ་ཡིན་ནོ། །སྨན་གྱི་རོ་སོགས་གང་དང་གང་། །སྟོབས་ལྡན་
ཉིད་ཀྱིས་གནས་བྱེད་དེ། །ཤིན་ཏུ་ཟིལ་གནོན་དེ་དང་དེ། །སྒྲུབ་བྱེད་རྒྱུ་ནི་ཉིད་དུ་གནས། །ཞེས་བྱ་བ་ལ། སྨན་གྱི་རིས་སུ་གཏོགས་པའི་རོ་དང་། ནུས་པ་དང་། འཇུ་བ་དང་མཐུ་གང་དང་གང་ཡིན་པ་དེ་དག་གི་ནང་ནས། སྟོབས་དང་ལྡན་པ་ཉིད་ཀྱིས་སྨན་ལ་གནས་པར་བྱེད་པ་དེ་
ནི། སྨན་གྱི་རིགས་དེ་ཤིན་ཏུ་ཟིལ་གྱིས་མནན་ཅིང་སྟོབས་ཆུང་བ་གཞན་དག་ཕམ་པར་བྱས་ནས། གནས་པ་དེ་དང་དེ་ནི་བྱ་བ་གང་སྒྲུབ་པར་བྱེད་པ་དེ་དག་ནི། རྒྱུ་ཉིད་དུ་གནས་པར་འགྱུར་ཞིང་། བསྒྲུབ་པར་བྱ་བ་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཡང་རོས་ནི་འདི་བྱས་སོ། །ནུས་
เล่ม ๒๐๐ · หน้า 129b
པས་ནི་འདི་བྱས་སོ། །སྟོབས་ཀྱིས་ནི་འདི་བྱས་སོ། །ཞེས་བྱ་བ་ལྟ་བུའོ། །དོན་འདི་ཉིད་ཀྱིས་དཔེར་བརྗོད་པ། བསྡུས་པ་ལས་སྤྲོས་ཏེ་བཤད་པ་འདིར་བསྟན་པ་ཡིན་ལ། །གང་འདི་ལྟར་རོ་ལ་སོགས་པའི་རིགས་སུ་གཏོགས་པས་རོ་གཞན་དག་ལ་སྟོབས་དང་ལྡན་པར་གནས་ཤིང་།
དེ་དང་དེ་ཉིད་དུ་ཟིལ་གྱིས་མནན་ནས་སྒྲུབ་པའི་རྒྱུ་ཉིད་དུ་བྱེད་ཀྱི། རང་དང་གཞན་གྱི་སྟོབས་ལ་གནས་པ་དང་། སྟོབས་དང་ལྡན་པ་དང་། སྟོབས་ཆུང་བ་དང་། གཉི་གའི་ཚུལ་གྱིས་རང་རང་གི་ལས་བྱེད་པ་ཡིན་པས་ན། དེའི་ཕྱིར་འདི་བསྟན་པར་བྱ་བ་སྨྲས་པ་ནི། ཡོན་ཏན་མི་འཕྲོད་
སྦྱར་བ་ནི། །མང་པོས་ཉུང་ངུ་ཟིལ་གྱིས་གནོན། །ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་ཡོན་ཏན་མི་འཕྲོད་པ་དག་སྦྱར་ཞིང་བསྲེས་པ་ནི། མང་པོ་སྟོབས་དང་ལྡན་པས། སྟོབས་ཆུང་ངུ་ཟིལ་གྱིས་གནོན་ཅིང་རྒྱལ་བར་བྱེད་དོ། །ཡོན་ཏན་མི་འཕྲོད་ཅེས་བྱ་བ་འདིར་ནི། རྫས་མི་འཕྲོད་
པའི་སྦྱོར་བ་ལ་བྱའོ། །ཡོན་ཏན་མི་འཕྲོད་པ་ཉིད་དུ་ནི་སྨྲ་བར་རིགས་པ་མ་ཡིན་ནོ། །དེ་ཡང་དྲང་སྲོང་ཙ་ར་ཀས་བཤད་པ། སྦྱོར་བ་ནི་རྫས་གཉིས་སམ་རྫས་མང་པོ་སྦྱར་བ་ཡིན་ལ། དེ་ཡང་མི་འཕྲོད་པ་ནི་གཉིས་ཏེ། རང་བཞིན་མི་འཕྲོད་པ་དང་། འབྲས་བུ་མི་འཕྲོད་པའོ། །
རང་བཞིན་མི་འཕྲོད་པ་ནི། དཔེར་ན་སྨན་ཡང་བ་དང་། ལྕི་བ་སྦྱར་བ་དང་། ཆབ་དང་བསིལ་བ་སྦྱར་བ་ལ་སོགས་པའོ། །འབྲས་བུ་མི་འཕྲོད་པ་ནི། དཔེར་ན་རླུང་གི་ནད་བསལ་བའི་ཕྱིར། །སྨན་རྩུབ་པ་དང་། རོ་ལྷན་ཅིག་སྦྱར་བ་དང་། དེ་བཞིན་དུ་བསིལ་བ་དང་།
དྲོ་བ་དང་ལྷན་ཅིག་སྦྱར་བ་ལ་སོགས་པའོ། །དེ་ལྟར་ན་རང་བཞིན་གྱིས་ཡོན་ཏན་མི་འཕྲོད་པའི་སྨན་གྱི་སྦྱོར་བ་དང་། དེ་བཞིན་དུ་འབྲས་བུ་མི་འཕྲོད་པའི་སྨན་གྱི་སྦྱོར་བ་ཕན་ཚུན་རིགས་མི་མཐུན་པའི་སྦྱོར་བ་དེ་ནི། གང་ཟས་ཀྱི་རིགས་ཉུང་ངུ་རྫས་ཀྱི་རིགས་མང་པོས་ཟིལ་གྱིས་མནན་
ནས། དེ་ཉིད་དུ་རྒྱུ་ཉིད་དུ་སྒྲུབ་པར་བྱེད་པར་གནས་པར་མཐོང་ངོ་། །དེ་ཡང་དཔེར་ན་སྦྲང་རྩི་ནི་མངར་དུ་ཟིན་ཀྱང་བད་ཀན་ཞི་བར་བྱེད་དོ། །རོ་མངར་བ་ནི་བད་ཀན་སྐྱེད་པར་བྱེད་པ་ཡིན་ཡང་། སྦྲང་རྩི་བད་ཀན་ཞི་བར་བྱེད་པ་ནི་མི་མཐུན་པ་མི་འཕྲོད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་
เล่ม ๒๐๐ · หน้า 130a
ལྟར་ན་རིགས་མཐུན་པའི་མཚན་ཉིད་སྦྱོར་བ་ལས་ཀྱང་གང་ཞིག་གང་གིས་ཟིལ་གྱིས་མནན་ནས། རང་རྒྱུད་དུ་གྲུབ་པ་ཡིན་པར་སོམ་ཉིར་གྱུར་པ་དེ་དགག་པར་བྱ་བའི་ཕྱིར་འདིར་སྨྲས་པ་ནི། རོ་དང་འཇུ་བའི་མཐུ་དག་ནི། །དེ་ཡི་སྟོབས་ཀྱིས་ཟིལ་གྱིས་གནོན། །ཞེས་བྱ་
བ་ཡིན་ཏེ། རོ་དང་ནུས་པ་དང་འཇུ་བ་དང་། སྟོབས་རྣམས་ནི་ཅི་ལྟར་ལྷན་ཅིག་སྦྱར་ཞིང་ནུས་པ་མཉམ་པ་ཡིན་དུ་ཟིན་ཀྱང་རང་བཞིན་གྱིས་འཇུ་བས་ནི་རོ་ཟིལ་གྱིས་མནན་ཏེ་དེའི་ནུས་པ་མེད་པར་བྱས་ནས། རང་གི་བྱ་བ་བསྟན་པའི་སྒོ་ནས། དེའི་ནུས་པ་ཟིལ་གྱིས་མནན་ནས། རང་གི་
ནུས་པ་གསལ་བར་སྟོན་ཏོ། །དེ་བཞིན་དུ་རོ་དང་འཇུ་བ་དེ་གཉིས་ཀྱང་མཐུས་ཟིལ་གྱིས་གནོན་ལ། མཐུ་དེ་རྣམས་ཀྱི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ཡིན་ནོ། །རོ་སོགས་དེ་ལྟར་སྟོབས་ནི་མཉམ། །མ་བཅོས་པ་ནི་སྟོབས་དང་ལྡན། །ཞེས་བྱ་བ་ནི། རོ་དང་འཇུ་བ་དང་མཐུ་དང་
སྟོབས་རྣམས་ནི། དེ་ལྟར་ཞེས་པ་རྣམ་པ་འདིས་སྟོབས་མཉམ་ཞིང་མཚུངས་པ་ཡིན་ལ། དེའི་སྟོབས་ནི་རོ་ལ་སོགས་པ་ལ་དམིགས་ནས་མ་བཅོས་པ་གང་ཡིན་པ་དེ་ནི་སྟོབས་དང་ལྡན་པར་བཤད་དེ། རྫས་གང་གི་རོ་མངར་བ་དེ་ཇི་སྐད་བཤད་པ་བཞིན་དུ་འཇུ་བ་མངར་བ་དང་ལྡན་པ་
དང་། དེ་བཞིན་དུ་ནུས་པ་བསིལ་བ་དང་ལྡན་པ་ནི་སྟོབས་ཆེ་བ་ཡིན་ལ། དེ་བཞིན་དུ་རོ་སྐྱུར་བ་ཇི་སྐད་བཤད་པའི་ཞུ་རྗེས་སྐྱུར་བ་དང་ལྡན་ཞིང་། དེ་བཞིན་དུ་ཚ་བའི་ནུས་པ་དང་ལྡན་པ་དང་། དེ་བཞིན་དུ་རོ་ཚ་བ་དང་ཇི་སྐད་བཤད་པའི་འཇུ་བའི་ཚ་བ་དང་ལྡན་ཞིང་དྲོ་བའི་ནུས་པ་དང་ལྡན་པ་དང་། དེ་བཞིན་དུ་འོ་མ་དང་ཆང་དང་།
ན་ལེ་ཤམ་ལ་སོགས་པ་ལས་འོ་མ་ནི་རོ་མངར་ལ་འཇུ་བ་དང་ནུས་པ་བསིལ་བ་དང་། ཆང་ནི་སྐྱུར་ལ་འཇུ་བ་དང་ནུས་པ་དྲོ་བ་དང་། ན་ལེ་ཤམ་ནི་རོ་ཚ་ལ་འཇུ་བ་དང་ནུས་པ་དྲོ་བ་སྐྱེད་པ་དང་། སྨན་དེ་དག་ནི་རོ་དང་འཇུ་བ་དང་ནུས་པ་དང་སྟོབས་མཉམ་པས་མ་བཅོས་པའི་སྟོབས་དང་ལྡན་པ་ཞེས་
བྱ་བ་ཡིན་པར་ཤེས་པར་བྱའོ། །ཁོ་བོ་ཅག་གིས་རོ་དང་འཇུ་བ་དང་ནུས་པའི་རང་བཞིན་ཅི་ལྟ་བུ་ཡིན་པ་དེས་ནི་ལས་ལ་རྗེས་སུ་དཔག་པས་ཤེས་པས་ནི། མཐུ་ཞེས་བྱ་བ་ནི་རང་བཞིན་ཤེས་པར་དཀའ་བས་དེ་མི་ཤེས་པས་ཐེ་ཚོམ་དུ་གྱུར་ན་མཐུ་ནི་གང་ཞིག་ཡིན། གང་ལས་ནི་རྗེས་སུ་
เล่ม ๒๐๐ · หน้า 130b
དཔག་པར་བྱ་ཞེ་ན། འདིར་སྨྲས་པ་ནི། རོ་སོགས་མཉམ་པའི་ལས་གང་ནི། །ཁྱད་འཕགས་དེ་ནི་མཐུ་ལས་སྐྱེས། །ཞེས་བྱ་བ་ཡིན་ཏེ། རོ་ལ་སོགས་པ་མཉམ་ཞིང་མཚུངས་པ་ཉིད་ཀྱིས་ལས་གང་ཁྱད་པར་དུ་འཕགས་པ་སྨན་གང་ལ་སྣང་བ་དེ་ནི་མཐུ་ལས་སྐྱེས་པ་ཡིན་པར་ཤེས་པར་
བྱའོ། །རྗེས་སུ་དཔག་པ་དེས་ན་མཐུ་ཞེས་བྱ་བ་ཤེས་པར་བྱ་སྟེ། འདི་ནི་རྫས་ཀྱི་མཐུ་ཡིན་ནོ། །དེ་ཡང་སྨན་གཉིས་རོ་མཚུངས་པ་དང་ནུས་པ་མཉམ་དུ་ཟིན་ཀྱང་དེ་ལ་སྨན་གཅིག་ལས་གཞན་བྱེད་ལ་ཅིག་ཤོས་ཀྱང་ལས་གཞན་བྱེད་པ་ཉིད་ཡིན་ཏེ། དེས་ནི་སྟོབས་ཀྱིས་སྟོབས་ཡོད་
པ་ཉིད་དུ་ཤེས་པར་བྱའོ། །དེ་ལྟར་ན་སྨན་རེ་རེའི་འཇུག་པ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཆོས་རང་གི་རང་བཞིན་དངོས་པོ་རྐྱེན་ཚོགས་པ་ལས་བྱུང་བ་ངེས་པར་བྱེད་པའི་མཚན་ཉིད་ཅན་དེ་ནི་མཐུ་ཞེས་བྱ་སྟེ། དངོས་པོ་གཞན་གྱི་མཐུ་ནི་མ་ཡིན་ནོ། །དན་ཏི་དང་ནི་ཙི་ཏྲ་ཀ །རོ་སོགས་
མཚུངས་ཀྱང་དན་ཏི་འཁྲུ། །ཤིང་མངར་རྒུན་འབྲུམ་འདྲ་ཡང་འཁྲུ། །འོ་མ་མར་འདྲ་མར་དྲོད་སྐྱེད། །ཅེས་བྱ་བ་ལ། དེ་ལྟར་ན་སྨན་དན་ཏི་དང་། ཙི་ཏྲ་ཀ་ནི་རོ་དང་ནུས་པའི་ཞུ་རྗེས་མཚུངས་ཏེ། ཙི་ཏྲ་ཀ་ལ་རོ་དང་ནུས་པ་དང་འཇུ་བའི་རྗེས་གང་དག་ཡོད་པ་དེ་དག་དན་ཏི་ལ་ཡོད་དུ་
ཟིན་ཀྱང་། དན་ཏི་ནི་དན་ཏི་རང་ཉིད་ཀྱི་མཚན་ཉིད་ཀྱིས་འཁྲུ་བར་བྱེད་པ་ཡིན་གྱི། ཙི་ཏྲ་ཀ་ནི་མ་ཡིན་ཏེ། དེ་ལྟ་བུའི་ཁྱད་པར་གྱི་ཆོས་ལ་མཐུ་ཞེས་བྱའོ། །དེ་བཞིན་དུ་མངར་བ་དང་། རྒུན་འབྲུམ་རོ་མངར་བ་ལ་སོགས་པར་མཐུན་དུ་ཟིན་ཀྱང་རྒུན་འབྲུམ་འཁྲུ་བར་བྱེད་ཀྱི་ཤིང་མངར་
ནི་མ་ཡིན་ནོ། །དེ་བཞིན་དུ་འོ་མ་དང་། མར་ལ་སོགས་པ་མཚུངས་སུ་ཟིན་ཀྱང་འོ་མ་ནི་འོ་མར་གྱུར་པས་དྲོད་མི་སྐྱེད་ཀྱི། མར་གྱིས་དྲོད་སྐྱེད་དོ། །དེ་བཞིན་དུ་ཐམས་ཅད་ཀྱང་མཐུ་ལས་གྱུར་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདི་ལྟར་རེ་ཞིག་དངོས་པོ་ཐམས་ཅད་ལ་ཡང་སྤྱི་དང་
ཁྱད་པར་གྱིས་ཁྱབ་པ་ཡིན་པས། དེའི་ཕྱིར་བསྟན་བཅོས་བྱེད་པས་སྨས་པ་ནི། དེ་ལྟར་སྨན་ལ་སོགས་པ་ཡི། །སྤྱི་ཡི་ལས་ཏེ་དེ་ཡང་ནི། །ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་གམ་རྣམ་པའི་དོན་ནོ། །དེ་ཡང་སྨན་ལ་སོགས་པའི་
เล่ม ๒๐๐ · หน้า 131a
རོ་དང་འཇུ་བ་དང་ནུས་པ་དང་མཐུ་སྤྱིའི་ལས་རྫོགས་པ་ཡིན་གྱི་ཁྱད་པར་ནི་མ་ཡིན་ཏེ། དེ་རྩོམ་བར་བྱེད་པའི་འབྱུང་བ་ཆེན་པོ་སྤྱིའི་ལས་བྱུང་བ་ན་སྤྱིའི་རྐྱེན་སྤྱིའི་རྒྱུ་ལས་བྱུང་བ་ཞེས་བྱ་བའི་བར་དུའོ། །ཡང་ན་རྣམ་པའི་དོན་ཏེ། རྣམ་པ་འདིས་སྨན་ལ་སོགས་པ་སྤྱིའི་
ལས་ཉིད་བཤད་ཀྱི་ཁྱད་པར་གྱི་ནི་མ་ཡིན་ཏེ། འབྱུང་བ་ཆེན་པོ་དག་གི་སྨན་ལ་བརྟེན་པའི་རོ་དང་མཐུ་ལ་སོགས་པ་ཇི་ལྟར་བསྐྱེད་པ་སྤྱིའི་རྒྱུ་བསྟན་པ་དེ་བཞིན་དུ་དེའི་ལས་ཀྱང་སྤྱི་ཙམ་དུ་བསྟན་ཏོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་སྨན་ལ་སོགས་པའི་སྤྱིའི་ལས་བཤད་ནས་ཁྱད་པར་གྱི་
དབྱེ་བས་སྨན་དེ་རྣམས་རེ་རེ་ཞིང་ལས་གཞན་དང་གཞན་བྱེད་པའི་ཚུལ་སྨྲས་པ་ནི། སྣ་ཚོགས་རྐྱེན་གྱི་དབྱེ་བ་ཡིས། །སྨན་དབྱེ་ཐ་དད་གྱུར་པ་ཡིན། །ཞེས་བྱ་བ་ལ། སྤྱིར་བཤད་པའི་སྨན་གྱི་རོ་དང་འཇུ་བ་དང་ནུས་པ་ལ་སོགས་པའི་ལས་དེ་ཡང་ཐ་དད་པར་འགྱུར་བ་ཡིན་ཞིང་།
བྱེ་བྲག་ཏུ་འགྱུར་བ་ཡིན་ནོ། །གང་གིས་ཐ་དད་པར་འགྱུར་ཞེ་ན། སྣ་ཚོགས་པའི་རྐྱེན་གྱི་དབྱེ་བ་ཐ་དད་པར་འགྱུར་བ་ཡིན་ཏེ། སྣ་ཚོགས་པའི་རྐྱེན་ནི་རྣམ་པ་ཐ་དད་པའི་ཚུལ་དུ་གནས་པའི་འབྱུང་བ་ཆེན་པོ་རྣམས་ལ་བྱ་ལ། དེ་ཡང་སེམས་ཅན་ཐ་དད་པ་རྣམས་ཀྱིས་སྔོན་དགེ་བ་
དང་མི་དགེ་བ་བྱས་པའི་ལས་ལས་བྱུང་བའི་འབྱུང་བ་ཆེན་པོ་དེ་རྣམས་སྣ་ཚོགས་ཤིང་ཐ་དད་པ་དེ་ལྟ་བུར་ཡོངས་སུ་འགྱུར་བའི་རྐྱེན་སྣ་ཚོགས་པ་རྣམས་ཀྱིས་བསྐྱེད་པའི་སྨན་དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་ཏེ། ཁྱད་པར་གྱི་དབྱེ་བ་དེས་སྤྱིར་བཤད་པའི་སྨན་རྣམས་ལས་ཀྱི་དབྱེ་བ་ཐ་དད་པར་
འགྱུར་ཞིང་དུ་མ་ཉིད་དུ་གནས་པ་ཡིན་ལ། རོ་ལ་སོགས་བ་ཡང་ལ་བརྟེན་པ་ཡིན་པས་དེ་རྣམས་ཀྱི་ལས་ཀྱང་སྨན་གྱི་དབྱེ་བས་ཐ་དད་པར་འགྱུར་བ་ཡིན་ནོ། །དེ་ལྟར་སྨན་རྣམ་པ་གཉིས་པོ་ལས། ལ་ལ་ནི་རྩོམ་པར་བྱེད་པའི་རྐྱེན་གྱིས་མཚུངས་པར་སྐྱེད་པ་ཡིན་ལ། ལ་ལ་ནི་ནུས་
པ་སྐྱེད་པའི་རྐྱེན་གྱིས་མཚུངས་པར་སྐྱེད་པ་ཡིན་པས་རྐྱེན་སྣ་ཚོགས་ཉིད་དུ་གནས་པ་ཡིན་ཏེ། དེ་དག་གི་ཕྱོགས་གཅིག་གི་དཔེ་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། གྲོ་དང་ནས་ནི་མངར་བ་དང་། །ལྕི་ལས་རླུང་འཇོམས་སྐྱེད་པ་ཡིན། །ཉ་དྲོ་འོ་མ་བསིལ་བ་དང་། །སེང་གེ་ཁ་ཡི་ཕག་མ་
เล่ม ๒๐๐ · หน้า 131b
ཡིན། །ཞེས་བྱ་བ་ལ། གྲོ་དང་ནས་དག་ནི་རོ་མངར་བ་དང་ཡོན་ཏན་ལྕི་བ་དང་ལྡན་པ་ཡིན་དུ་ཟིན་ཀྱང་། གྲོ་ནི་རླུང་འཇོམས་པར་བྱེད་ལ། ནས་ནི་རླུང་སྐྱེད་པར་བྱེད་པ་ནི་རྐྱེན་སྣ་ཚོགས་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བས། ཉ་ནི་རོ་མངར་དུ་ཟིན་
ཀྱང་ནུས་པ་དྲོ་བ་ཡིན་གྱི་གྲང་བ་མ་ཡིན་ལ། འོ་མ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ནུས་པ་བསིལ་བ་ཡིན་གྱི་དྲོ་བ་མ་ཡིན་ནོ། །དེ་བཞིན་དུ་རྐྱེན་སྣ་ཚོགས་པ་ལས་བྱུང་བའི་ཕྱིར། སེང་གེའི་ཤ་ནི་མངར་དུ་ཟིན་ཀྱང་ཞུ་རྗེས་ལ་སོགས་པ་ཁ་བ་ཡིན་ལ། ཕག་གི་ཤ་ནི་མངར་བ་ཡིན་པ་ལས།
ཞུ་རྗེས་ལ་སོགས་པ་ཡང་མངར་བ་ཉིད་ཡིན་ནོ། །དེ་ལྟར་ན་ཐམས་ཅད་ཀྱང་རྐྱེན་སྣ་ཚོགས་ལས་བྱུང་བའི་ཕྱིར། རོ་དང་། ཞུ་རྗེས་དང་། ནུས་པ་ཐ་དད་ཡིན་པར་དཔེས་རིམ་པ་བཞིན་དུ་བསྟན་པ་ཡིན་ནོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་
ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་དགུ་པའི་རྣམ་པར་འགྲེལ་པའོ།། །།དེ་ནས་རོ་ཐ་དད་པ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ལ། སྨན་ལ་སོགས་པ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱ་བའི་ལེའུ་བཤད་པའི་འོག་ཏུ། རོ་ཐ་དད་
པ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱ་སྟེ། རོ་རྣམས་ནི་སྨན་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དེ་ཡང་། སྨན་རྣམས་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག །ཅེས་སྔར་བཤད་པའི་ཕྱིར་ཏེ། སྨན་མེད་པར་རོ་ལ་སོགས་པ་ཉེ་བར་དམིགས་པར་མི་འགྱུར་རོ། །དེ་བས་
ན་དང་པོར་སྨན་བཤད་ནས་དེའི་འོག་ཏུ་བརྟེན་པ་པོའི་རོའི་བྱེ་བྲག་ཤེས་པ་བསྟན་པ་བརྩམས་པ་ཡིན་ནོ། །དེ་ལ་རོ་རྣམས་ཀྱི་ཐ་དད་པ་ནི་རོའི་ཁྱད་པར་ཏེ་དེ་ཤེས་པར་བྱ་བ་ལ་ཕན་པའི་ལེའུ་གང་ཡིན་པ་དེ་བཤད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་པའོ། །དེ་ལ་རོ་ནི་རེ་ཞིག་ཆུའི་རང་བཞིན་
དང་། དང་པོ་མི་གསལ་བ་ཡིན་པ་ལ། དེ་ནི་དུས་རྣམ་པ་དྲུག་དང་ལྡན་པ་ཡིན་པའི་ཕྱིར་དང་། འབྱུང་བ་ཆེན་པོའི་ཡོན་ཏན་ཤས་ཆེ་ཆུང་གི་དབང་གིས་བྱུང་བ་དང་མི་མཉམ་ཞིང་། ཚིག་པ་ལས་མངར་བ་ལ་སོགས་པའི་དབྱེ་བ་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ལྟར་ཆུ་སྨོས་པས་ནི།
เล่ม ๒๐๐ · หน้า 132a
རོ་དག་ཆུའི་རྣམ་པར་འགྱུར་བ་ཡིན་པར་ཤེས་པས་ལ་སོགས་པ་ནི། ལྷན་ཅིག་བྱེད་པའི་ཚུལ་གྱིས་དགོས་པ་བྱེད་པ་ཡིན་ཏེ། དེ་བས་ན་ཚོགས་པ་ནི་ཡང་དག་པར་ན་རོའི་བྱེད་པ་པོ་ཡིན་ནོ། །དེས་ན་འབྱུང་བ་ཆེན་པོ་ཤས་ཆེ་བའི་ཁྱད་པར་ལས་རོ་འབྱུང་བའི་ཚུལ་
སྨྲས་པ་ནི། མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེ་ས་ཆུ་དང་མེ། །མཁའ་རླུང་མེ་རླུང་ས་དང་རླུང་། །གཉིས་གཉིས་ཤས་ཆེ་ལས་རིམ་འབྱུང་། །ཞེས་བྱ་བ་ལ། རོ་མངར་བ་དང་སྐྱུར་བ་ལ་སོགས་པ་དྲུག་པོ་རྣམས་ནི་སྐྱེ་ཞིང་འབྱུང་བ་ནི་འབྱུང་བ་གཉིས་གཉིས་ཤས་ཆེ་ཞིང་ལྷག་
པ་ལས་གོ་རིམས་ཇི་ལྟ་བ་བཞིན་དུ་བསྟན་པ་དང་བཤད་པའི་ཚུལ་གྱིས་འབྱུང་སྟེ། འབྱུང་བ་གཉིས་གཉིས་གང་ལ་ཤས་ཆེ་བར་གྱུར་པ་དེ་ལས་འབྱུང་བའོ། །དེ་ལས་འབྱུང་བ་ཆེན་པོ་གང་དག་རོ་གང་ཞིག་རྩོམ་པ་ལས་ལྷག་པར་གྱུར་པ་ཡིན་ཞེ་ན། དེ་དག་གྲངས་ཇི་ལྟ་བ་བཞིན་དུ་
སྨྲས་པ་ནི། ས་ཆུ་ཞེས་བྱ་བ་ལ་སོགས་པ་སྟེ། ས་ཆུ་ཞེས་པ་ས་དང་ཆུའི་འབྱུང་བ་ཤས་ཆེ་བ་ལས་ནི། རོ་མངར་བ་འབྱུང་ལ་མེ་ས་ཞེས་བྱ་བ་མེ་དང་སའི་ཤས་ཆེ་བ་ལས་ནི་སྐྱུར་བ་འབྱུང་ངོ་། །ཆུ་དང་མེ་ཞེས་བྱ་བ་འབྱུང་བ། ཆུ་དང་མེའི་ཤས་ཆེ་བ་ལས་ནི་ལན་ཚྭའི་རོ་འབྱུང་ངོ་། །མཁའ་
རླུང་ཞེས་བྱ་བ་ནམ་མཁའ་དང་རླུང་ཤས་ཆེ་བ་ལས་ནི་རོ་ཁ་བ་འབྱུང་ངོ་། །མེ་རླུང་ཞེས་བྱ་བ་མེ་དང་རླུང་ཤས་ཆེ་བ་ལས་ནི་རོ་ཚ་བ་འབྱུང་ངོ་། །ས་རླུང་ཞེས་བྱ་བ་འབྱུང་བ་ས་དང་རླུང་གི་ཤས་ཆེ་བ་ལས་ནི་རོ་བསྐ་བ་འབྱུང་ངོ་། །དེ་ལྟ་ན་གཉིས་གཉིས་ལས་འབྱུང་བ་ཡིན་ནོ། །ཤས་ཆེ་ཞེས་སྨོས་
པས་ན་རོ་ཐམས་ཅད་ཀྱང་འབྱུང་བ་ལས་གྱུར་པ་ཡིན་པར་སྟོན་ཏོ། །དེས་ན་ཚོགས་པ་ལས་བྱུང་བ་ཡིན་ཡང་ཤས་ཆེ་བའི་ཤས་རྫོགས་པར་བྱས་པ་ཡིན་ཏེ། གང་དུ་གང་ཞིག་ཤས་ཆེ་བ་སྟེ་དེར་རོའི་ཁྱད་པར་གཞན་བསྐྱེད་པ་ཡིན་ནོ། །དེ་ལྟར་ན་ཤས་ཆེ་བའི་དབང་གིས་ན་རོ་མངར་བ་ནི་འབྱུང་
བ་ཐམས་ཅད་ཀྱིས་བསྐྱེད་དུ་ཟིན་ཀྱང་། ས་དང་ཆུ་ལས་བྱུང་བ་ཡིན་ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ད་ནི་མངར་བ་ལ་སོགས་པ་འབྱུང་བ་རྣམས་ཀྱི་མཚན་ཉིད་དང་ལས་བསྟན་པའི་ཕྱིར་སྨྲས་པ་ནི། དེ་ལས་རོ་ནི་མངར་བ་དག །གང་ཞིག་
เล่ม ๒๐๐ · หน้า 132b
མྱངས་པའི་ཚེ་ན་ནི། །ཁ་ལ་ཆགས་ཤིང་ལུས་ཀྱང་ནི། །ཚིམ་བྱེད་དབང་པོ་རབ་དང་བྱེད། །གྲོག་མ་ལ་སོགས་དགའ་བ་ཡིན། །ཞེས་བྱ་བ་ལ། རོ་དྲུག་པོ་དེ་དག་གི་ནང་ནས་རོ་མངར་བ་དག་ཏུ་ཤེས་པར་བྱ་བ་ནི་གང་ཞིག་མྱངས་ཤིང་ལྕེ་དང་ཕྲད་པར་གྱུར་པ་ན། ཁ་ལ་ཆགས་ཤིང་
འབྱར་བག་ཅན་དུ་གྱུར་པ་དང་། དེ་བཞིན་དུ་ལུས་ཀྱང་ཚིམ་ཞིང་བདེ་བར་བྱེད་པ་དང་། དབང་པོ་རྣམས་རབ་ཏུ་དང་ཞིང་དགའ་བར་བྱེད་པ་དང་། དེ་བཞིན་དུ་གྲོག་མ་ལ་སོགས་སྲོག་ཆགས་ཕྲ་མོ་རྣམས་ཀྱང་དགའ་ཞིང་སྲེད་པར་བྱེད་པ་ཡིན་ནོ། །སྐྱུར་བ་ཁ་ནས་ཆུ་འཛག་ཅིང་། །སོ་བརྩེ་སྤུ་
ནི་ལྡང་བ་དང་། །མིག་དང་སྨིན་མ་འཛུམ་པར་བྱེད། །ཅེས་བྱ་བ་ལ། རོ་སྐུར་བ་ནི་མྱངས་པའི་ཚེ་ཁ་ནས་ཆུ་འཛག་ཅིང་། གཤེར་བ་འདུ་བ་དང་། དེ་བཞིན་དུ་སོ་བརྩེ་བ་དང་། སྤུ་ལྡང་བར་བྱེད་པ་དང་། མིག་གཉིས་དང་སྨིན་མ་གཉིས་འཛུམ་ཞིང་སྡུད་པར་བྱེད་པ་ཡིན་ནོ། །
ལན་ཚྭ་ཁར་ནི་མཆིལ་མ་འདུ། །མཁུར་བ་གྲེ་བ་ཚ་བར་བྱེད། །ཅེས་བྱ་བ་ལ། རོ་ལན་ཚྭ་ནི་ལྕེས་མྱངས་པ་ན་ཁར་མཆིལ་མ་འདུ་ཞིང་འཛག་པ་དང་མཁུར་བ་དང་གྲེ་བ་ཚ་བར་བྱེད་པ་ཡིན་ནོ། །ཁ་བ་ཁ་ཡི་དྲི་མ་སྦྱོང་། །ལྕེ་ནི་འཇོམས་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རོ་ཁ་བ་ནི་
མྱངས་པར་གྱུར་པ་ན། ཁའི་དྲི་མ་སྦྱོང་ཞིང་དག་པར་བྱེད་དེ། ལྗན་ལྗིན་སེལ་བ་ཡིན་ཞིང་ལྕེ་འཇོམས་ཏེ། རོ་གཞན་འཛིན་པར་བྱེད་པའི་ནུས་པ་འཇིག་པར་བྱེད་པ་སྟེ། རང་གི་ལས་ཀྱི་ནུས་པ་ཉེ་བར་འཇོམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཚ་བ་ལྕེ་རྩེ་སྐྱོ་བྱེད་ཅིང་། །ཙག་ཙག་
བྱེད་པར་འགྱུར་བ་དང་། །ཁ་མིག་སྣ་ལས་འཛག་བྱེད་ཅིང་། །མཁུར་བ་སྲེག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ། རོ་ཚ་བ་ནི་ལྕེ་ལ་མྱངས་པའི་ལྕེའི་རྩེ་མོ་སྐྱོ་བར་བྱེད་ཅིང་ན་བར་བྱེད་པ་སྟེ། ལྕེ་བེམ་བེམ་པོར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཙག་ཙག་བྱེད་པར་འགྱུར་ཞེས་བྱ་བ་ནི།
མེ་ལྕེ་ལ་རེག་པ་ལྟར་ལམ་ལམ་པོར་བྱེད་པའམ། སྐེ་ཚོའི་ལྡེ་གུས་བསྐུས་པ་ལྟར་ཚ་བ་ཙག་ཙག་པོར་བྱེད་པར་འགྱུར་རོ། །དེ་བཞིན་དུ་ཁ་དང་མིག་དང་སྣ་ལས་ཆུ་འཛག་པར་བྱེད་པ་དང་། མཁུར་བ་མེ་ལྕེས་ཕོག་པ་ལྟར་སྲེག་པར་བྱེད་པ་ཡིན་ནོ། །བསྐ་བས་ལྕེ་ནི་བེམ་པོར་
เล่ม ๒๐๐ · หน้า 133a
བྱེད། །གྲེ་བ་རྩ་སྦུབས་འགགས་པར་བྱེད། །ཅེས་བྱ་བ་ལ། རོ་བསྐ་བ་ནི་ལྕེས་མྱངས་པ་ན་ལྕེ་བེམ་བེམ་པོར་བྱེད་དོ། །རོ་ཇི་ལྟ་བ་བཞིན་དུ་ཚོར་བར་གྱུར་པ་ལས་ཉམས་པར་བྱེད་པ་དང་། དེ་བཞིན་དུ་གྲེ་བ་དང་རྩའི་སྦུབས་འགགས་པར་བྱེད་པར་འགྱུར་རོ། །
རོ་ཡི་ཚུལ་ནི་དེ་དག་སྟེ། །ཞེས་བྱ་བ་ལ། རོ་རྣམས་ཀྱི་མཚན་ཉིད་བཤད་ནས་དེ་དག་གི་རང་བཞིན་ཉིད་ཀྱི་དོན་གྱི་མཇུག་བསྡུ་བའི་ཚིག་ཏུ་སློབ་དཔོན་གྱིས་སྨྲས་པ་ཡིན་ཏེ། མངར་བ་ལ་སོགས་པའི་རོའི་ཚུལ་ནི་སྔར་བཤད་པའི་རྣམ་པ་དེ་ལྟ་བུའི་མཚན་ཉིད་ཅན་ཡིན་པར་ཤེས་
པར་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་ནི་རོ་མངར་བ་དག་གིས། །སྐྱེས་ནས་འཕྲོད་པར་བྱེད་པ་དང་། །ལུས་ཟུངས་མཐུ་སྟོབས་རབ་སྐྱེད་ཅིང་། །བྱིས་པ་རྒན་པོ་གློ་རྡོལ་སྐེམ། །མདོག་མདངས་སྐྲ་དང་དབང་པོ་བཟང་། །ལུས་བརྟས་སྐད་འགགས་ཕན་ཞིང་ལྕི། །ནུ་ཞོ་སྐྱེད་ཅིང་
རྨ་འབྱོར་བྱེད། །ཚེ་རིང་འཚོ་བྱེད་སྣུམ་པ་དང་། །རླུང་དང་མཁྲིས་པ་དུག་རྣམས་སེལ། །ཧ་ཅང་དྲགས་ན་ཚིལ་བཅས་དང་། །བད་ཀན་ལས་བྱུང་ནད་སྐྱེད་ཅིང་། །ལུས་སྦོམ་དྲོད་འབྲི་ཆང་ནད་དང་། །གཅིན་ནད་ལྦ་བ་རྨེན་སོགས་སྐྱེད། །ཅེས་བྱ་བ་ལ། རོ་མངར་བ་བསྟེན་
ཅིང་སྤྱད་ན་ལས་འདི་དག་བྱེད་དོ། །དེ་ཡང་སྐྱེས་ནས་འཕྲོད་པར་བྱེད་པ་སྟེ། སྐྱེས་པ་ནས་བརྩམས་ཏེ་འཕྲོད་ཅིང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། བཅུད་ཀྱི་དངས་མ་ལ་སོགས་པའི་ལུས་ཟུངས་རྣམས་ཀྱི་མཐུ་སྟོབས་རབ་ཏུ་སྐྱེད་པར་བྱེད་པ་སྟེ། ནུས་པ་ཁྱད་པར་ཅན་དང་ལྡན་པའི་སྟོབས་
བསྐྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྟག་ཏུ་བྱིས་པ་དང་རྒན་པོ་གློ་རྡོལ་བ་དང་སྐེམ་བ་དང་མདོག་མདངས་དང་། སྐྲ་དང་དབང་པོ་རྣམས་ལ་བཟང་ཞིང་བསྔགས་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ལུས་བརྟས་པར་བྱེད་པ་དང་སྐད་འགགས་པའི་ལྐོག་མ་ལ་ཕན་པ་དང་བུད་
མེད་ཀྱི་ནུ་ཞོ་སྐྱེད་པ་དང་། རྨ་དང་རུས་པ་ཆག་པ་འབྱོར་ཞིང་འཚོ་བར་བྱེད་པ་དང་། ཚེ་རིང་བར་བྱེད་པ་དང་། འཚོ་བར་བྱེད་ཅིང་མདངས་སྐྱེད་པ་དང་། སྣུམ་པའི་ཡོན་ཏན་དང་ལྡན་པ་དང་། དེ་བཞིན་དུ་རླུང་དང་མཁྲིས་པའི་ནད་དང་དུག་ལས་གྱུར་པའི་ནད་རྣམས་སེལ་བར་བྱེད་པ་
เล่ม ๒๐๐ · หน้า 133b
ཡིན་ནོ། །ཡང་རོ་མངར་བ་དེ་ཧ་ཅང་དྲགས་ཤིང་ཤས་ཆེར་བསྟེན་པར་གྱུར་ན། ཚིལ་དང་བད་ཀན་ལས་བྱུང་བའི་ནད་རྣམས་སྐྱེད་ཅིང་འཕེལ་བར་བྱེད་པ་དང་། ལུས་སྦོམ་བ་ལ་སོགས་པར་བྱེད་པ་དང་། ཆང་ནད་ནི་འོག་ནས་བཤད་དོ། །དེ་ལ་སོགས་པ་སྐྱེད་པར་འགྱུར་རོ། །སྐྱུར་
བ་མེ་དྲོད་སྐྱེད་བྱེད་སྣུམ། །ཞིམ་ཞིང་འཇུ་བྱེད་ཡི་ག་འབྱེད། །དྲོ་བའི་ནུས་སྐྱེད་རེག་པ་བསིལ། །ཚིམ་བྱེད་འདྲུལ་བྱེད་ཡང་བ་སྟེ། །བད་ཀན་ཁྲག་མཁྲིས་རྒྱས་པར་བྱེད། །རླུང་འགགས་རྒྱུ་བར་བྱེད་པ་ཡིན། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །ལུས་ལྷོད་རབ་རིབ་མགོ་འཁོར་
དང་། །གཡན་པ་སྐྱ་རྦབ་མེ་དབལ་དང་། །འོར་ནད་ཐོར་བུ་སྐོམ་རིམས་སྐྱེད། །ཅེས་བྱ་བ་ལ། རོ་སྐྱུར་བ་བསྟེན་ཅིང་སྤྱད་ན། ཁོང་བའི་མེ་དྲོད་སྐྱེད་ཅིང་འཕེལ་བར་བྱེད་པ་དང་། དེ་བཞིན་དུ་སྣུམ་པ་དང་། ཞིམ་ཞིང་སེམས་དགའ་བར་བྱེད་པ་དང་། ཁ་ཟས་འཇུ་ཞིང་སྨིན་པར་བྱེད་
པ་དང་། ཡི་ག་འབྱེད་ཅིང་ཟས་ལེན་པ་དང་། དེ་བཞིན་དུ་དྲོ་བའི་ནུས་པ་སྐྱེད་པ་དང་། བསྐུས་ན་རེག་པ་ཁ་བ་ལྟར་བསིལ་བ་དང་། ཚིམ་པར་བྱེད་པ་དང་། ཁ་ཟས་འདྲུལ་ཞིང་སླ་བར་བྱེད་པ་དང་། དེ་བཞིན་དུ་ཡང་བ་དང་། བད་ཀན་དང་མཁྲིས་པ་དང་། ཁྲག་རྒྱས་པར་བྱེད་པ་དང་།
དེ་བཞིན་དུ་རླུང་ལམ་འགགས་ཤིང་འཁྱིལ་བ་དག་བདེ་བར་རྒྱུ་བར་བྱེད་ཅིང་འབྱུང་བར་བྱེད་པ་ཡིན་ནོ། །རོ་སྐྱུར་བ་དེ་ནི་ཤིན་ཏུ་བསྟེན་དྲགས་ཤིང་ཤས་ཆེར་ཟོས་ན་ལུས་ལྷོད་ཅིང་མི་མཁྲེགས་པར་བྱེད་པ་དང་། དེ་བཞིན་དུ་རབ་རིབ་ལ་སོགས་པའི་ནད་སྐྱེད་པར་འགྱུར་རོ། །ལན་ཚྭ་སྲ་དང་
འཁྱིལ་བ་དང་། །འགགས་པ་འབྱིན་ཅིང་དྲོད་སྐྱེད་བྱེད། །སྣུམ་དང་དུགས་ཀྱིས་རྡུལ་ཞིང་རྣོ། །ཡི་ག་འབྱེད་ཅིང་གཅོད་འབྱེད་བྱེད། །དེ་ནི་དྲགས་པས་རླུང་ཁྲག་དང་། །སྐྲ་འབྱི་སྐྲ་དཀར་གཉེར་མ་དང་། །སྐོམ་མཛེ་དུག་དང་མེ་དབལ་རྣམས། །སྐྱེད་ཅིང་སྟོབས་ནི་འབྲི་
བར་བྱེད། །ཅེས་བྱ་བ་ལ། རོ་ལན་ཚྭ་ཅན་བསྟེན་ཅིང་ལོངས་སྤྱད་ན། སྲ་བ་འབྱིན་པར་བྱེད་པ་དང་། འཁྱིལ་བ་འབྱིན་པར་བྱེད་པ་དང་། འགགས་པ་འབྱིན་པར་བྱེད་པ་ཡིན་ནོ། །དེ་ལ་སྲ་བ་ནི་རེངས་ཤིང་འགྱུར་མི་ཤེས་པའོ། །འཁྱིལ་བ་ནི་བཤང་བ་ལ་སོགས་
เล่ม ๒๐๐ · หน้า 134a
པའི་ཚོགས་པ་འཁྱིལ་ཞིང་འབྱུང་དུ་མི་བཏུབ་པའོ། །འགགས་པ་ནི་རྩ་སྦུབས་རྣམས་འགགས་པ་སྟེ། དེ་དག་འབྱིན་ཅིང་སེལ་བར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དྲོད་སྐྱེད་དེ་མེའི་ཤས་འཕེལ་བར་བྱེད་པ་དང་། སྣུམ་པ་དང་། དུགས་ཀྱིས་རྡུལ་
འབྱིན་པར་བྱེད་པ་དང་། རྣོ་ཞིང་འཇུག་པ་མྱུར་བ་དང་། ཡི་ག་འབྱེད་ཅིང་ཟས་འདོད་པ་དང་། གཅོད་ཅིང་ཁ་གཉིས་སུ་བྱེད་པ་དང་། འབྱེད་པར་བྱེད་པ་ཡིན་ནོ། །ལན་ཚྭའི་རོ་དེ་དྲགས་ཤིང་ཤས་ཆེར་བསྟེན་པས་རླུང་དང་ཁྲག་གི་ནད་དང་། དེ་བཞིན་དུ་སྐྲ་འབྱི་ཞིང་སྤྱི་ཐེར་དུ་
འགྱུར་བ་དང་། རྒས་སྲ་བའི་མཚན་མ་སྐྲ་དཀར་བ་དང་། གཉེར་མ་ཞེས་པ་པགས་པ་འདུས་པ་དག་བྱེད་པ་དང་། དེ་བཞིན་དུ་སྐོམ་དད་ལ་སོགས་པ་སྐྱེད་པར་བྱེད་ཅིང་། སྟོབས་འབྲི་ཞིང་འཇིག་པར་བྱེད་པ་ཡིན་ནོ། །ཁ་བ་རང་ཉིད་ཞིམ་མིན་ཞིང་། །ཡི་ག་འཆུས་དང་སྲིན་སྐོམ་དུག །
མཛེ་དང་བརྒྱལ་དང་རིམས་སློན་བྲོ། །ཚ་དང་མཁྲིས་པ་བད་ཀན་འཇོམས། །འདྲུལ་དང་ཚིལ་དང་ཞག་དང་རྐང་། །བཤང་དང་གཅི་བ་སྐེམས་པ་དང་། །ཡང་ཞིང་ཡིད་གཞུངས་བསིལ་ཞིང་རྩུབ། །ནུ་མའི་ནད་དང་སྐད་འགགས་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་ནས། །ལུས་
ཟུངས་ཟད་ཅིང་རླུང་ནད་སྐྱེད། །ཅེས་བྱ་བ་ལ། རོ་ཁ་བ་ནི་རང་ཉིད་ཞིམ་པ་མ་ཡིན་ཞིང་ཡི་ག་འབྱེད་པར་བྱེད་པ་ཡིན་ལ། རང་ཉིད་ཡི་གར་མི་འོང་བ་ཡིན་ནོ། །དེ་བཞིན་ཡི་ག་འཆུས་པ་ནས་བད་ཀན་གྱི་བར་དུ་འཇོམས་པར་བྱེད་པ་ཡིན་ནོ། །དེ་བཞིན་འདྲུལ་བ་ལ་སོགས་པ་ཞུ་ཞིང་
གཤེར་བའི་ཚུལ་ཅན་དག་སྐེམ་པར་བྱེད་པ་དང་། དེ་བཞིན་དུ་བཞིན་ཡང་བ་དང་། ཡིད་གཞུངས་ཤིང་ཤེས་རབ་འཕེལ་བ་དང་། བསིལ་ཞིང་གྲང་བའི་ནུས་པ་སྐྱེད་པ་དང་། དེ་བཞིན་དུ་རྩུབ་པ་དང་། བུད་མེད་ཀྱི་ནུ་མའི་ནད་དང་། སྐད་འགགས་པའི་ལྐོག་མའི་ནད་སེལ་ཞིང་
འཇོམས་པ་ཡིན་ནོ། །རོ་ཁ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཅིང་གོམས་པར་གྱུར་ན། ལུས་ཟུངས་དངས་མ་ལ་སོགས་པ་ཟད་ཅིང་འབྱེ་བ་དང་། རླུང་ལས་གྱུར་པའི་ནད་རྣམས་སྐྱེད་ཅིང་འབྱིན་པ་ཡིན་ནོ། །ཚ་བས་ལྐོག་ནད་འགགས་པ་དང་། །མཛེ་དང་མ་ཞུ་འོར་ནད་སེལ། །
เล่ม ๒๐๐ · หน้า 134b
རྨ་འཇིག་བྱེད་ཅིང་སྣུམ་པ་དང་། །ཚིལ་དང་འདྲུལ་བག་སྐེམས་པར་བྱེད། །དྲོད་སྐྱེད་འཇུ་ཞིང་ཡི་ག་འབྱེད། །སྦྱོང་ཞིང་ཟས་ནི་འཇིག་པར་བྱེད། །འཆིང་བ་གཅོད་ཅིང་རྩ་སྦུབས་དག །རྣམ་པར་འབྱེད་ཅིང་བད་ཀན་སེལ། །དེ་ནི་ཤིན་ཏུ་དྲགས་གྱུར་པས། །སྐོམ་སྐྱེད་ཁུ་
བ་སྟོབས་ཟད་ཅིང་། །བརྒྱལ་ཞིང་ལུས་འཁུམས་འདར་བ་དང་། །རྐེད་པ་རྒྱབ་སོགས་ན་བར་བྱེད། །ཅེས་བྱ་བ་ལ། རོ་ཚ་བས་ནི་ལྐོག་མའི་ནད་ལ་སོགས་པ་སེལ་བར་བྱེད་དེ། ལྐོག་ནད་ནི་ལྐོག་མའི་ཕྱོགས་སུ་བྱུང་བའི་ནད་དོ། །འགགས་པ་ནི་བྲང་འགགས་ཤིང་བད་ཀན་
གྱིས་རྒྱས་པ་ལས་བྱུང་བའི་ནད་ལ་བྱའོ། །ལ་ལ་ནི་གྲང་བའི་འདར་ནད་ལ་ཨུ་དར་དུ་ཞེས་བྱའོ་ཞེས་ཟེར་རོ། །གཞན་དག་ནི་གྲང་བའི་དུས་སུ་ཁྱད་པར་དུ། གྲང་བ་ཆུ་ཡི་རེག་པ་ལས། །ལྐོག་མར་སྐྲངས་པར་གྱུར་པའི་ནད། །གག་པ་ཞེས་བྱ་བད་ཀན་འབྱུང་། །ཞེས་བཤད་
དོ། །མ་ཞུ་བ་ནི་མ་ཞུ་བ་བེའུ་སྣབས་ཅན་ནོ། །རྨ་འཇིག་པར་བྱེད་པ་ནི། རྨ་ཤིན་ཏུ་མཐོ་བའི་སྐྲངས་བག་ཅན་འཛུམ་ཞིང་འབྲི་བར་བྱེད་པའོ། །ཡང་རྨ་འབྱོར་བ་དག་གི་གགས་བྱེད་པའོ། །དེ་བཞིན་དུ་སྣུམ་པ་དང་། ཚིལ་ལ་སོགས་པ་སྐེམས་ཤིང་འབྲི་བར་བྱེད་པ་དང་། མེའི་དྲོད་
སྐྱེད་ཅིང་འཕེལ་བ་དང་། མ་ཞུ་བ་ཞུ་བར་བྱེད་པ་དང་། ཁ་ཟས་ཡི་ག་འབྱེད་པར་བྱེད་པ་དང་། རྩ་སྦུབས་སྦྱོང་བ་དང་། ཟས་འཇིག་པར་བྱེད་པ་དང་། འཆིང་བ་གཅོད་པ་སྟེ། རྣོ་བས་ལྷུ་ཚིགས་ཀྱི་འཆིང་བ་དམ་པོ་ལྷོད་པར་བྱེད་པ་དང་། རྩ་སྦུབས་ཀྱི་ཁ་རྣམ་པར་འབྱེད་པ་དང་།
བད་ཀན་སེལ་ཞིང་འཇོམས་པ་ཡིན་ནོ། །ཚ་བ་དེ་ཤིན་ཏུ་དྲགས་པར་བསྟེན་ཅིང་ཟོས་པས་ནི་སྐོམ་དད་སྐྱེད་པ་ལ་སོགས་པ་བྱེད་པ་ཡིན་ནོ། །བརྒྱལ་བ་ནི་རྨོངས་པར་གྱུར་པའོ། །ལུས་འཁུམས་བ་ནི་ཡན་ལག་འཇས་པ་ལྟར་གྱུར་པའོ། །དེ་བཞིན་དུ་འདར་བ་དང་། རྐེད་པ་དང་
རྒྱབ་ན་བ་སྟེ། དེ་དག་ཏུ་གཟེར་བ་ལ་སོགས་པ་མི་བཟད་པས་འདེབས་པ་དང་། སོགས་པའི་སྒྲས་ནི་རྐང་པ་དང་། རྩིབ་ལོགས་ན་བར་བྱེད་པ་ཡིན་ནོ། །བསྐ་བས་མཁྲིས་པ་བད་ཀན་སེལ། །ལྕི་ཞིང་ཁྲག་ནད་རྣམ་པར་སྦྱོང་། །སྐེམ་ཞིང་རྨ་འཚོ་བསིལ་བ་དང་། །འདྲུལ་
เล่ม ๒๐๐ · หน้า 135a
དང་ཚིལ་ནི་རྣམ་པར་སྐེམས། །བེའུ་སྣབས་འཁྱིལ་ཅིང་སྲི་བར་བྱེད། །རྩུབ་ཅིང་པགས་མདོག་རབ་དང་བྱེད། །དེ་ནི་ཤིན་ཏུ་བསྟེན་དྲགས་ན། །བཤང་འགགས་ལྟོ་སྦོས་སྙིང་ནད་དང་། །སྐོམ་དང་སྐེམ་ཞིང་སྐྱེས་མཐུ་ཉམས། །རྩ་སྒོ་འགགས་ཤིང་
དྲི་མ་སྲི། །ཞེས་བྱ་བ། རོ་བསྐ་བ་བསྟེན་ཅིང་སྤྱད་པས་ནི། མཁྲིས་པ་བད་ཀན་སེལ་ཞིང་འཇོམས་པར་བྱེད་པ་དང་། ལྕི་བའི་ཡོན་ཏན་དང་ལྡན་པ་དང་། ཁྲག་གི་ནད་རྣམ་པར་སྦྱོང་བ་ལ་སོགས་པ་བྱེད་པ་དང་། བེའུ་སྣབས་འཁྱིལ་ཞིང་ཐོགས་པ་དང་། བཤང་བསྲི་བར་
བྱེད་པ་དང་། དེ་བཞིན་དུ་ཤིན་ཏུ་རྩུབ་པ་དང་། པགས་པའི་མདོག་རབ་ཏུ་དངས་ཞིང་མདོག་གསལ་བར་བྱེད་པ་ཡིན་ནོ། །རོ་བསྐ་བ་དེ་བསྟེན་པ་དྲགས་ཤིང་ཤས་ཆེར་ཟོས་ན་བཤང་བ་འགག་པ་ལ་སོགས་པ་སྐྱེད་པར་བྱེད་པ་དང་། སྐྱེས་བུའི་མཐུ་ཉམས་ཤིང་ཁུ་བ་ཟད་པར་འགྱུར་
བ་དང་། དྲི་མ་སྲི་བ་སྟེ། གཅིན་དང་ཕྱི་ས་འགགས་པར་འགྱུར་བ་ཡིན་ནོ། །མངར་བ་ལ་སོགས་པའི་རྫས་ཀྱི་སྡེ་ཚན་སྨྲས་པ་ནི། ཞུན་མར་བུ་རམ་སྟར་ག་གསེར། །མོ་ཙ་ཙོ་ཙ་པ་རུ་ཤ། །ཉེའུ་ཤིང་ར་མཉེ་བ་ནས། །ར་ཛ་དན་བ་ལ་གསུམ། །མེ་ད་གཉིས་དང་པརྞི་བཞི། །
འཚོ་བྱེད་ཛི་བ་རི་ཤོ་བ། །ཤིང་མངར་མ་དུ་ཀ་པིམ་བི། །ཤྲ་བ་ནི་གཉིས་བི་ད་རི། །ཅུ་གང་ཀྵི་ར་ཤུ་ཀུ་ལ། །ས་ཧ་འོ་ཅན་གཤྨ་རི། །འོ་མ་བུ་རམ་ཤིང་གཟེ་མ། །རྒུན་འབྲུམ་སྦྲང་སོགས་མངར་བའི་སྡེ། །ཞེས་བྱ་བ་ལ། ཞུན་མར་ནས་རྒུན་འབྲུའི་བར་གྱི་སྡེ་ཚན་ནི་རྫས་
མངར་བ་སྟེ། སྨན་མངར་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མོ་ཙ་ནི་ཆུ་ཤིང་གི་འབྲས་བུའོ། །ཙོ་ཙ་ནི་རྒྱ་སྐྱེགས་ཀྱི་འབྲས་བུའོ། །ཉེའུ་ཤིང་ནི་ཨ་བི་རུའོ། །ར་མཉེ་པ་ནས་ནི་བི་རའོ། །ར་ཛ་དན་ནི་བ་ན་ཡ་བྲི་ཡའོ། །བ་ལ་གསུམ་ནི་བ་ལ་དང་། ཨ་ཏི་བལ་དང་།
ནཱ་ག་བ་ལའོ། །མེ་ད་གཉིས་ནི་མེ་ད་དང་། མ་ཧཱ་མེ་དའོ། །པརྞི་བཞི་ནི་ས་ལ་པརྞི་དང་། ཀྲྀཥྞ་པརྞི་དང་། མུངྒ་པརྞི་དང་། མ་ཤ་པརྞིའོ། །འཚོ་བྱེད་ནི་ཛི་བན་ཏིའོ། །ཛི་བ་ཀ་ནི་ཀུ་ར་ཙ་ཤིར་ཤའོ། །རི་ཤོ་བ་ནི་བི་ལ་བར་དྷའོ། །མ་དུ་ཀ་ནི་མ་དུ་ཀའི་མེ་ཏོག་གོ། །
เล่ม ๒๐๐ · หน้า 135b
བིམ་བི་ནི་ཏུན་ཏ་ཀེ་རིའོ། །ཤྲ་བ་གཉིས་ནི། ཤྲི་བ་ནི་དང་། མ་ཧཱ་ཤྲི་བའོ། །བི་ད་རི་ནི་ཀྵི་ད་རིའོ། །ཅུ་གང་ནི་ཏུ་ཀ་ཀྵི་རའོ། །ཀྵི་ར་ཤུ་ཀུ་ལ་ནི། ཀྵི་ར་ཀ་ལོ་ལིའོ། །མཧཱ་གཉིས་ནི་མ་ཧཱ་ས་ཧ་དང་། ཀྵུ་དས་ཧའོ། །འོ་མ་ཅན་ནི་འོ་མ་ཡོད་པའི་ཕྱིར་འོ་མ་ལ་སོགས་པའོ། །
ཀཤྨ་རི་ནི་ཀད་ཕ་ལའོ། །གཞན་ནི་གོ་བར་ཟད་དོ། །སྐྱུར་བ་སྐྱུ་རུ་ཨ་མླིཀ །བ་ལུང་དང་ནི་སྟར་བུ་དང་། །སེའུ་འབྲུ་རྡུལ་དང་དར་བ་དང་། །ཚ་དང་ཀུ་ཤུ་ཨ་མྲ་དང་། །ཨམླ་ཏ་ཀ་བྷ་བྱ་དང་། །ཀར་མ་རྡ་ཀ་བིད་ཐའོ། །ཞེས་བྱ་བ་ལ། སྐྱུ་རུ་ར་ནས་ཀ་པིད་ཐའི་བར་
གྱི་སྡེ་ཚན་འདི་ནི་སྨན་སྐྱུར་བའི་སྡེ་ཚན་ཡིན་ནོ། །ཨམླི་ཀ་ནི་ཙུ་ཀྲི་ཀའོ། །བ་ལུང་ནི་པི་ཟ་པུ་རའོ། །གཞན་ནི་གོ་བར་ཟད་དོ། །ཚ་མཆོག་རྩལ་རུ་ཁ་རུ་ཚ། །བི་ད་རྒྱ་མཚོ་བཀོད་པའི་ཚ། །མཚོ་ཚ་སྐམ་ཚ་རོ་ཉེ་དང་། །ཀྵ་ར་ལན་ཚྭའི་སྡེ་ཚན་ཡིན། །ཞེས་བྱ་བ་ལ།
ཚ་མཆོག་ནས་ལན་ཚྭའི་བར་ནི། ཚའི་སྡེ་ཚན་གྱི་སྨན་གྱི་ཚོགས་སོ། །ཚ་མཆོག་ནི་རྒྱམ་ཚ་དང་། ལྕེ་མྱང་ཚའོ། །རྩལ་རུ་ཚ་ནི་སོ་བར་ཙ་ལ་སྟེ། མིང་གི་རྣམ་གྲངས་རུ་ཙི་ཀ་ཞེས་བྱའོ། །ཁ་རུ་ཚ་ནི་ཚ་ནག་པོའོ། །བི་ད་ནི་ཁ་རུ་ཚ་ནག་པོ་དྲི་མི་ཞིམ་པའོ། །རྒྱ་མཚོའི་ཚ་ནིས་
མུ་ཏྲ་ལ་ཝ་ནའོ། །རོ་ཉེ་ཞེས་བྱ་བ་ནི་ཞ་ཉེ་ནག་པོའོ། །ཀྵ་ར་ནི་ས་རྫི་ཀ་དང་། ཡ་བཀྵ་ལ་སོགས་པའོ། །ཁ་བ་ཀྱི་ལྕེ་པ་ཏོ་ལ། །ཙནྡན་ཨུར་ཤི་བ་ལེ་ཀ །ཅི་སྐྲིགས་ནིམ་པ་པུ་ཙེ་ཤེལ། །རྒྱ་སྤོས་ཨ་ཀར་བ་ཙ་ཀ །ནག་ཏ་མ་ལ་སེར་པོ་གཉིས། །གླ་སྒང་མུར་བ་བ་ཤ་
ཀ །ཨ་པ་མརྒ་པོ་སོན་ཆ། །འཁར་ལྕགས་སླེ་ཏྲེས་བྱི་ཚེར་བ། །རྩ་བ་ཆེ་ལྔ་བྱ་གྲི་གཉིས། །བོང་ང་ཤུ་དག་བི་ཤལ། །ཞེས་བྱ་བ་ལ། ཀྱི་ལྕེ་བ་ནས་བི་ཤ་ལའི་བར་གྱི་སྡེ་ཚན་འདི་ནི་སྨན་ཁ་བའི་སྡེ་ཚོམས་སོ། །ཅི་སྐྲིགས་ནི་ཀ་རི་ཏ་ཏིག་ཏའོ། །ནག་ཏ་མ་ལ་ནི་ཀ་རཉྫའོ། །
སེར་པོ་གཉིས་ནི་ཡུང་བ་དང་སྐྱེར་པའོ། །བ་ཤ་ཀ་ནི་ཨང་ཏ་རུ་ཤ་ཀའོ། །བྱི་ཚེར་བ་ནི་དུར་ལ་བའོ། །རྩ་བ་ཆེན་པོ་ལྔ་ནི། བིལ་བ་དང་ཀ་ཀྵ་རི་ལ་སོགས་པའོ། །བྱ་གྲི་ནི་བྲི་ཧ་ཏི་དང་། ཀཎྜ་ཀ་རིའོ། །ཚ་བ་ཤིང་ཀུན་ན་ལེ་ཤམ། །བྱི་དང་ག་དང་ཚ་བ་ལྔ། །ཀུ་ཐེར་སོགས་
เล่ม ๒๐๐ · หน้า 136a
ལྡུམ་རྔད་སྔོ། །མཁྲིས་པ་གཅིན་དང་གོ་བྱེ་ཡིན། །ཞེས་བྱ་བ་ལ། ཤིང་ཀུན་ནས་གོ་བྱེའི་བར་གྱི་སྡེ་ཚན་འདི་ནི། སྨན་ཚ་བའི་སྡེ་ཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚ་བ་ལྔ་ནི་པི་པི་ལིང་དང་། པི་པི་ལིང་མཱུ་ལ་དང་། དབྱི་མོང་དང་། ཙི་ཏྲ་ཀ་དང་། བཅའ་
སྒའོ། །ཀུ་ཐེ་ར་སོགས་ལྡུམ་རྔད་སྔོ་ཞེས་བྱ་བ་ནི་ཚོད་མའི་ནང་ནས་ལྡུམ་གྱི་སྔོ་རྔད་ཀུ་ཐེ་ར་དང་། ཤི་ཀྲུ་དང་། བྱིའུ་རུག་པ་ལ་སོགས་པའོ། །མཁྲིས་པ་ནི་རི་དགས་དང་བྱ་ལ་སོགས་པའི་མཁྲིས་པའོ། །གཅིན་ནི་བ་ལང་དང་ར་ལུག་ལ་སོགས་པའི་གཅིན་རྣམ་པ་བརྒྱད་དོ། །གོ་
བྱེ་བ་ནི་པ་ལ་ཀ་ཞེས་བྱ་བ་བསེ་ཤིང་འབྲས་བུའོ། །བསྐ་ཚན་ཨ་རུ་བ་རུ་ར། །སྦྲང་རྩི་སེང་ལྡེང་ཤི་རི་ཤ །ཀ་དམ་ཨུ་དུམྦཱ་ར་དང་། །མུ་ཏིག་བྱི་རུ་ཨན་ཙན་བཙག །ཀ་པིད་ཏ་གཞོན་ཁར་ཛུ་ར། །པད་ཙ་པདྨ་ཨུཏྤ་ལའོ། །ཞེས་བྱ་བ་ལ། ཨ་རུ་ར་ནས་ཨུཏྤ་ལའི་
བར་གྱི་སྡེ་ཚན་འདི་ནི་རོ་བསྐ་བའི་སྨན་གྱི་ཚོགས་སོ། །ཨན་ཙན་ནི་ལིག་བུ་མིག་དང་དངུལ་རྡོའོ། །བཙག་ནི་སུ་བར་ན་གི་རི་སྟེ། བཙག་ཡུག་སྣམ་མོ། །ཀ་པིད་ཐ་གཞོན་ཞེས་བྱ་བ་ནི་བ་ལི་ཀ་པིད་ཐ་གཞོན་ནུའོ། །ཁར་ཛུ་ར་ཞེས་བྱ་བ་ནི་ཀ་པིད་ཐ་རློན་པ་དང་། ཁར་
ཛུ་ར་མ་སྨིན་པའོ། །འབྲས་རྙིང་ནས་རྙིང་གྲོ་རྙིང་དང་། །མུངྒ་སྦྲང་རྩི་ཤ་ཁ་ར། །སྐམ་སའི་ཤ་རྣམས་མ་གཏོགས་པའི། །མངར་བ་ཕལ་ཆེར་བད་ཀན་སྐྱེད། །ཅེས་བྱ་བ་ལ། མར་ལ་སོགས་པའི་སྨན་རོ་མངར་བ་ཕལ་མོ་ཆེ་དེ་དག་ནི། བད་ཀན་སྐྱེད་ཅིང་འཕེལ་བར་བྱེད་པ་
ཡིན་མོད་ཀྱི། འབྲས་རྙིང་པ་དང་། ནས་རྙིང་པ་དང་། གྲོ་རྙིང་པ་དང་། སྲན་མུངྒ་སྟེ། མོན་སྲན་སྡེའུ་དང་། སྦྲང་རྩི་དང་། ཤ་ཁ་ར་དང་། སྐམ་སའི་ཤ་རྣམས་ནི་མ་གཏོགས་ཏེ། འདི་དག་མངར་ཡང་བད་ཀན་མི་སྐྱེད་ཀྱི། དེ་ལས་གཞན་པའི་མངར་བ་ཕལ་ཆེར་བད་ཀན་
སྐྱེད་པ་ཡིན་ནོ། །སྐྱུ་རུ་སེ་འབྲུ་མ་གཏོགས་བའི། །སྐྱུར་བ་ཕལ་ཆེར་མཁྲིས་པ་སྐྱེད། །ཅེས་བྱ་བ་ལ། གང་སྐྱུར་བའི་སྨན་ཕལ་ཆེར་ཞེས་པ་མང་དུ་སྟེ། མ་དུ་ལུང་ག་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་མཁྲིས་པ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་མོད་ཀྱི། རྒྱམ་ཚ་ལྕེ་མྱང་
เล่ม ๒๐๐ · หน้า 136b
ཚ་མ་གཏོགས། །ལན་ཚྭ་ཕལ་ཆེར་མིག་ལ་གནོད། །ཅེས་བྱ་བ་ལ། རྒྱམ་ཚ་དང་། ལྕེ་མྱང་ཚ་ནི་མིག་ལ་ཕན་ནོ་ཞེས་དོན་གྱི་ཤུགས་ཀྱིས་སྟོན་པ་ཡིན་ནོ། །སླེ་ཏྲེས་པ་ཏོ་ལ་བཅའ་སྒ། །སྒོག་སྐྱ་པི་པི་ལིང་མ་གཏོགས། །ཁ་དང་ཚ་བ་ཕལ་ཆེར་ནི། །རོ་ཙ་འབྲི་ཞིང་རླུང་སྐྱེད་ཡིན། །
ཞེས་བྱ་བ་ལ། སྨན་ཁ་བ་དང་ཚ་བ་ཐམས་ཅད་ལས་ཕལ་ཆེར་ཏེ་རོ་ཙ་ཞིང་ཁུ་བ་འཕེལ་བ་ལ་གནོད་ཅིང་འབྲི་བར་བྱེད་པ་དང་། དེ་བཞིན་དུ་རླུང་སྐྱེད་པར་བྱེད་པ་ཡིན་མོད་ཀྱི། གཞན་དུ་ན་སྨན་ཁ་བའི་ནང་ན་སླེ་ཏྲེས་དང་། པ་ཏོ་ལ་མ་གཏོགས་པ། སྨན་ཚ་བ་རྣམས་ཀྱི་ནང་ན་བཅའ་སྒ་
དང་། སྒོག་སྐྱ་དང་། པི་པི་ལིང་སྟེ། གསུམ་མ་གཏོགས་པ་སྨན་ཁ་བ་དང་། ཚ་བ་གཞན་དག་ནི་རོ་ཙ་བ་འབྲི་ཞིང་རླུང་སྐྱེད་པ་ཡིན་ཞིང་། ལྔ་པོ་དེ་དག་ནི་རོ་ཙ་བར་བྱེད་བ་ཡིན་ལ། རླུང་འཇོམས་པ་ཡིན་ནོ། །བསྐ་ལས་ཨ་རུ་ར་མ་གཏོགས། །ཕལ་ཆེར་བསིལ་ཞིང་སྲི་
བར་བྱེད། །ཅེས་བྱ་བ་ལ། སྨན་བསྐ་བ་ཤི་རི་ཤ་ལ་སོགས་པ་ཐམས་ཅད་ལས་ཕལ་ཆེར་ཏེ། མང་དུ་བསིལ་བའི་ནུས་པ་དང་ལྡན་ཞིང་། བཤང་བ་ལ་སོགས་པ་སྲི་བར་བྱེད་བ་ཡིན་མོད་ཀྱི། ཨ་རུ་ར་མ་གཏོགས་ཏེ། དེ་ནི་ནུས་པ་དྲོ་ཞིང་འཁྲུ་བར་བྱེད་པ་ཡིན་ནོ། །རོ་ཚ་
སྐྱུར་དང་ལན་ཚྭ་རྣམས། །གོ་རིམས་བཞིན་དུ་དྲོ་ནུས་ལྡན། །ཞེས་བྱ་བ་ལ། རོ་ཚ་བ་དང་། སྐྱུར་བ་དང་། ལན་ཚྭ་རྣམས་ནི་གོ་རིམས་བཞིན་ཏེ། རིམ་པ་མ་འཆོལ་བར་ཚ་བའི་ནུས་པ་དང་ལྡན་པ་ཡིན་ཏེ། དེ་ཡང་ཚ་བ་ནི་ཚ་ཞིང་དྲོ་བ་ཡིན་ལ། སྐྱུར་བ་ནི་རབ་ཏུ་ཚ་བ་ཡིན་ཏེ། ལན་
ཚྭ་ནི་མཆོག་ཏུ་དྲོ་བའི་ནུས་པ་དང་ལྡན་པ་ཡིན་ནོ། །ཁ་དང་བསྐ་དང་མངར་བ་རྣམས། །དེ་བཞིན་དུ་ནི་བསིལ་བ་ཉིད། །ཅེས་བྱ་བ་ལ། རོ་ཁ་བ་དང་བསྐ་བ་དང་མངར་བ་རྣམས་ནི་དེ་བཞིན་དུ་ཞེས་པ། གོ་རིམས་སྔ་མ་བཞིན་དུ་བསིལ་བའི་ནུས་པ་དང་ལྡན་པ་ཡིན་གྱི་ཁ་བ་ནི་བསིལ་བ་
ཡིན་ལ། བསྐ་བ་ནི་རབ་ཏུ་བསིལ་བ་ཡིན། མངར་བ་ནི་མཆོག་ཏུ་བསིལ་བ་ཡིན་ནོ། །ཁ་དང་ཚ་དང་བསྐ་བ་རྣམས། །དེ་བཞིན་རྩུབ་ཅིང་དྲི་མ་སྲི། །ཞེས་བྱ་བ་ལ། རོ་ཁ་བ་དང་། ཚ་བ་དང་། བསྐ་བ་རྣམས་ནི་དེ་བཞིན་དུ་ཞེས་པ་གོ་རིམས་ཇི་ལྟ་བ་བཞིན་དུ་རྩུབ་ཅིང་དྲི་མ་
เล่ม ๒๐๐ · หน้า 137a
སྲི་བར་བྱེད་པ་ཡིན་ཏེ། ཁ་བ་ནི་རྩུབ་པ་དང་དྲི་མ་སྲི་བར་བྱེད་པ་ཡིན་ལ། ཚ་བ་ནི་རབ་ཏུ་རྩུབ་ཅིང་རབ་ཏུ་དྲི་མ་སྲི་བ་ཡིན་ཏེ། བསྐ་བ་ནི་ཤིན་ཏུ་རྩུབ་ཅིང་དྲི་མ་སྲི་བ་ཡིན་ནོ། །ལན་ཚྭ་སྐྱུར་མངར་སྣུམ་བ་དང་། །བཤང་གཅི་ཐུར་གྱི་དབུགས་འབྱིན་བྱེད། །
ཅེས་བྱ་བ་ལ། རོ་ལན་ཚྭ་དང་། སྐྱུར་བ་དང་། མངར་བ་རྣམས་ནི་སྣུམ་པ་དང་། བཤང་གཅི་དང་ཐུར་གྱི་དབུགས་འབྱིན་ཅིང་འདོན་པར་བྱེད་པ་ཡིན་ལ། གོ་རིམས་བཞིན་ཞེས་བྱ་བ་འདིར་ཡང་སྦྱར་བར་བྱ་སྟེ། ལན་ཚྭ་ནི་སྣུམ་པ་དང་། བཤང་གཅི་དང་ཕྱི་རོལ་གྱི་དབུགས་
འབྱིན་པར་བྱེད་པ་ཡིན་ལ། སྐྱུར་བ་ནི་རབ་ཏུ་སྣུམ་པ་དང་། བཤང་བ་དང་གཅི་བ་དང་ཕྱི་རོལ་གྱི་དབུགས་རབ་ཏུ་འབྱིན་པར་བྱེད་པ་ཡིན་ནོ། །མངར་བ་ནི་ཤིན་ཏུ་སྣུམ་པ་དང་། བཤང་བ་དང་གཅི་བ་དང་ཕྱི་རོལ་གྱི་དབུགས་ཤིན་ཏུ་འབྱིན་པར་བྱེད་པ་ཡིན་ནོ། །ལན་ཚྭ་ལས་བསྐ་
དེ་བས་ཀྱང་། །མངར་བ་མཆོག་ཏུ་ལྕི་བ་ཡིན། །ཞེས་བྱ་བ་ལ། རོ་ལན་ཚྭ་ལས་ནི་རོ་བསྐ་བ་ལྕི་བ་ཡིན་ལ། དེ་བས་ཀྱང་ཞེས་བྱ་བ། རོ་བསྐ་བ་བས་ཀྱང་རོ་མངར་བ་མཆོག་ཏུ་ལྕི་བ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །སྐྱུར་ལས་ཚ་དང་དེ་བས་ཀྱང་། །ཁ་བ་དག་ནི་ཡང་བ་
ཡིན། །ཞེས་བྱ་བ་ལ། རོ་སྐྱུར་བ་ནི་ཡང་བ་ཡིན་ལ། དེ་བས་ཀྱང་ཚ་བ་ཡང་བ་ཡིན་ཞིང་རོ་ཚ་བ་དེ་ལས་ཀྱང་ཁ་བ་དག་ཡང་བ་ཡིན་ནོ། །རོ་རྣམས་ཀྱི་དབྱེ་བ་བཤད་པ་ནི། རོ་རྣམས་ཀྱིས་ནི་དབྱེ་བ་ལས། །སྦྱོར་བ་ལྔ་བཅུ་རྩ་བདུན་དང་། །བརྟག་པ་དྲུག་ཅུ་རྩ་གསུམ་
དུ། །རགས་རིམ་ཇི་བཞིན་ཕྱེ་བ་ཡིན། །ཞེས་བྱ་བ་ལ། རོ་རྣམས་ཀྱི་གཞི་བོ་སྨན་གྱི་སྦྱོར་བ་བྱས་པ་ལས་འོག་ནས་བཤད་པའི་ཚུལ་དུ་ཕན་ཚུན་འདྲེས་པའི་སྦྱོར་བ་བྱས་ཤིང་རྣམ་པར་ཕྱེ་བ་ལས་སྦྱོར་བ་ལྔ་བཅུ་རྩ་བདུན་ཐ་དད་པར་བྱ་བ་ཡིན་པ་དང་། ཡང་འདི་རྣམས་ལ་བརྟག་
པ་དྲུག་ཅུ་རྩ་གསུམ་དུ་ཕྱེ་བ་ཡིན་ནོ། །ཇི་ལྟར་བྱས་ནས་རོ་རྣམས་ཀྱི་སྦྱོར་བ་ལྔ་བཅུ་རྩ་བདུན་དང་། བརྟག་པ་དྲུག་ཅུ་བྱས་པ་ཡིན་ཞེ་ན། རགས་རིམ་ཇི་བཞིན་ཞེས་བྱ་བ་ཡིན་ཏེ། རགས་པའི་གོ་རིམས་ལ་ལྟོས་ཤིང་མཚོན་ནས། རོ་གསལ་བར་མྱང་བའི་ཚུལ་དང་། །
เล่ม ๒๐๐ · หน้า 137b
རྗེས་སུ་མཐུན་པར་བྱས་པ་ཡིན་གྱི། རོ་ཕྲ་མོ་ཡན་ཆད་རབ་དང་མཆོག་གི་དབྱེ་བ་ལས་ནི་རོ་མཐའ་ཡས་པ་ཡིན་པས། ཕྲ་མོ་རྣམས་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེ་ཡང་ཇི་ཙམ་ཞིག་ལུས་ལས་དགོས་པ་ཡོད་པ་དེ་ཙམ་གྱི་རགས་རིམ་ཇི་ལྟ་བ་བཞིན་དུ་ཕྱེ་ཞིང་གྲངས་སུ་ཆད་པར་
བྱས་པ་ཡིན་ནོ། །སྦྱོར་བ་ཉིད་རོ་གཉིས་ལ་སོགས་པའི་དབྱེ་བས་བཤད་པ་ནི། དེ་ལྔ་རེ་རེ་ཕྲི་བ་ལས། །ལྔར་གྱུར་པ་ནི་རོ་གཉིས་པ། །ཞེས་བྱ་བ་ལ། རོ་གཉིས་སྦྱར་བ་ནི་གཉིས་པ་སྟེ། རོའི་གཞི་སྨན་དང་འབྲེལ་པའི་སྦྱར་བ་གཉིས་པ་དེ་ལ་རོ་ལྔ་པོ་དེ་དག་གི་སྦྱོར་བ་བྱས་པ་
ལས་འགྱུར་ཏེ། ཇི་ལྟར་འགྱུར་ཞེ་ན། རེ་རེ་ཕྲི་བ་ལས་གྱུར་ཏེ། མངར་བ་ཕྲི་བའི་སྐྱུར་བ་ལ་སོགས་པ་དང་། སྐྱུར་བ་ཕྲི་བའི་ལན་ཚྭ་ལ་སོགས་པ་དང་། ཁ་བ་ཕྲི་བའི་ཚ་བ་དང་བསྐ་བ་གཉིས་དང་། ཚ་བ་ཕྲི་བའི་བསྐ་བའོ། །དེ་ལྟར་ན་མངར་བ་ལ་སོགས་པའི་རོ་རེ་རེ་
ཕུལ་བའི་རོ་ལྔ་ནི་སྦྱོར་བའི་དོན་དུ་འགྲོ་བར་བྱེད་པ་ཡིན་ནོ། །སྐྱུར་བ་ལ་སོགས་པ་ནི་སྦྱོར་བར་བྱེད་པ་ཡིན་ཏེ། དེ་ཡང་འདི་ལྟ་སྟེ། མངར་བ་དང་སྐྱུར་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་སྦྱར་བ་དང་། མངར་བ་དང་ཁ་བ་སྦྱར་བ་དང་། མངར་བ་དང་ཚ་བ་སྦྱར་བ་དང་། མངར་
བ་དང་བསྐ་བ་སྦྱར་བར་བྱ་སྟེ། དེ་ལྟར་ན་མངར་བ་དབྱེ་བ་རྣམ་པ་ལྔར་འགྱུར་རོ། །སྐྱུར་བའི་གཉིས་པ་ནི་མངར་བ་ལ་ལྟོས་ནས་རེ་རེ་ཕྲི་བར་གྱུར་ན། དབྱེ་བ་རྣམ་པ་གསུམ་དུ་འགྱུར་བ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བར་སྦྱར་བ་དང་། ལན་ཚྭ་དང་ཚ་བར་སྦྱར་བ་དང་། ལན་ཚྭ་
དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་ལན་ཚྭའི་གསུམ་པར་འགྱུར་རོ། །ཁ་བའི་གཉིས་པ་ནི་ལན་ཚྭ་ལ་ལྟོས་ནས། རེ་རེ་ཕྲི་བར་གྱུར་ན་དབྱེ་བ་རྣམ་པ་གཉིས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཁ་བ་དང་ཚ་བར་སྦྱར་བ་དང་། ཁ་བ་དང་བསྐ་བར་སྦྱར་བར་བྱའོ། །ཚ་བ་དང་ཁ་བ་ལ་ལྟོས་
ནས་གཅིག་ཕྲི་བར་གྱུར་ན། དབྱེ་བ་རྣམ་པ་གཅིག་ཏུ་འགྱུར་ཏེ། ཚ་བ་དང་བསྐ་བར་སྦྱར་བར་བྱའོ། །དེ་ལྟར་ན་གཉིས་པ་དེ་དག་དབྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ། །གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། །ལན་ཚྭ་གསུམ་སྟེ་ཁ་བ་གཅིག །བཞི་པ་ལ་ནི་མངར་པོ་
เล่ม ๒๐๐ · หน้า 138a
བཅུ། །སྐྱུར་པ་བཞི་པོ་ལན་ཚྭ་གཅིག །ཅེས་བྱ་བ་ལ། གསུམ་པ་མངར་བཅུ་ཞེས་བྱ་བ་ལ། སྨན་གྱི་རོ་གསུམ་པ་ལ། རོ་མངར་བ་དབྱེ་བ་རྣམ་པ་བཅུར་འགྱུར་ཏེ། དེ་ཡང་འདི་ལྟར་མངར་བ་དང་། སྐྱུར་བ་དང་། ལན་ཚྭར་སྦྱར་བ་དང་།
མངར་བ་དང་སྐྱུར་བ་དང་ཁ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཁ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་
དང་། །མངར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་བཅུའོ། །སྐྱུར་དྲུག་སྟེ་ཞེས་བྱ་བ་ནི། རོ་སྐྱུར་བ་གསུམ་པའི་དབྱེ་བ་དྲུག་ཏུ་འགྱུར་བ་ནི་འདི་ལྟ་སྟེ། སྐྱུར་བ་དང་
ལན་ཚྭ་དང་ཁ་བར་སྦྱར་བ་དང་། སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་དང་། སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། སྐྱུར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དྲུག་གོ། །
ལན་ཚྭ་གསུམ་ཞེས་བྱ་བ་ནི། ལན་ཚྭའི་གསུམ་པ་ནི་དབྱེ་བ་རྣམ་པ་གསུམ་དུ་གྱུར་པ་ནི་འདི་ལྟ་སྟེ། ལན་ཚྭ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པ་གསུམ་དུ་འགྱུར་རོ། །
ཁ་བ་གཅིག་པུ་ཉིད་ཅེས་བྱ་བ་ནི་རོ་ཁ་བ་ནི་ཁ་བ་དང་ཚ་བ་དང་། བསྐ་བར་སྦྱར་བ་སྟེ། དབྱེ་བ་གཅིག་པུ་ཉིད་དུ་འགྱུར་རོ། །དེ་ལྟར་ན་གསུམ་པ་ཉི་ཤུར་འགྱུར་རོ། །བཞི་པ་ལ་ནི་མངར་པོ་བཅུ་ཞེས་བྱ་བ་ནི། བཞི་པ་ལ་ནི་ཞེས་བྱ་བ་དབྱེ་བ་བཞི་པ་ཅན་ལ་རོ་མངར་བ་དབྱེ་
བ་བཅུར་འགྱུར་རོ། །དེ་ཡང་འདི་ལྟ་སྟེ། མངར་བ་དང་སྐྱུར་བ་དང་། ལན་ཚྭ་དང་ཁ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བར་སྦྱར་བ་
เล่ม ๒๐๐ · หน้า 138b
དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་ལན་ཚྭར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཚ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་
བར་སྦྱར་བ་དང་། མངར་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་ན་དབྱེ་བ་རྣམ་པར་བཅུར་འགྱུར་རོ། །སྐྱུར་བ་བཞི་པོ་ཞེས་བྱ་བ་ནི། སྐྱུར་བ་བཞི་པོ་དབྱེ་བ་བཞིར་འགྱུར་བ་ནི་འདི་ལྟ་སྟེ། སྐྱུར་བ་དང་། ལན་ཚྭ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། སྐྱུར་བ་
དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་བ་དང་། སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་དང་། སྐྱུར་བ་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ་དེ་ལྟར་ན་དབྱེ་བ་རྣམ་པ་བཞིར་འགྱུར་རོ། །ལན་ཚྭ་སྣ་གཅིག་ཅེས་བྱ་བ་ནི། རོ་ལན་ཚྭའི་བཞི་པ་ནི། དབྱེ་བ་གཅིག་ཏུ་འགྱུར་
ཏེ། ལན་ཚྭ་དང་ཚ་བ་དང་ཁ་བ་དང་བསྐ་བར་སྦྱར་རོ། །དེ་ལྟར་ན་དབྱེ་བ་རྣམ་པ་བཅོ་ལྔར་འགྱུར་རོ། །ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ལ་བསྟེན་པ་ཡིན། །ཞེས་བྱ་བ་ནི། དབྱེ་བ་རྣམ་པ་ལྔ་ནི། རོ་སྐྱུར་བའི་དབྱེ་བ་གཅིག་པུ་བསྟེན་པ་ནི་འདི་ལྟ་སྟེ། སྐྱུར་བ་
དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་བསྐ་བར་སྦྱར་བར་བྱའོ། །ལྔ་པ་ལ་རོ་མངར་བ་ནི་དབྱེ་བ་ལྔ་བསྟེན་ཅིང་གནས་པ་ཡིན་ཏེ། འདི་ལྟར་མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཁ་བ་དང་ཚ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཁ་བ་དང་བསྐ་བར་སྦྱར་
བ་དང་། མངར་བ་དང་ལན་ཚྭ་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ཁ་བ་དང་ཚ་བ་དང་བསྐ་བར་སྦྱར་བ་དང་། མངར་བ་དང་སྐྱུར་བ་དང་ལན་ཚྭ་དང་ཚ་བ་དང་བསྐ་བར་སྦྱར་བ་སྟེ། དེ་ལྟར་རྣམ་པ་ལྔ་དང་། སྔ་མ་དང་བཅས་པ་ལྔ་པ་དབྱེ་བ་
དྲུག་ཏུ་འགྱུར་རོ། །སྨན་ནི་རོ་དྲུག་གཅིག་པུ་ཡིན། །ཞེས་བྱ་བ་ནི། སྨན་ནི་རོ་དྲུག་ཅེས་བྱ་བ་གཅིག་པུར་འགྱུར་བ་ཡིན་ཏེ། མངར་བ་དང་སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། བསྐ་བ་སྟེ། སྤྱིར་གཅིག་པུ་ཁོ་ནར་འདུས་ཤིང་གཅིག་ཏུ་འགྱུར་
เล่ม ๒๐๐ · หน้า 139a
བ་ཡིན་ནོ། །དེ་ལྟར་ན་སྦྱོར་བ་ནི་ལྔ་བཅུ་རྩ་བདུན་དུ་འགྱུར་བ་ཡིན་ནོ། །མ་འདྲེས་པ་ནི་རོ་དྲུག་འགྱུར། །ཞེས་བྱ་བ་ལ། མ་འདྲེས་པ་ནི་གཅིག་དང་གཉིས་ལ་སོགས་པའི་སྦྱོར་བ་དང་འབྲེལ་ཏེ། གཅིག་པུ་ཉིད་དུ་ནི་རོ་དྲུག་ཏུ་འགྱུར་ཏེ།
མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཁ་བ་དང་། ཚ་བ་དང་། བསྐ་བའོ། །དེ་རྣམས་བྱེ་བྲག་གི་ཆོ་གས་ཉེ་བར་སྦྱར་བ་ཡིན་ལ། བྱེ་བྲག་དེ་ནི་སྣུམ་གྱི་ཆོ་ག་ལ་དྲུག་ཅུ་རྩ་གསུམ་དུ་འགྱུར་ཏེ། དེ་ཡང་རོ་དབྱེ་བ་དེ་གཉིས་གཅིག་པུ་གཉིས། དྲུག་ཅུ་རྩ་གསུམ་
དག་ཏུ་བརྟག །སྣུམ་གྱིས་གཞན་དག་ཟིལ་མནན་ཅིང་། །ཉུང་བ་ཉིད་ཀྱི་རིམ་ལས་བཤད། །ཅེས་འབྱུང་བ་ཡིན་ནོ། །དབྱེ་བ་དེ་དག་བྱེ་བྲག་དྲན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པར་བསྡུས་ཏེ་སྨྲས་པ་ནི། ལྔ་པ་དྲུག་དང་རོ་ནི་ཐ་དད་དྲུག །བཞི་པ་གཉིས་པ་རྣམ་པ་བཅོ་
ལྔ་ཡིན། །དབྱེ་བ་གསུམ་པ་ཉི་ཤུ་གཅིག་ཉིད་དེ། །སྨན་ནི་རོ་དྲུག་དེ་ལྟར་དྲུག་ཅུ་གསུམ། །ཞེས་བྱ་བ་ལ། རོ་ལྔའི་སྦྱོར་བ་དུ་ཡོད་ཅེ་ན། དྲུག་ཅེས་བྱ་བ་སྟེ། ལྔ་པ་ལ་ནི་སྐྱུར་གཅིག་པུ། །མངར་བ་ལྔ་ནི་བསྟན་པ་ཡིན། །ཞེས་བཤད་པས་ནི། དེ་ལྟར་ལྔ་པ་ལ་
ནི་སྦྱོར་བའི་དབྱེ་བ་དྲུག་ཡིན་ནོ། །རོ་ཐ་དད་དྲུག་ཅེས་བྱ་བ་ནི་མ་འདྲེས་པའི་ངོ་བོ་ཉིད་ལས་ནི་མངར་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། ཚ་བ་དང་། བསྐ་བ་སྟེ། རོ་དྲུག་གི་དབྱེ་བར་འགྱུར་རོ། །བཞི་པ་གཉིས་པ་རྣམ་པ་བཅོ་ལྔ་ཡིན། །ཞེས་བྱ་བ་ནི། བཞི་པ་དང་
གཉིས་པའི་དབྱེ་བ་ནི་རྣམ་པ་བཅོ་ལྔ་སྟེ། དེ་ལྟར་ན་བཞི་པ་དང་། གཉིས་པའི་རྣམ་པས་ཕྱེ་བའི་རོ་ནི་དབྱེ་བ་རྣམ་པ་སུམ་ཅུར་འགྱུར་རོ། །དེ་ཡང་། བཞི་པ་ལ་ནི་མངར་བོ་བཅུ། །སྐྱུར་བ་བཞི་པོ་ལན་ཚ་གཅིག །ཅེས་སྨོས་པའི་ཕྱིར་བཅོ་ལྔ་ཡིན་ནོ། །དབྱེ་བ་གསུམ་
པ་ཉི་ཤུ་ཞེས་བྱ་བ་ནི། དབྱེ་བ་རྣམ་པ་གསུམ་གྱིས་ཕྱེ་བའི་རོ་རྣམས་ནི། དབྱེ་བ་ནི་རྣམ་པ་ཉི་ཤུར་འགྱུར་ཏེ། གསུམ་པ་མངར་བཅུ་སྐྱུར་དྲུག་སྟེ། །ལན་ཚྭ་གསུམ་སྟེ་ཁ་བ་གཅིག །ཅེས་བྱ་བ་ཡིན་པས་ན་ཉི་ཤུའོ། །གཅིག་ཉིད་དེ། སྨན་ནི་རོ་དྲུག་ཅེས་བྱ་བ་ནི། སྨན་ནི་
เล่ม ๒๐๐ · หน้า 139b
རོ་དྲུག་གཅིག་པུ་ཡིན། །ཞེས་བྱ་བའོ། །དེ་ལྟར་དྲུག་ཅུ་རྩ་གསུམ་ཞེས་བྱ་བ་ནི་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་ཡོད་པའོ། །དེ་དག་ཀྱང་གོང་དུ་གྲངས་ལྔ་བཅུ་རྩ་བདུན་དུ་ཆད་པའི་བཅོས་མར་ཡོངས་སུ་དབྱེ་བའི་སྦྱོར་བ་དང་བཅས་པར་བཤད་པ་དང་། མ་བཅོས་པའི་རོ་
དྲུག་སྟེ། རོ་དྲུག་ཅུར་རོ་རྣམས་དབྱེ་བར་བཤད་པ་གང་ཡིན་པ་དེ་ནི་དགོས་པའི་དབང་དུ་བྱས་པ་ལས། མཚོན་ཅིང་ལུས་ལ་དགོས་པའི་ཡུལ་དུ་རིགས་པ་ཉིད་ལས། རགས་རིམ་ཇི་ལྟ་བ་བཞིན་དུ་ཕྱེ་ཞིང་བཤད་པ་ཡིན་གྱི། ཕྲ་བ་རྣམས་ཀྱི་སྦྱོར་བ་བརྩིས་པའི་ཚུལ་
འདི་ཙམ་དུ་ཟད་པ་ཡང་མ་ཡིན་ལ། དབྱེ་བ་ཡང་དྲུག་ཅུ་རྩ་གསུམ་དུ་ཟད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྲ་ཞིང་རབ་ཏུ་ཕྲ་བར་བརྟག་པ་དང་། དེ་བཞིན་དུ་རབ་དང་མཆོག་ཏུ་བརྟག་པའི་དབང་དང་། དེ་བཞིན་རོ་དང་རོ་རྗེས་ཀྱི་དགོས་པའི་དབང་ལས་ནི། འདི་རྣམས་ཀྱི་དབྱེ་བ་
གྲངས་མེད་པ་ཡིན་པས་ན། འདི་དག་བསྟན་པར་བྱ་བའི་ཕྱིར་སྨྲས་པ་ནི། དེ་རྣམས་རོ་དང་རོ་རྗེས་རོའི་དབྱེ་བ། །རབ་དང་རབ་མཆོག་དག་ཏུ་བརྟགས་པ་ལས། །རྩིས་ལས་འདས་པར་བྱུང་བར་གྱུར་པ་ནི། །ནད་དང་སྨན་གྱི་དབང་ལས་ཉེ་བར་སྦྱར། །ཞེས་བྱ་བ་ལ།
དྲུག་ཅུ་རྩ་གསུམ་གྱི་གྲངས་ཀྱི་དབྱེ་བས་ཕྱེ་བ་དེ་རྣམས་ནི་རྩིས་ལས་འདས་པ་ཡིན་ཏེ། ཤིན་ཏུ་མང་བའི་ཕྱིར་བརྩི་བར་མི་ནུས་པར་འགྱུར་ཞིང་སྐྱེས་པར་གྱུར་པ་ཡིན་ནོ། །དེ་ཅི་ལྟ་ཞེ་ན། རོ་དང་རྗེས་ཀྱི་དབྱེ་བ་ལས་ཏེ། དེ་བས་འབྱུང་བ་འདུས་པ་ལས། །བྱུང་བས་
སྨན་རྣམས་རོ་གཅིག་མིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། རོ་དང་རྗེས་དེ་གཉིས་ཀྱང་འདི་ལྟར་མངར་བའི་རྗེས་ནི་སྐྱུར་བ་ལ་སོགས་པ་ཡིན་ལ། སྐྱུར་བའི་རྗེས་ནི་མངར་བ་ལ་སོགས་པ་ཡིན་པ་དང་། དེ་བཞིན་དུ་སྐྱུར་བ་ནི་ལན་ཚྭའི་ལ་སོགས་པའོ། །ལན་ཚྭ་ནི་ཁ་བ་
ལ་སོགས་པ་སྟེ། དེ་རྣམས་ཞེས་བྱ་བའི་ཚིག་གིས་ཐམས་ཅད་ལ་སྙེགས་སུ་ཟིན་ཀྱང་། ལྔ་བཅུ་རྩ་བདུན་པོ་ཉིད་ལ་ཅི་རིགས་པར་རོ་དང་རོ་རྗེས་ཀྱི་དབྱེ་བ་བྱས་ན་གྲངས་མེད་པར་འགྱུར་ལ། རོ་དྲུག་པོ་འབའ་ཞིག་ལ་རབ་དང་རབ་མཆོག་ལ་སོགས་པའི་བརྟག་
เล่ม ๒๐๐ · หน้า 140a
པ་ལས་གྲངས་མེད་པར་འགྱུར་བ་ལྟ་སུ་ཞིག་འགོག །དེ་གཉིས་ཀྱིས་ན་རབ་དང་། རབ་མཆོག་དག་ཏུ་བརྟག་པ་ལས་ཞེས་སྨོས་པ་ཡིན་ཏེ། རོ་སྦྱར་བ་དང་། མ་སྦྱར་བའི་དབྱེ་བ་མཆོག་དང་། རབ་མཆོག་དག་ཏུ་བརྟག་པ་ནི་འདི་ལྟར་མངར་བ་དང་།
རབ་ཏུ་མངར་བ་དང་། རབ་མཆོག་ཏུ་མངར་བ་དང་། ཅུང་ཟད་མངར་བ་དང་། ཅུང་ཟད་རབ་ཏུ་མངར་བ་དང་། ཅུང་ཟད་རབ་མཆོག་ཏུ་མངར་བ་སྟེ། དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ཡང་རོའི་དབྱེ་བ་དེ་རྣམས་ནད་ཀྱི་སྨན་གྱི་དབང་གིས་ཉེ་བར་སྦྱར་བར་བྱ་སྟེ།
དེ་ལ་ནད་ནི་རླུང་ལ་སོགས་པའོ། །སྨན་ནི་ཨ་རུ་ར་ལ་སོགས་པའོ། །ནད་དང་སྨན་གྱི་མངར་བ་ནི་དེའི་ཆེད་དམ། དབང་དུ་བྱས་པའམ། དེ་ལ་ལྟོས་པ་སྟེ། དེའི་དབང་དུ་བྱས་པ་ལས་ཡོངས་སུ་བརྟགས་ཏེ་སྦྱར་བར་བྱའོ། །བབ་བབ་ཏུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ནད་དང་སྨན་ཞེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་པར་ཤེས་པར་བྱའོ། །ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ། སློབ་དཔོན་ཟླ་བ་ལ་དགའ་བས་རྣམ་པར་སྦྱར་བ་ལས། ལེའུ་བཅུ་པའི་རྣམ་པར་འགྲེལ་
པའོ།། །།དེ་ནས་ནད་ལ་སོགས་པའི་ཚུལ་ཤེས་པར་བྱ་བའི་ལེའུ་བཤད་པར་བྱའོ་ཞེས་བྱ་བ་ནི། དེའི་རྗེས་ཐོགས་ལ་ནད་ལ་སོགས་པ་ཤེས་པར་བྱ་བ་བརྩམ་པར་བྱའོ། །གང་གི་ཕྱིར་རོ་རྣམས་ཀྱི་དབྱེ་བ་དྲུག་ཅུ་རྩ་གསུམ་གྱིས་ཕྱེ་བ་དེ་དག་ཀྱང་ནད་ཀྱི་སྨན་གྱི་དབང་དུ་
སྦྱར་བར་བྱ་བ་ཡིན་པར་བཤད་ལ། དེ་ལྟ་བས་ན་ནད་ལས་རྗེས་སུ་དཔགས་ཏེ་སྦྱར་བར་བྱའི། བབ་བབ་ཏུ་འཆོལ་བར་བྱ་བ་ནི་མ་ཡིན་ནོ། །དེ་བས་ན་ནད་དེ་རྣམས་ནི་རང་གི་ལས་ཀྱི་མཚན་ཉིད་ཇི་ལྟ་བ་ཉིད་ལས་རྗེས་སུ་དཔགས་ཏེ་ཤེས་པར་བྱ་དགོས་ཏེ། དེ་ཤེས་པར་བྱ་
བའི་ཕྱིར་ན་ལེའུ་འདི་བརྩམས་པ་ཡིན་ནོ། །འདིར་ནད་རྣམས་གཞི་མེད་པར་ནི་ཇི་ལྟར་ཡང་ཤེས་པར་མི་ནུས་ལ། དེ་བས་ན་ནད་དེ་རྣམས་ཀྱི་གཞིར་གྱུར་པ། ལུས་ཟུངས་དང་དྲི་མ་རྣམས་གང་ཡིན་པ་དེ་ཤེས་པར་བྱ་དགོས་པས་ན། ནད་ཤེས་པར་བྱ་བ་འབའ་ཞིག་ཏུ་མ་
เล่ม ๒๐๐ · หน้า 140b
ཟད་ཀྱི་ཞེས་བྱ་བར་ངེས་པར་གནས་སོ། །དེ་ལྟར་ན་ནད་ལ་སོགས་པ་ཤེས་པར་བྱ་བ་དེ་ལ་ཕན་པའི་ལེའུ་བཤད་པར་བྱ་ཞིང་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ནད་དང་ལུས་ཟུངས་དྲི་མ་རྣམས། །རྟག་ཏུ་ལུས་ཀྱི་རྩ་བ་ཡིན། །ཞེས་བྱ་བ་ལ། ནད་དང་ལུས་ཟུངས་དང་དྲི་མ་
རྣམས་ནི། ནད་དང་ལུས་ཟུངས་དང་དྲི་མ་རྣམས་ཏེ། དེ་ནི་རྟག་པར་དུས་ཐམས་ཅད་དུ་ལུས་ཀྱི་རྩ་བར་གྱུར་པ་ཡིན་ཏེ། ལུས་ནི་དེ་ལས་བྱུང་བ་ཡིན་པའི་ཕྱིར། རྩ་བ་དང་འདྲ་བས་ན་རྩ་བ་སྟེ། རྒྱུའི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་རླུང་དབུགས་འབྱུང་དབུགས་རྔུབ་དང་། །
བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང་། །ལུས་ཟུངས་ལེགས་པར་རྒྱུ་བ་དང་། །དབང་པོ་རྣམས་ནི་གསལ་བ་དག །མི་གནོད་པ་ནི་རྗེས་འཛིན་ཡིན། །ཞེས་བྱ་བ་ལ། ལུས་དེ་ནི་རླུང་མི་གནོད་ཅིང་། དབུགས་འབྱུང་བ་ལ་སོགས་པས་མཉམ་པར་གནས་ན་
ལུས་རྗེས་སུ་འཛིན་ཅིང་རྟེན་པར་བྱེད་པ་ཡིན་ནོ། །དེ་ལ་དབུགས་འབྱུང་བ་ནི་གྱེན་དུ་དབུགས་འབྱིན་ཅིང་གཏོང་བའོ། །དབུགས་རྔུབ་བ་ནི་དབུགས་སྡུད་ཅིང་ཐུར་དུ་འཇུག་པའོ། །བསྐྱོད་པ་ནི་དབུགས་སུ་བྱ་བ་ཐམས་ཅད་ལ་བརྩོན་ཞིང་རྩོལ་བའོ། །ལས་ལ་སྤྱོད་པ་ནི་ལུས་དང་
ངག་དང་ཡིད་ཀྱི་ལས་ལ་སྤྱོད་ཅིང་འཇུག་པའོ། །ཤུགས་འབྱིན་པ་ནི་བཤང་བ་དང་། གཅི་བ་དང་རླུང་ཕྱི་རོལ་ཏུ་འབྱིན་པའོ། །ལུས་ཟུངས་ལེགས་པར་རྒྱུ་བ་ཞེས་པ་ནི། ལུས་ཟུངས་ཀྱི་སྒྲས་ནི་དངས་མ་ལ་སོགས་པ་དང་། མཁྲིས་པ་དང་བད་ཀན་དག་གཟུང་ངོ་། །
དེ་རྣམས་ལེགས་པར་རྒྱུ་བ་ནི་མཉམ་པར་གནས་ཤིང་འཇུག་པའོ། །དེ་ལ་མཉམ་པར་རྒྱུ་བའི་གནས་སྐབས་ཉིད་ཀྱིས་དེ་རྣམས་རླུང་ཉིད་མི་གནོད་པར་འགྱུར་བའི་རྒྱུ་ཉིད་ཡིན་ཏེ། གང་གི་ཕྱིར་རྣམ་པར་འཐོར་ཞིང་འཁྲུགས་པ་སྡུད་ཅིང་ཞི་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་
བཞིན་དུ་དབང་པོ་རྣམས་གསལ་བ་སྟེ། མིག་ལ་སོགས་པའི་དབང་པོ་ཡུལ་འཛིན་པ་ལ་གསལ་བར་གནས་པ་སྟེ། ཡོན་ཏན་དེ་དག་དང་ལྡན་ན་མི་གནོད་ཅིང་རྗེས་སུ་འཛིན་པ་ཡིན་ནོ། །མཁྲིས་པ་འཇུ་དྲོད་མཐོང་བྱེད་དང་། བཀྲེས་སྐོམ་ཟས་ལེན་མདངས་ཡིད་གཞུངས། །
เล่ม ๒๐๐ · หน้า 141a
བློ་ལྡན་དཔའ་སྙིང་ལུས་འཇམ་པས། །ཞེས་བྱ་བ་ལ། དེ་མཁྲིས་པར་འགྱུར་བ་མེད་ཅིང་འཇུ་བ་ལ་སོགས་པས་རྗེས་སུ་འཛིན་ཅིང་རྟེན་པར་བྱེད་པ་ཡིན་ནོ། །དེ་ལ་འཇུ་བ་ནི་ཟས་སྨིན་ཅིང་འཇུ་བའོ། །དྲོད་ནི་མེའི་ཤས་སོ། །མཐོང་བ་ནི་གཟུགས་འཛིན་པར་
ནུས་པའོ། །བཀྲེས་པ་ནི་ཟས་འདོད་པའོ། །སྐོམ་པ་ནི་འཐུང་འདོད་པའོ། །ཟས་ལེན་པ་ནི་ཡི་ག་འབྱེད་ཅིང་ཉེ་བར་ལོངས་སྤྱོད་པར་འདོད་པའོ། །མདངས་ནི་བཞིན་མདོག་གསལ་ཞིང་གཟི་མདངས་ཆེ་བའོ། །ཡིད་གཞུངས་པ་ནི་ཤེས་རབ་དང་ལྡན་པའོ། །བློ་དང་ལྡན་པ་
ནི་བློ་གྲོས་དང་ལྡན་པའོ། །དཔའ་སྙིང་ནི་སེམས་ཀྱིས་རྟུལ་ཕོད་པ་ཡིན་ཏེ། བརྟན་ཞིང་མི་གཡོ་བའོ། །ལུས་འཇམ་པ་ནི་ལུས་ཀྱི་ཤ་མདངས་འཇམ་ཞིང་མཉེན་པ་སྟེ། དེ་དག་གིས་ལུས་ཀྱི་རྟེན་བྱེད་དོ། །བད་ཀན་བརྟན་ཞིང་སྣུམ་ཉིད་དང་། །ཚིགས་འབྲེལ་བཟོད་ལ་སོགས་
པས་སོ། །ཞེས་བྱ་བ་ལ། དེ་ལ་བད་ཀན་ནི་མི་འགྱུར་ཞིང་བརྟན་པ་ལ་སོགས་པ་དང་ལྡན་པ། ལུས་རྗེས་སུ་འཛིན་པར་བྱེད་དོ། །བརྟན་པ་ནི་མི་གཡོ་བ་ཉིད་དོ། །སྣུམ་པ་ཉིད་ནི་ལུས་སྣུམ་པར་གྱུར་པ་ཉིད་དོ། །ཚིགས་འབྲེལ་པ་ནི་ལྷུ་ཚིགས་ཀྱི་བར་དེ་རྣམ་པར་འབྲེལ་ཞིང་དམ་
དུ་གནས་པའོ། །བཟོད་པ་ནི་གནོད་པ་ལ་མི་འཁྲུགས་པ་སྟེ། དེ་དག་ལ་སོགས་པས་ཕན་པའི་ལས་བྱེད་པ་ཡིན་ནོ། །ལུས་ཟུངས་ལས་གཙོ་གོ་རིམས་བཞིན། །ཚིམ་བྱེད་འཚོ་བྱེད་གཡོགས་པ་དང་། །སྣུམ་དང་བརྟན་དང་འགེངས་པ་དང་། །མངལ་ནི་སྐྱེད་བྱེད་ཡིན་
པར་བཤད། །ཅེས་བྱ་བ་ལ། བཅུད་ཀྱི་དངས་མ་ལ་སོགས་པ། ལུས་ཟུངས་བདུན་པོ་རྣམས་ཀྱི་མཆོག་དང་། གཙོ་བོ་བདུན་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ཚིམ་པར་བྱེད་པ་ལ་སོགས་པ་ཡིན་པར་སློབ་དཔོན་དག་གིས་བཤད་ཅིང་བསྟན་ཏོ། །དེ་ལ་ཚིམ་པར་བྱེད་པ་ནི་ལུས་
ཟུངས་ཚིམ་ཞིང་སེམས་དགའ་བར་བྱེད་པ་ནི་དངས་མའི་བཅུད་ཀྱི་ལས་ཀྱི་མཆོག་ཡིན་ནོ། །འཚོ་བར་བྱེད་ཅིང་སྲོག་འཛིན་པར་བྱེད་པ་ནི་ཁྲག་གི་ལས་སོ། །ལུས་ཀྱི་རུས་པ་གཡོགས་ཤིང་ཁེབས་པར་བྱེད་པ་ནི་ཤའི་ལས་སོ། །ལུས་སྣུམ་ཞིང་བཅུད་ཅན་དུ་བྱེད་པ་ནི་ཚིལ་གྱི་
เล่ม ๒๐๐ · หน้า 141b
ལས་སོ། །ལུས་བརྟན་ཞིང་མཁྲང་པོར་བསྒྲེང་བ་ནི་རུས་པའི་ལས་ཡིན་ཏེ། གཞན་དུ་ན་ལུས་ལ་རུས་པ་མེད་ན་ཤའི་གོང་བུ་ཉིད་དུ་འགྱུར་རོ། །རུས་པའི་རྐང་སྦུབས་འགེངས་པ་ནི་རྐང་གི་ལས་སོ། །མངལ་སྐྱེད་ཅིང་འབྱུང་བར་བྱེད་པ་ནི་ཁུ་བའི་ལས་ཀྱི་མཆོག་ཡིན་པར་བཤད་
དོ། །བརྟན་པར་བྱེད་པ་བཤང་བ་ཡིན། །འདྲུལ་དང་འབྱིན་པ་གཅིན་གྱི་ཡིན། །བ་སྤུ་བརྟན་པ་རྔུལ་གྱི་ཡིན། །ཞེས་བྱ་བ་ལ། ལུས་བརྟན་ཅིང་འབྱིན་པར་བྱེད་པ་ནི། །བཤང་བའི་ལས་ཀྱི་གཙོ་བོ་ཡིན་ནོ། །ཟས་འདྲུལ་ཞིང་མྱགས་པ་དང་། ཕྱི་རོལ་དུ་
འབྱིན་ཞིང་འདོན་པ་ནི། གཅིན་གྱི་ལས་ཀྱི་གཙོ་བོ་ཡིན་ནོ། །སྐྲ་དང་བ་སྤུ་བརྟན་པར་འཛིན་པར་བྱེད་པ་ནི། རྔུལ་གྱི་ལས་ཀྱི་གཙོ་བོ་ཡིན་ནོ། །རླུང་ནི་འཕེལ་བར་གྱུར་པ་ཡིས། །སྐེམ་དང་མདོག་གནག་དྲོད་བག་དགའ། །འདར་དང་ལྟོ་སྦོས་བཤང་བ་སྲི། །
སྟོབས་དང་གཉིད་དང་དབང་པོ་ཉམས། །སྨྲ་མང་མགོ་འཁོར་ཞུམ་པར་བྱེད། །ཅེས་བྱ་བ་ལ། རླུང་གི་ནད་འཕེལ་ཞིང་སྐྱེས་པར་གྱུར་པས་སྐེམ་པ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་ལ་སྐེམ་པ་ནི་ཁྲག་ལ་སོགས་པ་ཟད་པས་སྐེམ་ཞིང་ཉམ་ཆུང་བའོ། །མདོག་ནག་
པ་ནི་ཁ་དོག་ཉམས་པའོ། །དྲོད་བག་ལ་དགའ་བ་ནི་དྲོ་བ་མངོན་པར་འདོད་པའོ། །འདར་བ་ནི་གཡོ་ཞིང་འགུལ་བའོ། །ལྟོ་སྦོས་པ་ནི་གསུད་པ་རྒྱས་པའོ། །བཤང་བ་སྲི་བ་ནི་བཤང་གཅི་འགགས་པའོ། །སྟོབས་ལ་སོགས་པ་ཉམས་པ་ནི་དེ་དག་དང་བྲལ་བའོ། །སྨྲ་
མང་བ་ནི་མ་འབྲེལ་བར་མང་དུ་སྨྲ་བའོ། །མགོ་འཁོར་བ་ནི་ལུས་མལ་ན་མི་གནས་ཤིང་འཁོར་བའོ། །ཞུམ་པ་ནི་སེམས་མི་དགའ་ཞིང་གདུང་བར་བྱེད་པའོ། །མཁྲིས་པ་བཤང་གཅི་པགས་མིག་སེར། །བཀྲེས་སྐོམ་ལུས་ཚ་གཉིད་ཆུང་བྱེད། །ཅེས་བྱ་བ་ལ། མཁྲིས་པ་
འཕེལ་ཞིང་རྒྱས་པར་གྱུར་ན། བཤང་བ་ལ་སོགས་པ་སེར་པོར་བྱེད་པ་སྟེ། བཤང་བ་དང་གཅི་བ་སྲི་བ་དང་། པགས་པ་དང་། མིག་གི་མདོག་ཁ་དོག་སེར་པོར་འགྱུར་བར་བྱེད་པ་དང་། དེ་བཞིན་དུ་བཀྲེས་པ་དང་། སྐོམ་པ་དང་། ལུས་ཚ་བ་དང་གཉིད་ཆུང་བ་ཉིད་དུ་བྱེད་པར་
เล่ม ๒๐๐ · หน้า 142a
འགྱུར་རོ། །བད་ཀན་དྲོད་ཉམས་མཆིལ་མ་མང་། །ཁོང་སྙོམ་ལྕི་དང་ཤ་མདོག་དཀར། །ལུས་གྲང་ཡན་ལག་ལྷོད་པ་དང་། །ལུད་པ་དབུགས་མི་བདེ་གཉིད་ཆེ། །དངས་མའང་བད་ཀན་དང་འདྲ་ལ། །ཞེས་བྱ་བ་ལ། བད་ཀན་འཕེལ་བས་མེ་དྲོད་
ཉམས་པ་ལ་སོགས་པ་བྱེད་དོ། །དེ་ལ་དྲོད་ཉམས་པ་ནི་ཕོ་བའི་མེ་དྲོད་ཉམས་པའོ། །མཆིལ་མ་མང་བ་ནི་མཆིལ་མ་ལྷག་པར་འབྱུང་བའོ། །ཁོང་སྙོམ་པ་ནི་སྤྲོ་བ་ཆུང་ཞིང་སྒྱིད་ལུག་པའོ། །ལྕི་བ་ནི་ལུས་ཀྱི་ཡན་ལག་ལྕི་བ་ཉིད་དོ། །ཤ་མདོག་དཀར་བ་ནི་ལུས་ཀྱི་མདོག་
དཀར་ཞིང་སྐྱ་བ་ཉིད་དོ། །དེ་བཞིན་དུ་ལུས་གྲང་བ་ནས་གཉིད་ཆེ་བའི་བར་ཡང་སྐྱེད་པ་ཡིན་ནོ། །དངས་མའང་བད་ཀན་དང་འདྲ་ལ། །ཞེས་བྱ་བ་ལ། བཅུད་ཀྱི་དངས་མ་འཕེལ་བར་གྱུར་ན། དྲོད་ཉམས་པ་ནས་གཉིད་ཆེ་བའི་བར་བད་ཀན་དང་འདྲ་བར་སྐྱེད་པར་བྱེད་པའོ། །
ཁྲག་འཕེལ་མེ་དབལ་ཁོང་འབྲས་མཆེར། །མཛེ་དང་རླུང་ཁྲག་མཁྲིས་པ་ཁྲག །སྐྲན་དང་རྙིལ་ནད་མིག་སེར་དང་། །བསྐྱོད་དཀའ་དྲོད་ཉམས་རྨོངས་བག་དང་། །མིག་དང་གཅིན་པགས་དམར་བར་འགྱུར། །ཞེས་བྱ་བ་ལ། ཁྲག་འཕེལ་བ་ལས་ནི་མེ་དབལ་ལ་
སོགས་ནད་སྐྱེད་པར་འགྱུར་རོ། །རླུང་ཁྲག་ནི་རླུང་དང་ཁྲག་འདྲེས་པ་ལས་གྱུར་པའི་ནད་དོ། །མཁྲིས་པ་དང་ཁྲག་ནི་མཁྲིས་པ་དང་ཁྲག་འདྲེས་པའོ། །རྙིལ་ནད་ནི་སོའི་ཤ་ལས་ཁྲག་ལས་གྱུར་པའི་ཤ་ལྷག་སྐྱེ་བའམ་སྐྲང་བའོ། །བསྐྱོད་དཀའ་བ་ནི་རྐང་ལག་ལྕི་བ་ལ་བྱའོ། །
ཡང་ན་བྱང་གྱ་ཞེས་པ་གདོང་ལ་དམར་པོ་ཏལ་ཏིལ་བྱུང་བའི་པགས་ནད་ལ་བྱའོ། །གཞན་དག་ནི་གོ་བར་ཟད་དོ། །ཤ་འཕེལ་ཝ་བ་རྨེན་བུམ་དུང་། །མཁུར་ཚོས་བྲང་ལྟོ་བརླ་སྦོམ་ཞིང་། །མགུལ་སོགས་ལྷག་པར་ཤ་ཡང་ཆེ། །ཞེས་བྱ་བ་ལ། ཤ་འཕེལ་བ་ལས་ནི་
ལྦ་བ་ལ་སོགས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་མཁུར་ཚོས་དང་། བྲང་དང་། ལྟོ་བ་དང་། བརླ་སྦོམ་པ་ཉིད་དུ་འགྱུར་བ་དང་། མགུལ་པ་ལ་སོགས་པར་ལྷག་པར་ཤ་ཆེ་བར་འགྱུར་བ་སྟེ། ཤའི་སྟེང་དུ་ཤ་སྐྱེས་པ་ལྟ་བུར་འགྱུར་རོ། །ཚིལ་འཕེལ་དེ་འདྲ་དེ་
เล่ม ๒๐๐ · หน้า 142b
བཞིན་ངལ། །ཅུང་ཟད་བསྐྱོད་ཀྱང་དབུགས་རྒོད་ཅིང་། །རྐུབ་ཚོས་ནུ་མ་གསུས་འཕྱང་འགྱུར། །ཞེས་བྱ་བ་ལ། ཚིལ་འཕེལ་བ་ནི་ཤ་འཕེལ་བ་དེ་དང་འདྲ་བར་ལྦ་བ་ལ་སོགས་པ་སྐྱེད་པར་འགྱུར་བ་དང་། དེ་བཞིན་དུ་ངལ་བ་དང་། ཅུང་ཟད་བསྐྱོད་ཅིང་གཡོ་
བ་དག་ལ་ཡང་དབུགས་རྒོད་པར་འགྱུར་བ་དང་། རྐུབ་ཚོས་དང་ནུ་མ་དང་གསུས་པ་དག་ཀྱང་སྦོམ་ཞིང་རྒྱས་པ་ཉིད་ཀྱིས་འཕྱང་བར་འགྱུར་རོ། །རུས་འཕེལ་རུས་ལྷག་སོ་ལྷག་འགྱུར། །ཞེས་བྱ་བ་ལ། རུས་པ་འཕེལ་བས་ནི་རུས་པའི་སྟེང་དུ་རུས་པ་སྐྱེ་བ་དང་།
དེ་བཞིན་དུ་སོའི་སྟེང་དུ་སོ་འབྱུང་བར་འགྱུར་རོ། །རྐང་འཕེལ་ལུས་ལྕི་མིག་རྩ་གཡུང་། །ཚིགས་ཀྱི་མགོ་བོ་སྦོམ་པ་དང་། །ཚིགས་ལ་ཐོར་བུ་གསོ་དཀའ་འབྱུང་། །ཞེས་བྱ་བ་ལ། རྐང་འཕེལ་ནས་ནི་ལུས་ལྕི་བ་དང་། མིག་རྩ་གཡུང་ཞིང་ཞན་པར་བྱེད་པ་དང་། ཚིགས་
མདུད་ཀྱི་མགོ་བོ་རྣམས་སྦོམ་ཞིང་ཆེ་བར་འགྱུར་བ་དང་། ཚིགས་ལ་ཐོར་བུ་གཡོ་ཞིང་མི་བཟད་པ་འབྱུང་བར་འགྱུར་རོ། །ཁུ་འཕེལ་བུད་མེད་ལ་རབ་གདུ། །ཁུ་བའི་རྡེའུ་དག་ཏུ་འགྱུར། །ཞེས་བྱ་བ་ལ། ཁུ་བ་འཕེལ་ཞིང་རྒྱས་པ་ནི་བུད་མེད་ལ་རབ་ཏུ་གདུ་ཞིང་
ཆགས་པ་ཆེ་བར་འགྱུར་བ་དང་། ཁུ་བ་ལས་བྱུང་བའི་རྡེའུ་དག་ཆགས་པར་འགྱུར་རོ། །བཤང་འཕེལ་ལྟོ་སྦོས་རྒྱུ་འཁྲུག་ཅིང་། །ལུས་ལྕི་ལྟོ་བ་ན་བར་བྱེད། །ཅེས་བྱ་བ་ལ། བཤང་བ་འཕེལ་བར་འགྱུར་བ་ནི། ལྟོ་བ་སྟེ་ཁོང་སྦོས་ཤིང་གང་བ་དང་། རྒྱུ་མ་
འཁྲུག་ཅིང་ཀྲུག་ཀྲུག་ཟེར་བ་དང་། ལུས་ལྕི་ཞིང་བསྐྱོད་དཀའ་བ་དང་། ལྟོ་བ་ན་ཞིང་ཟུག་གཟེར་སྐྱེད་པར་བྱེད་པ་ཡིན་ནོ། །གཅིན་འཕེལ་ཆུ་སོར་ཟུག་ཅིང་ན། །གཅིས་ཀྱང་མ་གཅིས་སྙམ་སེམས་འགྱུར། །ཞེས་བྱ་བ་ལ། གཅིན་འཕེལ་བར་གྱུར་པ་ནི་ཆུ་སོར་ཟུག་
ཅིང་ལྷག་པར་ན་བ་དང་། དེ་བཞིན་དུ་གཅིས་ཤིང་བཏང་དུ་ཟིན་ཀྱང་མ་གཅིས་པ་སྙམ་སེམས་པར་འགྱུར་བ་སྟེ། ཡོངས་སུ་འདོར་བ་སྙམ་སེམས་པར་འགྱུར་ཏེ། ཡང་དང་ཡང་འོང་བས་ན་གཅིས་སོ་སྙམ་དུ་སེམས་པར་བྱེད་པར་འགྱུར་རོ། །རྔུལ་འཕེལ་རྔུལ་ཆེ་དྲི་མི་
เล่ม ๒๐๐ · หน้า 143a
ཞིམ། །གཡན་པ་ཉིད་ཀྱང་སྐྱེད་ཅེས་བྱ། །ཞེས་བྱ་བ་ལ། རྔུལ་ཆེན་ནང་དུ་འཕེལ་བས་རྔུལ་རབ་ཏུ་ཆེ་བར་འགྱུར་བ་དང་། ལུས་དྲི་མི་ཞིམ་པ་ཉིད་དུ་བྱེད་དོ། །གཡན་པ་ཉིད་ཀྱང་སྐྱེད་ཅིང་འབྱུང་བར་བྱེད་པ་ཡིན་པར་ཤེས་པར་བྱའོ། །མིག་རྡུལ་
ལ་སོགས་དྲི་མ་རྣམས། །མང་བས་ལྕི་ལ་སོགས་པར་བྱེད། །ཅེས་བྱ་བ་ལ། མིག་རྡུལ་ནི་མིག་གི་དྲི་མའོ། །སོགས་པའི་སྒྲས་ནི་རྣ་བ་ལ་སོགས་པའི་དྲི་མ་རྣམས་ཀྱང་བསྡུ་བར་བྱའོ། །དེ་ལྟར་ན་མིག་རྡུལ་ལ་སོགས་པའི་དྲི་མ་རྣམས་མང་ཞིང་འཕེལ་བས་ལྕི་ཞིང་
མང་དུ་འབྱུང་བ་དང་། དེ་བཞིན་དུ་སོགས་པ་ཞེས་སྨོས་པས་གཡའ་བ་དང་། འདྲུལ་བ་ལ་སོགས་པར་བྱེད་པ་བསྡུའོ། །དེ་དག་ཀྱང་ཟད་ཅིང་འབྲི་བར་འགྱུར་བའི་མཚན་ཉིད་ནི། རླུང་ཟད་མཚན་མ་ལུས་མི་བདེ། །སྨྲ་ཉུང་རྩོལ་བ་ཆུང་བར་འགྱུར། །དྲན་པ་མི་གསལ་
བད་ཀན་འཕེལ། །སྔར་བཤད་པ་ཡི་ནད་རྣམས་འབྱུང་། །ཞེས་བྱ་བ་ལ། རླུང་ཟད་ཅིང་འབྲི་བར་འགྱུར་བའི་མཚན་མ་ནི་ལུས་མི་བདེ་ཞིང་སྒྱིད་སྙོམ་པ་དང་། སྨྲ་བ་ཉུང་ཞིང་གཅོམ་ཆུང་བ་དང་། རྩོལ་ཞིང་ལུས་ཀྱི་ལས་སུ་བྱེད་པ་དག་ཀྱང་ཆུང་ཞིང་ཞན་པ་དང་།
དྲན་པ་མི་གསལ་བ་སྟེ། རིག་ཅིང་ཚོར་བ་ཆུང་བ་དང་དེ་བཞིན་དུ་བད་ཀན་འཕེལ་བར་གྱུར་པའི་སྐབས་སུ་སྔར་བཤད་པའི་ནད་དྲོད་ཉམས་པ་དང་། མཆིལ་མ་མང་བ་ལ་སོགས་པ་རྣམས་འབྱུང་བར་འགྱུར་རོ། །མཁྲིས་ཟད་དྲོད་ཉམས་གྲང་བ་དང་། །མདོག་ཉམས་བྱེད་དེ།
ཞེས་བྱ་བ་ལ། མཁྲིས་པ་ཟད་པའི་མཚན་མ་ནི་མེའི་དྲོད་ཉམས་ཤིང་རྟུལ་བ་དང་། ལུས་གྲང་ཞིང་བསིལ་བག་ཏུ་འགྱུར་བ་དང་། མདོག་མདངས་ཉམས་པར་བྱེད་པར་འགྱུར་རོ། །བད་ཀན་ཟད། །མགོ་འཁོར་བད་ཀན་གནས་སྟོངས་ཤིང་། །སྙིང་འདར་ཚིགས་
ནི་ལྷོད་པར་འགྱུར། །ཞེས་བྱ་བ་ལ། བད་ཀན་ཟད་པའི་མཚན་མ་ནི་མགོ་འཁོར་བ་སྟེ། ལུས་དང་སེམས་མལ་ལ་མི་གནས་པ་དང་། བད་ཀན་གྱི་གནས་སྣ་ལ་སོགས་པ་སྟོངས་ཤིང་བསྐམས་པ་དང་། སྙིང་འདར་ཞིང་གཡོ་ལ་འཛག་པ་དང་། ཚིགས་ཀྱི་ཚོགས་རྣམས་
เล่ม ๒๐๐ · หน้า 143b
ལྷོད་ཅིང་ཤིག་ཤིག་པོར་འགྱུར་བ་ཡིན་ནོ། །ཅུང་ཟད་རྩུབ་ངལ་སྐམ་པ་དང་། །ན་ཞིང་སྒྲ་ཆེར་མི་བཟོད་འགྱུར། །ཞེས་བྱ་བ་ལ། བཅུད་དམ་དངས་མ་ཟད་པའི་མཚན་མ་ནི། ལུས་རྩུབ་པ་ཉིད་དང་། ངལ་ཞིང་དུབ་པ་དང་། ཁ་སྐམ་པ་དང་། ན་ཞིང་ཉམ་ཆུང་བ་དང་།
སྒྲ་ཆེར་གྲགས་པ་མི་བཟོད་ཅིང་། ཚིག་སྨྲས་བརྣག་དཀའ་བར་འགྱུར་རོ། །ཁྲག་ཟད་སྐྱུར་དང་བསིལ་ལ་དགའ། །རྩ་ལྷོད་པགས་པ་རྩུབ་པར་འགྱུར། །ཞེས་བྱ་བ་ལ། ཁྲག་ཟད་པའི་མཚན་མ་ནི་རོ་སྐྱུར་བ་དང་། རེག་པ་བསིལ་བ་ལ་མངོན་པར་དགའ་ཞིང་འདོད་པ་
དང་། རྩ་ལྷོད་ཅིང་རྙིང་པ་དང་། ལུས་ཀྱི་པགས་པ་རྩུབ་པར་འགྱུར་རོ། །ཤ་ཟད་དབང་ཉམས་མིག་མཁུར་བའི། །རུས་སྐམས་ལྷུ་ཚིགས་ན་བར་འགྱུར། །ཞེས་བྱ་བ་ལ། ཤ་ཟད་པའི་མཚན་མ་ནི་དབང་པོ་ཉམས་ཤིང་རང་གི་ཡུལ་འཛིན་པར་མི་ནུས་པ་དང་། མིག་
དང་མཁུར་བའི་རུས་པ་སྐམས་ཤིང་ཤ་ཟད་པ་དང་། ལྷུ་ཚིགས་རྣམས་ན་ཞིང་བཅག་པ་སྙམ་སེམས་པར་འགྱུར་རོ། །ཚིལ་ཟད་གཉིད་ཆེ་དཔྱི་རྐེད་མངོན། །མཆེར་པ་ཆེ་དང་ལུས་སྐེམས་འགྱུར། །ཞེས་བྱ་བ་ལ། ཚིལ་ཟད་པའི་མཚན་མ་ནི་དཔྱི་དང་རྐེད་པ་མངོན་ཞིང་
ཚོར་བ་ཆུང་བ་དང་། མཆེར་པ་ཆེ་ཞིང་འཕེལ་བ་དང་། ལུས་སྐེམས་ཤིང་རིད་པར་འགྱུར་རོ། །རུས་ཟད་རུས་ཟུག་སོ་དང་ནི། །སེན་མོ་སྐྲ་ལ་སོགས་པ་འབྱུང་། །ཞེས་བྱ་བ་ལ། རུས་པ་ཟད་པའི་མཚན་མ་ནི་རུས་པ་ཉིད་ཟུག་ཅིང་ན་བ་དང་། དེ་བཞིན་དུ་སོ་དང་སེན་མོ་
དང་། སྐྲ་ལ་སོགས་པ་འབྱུང་ཞིང་འབྱི་བར་འགྱུར་རོ། །རྐང་ཟད་རྐང་སྦུབས་སྟོང་པ་དང་། མགོ་འཁོར་རབ་རིབ་ཅན་དུ་འགྱུར། །ཞེས་བྱ་བ་ལ། རྐང་ཟད་པའི་མཚན་མ་ནི་རྐང་གི་རུས་པའི་སྦུབས་ཁོང་སྟོང་དུ་འདུག་པ་དང་དེ་བཞིན་དུ་མགོ་འཁོར་བ་དང་། རབ་
རིབ་ཅན་དུ་འགྱུར་ཞིང་མུན་པར་འཐོམས་པར་འགྱུར་རོ། །ཁུ་བ་ཟད་པས་རིང་ནས་འབྱུང་། །ཡང་ན་ཁུ་བ་ཁྲག་ཉིད་འབྱུང་། །རླིག་པ་ཤིན་ཏུ་ན་བ་དང་། །ཕོ་མཚན་ཚིག་པ་སྙམ་དུ་སེམས། །ཞེས་བྱ་བ་ལ། ཁུ་བ་ཟད་པའི་མཚན་མ་ནི། ཁུ་བ་རིང་ཞིང་འགོར་
เล่ม ๒๐๐ · หน้า 144a
ནས་འབྱུང་བ་དང་། ཡང་ན་ཁུ་བ་ཁྲག་ཉིད་དུ་འབྱུང་བར་འགྱུར་བ་དང་། རླིག་པ་དེ་འབྲས་བུ་སྦུབས་ཅན་ཤིན་ཏུ་ན་ཞིང་འཇུག་པ་དང་། ཕོ་མཚན་ཚིག་ཅིང་དུ་བ་འཐུལ་བ་སྙམ་དུ་སེམས་པར་འགྱུར་རོ། །བཤང་ཟད་རླུང་ནི་རྒྱུ་མའི་ནང་། །སྒྲ་བཅས་
འཁྱིལ་བ་ལྟ་བུར་བྱེད། །ལྟོ་བར་རྒྱུ་ཞིང་གྱེན་དུ་འགྲོ། །སྙིང་ག་རྩིབ་ལོགས་མི་བཟད་ན། །ཞེས་བྱ་བ་ལ། བཤང་བ་ཟད་པའི་མཚན་མ་ནི་རླུང་རྒྱུ་མའི་ནང་ན་རྒྱུ་བ་སྒྲ་དང་བཅས་ཤིང་འཁྱིལ་བ་ལྟ་བུར་ཡན་མན་དུ་རྒྱུ་བ་དང་དེ་བཞིན་དུ་ལྟོ་བར་གྱེན་དུ་རྒྱུ་ཞིང་འགྲོ་བས་ན་བར་བྱེད་
པ། སྙིང་ག་དང་རྩིབ་ལོགས་གཉིས་སུ་མི་བཟད་པར་ན་ཞིང་གཟེར་བར་བྱེད་པ་ཡིན་ནོ། །གཅིན་ཟད་གཅིན་ནི་ཉུང་སྲི་དང་། །མདོག་འགྱུར་བའམ་ཁྲག་བཅས་ཉིད། །ཅེས་བྱ་བ་ལ། གཅིན་ཟད་པའི་མཚན་མ་ནི་གཅིན་ཟད་ཅིང་ཅུང་ཟད་འབྱུང་བ་དང་། སྲི་ཞི་ངན་པར་འབྱུང་བ་
དང་། མདོག་འགྱུར་བ་དང་། ཁྲག་དང་བཅས་པ་ཉིད་དུ་འགྱུར་རོ། །རྔུལ་ཟད་སྤུ་འབྱི་སྤུ་འགྲེངས་ལ། །པགས་པ་རྣམས་ནི་འགས་པར་འགྱུར། །ཞེས་བྱ་བ་ལ། རྔུལ་ཟད་པའི་མཚན་མ་ནི་སྤུ་འབྱི་ཞིང་ལྷུང་བ་དང་། བ་སྤུའི་བུ་ག་འཛུམས་ཤིང་འགྲེངས་པ་དང་།
པགས་པ་རྣམས་འགས་ཤིང་འགྱེས་པར་འགྱུར་བ་ཡིན་ནོ། །དྲི་མ་ཤིན་ཏུ་ཕྲ་བ་རྣམས། །ཟད་པས་བརྟག་དཀའ་དྲི་མ་ཡི། །རང་གནས་བསྐམས་དང་ན་བ་དང་། །སྟོང་དང་ཡང་བ་ལས་ཤེས་བྱ། །ཞེས་བྱ་བ་ལ། མིག་རྡུལ་ལ་སོགས་པའི་དྲི་མ་ཤིན་ཏུ་ཕྲ་བ་རྣམས་
ཟད་པའི་མཚན་མ་ནི་བརྟག་པར་དཀའ་སྟེ། དེ་བས་ན་དྲི་མ་རྣམས་ཀྱི་རང་གི་གནས་སྐབས་ལ་སོགས་པ་ལས་ཤེས་ཤིང་རྟོགས་པར་བྱའོ། །དྲི་མ་རྣམས་ཀྱི་རང་གི་གནས་ཡིན་པས་ན་དྲི་མའི་རང་གནས་ཏེ། མིག་ལ་སོགས་པ་དེ་རྣམས་བསྐམས་པ་དང་། ན་བ་དང་སྟོང་པ་དང་།
ཡང་བ་ལས་ཟད་པ་བརྟག་པར་དཀའ་བའི་དྲི་མ་དེ་རྣམས་ཀྱི་ཟད་པ་ཤེས་པར་བྱའོ། །དེ་ལྟར་ནད་དང་ལུས་ཟུངས་དང་། དྲི་མ་རྣམས་ཀྱི་ཟད་པ་དང་འཕེལ་བ་རྒྱ་ཆེར་བཤད་ནས། མདོར་བསྡུས་ནས་སྨྲས་པ་ནི། ནད་སོགས་རང་ཉིད་ཇི་ལྟ་བའི། །ཡོན་ཏན་འདི་ནི་བཟློག་པ་དག །ཟད་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด