ตัวบทไม่มีชื่อ — ประโยคแรก: གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๔ · หน้า 238b
༄། །གསུང་རབ་རིན་པོ་ཆེའི་གཏམ་རྒྱུད་དང་ཤཱཀྱའི་རབས་རྒྱུད་བཞུགས། ༄༅། །དཀོན་མཆོག་གི་ཟ་མ་ཏོག་ལས། སེམས་ཅན་འཁོར་བ་ལས་འབྱུང་བར་རྩོལ་བ་ལ་བདུད་བར་ཆད་བྱེད་ཀྱི་མི་རྩོལ་བ་ལ་ནི་མི་བྱེད་དོ་ཞེས་འབྱུང་། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་
ཁྱབ་པ་བསྟན་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱིས་ཆོས་ཟབ་མོ་བཤད་པ་དང་། རབ་འབྱོར་གྱིས་ཁྱོད་ལས་དང་པོ་རྗེས་སུ་མི་བསྲུང་བའི་ཆོས་སྟོན་ཏོ་ཞེས་བྱ་བ་དང་། འཇམ་དཔལ་གྱིས་ནད་གསོ་བའི་ཕྱིར། སྨན་པས་སྨན་རྩ་བ་བྱིན་པ་འཕྲལ་དུ་བདེ་བར་བྱ་བའི་ཕྱིར་མ་
ཡིན་ནོ་ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་ཆོས་ཟབ་མོ་འདི་ལ་སུ་དད་པ་ཉན་ཐོས་ཀྱི་ཐེག་པ་ཅན་ཞིག་ན་ནི་བྱམས་པའི་འདུས་པ་གསུམ་གྱི་ཁོངས་སུ་གཏོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཞིག་ན་ནི་བཟོད་པ་གང་ཡང་རུང་བ་ཐོབ་པར་འགྱུར་
ཞེས་གསུངས། དད་པའི་སྟོབས་བསྐྱེད་པའི་མདོ་ལས། ཡེ་ཤེས་མཐའ་ཡས་པ་ནི་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་དང་བཟོ་གནས་ལ་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །བློ་གྲོས་མི་ཟད་པས་བསྟན་པ་ལས།
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་མི་ཟད་པ་ནི་རྒྱུན་མི་ཟད་པའི་ཕྱིར་བལྟ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོ་རྣམས་ཀྱི་ཚུལ་ཁྲིམས་ནི་སྐྱེ་བའི་གནས་རྣམས་ཀྱི་ཟད་པར་འགྱུར་རོ། །ཕྱི་རོལ་གྱི་བརྡ་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འགྱུར་རོ། །མི་རྣམས་
ཀྱི་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཟད་པས་སོ། །འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཀྱི་ནི་བསོད་ནམས་ཟད་པས་སོ། །གཟུགས་ཀྱི་ཁམས་ཀྱི་ནི་ཚད་མེད་པ་དང་བསམ་གཏན་ཟད་པས་སོ། །གཟུགས་མེད་པའི་ལྷ་རྣམས་ཀྱི་ཚུལ་ཁྲིམས་ནི་ཇི་ལྟ་བུར་སྙོམས་པར་ཞུགས་པ་
སྐྱེས་པ་ཟད་ནས་ཟད་པར་འགྱུར་རོ། །སློབ་པ་དང་མི་སློབ་པ་དང་ཉན་ཐོས་ཐམས་ཅད་ཀྱི་ནི་མྱ་ངན་ལས་འདས་པའི་མཐར་རོ། །རང་སངས་རྒྱས་ཀྱི་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་སོ། །གཞན་ཡང་ཐེག་པ་གཉིས་ཏེ། ལྷའི་ཐེག་པ་དང་མིའི་ཐེག་པའོ། །དེ་ལ་སེམས་ཅན་ཐམས་ཅད་
เล่ม ๒๐๔ · หน้า 239a
ལ་དམིགས་པའི་བྱམས་པ་ནི། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པ་ནི། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་
པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱིའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བ་ལྟར་དབུགས་དབྱུང་བ་དང་། རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །བྱང་ཆུབ་སེམས་དཔའི་ལྷའི་མིག་རྣམ་པར་དག་པ་
ནི་ཕྱོགས་བཅུ་མཐའ་ཡས་པ་ན། སེམས་ཅན་གཟུགས་མེད་པ་མ་གཏོགས་པ་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་དང་ལས་དང་འབྲས་བུ་དང་པོའི་རིམ་པ་ཤེས་པའོ། །སྦྱིན་པ་ནི་ཆོས་དང་ཟང་ཟིང་ངོ་། །སྙན་པར་སྨྲ་བ་ནི་ཚིག་འཇམ་པའོ། །དོན་སྤྱོད་པ་ནི་གཞན་དག་
གི་བསམ་པ་བཞིན་རྫོགས་པར་བྱེད་པའོ། །དོན་མཐུན་པ་ནི་བདག་ཡོན་ཏན་དུ་འདུ་ཤེས་པའི་ཐེག་པ་དེ་ཉིད་ལ་གཞན་དགོད་པའོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་ནི་ཚིག་འབྲུ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྐད་དང་ཡི་གེ་དང་ཚིག་འབྲུས་བརྗོད་དུ་
མེད་པའི་དོན་ནི་སྟོན་ཏོ། །སྐྱེ་བ་དང་འགོག་པ་ལ་གནས་པ་ནི་རྣམ་པར་ཤེས་པའོ། །མི་སྐྱེ་བ་དང་མི་འགོག་པ་ལ་གནས་པ་ནི་ཡེ་ཤེས་སོ། །ངེས་པ་དང་དྲང་བ་ནི་དོན་དམ་པ་དང་ཀུན་རྫོབ་བསྟན་པའོ། །གང་ཟག་ནི་སྐྱེ་བོའི་གང་ཟག་གི་སངས་རྒྱས་ཀྱི་བར་བརྡས་བསྟན་ཏེ།
དེ་དག་ལ་མངོན་པར་ཞེན་པ་ནི་སྟོན་པ་མ་ཡིན་ནོ། །ཆོས་ཉིད་ནི་མཉམ་མོ། །འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དང་ཆ་མཉམ་ལ་སྤྱོད་པ་སྟེ། སྤྱིར་བརྒྱད་ཁྲི་བཞི་སྟོང་ངོ་། །སྦྱིན་པ་བཞིན་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་སྨྲ་བ་
རྣམས་ལ་སྨྱུ་གུ་དང་། གྲོ་ག་ལ་སོགས་པ་སྦྱིན་པ་དང་། སྟན་སྦྱིན་པ་དང་། རྙེད་པ་དང་། བཀུར་སྟི་དང་། སྙན་པ་སྦྱིན་པ་དང་། ལེགས་པར་གསུངས་སོ་ཞེས་བྱ་བ་སྦྱིན་པའོ། །ཡང་བཟོད་པ་བཞི་ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ། ཆོས་ཚོལ་བ་ལ་བརྩོན་པས་ངན་དུ་སྨྲ་བ་བཟོད་
เล่ม ๒๐๔ · หน้า 239b
པ་དང་། མཁན་པོ་དང་སློབ་དཔོན་དང་མཐུན་པར་འཇུག་པའི་བཟོད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་པའོ། །མི་རྟག་པའི་དོན་གང་ཞེ་ན། མེད་པའི་དོན་དང་། མི་ཆགས་པའི་དོན་ཏོ། །དཀོན་མཆོག་འབྱུང་གནས་ལས། བྲམ་ཟེའི་རིག་བྱེད་ལས་མཚན་སུམ་ཅུ་
རྩ་གཉིས་དང་ལྡན་པ་ནི་འགྲོ་བ་གཉིས་ཏེ། འཁོར་ལོས་སྒྱུར་བ་དང་། སངས་རྒྱས་སོ། །སྨན་སེར་འདི་ཡིས་མིག་བསྐུས་ན། གཟུགས་ཅི་མཐོང་བ་ཐམས་ཅད་གསེར་གྱི་ཁ་དོག་ཏུ་མཐོང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གང་དག་
ཡོངས་སུ་མྱ་ངན་ལས་འདས་པ་ཡང་། འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་བཙུད་དོ། །ཟ་མ་ཏོག་བཀོད་པ་ལས། སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་མ་ཡིན་གྱི་དབང་པོ་གཏོར་མ་ལུང་བསྟན། སྤྱན་རས་གཟིགས་དབང་ཕྱུག་གི་སྤོབས་པ་ལྟ་བུ་དེ་བཞིན་
གཤེགས་པ་ལ་ཡང་མི་མངའ་ཞེས་འབྱུང་། རིའི་རྒྱལ་པོ་དེ་དག་ལ་རང་སངས་རྒྱས་དེ་དག་གནས་ཏེ། མདོ་དང་དབྱངས་ཀྱིས་བསྙད་པ་ལ་སོགས་པ་རྣམ་པ་དུ་མ་དག་ཕན་ཚུན་སྨྲའོ། །དགེ་འདུན་གྱི་ལས་སྤྱོད་པའི་མི་འོས་པ་ལས་སྤྱོད་པ་ལས་སྡིག་ཆེ་བ་འབྱུང་། འཇམ་
དཔལ་རྣམ་པར་རོལ་པ་ལས། གང་དུ་སེམས་དང་ཡིད་དང་རྣམ་པར་རིག་པ་འཇུག་ན། ཐ་ན་མྱ་ངན་ལས་འདས་པར་སེམས་པ་ཡང་རུང་སྟེ། དེ་ཐམས་ཅད་ཉོན་མོངས་པའོ། །ཁ་དོག་དང་གཟུགས་ཀྱི་རྟགས་དང་སྤྱོད་ལམ་གྱི་དབྱིབས་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་
འབྱུང་བ་མ་ཡིན་གྱིས་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་བྱམས་པ་དང་། སྙིང་རྗེའི་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའི་རབ་ཏུ་འབྱུང་བ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ལས། ཆོས་ཉིད་ལ་བརྟེན་ན་མདོ་སྡེ་ཐམས་ཅད་ངེས་པའི་
དོན་ཡིན་ནོ། །འཇིག་རྟེན་ལ་བརྟེན་ན་ཐམས་ཅད་དྲང་བའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའི་ལས་ནི་གཉིས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བའོ། །བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་གནས་
เล่ม ๒๐๔ · หน้า 240a
ཤིང་ས་དགུ་པར་འཕར་བ་ལ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ཡོད། ཆོས་དེ་དག་ཀྱང་མདོ་འདི་ཉིད་ལས་འབྱུང་། མ་འདྲེས་པའི་ནང་ནས་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་གདུག་
པ་རྣམས་ཀྱིས་གནོད་པ་བྱས་ཀྱང་མི་བརྫི་ལ། གནོད་པ་བྱས་པའི་གཞི་དེས་སེམས་ཅན་དེ་ཡང་ངན་འགྲོར་མི་འགྲོ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དག་པའི་སྨོན་ལམ་གྱི་དབང་གི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་
ལས། རབ་ཏུ་བྱུང་བའི་ཡོན་ཏན་བཅུ་ཡོད་དེ། འདོད་པ་ལ་མི་ཆགས་པ་དང་། དགོན་པ་ལ་དགའ་བ་དང་། སངས་རྒྱས་ཀྱི་སྤྱོད་ཡུལ་འཐོབ་པ་དང་། ཆུང་མ་ལ་སོགས་པ་ལ་སྲེད་པར་མི་འགྱུར་བ་དང་། ངན་འགྲོར་འགྲོ་བའི་ཆོས་སྤོང་བ་དང་། བདེ་འགྲོའི་ཆོས་ལ་བརྟེན་
པ་དང་། སྔོན་གྱི་དགེ་བའི་རྩ་བ་ལས་ཡོངས་སུ་མི་ཉམས་པ་དང་། དགེ་བའི་རྩ་བ་ཕུན་སུམ་ཚོགས་པ་འཐོབ་པ་དང་། ལྷ་རྣམས་དགའ་བ་དང་། མི་མ་ཡིན་པ་རྣམས་བསྲུང་བར་འགྱུར་བའོ། །སངས་རྒྱས་བདུན་གྱི་སྨོན་ལམ་ལས། སེམས་ཅན་གྱི་རྣམ་པར་ཤེས་པ་གཤིན་རྗེའི་
མིས་དྲངས་ཏེ། གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་ཕྱི་བཞིན་འབྲང་བས་སེམས་ཅན་དེས་ལེགས་ཉེས་ཅི་བྱས་པ་ཐམས་ཅད་ལེགས་པར་ཡི་གེར་བྲིས་ཏེ། གཤིན་རྗེ་ལ་ཕུལ་བ་དང་། གཤིན་རྗེས་དྲིས་ཤིང་བརྟགས་ནས། དེ་ལ་ཇི་ལྟར་བྱས་པ་དེ་བཞིན་དུ་
བསྒོའོ། །མི་ཤི་མ་ཐག་ཏུ་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་མཆོད་ན། དེས་ཞག་བདུན་ནམ་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ། བཞི་བཅུ་རྩ་དགུ་ན་དྲན་ཏེ། དེ་ཕྱིན་ཆད་སྡིག་པ་མི་བྱེད་དོ། །འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ལས།
བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ལ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་རབ་ཏུ་དབེན་པ་
เล่ม ๒๐๔ · หน้า 240b
འདོད་ཅིང་དགོན་པའི་ལོགས་སུ་ཕྱོགས་ཏེ། གོམ་པ་བདུན་བོར་ན་ཆེས་བསོད་ནམས་ཆེ་ཞིང་། སངས་རྒྱས་སུ་ཡང་ཉེ་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ནི་བག་ཡོད་པ་ལ་གནས་སོ། །བྱང་ཆུབ་ནི་ནན་ཏན་ལ་གནས་སོ། །སངས་རྒྱས་ཀྱི་ཞིང་སྨོན་ལམ་གྱིས་གྲུབ་པོ། །གང་གིས་
སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་མཚན་བརྗོད་པ་བས་ནི། འཕགས་པ་འཇམ་དཔལ་གྱི་མཚན་བརྗོད་པ་བསོད་ནམས་ཆེས་ཆེ་ན། དེ་བཞིན་གཤེགས་པ་ཀུན་དུ་གཟིགས་པའི་མཚན་བརྗོད་པ་ལྟ་སྨོས་ཀྱང་ཅི་དགོས། འཕགས་པ་འཇམ་དཔལ་ལ་བྱང་ཆུབ་སེམས་
དཔའ་ཞིག་གིས་ཁྱོད་ནམ་འཚང་རྒྱ་ཞེས་དྲིས་པ་དང་། ནམ་ཡང་འཚང་མི་རྒྱ་བའི་དཔེར། ཟླ་བ་ནི་ཉིན་མོར་འགྱུར་བ་དང་། ཉིན་མོ་ནི་མཚན་མོར་འགྱུར་བ་དང་། དགྲ་བཅོམ་པ་ཟག་པ་ཟད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་ན་བ་དག་འཚང་རྒྱའོ་ཞེས་བཤད་དོ། །དེ་བཞིན་
གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས། བར་གྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ། །དེའི་བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་གོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་ནས་བྱུང་བ་ཞིག་གིས་མདོ་སྡེ་འདི་གཟུང་བ་དང་། བཀླག་པ་ལ་
སོགས་པར་མི་རྙེད་ལ་དེ་ལ་གལ་ཏེ་ལ་ལ་ཞིག་གིས་ཁྱོད་ཁྱིམ་གྱི་གནས་བཙུན་མོའི་འཁོར་གྱི་ནང་དུ་འདུག་ཕོད་ན་མདོ་སྡེ་འདི་སྦྱིན་ནོ་ཞེས་ཟེར་ལ། གལ་ཏེ་མདོ་སྡེ་རྙེད་པ་ལྟ་ན་ཁྱིམ་གྱི་གནས་བཙུན་མོའི་འཁོར་གྱི་ནང་ན་གནས་ཀྱང་ལྟུང་བ་མེད་དོ། །མི་འཁྲུགས་པའི་སངས་རྒྱས་
ཀྱི་ཞིང་དེ་ན་ཚེ་གཅིག་གིས་དགྲ་བཅོམ་པར་འགྱུར་ཏེ། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བའི་འབྲས་བུ་མིང་ཙམ་སྟེ། སེམས་ཅན་གྱི་རིས་དེར་སྐྱེ་བ་མེད་དོ། །དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་བསྟན་པ་ལས། འདི་ལྟ་སྟེ། ལས་བསམ་
གྱིས་མི་ཁྱབ་པ་དང་། ཀླུ་བསམ་གྱིས་མི་ཁྱབ་པ་དང་། བསམ་གཏན་པ་བསམ་གྱིས་མི་ཁྱབ་པ་དང་། སངས་རྒྱས་བསམ་གྱིས་མི་ཁྱབ་པའི། །རང་གི་ལུས་ཀྱང་རས་བཅོས་བུས་དཀྲིས་ནས། འབྲུ་མར་གྱིས་བསྐུས་ནས་མར་མེ་འབུད་དོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་
เล่ม ๒๐๔ · หน้า 241a
པ་འདི་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་མིག་བཟངས་ཞེས་བྱ་བར་གྱུར་ཏོ། །ཆོས་བཞི་དང་ལྡན་ན་རྒྱལ་པོ་ལ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། གཞན་དག་ཀྱང་བྱང་ཆུབ་ལ་བཀོད་པ་དང་། དགེ་བའི་རྩ་བ་ཐམས་
ཅད་བྱང་ཆུབ་ཏུ་བསྔོ་བ་དང་། སངས་རྒྱས་ཀྱི་ཆེ་བ་མཐོང་ངམ་ཐོས་ན་དེ་ལ་མོས་པ་མ་གཏོགས་པ་ལྷ་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པའི་ཕུན་སུམ་ཚོགས་པ་གང་ལ་ཡང་མ་མོས་པའོ། །བྱམས་པ་སེང་གེ་ཏོག་མེ་ཏོག་པདྨ་མེ་ཏོག་སྐར་མ་རྒྱལ་སྤྱད་ལེགས་ལག་
བཟངས་འོད་སྐར་མ་ལ་དགའ་བ། མངོན་འཕགས་ཤེས་པ་ཡོན་ཏན་གྱི་མཆོག་མངའ་བ་ནོར་དཔལ་ཡེ་ཤེས་འབྱུང་གནས། རིན་པོ་ཆེ་འབྱུང་གནས་ཀུན་དུ་སྣང་བ། ཡོན་ཏན་མཐའ་ཡས་གྲགས་པ་མོས་པ། དེ་བཞིན་གཤེགས་པ་མོས་པའི་སྐུ་ཚེ་དང་ཉན་ཐོས་ནི་བསྐལ་
པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དགུ་ཀུན་བསྡོམས་པ་དང་མཉམ་མོ། །དེ་སྙེད་ཀྱི་མཛད་པ་ཀུན་སངས་རྒྱས་མོས་པ་གཅིག་པུས་མཛད་དོ། །ཚངས་པ་གཙུག་ཕུད་བྱང་ཆུབ་ཀྱི་རིམ་གྲོ་བའི་ལྟ་གཟི་བརྗིད་ཀྱི་སྟོབས་ཞེས་བྱ་བ་རྟག་ཏུ་དེ་བཞིན་གཤེགས་
པའི་ཞམ་རིང་ན་འབྲང་སྟེ། དེ་བཞིན་གཤེགས་པའི་ཞལ་ཟས་སྣོད་དུ་ཟེད། གཟུགས་མེད་པའི་ལྷའི་ཚེ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་། སེམས་ཅན་གང་དག་དགོན་པའི་གནས་ལ་ཆགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའི་སེམས་དབེན་པར་བྱ་བའི་གཏམ་བྱའོ། །
ལག་ན་རྡོ་རྗེས་སྨྲས་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་བརྗོད་དོ་ཞེས་ཁོ་བོས་སྔར་མ་བཤད་དམ། དེ་ལྟ་མོད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པས་གསུངས། སེམས་ཅན་རྣམས་ཀྱིས་དམིགས་སོ། །ཆོས་ཀྱི་མདོ་བཞི་
རྣམ་པར་གཞག་སྟེ། དགེ་སྦྱོང་དང་། བྲམ་ཟེ་རྟག་པར་སྨྲ་བ་རྣམས་དང་། ལྷ་ཚེ་རིང་པོ་རྟག་པར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་དང་། ལྷ་དང་མི་བདེ་བར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་སྡུག་བསྔལ་ལོ་ཞེས་
เล่ม ๒๐๔ · หน้า 241b
བྱ་བ་དང་། མུ་སྟེགས་ཅན་བདག་ཏུ་སྨྲ་བ་རྣམས་ཀྱི་གཞོམ་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པ་ཞེས་བྱ་བ་དང་། རྣམ་པར་རྟོག་པ་ལ་སྤྱོད་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་གཞོམ་པའི་ཕྱིར། མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱའོ། །རྨི་ལམ་བསྟན་པ་ལས། ས་དགུ་པ་
དང་བཅུ་པ་ལས་རྨི་ལམ་ལོག་པར་མཐོང་བ་མེད་དོ། །ཕུང་པོ་གསུམ་པ་ལས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་བཀླག་པ་དང་། བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་དེ་བཞིན་གཤེགས་པའི་ཆོས་གོས་གསུམ་ཆར་རྙེད་ན་དེ་ནི་ས་བརྒྱད་པར་བལྟའོ། །མེ་ཏོག་གི་ཚོགས་ལས། བྱང་ཕྱོགས་ན་ཡུལ་གན་
དྷ་ར་ཞེས་བྱ་བ་ན་ལོ་འབུམ་དུ་མནར་མེད་པའི་སེམས་ཅན་དམྱལ་བ་འཛིན་པར་འགྱུར་བ་ཡོད་དོ། །ཁ་ཆེའི་ཡུལ་ནས་ཁྲི་ཕྲག་ལྔ། བྱང་ཕྱོགས་ནས་བྱེ་བ་ཕྲག་བརྒྱད་དང་ལྔ་འབུམ། ཤར་ཕྱོགས་ནས་བརྒྱ་སྟོང་ཕྲག་མང་པོ། །ལྷོ་ཕྱོགས་སུ་ཉིས་འབུམ། ནུབ་ཕྱོགས་ནས་འབུམ། རིགས་ཀྱི་བུ་གང་དེ་
བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་ཐོས་པའི་དགེ་བའི་རྩ་བ་དེ་ལ་མ་དད་ཅིང་། ཡིད་མ་ཆེས་ནས། དེ་ལྟ་བུར་ག་ལ་འགྱུར་ཞེས་ཚིག་ཏུ་སྨྲས་ན། ལོ་སྟོང་ཕྲག་དྲུག་ཅུར་སེམས་ཅན་དམྱལ་བ་ཆེན་པོ་འོ་དོད་འབོད་པ་ཞེས་བྱ་བར་འཚོ་བར་འགྱུར་རོ། །ཕྱོགས་གང་ན་བསྟན་པ་རབ་ཏུ་འབར་
བར་གྱུར་པ་དེ་ན། དམ་པའི་ཆོས་སྤང་བའི་སྐྱེས་བུ་བླུན་པོ་ཤིན་ཏུ་མང་བར་གྱུར་ཏོ། །མི་ལུས་ཐོབ་པར་དཀའ་སྟེ། རུས་སྦལ་དང་གཉའ་ཤིང་གི་དཔེས་བསྟན་པ་འབྱུང་། འཕགས་པ་བྱམས་པ་སེང་གེའི་སྒྲ་ཆེན་པོ་ལས། འབྲས་བུ་མ་ཐོབ་པར་ཐ་ན་དད་པས་བྱིན་པ་ཆུ་སྣོད་གང་ཙམ་
ཡང་བླང་བར་མི་བྱའོ། །ཉན་ཐོས་ཀྱི་ཐེག་པ་པ་རབ་ཏུ་བྱུང་བ་སྡིག་པ་ཅན་གྱི་འདོད་པ་བཞི་སྟེ། མ་འོངས་པའི་སངས་རྒྱས་མཐོང་བར་འདོད་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འདོད་པ། རྒྱལ་རིགས་འདོད་པ། བྲམ་ཟེའི་རིགས་འདོད་པའོ། །གླིང་བཞི་པའི་སེམས་ཅན་
ཐམས་ཅད་ལ་བསྐལ་པ་བས་ལྷག་པར་ཡོ་བྱད་ཀུན་བྱིན་པ་བས། ཡང་དག་པར་ཞུགས་པ་ཚུལ་ཁྲིམས་ཡོངས་སུ་དག་པ་འཚོ་བ་དག་པ་ཞིག་གིས་སྦྱིན་པ་པོ་གང་གིས་དད་པས་བྱིན་པ་ཐ་ན་ཆུ་སྣོད་གང་ཙམ་བླངས་ན་དེ་བསོད་ནམས་ཆེའོ། །རབ་ཏུ་བྱུང་བ་ཉོན་མོངས་པ་ཆ་ཕྲ་བ་འདི་
เล่ม ๒๐๔ · หน้า 242a
དག་དང་ལྡན་ན། མདའ་འཕངས་པ་བཞིན་དམྱལ་བར་འགྲོ་སྟེ། གཞན་གྱི་རྙེད་པ་ལ་ཕྲག་དོག་དང་། སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ན་ཚུལ་ཁྲིམས་ལ་སྨོད་པ་དང་། དེ་བཞིན་གཤེགས་པའི་བཀས་བསླབས་པ་ལས་འགལ་ན་ང་རྒྱལ་གྱིས་མི་འཆགས་པ་དང་།
ཤེས་བཞིན་དུ་ཡོན་བདག་དད་པས་བྱིན་པ་ལ་སྤྱོད་པའོ། །རབ་ཏུ་བྱུང་བ་རྒྱགས་པ་འདི་བཞི་དང་ལྡན་ན་དམྱལ་བར་འགྲོ་སྟེ། བཞི་ནི་མང་དུ་ཐོས་པས་རྒྱགས་ནས་བག་མེད་པ་དང་། རྙེད་པ་དང་། བཀུར་སྟིས་རྒྱགས་པ་དང་། མཛའ་བ་ཤེས་དང་། སློང་མོ་སྟེར་བའི་ཁྱིམ་གྱིས་རྒྱགས་པ་དང་། སྦྱངས་
བའི་ཡོན་ཏན་གྱིས་རྒྱགས་ནས་བདག་བསྟོད། གཞན་ལ་སྨོད་པའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔར་ཁས་འཆེས་ཏེ། རྙེད་པ་འདོད་པ་དང་། བཀུར་སྟི་འདོད་པ་དང་། གཡོ་བྱེད་པ་དང་། ཡང་བའི་འཚོ་བས་འཚོ་བར་བྱེད་པའོ། །དུས་ལྔ་བརྒྱ་ཐ་མ་ལ་བྱང་ཆུབ་སེམས་དཔར་ཁས་འཆེས་པའི་ཁྱིའི་ཆོས་ཀུན་ཏུ་
སྤྱོད་པ་དག་འབྱུང་། དགེ་སློང་ཁྱིམ་པ་རྣམས་སུ་འགྲོ་བར་འདོད་པས་ནི་ཆོས་ཀྱི་སྐྱེས་མ་གཏོགས་པར་སྐྱེས་གཞན་བསྐུར་བར་མི་བྱ། ཁྱིམ་དུ་སོང་ནས་ཆོས་མ་གཏོགས་འདུ་འཛིའི་གཏམ་མི་བྱ། ངས་ནི་སྔོན་བྱས་པའི་ལས་ཟད་པར་བྱ་བའི་ཕྱིར། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གསུངས། བྱང་ཆུབ་
སེམས་དཔའ་ལྟར་བཅོས་པ་ཁ་ཅིག་སྡིག་པ་བྱས་པ་བཤགས་པས་འབྱུང་བའི་སེམས་ཀྱིས་ཕྱིན་ཆད་སྡོམ་པར་མི་བྱེད། ཉིན་གཅིག་ལ་ལན་བརྒྱ་བར་དུ་འབྱུང་བའི་ཕྱིར་སྤོང་བ་ནི་བླའི། ཚུལ་ཁྲིམས་མ་དག་པས་དད་པས་བྱིན་པ་ལ་ཡོངས་སུ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །གལ་
ཏེ་ཁྱེད་ཉན་ཐོས་གཅིག་གི་སེམས་དག་རྣམ་པར་གྲོལ་བར་མ་གྱུར་དུ་ཟིན་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེད་དུ་བཅུག་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །ཁྱིམ་པས་
ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ལས། ཚོང་དཔོན་ཟླ་བ་འབྱོར་པ་དེ་ལ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་བདེ་བའི་ཡོ་བྱད་ཀྱིས་ཀྱང་ཅི་ཙམ་དུ་ཡང་མི་ཕོད་དོ། །དཔེར་ན་དགྲ་བཅོམ་པ་འགོག་པའི་སྙོམས་པར་ཞུགས་པའི་
เล่ม ๒๐๔ · หน้า 242b
རྣམ་པར་ཤེས་པའི་ཁམས་དེ་འགོག་པ་ལས་འདས་ནས་ཡོངས་སུ་ཕྱིན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་ཁམས་འདི་ཡང་སྐྱེ་བ་པོ་ཤི་བའི་ལུས་ཡོངས་སུ་བཏང་ཞིང་ཁམས་རྣམས་བོར་ནས། ནང་གི་གཟུགས་དང་ཕྱི་རོལ་གྱི་གཟུགས་ཡོད་དེ། ནང་གི་གཟུགས་ནི་ཟིན་པའི་མིག་གང་ཡིན་པ་ནི་
ཕྱི་རོལ་གྱི་གཟུགས་སོ། །མིག་གི་རྣམ་པར་ཤེས་པ་གང་ཡིན་པ་ནི་གཟུགས་སོ། །ནང་གི་མིག་ཤེས་པ་དང་ལྡན་པས་རྨི་ལམ་ན་གཟུགས་མཐོང་གི་ཤའི་མིག་གིས་ནི་མ་ཡིན་ནོ། །ཕྱིར་མི་ལྡོག་པའི་འཁོར་ལོ་ལས་འདི་གཉིས་ལོ་ཁྲིར་དགེ་བའི་རྩ་བ་ཡང་དག་པར་བསྒྲུབས་པ་བས།
གང་ཞིག་དེར་སྔ་དྲོ་གཅིག་གི་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་ཡང་དག་པར་སྨྲ་བའོ། །དཀོན་མཆོག་སྤྲིན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་དོན་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཐོབ་པའི་ཕྱིར་ཏེ། རིགས་ཀྱི་བུ་ཆོས་ཉིད་མ་ཐོབ་པ་རྣམས་ཀྱི་ནི་
དོན་དང་འབྲལ་བར་འགྱུར་གྱི། ཆོས་ཉིད་ཐོབ་པ་རྣམས་ཀྱིས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་ནི་ཚིག་འབྲུ་དང་བྲལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པའི་ཕྱིར་ཏེ། རིགས་ཀྱི་བུ་བསྟན་བཅོས་ཀྱི་ཕྱོགས་འགའ་ཤེས་པ་
རྣམས་ཀྱིས་ནི་ཚིག་འབྲུ་དང་བྲལ་བར་འགྱུར་གྱི་བསྟན་བཅོས་ཐམས་ཅད་མེད་པར་འགྱུར་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གང་ན་གནས་པས་སངས་རྒྱས་སྐྱེས་བུ་དུ་མ་འབྲས་བུ་མེད་པར་འགྱུར་བ་དང་། སེམས་ཅན་གྱི་དོན་འགྲིབ་པར་འགྱུར་བ། ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེའོ། །བྱང་
ཆུབ་སེམས་དཔའ་རྣམས་ནི་འདོད་པའི་ཁམས་ཉིད་དུ་གང་སེམས་ཅན་གདུལ་བར་བྱ་བ་དང་། སངས་རྒྱས་སྐྱེས་པ་མཉེས་པར་བྱར་ཡོད་པར་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐབས་མཁས་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །འདུལ་བའོ། །ཚངས་
པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས། སངས་རྒྱས་ཀྱི་ཞིང་འདི་ན་འགའ་ཞིག་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་སྔ་དྲོའི་དུས་གཅིག་ཞེ་སྡང་མེད་པར་གནས་པ་བསོད་ནམས་ཤིན་ཏུ་ཆེའོ། །ཆོས་བཞི་དང་ལྡན་ན་བྱང་
เล่ม ๒๐๔ · หน้า 243a
ཆུབ་སེམས་དཔའ་བསམ་གཏན་ལ་གནས་ནས། འདོད་པའི་ཁམས་སུ་སྐྱེ་སྟེ། བཞི་གང་ཞེ་ན། སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ་སྟོབས་སྐྱེད་པ་དང་། སེམས་ཅན་ཡོངས་སུ་མི་གཏོང་བ་དང་། ཐབས་དང་ཤེས་རབ་བསྒོམ་པའོ། །གང་རྣམས་དངོས་
པོ་འཇིག་པ་ལས་འགགས་པ་དེ་འཕགས་པའི་བདེན་པའོ། །སྨྲ་བར་གྱུར་པ་དེ་དག་ནི་ལམ་ལོག་པར་ཞུགས་པ་སྟེ། ང་ཡང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ཡང་ངའི་ཉན་ཐོས་མ་ཡིན་ནོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་། །ཐེག་པ་དམ་པ་འདོད་འགྱུར་ན། །ཐམས་
ཅད་ཀྱི་ཡང་གོ་སྐབས་ཡོད། །ཐེག་པའི་ཁྱད་པར་དག་ལ་ལྟོས། །དངོས་པོ་ནི་མིག་གི་རང་བཞིན་གྱིས་དབེན་ཏེ། གང་ཆོས་ཐམས་ཅད་མི་སྒོམ་པ་འདི་ནི་ལམ་སྒོམ་པའོ། །བསྐལ་པས་བསྲེག་པ་ན་ཆུ་བྲན་དང་། རྫིང་བུ་དང་མཚོ་ལ་སོགས་པ་སྔར་སྐམ་ལ་ཕྱིས་རྒྱ་མཚོ་ཆེན་པོ་སྐམ་པ་ལྟར་
དམ་པའི་ཆོས་ནུབ་པའི་ཚེ། ཉི་ཚེ་བའི་སྤྱོད་པ་ལ་ཞུགས་པའི་སེམས་ཅན་རྣམས་ཀྱི་ཆོས་སྔར་ནུབ་པར་འགྱུར་ལ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་པ་དེ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་འགྱུར་རོ། །ཇི་ལྟར་རྒྱ་མཚོ་
ལས་བྱུང་བ། །རིན་པོ་ཆེས་ནི་རིན་ཆེན་སྡུད། །ཅེས་བྱ་བར་བསྔགས་པ། བསྲེག་པའི་བསྐལ་པ་བྱུང་ཡང་མི་འཚིག་སྟེ། །དེ་ཡང་འཇིག་རྟེན་འཇིག་ཚེ་གཞན་དུ་འགྲོ། །དེ་བཞིན་དྲི་མ་མེད་པའི་ཆོས་འཇིག་ཚེ། །བརྩོན་འགྲུས་མཆོག་ལྡན་དེ་དག་འབད་ཅིང་
འཛིན། །སྣོད་མིན་འཇིག་རྟེན་ཆོས་མིན་འདོད་རིག་ནས། །ཁམས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ། །ཆོས་རྣམས་འབྱུང་བ་མེད་པ་བསྟན་པ་ལས། །ལན་ཅིག་ཁོ་ནས་རྒྱལ་བར་འགྱུར་བ་མིན། །རིགས་པའི་རིམ་དང་བྱ་བའི་རིམ་གྱིས་འཐོབ། །བསྐལ་པ་ཁྲག་ཁྲིག་བྱེ་བ་
གྲངས་མེད་དུ། །གོ་ཆ་བགོས་པས་འཐོབ་ཀྱི་གཞན་དུ་མིན། །རིགས་ཀྱི་བུ་བདག་བསྲུང་བར་འདོད་པ་དེས་གཞན་སུའི་སྤྱོད་པ་ལ་ཡང་བརྟག་པར་མི་བྱ་སྟེ། འདི་ནི་འདི་འདྲའོ། །འདི་ནི་འདི་འདྲའོ་ཞེས་དཔྱ་བར་མི་བྱའོ། །ཆོས་འདི་ཐོས་ཤིང་མིར་འགྱུར་བའི། །འདོད་པའི་
เล่ม ๒๐๔ · หน้า 243b
ཡོན་ཏན་ལྔ་ཆགས་ཁྱིམ་པའང་བླའི། །བསྟན་པ་འདི་ལ་རབ་ཏུ་བྱུང་གྱུར་ཞིང་། །དམིགས་ལྟ་སྦྱངས་པའི་ཡོན་ཏན་རློམ་པ་མིན། །འཕགས་པ་ནམ་མཁའ་མཛོད་ཀྱི་ཞུས་པ་ལས། །དགེ་བའི་རྩ་བ་ནི་སེམས་དང་པོ་བསྐྱེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཀུན་གྱི་རྩ་བའོ། །
བསོད་ནམས་ནི་སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་དང་ཐེག་པ་དམན་པའི་བསོད་ནམས་ཟིལ་གྱིས་གནོན་པའོ། །ཡེ་ཤེས་ནི་དགེ་བའི་རྩ་བ་དེ་དག་བླ་ན་མེད་པར་བསྔོ་བའོ། །ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར། ཐབས་ཀྱི་
ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་མི་གཏོང་བ་སྟེ། ཚིག་ནམ་མཁའ་དང་མཚུངས་པའི་ཕྱིར་གཤེ་ཡང་སླར་མི་གཤེ། ལུས་ནམ་མཁའ་དང་མཚུངས་པའི་ཕྱིར་བརྡེག་ཀྱང་སླར་མི་བརྡེག །སེམས་ནམ་མཁའ་དང་མཚུངས་པས་སྤྱོ་ཡང་སླར་མི་སྤྱོ། །བསམ་པ་ནམ་མཁའ་དང་མཚུངས་
པས་ཁྲོས་ཀྱང་སླར་མི་ཁྲོ། །དགེ་བའི་རྩ་བ་ནི་དགེ་བའི་བཤེས་གཉེན་རབ་ཏུ་རྙེད་པའོ། །བསོད་ནམས་ནི་དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏོང་བའོ། །ཡེ་ཤེས་ནི་དགེ་བའི་བཤེས་གཉེན་ལ་ཀུན་དྲི་བྱའོ། །ཐོས་པ་ནི་ཤེས་རབ་ཆེན་པོའི་རྒྱུ་སྟེ། སེམས་ཀྱི་རང་བཞིན་འོད་གསལ་བས། འཁོར་
ལོས་སྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱིས་བརྒྱན་པ་དེ་ལ་བཙུན་མོ་ཡང་བརྒྱད་ཁྲི་བཞི་སྟོང་བུ་ཡང་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །དགེ་བའི་རྩ་བ་ནི་སྡིག་པ་སོ་སོར་འཆགས་པའོ། །བསོད་ནམས་ནི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བྱའོ། །ཡེ་ཤེས་ནི་སངས་རྒྱས་
ཐམས་ཅད་ལ་གསོལ་བ་འདེབས་པའོ། །ཤེས་རབ་གང་ངོམས་དེ་དག་ཤིན་ཏུ་ངོམས། བྱང་ཆུབ་ཀྱི་སེམས་ནི་ཆོས་གཉིས་ཀྱིས་བསྡུས་ན་ཕྱིར་མི་ལྡོག་པར་གནས་སོ། །གཉིས་གང་ཞེ་ན། བསམ་པ་དང་ལྷག་པའི་བསམ་པའོ། །དེ་ལ་བསམ་པ་ནི་གཡོ་མེད་པ་དང་སྒྱུ་མེད་པས་
བསྡུས་སོ། །ལྷག་པའི་བསམ་པ་ནི་དེ་ལ་ཆགས་པ་དང་ཁྱད་པར་དུ་འགྲོ་བས་བསྡུས་སོ། །སེམས་ཀྱི་དམིགས་པ་ནི་བདུད་ཀྱི་ཡུལ་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་མི་ཁོམ་པ་སྤོང་བར་འགྱུར་ཏེ། དཀོན་མཆོག་གི་བསྔགས་པ་བརྗོད་པ་དང་། ཆོས་འདོད་
เล่ม ๒๐๔ · หน้า 244a
པ་རྣམས་གཡེངས་པར་མི་བྱེད་པ་དང་། བདག་གི་འགྱོད་པ་མི་སྐྱེ་བ་དང་། གཞན་གྱི་འགྱོད་པ་སེལ་བའོ། །ཆོས་གཉིས་དང་ལྡན་པས་མི་དགེ་བའི་ཆོས་རྣམས་བསལ་ནས་མི་དགེ་བའི་ཆོས་འགོག་པར་འགྱུར་ཏེ། གཉིས་ནི་ཕུང་པོ་གསུམ་གྱི་བསྔོ་བ་དང་ལྡན་
པ་དང་། བག་ཡོད་པར་གནས་པའོ། །ཡང་གཉིས་ཏེ། དགེ་བའི་རང་བཞིན་དུ་གྱུར་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བའོ། །ཆོས་བརྒྱད་དང་ལྡན་ན་རབ་ཏུ་བྱུང་བའི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་ཏེ། གང་ཞེ་ན། འཕགས་པའི་རིགས་ཀྱིས་ཆོག་པར་འཛིན་པ་
དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྡུས་པ་མང་དུ་ཐོས་པ། སེམས་ངེས་པར་སེམས་ལ་དགའ་བ། བྱང་ཆུབ་པའི་བསམ་པ་ལ་མ་རྨོངས་པ་དྲན་པ་མཉམ་པར་གཞག་པས་གནས་པ། ཏིང་ངེ་འཛིན་དང་ཤེས་རབ་བསྒོམ་པ་ལ་བརྩོན་པ། བརྩམས་པ་ཐམས་ཅད་བསྲུང་
བ་སྙིང་པོར་བྱེད་པ། འཁོར་གྱི་ནང་དུ་འོང་བ་ལ་ཟབ་མོའི་ཆོས་ཀྱི་གཏམ་གྱི་བར་བགྱིད་དེ་གཏམ་སྣ་ཚོགས་གླེང་བ་གང་ཡིན་པ་དེ་ནི་དམ་པའི་ཆོས་མི་ནུབ་པར་བྱ་བའི་ཕྱིར་བརྩོན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་འདིར་ཇི་སྲིད་ཟབ་མོའི་ཆོས་གྲགས་པ་
དེ་སྲིད་དུ་ཆོས་ནུབ་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་འདིའི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་པ་དང་ཇི་ཙམ་གྱི་གླིང་བཞི་པར་གྱུར་པ་ལ་དེ་ལྟ་བུའི་བྱེ་བ་ཕྲག་བརྒྱ། དེ་ན་མི་རྣམས་པར་མདོར་འཆི་བ་མེད། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་
བྱུང་ནས་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་མ་བྱས་ཏེ། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། ཚུལ་ཁྲིམས་ཉམས་པ་ནི་ཡོངས་སུ་རྫོགས་པར་བྱས་ལ། དེ་དག་གི་ལྟ་བ་དྲང་པོར་འགྱུར་ཏེ། དེས་ན་སེམས་ཅན་དམྱལ་བ་རྣམས་སུ་མི་སྐྱེའི། ཀླུའི་སྐྱེ་གནས་སུ་སྐྱེ་བར་འགྱུར།
བྱད་བཞིན་བཟང་པོ་ལ་ཕྲག་དོག་མི་བྱེད་པ་དེ་ནི་ལུས་ཆེན་པོར་འགྱུར། བྱའི་རྒྱལ་པོ་ནམ་མཁའ་ལྡིང་བཞིས། ཁྱེའུ་བཞི་པའི་ཏིང་ངེ་འཛིན་ལས། དབུ་ནི་ཤར་ཕྱོགས། ཞལ་ནི་བྱང་ཕྱོགས། རྒྱབ་ནི་ལྷོ་ཕྱོགས་སུ་བསྟན་ལ་གློ་གཡས་པས་ཕབ། དྲང་སྲོང་རྒྱས་པས་ཞུས་པ་
เล่ม ๒๐๔ · หน้า 244b
ལས། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདག་ཡིན་ནོ། །བྱེད་དུ་བཅུག་པས་བྱིན་པ་ནི། སྦྱིན་པ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ། །གང་རང་གི་དངོས་པོ་བདག་ཉིད་ཀྱིས་སྦྱིན་པ་དེ་ནི་སྦྱིན་པ་པོ་ཡང་ཡིན་ལ། སྦྱིན་བདག་ཀྱང་ཡིན་ནོ། །དུག་དང་མཚོན་ཆ་དང་སྲོག་ཆགས་བསད་དེ་ཤ་
དང་། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང་། འདི་དག་ནི་བདག་གི་རིམ་གྲོ་དང་མཆོད་པར་འགྱུར་རོ་སྙམ་ནས་སེམས་ཅན་བསྡུ་བ་དང་། འཐོབ་པའི་ཕྱིར་བསྡུ་བར་སྦྱིན་པ་ནི་སྦྱིན་པ་ཡོངས་སུ་མ་དག་པའོ། །རྩེད་མོ་ལ་སོགས་པ་བྱ་བའི་ཕྱིར་རོལ་མོ་མཁན་ལ་སྦྱིན་པ་བྱིན་པ་ནི་ཡོངས་སུ་མ་
དག་པའོ། །སངས་རྒྱས་དང་དགེ་འདུན་དང་ཆོས་སྨྲ་བ་དང་ནད་པ་དང་ཕ་མ་ལ་སྦྱིན་པ་བྱིན་པ་ནི་སྦྱིན་པ་བླ་ན་མེད་པའོ། །དེ་བཞིན་གཤེགས་པ་བཞུགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་བྱེད་པ་ནི་རྣམ་པར་སྨིན་པ་མཚུངས་སོ། །དགེ་བ་བྱས་པ་མའི་མངལ་དུ་
སྐྱེས་པ་ན་ཞག་བདུན་གྱི་བར་དུ། བདག་དེ་ནས་ཤི་འཕོས་ཏེ་འདིར་སྐྱེས་ཏེ་ལས་འདི་ལྟ་བུ་ཞིག་གིས་གྱུར་ཏོ་ཞེས་བྱ་བར་དྲན་ནོ། །མི་དགེ་བ་བྱེད་པ་ཡང་དེ་དང་འདྲའོ། །ལྷ་ཕྲེང་བ་ཐོགས་པ་དག་གཉིས་ཀྱིས་གཉིས་སྤྲོད་ཀྱི་ཁུ་བ་ནི་མི་འབྱུང་། བུ་མངལ་ན་ཞག་བདུན་གནས་ནས་དཀུ་
གཡས་ནས་འབྱུང་ངོ་། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བར་དོར་འཆི་བའི་དུས་མི་བྱེད། སུམ་ཅུ་རྩ་གསུམ་པའི་ལྷ་ཨག་ཚོམ་དང་སྤུ་ཐུང་བ། ཆོ་འཕྲུལ་ཆེན་པོ་བསྟན་པ་ལས། མངོན་པར་རྟོགས་པ་གཅིག་ཏུ་འདུས་པ་ལ། བདེན་པ་བཞིར་ཡོངས་སུ་བརྗོད། བྱང་ཆུབ་ཀྱི་གནས་ཀྱི་རྗེས་
སུ་འཇུག་པས། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རྩོམ་པ་ཆེན་པོ་ཉམས་འོག་ཏུ་ཆུད་པར་བྱེད་པ་དང་། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པས། སེམས་དཔའ་ཆེན་པོ་ཞེས་བྱའོ། །སངས་རྒྱས་ཀྱིས་ཡོངས་སུ་གཟུང་བའི་ཚིག་གིས་སེམས་ཅན་ཐམས་ཅད་ཀྱི་ཉེས་པར་སྨྲ་བ་ཟིལ་
གྱིས་ནོན་པར་བྱེད་པ་དེ་ལྟ་བུ་ནི་ཆོས་སྨྲ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་འདུན་ཅིང་མི་དགེ་བ་མི་བྱེད་པ་ནི་ང་རྒྱལ་མེད་པའོ། །བདག་ཚུལ་ཁྲིམས་ལ་གནས་ལ། སེམས་ཅན་ཐམས་ཅད་ཀྱི་འགྱོད་པ་དང་། ཀུན་ནས་སྡང་བ་བསལ་བའི་ཕྱིར་ཆོས་སྟོན་པ་ནི་འདུལ་བ་སྨྲ་བའོ། །བྱང་ཆུབ་
เล่ม ๒๐๔ · หน้า 245a
སེམས་དཔའི་སྡེ་སྣོད་ལས། བདག་དང་སེམས་ཅན་དང་གང་ཟག་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པའོ། །བྱིས་པ་ཐོས་པ་དང་མི་ལྡན་པས། བདག་ལ་སོགས་པ་ཡོངས་སུ་རྟོགས་པ་ནི་ཡང་དག་པ་མ་ཡིན་པ་ཀུན་རྟོག་པའོ། །ང་ནི་ཚུལ་ཁྲིམས་
ལྡན་ཞེས་བདག་མ་བསྙེམས། འདི་ནི་ཚུལ་ཁྲིམས་ངན་ཞེས་གཞན་མ་བརྙས། ཚུལ་ཁྲིམས་ཙམ་གྱིས་གཞན་ལ་གང་བརྙས་པ། །བསྙེམས་ཕྱིར་དེ་ནི་ཚུལ་ཁྲིམས་འཆལ་ཞེས་བྱ། དེ་བཞིན་གཤེགས་པའི་ཡེ་ཤེས་ཆགས་པ་མེད་པ་ནི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་
བྱེ་མ་སྙེད་ཀྱི་ཤིང་ལ་སོགས་པ་ཐམས་ཅད་གཅིག་ཏུ་སྤུངས་ཏེ། བསྲེགས་ལ་རྒྱ་མཚོ་ཆེན་པོར་སྦྱངས་ནས། དེ་ལས་རྡུལ་བླངས་ན་འདི་ནི་འདིའོ་ཞེས་བྱ་བར་ཡང་མཁྱེན་ལ་ཆགས་པ་ཡང་མི་མངའོ། །རྒྱུན་དུ་ཞུགས་པ་སྲིད་པ་བརྒྱད་པ་མངོན་པར་སྒྲུབ་པ་ནི་གནས་མ་ཡིན་ནོ། །ཚེ་དེ་ཉིད་
ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ནི་གནས་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མི་རེག་མོད་ཀྱི། རྣམ་པར་འཐོར་རླུང་གིས་ཀྱང་བསྐྱོད་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་རྣམས་ཀྱི་བྱམས་པ་ནི་སེམས་ཅན་ལ་དམིགས་
པའོ། །སྤྱོད་པ་ལ་ཞུགས་པ་རྣམས་ཀྱི་ནི་ཆོས་ལ་དམིགས་པའོ། །བཟོད་པ་ཐོབ་པ་རྣམས་ཀྱི་ནི་དམིགས་པ་མེད་པའོ། །བྱང་ཆུབ་སེམས་དཔའ་མཁས་པ་ནི་སྦྱིན་པ་ཉུང་ངུ་ཡང་མང་པོར་བྱེད་དོ། །ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་དོ། །ཤེས་རབ་ཀྱིས་རྒྱས་པར་བྱེད་དོ། །བསྔོ་
བས་དཔག་ཏུ་མེད་པར་བྱེད་དོ། །གང་ཟག་སྦྱོར་བ་དམན་པ་ལ་མོས་པ་རྒྱ་ཆེ་བ་ཡང་ཡོད། མོས་པ་དམན་པ་ལ་སྦྱོར་བ་རྒྱ་ཆེ་བ་ཡང་ཡོད། བུད་མེད་ནི་ཉེས་པ་མང་བ་སྒྱུ་མཁས་པ་སེམས་ཡང་བ། སེམས་འགྱུར་བ་སེམས་མི་བརྟན་པ། སེམས་རབ་ཏུ་གཡོ་ཞིང་མི་བརྟན་པ་སྤྲེའུའི་
སེམས་སྤྲེའུ་དང་མཚུངས་པ་སྒྱུ་མ་སྟོན་པ་ལ་མཁས་པ་སྟེ། དེའི་ཕྱིར་བུད་མེད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་མཁས་པ་ནི་ལྡོག་པ་བཞི་བསྐྱེད་དེ། འདོད་པ་དང་། སྲིད་པ་དང་། བྱས་པ་མི་གཟོ་བ་དང་། འདུ་བྱེད་དུ་གཏོགས་པའི་སྡུག་བསྔལ་ལས་བཟློག་
เล่ม ๒๐๔ · หน้า 245b
པའོ། །ཐེག་པ་ཆེན་པོ་ལ་ཞུགས་པའི་རིགས་ཀྱི་བུས། བུད་མེད་ཁ་དོག་རྒྱས་པ་མཐོང་ན་འདུ་ཤེས་བཞི་བསྐྱེད་པར་བྱ་སྟེ། ཉམས་པར་འདུ་ཤེས་པ་དང་། གཡང་སར་འདུ་ཤེས་པ་དང་། ཕྱི་ས་ཁུང་དུ་འདུ་ཤེས་པ་དང་། རྣག་ཏུ་འདུ་ཤེས་བསྐྱེད་དོ། །གལ་ཏེ་དེ་ལྟར་
བརྟགས་ཀྱང་འདོད་ཆགས་སྐྱེ་བ་ལྟ་ན། འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། མ་འདྲ་བ་ལ་མའི་འདུ་ཤེས་དང་། སྲིང་མོ་འདྲ་བ་ལ་སྲིང་མོའི་འདུ་ཤེས་དང་། བུ་མོ་འདྲ་བ་ལ་བུ་མོའི་འདུ་ཤེས་བསྐྱེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པའི་བསྟན་པའི་བར་དུ་གཅོད་པ་དང་། འཇིག་
པར་བྱེད་པ་ནི་དགེ་སློང་སྡིག་ཅན་ལས་གཞན་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལྔ་དང་ལྡན་ན་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད། དགེ་བའི་བཤེས་གཉེན་ལ་མི་བརྟེན། དལ་བ་འབྱོར་བ་མི་རྙེད། དགེ་བའི་ཆོས་བསྒྲུབས་པ་ཆུད་གཟོན། སྡོམ་པ་ལ་གནས་པའི་བྱང་ཆུབ་
སེམས་དཔའི་རྗེས་སུ་མི་སློབ་འཚང་མི་རྒྱའོ། །ལྔ་ནི་རྒྱལ་པོས་བཀྲབ་པར་འགྱུར། སྐྱེ་བོ་མང་པོས་སྐྲག་པར་འགྱུར་ལ། སྐྱེ་བོ་མང་པོས་བདག་ཅག་གི་འདི་བགྱིར་གསོལ་ཞེས་དོན་བཅོལ་བ་ལས་བྱ་བར་ཁས་འཆེས་ནས་མི་བྱེད་པ་དང་། དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་།
དགེ་བསྙེན་མ་གྲོང་ངམ། ལྗོངས་སམ་ཡུལ་ལམ་ཕོ་བྲང་འཁོར་དུ་གནས་པར་གྱུར་པ་ལ། དེ་དག་གིས་ཚུལ་ཁྲིམས་ཉམས་པར་བྱེད་པ་དང་། ཕ་མ་དང་བུ་ཕོ་དང་བུ་མོ་དང་སྲིང་མོ་དང་མཛའ་བོ་དང་། ཉེ་དུ་དང་སེམས་ཅན་གཞན་ཡང་རུང་སྟེ། ཆོས་བྱེད་པའི་བར་ཆད་བྱེད་པ་དང་། དེ་བཞིན་གཤེགས་
པའི་བསྟན་པ་ཟབ་མོ་ཐོས་ན་མ་དད་ཅིང་། ཁ་ཟེར་ལ་གཞན་ཡང་དེ་ལས་འདུན་པ་བཟློག་པ་དང་། བློན་པོའམ་འཁོར་གཞན་སྟོབས་ཆེན་པོ་ལ་བརྟེན་ཅིང་། དབང་ཕྱུག་བསྙེམས་པས་སྐྱེ་བོ་མང་པོ་ལ་གཤེ་བརྒྱད། འཕྱས་འདོགས་འཐིང་སླད་བྱེད་དོ། །རབ་ཏུ་བྱུང་བ་
ཡང་ཆོས་ལྔ་དང་ལྡན་ན་ད་ལྟར་འགྱུར་ཏེ། ལྔ་ནི་འཆལ་པའི་ཚུལ་ཁྲིམས་སྤྱོད་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་ཆགས་པ་དང་། བདག་ཏུ་ལྟ་བའི་ཐིབས་པོ་དང་། གཞན་གྱི་ཁྱིམ་ལ་ཕྲག་དོག་དང་སེར་སྣ་བྱེད་པའོ། །ཡེ་ཤེས་ཀྱི་ཚོགས་
เล่ม ๒๐๔ · หน้า 246a
ནི་སྦྱིན་པ་བཞི་སྟེ། ཆོས་སྨྲ་བ་ལ་རིམ་གྲོ་དང་། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་དང་། སྟན་སྣ་ཚོགས་སྦྱིན་པ་དང་། བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། གཡོ་མེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པའོ། །
དེ་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཏིང་ངེ་འཛིན་ལས། བུ་དང་བུ་མོ་ལ་དགྲར་འདུ་ཤེས་པ། ཆུང་མ་ལ་སྲིང་མོར་འདུ་ཤེས་པ་དང་། འདི་ལྟར་མ་གུས་པས་ན་དམ་པའི་ཆོས་ནུབ་པར་འགྱུར་རོ། །གང་ཞིག་ཏིང་ངེ་འཛིན་འདི་ནི་གཟུང་འདོད་པས། ངོ་མི་རྟག་པ་ཐམས་
ཅད་སྤང་བར་བྱ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་སྟོང་དུ་ཏིང་ངེ་འཛིན་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་ཏེ། ལོ་བརྒྱ་པ་ཐ་མ་ཕྱི་མའི་ཚེ། ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མར་གྱུར་པ། དངོས་པོའི་འདུ་ཤེས་ཅན་གྱིས་སངས་རྒྱས་མཐོང་བར་མི་འགྱུར། ཆོས་ཀྱི་འདུ་ཤེས་ཅན་གྱིས་མཐོང་
བར་མི་འགྱུར། རྣམ་པར་སྨིན་པའི་རེ་བས་གཏོང་བ་ཕུན་སུམ་ཚོགས་པར་མི་འགྱུར། བསྒོམ་པ་ལ་མངོན་པར་དགའ་བས་ཚུལ་ཁྲིམས་རྣམ་པར་དག་པར་མི་འགྱུར། ཆོས་ལ་སེར་སྣ་བྱེད་པས་མང་དུ་ཐོས་པར་མི་འགྱུར། གང་ཟག་ལ་བརྟེན་པས་ཡོངས་སུ་མྱ་ངན་ལས་འདའ་བར་མི་འགྱུར།
བྲེ་མོའི་གཏམ་ལ་དགའ་བས་བདེན་པ་མཐོང་བར་མི་འགྱུར། གནས་ལ་དགའ་བས་འབྲས་བུ་ཐོབ་པར་མི་འགྱུར། རྗེས་སུ་ཆགས་པས་སྐྱོན་མཐོང་བར་མི་འགྱུར། གནོད་སེམས་ལ་དགའ་བས་ངེས་པར་མི་འགྱུར། སྡང་ཞིང་ཞེ་འགྲས་པས་ཕན་ཡོན་མཐོང་བར་མི་འགྱུར་རོ། །
བཀའ་མི་བཅག་པ་དང་། མཛའ་རྟག་པ་དང་། མི་རྟག་པ་སྤངས་པ་དང་། ཉེས་པར་ལྟ་བ་མེད་པས་སློབ་དཔོན་གྱི་ཕྱི་བཞིན་འབྲང་བར་བྱའོ། །བསོད་ནམས་ཀྱི་སྟོབས་ཀྱི་རྟོག་པ་བརྗོད་པ་ལས། གང་དག་ཤིན་ཏུ་གཏང་དཀའ་བ། །ཉུང་དུའང་མང་པོ་གཏོང་བྱེད་ན། །ཤི་ཡང་དེ་ནི་
ཤི་མ་ཡིན། །རྒྱགས་ཟད་པ་ཡི་མགྲོན་པོ་བཞིན། །བསོད་ནམས་མིན་པས་ཕན་པའི་སྨན། །ཤིན་ཏུ་གནོད་པ་དག་ཏུ་འགྱུར། །མཐུ་རྩལ་ཉམས་ལ་དྲེགས་པ་ཡི། །བག་མེད་ཆང་གིས་རྟག་མྱོས་ཤིང་། །གང་དག་བསོད་ནམས་མི་བྱེད་པ། །དེ་དག་ཤི་བ་སྙིང་ནས་ཤི། །
เล่ม ๒๐๔ · หน้า 246b
སོར་མོའི་ཕྲེང་བས། འཇམ་དཔལ་སྐྱེས་བུ་ཆོས་འདོད་པ་ལ་ལ་ཞིག་བདག་ཉིད་དུས་གཉིས་སུ་ཟ་བ་ལས། ལ་ལ་ཞིག་གིས་བསྟན་ཏེ། ཟས་ལན་གཅིག་པར་གྱུར་ན། སྲིན་བུའི་རིགས་བརྒྱད་ཅུ་གསོད་པར་འགྱུར་རོ། །ཇི་སྟེ་དེ་ལྟར་གྱུར་ན་དེ་དག་ལ་སྲོག་གཅོད་པ་དག་པར་མི་
འགྱུར་རོ། །དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན་དགེ་སློང་གི་གཞི་ལས་གཞན་དུ་འགྱུར། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མ་བྱས་པ་རྟག་པར་གཡུང་དྲུང་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པ་ཡོད་དེ། དཔེར་ན་ཆུ་དང་འོ་མར་འདྲེས་པ་མི་
དམིགས་པ་དེ་བཞིན་དུ། སངས་རྒྱས་ཀྱི་དབྱིབས་ཀྱང་ཉོན་མོངས་པས་གཡོགས་མོད་ཀྱི། དེ་གཉིས་འདྲེས་པར་འགྱུར་བའི་གནས་མེད་དོ། །ཉོན་མོངས་པ་མེད་པ་ནས། ཉི་ཟླ་སྤྲིན་ལས་གྲོལ་བ་བཞིན་སྣང་ངོ་། །སྔོན་ཕྱུགས་སུ་གྱུར་པའི་སེམས་ཅན་མ་རྒལ་བ་ལ་ད་དུང་སོ་སྒྲ་
ཁྲིག་ཁྲིག་ཟེར་བ་གང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །དེ་བཞིན་དུ་སྔོན་ལས་ངན་པ་བྱེད་བྱེད་པ་རིལ་ཡིད་མི་ཆེས་ཏེ། དེ་དག་ལ་སྐྱོན་རིལ་འབྱུང་ངོ་ཞེས་འབྱུང་ངོ་། །བསོད་ནམས་ཅན་དེ་དག་ནི་དད་པར་འགྱུར་ཏེ། དེ་དག་ནི་སྐྱེ་བ་ཐམས་ཅད་དུ་ལེགས་
དགུ་འགྲུབ་པར་འབྱུང་། ཁ་ཆེའི་ཡུལ་གྱི་དགེ་སློང་རྣམས་སྒྲུབ་པའི་དོན་མི་ཤེས་ནས། ཐེག་པ་ཆེན་པོ་ཐམས་ཅད་ལ་སྨད་པ་འབྱུང་སྟེ། ང་ལ་སྐུར་པ་འདེབས་པ་དེ་ལ་ཅི་ལྟར་བྱ་ཞེས། ང་ཡང་ངོ་ཚ་བ་སྐྱེའོ། །མ་འོངས་པ་ན་སེམས་ཅན་གང་དག་བུདྷའི་སྐུ་ཕ་མ་ཕྲད་པ་ལས་སྐྱེས་པ།
རུས་པ་དང་། རྒྱུས་པ་དང་། རྐང་དང་ཁྲག་ཅན་མིའི་ལུས་སོ་ཞེས་ཟེར་བ་དེ་དག་འཇིག་རྟེན་ན་མི་སྡུག་པའི་སྐྱོན་ཅན་ཞ་བོ་གཞོགས་ཉམས་པ་ཁམ་ནམ་པ་ཡན་ལག་མ་ཚང་བ་དང་། ངན་སོང་གི་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ། །དཔེར་ན་སོག་བུར་གྱི་ཕུང་པོའི་
ནང་དུ་མེ་བཅུག་ན། སོག་མའི་ཕུང་པོའི་དབུས་ཚིག་ལ་མཐའ་འཁོར་མི་ཚིག་པ་དེ་བཞིན་དུ། འཇམ་དཔལ་དང་པོ་ང་སྐྱེས་པའི་ཡུལ་ན་ནན་ཏན་ལྷུར་ལེན་པ་ཞིག་སྟེ་ཚིག་པ་ལས། ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྷག་མ་ལུས་ཏེ། མཐའ་འཁོར་ན་གནས་པའི་བྱང་ཆུབ་སེམས་དཔའ་
เล่ม ๒๐๔ · หน้า 247a
སྐྱེས་པ་དེར། རྫོགས་པའི་སངས་རྒྱས་སྣང་བར་གྲགས་པ་ཡིན་ནོ། །གང་གཅིག་ཏུ་སྟོང་བར་སྨྲ་བ་དང་། བདག་ཏུ་ལྟ་བ་དེ་གཉིས་ནི། དམ་པའི་ཆོས་འཇིག་པ་དང་། ཁས་འབུབ་པའོ། །དབུ་མའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་ཚིག་བླ་དགས་སོ། །དབུ་
མའི་ལམ་མི་ཤེས་པས་སེམས་ཅན་རྣམས་དབུ་མའི་ལམ་གཞན་དུ་རྟོག་གོ། །སོར་མོའི་ཕྲེང་བའི་མ་ཡང་སྤྲུལ་པ་ཡིན་པར་འབྱུང་། སོར་མོའི་ཕྲེང་བ་དང་འཇམ་དཔལ་གཉིས་སངས་རྒྱས་ཡིན་པར་བཤད། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་
ནི་ཡལ་བར་འདོར་བ་བཅུ་དང་ལྷན་ཅིག་མི་འགྲོགས་ཏེ། བཅུ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། དམ་པའི་ཆོས་ཉན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་སྦྱིན་པ་དང་། བླ་མ་ཐམས་ཅད་ལ་རིམ་གྲོ་བྱ་བ་དང་། བདུད་ཀྱི་ལས་དང་། སེམས་
ཅན་དཀྲུགས་པ་དང་། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཕུང་པོ་གསུམ་པོའི་ཡོངས་སུ་བསྔོ་བ་དང་ལྷན་ཅིག་མི་འགྲོགས་སོ། །འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། མགར་བས་མ་བརྡུངས། སྦྱིན་པ་ནི་ཟས་ལ་སོགས་པ་སྦྱིན་པའོ། །སྦྱིན་པ་ཆེན་པོ་ནི་
བུ་དང་ཆུང་མ་དང་རྒྱལ་སྲིད་ལ་སོགས་པ་གཏོང་བའོ། །ཤིན་ཏུ་སྦྱིན་པ་ནི་མགོ་དང་ལག་པ་ལ་སོགས་པ་གཏོང་བའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་མྱ་ངན་ལས་འདས་པ་ལས་རྣམ་པར་གྲོལ་ཞིང་། འཁོར་བ་ལས་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བྱང་
ཆུབ་སེམས་དཔའ་མྱ་ངན་ལས་འདས་བ་ལ་འཇིགས་པར་བགྱིའི། །འཁོར་བ་ལ་ནི་མ་ལགས་སོ། །བྱང་ཆུབ་སེམས་དཔས་ཆོས་ཤིན་ཏུ་མང་པོ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་
ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཞི་པ་བསྒྲུབ་པ་ལས། ཐམས་ཅད་མཁྱེན་པ་ཉིད་དང་། སེམས་ཅན་འགྲོལ་བ་དང་། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་བྱ་བ་དང་། སངས་རྒྱས་
เล่ม ๒๐๔ · หน้า 247b
ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བཟུང་བ་ལ་དམིགས་ནས། དེ་བཞིན་གཤེགས་པའི་མཆོད་པ་བྱའོ། །བཞི་པོ་འདི་དག་ནི་ལྷག་པའི་སེམས་བསྐྱེད་པ་སྟེ། བཞི་ནི་སེམས་ཅན་བསྡུ་བ་དང་། སྨིན་པར་བྱ་བ་དང་། དགེ་བའི་རྩ་བ་བསགས་པ་དང་།
ཆོས་རྟོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པའོ། །སེམས་བསྐྱེད་པ་བྲག་ཅ་ལྟ་བུ་བཞི་ནི་སློང་བ་ལ་ཁོང་ཁྲོ་བ་མེད་པ་དང་། ལོག་པར་ཞུགས་པ་ལ་སྙིང་རྗེ་བ་དང་། ཤེས་རབ་ལས་མ་ཉམས་པ་དང་། རྩོལ་བ་ཉམས་འོག་ཏུ་ཆུད་པའི་སེམས་སོ། །སེམས་བསྐྱེད་
པ་མངོན་པར་འཕགས་པ་བཞི་ནི་ཚུལ་ཁྲིམས་དང་། ཐོས་པ་དང་། བྱམས་པ་དང་། སྙིང་རྗེ་མངོན་པར་འཕགས་པའོ། །སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་བཞི་ནི། བསམ་པ་དང་། མཛའ་བ་དང་། ནན་ཏན་དང་། ཐེག་པ་ཆེན་པོ་ལས་མི་ཕྱེད་པའོ། །སེམས་བསྐྱེད་པ་རྙེད་
དཀའ་བ་བཞི་ནི། ཉོན་མོངས་པ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། ཐེག་པ་དམན་པ་དང་། སྐྱེ་བོ་མི་བགྲུངས་པ་དང་མ་འདྲེས་པའོ། །སེམས་བསྐྱེད་པ་བླ་ན་མེད་པ་བཞི་ནི་ཕངས་པ་ཐམས་ཅད་གཏོང་བ་དང་། བཏང་ནས་མི་འགྱོད་པ་དང་།
རྣམ་པར་སྨིན་པ་ལ་མི་རེ་བ་དང་། བྱང་ཆུབ་ཏུ་བསྔོ་བའི་སེམས་བྱའོ། །སྤྱི་བོར་ཕྱིན་པའི་ཆོས་བཞི་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། དམ་པའི་ཆོས་འཛིན་པ་དང་། སེམས་ཅན་སྨིན་པར་བྱེད་པའོ། །ཆོས་གྱ་ནོམ་པ་དང་། དམ་པའི་མཆོག་
བཞི་ནི་སེམས་ཅན་ལ་ཁོང་ཁྲོ་བ་མེད་པ་དང་། གང་དག་འགལ་བར་བྱེད་པ་དག་ཉིད་ལ་རབ་ཏུ་ཐར་བར་བྱ་བར་སེམས་བསྐྱེད་པ་དང་། ཡུལ་རྒྱ་ཆེན་པོ་འབྱོར་ཀྱང་དེ་ལ་བག་ཡོད་པ་དང་། དབུལ་བས་ཕོངས་ཀྱང་ཆོས་སྤྱོད་པའོ། །དགེ་བའི་ཆོས་བཞི་ནི། དགེ་བ་ཐམས་ཅད་ལ་སྦྱོར་བ་
དང་། མ་བསླབས་པ་ལ་མི་བརྙེས་པ་དང་། མ་གསོལ་བར་སེམས་ཅན་གྱི་བཤེས་གཉེན་བྱེད་པ་དང་། ཡོན་ཏན་བསྒྲུབས་པ་ལ་ལན་རེ་བ་མེད་པའོ། །ཚངས་པས་བྱིན་གྱིས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམུ་རྒོད་ཡིན་ཏེ། གང་ཞེ་ན། ཁྭ་ལྟར་
เล่ม ๒๐๔ · หน้า 248a
སྐྲུ་ཞིང་མུ་ཅོར་སྨྲ་བ་ལ་གཞན་གྱི་ཡིད་དང་མི་སྦྱོར་བ་ཡིན། བདག་བསྟོད་ཅིང་གཞན་སྨོད་པ་ཡིན། ཚེ་འདི་ཆེད་ཆེར་འཛིན་པ་ཡིན། མཐུན་པ་འབྱེད་པ་ཡིན་ནོ། །གང་ཟག་ཕྲག་དོག་ཅན་དང་། མི་བརྩོན་པ་དང་། སྨྲ་བ་ལ་དགའ་བ་དང་། བྲེ་མོའི་གཏམ་བྱེད་པ་དང་།
ཚུལ་བཞིན་མ་ཡིན་པ་དང་། སྦྱོར་བ་དང་བྲལ་བ་རྣམས་གང་ན་བ་དེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་གནས་སོ། །བཞི་པོ་འདི་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ཏེ། གང་ཞེ་ན། འདི་སངས་རྒྱས་ལ་མ་གུས་པ་དང་། ཆོས་སྤོང་བ་དང་། ཆོས་སྨྲ་བ་ལ་སྡང་བ་དང་། མངོན་
པར་བརྩོན་པ་མེད་པ་དད་པས་བྱིན་པ་ལེན་ཏོ། །མྱ་ངན་མེད་ཀྱིས་བྱིན་པ་ལུང་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ལ་ནི་ཁྱིམ་པའམ། རབ་ཏུ་བྱུང་བ་ཞེས་གཟུང་བར་མི་བྱའོ། །ཅིའི་ཕྱིར་ཞེ་ན། དེ་དག་ནི་བསམ་པ་དང་། ཤེས་རབ་དང་། ཡེ་ཤེས་ཀྱིས་ཕྱེ་བ་ཡིན་པའི་ཕྱིར་
རོ། །སྤོབས་པའི་བློ་གྲོས་ཀྱིས་ཞུས་པ་ལས། ཆོས་ལྔ་དང་ལྡན་ན། སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་ཕྲད་པ་འཐོབ། ཆོས་ཀྱང་ཐོས་ཇི་ལྟར་འདོད་པ་བཞིན་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར་ཏེ་ལྔ་ནི། བདག་ཉིད་དཀོན་མཆོག་གསུམ་ལ་སྐྱབས་
སུ་སོང་ནས། གཞན་ཡང་དེ་ལ་འཛུད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་རྒྱས་པར་བྱེད་དུ་འཇུག་པ་དང་། མཁན་པོ་དང་སློབ་དཔོན་ལ་གུས་པ་དང་བཅས་ཤིང་མཐུན་པར་འཛིན་པ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་སེམས་པ་དང་། མདོ་སྡེ་
ཟབ་མོ་ཁ་དོན་བྱེད་པ་ལ་སོགས་པས་བར་ཆད་མེད་པར་བསྒྲུབ་པའོ། །འཕགས་པ་ལས་ཀྱི་སྒྲིབ་པ་རྣམ་པར་དག་པ་ལས། བྱང་ཆུབ་སེམས་དཔའ་འདོད་པའི་ཡོན་ཏན་ལྔ་པོ་དག་ལ་མངོན་པར་དགའ་ཞིང་མི་གཏོང་མི་སྤོང་ལ། སངས་རྒྱས་ཀྱི་ཆོས་ཀྱང་འདོད་པའི་ངོ་བོ་ཉིད་དུ་མཐོང་
བ་དེས་ནི་ལས་ཀྱི་སྒྲིབ་པ་དག་འཐོབ་པར་འགྱུར་རོ། །ཀུན་ནས་སྒོའི་ལེའུ་ལས། བསྐལ་པ་བྱེ་བ་བསམ་ཡས་སུ། །ང་ཡི་ཆོས་ནི་གནས་གྱུར་ལ། །ཉིན་གཅིག་བཞིན་དུ་ཉིན་རེ་ལ། །སྟོང་གསུམ་སེམས་ཅན་ཇི་སྙེད་པ། །ཐམས་ཅད་མྱ་ངན་འདས་བྱས་ཤིང་། །
เล่ม ๒๐๔ · หน้า 248b
ཐམས་ཅད་དེ་ལྟར་བྱས་ཀྱང་ནི། །སེམས་ཅན་ཁམས་ལ་ཟད་པ་མེད། །ངེས་པ་དང་མ་ངེས་པར་འགྲོ་བའི་ཏིང་ངེ་འཛིན་འཇུག་པ་ལས། གང་ཞིག་གིས་སྡང་བའི་སེམས་ཀྱིས། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པའི་ཚུལ་ཁྲིམས་ལ་སོགས་
པའི་ཕུང་པོ་ལྔ་མེད་པར་བྱས་ལ། གཞན་ཞིག་གིས་སྡང་བའི་སེམས་ཀྱིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐ་ན་བསླབ་པ་གཅིག་ཙམ་ཡང་མེད་པར་བྱས་ན། དེ་བས་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་དོ། །འགའ་ཞིག་གིས་ཕྱོགས་
བཅུའི་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་བཙོན་རར་བཅུག་པ་བས། འགའ་ཞིག་གིས་སྡང་བའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཁྲོས་ཏེ། འདི་དང་མ་ཕྲད་པར་གྱུར་ཅིག་ཅེས་འདུག་ན་སྔ་མ་བས་ཆེས་སྡིག་ཆེའོ། །འགའ་ཞིག་གིས་ཕྱོགས་བཅུའི་སེམས་ཅན་ཐམས་
ཅད་ཀྱི་མིག་ཕྱུང་བ་བས། འགའ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་ཁྲོས་ཏེ་བལྟས་ན་སྡིག་པ་ཆེས་ཆེའོ། །འགའ་ཞིག་གིས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི་རང་སངས་རྒྱས་པ་རྣམས་རང་སངས་རྒྱས་ལས་ཉམས་པར་བྱས་ལ། འགའ་ཞིག་གིས་བྱང་ཆུབ་སེམས་
དཔའ་གཅིག་བྱང་ཆུབ་སེམས་དཔའ་ལས་ཉམས་པར་བྱས་ན་ཆེས་སྡིག་ཆེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དམིགས་པ་ཅན་ཐམས་ཅད་ནི་འཇིག་རྟེན་པ་ཡིན་ཏེ། འཇིག་
རྟེན་ལས་མི་གཡོ་མི་འཕགས་པས་སོ་ཞེས་འབྱུང་། དམིགས་པ་མེད་པ་ནི་འཇིག་རྟེན་ལས་འདས་པ་ཞེས་འབྱུང་། དེ་གཉིས་ཀ་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་ནི་བྱ་བར་འབྱུང་། བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། ཆོས་བཞི་ནི་མཛེས་པར་འགྱུར་རོ། །དགྲ་ལ་ཡང་མི་ཁྲོ་
པ་དང་། བྱམས་པ་ལ་གནས་པ་དང་། ཆོས་འདོད་པ་དང་། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་དུ་འཇུག་པའོ། །བཞི་དང་ལྡན་ན་ནོར་མང་བར་འགྱུར་ཏེ་དུས་སུ་སྦྱིན་པ་དང་། འགྱོད་པ་མེད་པར་སྦྱིན་པ་དང་། ཡིད་དུ་འོང་བ་སྦྱིན་པ་དང་། རྣམ་པར་སྨིན་པ་ལ་མི་རེ་བར་
เล่ม ๒๐๔ · หน้า 249a
སྦྱིན་པའོ། །བཞི་དང་ལྡན་ན་འགྲན་ཟླ་མེད་པར་འགྱུར་ཏེ། གཡོ་མེད་པར་དགེ་བ་འི་བཤེས་གཉེན་ལ་བརྟེན་པ་དང་། དགེ་བའི་རྩ་བ་ལ་སེར་སྣ་མི་བྱེད་པ་དང་། གཞན་གྱི་རྙེད་པ་ལ་དགའ་བ་དང་། བྱང་ཆུབ་སེམས་དཔའི་བྱ་བ་དང་གནས་པ་ཐམས་ཅད་ལ་མི་ཁྲོ་བའོ། །
བཞི་དང་ལྡན་ན་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་མདུན་ན་བཞུགས་ཤིང་། ཆོས་ཐོས་ལ་སྡུག་བསྔལ་མེད་པར་འགྱུར་ཏེ། གཞན་གྱི་བསམ་པ་རྫོགས་པར་བྱེད་པ་དང་། མོས་པ་མང་བ་དང་། བྱང་ཆུབ་སེམས་དཔའ་སྦྱིན་པ་བཀོད་པ་སྣ་ཚོགས་སྒྲུབ་པ་དང་། དཀོན་མཆོག་གསུམ་མཆོད་
པར་བརྩོན་པའོ། །དཔལ་སྤོང་གི་མདོ་ལས། འདི་ནི་ཆོས་འདུས་པ་ལ་འཕེལ་བ་སྟེ། ཉེས་པས་ཉེས་པ་ཅན་དུ་མཐོང་ན་འཆགས་ཤིང་མཐོལ་ཏེ་ཕྱིན་ཆད་ཀྱང་སྡོམ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ་བརྒྱ་པ་ལས། རབ་འབྱོར་གང་ཡང་བཅོམ་ལྡན་འདས་ཀྱིས།
གཟུགས་རང་བཞིན་མེད་པ་དང་། སྐྱེ་བ་མེད་པ་དང་། གདོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་གང་ཡིན་པ་དེ་ཐམས་ཅད་ནི་ལྡེམ་པོར་དགོངས་པ་མ་ཡིན་པ་སྟེ། སྒྲ་ཇི་བཞིན་པ་ཉིད་དུ་ཤེས་པར་བྱའོ་ཞེས་སྨྲས་ན། དེ་ནི་ཕྱི་རོལ་པས་ཀྱང་ཕྱིས་
སོ་སོ་སྐྱེ་བོའི་ཕྱོགས་ལ་གནས་པ་སྟེ། ལོག་པར་སྨྲ་བའོ། །གང་ལ་ལ་ཞིག་གིས་གཟུགས་ལ་ཡང་ཡང་དག་པ་མ་ཡིན་པ་ཀུན་རྟོག་པ་ཙམ་དུ་ཡང་དག་པར་མི་མཐོང་བ་དེ་དག་གཟུགས་ལ་གཟུགས་སུ་དམིགས་པའོ། །ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ཆོས་
བཞི་དང་ལྡན་པས་དགོན་པར་གནས་པར་བྱ་སྟེ། ཁྱིམ་ན་གནས་པ་སྤོང་བ་དང་། མི་དགེ་བའི་བཤེས་གཉེན་སྤོང་བ་དང་། ཁྱིམ་པ་སྤོང་བ་དང་། བདོག་པ་ཐམས་ཅད་གཏོང་བའོ། །ཆོས་གཉིས་ཀྱིས་དམྱལ་བར་ལྟུང་སྟེ། འདོད་ཆགས་དང་ཞེ་སྡང་ངོ་། །ཆོས་བཞིས་མཐོ་རིས་སུ་འགྲོ་
སྟེ། སེམས་ཅན་ལ་སེམས་སྙོམས་པ་དང་། བསམ་པ་དག་པ་དང་བདོག་པ་ཐམས་ཅད་གཏོང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པའོ། །དེས་བས་ཞུས་པ་ལས། ཆོས་བཞི་དང་ལྡན་ན་དེ་བཞིན་གཤེགས་པ་མཐོང་བ་དོན་ཡོད་པ་ཡིན་ཏེ། བཞི་ནི་ཡིད་ཆེས་པ་དང་། དད་པ་དང་།
เล่ม ๒๐๔ · หน้า 249b
ཕངས་པར་འཛིན་པ་དང་། གུས་པའོ། །བྱང་ཆུབ་སེམས་དཔས་ནི་གང་ལ་བདག་ཉིད་ཀྱང་འདོད་པ་སྤོང་བར་གྱུར་པ་ལས། གཞན་ཡང་འདོད་པའི་སེམས་བསྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བྱའོ། །སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་བསྟན་པ་
ལས། དེ་དག་ནི་དེ་བཞིན་གཤེགས་པས་མཆོད་པའི་ཕྱིར་ཐ་ན་བཞད་གད་དམ། ཀུ་རེའམ་བྱིས་པའི་ཀྱལ་ཀས་རྩེད་མོ་བྱས་ཀྱང་འཇིམ་པས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་མཐར་བྱས་ནས་འཚང་རྒྱ་བར་འགྱུར་རོ། །རྡོ་རྗེ་སྙིང་པོའི་གཟུངས་ལས། གང་
དག་ཆོས་ཐམས་ཅད་ལ་དངོས་པོ་མེད་པར་ལྟ་བ་དེ་ནི་སྐྱེ་བར་ཡང་མི་འགྱུར། འགག་པར་ཡང་མི་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའི་ངོས་ལྟ་བུར་མཐོང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མི་དམིགས་མི་འདོར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ངེས་པར་བཤད་པའི་རིན་
ཆེན་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་ཡོན་ཡོངས་སུ་སྦྱོང་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། ལུས་མི་དམིགས་པ་དང་། སྦྱིན་པ་ལ་མ་ཞེན་པ་དང་། རྣམ་པར་སྨིན་པ་ལ་མི་སྨོད་པ་དང་། ལེན་པ་ལ་རྣམ་པར་སྨིན་པ་ལ་མི་རེ་བའོ། །བྱང་ཆུབ་སེམས་
དཔས་ཆོས་བཞི་རྟག་ཏུ་མངོན་དུ་བྱ་སྟེ། བཞི་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། སྙིང་རྗེ་ཆེན་པོ་དང་། བདག་ཉིད་ཀྱི་ལས་ཀྱི་རྣམ་པར་སྨིན་པའོ། །གླང་པོའི་རྩལ་ལས། ཐམས་ཅད་མཁྱེན་པ་བླ་མེད་པ། །མི་གང་ཞིག་གིས་སངས་རྒྱས་
ཤིང་། །གང་གཱའི་བྱེ་མའི་གྲངས་སྙེད་དག །མེ་ཏོག་རྣམས་ཀྱིས་བཀང་བྱས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གིས་འདིར་ནི་ཐལ་སྦྱར་ནས། །བྱང་ཆུབ་ཏུ་ནི་སེམས་བཏུད་ན། །འདི་ནི་བསོད་ནམས་ཆེས་མང་སྟེ། །དེ་ལ་ཚད་ནི་ཡོད་མ་ཡིན། །དེ་འདྲའི་མཆོད་པ་གང་ཡང་
མེད། །དེ་འདྲ་ཡི་དམ་ལ་ཡང་མེད། །སངས་རྒྱས་ཡེ་ཤེས་ཐོབ་འདོད་པས། །ཆོས་རྣམས་གང་ཡང་མི་གཟུང་ཞིང་། །ཆོས་རྣམས་གང་ཡང་མི་འདོར་རོ། །ཀླུའི་རྒྱལ་པོས་ཞུས་པ་ལས། ཞི་གནས་ཀྱིས་བརྒྱན་ན་ཉོན་མོངས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །ལྷག་མཐོང་གིས་
เล่ม ๒๐๔ · หน้า 250a
བརྒྱན་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལས། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །མཚན་མཆོག་སུམ་ཅུ་གཉིས་ལྡན་པའི། །སངས་རྒྱས་དག་ལ་མཆོད་པར་འགྱུར། །བད་སའི་རྒྱལ་པོ་
འཆར་བྱེད་ཀྱིས་ཞུས་པ་ལས། སྦྲང་བུས་རྨ་ཞིག་མཐོང་ནས་རྒྱུག་པ་ཅི་འདྲ་དང་། །ཕག་ནི་ངན་སྐྱུགས་མཐོང་ནས་རྒྱུག་པ་ཅི་འདྲ་དང་། །ཁྱི་ནི་ཤ་ཡི་དོན་དུ་ཤན་པར་འགྲོ་བ་ལྟར། །དེ་བཞིན་མི་མཁས་བུད་མེད་དག་ལ་དགའ་བར་བྱེད། །རབ་ཏུ་མེ་འབར་ཐུ་ལུམ་བཟུང་བ་དེ་བླ་ལ། །དེ་བཞིན་
ལྕགས་ཀྱི་ཐུ་ལུམ་འབར་བ་ཟ་བླ་ཞིང་། །མེ་དོང་འཇིགས་སུ་རུང་བ་རྣམས་ལ་རེག་པ་བླའི། །ལག་པ་གཉིས་ཀྱིས་ནམ་ཡང་བུད་མེད་རེག་མི་བྱ། །བུད་མེད་ཀྱི་དབང་དུ་སོང་ནས་འདོད་པ་རྣམས་ལ་བརྟེན་ཅིང་། ཕ་མ་ལ་བརྙས་པ་དང་། ངན་འགྲོར་འགྲོ་བར་འཇུག་པ་དེ་ནི་སྐྱེས་པའི་སྐྱེས་
བུའི་སྐྱོན་གཉིས་ཡིན་ནོ། །མི་ཡི་གཙོ་བོར་གྱུར་ཅིང་ལྷ་ཡི་ལྷར་གྱུར་པ། །ཐུབ་པ་ཆེན་པོ་འདི་འདྲའི་གསུང་ནི་ཐོས་གྱུར་ན། །རྒས་ཤིང་དབང་པོ་ཤིན་ཏུ་ཉམ་ཆུང་གྱུར་པ་ཡི། །ཕ་མ་སྦྱིན་གནས་དམ་པ་སུ་ཞིག་གསོ་མི་བྱེད། །མི་རྣམས་གང་དག་མི་མཁས་པས། །རྔ་མོ་བོང་
བུའི་ཆོས་སྤྱོད་ཅིང་། །བུད་མེད་མཐོང་ན་རབ་སྙེགས་པ། །ངན་སྐྱུགས་གནས་ལ་ཕག་རྣམས་བཞིན། །མི་གཙང་བུམ་པ་ཁྲ་བོ་ཞིག །ཁ་དོག་ལྡན་པར་མཐོང་མོད་ཀྱི། །ནང་ན་ཧ་ལ་ཧ་ལའི་དུག །དྲག་པོ་ཆེན་པོ་ཡོད་པ་ལྟར། །དེ་ནི་བུད་མེད་བརྒྱན་པ་དག །གང་དང་གང་ན་སྣང་བ་
དང་། །གཅིན་དང་ཕྱི་སས་གང་བ་ཡི། །རྐྱལ་པ་རླུང་གིས་བུས་པ་བཞིན། །སངས་རྒྱས་རྣམས་ཀྱིས་བུད་མེད་དག །ཕྱི་ས་བཞིན་དུ་དམན་པར་བསྒྲགས། །ཇི་ལྟར་ཕག་ནི་ཡུད་ཙམ་ཞིག །སྔངས་ཞིང་སྐྲག་པ་བྱུང་གྱུར་ཀྱང་། །དེས་ནི་ཕྱི་ས་མཐོང་བ་ན། །ཆགས་པ་སྐྱེད་པར་བྱེད་པ་
ལྟར། །རྨོངས་པ་རྣམས་ཀྱིས་ཆོས་ཐོས་ནས། །དགེ་བར་གསུངས་ཞེས་རྗོད་བྱེད་ཀྱང་། །དེའི་སེམས་བུད་མེད་ཕྱི་བཞིན་སོང་། །བྱི་བ་ལ་ནི་བྱི་ལ་བཞིན། །རྣམ་པར་དག་པ་བསྡུས་པ་ལས། །དགེ་སློང་ཆོས་དེ་འཆི་བའི་དུས་བྱས་ནས། འདི་ལྟར་དམ་པའི་ཆོས་སྤངས་པས་བསྐལ་པ་
เล่ม ๒๐๔ · หน้า 250b
བཅུར་སེམས་ཅན་དམྱལ་བར་སྐྱེས་སོ། །བསྐལ་པ་བཟང་པོ་འདི་ལ་དེ་བཞིན་གཤེགས་པ་གང་དག་འབྱུང་བའི་ཐ་མའི་ཚེ། ཁྱོད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །བསམ་གཏན་བཞི་ཐོས་དེར་ཕན་ཆད་བསྐལ་པ་གྲངས་མེད་པ་གསུམ་གྱིས་བླ་ན་མེད་པ་ཡང་དག་པར་འཚང་
རྒྱའོ། །མི་བླུན་པོ་དག་འདི་སྐད་དུ་འདི་ལྟ་སྟེ། དམིགས་པའི་ཚུལ་གཅིག་པུས་བྱང་ཆུབ་ཐོབ་པོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ནོ། །བརྩོན་པ་ལ་བདུད་གླགས་ཚོལ་གྱི་མི་བརྩོན་པ་ལ་བདུད་ཀྱིས་ཅི་ཞིག་བྱ་བར་འགྱུར། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས།
བྱང་ཆུབ་སེམས་དཔའ་རྣམས་ལ་གཡོ་དང་། སེར་སྣ་དང་ཕྲག་དོག་དང་། །ཕྲ་མ་དག་གིས་མངོན་པར་རྫོགས་པར་འཚང་རྒྱ་མི་ནུས་སོ་སྙམ་པའི་ཞེན་པའི་སེམས་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་དུས་མ་ཡིན་པ་དང་། མ་ལྡོང་བ་དང་། ར་རོ་བ་དང་། དུག་དང་། བརྡེག་པ་དང་། མཚོན་དང་། འགྱེད་པ་དང་།
རང་གི་ལག་ནས་མ་ཡིན་པ་འདོད་པའི་རེག་པའི་སྦྱིན་པ་མེད་དོ། །བློ་གྲོས་མི་ཟད་པས་ཞུས་པ་ལས། ཆོས་ཐམས་ཅད་ཀྱི་རྗེས་སུ་སོང་བའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཤེས་པའོ། །སུམ་ཅུ་རྩ་གསུམ་པའི་ལེའུ་ལས། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་ལ་སེམས་དེ་ཡང་སྒྱུ་མ་ལྟ་བུ་སྟེ།
སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ། །སེམས་གང་གིས་ཡོངས་སུ་བཙལ་བའི་སེམས་དེ་ཡང་མི་རྙེད་དོ། །སེམས་ཅན་མི་དམིགས་པས་ཆོས་ཐམས་ཅད་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་ཇི་ཙམ་དུ་བདག་སྡུག་བསྔལ་བ་དང་ཡིད་མི་བདེ་
བ་དེ་ཙམ་དུ་གཞན་གྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བརྩོན་ནོ། །ཆོས་བཞི་དང་ལྡན་ན་ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ། །བཞི་ནི་དམ་བཅས་པ་ལ་བརྟན་པས་སྙིང་པོ་ལ་གནས་པ་དང་། ཞུམ་པ་མེད་པའི་བརྩོན་འགྲུས་
དང་། སྙིང་རྗེ་ཆེན་པོ་དང་། ཐབས་ལ་མཁས་པའོ། །གླིང་ཆེན་པོ་བཞི་པ་འདི་འབའ་ཞིག་ཏུ་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི། གླིང་གཞན་དུ་མ་ཡིན་ནོ་སྙམ་ན་མཽང་གལ་གྱི་བུ་ཁྱོད་དེ་ལྟར་མི་བལྟའོ། །ཅིའི་ཕྱིར་ཞེ་ན། གླིང་ཆེན་པོ་བཞི་པ་ཐམས་ཅད་དུ། ངས་སེམས་ཅན་རྣམས་ཀྱི་མོས་
เล่ม ๒๐๔ · หน้า 251a
པ་ཇི་ལྟ་བ་བཞིན་ཆོས་སྟོན་ཏོ། །ཁ་ཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས། ཁ་ཅིག་ཏུ་ནི་ཡུམ་གྱི་ལྷུམས་ན་གནས་པ། ཁ་ཅིག་ཏུ་ནི་དགའ་ལྡན་གྱི་གནས་ན་བཞུགས་པ། ཁ་ཅིག་ཏུ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ངས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །
དེ་ལྟར་འདི་ན་རྒྱུན་དུ་ཞུགས་པ་ཞེས་བྱ་བ་ལ་སོགས་པ། དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་རྣམ་པར་གཞག་པ་ལྟ་བུ་དེ་ནི་མེད་ཀྱི་དེ་དག་ཐམས་ཅད་སྟན་གཅིག་ལ་འདུག་ནས། མངོན་པར་ཤེས་པ་འགའ་ཞིག་གིས་མངོན་སུམ་དུ་བྱེད་ཅིང་། རྣམ་པར་ཐར་པ་བརྒྱད་རྗེས་སུ་འཐོབ་པ་དང་།
ཡེ་ཤེས་ཆེན་པོ་ཐོབ་ནས་ནམ་མཁའ་ལ་འཕགས་ནས། རང་གི་ལུས་མེས་སྲེག་པར་བྱེད་ཅིང་ཡོངས་སུ་མྱ་ངན་ལས་འདའོ། །མཽང་གལ་གྱི་བུ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་རེ་ཞིག་སྐྱེ་གནས་ལྔ་ལེན་པར་འགྱུར་ཏེ། བཞི་ནི་བྱང་ཆུབ་སེམས་དཔའི་མིང་གིས་རྙེད་པར་འཚོ་བར་བྱེད་
ལ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང་། ཆོས་སྤོང་བ་ལ་བཏང་སྙོམས་སུ་བྱེད་ཅིང་མི་བཟློག་པ་དང་། གཞན་དག་གི་རྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་མ་བསྲུངས་པའོ། །སྡོམ་པ་གསུམ་བསྟན་པ་ལས། གང་
གི་སེམས་ལ་རྗེས་སུ་འགྱོད་པ་ཡོད་པ་དེ་དག་མཚམས་མེད་པ་དང་མི་དགེ་བ་བཅུ་མི་བྱེད། མིར་རོ་བའི་ལག་པ་ནས་འཛིན་པའམ་རྩོད་པར་མི་བྱེད། བྱམས་པའི་སེམས་ལ་ཞུགས་པས་གནས་ཉི་ཤུ་ཡོངས་སུ་སྤོང་ངོ་། །བུད་མེད་ཉི་ཤུ་མ་ཚང་བ་ལ་ཆོས་མི་འཆད། དགེ་སློང་མས་དྲིས་པའི་
ལན་མི་གདབ། བུད་མེད་ཀྱི་ཡི་གེ་མི་བྲི། གཉན་འདབ་ཀྱིས་མགྲོན་དུ་བོས་པར་མི་འགྲོ། །དགེ་སློང་མས་བསྐུགས་པ་ལ་སླར་བསྐུགས་པར་མི་བྱ། །དགེ་སློང་མས་བྱིན་པའི་ཆོས་གོས་མི་བགོ། །ཡུགས་ས་མོས་བོས་ན། དགེ་འདུན་མེད་པར་ཁས་མི་བླང་། དགེ་སློང་མས་བོས་ན་ལག་
བསྣོལ་མགོ་སྨད་དེ་ཕྱོགས་དེ་ནས་བྱོལ་བར་བྱ། ཆོས་སྟོན་པའི་གནས་སུ་དགེ་སློང་མ་འོངས་ན་སྙིམ་པས་གདོང་བཀབ་སྟེ་འདུག་པར་བྱ། ཆོས་གཉིས་ཀུན་དུ་བསྟན་པར་བྱ་སྟེ། གང་ཞེ་ན། ཆོས་ཐམས་ཅད་ལ་དངོས་པོ་མེད་པའི་ཆོས་ཉིད་ཡོངས་སུ་བཙལ་བར་བྱ་བ་དང་། ཡོངས་སུ་བཙལ་བའི་སེམས་ཀྱང་
เล่ม ๒๐๔ · หน้า 251b
བསྐྱེད་པར་མི་བྱའོ། །ཇི་ལྟར་བཙལ་ཞེ་ན། ཇི་ལྟར་ཡོངས་སུ་བཙལ་བ་དེ་གཉིས་མི་དམིགས་པ་ལྟར་རོ། །མི་དམིགས་པས་མི་དམིགས་པའི་སེམས་ཀྱང་བསྐྱེད་པར་མི་བྱ་སྟེ། དེ་ནི་ལོག་པར་ལྟ་བ་ཡིན་པས་ཁམས་གསུམ་པའི་སེམས་སོ། །མིས་ཞག་དྲུག་གི་བར་དུ་ཟན་མ་
ཟོས་པ་ནི་བླའི། བསྟན་པ་འདི་ལ་རབ་ཏུ་བྱུང་ནས་བདག་དང་སེམས་ཅན་ནས། མྱ་ངན་ལས་འདས་པར་བལྟ་བའི་བར་དུ་ལྟ་བས་དད་པས་བྱིན་པ་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ། །མ་འོངས་པའི་དུས་ན་དགེ་སློང་བརྐམ་ཆག་ཅན་ཕྲ་མ་ཅན་བརླང་པ། རྩུབ་པ་ཁྲོ་གཉེར་ཅན་ཆོས་གསུམ་པོ་ལ་
གནས་ཏེ། སྨན་དཔྱད་དང་། ཉོ་ཚོང་དང་། བུད་མེད་དང་འདྲ་བ་དག་འབྱུང་ངོ་། །དཔེར་ན་ཁྱི་ཁྲོ་བའི་སྣར་མཁྲིས་པས་བཏབ་ན་ཕྱིར་ཁྲོའོ། །དེ་བཞིན་དུ་མ་འོངས་པའི་དུས་ན་སྐྱེས་བུ་དམ་པ་མ་ཡིན་པ་ཁྱི་དང་ཝ་དང་འདྲ་བ་དག་འབྱུང་སྟེ། དེ་དག་གིས་དེ་བཞིན་གཤེགས་པའི་གསུང་རབ་ཟབ་པ་དང་སྡོམ་པ་
ཐོབ་ནས་ཕྱིར་ཞིང་ཁྲོའོ། །ཆོས་བཞི་དང་ལྡན་པའི་སེམས་ཅན་རྣམས་གསུང་རབ་ཇི་ལྟ་བུ་ཐོས་ཀྱང་སྐྱོ་བ་མི་སྐྱེ་སྟེ། བཞི་ནི་བག་མེད་པ་དང་། རྣམ་པར་སྨིན་པ་ལ་ཡིད་མི་ཆེས་པ་དང་། དམྱལ་བ་ཆེན་པོ་ལ་ཡིད་མི་ཆེས་པ་དང་། བདག་འཆི་བ་ལ་ཡིད་མི་ཆེས་པའོ། །གཞན་ཡང་བཞིས་སྐྱོ་
བར་མི་འགྱུར་ཏེ། བཞི་ནི། །འབྱུང་བ་གཞོན་ཏེ་བར་ཆད་མེད་པ་དང་། མཐུ་སྟོབས་དང་ལྡན་པ་དང་། འདོད་པའི་ཡོན་ཏན་ལ་ཆགས་པ་དང་། རྣལ་འབྱོར་མ་མྱོང་ཞིང་གདུང་བའི་སྟོབས་ཅན་དུ་གྱུར་པའོ། །དགེ་སྦྱོང་དང་བྲམ་ཟེར་བྱེད་པའི་ཆོས་ནི་གཅིག་སྟེ། ཆོས་ཐམས་ཅད་ལ་སེམས་མི་
གནས་པའོ། །སེམས་རྩེ་གཅིག་པ་ཞེས་བྱ་བ་ནི་ཡོངས་སུ་བཙལ་ན་ཆོས་གཅིག་ཀྱང་མི་དམིགས་པའོ། །དགེ་སློང་མའི་ཤེས་རབ་ནི་སོར་གཉིས་པ་ཡིན། མ་འོངས་པ་ན་ཕན་ཚུན་སྟོང་པ་སྟོང་པ་ཞེས་བརྗོད་པས་ཡོངས་སུ་རྟོགས་སོ་ཡོངས་སུ་རྟོགས་སོ་ཞེས་ཚིག་ཏུ་སྨྲ་བ་འབྱུང་ངོ་། །
དེའི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་ཤིང་མི་འགལ་བར་སྦྱོང་བ་དང་ལྡན་པར་འགྱུར་བའི་དགེ་སློང་ནི་དགེ་སློང་ཉིས་སྟོང་གི་དགེ་འདུན་གྱི་ནང་ན་གཅིག་ཀྱང་དཀོན་པར་འགྱུར་རོ། །བསྐལ་པ་འདི་ནི་འདས་འོག་ཏུ། །བསྐལ་པ་དྲུག་ཅུ་ཐམ་པར་ནི། །སངས་རྒྱས་འབྱུང་བར་མི་
เล่ม ๒๐๔ · หน้า 252a
འགྱུར་ན། །དགའ་བ་འདི་ནི་ག་ལ་འབྱུང་། །བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆོས་གསུམ་མི་བྱ་སྟེ། གཞན་གྱི་སྦྱིན་པ་ལ་མ་བོས་སམ་ཐབས་མེད་པར་མར་གྱི་ཉིང་ཁུ་ཡང་སྦྱིན་པར་མི་བྱ་བ་དང་། རབ་ཏུ་བྱུང་བའི་བར་ཆད་མི་བྱ་ཞིང་བསྐུལ་བ་དང་། མཆོད་རྟེན་གྱི་ལས་ཀྱི་བླར་
བསྐོས་ན་དེ་ལ་བརྟེན་ཏེ་ཡོ་བྱད་དུ་མི་སྤྱད་པའོ། །ཡང་གསུམ་མི་བྱ་སྟེ། སྐྱེས་པ་བཙོང་བ་དང་། བུད་མེད་འཚོང་བ་དང་། སྨན་མ་ཡིན་པ་སྦྱིན་པའོ། །ཡང་གསུམ་མི་བྱ་སྟེ། སྨད་འཚོང་མའི་ཐད་དུ་འགྲོ་བ་དང་། སྨྲ་སེམས་ཐ་དད་པར་སྤྱོད་པའི་སྐྱེས་པ་དང་བུད་མེད་བསྟེན་པ་དང་། བ་གླང་གསོད་པའི་
གནས་སུ་འགྲོ་བའོ། །ཟུང་གི་མདོ་ལས། དེ་ནས་བྲམ་ཟེ་དང་གཞན་མུ་སྟེགས་ཅན་སྤྱོད་པ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། རྒྱལ་པོ་དང་། བདུད་སྡིག་ཅན་འཁོར་དང་བཅས་པ་ཐམས་ཅད་ལྷགས་ནས། གཡོ་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་བདག་ཅག་འདིར། དེ་བཞིན་གཤེགས་པའི་གན་དུ་མཆིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བདག་ཅག་སངས་རྒྱས་ཀྱི་བདེ་བ་འདི་ལྟ་བུ་ཐོབ་པར་གྱུར་ཅིག །འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་ལྟ་བུ་ཐོབ་པར་གྱུར་
ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་དེ་བཞིན་ཏེ། ཇི་ལྟར་ཁྱེད་དེ་བཞིན་གཤེགས་པའི་གན་དུ་ལྷགས་ནས། ཁྱེད་ཀྱིས་ཟུང་གི་མདོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེས་ན་ཁྱེད་ཐམས་ཅད་རིང་པོ་མི་ཐོགས་
པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས་མ་ཐག་ཏུ། དེ་ནས་གཞན་མུ་སྟེགས་ཅན་དེ་དག་ཐམས་ཅད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏེ། ཐམས་ཅད་ཀྱང་ས་བཅུ་ལ་གནས་པའི་བྱང་
ཆུབ་སེམས་དཔར་གྱུར་ནས། དེ་དག་སྟེང་གི་བར་སྣང་ལ་འཕགས་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔ་པ་ལས། བྱང་ཆུབ་སེམས་དཔའ་ལ་སྦྱིན་པ་སྦྱིན་པ་ན། བདག་གི་སྦྱིན་པ་འདི་ཐམས་ཅད་མཁྱེན་པ་མ་གཏོགས་པར། གཞན་དུ་སྨིན་པར་མ་གྱུར་ཅིག་ཅེས་དེ་ལྟར་བསྔོ་ན། ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །བྱང་
เล่ม ๒๐๔ · หน้า 252b
ཆུབ་སེམས་དཔའ་ལ་ཐོག་མ་མེད་པའི་འཁོར་བ་ན་ཐམས་ཅད་མཁྱེན་པར་ཡོངས་སུ་མ་བསྔོས་པའི་སྦྱིན་པ་བཏང་བ་ཡང་། ཐབས་མཁས་པས་ཐམས་ཅད་མཁྱེན་པ་ཉིད་ལ་བྱེད་ཅིང་བསྔོ་ན་ཕ་རོལ་ཏུ་ཕྱིན་པའི་གྲངས་སུ་འགྲོའོ། །བྱང་ཆུབ་སེམས་དཔས་ཐོག་མ་ཁོ་ནར་སྦྱོར་བའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་
པར་བྱའོ། །ཉམས་པ་ཕྱིར་བསླང་བར་ནུས་སམ། སྨྲས་པ། ཇི་སྟེ་ཡང་དག་པའི་མཐའ་མངོན་སུམ་དུ་མ་བྱས་ལ། ཇི་སྟེ་བདེན་པ་མ་མཐོང་ནའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཁྱིམ་པར་གནས་ཏེ་འདོད་པའི་ཡོན་ཏན་རྣམས་
ལ་བརྟེན་ཅིང་ལོངས་སྤྱོད་ལ། ཉན་ཐོས་སམ་རང་སངས་རྒྱས་སུ་སེམས་མི་བསྐྱེད་ན། དེ་ཙམ་གྱིས་ནི་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་འཆལ་པ་ཞེས་མི་བྱ་སྟེ། འདི་ལྟར་ལྷག་པའི་སེམས་མ་དཀྲུགས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འགོག་པའི་སྙོམས་པར་འཇུག་
པ་ལ་དབང་ཐོབ་མོད་ཀྱི། མཉམ་པར་གཞོག་པར་ནི་མི་བྱེད་དོ། །འདུ་ཤེས་དང་ཚོར་བ་བར་གཞག་ན་ནི། དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱེད་པར་བལྟ་སྟེ། ཡབ་དང་སྲས་མཇལ་བ་ལས། བཅོམ་ལྡན་འདས་ཀྱིས་གསུང་གཅིག་བརྗོད་པ་ལས། སྐྱེ་བོ་བསམ་པ་ཇི་བཞིན་སོ་སོར་
འཆལ། བསྐལ་པ་གྲངས་མེད་པ་གཞལ་དུ་མེད་པའི་སྔོན་རོལ་ན། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། ཆོས་ཀུན་ཡིད་ལ་བྱར་མེད་པ། །འདི་ཡང་གཟུངས་ཀྱི་སྒོ་ཡིན་ཏེ། །བདེ་བར་གཤེགས་པས་གཟུངས་སུ་བསྟན། །སྟོབས་བཅུ་རྒྱལ་བ་མ་
དྲིས་པར། །སྲས་མཆོག་བྱང་ཆུབ་ལུང་མི་སྟོན། །དེ་བཞིན་གཤེགས་པས་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཞེས་བྱ་བ་ཡང་འདིར་ཟད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་རབ་ཏུ་གཟིགས། རབ་ཏུ་མཁྱེན། ལེགས་པར་མངོན་དུ་མཛད་པས། དེའི་
ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ། །འདོད་ཆགས་གཉེན་པོར་ཞི་གནས་བཀའ་སྩལ་པ། ཞེ་སྡང་གཉེན་པོར་བྱམས་པ་གསུངས། །གཏི་མུག་གཉེན་པོར་ལྷག་མཐོང་ནི། །ཐུབ་པ་མཆོག་གིས་སེམས་ཅན་རྣམས་ལ་བསྟན། །དེ་བཞིན་གཤེགས་པ་ནི་མ་སྐྱེས་ཏེ། ཆོས་ཐམས་ཅད་
เล่ม ๒๐๔ · หน้า 253a
ཀྱང་མ་སྐྱེས་པའོ། །དེ་བས་ན་ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའོ། །དམྱལ་བ་ནས་ཚེ་འཕོས་པའི་རྟགས་སྐད་ཆེ་བ་ཡིན། སྐད་ལྷང་ལྷང་པོ་ཡིན། སེམས་ཅན་ཀུན་ལ་ཡིད་མི་རྟོན་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་ནས་ཤི་འཕོས་པའི་རྟགས་ནི་གཉིད་
ཆེ་ལེ་ལོ་ཆེ་མང་དུ་ཟ་བ་ཡིན། མི་གསལ་བར་སྨྲ་བ་ཡིན། ཀུན་དུ་བསྐུམས་ཏེ་ཉལ་བ་ཡིན། གཞན་དུ་སྨྲ་ཞིང་གཞན་དུ་སྐྱེ་ཞིང་གཡོ་བྱེད་པ་ཡིན། བབ་ཆོལ་དུ་སྤྱོད་པ་ཡིན་ནོ། །གཤིན་རྗེའི་འཇིག་རྟེན་ནས་ཤི་འཕོས་པའི་རྟགས་ནི་སྐྲ་སེར་རྟག་ཏུ་བཀྲེས་སྐོམ་སེར་སྣ་དང་འདོད་ཞེན་ཆེ་བ། དངོས་
པོ་ཀུན་ལ་རྐུ་བའི་སེམས་ཡོད་ལ། གཞན་གྱི་རྙེད་པ་ལ་ཕྲག་དོག་ཆེ་བ་ཡིན་ནོ། །ལྷ་མ་ཡིན་ལས་ཤི་འཕོས་པ་ནི། ཁེངས་པ། འཐབ་ཀྲོལ་ཅན། ཁོན་དུ་འཛིན་པ། ང་རྒྱལ་ཅན། ལུས་ཆེ་བ། མཆེ་བ་སྣང་བ། དབྱེན་ལ་དགའ་བ། ཀུན་ལ་བརྙས་པར་བྱེད་པ་ཡིན་ནོ། །མི་ལས་ཤི་འཕོས་པ་ནི།
འཕགས་པ་ལ་བརྟེན་པ། འཕགས་པ་ལ་སྨོན་པ། ཁྲེལ་དང་ངོ་ཚ་ཤེས་པ། མཛའ་བོ་ལ་གདུང་བ། གཏོང་ཕོད་པ། སྐད་ཐམས་ཅད་འཛིན་པའི་མཐུ་ཡོད་པ་ཡིན་ནོ། །ལྷ་ལས་ཚེ་འཕོས་པ་ནི་མཛེས་པ་གཙང་སྦྲ་ཆེ་བ། རོལ་མོའི་སྒྲ་ལ་དགའ་བ། བྱམས་པ་ཆེ་བའི་ངང་ཚུལ་ཅན། འཇམ་
པར་སྨྲ་བ། སྨྲ་མཁས་པ། ཕན་པར་བྱ་བ་ལ་མཁས་པ་ཡིན་ནོ། །གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་བ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ང་ལས་ནུ་བྱུང་བའི་ཚེ་འཛམ་གླིང་གི་གྲོང་ཁྱེར་ཐམས་ཅད་བྱ་གག་གི་འཕུར་སྟབས་ཀྱིས་ཆོད་པ་
ཙམ་དུ་ཉེའོ། །བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། བསོད་ནམས་སུ་བྱ་བ་ཐམས་ཅད་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་གང་ལ་འདུག་པའི་འཇིག་རྟེན་གྱི་
ཁམས་དེ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་མ་བརླབས་ན། སྐྱེས་མ་ཐག་ཏུ་གོམ་པ་བདུན་འདོར་བའི་ཚེ། ཐུར་དུ་དཔག་ཚད་དྲུག་ཁྲི་བརྒྱད་སྟོང་ཞོམ་པར་འགྱུར་ཏེ། །འོག་ནས་ཆུ་ཤིང་རྟའི་གཉའ་ཤིང་ཙམ་གྱི་རྒྱུན་དག་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་སྐྱེས་
เล่ม ๒๐๔ · หน้า 253b
པའི་སྟོབས་ཀྱང་། མི་བཅུའི་སྟོབས་ནས། བ་གླང་དང་། ལྷ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་བཅུ་བཅུར་བསྒྲེས་པ། དྲུག་ཅུ་ལ་ཐུག་པ་བས་ཀྱང་ཆེ་སྟེ། ཐ་མ་ནི་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པར་འབྱུང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་
ཀྱི་ཚོགས་ནི། བསླབ་པ་འདྲལ་བ་ལས་སྙིང་རྗེ་བ་དང་། བསླབ་པ་དང་ལྡན་པ་རྣམས་ལ་གུས་པ་དྲག་པའོ། །ཆོས་བཞི་དང་ལྡན་ན་སྦྱིན་པ་ཟད་པར་འགྱུར་ཏེ། མ་བསྔོས་པ་དང་། ཐབས་མི་མཁས་པ་དང་། དམའ་བར་སྐྱེ་བ་སྒྲུབ་པ་དང་། སྡིག་པའི་གྲོགས་པོ་ལ་བརྟེན་པའོ། །བཟློག་པ་ནི་
མི་ཟད་པའོ། །བྱང་ཆུབ་སེམས་དཔའ་སློང་མོ་བ་འོངས་ན། གཏོང་མི་ཕོད་པ་དེ་ལྟ་བུའི་གཡོག་འཁོར་དང་། ནོར་དང་རྒྱལ་སྲིད་གཟུང་བར་མི་བྱའོ། །ཆོས་ཐམས་ཅད་ནི་རྣམ་པར་ཐར་པའི་སྒོ་ཀུན་ནས་སྟོན་པའི་ཕྱིར་ཀུན་ནས་སྒོའོ། །བྱང་ཆུབ་སེམས་དཔའི་ཆོས་འདོད་པ་རྣམས་
ནི། རི་དང་། རི་སུལ་དང་། ཤིང་དག་གི་ནང་དུ་ཆོས་ཀྱི་གཏེར་བཅུག་པ་ཡོད་དེ་གཟུངས་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་གླེགས་བམ་དུ་བྱས་པ་དག་ཀྱང་ལག་ཏུ་འོང་བར་འགྱུར་རོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ལྷག་པའི་ང་རྒྱལ་
དང་། ཆོས་ལ་མ་གུས་པ་དང་། དགེ་བའི་བཤེས་གཉེན་ལ་ཁྱད་དུ་གསོད་པ་དང་། ལོག་པའི་ཚིག་སྨྲ་བའོ། །ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ཐེག་པ་དམན་པའི་རྣལ་འབྱོར་པ་དང་འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས་
པ་དང་། བྱང་ཆུབ་སེམས་དཔའ་ལ་སྐུར་པ་དང་། ཆོས་ལ་སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པའོ། །ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་པ་བྱེད་མི་འགྱུར། །ཐོས་པས་གནོད་པ་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་འཐོབ། །བྱང་ཆུབ་
སེམས་དཔའ་ནི་སྲོག་གི་ཕྱིར་ཡང་སྡིག་པ་མི་བྱེད་དོ། །ལུས་བརྟས་པའི་ཕྱིར་ཡང་བས་འཚོ་བར་མི་བྱེད་དོ། །སྲོག་གི་ཕྱིར་ཡང་གཞན་ལ་སློང་ཁྲོ་མི་བྱེད་དོ། །ལོངས་སྤྱོད་ཀྱི་ཕྱིར་མི་དགེ་བའི་མངོན་པར་འདུ་མི་བྱེད་དོ། །ཡང་བཞིས་བརྗེད་པར་འགྱུར་ཏེ། སྒྱུ་བྱེད་པ་དང་། སེམས་ཅན་
เล่ม ๒๐๔ · หน้า 254a
ལ་གཡོས་སྟོན་པ་དང་། དགེ་བའི་བཤེས་གཉེན་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ལ་ཆགས་པའོ། །སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ནི་འདོད་ཆགས་ཞེ་སྡང་གཏི་མུག་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་ངོ་། །གལ་ཏེ་བྱང་ཆུབ་སེམས་དཔའ་ལྟ་བ་འགའ་
ཞིག་ལ་མངོན་པར་ཞེན་ཏེ། ཐ་ན་སངས་རྒྱས་ཀྱི་ཆོས་དང་། མྱ་ངན་ལས་འདས་པའི་ལྟ་བ་ལ་མངོན་པར་ཞེན་ན། དེ་ཡང་དེ་བཞིན་གཤེགས་པའི་སྐུ་སླུ་བ་ཡིན་ནོ། །བྱང་ཆུབ་སེམས་དཔས་ནི་དུག་གསུམ་ལ་ཡང་སྤྱད་པར་བྱ་ཞིང་། དེ་དག་དང་ཡང་འབྲལ་བར་བྱའོ། །སེམས་ཅན་ཐམས་ཅད་
ལ་སེམས་སྙོམས་པ་དང་། འགྲོ་བ་ལྔར་སྲིད་པ་ལེན་པ་ནི་བྱམས་པའོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་དགྲོལ་བ་དང་། འཁོར་བའི་ལམ་ལས་དགྲོལ་ལོ་སྙམ་པ་ནི་སྙིང་རྗེ་བའོ། །ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་རྣམས་གཏན་གདུལ་བ་
ཉིད་དུ་ཡང་ཤེས་པར་བྱེད་ཅིང་། ལྟུང་བ་དང་ཉོན་མོངས་པ་དང་བྲལ་ལ། ལྟུང་བ་དང་ཉོན་མོངས་པ་གདུལ་བའི་ཕྱིར་ཆོས་སྟོན་པར་ཡང་བྱེད་ཅིང་། དེ་ལྟར་ཉོན་མོངས་པ་རྣམས་རྟོགས་པར་བྱེད་ལ། བྱང་ཆུབ་ཀྱང་ཚོལ་བར་བྱེད་ན། དེ་ཙམ་གྱིས་ན་འདུལ་བ་འཛིན་པ་ཡིན་ནོ། །འཇམ་དཔལ་
གྱིས་སྨྲས་པ། ལྷའི་བུ་རྣམ་གྲངས་མེད་པས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་གྱི། རྣམ་གྲངས་ཀྱིས་ནི་མ་ཡིན་ནོ། །ལྷའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་པས་ན། བཅོམ་ལྡན་འདས་ཀྱིས་ཀྱང་སྟོང་པ་ཉིད་རྗེས་སུ་རྟོགས་པ་ཁོ་ན་བྱང་ཆུབ་ཡིན་ནོ་ཞེས་གསུངས་
སོ། །ཤེས་པས་འཕགས་པ་དང་མཉམ་ལ་ཐབས་ཀྱིས་འཕགས་པ་མ་ཡིན་པར་གནས་ན། བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཡིན་ནོ། །སྒྲོགས་པ་ཡང་གཞན་གྱི་དྲིང་མི་འཇོག་ལ། ཐོས་པས་ཀྱང་མི་རློམ་པ་ནི། བྱང་ཆུབ་སེམས་དཔའ་ཉན་ཐོས་ཡིན་ནོ། །བྱང་ཆུབ་སེམས་དཔའི་
སྤྱོད་པ་བསྟན་པ་ལས། འཇམ་དཔལ་གྱིས་སྨྲས་པ་འདི་ལ། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་གདམས་ངག་བསྟན་པར་བྱ། ཇི་ལྟར་རྗེས་སུ་བསྟན་པར་བྱ། རིན་ཆེན་བྱིན་གྱིས་སྨྲས་པ། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འདོད་ཆགས་མ་སྤོངས་ཤིག །ཞེ་སྡང་མ་གཞིལ་ཅིག །གཏི་
เล่ม ๒๐๔ · หน้า 254b
མུག་མ་བསལ་ཅིག །རང་གི་ལུས་ལས་གྱེན་དུ་མ་བསྐྱོད་ཅིག །མི་དགེ་བ་སྤྱོད་ཅིག །ལྟ་བ་ཚར་མ་བཅད་ཅིག །ཀུན་དུ་མི་སྦྱོར་བ་མ་སྟོན་ཅིག །ཕུང་པོ་རྣམས་ཟུང་ཤིག །ཁམས་རྣམས་རིལ་པོར་གྱིས་ཤིག །སྐྱེ་མཆེད་རྣམས་ལ་སྤྱོད་ཅིག །མི་དགེ་བ་ལ་རྟོགས་ཤིག །དགེ་བ་སྤོངས་ཤིག །
ཆོས་མ་སེམས་ཤིག །དགེ་འདུན་ལ་མཆོད་པ་མ་བྱེད་ཅིག་ཅེས་བསྟན་པར་བྱའོ། །བུད་མེད་འགྱུར་བ་ལས། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །མདང་སུམ་བདག་གི་རྨི་ལམ་ན། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་
དང་། དྲང་སྲོང་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་ཏེ། དཔེར་ན་ཉི་མ་ལ་སོགས་པའི་རྐྱེན་གྱིས་མིག་ཅན་རྣམས་ཀྱིས་གཟུགས་མཐོང་བ་བཞིན་ནོ། །མེ་འབར་བ་ནི་ཞི་བར་བགྱིས་འཚལ་གྱི། མེ་མི་འབར་བ་ནི་མི་འཚལ་ལོ། །
དེ་བཞིན་དུ། སྐྱེ་བོ་ལ་བཟོད་པ་གསོལ་འཚལ་གྱི་འཕགས་པ་ལ་ནི་མ་ཡིན་ནོ། །ཅི་ཐམས་ཅད་མཁྱེན་པའི་མིང་དེ་ཡང་ཀུན་བརྟགས་པ་ཡིན་ནམ། དེ་དེ་བཞིན་ཏེ་སངས་རྒྱས་ཀྱི་ཞིང་གཞན་དག་ན་མིང་ཐ་དད་པ་ཡོད་པའི་ཕྱིར་རོ། །གལ་ཏེ་བདག་སེམས་པར་མ་གྱུར་ན་ནི།
བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་པ་ཞིག་མོད། མ་ཐོས་པ་ནི་གླིང་བྱང་ཆུབ་འདོད་པས་ཉན་ཐོས་ཀྱི་ཐེག་པ་ནི་དེ་ལྟ་མ་ཡིན་ནོ། །བུད་མེད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་ནི་ཆོས་འཕགས་
ཀྱིས་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་བདེན་པ་ལ་གནས་པ་ནི་དེ་ལྟ་མ་ཡིན་ནོ། །དར་མ་འདི་ལས་མི་དགེ་བ་བཅུ། བྱང་ཆུབ་སེམས་དཔའ་སྤྱོད་པ་དགེ་བ་སྦྱོར་བར་འབྱུང་སྟེ། དོན་དུ་ན་བྱང་ཆུབ་ཀྱི་ཕྱིར་རང་དང་གཞན་གྱི་སྲོག་བོར་བས་སྲོག་གཅོད་པའོ། །བྱང་
ཆུབ་རང་རིག་པར་བླངས་པས་མ་བྱིན་པར་བླངས་པའོ། །འདོད་པ་འདི་དག་ལོག་པ་ཡིན་པར་ཤེས་པ་ནི་འདོད་པ་ལ་ལོག་པར་སྤྱོད་པའོ། །སྒྲ་ཇི་སྙེད་པ་བརྫུན་པས་ན་བརྫུན་དུ་སྨྲ་བའོ། །ཐེག་པ་དམན་པ་ལ་མོས་པ་ཐེག་པ་དེ་ལས་ཕྱེ་ནས་མཆོག་ལ་འགོད་པ་དང་། མུ་སྟེགས་ཅན་རྣམས་
เล่ม ๒๐๔ · หน้า 255a
ཕྲ་མས་ཕྱེ་ནས་ཡང་དག་པའི་ལམ་ལ་བཀོད་པས་ཕྲ་མའོ། །རྒོལ་བ་ཚར་བཅད་པས་ཚིག་རྩུབ་པའོ། །བྱེ་བ་འདུམ་པར་བྱེད་པས་ན་ཀྱལ་པའོ། །སེམས་ཅན་ཀུན་བདེ་བ་ལ་བཀོད་པར་འདོད་པས་བརྣབ་སེམས་སོ། །ཆོས་འཇིག་པའི་ཚེ་
སྟོབས་ཆེན་པོས་ཆོས་ལ་འཛུད་པ་ནི་གནོད་སེམས་སོ། །ལོག་པར་ལྟ་བ་རྣམས་ཡང་དག་པ་ལ་འཛུད་པར་བྱེད་པས་ན་ལོག་པར་ལྟ་བ་ཞེས་བྱའོ། །ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་བཞི་དང་ལྡན་ན། སངས་རྒྱས་
ལ་སྐྱབས་སུ་སོང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མི་འདོར་བ་དང་། དམ་བཅས་པ་མི་འཇིག་པ་དང་། སྙིང་རྗེ་ཆེན་པོ་མི་གཏོང་བ་དང་། ཐེག་པ་གཞན་ལ་མི་དམིགས་པའོ། །བཞི་དང་ལྡན་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ཏེ། ཆོས་སྨྲ་བ་ལ་གུས་པར་བྱས་ཏེ། ཆོས་ཉན་པ་དང་།
ཐོས་པ་ལ་ཚུལ་བཞིན་དུ་རྟོགས་པ་དང་། གཞན་ལ་སྟོན་པ་དང་། ཆོས་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོ་བའོ། །བཞི་དང་ལྡན་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཏེ། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཐམས་ཅད་མཁྱེན་པའི་སེམས་ལ་འཛུད་པ་དང་། ཟང་ཟིང་གིས་
སྡུད་པ་དེ་དག་ཆོས་ཀྱིས་བསྡུ་བ་ལ་སྦྱོར་བ་དང་། བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་དགེ་འདུན་ལ་རྟོན་གྱི་ཉན་ཐོས་ཀྱི་དགེ་འདུན་ལ་མ་ཡིན་པ་དང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ལ་མོས་པ་མ་ཡིན་པའོ། །འདི་དག་ལ་གང་འདོད་པ་སྦྱིན་ཏེ། ཆང་ཡང་བྱིན་ནས་དེའི་འོག་ཏུ་འཁྲུལ་
པ་མེད་པའི་སྤྱོད་པ་དང་། ཤེས་བཞིན་ཡང་དག་པར་འཛིན་དུ་གཞུག་གོ་སྙམ་ན། བྱང་ཆུབ་སེམས་དཔའ་ཁྱིམ་པས་གཞན་ལ་ཆང་བྱིན་ཡང་། དེ་བཞིན་གཤེགས་པས་ཉེས་པར་བརྗོད་པ་མ་ཡིན་ཏེ། བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོང་བ་ཡིན་
པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཁྱིམ་པས་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། དགའ་ཞིང་བརྩེ་བའི་གྲོགས་ཡིན་གྱི། འཇིག་རྟེན་ཕ་རོལ་གྱི་གྲོགས་མ་ཡིན་པ་དང་། བཟའ་བཏུང་གི་གྲོགས་ཡིན་གྱི་རྣམ་པར་སྨིན་པའི་གྲོགས་མ་ཡིན་པ་དང་། བདེ་བའི་གྲོགས་ཡིན་གྱི། སྡུག་
เล่ม ๒๐๔ · หน้า 255b
བསྔལ་གྱི་གྲོགས་མ་ཡིན་པའོ། །ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་ཁ་དོན་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྤྱོད་པ་རྣམ་པར་དག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་གཉིས་ཀྱིས་ཁྱིམ་བདག་འདི་རྣམས་རབ་མེ་ཏོག་པུཎྜ་རཱི་ཀ་ཞེས་འགྲོ་
སྟེ། སྡུག་བསྔལ་མྱོང་ནས། ཚེ་འདི་ཉིད་ལ་མྱ་ངན་ལས་འདས་པ་འབྱུང་། འཕགས་པ་དཀོན་མཆོག་ཏལ་ལ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གཞག་པ་ནི་བཅུ་པོ་འདི་དག་སྟེ། སེམས་དང་པོ་བསྐྱེད་པ་དང་། ལས་དང་པོ་པ་དང་། རྣལ་འབྱོར་སྤྱོད་པ་དང་། སྐྱེ་བར་སྐྱེས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་
པ་དང་། བསམ་པ་ཕུན་སུམ་ཚོགས་པ་དང་། ཕྱིར་མི་ལྡོག་པ་དང་། གཞོན་ནུར་གྱུར་པ་དང་། རྒྱལ་ཚབ་དང་། དབང་བསྐུར་བ་ཐོབ་པའོ། །ཆོས་འདི་དག་སྤོང་བར་འགྱུར་བའི་སེམས་ཅན་དེ་དག་ནི་ཕལ་ཆེར་རབ་ཏུ་འབྱུང་བ་དག་འབྱུང་སྟེ། སློབ་དང་མི་སློབ་ལུས་ལ་མཉམ་གཞག་ཅིང་། །རྐྱེན་གྱི་སངས་
རྒྱས་ལུས་ནི་རྣམ་པར་སྣང་། །རྐྱེན་གྱི་སངས་རྒྱས་ལུས་ལ་མཉམ་གཞག་ཅིང་། །སངས་རྒྱས་སྐུ་མཆོག་རབ་ལས་རྣམ་པར་སྣང་། །ཐེག་པ་ཆེན་པོ་མན་ངག་ལས། ཆོས་སྨྲ་བ་ནི་ཤ་ཟ་བ་མ་ཡིན་ནོ། །མ་འདྲེས་པ་བཅོ་བརྒྱད་ཞི་བ་རབ་ཏུ་བྱུང་ངོ་། །ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་
གཉིས་ལ་ཐོས་པ་དོན་དུ་མི་གཉེར་བ་དང་། དཔྱད་པ་མེད་པ་དང་། སློབ་དཔོན་གྱིས་དཔེ་མཁྱུད་བྱེད་པ་དང་། ཆོས་སྨྲ་བ་ཡོངས་སུ་བཟུང་བས་དམ་པའི་ཆོས་ཡོངས་སུ་གཟུང་བ་ཡིན་ནོ། །དམ་པའི་ཆོས་ཡོངས་སུ་བཟུང་བས། སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བ་ཡིན་ནོ། །ཆོས་ཐམས་
ཅད་འབྱུང་བ་མེད་པ་བསྟན་པ་ལས། སུ་ཞིག་ཚུལ་ཁྲིམས་མེད་པ་དེ་ལ་ནི། །ཚུལ་ཁྲིམས་མེད་དེ་དེ་མཐོང་ན། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་མཚན་ཉིད་གཅིག །དེ་ལྟར་ཤེས་ན་དེ་ནི་མགོན་པོར་འགྱུར། །ཕན་ཚུན་ཁྲོ་བར་བྱེད་དང་ལྡན་གྱུར་ཅིང་། །ཚད་མེད་ཚེ་ཡི་ཞིང་དུ་སྨོན་པར་
བྱེད། །གང་གཱའི་ཀླུང་གི་བྱེ་མ་ཇི་སྙེད་པར། །བརྡེག་ཅིང་སྤྱོད་སར་འཐོབ་པའི་གནས་ཡོད་ཀྱི། །བཟོད་པ་དམ་པ་ཡོངས་སུ་མ་བསྒོམས་པར། །རྒྱལ་བ་དེ་དག་ཞིང་དུ་དེ་མི་འགྲོ། །ཞིང་རྣམས་ཞིང་མིང་གང་གིས་ཤེས་གྱུར་ཅིག །ཞིང་རྣམས་ཐམས་ཅད་ནམ་མཁའི་རང་བཞིན་ཤེས། །
เล่ม ๒๐๔ · หน้า 256a
ཞིང་གི་ཡོན་ཏན་རློམ་སེམས་གང་མེད་པ། །སྐྱེས་བུ་ཁྱུ་མཆོག་ཞིང་དུ་དེ་འགྲོའོ། །འཕགས་པ་འོད་དཔག་མེད་ཀྱི་བཀོད་པ་ལས། དེ་བཞིན་གཤེགས་པ་དེ་སྤྱི་ནི་སྐུ་ཚེ་བསྐལ་པ་དཔག་ཏུ་མེད་པས་ཚེ་དཔག་མེད་ཅེས་ཀྱང་བྱ། མངོན་པར་སངས་རྒྱས་
ནས་ནི་བསྐལ་པ་བཅུ་ལོན། ཨཱརྱ་པ་ལོ་དང་མཐུ་ཆེན་ཐོབ་ཀྱང་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་ནས་དེར་སྐྱེས། ད་དུང་ཡང་འདི་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་དེར་སྐྱེས་པར་འགྱུར། བུདྡྷ་འོད་དཔག་མེད་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་
སུ་གྱུར་པ་ན། ཞིང་ཡོངས་སུ་དག་པའི་སྨོན་ལམ་བཏབ་པ་འབྱུང་། དཔེར་ན། རྒྱ་མཚོ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ། འོད་དཔག་མེད་ཀྱི་མཚན་ཐོས་ནས་དད་པ་ནི་སྐྱེས་ལ། དེ་བཞིན་གཤེགས་པའི་ཡེ་ཤེས་དང་བཀོད་པ་རྒྱ་ཆེན་པོ་ལ་ཐེ་ཚོམ་ཡོད་བཞིན་
པ་ནི་དེར་པདྨོའི་མངལ་ན་གནས་པར་སྐྱེ་སྟེ། ལོ་ལྔ་བརྒྱའི་བར་དུ་བུདྡྷ་མི་མཐོང་། ཆོས་མི་ཐོས་སོ། །ཐེ་ཚོམ་མེད་པ་ནི་པདྨོ་ལས་སྐྱིལ་མོ་ཀྲུང་བཅས་ཏེ་སྐྱེའོ། །བྱང་ཆུབ་ཀྱི་སྙིང་པོ་རྒྱན་གྱི་མདོ་ལས། མཆོད་སྟོན་ལ་བོད་པ་ལ་ཚུལ་ཤིང་བྲིམ་པ་འབྱུང་། འཕགས་པ་དགེ་བའི་རྩ་བ་ཡོངས་
སུ་འཛིན་པ་ལས། བཅོམ་ལྡན་འདས་འཕགས་པ་འོད་སྲུངས་ལ་སྟན་ཕྱེད་བསྟབ་བོ། །བདག་ནི་ཆོག་ཤེས་འདོད་ཆུང་དང་། །རབ་ཏུ་དབེན་པར་གནས་པ་དང་། །ཆོས་གོས་ངན་པ་འཆང་སྙམ་རློམ། །འོད་སྲུངས་དེ་ནི་མུ་སྟེགས་ཅན་རྣམས་སོ། །བསླབ་པ་ཀུན་ལས་བཏུས་པའི་ཚིགས་བཅད་ལས། །
བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་དགོན་པར་འགྲོ་བར་བྱ། །དཀོན་མཆོག་ཏ་ལ་ལས་འབྱུང་བ། །གང་དག་བསྲུངས་པས་སངས་རྒྱས་མཆོད་བྱེད་པ། །དེ་དག་སངས་རྒྱས་རྗེས་སུ་དྲན་མི་བྱེད། །གང་དག་སངས་རྒྱས་རྗེས་དྲན་མི་བྱེད་པ། །དེ་དག་རྟག་ཏུ་སངས་རྒྱས་བསམ་ཡས་མཐོང་། །གང་
དག་སངས་རྒྱས་བསམ་ཡས་རྟག་མཐོང་བ། །དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན། །གང་དག་ནམ་ཡང་སངས་རྒྱས་མི་བཞུགས་མིན། །དེ་ལ་བར་སྐབས་ཆོས་ལས་ཉམས་མི་འགྱུར། །དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས། ཅུང་ཟད་ཅིག་བསམ་པ་ལས་མ་བྱིན་ན་ཡི་དགས་སུ་སྐྱེ། དམ་བཅས་
เล่ม ๒๐๔ · หน้า 256b
པ་ལས་མ་བྱིན་ན་སེམས་ཅན་དམྱལ་བར་འགྲོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། གང་བྱིན་པ་དེ་ནི་སངས་རྒྱས་རྣམས་ཀྱིས་བསྔགས་པའོ། །གང་བཞག་པ་དེ་ནི་བྱིས་པ་རྣམས་ཀྱིས་བསྔགས་པའོ། །སྲེད་མེད་ཀྱི་བུས་ཞུས་པ་ལས། དངོས་པོ་གང་ལ་གཏོང་བའི་བློ་མི་སྐྱེ་བ་དང་། སེམས་མི་
འཇུག་པའི་དངོས་པོ་དེ་སྲེལ་བར་མི་བྱའོ། །ཡོངས་སུ་འཛིན་པ་གང་ལ་དེ་སྤང་བའི་སེམས་མི་སྐྱེ་བའི་ཡོངས་སུ་འཛིན་པ་དེ་གཟུང་བར་མི་བྱའོ། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ལུང་འབོགས་པ་དང་། ཁ་དོན་དུ་གཉེར་བས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་།
བརྩོན་འགྲུས་དང་། བསམ་གཏན་དང་ལྡན་པའམ། བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སོགས་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ནམ་ལུང་མནོས་སམ། བསླབས་པའི་སློབ་དཔོན་དེ་ལ། མིང་དང་ཚིག་དང་ཡི་གེ་ཇི་སྙེད་པ་ལས་ཚིགས་སུ་བཅད་པ་དེ་བསྟན་
པ་དེ་སྙེད་ཀྱིས་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པའི་རྙེད་པ་དང་། བཀུར་སྟི་ཐམས་ཅད་ཀྱིས་མཆོད་པ་བྱས་ཀྱང་། དྲིན་མི་འཚོབས་ན། ཆོས་མ་ཡིན་པའི་གུས་པས་ལྟ་སྨོས་ཀྱང་ཅི་དགོས། དམ་པའི་ཆོས་པདྨ་དཀར་པོ་ལས། ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང་། །འདུ་འཛི་མེད་ལ་
གཙང་མར་བྱ། །རྒྱལ་པོ་དག་དང་རྒྱལ་བུ་དང་། །འདྲིས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞམ་འབྲིང་གང་ཡིན་དང་། །གདོལ་པ་དག་དང་རིགས་ངན་དང་། །མུ་སྟེགས་ཅན་ནི་དེ་དག་དང་། །རྣམ་པ་ཀུན་དུ་འདྲིས་པ་སྤང་། །དགེ་སློང་འདུལ་དང་ལུང་གནས་པ། །དགྲ་བཅོམ་སྙམ་དུ་སྙེམས་བྱེད་ཅིང་། །
ང་རྒྱལ་ཅན་རྣམས་བསྟེན་མི་བྱ། །དགོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང་། །མི་བརྟན་པར་ནི་མངོན་པ་ཡིས། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། །དགེ་འདུན་བསྲུངས་ཀྱི་རྟོག་པ་ལས་བྱུང་། དགེ་ཚུལ་དགྲ་བཅོམ་པ་གཅིག་ཅིག་ལ་དམ་བཞག་པའི་རེས་བབ་ནས།
ནམ་མཁའི་སྙིང་པོ་ལས། རྒྱལ་པོ་བཞི་ལ་མཆོད་རྟེན་དང་། དགེ་འདུན་དང་། ཕྱོགས་བཞིའི་དགེ་འདུན་གྱི་འཕྲོག་པ་དང་། ཆོས་སྤོང་ཞིང་འགོག་པ་དང་། རབ་ཏུ་བྱུང་བ་གང་ཡང་རུང་སྟེ། དེ་ལ་བརྡེག་འཚོག་གམ་བསད་བཅིངས་ལ་སོགས་པ་དང་། ཆོས་གོས་འཕྲོག་ཅིང་ཁྱིམ་ན་གནས་
เล่ม ๒๐๔ · หน้า 257a
སུ་འཇུག་པ་དང་། མཚམས་མེད་པ་གང་ཡང་རུང་བ་ཞིག་བྱེད་པ་དང་། འཇིག་རྟེན་ཕ་རོལ་ལ་གཡེམ་སྟེ། མི་དགེ་བ་བཅུ་ཡང་བླངས་ཤིང་གཞན་ཡང་ལེན་དུ་འཇུག་པའོ། །སའི་སྙིང་པོ་ལས། ངན་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པའམ། འཆལ་བ་
ཡང་རུང་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཆོས་དང་མཐུན་པས་ཀྱང་ཆད་པས་གཅོད་དུ་མི་གནང་ན། ཆོས་མ་ཡིན་པས་ལྟ་སྨོས་ཅི་དགོས། ལྷག་པའི་བསམ་པས་བསྐུལ་བ་ལས། བྱམས་པ་གང་དག་ལ་བརྩོན་པ་མེད་པ་དང་། བསམ་གཏན་དང་། སྤོང་བ་དང་། ཁ་ཏོན་
བྱ་བ་དང་མང་དུ་ཐོས་པ་ཚོལ་བ་མེད་པ་དེ་དག་ནི། དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་བསྟན་པ་ནི། བསམ་གཏན་ལ་སོགས་པས་རབ་ཏུ་ཕྱེ་བ་ཡིན་གྱི། འདི་ལྟར་ཞལ་ཏ་བྱེད་པ་དང་། ལས་ཀྱི་མཐས་རབ་ཏུ་
ཕྱེ་བ་ནི་མ་ཡིན་ནོ། །བྱམས་པ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རྣམས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་བཀང་ཡང་། དེས་ང་མཉེས་པ་དང་། རིམ་གྲོ་དང་། བསྟི་སྟང་བྱས་པར་མི་འགྱུར་རོ། །དམ་པའི་ཆོས་
དྲན་པ་ཉེ་བར་གཞག་པ་ལས། ལྐོག་ཏུ་ལྷག་མར་བྱ་བ་ཏེ་ལྷག་མ་མི་ཟ་བདག་ལ་བྱིན་ན་ཡི་དགས་སུ་སྐྱེའོ། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཁོང་ཁྲོབ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པས་དེའི་ཕྱིར་ཁོང་ཁྲོ་བ་ཞེས་
བྱའོ། །བློ་གྲོས་མི་ཟད་པ་ལས། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་བ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་ཟད་པར་མི་འགྱུར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྟུང་བ་ནི། བསྐལ་པའི་མཐར་ཐུག་གི་བར་དུ་
བར་མ་དོར་ཟད་པ་མེད་དོ། །ཉེ་བ་འཁོར་གྱིས་ཞུས་པ་ལས། ཉེ་བ་འཁོར་གལ་ཏེ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ། འདོད་ཆགས་དང་ལྡན་པའི་ལྟུང་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱུང་བ་དང་། གང་ཞེ་སྡང་དང་ལྡན་པའི་ལྟུང་བ་གཅིག་འབྱུང་བ། བྱང་ཆུབ་སེམས་
เล่ม ๒๐๔ · หน้า 257b
དཔའི་ཐེག་པ་བརྩན་པར་བྱ་ན། དེ་གཉིས་ལས་གང་ཞེ་སྡང་དང་ལྡན་པ་ནི་ཤིན་ཏུ་ལྕིའོ། །དེ་ཅིའི་ཕྱིར་ཞེ་ན། ཞེ་སྡང་ནི་སེམས་ཅན་ཡོངས་སུ་གཏོང་བར་འགྱུར། འདོད་ཆགས་ནི་སེམས་ཅན་སྡུད་པར་འགྱུར་བའི་ཕྱིར་རོ། །ཉེ་བ་འཁོར་དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི།
བྱང་ཆུབ་སེམས་དཔའ་མཛེས་པ་ཡང་མེད། འཇིགས་པ་ཡང་མེད་དོ། །ཉེ་བ་འཁོར་དེ་ལྟ་བས་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་ངས་བཤད་དོ། །ཉེ་བ་འཁོར་དེ་ལ་གང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི། འདོད་ཆགས་
དང་ལྡན་པས་འཇིགས་ཀྱི། ཞེ་སྡང་དང་ལྡན་པས་མ་ཡིན་ནོ། །ཐབས་མཁས་པ་དེ་དག་ནི་ཞེ་སྡང་དང་ལྡན་པས་འཇིགས་ཀྱི། འདོད་ཆགས་དང་ལྡན་པས་མ་ཡིན་ནོ། །དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི། ཚིག་ཀྱལ་པའི་
ནང་ན་མ་རུངས་པའོ། །ཟླ་བ་སྒྲོན་མའི་མདོ་ལས། ཆོས་ཀྱི་རྣམ་གྲངས་ཇི་སྙེད་མང་པོར་ཆུབ་བྱས་ཀྱང་། །ཐོས་པས་རྒྱགས་ཏེ་ཚུལ་ཁྲིམས་སྲུང་བར་མི་བྱེད་ན། །འདི་ནི་ཐོས་པས་ཡོངས་སུ་བསྐྱབ་པར་མི་ནུས་ཏེ། །ཚུལ་ཁྲིམས་འཆལ་བ་དེས་ན་ངན་སོང་འགྲོ་བར་འགྱུར། །འཕགས་པ་བློ་གྲོས་
མི་ཟད་པའི་མདོ་ལས། དེ་ལ་སེམས་ཅན་ལ་དམིགས་པའི་བྱམས་པ་ནི་གང་ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་། བདེ་བ་ཉེ་བར་སྒྲུབ་པའི་བསམ་པ་གོམས་པར་བྱེད་ཅིང་། དེ་དང་མཐུན་པའི་བྱམས་པ་ཉེ་བར་སྒྲུབ་པོ། །དེའི་འོག་ཏུ་འདྲེས་པ་རྣམས་ལའོ། །དེའི་འོག་ཏུ་ཉེ་
འཁོར་བ་རྣམས་ལའོ། །དེའི་འོག་ཏུ་རང་གི་གྲོང་ན་གནས་པ་རྣམས་ལའོ། །དེའི་འོག་ཏུ་གཞན་གྱི་གྲོང་ནས་ཕྱོགས་གཅིག་གི་བར་ལ་མོས་པར་བྱས་ཤིང་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །ཕྱོགས་བཅུར་ཡང་དེ་བཞིན་ནོ། །དཔལ་བྱིན་གྱིས་ཞུས་པ་ལས།
དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ། །འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང་། །དཀར་པོའི་དངོས་པོར་མི་འགྱུར་ཟད་པར་འགྱུར། །བྱིས་བློ་ཕྱིན་ཅི་ལོག་གི་ང་རྒྱལ་ཅན། །དེ་ལྟར་མི་གང་གཙང་སྦྲའི་བློ་གྲོས་ལྡན། །ང་ཡིས་ལུས་འདི་གཙང་མར་བྱ་ཞེས་ཏེ། །བསྐུས་ཕྱིས་འདབ་
เล่ม ๒๐๔ · หน้า 258a
སྟེགས་བརྒྱར་ནི་ཁྲུས་ཀྱང་བྱས། །འཆི་བདག་དབང་གིས་ཟད་འགྱུར་གཙང་མི་འགྱུར། །དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཆང་ཡང་སྦྱིན་པར་འབྱུང་། མཚོན་ཆ་ལ་སོགས་པ་ཡང་ཤུགས་སུ་འགྱུར་བ་ལྟ་བརྟགས་ཏེ་བྱིན་ན་ལྟུང་བ་འདི་ཉིད་ཀྱིས་
མངོན་ནོ། །གཙུག་ན་རིན་པོ་ཆེ་ལས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས། ཞི་གནས་ལྷག་མཐོང་མ་ཚང་བ་མེད་པའི་བར་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབད་པ་སྟེ། འདི་ནི་རྣམ་
པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ་ཞེས་བྱ་བ་ནས། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བར་དུ་འབྱུང་ངོ་། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་
དཔའ་རྣམས་ནི་སྙིང་རྗེ་མེད་པར་ཅི་ཡང་མི་སྤྱོད་དོ། །བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ། དེ་ལ་ཕུང་པོ་གསུམ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། རང་སངས་རྒྱས་ས་ལ་བསྐུལ་བ་ཞེས་བྱ་སྟེ། བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ། །ལང་
ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དེ་ལ་འདོད་ཆེན་པོ་རྣམས་ཀྱི་ཐར་པར་མི་འདོད་པ་ཇི་ལྟར་འབྱུང་ཞེ་ན། འདི་ལྟ་སྟེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པ་དང་། ཐོག་མ་མེད་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྨིན་པའོ། །དེ་ལ་དགེ་བའི་རྩ་བ་ཐམས་ཅད་སྤངས་པ་གང་ཞེ་ན།
འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འདི་དག་ནི་ཐར་པ་དང་མཐུན་པའི་མདོ་དང་འདུལ་བ་མ་ཡིན་ནོ་ཞེས་སྨྲ་བས་སྤོང་ཞིང་སྐུར་བ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་སྤངས་པས་མྱ་ངན་ལས་མི་འདའོ། །བློ་གྲོས་ཆེན་པོ་གཉིས་སུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་འདི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་མ་འདས་ཀྱི་བར་དུ། བདག་ཀྱང་མྱ་ངན་ལས་མི་འདའོ་ཞེས་སྲིད་པར་སྨོན་ལམ་དང་ཐབས་ཡོངས་སུ་བཏང་བས། དེའི་ཕྱིར་མྱ་ངན་ལས་མི་འདའོ། །བློ་གྲོས་ཆེན་པོ་དེ་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བ་རྣམས་ཀྱི་རང་
เล่ม ๒๐๔ · หน้า 258b
གི་མཚན་ཉིད་དེ། དེས་འདོད་པ་ཅན་རྣམས་ཀྱི་ཚུལ་རབ་ཏུ་འཐོབ་པར་འགྱུར་རོ། །བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་འདི་ལ་གཏན་དུ་མྱ་ངན་ལས་མི་འདའ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེ་ལ་བྱང་ཆུབ་
སེམས་དཔའ་འདོད་ཆེན་པོ་ནི་ཆོས་ཐམས་ཅད་ཐོག་མ་ནས་མྱ་ངན་ལས་འདས་པར་ཤེས་ནས། གཏན་དུ་མྱ་ངན་ལས་མི་འདའི་དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པོ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དགེ་བའི་རྩ་བ་ཐམས་ཅད་སྤོང་བའི་འདོད་ཆེན་པོ་ཡང་། དེ་བཞིན་གཤེགས་
པའི་བྱིན་གྱི་རླབས་ཀྱིས་བརྒྱ་ལ་གལ་ཏེ་ན་དགེ་བའི་རྩ་བ་ཡོངས་སུ་སྦྱོར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་ངོ་། །བློ་གྲོས་ཆེན་པོ་དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའི་འདོད་ཆེན་པོ་རྣམས་
ནི་ཡོངས་སུ་མྱ་ངན་ལས་མི་འདའོ། །བློ་གྲོས་ཆེན་པོའི་ཚིག་ནི་རྣམ་པར་རྟོག་པ་དང་ཐ་དད་པ་ཡང་མ་ཡིན་གཅིག་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་འབྱུང་བའི་མཚན་ཉིད་ཀྱི་ཕྱིར་ཚིག་གི་རྣམ་པར་རྟོག་པ་འབྱུང་ངོ་། །བློ་གྲོས་ཆེན་པོ་དེ་ལྟར་ཚིག་
འདི་རྣམ་པར་རྟོག་པ་དང་། ཐ་དད་པ་ཞིག་ཡིན་ན་ནི། རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་མ་ཡིན་པས་འགྱུར་རོ། །དེ་སྟེ་གཅིག་པ་ཞིག་ཡིན་ན་ནི་ཚིག་དེ་དོན་གསལ་བར་ཡང་བྱེད་པར་ཡང་མི་འགྱུར་བ་ཞིག་ན་དེ་ནི་བྱེད་དོ། །དེ་ལྟ་བས་ན་ཐ་དད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན་ནོ། །རྣམ་
རིག་འདི་ནི་མིང་ཙམ་སྟེ། །མཚན་ཉིད་ཀྱིས་ནི་ཡོད་མ་ཡིན། །བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་ལ་ལ་ནི་མིག་མི་འཛུམས་པས། ལ་ལ་ནི་སྨིན་མ་བསྐྱོད་པ་ལ་སོགས་པས་ཆོས་སྟོན་ཏོ། །བློ་གྲོས་ཆེན་པོ་ནོར་བ་དེ་ཡང་ཕྱིན་ཅི་ལོག་དང་། ཕྱིན་ཅི་ལོག་མ་ཡིན་པར་རྣམ་པར་བརྟགས་པས།
འདི་ལྟ་སྟེ་འཕགས་པའི་རིགས་སམ། བྱིས་པ་སོ་སོའི་རིགས་དང་རིགས་གཉིས་འཐོབ་པར་བྱེད་པ་ཡིན་ནོ། །བློ་གྲོས་ཆེན་པོ་འཕགས་པའི་རིགས་ཀྱང་འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་སུ་དབྱེ་བས་རྣམ་པ་གསུམ་དུ་དབྱེ་བར་འགྱུར་རོ། །དེ་ལ་བློ་
เล่ม ๒๐๔ · หน้า 259a
གྲོས་ཆེན་པོ་ཇི་ལྟར་ན་བྱིས་པ་རྣམས་ཀྱིས་ནོར་བ་ལ་རྣམ་པར་བརྟགས་པས། ཉན་ཐོས་ཀྱི་ཐེག་པའི་རིགས་བསྐྱེད་ཅེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པས། མངོན་པར་ཞེན་པ་ཉན་ཐོས་ཀྱི་ཐེག་པའི་རིགས་
སུ་འགྱུར་ཏེ། དེ་ལྟར་ན་བློ་གྲོས་ཆེན་པོ་ནོར་བ་དེ་ཉན་ཐོས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་ཇི་ལྟར་ན་ནོར་པ་དེ་ཉིད་ལ་རྣམ་པར་བརྟགས་པས། རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་
སྟེ། །ནོར་བ་དེ་ཉིད་ཀྱིས་རང་དང་སྤྱིའི་མཚན་ཉིད་ལ་མངོན་པར་ཞེན་པ་དང་། འདུ་འཛི་མེད་པའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན། མཁས་པ་རྣམས་ཀྱིས་ནོར་བ་དེ་ཉིད་ལ་རྣམ་པར་བརྟགས་པས། སངས་རྒྱས་ཀྱི་ཐེག་
པའི་རིགས་འཐོབ་པར་བྱེད་པ་ཡིན་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཙམ་ཁོང་དུ་ཆུད་པའི་ཕྱིར་ཕྱི་རོལ་ལ་དངོས་པོ་དང་དངོས་པོ་མེད་པར་རྣམ་པར་མི་རྟོག་པས་རྣམ་པར་བརྟགས་ན་སངས་རྒྱས་ཀྱི་ཐེག་པའི་རིགས་འཐོབ་པར་བྱེད་པ་ཡིན་ནོ། །དེ་ལྟ་བས་ན་བློ་གྲོས་ཆེན་
པོ་འདི་ནི་རིགས་ཏེ་རིགས་ཀྱི་དོན་ཏོ། །བློ་གྲོས་ཆེན་པོ་བྱིས་པ་རྣམས་ཀྱིས་ནོར་བ་ལ་དངོས་པོ་སྣ་ཚོགས་ཀྱི་རང་བཞིན་དུ་འདི་ནི་དེ་བཞིན་ཏེ། གཞན་དུ་མ་ཡིན་ནོ་ཞེས་རྣམ་པར་བརྟགས་ན། འཁོར་བའི་ཐེག་པའི་རིགས་འཐོབ་པར་བྱེད་དོ། །བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་
རྣམ་པ་བཞི་སྟེ། དངོས་པོའི་རང་བཞིན་མེད་པའི་མྱ་ངན་ལས་འདས་པ་དང་། མཚན་ཉིད་སྣ་ཚོགས་ཀྱི་དངོས་པོ་མེད་པའི་མྱ་ངན་ལས་འདས་པ་དང་། རང་གི་མཚན་ཉིད་ཀྱི་དངོས་པོ་མེད་པར་རྟོག་པའི་མྱ་ངན་ལས་འདས་པ་དང་། ཕུང་པོ་རྣམས་ཀྱི་རང་དང་སྤྱིའི་མཚན་
ཉིད་ཀྱི་རྒྱུན་ཆད་པའི་མྱ་ངན་ལས་འདས་པའོ། །དེ་དག་ནི་བློ་གྲོས་ཆེན་པོ་མུ་སྟེགས་ཅན་རྣམས་ཀྱི་མྱ་ངན་ལས་འདས་པ་ཡིན་ཏེ། ངའི་གསུང་རབ་མ་ཡིན་ནོ། །བློ་གྲོས་ཆེན་པོ་ངའི་གསུང་རབ་ལ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་། བཅས་པའི་ཡིད་ཀྱི་རྣམ་
เล่ม ๒๐๔ · หน้า 259b
པར་ཤེས་པ་བཟློག་པ་ནི་མྱ་ངན་ལས་འདས་པའོ་ཞེས་བྱའོ། །ཀུན་བརྟགས་པ་ཡི་རང་བཞིན་ཡོད། །གཞན་གྱི་དབང་ནི་མེད་པ་སྟེ། །ནོར་བ་དག་གིས་བརྟགས་པ་སྣང་། །གཞན་གྱི་དབང་ལ་མི་རྟོག་གོ། །ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་དུ་མེད། །
བརྟགས་པ་དག་ནི་ཀུན་རྫོབ་བཤད། །དེ་བཤད་འཕགས་པའི་སྤྱོད་ཡུལ་ལོ། །བློ་གྲོས་ཆེན་པོ་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་ལས་འདས་པའི་མཆོག་གོ། །དེ་ལ་སྐྱེས་ནས་འཇིག་པ་ནི་རྣམ་པར་ཤེས་པའོ། །
མ་སྐྱེས་མི་འཇིག་པ་ནི་ཡེ་ཤེས་སོ། །གཞན་ཡང་བློ་གྲོས་ཆེན་པོ་གསུམ་འདུས་པའི་བྱ་བ་སྐྱེ་བ་དང་ལྡན་པའི་མཚན་ཉིད་ནི་རྣམ་པར་ཤེས་པའོ། །མི་ལྡན་པའི་ངོ་བོ་ཉིད་ནི་ཡེ་ཤེས་སོ། །བློ་གྲོས་ཆེན་པོ་ཁྱད་པར་འདོད་པའི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྙིང་པོ་ཀུན་
གཞི་རྣམ་པར་ཤེས་པ་ཞེས་བསྒྲགས་པ་རྣམ་པར་སྦྱར་བར་བྱའོ། །དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་བཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་པ་བསྒྲགས་
པ་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུ་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་གཞན་གྱི་དབང་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་མི་འཇིགས་པའི་ཕྱིར་ཡོངས་སུ་གྲུབ་པར་
ཤེས་པར་བྱའོ། །བློ་གྲོས་ཆེན་པོ་གཞན་ཡང་གསེར་དང་རྡོ་རྗེ་དང་། རྒྱལ་པོའི་རིན་སྲེད་དང་། ཐོབ་པ་དང་ཁྱད་པར་དག་ནི་མི་འཇིགས་པ་ཡིན་ཏེ། བློ་གྲོས་ཆེན་པོ་གལ་ཏེ་མངོན་པར་རྟོགས་པ་ཐོབ་པ་ཡིན་ན་ནི། འཕགས་པ་རྣམས་འཕགས་པ་མ་ཡིན་པར་འགྱུར་ཏེ། འཕགས་
པ་རྣམས་ནི་འཕགས་པ་མ་ཡིན་པར་མི་འགྱུར་རོ། །བློ་གྲོས་ཆེན་པོ་གསེར་དང་རྡོ་རྗེ་ནི་རྣམ་པར་གཞག་ཀྱང་དེ་བཞིན་དུ་འདུག་སྟེ། མི་འབྲི་མི་སྐྱེ་ན་བྱས་པ་ལྡེམ་པོ་ངག་ཏུ་བཤད་པ་ལ། མི་མཁས་པ་དག་གིས་ཕྱི་ནང་གི་ཆོས་ཐམས་ཅད་སྐད་ཅིག་པའི་དོན་ཇི་ལྟར་བརྟགས།
เล่ม ๒๐๔ · หน้า 260a
སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། །ངར་སེམས་ཉིད་ནི་ཡིད་ཡིན་ནོ། །གང་གིས་ཡུལ་རྣམས་འཛིན་པ་ནི། །དེ་ནི་རྣམ་པར་ཤེས་ཞེས་བྱ། །སེམས་ནི་རྟག་ཏུ་ལུང་མ་བསྟན། །ཡིད་ནི་གཉི་གར་གྱུར་པ་སྟེ། །རྣམ་པར་ཤེས་པ་འབྱུང་བ་ཡང་
དེ་ནི་དགེ་དང་མི་དགེ་བའོ། །ལྔ་པོ་སྣང་ལ་རྟོག་པར་བྱེད། །ཆོས་ལྔ་དག་དང་རང་བཞིན་རྣམས། །དེ་ནི་སངས་རྒྱས་སྤྱོད་ཡུལ་ཡིན། །ཡོད་པའི་ཟླ་གྲངས་མེད་པ་སྟེ། །མེད་པའང་ཡོད་པའི་ཟླ་གྲངས་སོ། །ཀུན་དུ་བརྟགས་དང་གཞན་གྱི་དབང་། །ཕན་ཚུན་མཚན་
ཉིད་ཐ་མི་དད། །གཟུགས་ཀྱི་མི་རྟག་ཉིད་བཞིན་ཏེ། །གཅིག་ལ་གཅིག་ཀྱང་སྐྱེད་བྱེད་པའོ། །བརྟགས་པ་ཤུལ་དུ་མཐོང་གྱུར་ན། །གཞན་གྱི་དབང་ནི་མི་སྐྱེའོ། །གཞན་གྱི་དབང་ནི་རབ་མཐོང་ན། །བརྟགས་པ་དེ་བཞིན་ཉིད་དུ་འགྱུར། །ཇི་ལྟར་འཕགས་པ་རྣམ་བསྒོམ་ལྟར། །
དངོས་པོའི་དངོས་ཉིད་མེད་མོད་ཀྱི། །ཇི་ལྟར་བྱིས་པས་བརྟགས་པ་ལྟར། །དངོས་པོ་དག་ནི་ཡོད་པའོ། །སེམས་ནི་སྣང་དང་རྣམ་བྲལ་བ། །རང་བཞིན་གཉིས་ཀྱང་སྤངས་པ་སྟེ། །གནས་རྣམས་རབ་ཏུ་གྱུར་པ་ནི། །སྐྱེ་བ་མེད་པར་ངས་བཤད་དོ། །ནམ་ཡང་སྟོང་བས་སྟོང་པ་
ཉིད། །སྐྱེ་བ་མེད་པའི་སྟོང་པའོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་པན་ཡིན། །འཇིག་རྟེན་རང་གི་སེམས་མཐོང་ན། །རྣམ་པར་རྟོག་པ་མི་འཇིག་གོ། །ང་དང་དེ་བཞིན་གཤེགས་རྣམས་ཀྱིས། །སྟོང་ཕྲག་གསུམ་གྱི་མདོ་རྣམས་ཀྱིས། །མྱ་ངན་འདས་
པ་ཤིན་ཏུ་བཤད། །འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །རེག་པ་དང་ནི་གཟིར་བ་ཡིས། །ལྷ་དང་སེམས་ཅན་དམྱལ་བའི་ལུས། །བར་མ་
དོ་ཡི་སྲིད་མེད་དེ། །རྣམ་པར་ཤེས་པས་བསྐྱེད་པ་ཡིན། །མངལ་སྒོང་དྲོད་གཤེར་ལ་སོགས་པའི། །སྲིད་པ་བར་མ་འབྱུང་བ་དག །སེམས་ཅན་མང་པོ་སྣ་ཚོགས་བཞིན། །དམ་ཚིག་གསུམ་གྱི་རྒྱལ་པོ་ལས། །ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་།
เล่ม ๒๐๔ · หน้า 260b
ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་། །ཐང་ལས་སྐྱེས་པའི་རིན་པོ་ཆེ་ལ་སོགས་པ་ཕྱོགས་བཅུ་ན་རྣམ་པར་གནས་པ་ང་ཡིར་བྱ་བ་མེད་པར་ཡོངས་སུ་གཟུང་བ་མེད་པ་རྣམས་ལ་འབུལ་ལོ། །དོན་དམ་པའི་ཆོས་ཀྱི་རྣམ་པར་རྒྱལ་བ་ལས་འབྱུང་བ། ཁ་ཅིག་ནི་མངལ་ན་
གནས་པ་ཉིད་ཀྱི་ཚེ་སྲིན་བུ་རྣམས་ཀྱིས་ཟོས་སོ། །དྲང་སྲོང་ཆེན་པོ་ཡང་འདི་ལྟ་སྟེ། བསྐལ་པས་བསྲེགས་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་སྟེ། དྲང་སྲོང་ཆེན་པོ་འདི་ལྟ་སྟེ་དཔེར་ན། གསེར་ལ་གནོད་པ་བྱ་བའི་ཕྱིར་མེར་བཅུག་པ་མ་ཡིན་གྱི།
གསེར་མ་དུལ་བ་འདི་ཇི་ལྟར་དུལ་བར་འགྱུར་སྙམ་ནས་དེའི་ཕྱིར་མེར་འཇུག་གོ། །དྲང་སྲོང་ཆེན་པོ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་རྒྱུ་མེད་པར་བསྲེག་པའི་བསྐལ་པ་མི་འབྱིན་ཏེ། འདིར་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་རོ། །བསྐལ་པས་བསྲེགས་
པའི་འཇིགས་པ་ལས་བདག་ཉིད་བསྲེགས་པ་མཐོང་ནས་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས་འདི་སྐད་ཅེས་བདག་ཀྱང་འདི་ལྟར་གྱུར་ཅེས་སྨོན་ལམ་འདེབས་སོ། །སེམས་ཅན་གནས་གང་དུ་འདུ་བར་གྱུར་པ་བདག་ལ་བཀའ་སྩོལ་ཅིག །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཐེག་པ་ཆེན་པོ་གཅིག་གིས་འབྱུང་བ་ལས་སེམས་ཅན་འདུ་བར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོ་ལ་སེམས་ཅན་འདུ་བར་འགྱུར་རོ། །ཕུང་པོ་མ་ལུས་པའི་དབྱིངས་སུ་སེམས་ཅན་རྣམས་འདུ་བར་འགྱུར་རོ། །དྲང་སྲོང་ཆེན་པོ་ཡང་འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཐ་དད་པ་
དང་། ཀླུང་ཕྲན་དང་ཆེན་པོ་དག་རྒྱ་མཚོ་ཆེན་པོར་བབ་ནས་རོ་གཅིག་ཏུ་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་གྱི་ཁམས་ཇི་སྙེད་པའི། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་བཅིངས་པའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་གྲོལ་བའོ། །ཤེས་རབ་
ཀྱིས་མ་ཟིན་པའི་ཐབས་ནི་བཅིངས་པའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་གྲོལ་བའོ། །དེ་ལ་ཐབས་ཀྱིས་མ་ཟིན་པ་ཤེས་རབ་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ངེས་པར་སེམས་ཤིང་། མཚན་དང་དཔེ་བྱད་བཟང་པོ་
เล่ม ๒๐๔ · หน้า 261a
དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སེམས་པ་ནི་ཐབས་ཀྱིས་མ་ཟིན་པའི་ཤེས་རབ་སྟེ་བཅིངས་པའོ། །དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་དགྲོལ་བ་གང་ཞེ་ན། མཚན་ལ་སོགས་པ་ལ་ངེས་པར་སེམས་ཤིང་། སྟོང་པ་
མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱ་བ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ། །དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་དང་། ཉོན་མོངས་པ་ཀུན་ནས་ལྡང་བ་དང་། བག་ལ་ཉལ་བ་དང་། རྗེས་སུ་
ཆགས་པ་དང་། ཁོང་ཁྲོ་བ་ལ་གནས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་བསྔོ་བ་ནི། ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ། །དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ལྟ་བ་ཐམས་ཅད་ཉོན་མོངས་པ་ལ་སོགས་པ་
སྤངས་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ། དེས་ཀྱང་བསྙེམས་པ་མེད་པ་དེ་ནི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ། །ཀུན་དགའ་བོ་གང་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་མཛད་པ་བྱེད་པའི་སངས་རྒྱས་ཀྱི་ཞིང་རྣམས་
ཀྱང་ཡོད་དོ། །གང་ན་འོད་དང་གང་ན་བྱང་ཆུབ་ཀྱི་ཤིང་དང་། གང་ན་དེ་བཞིན་གཤེགས་པའི་མཚན་དང་། གང་ན་ཆོས་དང་། གང་ན་ཞལ་ཟས་ལ་སོགས་པའི་སངས་རྒྱས་ཀྱིས་མཛད་པའི་སངས་རྒྱས་ཀྱི་ཞིང་ཡོད་དོ། །འཕགས་པ་རིན་པོ་ཆེའི་མཐའ་
ལས། དེས་ཇི་སྐད་བསྟན་པ་ལ་གལ་ཏེ་མཚུངས་པ་མེད་པ་བྱེད་པ་དེ་ལྟར་མོས་ཏེ། མཚམས་མེད་པ་ཡང་དེ་ལྟ་བུའི་དབྱིངས་ཡིན་པར་ཤེས་ན། དེ་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་མཚམས་མེད་པ་ནི་ཆོས་ཀྱི་དབྱིངས་སུ་
མཚུངས་པར་མཉམ་པའི་ཕྱིར་ཏེ། འདི་ལྟར་མཚམས་མེད་པའི་དབྱིངས་དང་ཆོས་ཀྱི་དབྱིངས་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ལྷག་པའི་བསམ་པ་བསྐུལ་བ་བྱས་ལ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན། ལྔ་བརྒྱ་
เล่ม ๒๐๔ · หน้า 261b
ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་བར་འགྱུར་རོ། །བཞི་གང་ཞེ་ན། བདག་གིས་འཁྲུལ་པ་ལ་སོ་སོར་རྟོགས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གཞན་གྱི་ཉེས་པ་མི་གླེང་བ་དང་།
མཛའ་བཤེས་ཀྱི་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ལ་མི་ལྟ་བ་དང་། ཡིད་དུ་མི་འོང་བའི་ཚིག་སྤོང་བའོ། །ཡང་བཞི་སྟེ། ཐོས་པ་ཉུང་ངུའི་སེམས་ཅན་ཡོངས་སུ་སྤོང་བ་དང་། འཁོར་མི་བསྡུ་བ་དང་བས་མཐའི་གནས་མལ་ལ་བརྟེན་པ་དང་། བདག་དུལ་བ་དང་།
ཞི་བ་དང་། ཞི་གནས་ཀྱི་སྦྱོར་བ་ལ་བརྩོན་པའོ། །བྱམས་པ་ང་ནི་ཚུལ་འཆོས་པ་ལ་དགོན་པ་ན་གནས་པ་ཞེས་མི་སྨྲའོ། །ང་ནི་བསོད་ནམས་ཆུང་ངུ་ལ་འདོད་པ་ཆུང་བ་ཞེས་མི་སྨྲའོ། །ང་ནི་ཁ་ཟས་བཟང་པོ་འདོད་པ་ལ་བསོད་སྙོམས་པ་ཞེས་མི་སྨྲའོ། །ང་ནི་གོས་སྡུ་
གུ་འདོད་པ་ལ་ཕྱག་དར་ཁྲོད་པ་ཞེས་མི་སྨྲའོ། །ང་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་འདྲེས་པ་ལ་མ་འཛིངས་པ་ཞེས་མི་སྨྲའོ། །ང་ནི་གཡོ་སྒྱུ་ཅན་ལ་སངས་རྒྱས་འབྱུང་བ་དང་ཕྲད་པ་ཞེས་མི་སྨྲའོ། །ང་ནི་གཞན་གྱི་འཁྲུལ་པ་ཚོལ་བ་ལ་རྣལ་འབྱོར་ལ་བརྩོན་པ་ཞེས་མི་སྨྲའོ། །
ང་ནི་ཁོང་ཁྲོ་བ་མང་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པ་ཞེས་མི་སྨྲའོ། །ང་ནི་ང་རྒྱལ་ཅན་ལ་མང་དུ་ཐོས་པ་ཞེས་མི་སྨྲའོ། །ང་ནི་ཕྱོགས་འཛིན་པ་ལ་འདུལ་བ་འཛིན་པ་ཞེས་མི་སྨྲའོ། །ང་ནི་རྒོད་པ་ལ་ཆོས་སྨྲ་བ་ཞེས་མི་སྨྲའོ། །ང་ནི་ཁྱིམ་པ་དང་འདྲེས་པ་ལ་ཞལ་ཏ་བྱེད་པ་ཡོངས་
སུ་དག་པ་ཞེས་མི་སྨྲའོ། །ང་ནི་ཡོན་གནས་དམ་པ་ལ་ཟང་ཟིང་མེད་པ་ཡོངས་སུ་གཏོང་བ་ཞེས་མི་སྨྲའོ། །ང་ནི་ལན་དུ་ཕན་འདོགས་སུ་རེ་བ་ལ་བསྡུ་བའི་དངོས་པོ་ཞེས་མི་སྨྲའོ། །ང་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པ་ལ་ལྷག་པའི་བསམ་པ་ཡོངས་ས་དག་པ་ཞེས་མི་སྨྲའོ། །ང་ནི་མ་དང་
ཕ་མང་བ་ལ་རབ་ཏུ་བྱུང་བ་ཞེས་མི་སྨྲའོ། །ང་ནི་ཕ་རོལ་ལ་ཤེས་པར་བྱེད་པ་ལ་བསླབ་པ་འདོད་པ་ཞེས་མི་སྨྲའོ། །ང་ནི་མ་གུས་པ་ལ་ཆོས་སྦྱིན་པ་ཞེས་མི་སྨྲའོ། །ང་ནི་འཇིག་རྟེན་པའི་གསང་ཚིག་ལ་བརྩོན་པ་ལ་ཆོས་ལ་དགའ་བ་ཞེས་མི་སྨྲའོ། །ང་ནི་སྟོང་པ་ཉིད་ལ་མི་བརྩོན་
เล่ม ๒๐๔ · หน้า 262a
པ་ལ་ངེས་པར་བྱུང་བ་ཞེས་མི་སྨྲའོ། །ང་ནི་དམིགས་པ་ཅན་ལ་མངོན་པར་རྟོགས་པ་ཞེས་མི་སྨྲའོ། །ང་ནི་མཐུ་མེད་པ་ལ་བཟོད་པ་ཡོངས་སུ་རྫོགས་པ་ཞེས་མི་སྨྲའོ། །ང་ནི་མ་བཅོས་པ་ལ་བཟོད་པའི་སྟོབས་ཀྱི་གོ་ཆ་ཅན་ཞེས་མི་སྨྲའོ། །ང་ནི་རང་
བཞིན་གྱིས་འདོད་ཆགས་ཆུང་བ་ལ་ཚངས་པར་སྤྱོད་པ་དགའ་བ་ལ་གནས་པ་ཞེས་མི་སྨྲའོ། །ང་ནི་སྦྱོར་བ་ལ་མི་གནས་པ་ལ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཞེས་མི་སྨྲའོ། །ང་ནི་ཐབས་དང་ལྡན་པར་གྱུར་པ་ལ་གཡོ་སྒྱུ་ཅན་ཞེས་མི་སྨྲའོ། །ང་ནི་སེམས་ཞུམ་པ་ལ་
ང་རྒྱལ་མེད་པ་ཞེས་མི་སྨྲའོ། །ལག་བཟངས་ཀྱིས་ཞུས་པ་ལས། ལག་བཟངས་བྱང་ཆུབ་སེམས་དཔའ་ནི་སློང་བ་རྣམས་ཀྱིས་བསློངས་པ་ན་ཡན་ལག་དང་ཉིང་ལག་བཅད་ནས་སློང་བ་རྣམས་ལ་མི་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཉིད་ཀྱིས་སེམས་ཅན་དམྱལ་
བ་ཆེན་པོར་འགྱུར་བ་དང་། མི་དགེ་བའི་ལས་ཆེན་པོ་རྒྱ་ཆེ་བ་ཡོངས་སུ་མྱོང་བའི་ཕྱིར་རོ། །ལག་བཟངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སློང་བས་བདོག་པ་ཐམས་ཅད་བླངས་ན། ཕ་མ་ལ་གནོད་པ་བྱས་ཤིང་སྤངས་ཏེ། །ནོད་པ་བྱས་ཤིང་
བུ་དང་ཆུང་མ་དང་། བྲན་ཕོ་དང་བྲན་མོ་དང་ཞོ་ཤས་འཚོ་བ་དང་། ལས་བྱེད་པ་དག་ལ་གནོད་པ་བྱས་ཤིང་སྤངས་ཏེ། སྡུག་བསྔལ་བར་བྱས་ནས་སློང་བ་རྣམས་ལ་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐམས་ཅད་ལ་མཚུངས་པར་སྙིང་བརྩེ་
བའི་ཕྱིར་རོ། །བུ་མོ་ཟླ་མཆོག་གིས་ཞུས་པ་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྐྱེ་བ་དང་འགག་པ་དང་། ཆད་པ་དང་། རྟག་པ་དང་། དོན་གཅིག་པ་དང་། དོན་ཐ་དད་པ་དང་། འོང་བ་དང་འགྲོ་བ་མ་མཆིས་པའོ། །ལས་རྣམ་པར་འབྱེད་པ་ལས།
མདོག་མི་སྡུག་པར་འགྱུར་བའི་ལས་བཅུ་སྟེ། ད་བཞིན་གཤེགས་པའི་མཆོད་རྟེན་གྱི་མར་མེའི་འོད་ཀྱི་བར་དུ་གཅོད་པ་དང་། གང་ཟག་མདོག་མི་སྡུག་པ་རྣམས་ལ་དབང་ཟ་བ། རིགས་དམའ་བར་འགྱུར་བའི་ཆོས་བཅུ་སྟེ། རིགས་དམའ་བར་སྐྱེ་བ་རྣམས་ལ་
เล่ม ๒๐๔ · หน้า 262b
དབང་ཟ་བ། ཤེས་རབ་འཆལ་བར་གྱུར་པའི་ཆོས་སྨྲ་བ་རྣམས་ལེགས་སོ་ཞེས་བྱ་བ་སྦྱིན་པ། ཡི་དགས་སུ་གྱུར་པའི་ཆོས་བཅུ་སྟེ། བཀྲེས་ཤིང་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་དང་། དངོས་པོ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པ། དེ་ལ་ངེས་པར་སྐྱེ་བར་
འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་བྱས་ནས་འདིས་བདག་འདི་ལྟ་བུ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་བ་དང་མཚམས་མེད་པ་ལྔ་རྣམས་སོ། །དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་འཆི་
འཕོ་བའི་ལས་གང་ཞེ་ན། དཔེར་ན་རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་ལྟ་བུ་སྟེ། དེ་སྐད་དུ། ཤིན་ཏུ་མི་བཟད་ལས་རྣམས་བྱས་པ་ན། །བདག་ལ་སྨོད་དང་རབ་ཏུ་བཤགས་པ་དང་། །སྡོམ་པ་བྱེད་པས་དེ་དག་བསྲབས་འགྱུར་གྱི། །ཤིན་ཏུ་རྩ་ནས་ཕྱིན་
ཅེས་མི་སྨྲའོ། །ཞེས་གསུངས་སོ། །གང་སྔར་བདེ་བར་འགྱུར་ལ་ཕྱིས་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་བྱིན་པ་ན། ཡིད་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ལ་བྱིན་ནས་ནི་འགྱོད་པ་ཡིན་ཏེ། གང་
ཟག་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ན། སྔར་ཕྱུག་པ་དང་བློན་པོ་དང་ཉེ་དུ་མང་བ་ལ་སོགས་པར་འགྱུར་ལ། ཕྱིས་ཉམས་པར་འགྱུར་རོ། །དེ་ལ་གང་ཟག་གང་ཚེ་ཟད་པར་གྱུར་པ་ལས་མ་ཟད་པ་གང་ཞེ་ན། གང་ཟག་གང་སེམས་ཅན་དམྱལ་བ་ནས་ཤི་འཕོས་
ནས། སེམས་ཅན་དམྱལ་བར་སྐྱེ་བ་དང་། ལས་ཟད་ལ་ཚེ་མ་ཟད་པ་གང་ཞེ་ན། སྔར་བདེ་བར་གྱུར་ལ་ཕྱིས་སྡུག་བསྔལ་བར་འགྱུར་བ་དང་། ཆང་འཐུང་བ་ལ་ཉེས་དམིགས་སུམ་ཅུ་རྩ་དྲུག་སྟེ། ཚེ་འདི་ལ་ནོར་ཟད་པ་དང་། ནད་ཀྱི་གཞིར་འགྱུར་བ་དང་། འཐབ་
པ་དང་། མཚང་འདྲུ་བ་དང་། རྩོད་པ་འཕེལ་བ་དང་། སྦ་བའི་གནས་སྟོན་པ་དང་། མི་སྙན་པ་བསྐྱེད་པ་དང་། ཤེས་རབ་ཉམས་པར་བྱེད་པ་དང་། མ་ཐོབ་པའི་ལོངས་སྤྱོད་མི་མ་ཐོང་བ་དང་། ཐོབ་པ་ལས་ཉམས་པ་དང་། གསང་བ་བརྗོད་པ་དང་། ལས་སུ་བྱ་བ་ཉམས་པ་དང་།
เล่ม ๒๐๔ · หน้า 263a
མྱ་ངན་གྱི་རྩ་བར་འགྱུར་བ་དང་། ཉམ་ཆུང་བར་འགྱུར་བ་དང་། དགེ་སྦྱོང་དང་བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་གྲོར་མི་བྱེད་པ་དང་། ཕ་མར་མི་འཛིན་པ་དང་། དཀོན་མཆོག་གསུམ་ལ་མི་གུས་པ་དང་། སྡིག་པའི་གྲོགས་པོས་ཟིན་པ་དང་།
དགེ་བའི་བཤེས་གཉེན་གྱིས་སྤངས་པ་དང་། འཛིན་པ་མེད་པ་དང་། དབང་པོ་མ་བསྡམས་པ་དང་། བུད་མེད་ལ་བག་མེད་པ་དང་། སྐྱེ་བོའི་ཡིད་དུ་མི་འོང་བ་དང་། ཉེ་དུ་བཙུན་པས་སྨད་པ་དང་། ཆོས་མ་ཡིན་པ་འཛིན་པ་དང་། ཆོས་སྤོང་བ་དང་། མཁས་པ་རྣམས་ལ་
ཡིད་མི་བརྟན་པ་དང་། བག་བྱ་བ་ལ་གཡེལ་བ་དང་། མྱ་ངན་ལས་འདས་པ་ལས་རིང་བ་དང་། མྱོས་པར་འགྱུར་བ་ལ་སོགས་པ་དང་། ཤི་ནས་ངན་སོང་ངན་འགྲོ་སེམས་ཅན་དམྱལ་བར་སྐྱེའོ། །དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་
འཇུག་པ་བསྟན་པ་ལས། འཇམ་དཔལ་འཁོར་འདི་ཉིད་ཀྱི་ནང་ནས་ལྷ་དང་མི་ལ་ལས་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས། བརྗོད་དུ་མེད་པའི་བར་གྱི་བསྐལ་བ་ཇི་སྙེད་ལོན་པར་ཤེས། ལ་ལས་ནི་མྱ་ངན་ལས་འདས་ནས་བརྗོད་དུ་
མེད་པའི་བར་གྱི་བསྐལ་བ་ལོན་པར་ཤེས་སོ། །འཇམ་དཔལ་གང་གིས་དེ་བཞིན་གཤེགས་པ་མཐོང་བ་དང་། མཐོང་ན་ས་རི་མོར་བྲིས་པའམ། འཇིམ་པ་ལས་བྱས་པའང་རུང་སྟེ། གནོད་པའི་སེམས་སམ་དང་བའི་སེམས་ཀྱིས་མཐོང་ན། དེ་དག་གི་དགེ་བའི་རྩ་བ་
དེས་མིག་རྣམ་པར་དག་པར་འགྱུར་རོ། །འཇམ་དཔལ་ཟླ་བའི་དཀྱིལ་འཁོར་ནི་ཉི་མའི་དབང་གིས་འབྲི་བ་དང་། སྐྱེ་བ་དང་ནུབ་པར་འགྱུར་བ་སྣང་མོད་ཀྱི། ཟླ་བའི་དཀྱིལ་འཁོར་ལ་སྐྱེ་བ་དང་འབྲི་བ་དང་། ནུབ་པར་འགྱུར་བ་མེད་དེ་སེམས་ཅན་རྣམས་ནི་དགེ་བའི་རྩ་བ་
ལས་རྣམ་པར་སྨིན་པས་ཡུད་ཙམ་ལ་སོགས་པ་དང་། ལོ་བགྲང་བའི་གྲངས་གཞག་པའི་ཕྱིར། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་ལྟ་བུའི་བྱ་བ་རྣམས་འབྱུང་སྟེ། འཇམ་དཔལ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་
เล่ม ๒๐๔ · หน้า 263b
དཔའ་ནི་གྲངས་མེད་དཔག་ཏུ་མེད་པའི་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་དུ་གནས་པར་འགྱུར་བའི་ལས་རྣམས་ཚེ་འདི་ལ་རྣམ་པར་སྨིན་ཏེ། ཀླད་པ་ཚ་བའམ། རིམས་སམ། རྩིབ་
ལོགས་ན་བའམ། རྒྱལ་པོའི་སྲིད་འཁྲུགས་པའམ། ལྷོ་བལ་གྱིས་དཀྲུགས་པའམ། མུ་གེའི་འཁྲུག་པའམ། གཞན་དང་གཞན་གྱི་འཁྲུག་པས་ལུས་ཀྱི་གནོད་པའམ། ངག་གི་གནོད་པའམ། ཡིད་ཀྱི་གནོད་པས་ཚེ་གཅིག་ལ་བྱང་བར་འགྱུར་རོ། །སྤྱོས་པའམ།
ཐ་ན་རྨི་ལམ་གྱིས་ཀྱང་འབྱང་བར་འགྱུར་རོ། །འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཡང་དག་པ་ཐེར་ཟུག་གཡུང་དྲུང་ངོ་། །འཇམ་དཔལ་ཁྲོས་པའི་སེམས་སམ། དང་བའི་སེམས་ཀྱིས་དེ་བཞིན་
གཤེགས་པའི་སྐུ་རི་མོར་བྲིས་པའམ། འཇིམ་པ་ལས་བྱས་པ་གང་གིས་མཐོང་བ་ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་སོང་ཡང་རུང་སྟེ། དེ་དག་གི་ཉོན་མོངས་པ་ཐམས་ཅད་མེད་པར་འགྱུར། ལྷ་མོ་དཔལ་ཕྲེང་གིས་ཞུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་
པའི་སྙིང་པོ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཐོག་མ་དང་ཐ་མ་མ་མཆིས་པའི་མཐར་མཆིས་པ་མི་སྐྱེ་བ་དང་། མི་འགག་པའི་ཆོས་ཅན་ནོ། །འདུལ་བ་རྣམ་པར་གཏན་ལ་དབབ་པ་
ཉེ་བ་འཁོར་གྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་ཁྱིམ་ན་གནས་པས་ནི་སྦྱིན་པ་གཉིས་ལ་གནས་པར་བྱ་སྟེ། ཆོས་སྦྱིན་པ་དང་། ཟང་ཟིང་སྦྱིན་པའོ། །རབ་ཏུ་བྱུང་བས་ནི་སྦྱིན་པ་བཞི་ལ་གནས་པར་བྱ་སྟེ། སྨྱུ་གུ་དང་སྣག་ཚ་
དང་གླེགས་བམ་དང་ཆོས་སྦྱིན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ཉེས་པ་ནི་གཉིས་ཏེ། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའོ། །དེ་ལ་འདོད་ཆགས་ནི་ཁ་ན་
เล่ม ๒๐๔ · หน้า 264a
མ་ཐོ་བ་དང་བཅས་བ་ཆུང་མ་འབྲལ་བ་བུལ་བ་ཡིན་ནོ། །ཞེ་སྡང་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་ལ་འབྲལ་བ་མྱུར་བ་ཡིན་ནོ། །གཏི་མུག་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་ལ་འབྲལ་བ་བུལ་བ་ཡིན་ནོ། །འདོད་ཆགས་ནི་ཉིང་མཚམས་སྦྱོར་བའི་ས་བོན་ཡིན་ནོ། །ཞེ་
སྡང་ནི་ངན་སོང་དུ་འགྲོ་བའི་རྒྱུར་གྱུར་པ་ཡིན་ནོ། །གཏི་མུག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་དུ་ལྟུང་བའི་རྒྱུར་གྱུར་བ་ཡིན་ནོ། །ཉེ་བ་འཁོར་དེ་ལ་ཉན་ཐོས་ཀྱི་ཐེག་པ་པའི་ཚུལ་ཁྲིམས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་
དཔའ་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཉིད་དང་ཤིན་ཏུ་འཆལ་པའི་ཚུལ་ཁྲིམས་ཉིད་ཡིན་ལ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡང་ཉན་ཐོས་ཀྱི་ཡོངས་སུ་མ་དག་པ་དང་ཤིན་ཏུ་འཆལ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་གནས་སྐད་ཅིག་ཙམ་ཡང་སྲེད་
པ་ལེན་པར་མི་བྱེད་ལ། དེ་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཡོངས་སུ་མ་དག་པ་ཡིན་ནོ། །དེ་ཉིད་ཐེག་པ་ཆེན་པོའི་འཆལ་བའི་ཚུལ་ཁྲིམས་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་བསྐལ་བ་གྲངས་མེད་པར་སྲིད་པར་སྐྱེ་བས་ཡོངས་སུ་མི་སྐྱོ་བ་ཡིན་ཏེ། དེ་ཉིད་ཉན་ཐོས་ཀྱི་འཆལ་
པའི་ཚུལ་ཁྲིམས་ཡིན་ནོ། །འཕགས་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པ་ལས། རྡོ་ཆག་པའི་འཕྲོ་མི་འབྱོར་པ་ལྟ་བུ་ནི་ཉན་ཐོས་ཀྱི་འདུལ་བའོ། །གསེར་དང་དངུལ་ཆག་པའི་འཕྲོ་འབྱོར་པ་ལྟ་བུ་ནི་བྱང་ཆུབ་སེམས་དཔའི་འདུལ་བའོ། །གསང་
ཆེན་ཐབས་ལ་མཁས་པ་ལས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་དེ་དག་གི་སྡུག་བསྔལ་གྱི་ཚོར་བ་དེ་དག་ཐམས་ཅད་བསྡུས་ནས་འཆགས་པར་བྱེད་ཅིང་། སེམས་ཀྱི་སྡུག་བསྔལ་གྱི་ཚོར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་བདག་གི་
ལུས་ལ་བབ་པར་གྱུར་ཅིང་། སེམས་ཅན་དེ་དག་བདེ་བར་གྱུར་ཅིག་ཅེས་གོ་གྱོན་པར་ཡང་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ནི་གལ་ཏེ་བརྒྱ་ལམ་ན་ཉེས་པ་འབྱུང་ན་ཡང་འདི་ལྟར་སོ་སོར་སློབ་ཏེ། གལ་ཏེ་ཁམས་དང་སྐྱེ་མཆེད་དང་ཕུང་པོ་
เล่ม ๒๐๔ · หน้า 264b
འདི་དག་ཉིད་ཀྱིས་མྱ་ངན་ལས་འདའ་བར་འགྱུར་ན་ནི། དེ་ལྟ་བས་ན་བདག་གིས་ཡོངས་སུ་གདུལ་བར་བྱ་དགོས་པར་འགྱུར་བ་ལས་བདག་གིས་འདི་ལྟར་གོ་བགོ་བར་བྱ་སྟེ། བདག་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་བར་དུ་འཁོར་བར་བྱ་བ་ལ་
བདག་གིས་སེམས་ཞུམ་པར་མི་བྱ་ཞིང་། ཇི་ལྟ་ཇི་ལྟར་འཁོར་བ་ན་འཁོར་བར་གྱུར་པ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཉེས་པ་འདི་ཡང་ཆོས་བཞིན་ཕྱིར་བྱ་ཞིང་། ཕྱིན་ཆད་ཀྱང་ཉེས་པ་མི་འབྱུང་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་ཉེས་པ་ལས་འབྱུང་
བའི་ཆོས་བསྟན་པར་བྱའོ་ཞེས་གོ་ཆ་གྱོན་པར་བྱེད་དོ། །རིགས་ཀྱི་བུ་ཡོངས་སུ་བརྟག་པ་ཉེ་བར་བཟུང་ན། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལ་གལ་ཏེ་རྩ་བའི་ཉེས་པ་བཞི་པོ་ཐམས་ཅད་བྱུང་བར་གྱུར་ན་ཡང་ཐབས་ལ་མཁས་པ་དེས་སེལ་བར་བྱེད་ན། རིགས་ཀྱི་བུ་སེམས་ཅན་གཞན་
པ་ལ་ཉེས་པ་མེད་ཅེས་སྨྲའོ། །རིགས་ཀྱི་བུ་ངས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་བསྐྱེད་པ་དེས་ཅུང་ཟད་ཅིག་འདོད་པ་དང་ལྡན་པར་བྱས་པས་ཀྱང་བསྐལ་པ་ཁྲིར་འཁོར་བ་བསྙིལ་ཅིང་སྤངས་པར་གྱུར་ཏོ། །རིགས་ཀྱི་བུ་སེམས་ཅན་གཞན་དག་གི་སེམས་ཅན་དམྱལ་བར་འགྱུར་
བའི་ལས་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་ལྟོས། ཀུན་དགའ་བོ་འདོད་ཆགས་བསྐྱེད་པ་གང་གིས་ནི། སེམས་ཅན་གཞན་དག་སེམས་དམྱལ་འགྲོ་འགྱུར་བ། །དེ་ཡིས་དཔའ་རྣམས་མཐོ་རིས་
འགྲོ་འགྱུར་ཞིང་། །སྐྱེས་པར་འགྱུར་བའི་ཡོན་ཏན་དེ་འདྲ་ལྟོས། །རིགས་ཀྱི་བུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ན། ཞག་བདུན་གྱིས་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དགའ་ལྡན་གྱི་
གནས་ནས་མི་གཡོ་བཞིན་དུ་སྤྲུལ་པས་འཕོ་བ་དང་། སྐྱེ་བ་ལ་སོགས་པ་ཀུན་དུ་སྟོན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བྱང་ཆུབ་སེམས་དཔའ་ནི་ཚིག་གང་གིས་བདག་དང་གཞན་
เล่ม ๒๐๔ · หน้า 265a
ལག་དུང་བར་འགྱུར་བ་དེ་ལྟ་བུའི་ཚིག་མི་སྨྲའོ་ཞེས་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་འོ་ན་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་བྲམ་ཟེའི་ཁྱེའུ་འོད་ཟེར་ཕྲེང་ཞེས་བགྱི་བར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་གསུང་རབ་ལ་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ། བྱང་ཆུབ་སེམས་ནི་མཆོག་ཏུ་རྙེད་པར་དཀའ་བ་ཡིན་པས། དགེ་སྦྱོང་མགོ་རེག་ལ་བྱང་ཆུབ་ག་ལ་ཡོད་ཅེས་གསུངས་ན། བཅོམ་
ལྡན་འདས་ཀྱིས་དེ་སྐད་གསུངས་པ། དེ་ཅི་ལས་དགོངས་ཏེ་གསུངས་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་དང་བྱང་ཆུབ་
སེམས་དཔའ་རྣམས་ཀྱི་སྤྱོད་པའི་ཚད་རབ་ཏུ་རྣམ་པར་དབྱེ་བ་ཁྱོད་ལ་ཅི་བྱ་ཐོང་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས། སྐྱེས་བུ་དམ་པ་དེ་དག་ནི་ཇི་ལྟ་ཇི་ལྟར་
སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟར་གནས་པར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱད་པ་ཡང་ཉོན་ཅིག །འདི་ལྟར་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པས་སེམས་ཅན་རྣམས་མི་དགེ་བའི་
ལས་ཀྱི་བྱ་བ་དག་ལ་ངེས་པར་སྐྱོ་བར་བྱ་བའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལ་ཚིག་འདི་སྐད་ཅེས་དགེ་སྦྱོང་མགོ་རེག་མཐོང་བས་ཁོ་བོ་ལ་ཅི་ཞིག་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་བྱང་ཆུབ་སེམས་དཔའ་
ཐབས་ལ་མཁས་པ་དེ་དང་། ལྡེམ་པོ་ངག་ཡིན་པར་བལྟ་བར་བྱ་སྟེ། ལས་ཀྱི་སྒྲིབ་པ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་ལོ་དྲུག་ཏུ་དཀའ་བ་སྤྱོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་སྨིན་པར་བྱས་ཤིང་། ལས་ཀྱི་རྣམ་པར་སྨིན་པ་བསྟན་པ་
เล่ม ๒๐๔ · หน้า 265b
གང་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ཀྱང་ངས་ལོ་དྲུག་ཏུ་དཀའ་བའི་སྤྱོད་པ་སྤྱད་པར་གྱུར་པས་སེམས་ཅན་མི་ཤེས་པ་སྤྱོད་པ་གཞན་དག་གིས་ནི་དགེ་སྦྱོང་ངམ། བྲམ་ཟེའི་ཚུལ་ཁྲིམས་དང་ལྡན་པ་ལ་ལྐོག་ནས་ཚིག་རྩུབ་པོ་བརྗོད་ན། དེ་དག་ལ་ཡུན་རིང་པོར་གནོད་
པར་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་ལས་དེ་ཀུན་དུ་སྟོན་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ལ་ནི་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །གཞན་ཡང་སེམས་ཅན་གང་དག་ཚུལ་ཁྲིམས་དང་ལྡན་པ་ལ་ཚིག་རྩུབ་མོ་སྨྲས་ནས། བདག་ཅག་ལ་ནི་ཐར་བའི་སྐལ་བ་མེད་དོ་
སྙམ་དུ་སེམས་ཤིང་ཕྱིན་ཆད་རྩོལ་བར་མི་བྱེད་པ་དེ་དག་གི་འགྱོད་པ་བསལ་བའི་ཕྱིར་ཡང་ལས་དེ་ཀུན་དུ་བསྟན་ཏེ། གལ་ཏེ་རྨི་ལམ་ན་དེ་བཞིན་གཤེགས་པ་ལ་སྐུར་པ་བཏབ་པར་གྱུར་ན་ཡང་དེ་ཉིད་ཀྱིས་སད་པའི་ཚེ་ན་དྲི་མར་ཡང་འགྱུར་རོ། །དེ་བཞིན་གཤེགས་
པ་ལ་ནི་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་དང་ལྡན་པས་ཞལ་ཟས་མི་བསོད་པ་གསོལ་ཀྱང་མོད་ལ་ལྷའི་ཁ་ཟས་ལས་ཡང་དག་པར་འདས་པའི་རོར་འགྱུར་རོ། །སྲིད་པ་འཕོ་བ་ལས། རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འཕོ་བ་ཡང་མེད་
ལ། འཆི་འཕོ་དང་སྐྱེ་བར་མངོན་པ་ཡང་ཡོད་དོ། །དེ་ལ་གང་རྣམ་པར་ཤེས་པ་ཐམས་ཅད་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་ལ། གང་དང་པོ་འབྱུང་བ་ནི་སྐྱེ་བ་ཞེས་བྱའོ། །མིག་གིས་གཟུགས་རྣམས་མི་མཐོང་ཞིང་། །ཡིད་ཀྱིས་ཆོས་རྣམས་མི་རིག་པ། །དེ་ནི་བདེན་པ་མཆོག་ཡིན་
ཏེ། །དེ་ལ་འཇིག་རྟེན་མི་དཔོགས་སོ། །འདི་དག་ཐམས་ཅད་མིང་ཙམ་སྟེ། །འདུ་ཤེས་ཙམ་དུ་གནས་པ་ཡིན། །བརྗོད་པ་ལ་ནི་གཞན་གྱུར་པས། །བརྗོད་པར་བྱ་བ་ཡོད་མ་ཡིན། །མིང་ནི་གང་དང་གང་གིས་སུ། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་འཇིག་རྟེན་མི་དཔོགས་
སོ། །འདི་དག་ཐམས་ཅད་མིང་ཙམ་སྟེ། །དེ་ལ་དེ་ནི་ཡོད་མ་ཡིན། །འདི་ནི་ཆོས་རྣམས་ཆོས་ཉིད་དོ། །མིང་གིས་མིང་ནི་སྟོང་པ་སྟེ། །མིང་ནི་མིང་གིས་ཡོད་མ་ཡིན། །ཕག་མོའི་རྟོགས་པ་བརྗོད་པ་ལས། །ལྷའི་བུ་འཆི་འཕོ་བའི་སྔ་ལྟས་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། གང་ཞེ་ན། གོས་
เล่ม ๒๐๔ · หน้า 266a
སྔན་ཆད་མ་རྙིངས་པ་རྙིངས་པར་འགྱུར་བ་དང་། མེ་ཏོག་གི་ཕྲེང་བ་སྔོན་ཆད་མ་རྙིངས་པ་རྙིངས་པར་འགྱུར་བ་དང་། མཆན་ཁུང་གཉིས་ན་རྔུལ་འབྱུང་བ་དང་། ལུས་ལས་དྲི་ང་བ་འབྱུང་བ་དང་། རང་གི་གནས་ལ་མི་དགའ་བའོ། །སངས་རྒྱས་མི་སྤང་བ་
ལས། འཇིག་རྟེན་གྱི་ཁམས་སྨིག་རྒྱུ་ཅན་དུ་བུདྡྷ་རྣམ་པར་གཟིགས་པའི་ང་རོ་འབྱུང་བའི་ཚེ། རིགས་ཀྱི་བུ་བཅུ་ཞིག་གིས་གཙུག་ལག་ཁང་ལྔ་བརྒྱ་ལྔ་བརྒྱ་བྱེད་དུ་བཅུག་ལ། གཙུག་ལག་ཁང་རེ་རེ་ན་ཡང་བན་དེ་སྟོང་སྟོང་གི་འཚོ་བ་སྦྱོར་བ་ལས། དེའི་ཚེ་ཆོས་སྨྲ་བ་སྤོབས་པ་
བརྩེགས་པ་ཞེས་བྱ་བ་ལ་ཚུལ་ཁྲིམས་འཆལ་པ་གླེང་གླེང་བ་ལས། ལས་དེའི་རྣམ་པར་སྨིན་པ་ལས་ལོ་དགུ་ཁྲིར་སེམས་ཅན་དམྱལ་བར་སྐྱེས་སོ། །ཚེ་རབས་ལྔ་བརྒྱར་ནི་མི་རྣམས་ཀྱི་ནང་དུ་ཟ་མ་དང་། ཀླ་ཀློ་དང་ལོག་པར་ལྟ་བའི་ཁྱིམ་དུ་སྐྱེས་སོ། །ལོ་དྲུག་བརྒྱར་ནི་
དམུས་ལོང་དང་། ལྕེ་མེད་པར་གྱུར་ཏོ། །ཚེ་རབས་བདུན་བརྒྱར་ནི་རབ་ཏུ་བྱུང་ནས། ཇི་སྲིད་འཚོ་བའི་མཐར་ཐུག་གི་བར་དུ་གཟུངས་མ་ཐོས་པར་འཆི་བའི་དུས་བྱས་ཏེ། ལས་ཀྱི་སྒྲིབ་པ་དེ་ཉིད་ཀྱིས་རིགས་ཀྱི་བུ་དེ་དག་བསྒྲིབས་སོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཁྱོད་མོས་
པར་བྱ། ཁོང་དུ་ཆུད་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་ཆོས་སྨྲ་བ་ལ་མངོན་སུམ་དུ་མཐོང་ཡང་འཆལ་བའི་ཚུལ་ཁྲིམས་ཀྱིས་བརྗོད་པར་མི་བྱན། ཐོས་པས་ལྟ་ཅི་སྨོས། །རིགས་ཀྱི་བུ་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་མིག་འབྱིན་པར་བྱེད་པ་བས་ནི། གང་ཞིག་
ཆོས་སྨྲ་པ་ལ་གཤེ་བའི་བསམ་པས་ལྟ་བར་བྱེད་ན། དེ་ནི་དེ་བས་ཆེས་ཁ་ན་མ་ཐོ་བའི་ལས་ཆེ་བ་ཡིན་ནོ། །གང་ཞིག་སེམས་ཅན་ཐམས་ཅད་འཆིང་བར་བྱེད་པ་བས། གང་ཞིག་ཆོས་སྨྲ་བ་མཐོང་ན་རྒྱབ་ཀྱིས་ཕྱོགས་ཏེ་འདུག་པར་བྱེད་ན། འདི་ལ་སྔ་མས་བརྒྱ་དང་། སྟོང་དང་།
འབུམ་དང་། གྲངས་དང་། དཔག་པའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་སྨྲ་བ་ལ་སྐུར་པ་འདེབས་པ་དེས་ནི་སངས་རྒྱས་ལ་སྐུར་བ་བཏབ་པའི་ཕྱིར་རོ། །སངས་རྒྱས་ལ་བསྙེན་བཀུར་བྱེད་པར་འདོད་པས་ཆོས་སྨྲ་བ་ལ་བསྙེན་བཀུར་བྱའོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་
เล่ม ๒๐๔ · หน้า 266b
ཆུབ་སེམས་དཔའ་རྣམས་ཀྱི་གནས་པས་གནས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔས་སྲོག་གི་ཕྱིར་ཡང་འཁྲུལ་པ་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར་རོ། །བཞི་གང་
ཞེ་ན། སྟོང་པ་ཉིད་སྒོམ་པ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་དང་། བྱང་ཆུབ་སེམས་དཔའ་ལ་རྟག་ཏུ་ཕན་པ་ཉེ་བར་སྒྲུབ་པ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པའོ། །སྱད་ཡ་ཐེ་དན། ཨད་ཚེ་ཨད་ཚབ་ཌི། ཨན་བི་ལེ། ཨ་ཤེཥོ། ཨ་
ཏྲི་ཏེ། ཨ་ན་ཡུ་དྷི། ཨ་ཕེ་ཨ་བི་ཛ་རི་ད། བྷ་བ་རུད་ཏྲ། ཨཾ་ག་མ། ཡུཏྟ་ན་ད་ཉ་བ། པྲ་ཀྵི་བེ། ཎི་བ་ཌེ། ཨ་གྲ་ཧེ། ཧུ་ཧུ་མེ། ཙ་པ་ལེ། ས་ཌེ་ས་མེ། ས་མ་དེ་ཡོ་ཌི། ན་ཡོ་བ་རི་ཤོ་དྷི། ཞག་བདུན་དུ་གཟུངས་སྔགས་འདི་དག་བཟླས་ན། ཞག་བདུན་དུ་སངས་རྒྱས་རྗེས་སུ་དྲན་པ་
བསྒོམ་པར་བྱའོ། །ལྷག་པའི་བསམ་པ་བསྟན་པའི་ལེའུ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་རྟོགས་པར་དཀའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཉོན་མོངས་པ་ཐམས་ཅད་ལས་ཀྱང་སེམས་སྦྱང་དགོས་ལ། ཆོས་གང་ལས་ཀྱང་བསྐྱོད་པར་མི་བྱ་
འཕགས་པར་ཡང་མི་བྱ་བའི་ཕྱིར་རོ། །ཆོས་ཀྱི་ཚུལ་ལས་རིགས་ཀྱི་བུ་དག་འཇིགས་པར་གྱིས་ཤིག །མངོན་པར་དགའ་བ་མེད་པར་གྱིས་ཤིག །སྙིང་བརྩེ་བ་མེད་པར་གྱིས་ཤིག །སྙིང་རྗེ་བ་མེད་པར་གྱིས་ཤིག །རིགས་ཀྱི་བུ་དག་འདུམ་བར་གྱིས་ཤིག །རྟག་ཏུ་བྱེད་པར་
གྱིས་ཤིག །བརྟག་པར་གྱིས་ཤིག །བློ་རྒོད་པར་གྱིས་ཤིག །རིགས་ཀྱི་བུ་དག་རྗེས་སུ་ཆགས་པར་ཡང་གྱིས་ཤིག །རྟག་ཏུ་ཞེ་འགྲས་པར་གྱིས་ཤིག །ཡུན་རིང་པོར་བལྟ་བར་ཡང་གྱིས་ཤིག །བྱས་པ་མི་གཟོ་བར་ཡང་གྱིས་ཤིག །རིགས་ཀྱི་བུ་དག་བདུད་ཀྱི་ལས་
རྣམས་ནི་འབར་བར་གྱིས་ཤིག །སངས་རྒྱས་ཀྱི་ཆོས་རྣམས་ནི་ཞི་བར་གྱིས་ཤིག །གང་དག་ཉན་ཐོས་ཀྱིས་སྨད་པར་བྱ་བ་དེ་དག་ཁྱེད་ཀྱིས་མ་སྨད་ཅིག །གང་ཉན་ཐོས་ཀྱིས་མངོན་པར་དགའ་བར་བྱ་བ་ལ་ཁྱེད་དགའ་བར་མ་བྱེད་ཅིག །གཙུག་ན་རིན་པོ་ཆེས་ཞུས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด