ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ

ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

เล่ม ๒๐๙ · หน้า 302a

རྒྱུ་ནི་རང་གི་རིས་དང་ས་པའི་ཆོས་ཉོན་མོངས་པ་ཅན་སྔར་སྐྱེས་པ་རྣམས་སོ། །ཀུན་ཏུ་འགྲོ་བའི་རྒྱུ་ནི་ཀུན་ཏུ་འགྲོ་བའི་རང་གི་སར་སྔར་སྐྱེས་པ་རྣམས་སོ། །བྱེད་རྒྱུའི་རྒྱུ་ནི་ཅི་རིགས་པར་རང་མ་གཏོགས་པ་ཡིན་ནོ། །ཀུན་ཏུ་འགྲོ་བའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་ལ།

ཀུན་ཏུ་འགྲོ་བའི་རྒྱུ་ནི་ཉོན་མོངས་པ་ཅན་ཁོ་ནའི་ཡིན་གྱི། ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་མ་ཡིན་ལ། རྣམ་པར་སྨིན་པ་ནི་ཉོན་མོངས་པ་ཅན་མ་ཡིན་པས་ཀུན་ཏུ་འགྲོ་བའི་རྒྱུ་དེའི་རྒྱུ་ཡིན་པ་འགོག་པ་ཡིན་ནོ། །འདིར་ཡང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་སྔ་

མ་བཞིན་ནོ། །སྐལ་བ་མཉམ་པའི་རྒྱུ་ནི་ལུང་དུ་མ་བསྟན་པ་སྔར་སྐྱེས་པ་རྣམས་སོ། །རྣམ་པར་སྨིན་པའི་རྒྱུ་ནི་དེ་དག་གང་དག་གི་རྣམ་པར་སྨིན་པའི་འབྲས་བུ་ཡིན་པ་མི་དགེ་བ་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་སོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །རྣམ་པར་སྨིན་པ་དང་

ཀུན་ཏུ་འགྲོ་བའི་རྒྱུ་དེ་དག་མ་གཏོགས་པ་ཞེས་བྱ་བ་ལ། རྣམ་པར་སྨིན་པ་མ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་ལ། ཉོན་མོངས་ཅན་མ་ཡིན་པའི་ཕྱིར་ཀུན་ཏུ་འགྲོ་བའི་རྒྱུ་མ་གཏོགས་སོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་བ་རྣམས་ཁོ་ན་

ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ནི་ཅི་རིགས་པར་བརྗོད་པར་བྱའོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །རྣམ་པར་སྨིན་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དེ་དག་དང་སྐལ་བ་མཉམ་པའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་ལ་དེ་དང་འདྲ་བ་སྔར་སྐྱེས་པ་མེད་པའི་ཕྱིར་དང་དགེ་བ་ཡིན་པའི་ཕྱིར། སྐལ་བ་

མཉམ་པ་དང་། ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་སོ། །འདིར་ཡང་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་ནི་ལྷན་ཅིག་འབྱུང་བ་རྣམས་ཁོ་ན་ཡིན་ནོ། །བྱེད་རྒྱུའི་རྒྱུ་ནི་སྔ་མ་བཞིན་ནོ། །འདི་ལ་ཁ་ཅིག་ན་རེ་ཉོན་མོངས་པ་ཅན་བཞི་ཁོ་ན་སྐྱེའོ་ཞེས་བརྗོད་པར་བྱ་

སྟེ། ཅིའི་ཕྱིར་ཞེ་ན་ཀུན་ཏུ་འགྲོ་བའི་རྒྱུ་ལས་སྐལ་བ་མཉམ་པའི་རྒྱུ་དེ་ཐ་དད་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ཡང་དེ་ལྟ་མ་ཡིན་ཏེ། ཀུན་ཏུ་འགྲོ་བའི་རྒྱུ་ལ་ཨ་ནུ་ཙྱ་མཱ་ནེ་ཏྱ་ནཻ་ཡ་ཡི་ཀཱ་ནཱཾ། རྒྱུ་མ་བཤད་པར་འགྱུར་རོ། །སྐལ་བ་མཉམ་པའི་རྒྱུ་ལ། ཨ་ནུ་ཙྱ་མཱ་ནེ་ཀུན་ཏུ་འགྲོ་བ་རྣམས་དང་

เล่ม ๒๐๙ · หน้า 302b

ཀུན་ཏུ་འགྲོ་བའི་ཐོབ་པ་རྣམས་ཀྱང་རྒྱུའི་དངོས་པོར་མ་བརྗོད་པར་འགྱུར་རོ། །འདོད་ཆགས་ཀྱི་རྒྱུ་ལས་འདོད་ཆགས་སྐྱེ་སྟེ། ཐོབ་པའི་རྒྱུའི་དངོས་པོ་ལས་ཐོབ་པ་ལྟ་བུ་སྟེ། ལྔ་རྣམས་ཁོ་ན་ལས་ཉོན་མོངས་པ་ཅན་རྣམས་སྐྱེའོ་ཞེས་བྱ་བ་ནི་རིགས་སོ། །མཚུངས་པར་ལྡན་པའི་རྒྱུ་

སྨོས་པའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ཡིན་པ་ཤེས་ཏེ། དེ་ལྟ་མ་ཡིན་ན་དེ་དག་ལ་མཚུངས་པར་ལྡན་པའི་རྒྱུ་མི་སྨོས་པར་འགྱུར་རོ། །མཚུངས་པར་ལྡན་པའི་རྒྱུ་གཅིག་པུ་མ་གཏོགས་པ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བའི་རང་བཞིན་མ་ཡིན་པའི་ཕྱིར་དེ་

དག་ལ་མཚུངས་པར་ལྡན་པའི་རྒྱུ་མེད་དོ། །ཉོན་མོངས་པ་ཅན་ལ་སོགས་པ་གཞན་ཡང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་རྣམས་དང་རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་དང་ལྷག་མ་རྣམས་དང་འཕགས་པའི་དངོས་པོ་རྣམས་སོ། །དེ་ལ་ཉོན་མོངས་པ་ཅན་རྣམས་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་གྱི་གཟུགས་

དང་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ནི་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་མ་གཏོགས་པ་བཞི་ལས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཞེས་བྱ་བ་ལ། མཚུངས་པར་ལྡན་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་མ་གཏོགས་པ་བཞི་ལས་སོ་ཞེས་བྱ་བར་སྦྱར་ཏེ།

དེ་དག་ནི་རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་དང་རྣམ་པར་སྨིན་པ་ལས་སྐྱེས་པའི་ལྡན་པ་མ་ཡིན་པ་རྣམས་སོ། །ལྷག་མ་རྣམས་ནི་གསུམ་ལས་སོ་ཞེས་བྱ་བ་ལ་ལྷག་མའི་གཟུགས་དང་ལྡན་པ་མ་ཡིན་པ་རྣམས་ནི་རྣམ་པར་སྨིན་པ་དང་མཚུངས་པར་ལྡན་པ་དང་། ཀུན་ཏུ་འགྲོ་བའི་རྒྱུ་དག་མ་

གཏོགས་པ་ལྷག་མ་ལྷན་ཅིག་འབྱུང་བ་དང་། སྐལ་བ་མཉམ་པ་དང་། བྱེད་རྒྱུའི་རྒྱུ་དང་གསུམ་ལས་སྐྱེའོ། །ཟག་པ་མེད་པའི་དང་པོ་ནི་གཉིས་ལས་ཏེ་ཞེས་བྱ་བ་ལ། ཟག་པ་མེད་པའི་དང་པོ་གཟུགས་དང་ལྡན་པ་མ་ཡིན་པ་རྣམས་ནི་བྱེད་རྒྱུའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་ལས་སོ། །རྒྱུ་གཅིག་

ལས་བྱུང་བའི་ཆོས་ནི་མེད་དོ་ཞེས་བྱ་བ་ལ། ལྷན་ཅིག་འབྱུང་བ་དང་བྱེད་རྒྱུའི་རྒྱུ་དག་ཕན་ཚུན་མི་འཁྲུལ་བའི་ཕྱིར་ལ་རྒྱུ་ལྷན་ཅིག་བྱེད་པའི་རྒྱུ་ལ་མི་ལྟོས་པའི་ཕྱིར་དུས་ཐམས་ཅད་དུ་སྐྱེ་བར་ཐལ་བའི་ཕྱིར་རོ། །འདི་ལ་རྒྱུའི་ཆོས་རྣམས་ལ་རྒྱུའི་རང་བཞིན་བསམ་པ་དུ་ཞེ་ན། རྒྱུའི་རང་བཞིན་དྲུག་ཡོད་པ་

เล่ม ๒๐๙ · หน้า 303a

ནས་རྒྱུའི་རང་བཞིན་གཅིག་གི་བར་དུ་ཡོད་དོ། དེ་ལ་རྒྱུ་དྲུག་གི་རང་བཞིན་ནི། དཔེར་ན་འདས་པ་དང་ད་ལྟར་བྱུང་བའི་མི་དགེ་བ་རྣམས་དང་། སེམས་དང་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་རྣམས་སོ། །རྒྱུ་ལྔའི་རང་བཞིན་ཡོད་དེ་འདས་པ་དང་ད་ལྟར་བྱུང་བའི་མི་དགེ་

བ་རྣམས་དང་སེམས་དང་སེམས་ལས་བྱུང་བ་ཀུན་ཏུ་འགྲོ་བ་རྣམས་དང་། ཀུན་ཏུ་འགྲོ་བ་ལུང་དུ་མ་བསྟན་པ་རྣམས་དང་། དགེ་བ་ཟག་པ་དང་བཅས་པ་རྣམས་དང་མི་དགེ་བ་རྣམས་དང་། མི་ལྡན་པ་ཀུན་ཏུ་འགྲོ་བ་རྣམས་སོ། །རྒྱུ་བཞིའི་རང་བཞིན་ཡོད་དེ་འདས་པ་དང་ད་ལྟར་བྱུང་བའི་མི་དགེ་བ་དང་

དགེ་བ་ཟག་པ་དང་བཅས་པ་རྣམས་དང་། མི་ལྡན་པའི་འདུ་བྱེད་རྣམས་དང་མི་དགེ་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་རྣམས་དང་། སེམས་དང་མི་ལྡན་པ་ཀུན་ཏུ་འགྲོ་བ་ལུང་དུ་མ་བསྟན་པ་རྣམས་དང་། ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དང་། མ་འོངས་པའི་དགེ་བ་རྣམས་

དང་དགེ་བ་ཟག་པ་དང་བཅས་པ་རྣམས་སོ། །རྒྱུ་གསུམ་གྱི་རང་བཞིན་ཡོད་དེ། འདས་པ་དང་ད་ལྟར་བྱུང་བ་ལུང་དུ་མ་བསྟན་པའི་རང་བཞིན་དང་། ལུང་དུ་མ་བསྟན་པ་སེམས་དང་མི་ལྡན་པ་རྣམས་དང་། ཀུན་ཏུ་འགྲོ་བ་མ་ཡིན་པ་ཟག་པ་མེད་པ་གཟུགས་དང་མི་ལྡན་པ་རྣམས་དང་མ་འོངས་པའི་

མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་དང་། གཟུགས་དང་། དགེ་བ་དང་། མི་དགེ་བ་དང་མི་ལྡན་པ་རྣམས་དང་། ལུང་དུ་མ་བསྟན་པ་ཟག་པ་མེད་པ་རྣམས་དང་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །རྒྱུ་གཉིས་ཀྱི་རང་བཞིན་ཡོད་དེ། ལུང་མ་བསྟན་མ་འོངས་པ་ཟག་

པ་མེད་པ་དང་གཟུགས་དང་། ལུང་མ་བསྟན་ཟག་པ་མེད་པ་དང་མི་ལྡན་པ་རྣམས་སོ། །རྒྱུ་གཅིག་གི་རང་བཞིན་ཡོད་དེ་འདུས་མ་བྱས་ཀྱི་ཆོས་རྣམས་སོ། །རྒྱུ་དང་འབྲས་བུ་རྒྱས་པར་བསྟན་པ་རྫོགས་སོ།། །།སྔར་རྒྱུ་དང་རྐྱེན་དག་མེད་པར་ནི། སྐྱེ་བས་བསྐྱེད་བྱ་སྐྱེད་བྱེད་མིན། །

ཞེས་བཤད་པ་དེ་ལ་རྒྱུ་རྣམས་ནི་གྲངས་དང་། རང་གི་ངོ་བོ་དང་འབྲས་བུའི་སྒོ་ནས་བསྟན་ན། ད་ནི་རྐྱེན་རྣམས་གྲངས་དང་། རང་གི་ངོ་བོ་དང་། བྱེད་པའི་སྒོ་ནས་བརྗོད་པར་བྱ་དགོས་སོ་ཞེས་འདྲི་བ་ནི་རྐྱེན་རྣམས་གང་ཞེ་ན་ཞེས་བྱའོ། །རྐྱེན་ནི་བཞི་པོ་དག་ཏུ་གསུངས། །གང་ནས་གསུངས་

เล่ม ๒๐๙ · หน้า 303b

ཞེས་བྱ་བ་ནི་མདོ་ལས་སམ། འོན་ཏེ་ཆོས་མངོན་པ་པ་དག་གིས་མངོན་པ་ལས་གསུངས་ཞེས་བྱ་བའོ། །དེའི་ཕྱིར་མདོ་ལས་ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། བཅོམ་ལྡན་འདས་ཁོ་ནས་བསྟན་གྱི། ཆོས་མངོན་པ་པ་དག་གིས་ནི་མ་ཡིན་ནོ། །རྐྱེན་དུ་འདྲ་བ་ནི་རྐྱེན་ཉིད་

དོ། །འདིར་དངོས་པོའི་རྐྱེན་གྱིས་བསྟན་པ་ནི་འདྲ་བ་ཉེ་བར་བླངས་པའོ། །ཐམས་ཅད་རང་བཞིན་ཐ་དད་པ་ཡིན་ཡང་རྐྱེན་གྱི་དངོས་པོ་ལས་མི་འདའ་སྟེ་རྐྱེན་གྱི་རིགས་རྣམ་པ་བཞི་བརྟེན་ཏོ་སྙམ་དུ་བསམ་པའོ། །རྒྱུ་ཞེས་བྱ་བ་རྒྱུ་ལྔ་ཡིན་ཞེས་བྱ་བ་ལ་རྒྱུའི་རྐྱེན་ནི་ལྔ་ཁོ་ན་སྟེ་རྒྱུའི་རྐྱེན་ཁོ་ན་ལྔ་ནི་མ་ཡིན་ནོ། །དེ་དག་

ཀྱང་མི་ཤེས་པས་བྱེད་རྒྱུའི་རྒྱུ་མ་གཏོགས་པ་ཞེས་བྱ་བ་སྨོས་སོ། །བྱེད་རྒྱུའི་རྒྱུ་རྒྱུའི་རྐྱེན་མ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན་བསྟན་བཅོས་ལས་རྒྱུའི་རྐྱེན་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་གསུངས་ཏེ། ཆོས་འདུས་བྱས་སྨོས་པས་རྒྱུའི་རྐྱེན་ནི་ལྔ་པོ་དག་ཡིན་ནོ་ཞེས་བྱ་བར་

རྣམ་པར་གཞག་གོ། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། །ཐ་མ་མིན་མཚུངས་དེ་མ་ཐག །ཅེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་སྨོས་པས། གཟུགས་དང་འདུས་མ་བྱས་དང་ལྡན་པ་མ་ཡིན་པ་བསལ་བའི་སྒོ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་

ཐག་པའི་རྐྱེན་ཉིད་ནི་མ་ཡིན་གྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་འདུས་མ་བྱས་རྒྱུའི་རྐྱེན་ཡིན་ཞེ་ན་མི་སྒྲིབ་པ་ཙམ་གྱིས་གནས་པའི་ཕྱིར་རོ། །གང་དག་རྒྱུ་དང་རྐྱེན་གྱི་རྣམ་པར་རྟོག་པ་རྣམས་རྒྱུ་ལྔ་དང་རྐྱེན་གསུམ་གྱིས་མ་བསྡུས་པ་

ཉིད་ཨ་སཾ་སྐྲྀ་ཏ་སྟ་ཏ་སཾ་གྲ་ཧཱརྠཾ། (འདུས་མ་བྱས་ཏེ་བསྡུས་པའི་དོན།) བྱེད་རྒྱུ་དང་བདག་པོའི་རྐྱེན་རྣམ་པར་གཞག་གོ། །དངོས་པོ་རྣམ་པ་སྣ་ཚོགས་པ་བཞིན་རྣམ་པར་རྟོག་པ་རྣམ་པ་དུ་མ་ཉིད་ཀྱི་ཕྱིར་བྱེད་རྒྱུ་ལས་ཞེས་པའོ། །སེམས་དང་སེམས་བྱུང་སྐྱེས་པ་རྣམས། ཐ་མ་མིན་མཚུངས་དེ་མ་ཐག་ཅེས་བྱ་བ་

ལ། སེམས་དང་སེམས་ལས་བྱུང་བ་སྨོས་པས་གཟུགས་དང་འདུས་མ་བྱས་དང་ལྡན་པ་མེད་པ་མ་ཡིན་པ་རྣམས་བསལ་བའི་སྒོ་ནས་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །སེམས་དང་

เล่ม ๒๐๙ · หน้า 304a

སེམས་ལས་བྱུང་བ་དག་ནི་རྣམ་པ་གཉིས་ཏེ། ཐ་མ་དང་ཐ་མ་མ་ཡིན་པ་དག་གོ། །ཐ་མ་དག་ནི་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བ་མི་འབྱུང་སྟེ། དཔེར་ན་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ལྟ་བུའོ། །

ཐ་མ་མ་ཡིན་པ་དག་ནི་གང་དག་གི་མཇུག་ཐོགས་སུ་སེམས་དང་སེམས་ལས་བྱུང་བ་འབྱུང་བའོ། །དེའི་ཕྱིར་ཐ་མ་བསལ་བའི་སྒོ་ནས་ཕྱི་མ་དང་བཅས་པ་རྣམས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཐ་མ་མ་ཡིན་པ་སྨོས་སོ། །སྐྱེས་པ་རྣམས་ཞེས་བྱ་བས་ནི་མ་འོངས་པ་

བསལ་བའི་སྒོ་ནས་འདས་པ་དང་། ད་ལྟར་བྱུང་བ་ཡོངས་སུ་འཛིན་པ་ཡིན་ནོ། །རྐྱེན་འདི་ནི་མཚུངས་པ་ཡང་ཡིན་དེ་མ་ཐག་པ་ཡང་ཡིན་པས་ཞེས་བྱ་བ་འདིས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཁོ་ན་མཚུངས་པ་དེ་མ་ཐག་པའི་དོན་དང་ལྡན་པ་ཉིད་ཡིན་གྱི། གཞན་དག་ནི་མ་ཡིན་

པས་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ནོ་ཞེས་སྟོན་ཏོ། །མཚུངས་པ་ཞེས་བྱ་བ་ནི་རྒྱུད་གཅིག་ལ་རྫས་རིགས་མཐུན་པ་གཉིས་མཚུངས་པར་ལྡན་པའི་ཕྱིར་རོ། །དེ་མ་ཐག་ཏུ་ཞེས་བྱ་བ་རྫས་རིགས་མཐུན་པས་བར་དུ་མ་ཆོད་པའི་འབྲས་བུ་ཅན་ཡིན་

པའི་ཕྱིར་རོ། །གང་དག་བར་མེད་པར་འབྲེལ་པར་འབྱུང་བ་ནི་དེ་མ་ཐག་པ་ཞེས་སྨྲ་བ་དེ་དག་གི་ལྟར་ན་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དེ་མ་ཐག་པ་ཞེས་བྱ་བར་ཐལ་བར་འགྱུར་རོ། །ཐམས་ཅད་མཚུངས་པའམ་ཅིག་ཅར་ཁོ་ནར་སེམས་དང་སེམས་

ལས་བྱུང་བའི་ཚོགས་སྔོན་དུ་འགྲོ་བ་ཉིད་དོ། །དེ་གཞན་དག་གིས་བར་མ་ཆད་པའི་རྐྱེན་ཡིན་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་གཞན་དག་ཟེར་རོ། །མི་མཉམ་པར་འབྱུང་བའི་ཞེས་བྱ་བ་ལ། མཚུངས་པ་དེ་མ་ཐག་པའི་དོན་མེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་

ནོ། །མཚུངས་པ་དེ་མ་ཐག་པའི་དོན་མེད་པ་ཉིད་བསྟན་པའི་ཕྱིར། འདི་ལྟར་འདོད་པ་ན་སྤྱོད་པའི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འདོད་པ་ན་སྤྱོད་པ་ནི་སོ་སོ་ཐར་པའི་སྡོམ་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །གཟུགས་ན་སྤྱོད་པ་ནི་བསམ་གཏན་གྱི་སྡོམ་པའི་གཟུགས་སོ། །

เล่ม ๒๐๙ · หน้า 304b

ཟག་པ་མེད་པ་ནི་ཟག་པ་མེད་པའི་སྡོམ་པའི་གཟུགས་སོ། །གང་གི་ཚེ་སྡོམ་པ་བླངས་པ་བསམ་གཏན་ནམ་ལམ་ལ་སྙོམས་པར་མི་འཇུག་པ་དེའི་ཚེ་ནི་འདོད་པ་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ལས་འདོད་པ་ན་སྤྱོད་པ་ཁོ་ན་འབྱུང་ངོ་། །གང་གི་ཚེ་བསམ་གཏན་ལ་

སྙོམས་པར་འཇུག་པ་དེའི་ཚེ་ན་འདོད་པ་དང་གཟུགས་ན་སྤྱོད་པའི་རྣམ་པར་རིག་བྱེད་མ་ཡིན་པ་འབྱུང་ངོ་། །གང་གི་ཚེ་ལམ་ལ་སྙོམས་པར་འཇུག་པ་དེའི་ཚེ་ནི་འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་འབྱུང་བས་གཟུགས་མངོན་དུ་འགྱུར་བས་འཆོལ་བ་ཡིན་ནོ། །མཚུངས་པ་དེ་མ་ཐག་

པའི་རྐྱེན་ནི་འཆོལ་བ་མ་ཡིན་ན་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་དག་གི་མཇུག་ཐོགས་སུ་ནི་ནམ་ཡང་འདོད་པར་གཏོགས་པ་དང་གཟུགས་སུ་གཏོགས་པ་མི་འབྱུང་ངོ་། །འདོད་པ་ན་སྤྱོད་པ་དང་ཟག་པ་མེད་པ་ཞེས་བྱ་བ་ལ། གང་དག་མཚུངས་པ་

དེ་མ་ཐག་ཏུ་བྱུང་བ་དེ་དག་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་གཞན་དག་གོ། །མཚུངས་པ་ཞེས་བྱ་བ་ནི་གང་ཞིག་ལྡན་པ་དེ་ལྡན་པ་ཉིད་དེ། ཚོར་བ་ལ་སོགས་པ་དང་ཡང་དག་པར་ལྡན་པ་ནི་ཡང་དག་པར་ལྡན་པའོ། །དེ་མ་ཐག་པ་ཞེས་བྱ་བ་ནི་ཅིག་ཅར་སེམས་ལ་ཚོར་བ་ལ་སོགས་

པའི་རང་བཞིན་ནི་མ་ཡིན་གྱི། སེམས་གཅིག་ལ་འདོད་པ་དང་ལྡན་པ་དང་མི་ལྡན་པ་མངོན་དུ་གྱུར་པའོ་ཞེ་ན། འདི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །བཙུན་པ་དབྱིག་བཤེས་ན་རེ་རྒྱས་པ་ལས་བྱུང་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་ཟས་དང་བསམ་གཏན་

ལ་སོགས་པས་རྒྱས་པར་བྱས་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པ་མ་འགགས་པ་ཁོ་ནར་དེ་དང་རིགས་མཐུན་པ་བསམ་གཏན་དང་ཟས་ལ་སོགས་པས་རྒྱས་པ་དང་། རྣམ་པར་སྨིན་པ་ལས་སྐྱེས་པའི་གཟུགས་གཞན་སྐྱེ་བ་དེ་བཞིན་དུ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་

སེམས་མ་འགགས་པ་ཁོ་ནར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ནི་མི་འབྱུང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ། དེ་ལྟར་འབྱུང་བ་ཆེན་པོ་བཞི་ལས་སྐྱེས་པ་རྣམས་ནི་རིགས་གཅིག་པ་མང་པོ་ཉེ་བར་བླངས་པའི་གཟུགས་ཀྱིས་རྡུལ་ཕྲ་རབ་ཀྱི་རྫས་རྣམས་སྐྱེའི། །སེམས་

เล่ม ๒๐๙ · หน้า 305a

དང་སེམས་ལས་བྱུང་བ་རྣམས་ནི་མ་ཡིན་པ་ཉིད་དོ་ཞེས་ཟེར་རོ། །བཙུན་པ་ཞེས་བྱ་བ་ནི་མདོ་སྡེ་པ་གནས་བརྟན་ཆོས་སྐྱོབ་པོ། །ཆེས་མང་བ་དང་། ཉུང་ངུ་བྱུང་བའི་ཕྱིར་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་ཆོས་གཟུགས་ཅན་རྣམས་ནི་རྫས་

ངེས་པ་མེད་པར་འབྱུང་བར་འགལ་བ་མེད་དེ། ལ་ལར་ནི་ཆེས་ཉུང་ངུ་མང་པོར་འགྱུར་ཏེ། དཔེར་ན་ནུར་ནུར་པོ་ལ་སོགས་པ་དག་ལས་གཟུགས་ལྟ་བུའོ། །ལ་ལར་ནི་ཆེས་མང་བ་ཡང་ཉུང་ངུར་འགྱུར་ཏེ། དཔེར་ན་སྟོབས་དང་ལྡན་པའི་ལུས་ལས་སྟོབས་ཆུང་ངུ་འབྱུང་བ་ལྟ་བུའོ། །

དེའི་ཕྱིར་འདི་མཚུངས་པ་དེ་མ་ཐག་པ་ཉིད་ཀྱི་བྱེད་པ་མེད་དོ། །སེམས་ལས་བྱུང་བ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་ལྟར་འདོད་པར་གཏོགས་པའི་དགེ་བའི་སེམས་ལ་སེམས་ལས་བྱུང་བ་ཉི་ཤུ་རྩ་གཉིས་འབྱུང་ལ་མི་དགེ་བ་མ་འདྲེས་པ་དང་། ལྟ་བ་དང་ལྡན་པ་ལ་

ཉི་ཤུའོ། །བསྒྲིབས་པ་ལ་ནི་བཅོ་བརྒྱད་དོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ལ་ནི་བཅུ་གཉིས་སོ། །རྟོག་པ་དང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་བསམ་གཏན་དང་པོའོ། །རྟོག་པ་མེད་ལ་དཔྱོད་པ་ཙམ་ནི་བསམ་གཏན་ཁྱད་པར་ཅན་ནོ། །རྟོག་པ་ཡང་མེད་ལ་དཔྱོད་པ་ཡང་མེད་

པ་ནི་བསམ་གཏན་གཉིས་པ་ནས་སྲིད་པའི་རྩེ་མོའི་བར་ཏེ། སེམས་དང་ཏིང་ངེ་འཛིན་དེ་དག་ཕན་ཚུན་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ངོ་བོར་འདོད་པ་ཡིན་ལ། སེམས་ལས་བྱུང་བ་རྣམས་ཀྱང་ཆེས་མང་བ་དང་ཉུང་ངུ་འབྱུང་བས་གཟུགས་བཞིན་དུ་མཚུངས་པ་དེ་མ་ཐག་པའི་དངོས་

པོར་འགལ་ལོ། །རིགས་གཞན་ལ་ནི་ཡོད་ཀྱི་ཞེས་བྱ་བ་ལ་རྟོག་པ་དང་དཔྱོད་པ་ལ་སོགས་པ་རིགས་གཞན་དུ་འགྱུར་བ་རྣམས་ནི་སེམས་འགའ་ཞིག་ལ་འབྱུང་བ་དང་མི་འབྱུང་བར་འགྱུར་ན། འདིར་ནི་གཟུགས་བཞིན་དུ་རང་གི་རིགས་ལ་ཆོས་མང་བ་དང་ཉུང་ངུ་འབྱུང་བ་མེད་དོ་ཞེས་བརྗོད་

དོ། །འདི་ལྟར་ཚོར་བའི་རྫས་གཅིག་གི་མཇུག་ཐོགས་སུ་ཚོར་བའི་རྫས་གཉིས་སམ་ཚོར་བ་གཉིས་ཀྱི་མཇུག་ཐོགས་སུ་གཅིག་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་ངེས་པར་འབྱུང་བས་འདིར་གཟུགས་དང་འདྲ་བར་ཐལ་བར་འགྱུར་བ་མེད་དོ། །

เล่ม ๒๐๙ · หน้า 305b

ཡང་ཅི་རང་གི་རིགས་ཁོ་ནའི་ཞེས་བྱ་བ་ནི་གང་གི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་མི་མཉམ་པ་མི་འདོད་པས་འདྲི་བའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདིར་ནི་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ཡང་གཟུགས་ལྟར་ཆེས་མང་བ་དང་ཉུང་ངུ་འབྱུང་བ་མ་ཡིན་

ནམ་ཞེས་གང་སྨྲས་པ་དེ་ལ་བསལ་བར་བྱ་བའི་ཕྱིར་ཚོར་བ་ལ་སོགས་པ་རྫས་ཉུང་ངུ་ལས་ཞེས་བྱ་བ་རྒྱས་པར་བྱུང་བ་དེ་ཙམ་ཞིག་བརྗོད་ཀྱི་རང་གི་རིགས་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ནི་མ་ཡིན་ཏེ། དེའི་ཕྱིར་ཚོགས་པ་མཐའ་དག་ཁོ་ན་ཚོགས་པ་གཞན་

མཐའ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །རྒྱུད་འདྲ་བ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་དག་ལ་རྒྱུད་འདྲ་བས་ཐ་སྙད་འདོགས་པ་ཡོད་པས་ན། དེ་དག་ནི་རྒྱུད་འདྲ་བ་དག་གོ། །གལ་ཏེ་འདྲ་བ་ཁོ་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ན། ཇི་ལྟར་ཉོན་མོངས་པ་ཅན་མ་

ཡིན་པའི་མཇུག་ཐོགས་སུ་ཉོན་མོངས་པ་ཅན་དུ་འབྱུང་ཞེ་ན། གང་གི་ཚེ་ཉོན་མོངས་པ་ཅན་མ་ཡིན་པའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་རིགས་གཞན་གྱིས་བར་མ་ཆོད་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་མི་འདོད་ཀྱི། འོ་ན་ཅི་ཞེ་ན། རང་གི་རིགས་ཀྱིས་

མ་ཆོད་པའོ། །དཔེར་ན་ཞེས་བྱ་བ་ནི་དེ་ཉིད་ལ་དཔེ་རྒྱས་པར་འབྱུང་ངོ་། །དེ་སྐད་དུ་ནི་མི་བརྗོད་དོ་ཞེས་བྱ་བ་ལ་བསྟན་བཅོས་དང་འགལ་བའི་ཕྱིར་དང་། རིག་པ་དང་འགལ་བའི་ཕྱིར་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་ཆོས་རྣམས་གང་ཞེ་ན། སེམས་གང་གི་མཇུག་

ཐོགས་སུ་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་དག་ཅེས་རྒྱས་པར་འབྱུང་ངོ་། །ཟག་པ་མེད་པའི་སེམས་མི་འབྱུང་བར་ཐལ་བའི་ཕྱིར་ན་རིག་པ་དང་ཡང་འགལ་ལོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་སྔ་རོལ་དུ་བྱུང་བའི་ཆོས་ཟག་པ་མེད་པ་ནི་འགའ་ཡང་མེད་དེ་སྔར་

ལམ་མ་བསྐྱེད་པའི་ཕྱིར་རོ། །ཚོར་བ་ལ་སོགས་པ་རིགས་གཞན་དང་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཉིད་དུ་འདོད་པ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་མཚུངས་པས་སོ། །དེའི་ཕྱིར་འདི་བསམ་པར་བྱ་སྟེ། ཁམས་གསུམ་པ་དང་ལྡན་པ་མ་ཡིན་པ་རྣམས་ཅིག་ཅར་

เล่ม ๒๐๙ · หน้า 306a

མངོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ། འདོད་པའི་ཁམས་ལ་འདོད་ཆགས་དང་བྲལ་བའི་སྐད་ཅིག་སྐད་ཅིག་ལ་འདོད་པ་ན་སྤྱོད་པའི་ཆོས་ཀྱི་ཐོབ་པའི་མཇུག་ཐོགས་སུ་འདོད་པ་དང་གཟུགས་མེད་པ་དང་ཟག་པ་མེད་པའི་ཐོབ་པ་རྣམས་མངོན་དུ་འགྱུར་ཏེ་གཟུགས་དང་

གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་དང་། གཟུགས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པའི་འཕགས་པ་ལ་ཡང་ཁམས་གསུམ་པའི་ཉོན་མོངས་པ་དང་། ཟག་པ་མེད་

པའི་ཆོས་ཀྱི་ཐོབ་པ་མངོན་དུ་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ཁམས་གསུམ་དང་ལྡན་པ་དང་ལྡན་པ་མ་ཡིན་པའི་དགེ་བ་རྣམས་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཐོབ་པ་རྣམས་ཀྱང་ཅིག་ཅར་མངོན་དུ་འགྱུར་བ་ཡིན་ནོ། །འདིས་ནི་སྐྱེ་བ་ལ་སོགས་པ་རྣམས་ཅིག་ཅར་མངོན་དུ་འགྱུར་བ་ཡང་

བཤད་པ་ཡིན་ནོ། །དེ་བཞིན་དུ་དགྲ་བཅོམ་པ་ཐོབ་པ་དང་ཡོངས་སུ་ཉམས་པ་དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །སྐྱེས་པ་རྣམས་མཚུངས་པ་དེ་མ་ཐག་ཅེས་བཤད་པ་འདྲི་བ་ནི། ཅིའི་ཕྱིར་མ་འོངས་པ་ཞེས་བྱ་བའོ། །མ་འོངས་པའི་དུས་འཆོལ་བ་ཉིད་དུ་བསྟན་པའི་ཕྱིར་སྔ་ཕྱི་

མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །སྔ་ཕྱིར་འབྱུང་བ་དང་འབྲེལ་བའི་ཕྱིར་མ་འོངས་པས་ད་ལྟར་བ་སྔ་བ་དང་། ད་ལྟར་བས་འདས་པ་སྔ་བར་འདོད་པར་ནུས་ན་མ་འོངས་པ་ལ་ནི་དེ་ལྟར་སྔ་ཕྱི་ཡོད་པ་མ་ཡིན་ཏེ་དུས་སྔ་ཕྱི་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ཉིད་གྱི་ཕྱིར་ད་ལྟར་བ་ད་ལྟར་བའི་

མཚུངས་པ་དེ་མ་ཐག་པ་ཞེས་མི་བྱ་སྟེ་དུས་མཚུངས་པའི་ཕྱིར་རོ། །འོ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་མ་འོངས་པའི་དུས་ལ་སྔ་ཕྱི་མེད་ནའོ། །འདས་པས་ད་ལྟར་ལའམ། འདས་པ་དང་ད་ལྟར་བ་དག་ལ་རྗེས་སུ་དཔོག་པ་ནི་འདས་པ་དང་། ད་ལྟར་གྱི་

ལས་རྗེས་སུ་དཔག་པའོ། །རྣམ་པར་སྨིན་པ་ནི་འདི་ལྟ་བུ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་འབྲས་བུའོ། །ཆོས་ལས་སྐྱེས་ཞེས་བྱ་བ་ནི་རྒྱུ་མཐུན་པའི་འབྲས་བུའོ། །དེ་ལྟ་ན་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། གལ་ཏེ་འདས་པས་ད་ལྟར་བ་ལ་དཔོག་གོ་ཞེས་བྱ་བར་

เล่ม ๒๐๙ · หน้า 306b

འདོད་ནའོ། །གཞན་དག་ན་རེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདི་ལ་སྔོན་གྱི་མཐའ་ལ་མི་ལྟོས་པར་དེའི་རིགས་ཅན་གྱི་ལས་ཀྱི་འབྲས་བུ་མ་འོངས་པ་མངོན་སུམ་གྱིས་གཟིགས་པ་ལས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཐོགས་སུ་འདི་ཁོ་ན་འབྱུང་བར་འགྱུར་རོ་སྙམ་དུ་ངེས་པར་འབྱུང་

བར་འགྱུར་བ་དེ་ལྟར་སེམས་ཅན་གྱི་རྒྱུད་དག་ལས་འདས་པའི་ལས་དང་འབྲས་བུ་འབྲེལ་བ་རབ་ཏུ་མཁྱེན་པ་ཡིན་ཏེ། དེའི་ཕྱིར་ཉེས་པ་འདི་མེད་དོ་ཞེས་ཟེར་རོ། །འབྲས་བུའི་རྟགས་སུ་གྱུར་པ་ཞེས་བྱ་བ་ནི་འབྲས་བུའི་མཚན་མར་གྱུར་པ་དང་རྒྱུ་མཚན་དུ་གྱུར་པ་སྟེ་རྟགས་མཚན་དུ་

གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་དེའི་གཟུགས་བརྙན་ལྟ་བུ་ཞིག་སྟེ། དེ་ལ་གཟིགས་ནས་བསམ་གཏན་དང་མངོན་པར་མཁྱེན་པ་མངོན་དུ་མ་མཛད་བཞིན་དུ་མ་འོངས་པ་མཁྱེན་པ་ཡིན་གྱི་མངོན་སུམ་དུ་མཛད་པས་མངོན་སུམ་དུ་གཟིགས་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །གཞན་

དག་ན་རེ་དེ་ལས་གོང་དུ་མ་འོངས་པའི་འབྲས་བུའི་རྟགས་སུ་གྱུར་པ་ཞིག་མངོན་སུམ་དུ་གཟིགས་སོ་ཞེ་ན། རྟགས་སུ་གྱུར་པ་ཅུང་ཟད་ཀྱང་མེད་པར་མངོན་སུམ་དུ་གཟིགས་ནས་ལུང་དུ་སྟོན་པར་མཛད་དོ། །གལ་ཏེ་དེའི་འབྲས་བུ་བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་གཟིགས་པ་ཅིའི་

ཕྱིར་མཚན་མ་ལ་ལྟོས་པར་བྱེད། འོན་ཏེ་སྐྱེའོ་ཞེ་ན། ལས་ཡོངས་སུ་མ་བཟུང་བས་འདིར་མཚན་མ་ལ་ལྟོས་པ་དེ་ལྟ་ན་ཡང་དེའི་འབྲས་བུ་འཕེན་པའི་རྟགས་སུ་གྱུར་པ་ཉིད་ལས་མི་འདའོ། །མངོན་སུམ་དུ་མ་མཛད་བཞིན་དུ་ཡང་ཞེས་སྔར་ཡང་བཤད་དོ། །གང་གི་ཕྱིར་རབ་ཏུ་གྲགས་པས་སྔོན་

དང་མཐའ་མི་འབྲང་ངོ་། །མཁྱེན་པ་དེ་ནི་དུ་བ་ལས་མེ་ལྟར་རྗེས་སུ་དཔག་པ་ལས་བྱུང་བ་ཡིན་ཏེ། རྒྱུ་དང་འབྲས་བུའི་འབྲེལ་པ་མངོན་སུམ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །ཇི་ལྟར་མ་འོངས་པ་ལ་མི་བལྟོས་པ་ཁོ་ནར་འདས་པ་མཁྱེན་པ་དེ་བཞིན་དུ་འདས་པ་ལ་མི་བལྟོས་པར་ཡང་མ་འོངས་པ་མཁྱེན་

པ་ཡིན་ནོ། །མ་འོངས་པའི་གོ་རིམས་ངེས་པ་མེད་ན་བཅོམ་ལྡན་འདས་ཀྱིས་བཞེད་པ་ཙམ་གྱིས་མ་འོངས་པ་ཆེ་གེ་མོ་ཞིག་གི་མཇུག་ཐོགས་སུ་མ་འོངས་པ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བ་མཁྱེན་ན། འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ཞེས་ཏེ། གཟུགས་ལ་སོགས་པ་

เล่ม ๒๐๙ · หน้า 307a

ཡུལ་ད་ལྟར་བ་རྣམས་མིག་གི་རྣམ་པར་ཤེས་པ་དག་གིས་ཉམས་སུ་མ་བསྟར་བར་ཡིད་ཀྱི་རྣམ་པར་ཤེས་པས་མཁྱེན་པ་ནི་མ་ཡིན་ནོ་ཞེ་ན། འདིའི་ལན་དུ་སངས་རྒྱས་རྣམས་ཀྱིས་སངས་རྒྱས་ཀྱི་ཡུལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མ་འོངས་པའི་

གོ་རིམས་ངེས་པར་གནས་པ་མེད་ན་ཞེས་བྱ་བ་འབྱུང་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་ངེས་པར་གནས་པ་ཡིན་ནོ། །ཅིའི་ཕྱིར་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེ་བ་ངེས་པའི་རྒྱུ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཡིན་ན། དེ་ནི་མ་འོངས་

པའི་དུས་ན་མེད་པས་ངེས་པ་མེད་པར་སྐྱེ་བར་ཐལ་བར་འགྱུར་རོ། །གང་ཞིག་གང་ལ་རག་ལས་ཏེ་སྐྱེ་བ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བ་ནི་ཆོས་ཀྱི་མཆོག་ལ་རག་ལས་པ་ཡིན་གྱི་གཞན་ལ་རག་ལས་པའམ་བཟློག་པ་ནི་མ་ཡིན་ནོ། །

དེའི་ཕྱིར་ཆོས་ཀྱི་མཆོག་གི་མཇུག་ཐོགས་སུ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཁོ་ན་སྐྱེའི། ཆོས་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་ན་དེ་ལ་རག་ལས་པ་གང་གིས་བྱས་ཤེ་ན་ནུས་པ་ཐ་དད་པའི་ཕྱིར་ཏེ། དེ་ལྟ་མ་

ཡིན་ན་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར་ས་བོན་ལ་སོགས་པ་རྣམས་ཀྱི་གོ་རིམས་ངེས་པ་མེད་པར་འགྱུར་ན། ས་བོན་ལ་སོགས་པ་རྣམས་ལ་གོ་རིམས་ངེས་པ་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་ནུས་པ་ཐ་དད་པའི་ཕྱིར་གང་ཞིག་སྐྱེ་བ་གང་ལ་རག་ལས་པ་ཁོ་ན་དེའི་མཇུག་ཐོགས་

སུ་སྐྱེའི་གཞན་ནི་མ་ཡིན་ནོ། །མཇུག་ཐོགས་ཀྱི་ཤེས་པ་ཡོད་ཀྱང་རུང་སྟེ། རྟེན་གྱི་དངོས་པོར་ཁྱད་པར་མེད་པའི་ཕྱིར་རོ། །དཔེར་ན་མིག་སྐྱེས་པ་ན་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་དངོས་པོར་གནས་པ་བཞིན་ཏེ། གལ་ཏེ་རྒྱུ་གཞན་མ་ཚང་བས་མིག་གི་རྣམ་པར་ཤེས་པ་མི་སྐྱེ་ན་

དེར་མིག་གིས་ཅི་ཉེས། རྒྱུ་མ་ཚང་བ་ནི་དགྲ་བཅོམ་པ་ལ་ཡང་སྲིད་ཀྱི་ལས་དང་ཉོན་མོངས་པ་མེད་པའོ། །བྱེད་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་འབྲས་བུ་བསྐྱེད་པས་རབ་ཏུ་ཕྱེ་བ་སྟེ། ཡིད་ལྟར་གནས་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ། །དེ་ཉིད་བསྒྲུབ་པར་བྱ་བའི་ཕྱིར་མཚུངས་པ་དེ་མ་

เล่ม ๒๐๙ · หน้า 307b

ཐག་པ་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཆོས་གང་འབྲས་བུར་གཟུང་བ་དེ་ནི་ཐམས་ཅད་ཞེས་རྒྱས་པར་སྨོས་སོ། །དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་དག་གིས་ནི་འབྲས་བུ་གཟུང་བ་མ་ཡིན་ཏེ། དེའི་ཕྱིར་དེ་དག་སྐྱེས་བུའི་བྱེད་པ་མེད་པ་ཡིན་པའི་ཕྱིར་

མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ནོ། །གང་དག་ལ་སེམས་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་ཡོད་པ་དེ་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནོ། །སྐད་ཅིག་གཞན་གྱིས་བར་མ་ཆོད་པའི་ཕྱིར་ནི། སེམས་ཀྱི་དེ་མ་ཐག་པ་ཅན་ནོ། །སེམས་

མེད་པའི་སྙོམས་པར་འཇུག་པ་ལས་ཞེས་བྱ་བ་ནི་འགོག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལས་སོ། །ལྡང་བའི་སེམས་ཞེས་བྱ་བ་ལ། དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་སྙོམས་པར་འཇུག་པའི་སེམས་ཡིན་པས་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་གྱི།

སེམས་ཀྱི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། སྙོམས་པར་འཇུག་པའི་སྐད་ཅིག་མ་རྣམས་ཀྱིས་བར་དུ་གཅད་པའི་ཕྱིར་རོ། །སྙོམས་འཇུག་པའི་སྐད་ཅིག་མ་གཉིས་པ་དག་ཀྱང་སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོས་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་མ་ཡིན་ལ།

སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ནི་ཡིན་ཏེ། སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཅན་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སེམས་དེ་ནི་སྐྱེ་བ་ལ་སོགས་པ་དག་གི་མཚུངས་པ་དེ་

མ་ཐག་པའི་རྐྱེན་མ་ཡིན་པས་དེ་དག་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་ལ། སེམས་ཀྱི་དེ་མ་ཐག་པ་ཅན་ནི་ཡིན་ཏེ། སྐད་ཅིག་མ་གཞན་གྱིས་བར་མ་ཆོད་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་སྟེ། དེ་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡང་ཡིན་

ལ། སེམས་ཀྱི་དེ་མ་ཐག་པ་ཅན་ཡང་ཡིན་ནོ། །སེམས་དང་བཅས་པའི་གནས་སྐབས་དག་ཏུ་ནི་སྐད་ཅིག་མ་སྔ་མ་སྔ་མས་བར་མ་ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་ཉིད་དོ། །སེམས་ཀྱི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པའི་ཕྱིར། སེམས་ཀྱི་ནི་དེ་མ་ཐག་པ་ཉིད་དོ། །

เล่ม ๒๐๙ · หน้า 308a

གཉིས་པ་ལ་སོགས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདི་དག་གི་སྐྱེ་བ་ལ་སོགས་པ་དག་ནི། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་ལ། སྐད་ཅིག་མ་གཞན་གྱིས་

ཆོད་པའི་ཕྱིར་སེམས་ཀྱི་དེ་མ་ཐག་པ་ཅན་མ་ཡིན་ནོ། །གསུམ་པ་དང་བཞི་པ་གང་དག་ཡིན་པ་དེ་དག་ནི་དང་པོ་དང་གཉིས་པ་ཡིན་པ་དག་གོ། །དང་པོ་དང་གཉིས་པ་གང་དག་ཡིན་པ་དེ་དག་ནི་གསུམ་པ་དང་བཞི་པ་དག་ཡིན་པར་བཤད་དོ་ཞེས་བྱ་བ་ལ། སྙོམས་པར་འཇུག་

པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་དེ་ནི་དེར་མུ་གསུམ་པ་ཡིན་ལ་འདིར་ནི་དང་པོ་སྟེ། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཕྱིར་སེམས་ཀྱི་མཚུངས་པ་ན་དེ་མ་ཐག་པ་ཅན་ཡིན་ལ་སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ནི་མ་ཡིན་ཏེ། དེའི་

མཚུངས་པ་དེ་མ་ཐག་པའི་རྐྱེན་སྙོམས་པར་འཇུག་པའི་སྐད་ཅིག་ལས་གཞན་ཡིན་པའི་ཕྱིར་རོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དང་། ལྡང་བའི་སེམས་ཀྱི་སྐྱེ་བ་ལ་སོགས་པ་ནི་དེར་མུ་བཞི་པ་ཡིན་ལ་འདིར་ནི་གཉིས་པ་སྟེ། སྙོམས་པར་འཇུག་པ་དང་ཆོད་པ་

མེད་པའི་ཕྱིར། སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡིན་ལ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་མ་ཡིན་ནོ། །སྙོམས་པར་འཇུག་པའི་སེམས་ནི་དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ཡིན་ཏེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །

སེམས་མེད་པའི་སྙོམས་པར་འཇུག་པ་ལས་ལྡང་བའི་སེམས་དང་། སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་དག་ནི་དེར་མུ་དང་པོ་ཡིན་ལ་འདིར་ནི་མུ་གསུམ་པ་སྟེ། སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་དང་། སྙོམས་པར་འཇུག་པ་དེ་མ་ཐག་པ་ཅན་ཡིན་ནོ། །

སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པ་དེར་མུ་གཉིས་པ་ཡིན་ཏེ། ཆོས་དེ་དག་ནི་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་དང་། སྙོམས་པར་འཇུག་པའི་སྐད་ཅིག་མ་སྔ་མ་མེད་པའི་

เล่ม ๒๐๙ · หน้า 308b

ཕྱིར་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཡང་མ་ཡིན་ལ། སྙོམས་པར་འཇུག་པའི་དེ་མ་ཐག་པ་ཅན་ཡང་མ་ཡིན་ནོ། །ད་ནི་ཇི་ལྟར་ལྡང་བའི་སེམས་ཡུན་རིང་མོ་ཞིག་ཏུ་ཆོད་པ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེའི་ཕྱིར་སེམས་གཞན་གྱིས་མ་ཆོད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །

སེམས་ཀྱི་བར་གཅོད་པར་བྱེད་པ་ནི་སེམས་ཡིན་གྱི་ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །འདིར་ནི་མུ་གསུམ་པ་ཡིན་ནོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དང་པོ་དང་། སེམས་དང་བཅས་པའི་གནས་སྐབས་ཀྱི་སྐྱེ་བ་ལ་སོགས་པ་ནི་དེར་མུ་གཅིག་པ་

ཡིན་ལ་འདིར་ནི་བཞི་པའོ། །སེམས་གཞན་གྱིས་བར་མ་ཆོད་པའི་ཕྱིར་རོ་ཞེས་བྱ་བ་ནི། སེམས་ཀྱི་བར་དུ་གཅོད་པར་བྱེད་པ་ནི་སེམས་ཡིན་གྱི་ལྡན་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ལྡང་བའི་སེམས་ནི་སྙོམས་པར་འཇུག་པའི་སེམས་ཀྱི་མཚུངས་པ་དེ་མ་ཐག་པར་

བརྗོད་དོ། །འདིར་ནི་སྙོམས་པར་འཇུག་པའི་རྒྱུན་གྱི་ལྡང་བའི་སེམས་རྣམས་ཀྱང་བརྗོད་པར་བྱ་སྟེ་འབྲས་བུ་གཅིག་པའི་ཕྱིར་རོ། །རིམ་པས་སྐྱེ་བ་ལ་བྱས་པ་ཅི་ཞེ་ན། གང་ལ་གཞོལ་བའི་སྙོམས་པར་འཇུག་པའི་སེམས་དེ་སྔར་སྐྱེ་སྟེ། སྙོམས་པར་འཇུག་པའི་སེམས་ལ་གཞོལ་བ་དེ་

ཡང་དེ་ཉིད་ཀྱི་མཚུངས་པ་དེ་མ་ཐག་ཏུ་སྐྱེའོ། །སྙོམས་པར་འཇུག་པ་དེ་ཡང་སྙོམས་པར་འཇུག་པའི་རྒྱུན་གྱི་རིམ་པ་ངེས་པ་ཅི་ཞིག་བྱས་ཤེ་ན། ངེས་པ་དེ་ལ་དགོས་པ་མེད་པའི་ཕྱིར་ཅིག་ཅར་མི་སྐྱེའོ། །སྙོམས་པར་འཇུག་པའི་སྐད་ཅིག་ཅིག་ཅར་སྐྱེས་པ་རྣམས་གང་གཅིག་གིས་མི་

ནུས་པས་དེ་ལ་དགོས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྔོན་གྱི་འདུ་བྱེད་ཀྱི་དབང་གིས་དུས་སྐལ་བ་རྣམས་སུ་ཡང་སྙོམས་པར་འཇུག་པའི་རྒྱུན་སྐྱེའོ། །སྙོམས་པར་འཇུག་པའི་སྐད་ཅིག་མ་དེ་ལྟ་བུ་རྣམས་ཀྱང་སྔ་མ་དང་ཕྱི་མའི་ངེས་པས་རྒྱུར་བརྗོད་པར་བྱའོ། །དམིགས་པ་ཆོས་

རྣམས་ཐམས་ཅད་དོ། །ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བའི་ཡུལ་ལས་གཞན་པའི་ཆོས་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཐམས་ཅད་དམིགས་པ་ཡིན་གྱི་ཐམས་ཅད་ནི་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཅི་རིགས་པར་ཞེས་བྱ་བ་སྨོས་སོ། །དེ་ཉིད་བསྟན་

เล่ม ๒๐๙ · หน้า 309a

པར་བྱ་བའི་ཕྱིར་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་ནི་གཟུགས་སོ་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ལྟ་བུའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྐྱེ་མཆེད་དང་རྫས་

དང་། སྐད་ཅིག་ངེས་པས་ཞེས་བྱ་བ་འབྱུང་སྟེ། དེ་ལ་སྐྱེ་མཆེད་ངེས་པ་ནི་མིག་གི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་དམིགས་པ་ནི་གཟུགས་ཀྱི་སྐྱེ་མཆེད་ཡིན་ལ། གཞན་མ་ཡིན་པའོ། །རྫས་ངེས་པ་ནི་གཟུགས་སྔོན་པོ་འཛིན་པར་བྱེད་པའི་དམིགས་པ་ནི་དེ་ཁོ་ན་ཡིན་

ལ། སེར་པོ་ལ་སོགས་པ་མ་ཡིན་ནོ། །སྐད་ཅིག་མ་ངེས་པ་ནི་སྐད་ཅིག་མ་གང་ཞིག་གང་གི་དམིགས་པ་ཡིན་པ་དེ་ཁོ་ན་དེའི་དམིགས་པ་ཡིན་ལ། གཞན་མ་ཡིན་པའོ། །བདག་ཉིད་ཇི་ལྟ་བར་ཞེས་བྱ་བ་ལ་གང་གི་དམིགས་པ་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣ་བ་ལ་སོགས་པའི་

རྣམ་པར་ཤེས་པ་ཡང་སྒྲ་ལ་སོགས་པ་དག་ལ་དེ་དང་འདྲ་བར་སྦྱར་རོ། །སྨྲས་པ་དེ་བཞིན་ཏེ་ཞེས་བྱ་བ་འདི་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་སྟེ། མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྟེན་ཅན་ཁོ་ན་ཡིན་གྱི་གཞན་གྱི་རྟེན་ཅན་མ་ཡིན་ནོ། །འདིའི་རྫས་སུ་ངེས་པ་ཡང་སྐྱེ་མཆེད་ངེས་པ་ལྟར་ཁོང་

དུ་ཆུད་པར་བྱའོ། །དེ་བཞིན་དུ་རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་བརྗོད་པར་བྱའོ། །སྐྱེས་པ་རྣམས་ནི་རྟེན་དང་ལྷན་ཅིག་ངེས་པ་དག་ཡིན་ཏེ། དེ་སྐྱེ་བ་རྟེན་མེད་ན་མི་འབྱུང་བའི་ཕྱིར་རོ། །འདས་པ་རྣམས་ཀྱང་རྟེན་དང་ལྷན་ཅིག་པ་དག་ཡིན་ནོ་ཞེས་བྱ་བ་ནི་རྟེན་གང་

དག་དང་ལྷན་ཅིག་སྐྱེས་ནས་འགགས་པ་རྣམས་ཏེ། གཞན་དུ་འདས་པའི་མིག་བརྟེན་པ་དང་བཅས་པར་བཞག་ཏུ་མེད་དོ། །སློབ་དཔོན་འདུས་བཟང་ན་རེ། དཔེ་སྟོན་པ་རྣམས་ཀྱི་དམིགས་པའི་རྐྱེན་གང་ཡིན་པ་ནི་དེའི་དམིགས་པ་མ་ཡིན་ལ། དམིགས་པ་གང་ཡིན་པ་ཡང་དམིགས་

པའི་རྐྱེན་མ་ཡིན་ཏེ། གང་གི་ཕྱིར་གཟུགས་སྔར་སྐྱེས་པ་རྣམས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྐྱེན་ནོ་ཞེས་ཟེར་རོ། །དེ་ཡང་གཟུགས་ཡོད་པའི་དུས་སུ་རྣམ་པར་ཤེས་པའི་ཕྱིར་དེ་དམིགས་པ་མ་ཡིན་ལ། ཇི་ལྟར་རྣམ་པར་ཤེས་པ་གང་ཡིན་པ་དེ་གཟུགས་རྣམས་མ་བསྡུས་པས་

เล่ม ๒๐๙ · หน้า 309b

མིག་གི་རྣམ་པར་ཤེས་པའི་དམིགས་པ་ཡོད་པ་མ་ཡིན་པར་ཐལ་བར་འགྱུར་རོ། །མ་ཡིན་ཏེ་མིག་གི་རྣམ་པར་ཤེས་པ་དང་མཉམ་པའི་ཡུལ་ད་ལྟར་བ་ཡུལ་ཡིན་པའི་ཕྱིར་ད་ལྟར་བ་མེད་པར་མི་རུང་ངོ་། །གང་འདས་པ་དང་མ་འོངས་པའི་འདུས་བྱས་ལ་དམིགས་པ་དེའི་ཕྱིར་རྣམ་པར་ཤེས་

པ་དེའི་དམིགས་པའི་རྐྱེན་འདས་པ་མེད་པར་ཁས་བླངས་པ་མེད་པའི་ཕྱིར་མེད་པ་མ་ཡིན་ཏེ་རྐྱེན་དུ་འགྱུར་བར་འོས་སོ་ཞེས་ཟེར་རོ། །དཔེ་སྟོན་པ་རྣམས་ན་རེ། ཆོས་མངོན་པ་པ་རྣམས་ཀྱི་དམིགས་པ་ནི་དམིགས་པའི་རྐྱེན་མ་ཡིན་ཏེ། རྣམ་པར་ཤེས་པའི་བདག་ཉིད་དུ་ཡོད་པ་ཉིད་ལས་ཐ་དད་པ་མ་ཡིན་པས་

བྱ་བ་གཞན་གསུམ་ལ་བྱེད་པ་མེད་དེ་ད་ལྟར་བའི་དམིགས་པ་ལ་བྱ་བ་མེད་དོ། །གང་འདི་སྐྱེ་མཆེད་ཀྱི་རྫས་ཀྱི་མཚན་ཉིད་ངེས་པས་དམིགས་པ་ངེས་པར་འདོད་ན་དེར་མི་འགྱུར་ཏེ། དམིགས་པའི་རྒྱུ་མེད་པའི་ཕྱིར་རོ། །དམིགས་པའི་རྐྱེན་མ་ཡིན་པའི་ཚེ་རྣམ་པར་ཤེས་པ་གྲུབ་

པའི་ཕྱིར་དམིགས་པའི་རྐྱེན་ད་ལྟར་བས་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །བྱ་བ་མེད་ན་ཇི་ལྟར་རྐྱེན་དུ་འགྱུར་ཞེས་ཟེར་རོ། །ཡང་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་ཁོ་ན་ཉིད་མཁྱེན་པ་ཅི་ཞེ་ན། རྣམ་པར་དཔྱད་པ་འདི་ལ་ནི་བརྗོད་པར་བྱ་བ་མང་དུ་འབྱུང་བས་ཞར་

ལས་བྱུང་བས་ཆོག་གོ། །བྱེད་རྒྱུ་ཞེས་བྱ་བ་བདག་པོར་བཤད་ཅེས་བྱ་བ་ལ། འདིས་ནི་བདག་ཉིད་མ་གཏོགས་པའི་ཆོས་ཐམས་ཅད་ནི་བདག་པོའི་རྐྱེན་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྐྱེན་འདི་ནི་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་། དམིགས་པའི་རྐྱེན་དག་པས་ལྷག་པ་ཡིན་པས་ན་

བདག་པོའི་རྐྱེན་ནོ། །འདི་ཇི་ལྟར་ལྷག་ཅེ་ན། རང་གི་ངོ་བོ་མ་གཏོགས་པའི་ཆོས་ཐམས་ཅད་བདག་པོའི་རྐྱེན་ཡིན་པ་དེ་ལྟར་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་དམིགས་པའི་རྐྱེན་དག་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ཡིན་ལ་ཞེས་བྱ་བ་ལ། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ནི་

ཆོས་ཐམས་ཅད་ཡིན་ནོ་ཞེས་བྱ་བ་འབྱུང་བ་ལས། དམིགས་པའི་རྐྱེན་ཡང་ཆོས་ཐམས་ཅད་ཡིན་ཏེ། དེའི་ཕྱིར་གང་གིས་འདི་ཁོ་ན་ལྷག་པར་བརྗོད་པ་འདི་ལ་དམིགས་པའི་རྐྱེན་ལས་ཕུལ་དུ་བྱུང་བ་ཅི་ཡོད་ཅེ་ན། ཕུལ་དུ་བྱུང་བ་ཡོད་དེ། སེམས་དང་སེམས་ལས་བྱུང་བ་དག་གི་

เล่ม ๒๐๙ · หน้า 310a

ལྷན་ཅིག་འབྱུང་བའི་ཆོས་རྣམས་ནི་ནམ་ཡང་དམིགས་པ་མ་ཡིན་གྱི། བདག་པོའི་རྐྱེན་ནི་ཡིན་པས་ཆོས་ཐམས་ཅད་བདག་པོའི་རྐྱེན་བཞིན་དུ་དམིགས་པའི་རྐྱེན་མ་ཡིན་ནོ། །གཞན་དག་ན་རེ་ཆོས་གང་ཞིག་ཆོས་གང་གི་དམིགས་པ་དང་དམིགས་པར་བྱ་བ་མ་ཡིན་

ཡང་དེ་དེའི་དམིགས་པ་སྟེ་ཡུལ་གྱི་ངོ་བོས་གནས་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཐམས་ཅད་དམིགས་པའི་རྐྱེན་ནོ་ཞེས་ཟེར་རོ། །དེ་ལྟ་ན་བདག་པོ་མི་རུང་བས་དེ་ནི་དེ་ལྟ་མ་ཡིན་ཏེ། སྐྱེ་བ་ལ་གེགས་མེད་པའི་ངོ་བོས་གནས་པ་ཡིན་པའི་ཕྱིར་ཐམས་ཅད་བདག་པོའི་རྐྱེན་ནོ། །གཞན་

དག་ན་རེ། ཐམས་ཅད་ནི་དེ་ལྟ་མ་ཡིན་ཏེ་སྐྱེ་མཆེད་ཀྱི་དམིགས་པ་རྫས་སོ་སོར་ངེས་པའི་ཕྱིར་རོ། །སྐྱེ་བཞིན་པའི་བདག་པོའི་རྐྱེན་ལ། གཞན་གྱི་བདག་པོ་ཁོ་ན་ཡིན་གྱི་རྐྱེན་མ་ཡིན་ནོ། །དེ་བཞིན་དུ་དམིགས་བཞིན་པ་ཁོ་ན་དམིགས་པའི་རྐྱེན་ཡིན་ལ། དམིགས་བཞིན་པ་མ་

ཡིན་པ་དམིགས་པ་ཁོ་ན་ཡིན་ཏེ། དེ་བཞིན་དུ་ལྷན་ཅིག་འབྱུང་བ་དང་མི་དམིགས་པ་ལས་དམིགས་པའི་རྐྱེན་མ་ཡིན་ནོ། །རྐྱེན་འདི་ནི་ལྷག་པ་ཡིན་པས་བདག་པོའི་རྐྱེན་ནོ། །གཞན་དག་ན་རེ། ཇི་ལྟར་རྐྱེན་གྱི་ངོ་བོ་རྣམ་པ་ཐམས་ཅད་པ་དུ་མས་དེ་ལྟར་གསུམ་རྣམས་ལ་ཞེས་བྱ་

བྱ་བ་དེ་དག་ལ་རྐྱེན་གྱི་ངོ་བོ་ལྷག་པས་ཡིན་ཏེ་རྫས་ཀྱི་མ་ཡིན་ནོ་ཞེས་ཟེར་རོ། །ལྷག་པའི་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་ཐམས་ཅད་ཀྱི་དམིགས་པ་ནི་མ་ཡིན་གྱི། དམིགས་པའི་རྐྱེན་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་ཡིན་གྱི་རང་གི་ངོ་བོའི་རང་གི་ངོ་བོ་ལྟ་

བུའོ་ཞེས་བྱ་བ་ལ། རྐྱེན་གྱི་མཚན་ཉིད་ཇི་སྐད་བཤད་པ་མི་སྲིད་པའི་ཕྱིར་རོ། །འདུས་མ་བྱས་ཀྱི་འདུས་བྱས་ལྟ་བུ་དང་ཞེས་བྱ་བ་ལ་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུ་དང་བདག་པོའི་རྐྱེན་དག་ནི་རྒྱུ་བསྡུས་པར་བཤད་ཟིན་པས། མཚུངས་པ་དེ་མ་ཐག་པ་དང་

དམིགས་པའི་རྐྱེན་དག་བརྗོད་པར་བྱའོ། །ཁ་ཅིག་ནི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུའི་ཕྱོགས་གཅིག་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ་ཞེས་ཟེར་རོ། །སྐྱེས་པའི་གནས་སྐབས་ཀྱི་ཁྱད་པར་ལས་འདི་མེད་པ་ནི་འབྲས་བུ་ཐ་དད་པའི་ཕྱིར་རོ། །གལ་ཏེ་ཡང་རྒྱུ་ཐམས་ཅད་

เล่ม ๒๐๙ · หน้า 310b

སྐྱེས་བུ་བྱེད་པའི་འབྲས་བུ་དང་ཐུན་མོང་བ་དེ་ལྟ་ན་ཡང་དེ་དག་རྒྱུ་མཐུན་པའི་འབྲས་བུ་ཁོ་ན་ཡིན་པར་མི་བརྗོད་དེ། དགེ་བ་དང་མི་དགེ་བ་དང་ཟག་པ་དང་བཅས་པ་དང་ཟག་པ་མེད་པ་དང་ཁམས་ལ་སོགས་པ་ཐ་དད་པས་འདྲ་བ་དང་མི་འདྲ་བའི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐྱེས་

བུ་བྱེད་པའི་འབྲས་བུའོ། །སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་ནི་སྐལ་བ་མཉམ་པ་ཁོ་ན་ཡིན་པས་དེ་ལ་ཐུན་མོང་བ་མེད་དོ། །དེ་ལྟ་ན་འོ་ན་སྐྱེས་པ་མཚུངས་པར་ལྡན་པའི་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ་སེམས་དང་སེམས་ལས་བྱུང་བའི་རང་བཞིན་མཚུངས་པ་དེ་མ་ཐག་པའི་རྐྱེན་

སྐྱེས་བུ་བྱེད་པའི་འབྲས་བུ་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ནི་དེ་ལྟ་མ་ཡིན་ཏེ་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དག་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་ལྷན་ཅིག་སྐྱེས་པ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །གང་གི་ཕྱིར་སྐྱེས་

བུ་བྱེད་པའི་འབྲས་བུ་ནི་བྱ་བ་ལ་ལྟོས་པ་ཁོ་ན་ཡིན་པས་དེ་དག་སེམས་དང་སེམས་ལས་བྱུང་བ་རྣམས་དང་ལྷན་ཅིག་མཚུངས་པར་ལྡན་པའི་རྒྱུ་རྣམས་དམིགས་སོ། །མཚུངས་པ་དེ་མ་ཐག་པར་སྐྱེས་པ་འབྲས་བུ་ལ་ལྟོས་པ་ནི། མཚུངས་པ་དེ་མ་ཐག་པའི་རྐྱེན་ཅེས་བྱ་སྟེ། ཇི་ལྟར་

ལྷན་ཅིག་སྐྱེས་པ་ལ་འབྲས་བུའི་ཁྱད་པར་འགའ་ཡང་མེད་པས་གང་དང་མཚུངས་པར་ལྡན་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་རྫས་སཾ་བྷེ་དེ་སྱ་སཾ་བྷེ་དཿ དེ་བཞིན་དུ་རྒྱུ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་ཡང་ཞེས་བྱ་བ་ལ། ཇི་ལྟར་དམིགས་པའི་རྐྱེན་གྱི་རྣམ་པ་གང་ཡིན་པ་

དེ་བྱེད་རྒྱུའི་རྒྱུ་ཞེས་ཁ་ཅིག་གོ། །རྫས་དང་འབྲས་བུ་ཐུན་མོང་བ་ལས་འབྲས་བུ་ཐུན་མོང་བ་མེད་དེ། དམིགས་པའི་རྐྱེན་ནི་སྐྱེས་བུ་ཡིན་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །འགའ་ཞིག་ཏུ་བྱེད་རྒྱུའི་རྒྱུ་ཡང་སྐྱེས་བུ་བྱེད་པའི་འབྲས་བུར་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་མོད་ཀྱི་དེ་ནི་

བདག་པོའི་འབྲས་བུ་ཁོ་ན་མ་ཡིན་པས་མ་གཏོགས་པ་སྟེ་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་ཡིན་ནོ། །དེའི་ཕྱིར་མཚུངས་པ་དེ་མ་ཐག་པ་དང་དམིགས་པའི་རྐྱེན་རྒྱུར་བསྡུས་པ་མཐོང་ངོ་། །རྒྱུ་གཉིས་པོ་དག་འགག་པ་ལ། བྱ་བ་བྱེད་དོ་ཞེས་བྱ་བ་ལ། འགག་པ་ཁོ་ན་ལ་བྱ་བ་

เล่ม ๒๐๙ · หน้า 311a

བྱེད་དོ་ཞེས་བྱ་བ་ངེས་པར་གཟུང་ངོ་། །སྐྱེ་བའི་དབང་དུ་བྱས་ནས་ཡིན་གྱི། འགག་པའི་དབང་དུ་བྱས་ནས་ནི་མ་ཡིན་ཏེ། བྱེད་པའི་དུས་ཁོ་ནར་འབྲས་བུ་འབྱུང་བའི་ཕྱིར་རོ། །བྱ་བ་ནི་རྣམ་པ་གསུམ་སྟེ། འབྲས་བུ་འཛིན་པ་དང་། འབྲས་བུ་འབྱིན་པ་དང་།

ཡུལ་ཉེ་བར་ལོངས་སྤྱོད་པའོ། །དེ་གཉིས་ནི་ལྷན་ཅིག་འབྱུང་བའི་འབྲས་བུ་ལ་བྱ་བ་བྱེད་དོ་ཞེས་བྱ་བ་ལ། ཇི་ལྟར་དེ་གཉིས་དེ་ལ་བྱ་བ་བྱེད་ཅེ་ན། ཕན་ཚུན་འབྲས་བུ་འཛིན་པ་དང་། འབྱིན་པར་ནུས་པ་ཉིད་ཀྱིས་ཏེ། ཕན་ཚུན་བྲལ་བས་ཡུལ་འཛིན་པར་མི་འཐད་པའི་ཕྱིར་རོ། །གསུམ་པོ་

ནི་སྐྱེ་བ་ལའོ་ཞེས་བྱ་བ་ལ། སྐྱེ་བ་ཁོ་ན་ལའོ་ཞེས་བྱ་བར་ངེས་པར་གཟུང་ངོ་། །གང་གི་ཕྱིར་རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་དག་འཕངས་པའི་དབང་གིས་སྐྱེ་བ་དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདི་དག་གིས་ནི་སྐྱེ་བཞིན་པ་ལ་བྱ་བ་བྱེད་དོ། །རེ་ཤིག་སྐལ་བ་མཉམ་པ་དང་

ཀུན་ཏུ་འགྲོ་བའི་རྒྱུ་གཉིས་པོ་ནི་མཇུག་ཐོགས་སུ་རྒྱུ་མཐུན་པའི་འབྲས་བུ་ཡོད་པས་འབྲས་བུ་སྐྱེ་བཞིན་པ་ལ་བྱ་བ་བྱེད་པར་འགྱུར་ན་རྣམ་པར་སྨིན་པའི་རྒྱུ་ལས་ནི་མཇུག་ཐོགས་སུ་རྣམ་པར་སྨིན་པའི་འབྲས་བུ་མེད་ཅིང་། འདས་པའི་བྱེད་པ་མེད་པས་སྐྱེ་བཞིན་པ་ལ་ཇི་ལྟར་བྱ་བ་བྱེད་པར་རུང་ཞེ་ན།

འདིར་བྱ་བའི་སྒྲས་ནི་ནུས་པ་བརྗོད་དེ། རྒྱུ་བསྐལ་པ་དུ་མས་ཆོད་པར་འགགས་ཀྱང་དེའི་མཐུ་ཁོ་ནས་ཐུན་མོང་གི་རྒྱུ་ཉིད་ཀྱི་ཕྱིར་སྐྱེ་བ་དང་། འཇིག་པའི་བྱེད་པ་མེད་ཀྱང་འབྲས་བུ་འབྱིན་པར་ནུས་པ་ལ་བྱ་བའི་སྒྲས་འདོགས་སོ། །མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་སྐྱེ་བ་ལ་བྱ་བ་བྱེད་

དེ་དྲངས་ཏེ་སྐབས་འབྱེད་པའི་ཕྱིར་རོ། །དམིགས་པའི་རྐྱེན་ནི་འགག་པ་ལ་བྱ་བ་བྱེད་དེ། ད་ལྟར་གྱི་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱི་ཡུལ་ད་ལྟར་བ་འཛིན་པའི་ཕྱིར་རོ། །བདག་པོའི་རྐྱེན་ནི་ཞེས་བྱ་བ་ལ་འདིའི་བྱ་བ་ནི་མི་སྒྲིབ་པའི་ངོ་བོ་ཉིད་དུ་གནས་པ་ཡིན་ཏེ། དེ་ནི་སྐྱེ་བ་

དང་། འགག་པ་ལ་ཁྱད་པར་མེད་པས་དེ་ནི་གནས་སྐབས་ཐམས་ཅད་དུ་བྱ་བ་བྱེད་པར་བརྗོད་དོ། །གལ་ཏེ་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དག་ལས་དམིགས་པའི་རྐྱེན་སྐྱེ་བ་བྱ་བའི་དངོས་པོར་རྟོགས་ན། འོ་ན་དེ་དག་གི་རྒྱུ་དང་རྐྱེན་ཅི་ཡིན་པ་བརྗོད་པར་བྱ་དགོས་

เล่ม ๒๐๙ · หน้า 311b

སོ་ཞེ་ན། རྒྱུ་ལས་རྒྱུ་ཉིད་དང་། རྐྱེན་ལས་རྐྱེན་ཉིད་དུ་བྱེད་པ་མ་ཡིན་ནོ། །གཞན་དུ་ན་མ་འོངས་པའི་རྒྱུ་དང་རྐྱེན་ཉིད་འདོད་པར་མི་འགྱུར་རོ། །འོ་ན་དངོས་པོ་སྐྱེ་བའི་རྒྱུ་རྣམས་ཀྱི་དགོས་པ་ཇི་ལྟར་ཞེ་ན། རྒྱུ་མེད་པར་དངོས་པོ་སྐྱེ་བར་མི་འགྱུར་རོ་སྙམ་དུ་བསམས་པའོ། །བཞི་

ཡིས་སེམས་དང་སེམས་བྱུང་རྣམས། །ཞེས་བྱ་བ་ལ་ནི་ཞེས་བྱ་བའི་སྒྲ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་བཞི་ཁོ་ནས་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱ་བའི་དོན་ཏོ། །གཞན་དག་ན་རེ་ནི། ནི་ཞེས་བྱ་བའི་སྒྲ་ནི་རྒྱུ་བསྟན་པའི་དོན་དུ་སྟེ། གང་གི་ཕྱིར་སེམས་དང་སེམས་ལས་

བྱུང་བ་ཡིན་པ་དེའི་ཕྱིར་བཞི་དག་གིས་ཡིན་ཏེ། དམིགས་པའི་རྐྱེན་ནི་གཞན་ལ་བྱ་བ་མི་བྱེད་དོ་ཞེས་ཟེར་རོ། །དེ་ལ་འདི་དག་གི་རྒྱུའི་རྐྱེན་ནི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུ་ལྔ་པོ་ཐམས་ཅད་ནི་ཐམས་ཅད་ཀྱི་རྒྱུའི་རྐྱེན་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཅི་རིགས་པ་ཡིན་ནོ། །གང་

ཞིག་གང་དག་གི་རྒྱུའི་རྐྱེན་ཡིན་པ་དེ་ནི་སྔར། ཉོན་མོངས་ཅན་དང་རྣམ་སྨིན་སྐྱེ། །ལྷག་དང་ཞེས་བྱ་བ་རྒྱས་པར་བཤད་ཟིན་ཏོ། །སྔ་མ་ཞེས་བྱ་བ་ནི་ཕྱིས་སྐྱེ་བ་བསལ་བར་བྱ་བའི་ཕྱིར་རོ། །དེ་ལྟ་ན་གཞན་དག་གིས་བར་དུ་ཆོད་པ་ཡང་ཡིན་པར་ཐལ་ལོ་ཞེ་ན། གཞན་གྱིས་བར་དུ་མ་

ཆོད་པ་རྣམས་སོ་ཞེས་བྱ་བ་སྨོས་ཏེ། སེམས་དང་སེམས་ལས་བྱུང་བ་དག་གིས་ཤེས་པར་སྦྱར་རོ། །དེ་དག་གི་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་རང་གི་རིགས་ལྔར་སྐྱེས་པས་སྐབས་ཕྱེ་བ་ལ་རག་ལས་ཏེ། སྐྱེས་པའི་སྔ་མ་ཡིན་ཞིང་དེ་དག་ལ་གཞན་དག་གིས་བར་དུ་མ་

ཆོད་པ་ཡིན་ནོ། །ཅི་རིགས་པར་ཡུལ་ལྔ་པོ་དག་དང་ཞེས་བྱ་བ་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པ་རྣམས་ཀྱི་དམིགས་པའི་རྐྱེན་ནི་གོ་རིམས་བཞིན་དུ་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་མཚུངས་པར་ལྡན་

པ་དང་བཅས་པའི་ནི་ཆོས་ཐམས་ཅད་དོ། །བདག་པོའི་རྐྱེན་ནི་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་པས་རང་གི་ངོ་བོ་མ་གཏོགས་པའི་ཐམས་ཅད་དོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་དག་གི་དམིགས་པའི་རྐྱེན་ནི་སྐྱེ་བཞིན་པ་ལ་བྱ་བ་མེད་པའི་ཕྱིར་བརྗོད་པར་མི་བྱའོ། །རྐྱེན་

เล่ม ๒๐๙ · หน้า 312a

བཞི་རྣམས་ཀྱིས་སྐྱེ་བར་བྱེད་དེ་རྒྱུའི་རྐྱེན་ནི་རྒྱུ་ལྔ་པོ་རྣམས་ཀྱིའོ། །དེ་དང་བྲལ་ན་དེ་དག་སྐྱེ་བ་དང་དེ་དག་སྐྱེ་བའི་བྱ་བ་དང་སྐྱེ་བཞིན་པ་ཡང་ཡོད་པ་མ་ཡིན་ཏེ། དེའི་རྒྱུ་ཅན་ལ་དེ་དམིགས་པའི་ཕྱིར་རོ། །གང་ཞིག་གང་གི་དམིགས་པའི་རྒྱུ་ཡིན་པ་དེ་ནི་ནམ་དུ་ཡང་

དེའི་དམིགས་པའི་རྒྱུ་མ་ཡིན་པ་མ་ཡིན་ནོ། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས་ཞེས་བྱ་བ་ལ། གསུམ་ཁོ་ནས་ཞེས་བྱ་བར་ངེས་པར་གཟུང་ངོ་། །དམིགས་པའི་རྐྱེན་མེད་པ་ལ་རྒྱུ་སྨྲས་པ་ནི་དེ་དག་ནི་དམིགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །རྒྱུའི་རྐྱེན་ནི་རྣམ་པ་ལྔ་

བཤད་ན་འདི་གཉིས་ནི་རྣམ་པར་སྨིན་པ་དང་། ཀུན་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་ནི་མི་སྲིད་པར་བསྟན་པའི་ཕྱིར། དེ་གཉིས་ཀྱི་རྒྱུའི་རྐྱེན་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་སོ། །ས་མཚུངས་པའི་ཞེས་བྱ་བ་འབྱུང་སྟེ། དེ་ལ་འགོག་པའི་སྙོམས་པར་འཇུག་པའི་ས་དང་མཚུངས་

པ་ནི་སྲིད་པའི་རྩེ་མོའི་དགེ་བའི་ཕུང་པོ་བཞིའོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་ནི་བསམ་གཏན་བཞི་པའི་དགེ་བའི་ཕུང་པོ་ལྔའོ། །སེམས་ཀྱི་མངོན་པར་འདུ་བྱེད་པ་ལས་སྐྱེ་བའི་ཕྱིར་ཞེས་བྱ་བ་ལ། སེམས་ཀྱི་མངོན་པར་འདུ་བྱེད་པ་ནི་རྩོལ་བའོ། །གཞན་དག་ན་རེ།

གང་གི་ཕྱིར་འདི་ནི་སེམས་ཀྱི་སྟོབས་ཀྱིས་དྲངས་ཏེ། སེམས་བཞིན་དུ་སེམས་འགོག་པ་ལ་རག་ལས་ཏེ་སྐྱེ་ལ། གཟུགས་བཞིན་དུ་སེམས་མེད་པ་དང་ལྷན་ཅིག་འཇུག་པ་མ་ཡིན་ནོ། །ན་ཙཱ་ན་ཡདྷྱཱ་མ་ཡིན་ཀུ་ལཿ(འདི་དག །འཁྲུག་པ།) སཾ་མུ་ཁཱི་བྷཱ་ཝ་པྲཱཔྟ་དཱི་བ་ནཱ་(མངོན་དུ་གྱུར། ཐོབ་པ་བཞིན།) ནྱ་བ་རི་བཱ་(གཞན་མ་ཡིན། འཁོར།) རོ་ཛཱ་ཏྱཱ་དི་བ་(སྐྱེ་བ་སོགས་བཞིན་)དཱ་དིཿ (དུས་དང་པོ།) སེམས་སྐྱེ་བ་ལ་གེགས་

བྱེད་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདི་ལྟར་རྣལ་འབྱོར་པ་སེམས་དང་སེམས་ལས་བྱུང་བ་རྒྱུ་བ་ལ་སྡང་བ་རྣམས་སེམས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་ན།

གལ་ཏེ་སེམས་དང་སེམས་ལས་བྱུང་བ་འདྲེན་པར་བྱེད་པ་ཡིན་ན་ནི། རྣལ་འབྱོར་པ་རྣམས་དེ་ལ་འདོད་པ་སྐྱེ་བར་མི་འགྱུར་ཏེ། སེམས་དང་སེམས་ལས་བྱུང་བ་རྒྱུ་བ་ངེས་པར་འབྱིན་པ་ཡང་ཡིན་ལ། དེ་འདྲེན་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་བ་ཡིན་ནོ། །འདུ་ཤེས་མེད་པ་

เล่ม ๒๐๙ · หน้า 312b

པ་ཡང་སེམས་ཀྱི་མཚུངས་པ་དེ་མ་ཐག་པ་ཅན་ཡིན་པའི་ཕྱིར། གསུམ་གྱིས་ཡིན་པར་རིགས་པ་མ་ཡིན་ནམ་ཞེ་ན། འདིར་བརྗོད་པར་བྱ་བ་ཡིན་མོད་ཀྱི། དེ་སེམས་ཀྱི་འདུ་བྱེད་ལས་སྐྱེས་པ་མ་ཡིན་པས། དེ་མཚུངས་པ་དེ་མ་ཐག་པ་ཞེས་མི་བརྗོད་དེ། འདི་ནི་མདོ་ཕྱི་མར་བསྡུ་

བར་ཤེས་པར་བྱའོ། །གཞན་ནི་གཉིས་པོ་དག་ལས་སྐྱེ་ཞེས་བྱ་བ་ལ། གཉིས་པོ་དག་ཁོ་ན་ལས་སྐྱེའོ་ཞེས་ངེས་པར་གཟུང་བ་ལས་དམིགས་པར་བྱེད་པ་མ་ཡིན་པའི་ཕྱིར་དམིགས་པའི་རྐྱེན་ལས་མ་ཡིན་ལ། སེམས་དང་སེམས་ལས་བྱུང་བ་དང་། སེམས་མེད་པའི་སྙོམས་པར་

འཇུག་པ་དང་མཚན་ཉིད་མི་མཐུན་པའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་མ་ཡིན་ནོ། །དེ་ལ་རྒྱུའི་རྐྱེན་ནི་ཀུན་ཏུ་འགྲོ་བ་དང་། མཚུངས་པར་ལྡན་པའི་རྒྱུ་མ་གཏོགས་པ་གོང་དུ་བཤད་པའི་རྗེས་སུ་འབྲངས་ཏེ་ཅི་རིགས་པར་བརྗོད་པར་བྱའོ། །དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་

རྐྱེན་རྣམས་ཁོ་ན་ལས་སྐྱེའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདི་ལྟར་རང་གི་ལུགས་སྨྲས་པ་ཙམ་གྱིས་འདོད་པ་གྲུབ་པའམ་མི་འདོད་པ་དགག་པར་ནི་མི་རུང་སྟེ། དེའི་ཕྱིར་དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་ཁོ་ན་ལས་སྐྱེའི། འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་

ཕྱུག་ལ་སོགས་པ་ནི་མེད་དོ་ཞེས་བྱ་བ་འདི་ལ་གཏན་ཚིགས་བརྗོད་པར་བྱའོ། །འགྲོ་བའི་རྒྱུ་གང་ལ་དབང་ཕྱུག་དང་སྐྱེས་བུ་དང་གཙོ་བོ་རྣམས་དང་པོར་ཡོད་པ་དེ་ནི་དེ་ཞེས་བྱའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་དུས་དང་། ངོ་བོ་ཉིད་དང་། རྡུལ་ཕྲ་རབ་ལ་སོགས་པ་དག་གཟུང་ངོ་། །

གལ་ཏེ་གཏན་ཚིགས་ཀྱིས་བྱས་པ་གྲུབ་པར་སེམས་ན་ནི་ཕྱོགས་དང་པོ་དང་འགལ་བར་སྟོན་ཏོ། །དངོས་པོ་རྣམས་ཇི་སྐད་བཤད་པའི་རྒྱུ་དང་རྐྱེན་རྣམས་ཁོ་ན་ལས་སྐྱེའི་འགྲོ་བ་ཐམས་ཅད་ཀྱི་རྒྱུ་གཅིག་པུ་དབང་ཕྱུག་ལ་སོགས་པ་ནི་མེད་དོ་ཞེས་བྱ་བར་གྲུབ་པར་བྱ་བའི་ཕྱིར་དབང་ཕྱུག་

ལ་སོགས་པ་ལས་གཞན་པའི་རྒྱུ་ཚོལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པ་གཞན་པའི་རྒྱུ་ཁས་བླངས་པས་སོ། །གལ་ཏེ་ཤེས་པར་བྱེད་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། གལ་ཏེ་དབང་ཕྱུག་ཡིན་ན་ཤེས་བྱེད་མ་ཡིན་ལ། དེ་ལྟ་ན་གྲུབ་པའི་

เล่ม ๒๐๙ · หน้า 313a

བྱེད་པ་པོ་མ་ཡིན་པས་ཉེས་པ་དེ་ཉིད་དུ་འགྱུར་རོ། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཡུལ་དང་དུས་དང་དངོས་པོ་ངེས་པ་རྣམས་བསྡུའོ། །དངོས་པོ་སྐྱེ་བའི་རིམ་པ་ནི་རྒྱུ་ཡོངས་སུ་འགྱུར་བ་ལ་བལྟོས་

པ་འམ། ལྷན་ཅིག་བྱེད་པའི་རྐྱེན་ལ་བལྟོས་པ་ཡིན་གྲང་། དེ་ལ་རྟག་པའི་ཕྱིར་དབང་ཕྱུག་ལ་ཡོངས་སུ་འགྱུར་བ་མེད་དོ། །དེའི་ཕྱིར་ཡོངས་སུ་འགྱུར་བ་ལ་བལྟོས་ཏེ། རིམ་པ་མི་རུང་སྟེ་ཐམས་ཅད་ཀྱི་དབང་ཕྱུག་ཁོ་ན་ཡིན་པས་ལྷན་ཅིག་བྱེད་པའི་རྐྱེན་མེད་པའི་ཕྱིར། ལྷན་ཅིག་

བྱེད་པའི་རྒྱུའི་མཚན་ཉིད་ཅན་ཡང་མེད་པ་ཉིད་དེ་དེས་ན་འགྲོ་བ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་ཏེ། དེ་དག་གི་རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཕྱིའི་མྱུ་གུ་ལ་སོགས་པ་དང་། ནང་གི་ནུར་ནུར་པོ་ལ་སོགས་པ་རྣམས་རིམ་གྱིས་འབྱུང་བར་ཡང་སྣང་ངོ་། །གང་ཞིག་སྔར་ལྷན་ཅིག་

བྱེད་པའི་རྒྱུ་ལ་མི་བལྟོས་པ་དེ་ཕྱིས་ཀྱང་དེའི་རྒྱུ་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་དེའི་ངོ་བོ་བཞིན་ནོ། །དབང་ཕྱུག་ལ་སོགས་པ་འགྲོ་བའི་རྒྱུ་མ་ཡིན་ཏེ། འབྲས་བུའི་རིམ་པ་རྒྱུ་ཚོགས་པའི་རིམ་པ་སྟེ། ཡོད་ན་ཡོད་པའི་ཕྱིར་དང་། དེ་མེད་ན་མེད་པའི་ཕྱིར་རོ། །དེ་བཞིན་

དུ་ཡུལ་དང་དུས་དང་རང་བཞིན་སོ་སོར་ངེས་པ་ཡིན་པར་ཡང་མི་འགྱུར་ཏེ། དེ་དག་རྒྱུ་མ་ཡིན་པའི་ཕྱིར་དེ་ལས་གཞན་པའི་ཡུལ་ལ་སོགས་པ་བཞིན་ནོ། །དེ་ནི་འདི་ནི་ད་ལྟར་སྐྱེ་བར་གྱུར་ཅིག་ཅེས་བྱ་བ་ལ། དབང་ཕྱུག་རྒྱུ་ཉིད་ཡིན་ཡང་འདོད་པའི་དབང་གིས་དངོས་པོ་རྣམས་ཀྱི་རིམ་པ་

ལ་སོགས་པ་མི་འགལ་ལོ་ཞེ་ན། འོ་ན་འདོད་པ་ཐ་དད་པའི་ཕྱིར་ཞེས་བྱ་བ་འབྱུང་སྟེ། འདོད་པ་རྣམས་ནི་དབང་ཕྱུག་དང་ཕན་ཚུན་ལས་ཐ་དད་པ་ཡིན་ཏེ། དེའི་ཕྱིར་དེ་དག་དངོས་པོ་རྣམས་རིམ་གྱིས་སྐྱེ་བ་དང་། ཡུལ་དང་དུས་དང་། དངོས་པོ་ངེས་པའི་རྒྱུ་ཡིན་པས་རྒྱུ་དུ་མར་གྲུབ་པོ། །

དེའི་ཕྱིར་ཕྱོགས་དང་པོ་དང་འགལ་བ་དེ་ཉིད་དུ་འགྱུར་རོ། །འདོད་པ་ཐ་དད་པ་དེ་ཡང་ཞེས་བྱ་བ་ལ། འདོད་པ་རྣམས་ཀྱི་རྒྱུ་ཡང་དབང་ཕྱུག་ཁོ་ན་ཡིན་ཏེ། དེའི་ཕྱིར་དངོས་པོའི་ཁྱད་པར་ལྷག་མ་འབའ་ཞིག་ཏུ་མ་ཟད་ཀྱི་འདོད་པ་ཐ་དད་པ་ཡང་ཅིག་ཅར་འབྱུང་བར་འགྱུར་རོ། །ཅིའི་ཕྱིར་

เล่ม ๒๐๙ · หน้า 313b

ཞེ་ན། འདོད་པའི་རྒྱུ་དབང་ཕྱུག་དེ་ཐ་མི་དད་པའི་ཕྱིར་རོ། །འདོད་པ་རྣམས་ཅིག་ཅར་འབྱུང་ན་ཡང་འགྲོ་བ་ཐམས་ཅད་ཅིག་ཅར་འབྱུང་བར་འགྱུར་ཏེ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་གཞན་ཐ་དད་པ་ལ་བལྟོས་ན་ནི་ཞེས་བྱ་བ་ལ། འདོད་པ་དེ་རྣམས་སོ་སོ་སོ་སོར་རྒྱུ་གཞན་ལ་བལྟོས་

ཏེ་དབང་ཕྱུག་ལས་སྐྱེ་ལ། རྒྱུ་གཞན་པ་དེ་དག་ཀྱང་དབང་ཕྱུག་ལྟར་རྟག་པ་མ་ཡིན་པ་དེའི་ཕྱིར་དེ་རྣམས་རིམ་གྱིས་འབྱུང་བ་མི་འགལ་ལོ་ཞེ་ན། དེ་ལྟ་ན་ཡང་དབང་ཕྱུག་ཁོ་ན་རྒྱུ་མ་ཡིན་པས་སླར་ཡང་ཕྱོགས་དང་པོ་དང་འགལ་ལོ། །དེ་རྣམས་ཀྱང་འདུན་པའི་རྒྱུ་གཞན་ཉིད་དེ། དེ་དག་གི་ཡང་

དེའི་རྒྱུ་དབང་ཕྱུག་ལ་ཐ་དད་མེད་པའི་ཕྱིར་ཅིག་ཅར་སྐྱེ་བར་འགྱུར་རོ། །དེའི་ཕྱིར་འདོད་པ་ཡིན་ན་འགྲོ་བ་རྣམས་ཅིག་ཅར་སྐྱེ་བར་འགྱུར་རོ་ཞེས་སོ། །དེ་དག་ཀྱང་རིམ་གྱིས་སྐྱེ་བ་ལ་ནང་དང་ཕྱིའི་དངོས་པོའམ། འདོད་པ་དང་འདྲ་བར་རྒྱུ་གཞན་གྱི་བྱེ་བྲག་ལ་བལྟོས་པར་འགྱུར་ལ། །དེ་ལྟ་ཡིན་

ན་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་ཏེ། འདིར་འདོད་པའི་རྒྱུ་དབང་ཕྱུག་ལས་གཞན་ལ་ཁས་བླངས་པས་ཤཱཀྱའི་སྲས་པོའི་ལུགས་ཁས་བླངས་པར་འགྱུར་རོ་ཞེས་སྟོན་པར་བྱེད་དོ། །གལ་ཏེ་དབང་ཕྱུག་གི་འདོད་པ་རྣམས་ཅིག་ཅར་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དབང་

ཕྱུག་གི་རྒྱུ་ཅན་ཉིད་ཡིན་ཡང་རིམ་པ་ལ་སོགས་པ་རྣམས་མི་འགལ་ལོ་སྙམ་དུ་བསམས་པའོ། །འདོད་པ་ཇི་ལྟ་བར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་རིམ་གྱིས་སྐྱེ་བ་ལ་རྒྱུ་སྨྲས་པའོ། །འདོད་པ་ཇི་ལྟ་བར་སྐྱེ་བ་དེ་ནི་ཡོད་པ་མ་ཡིན་ཏེ། འདོད་པ་དེ་དག་ལ་ཕྱིས་ཁྱད་པར་མེད་པའི་ཕྱིར་རོ། །

རྒྱུ་ཡོད་བཞིན་དུ་ལྷན་ཅིག་བྱེད་པའི་རྒྱུ་མེད་པ་འམ། འགལ་བའི་རྒྱུ་ཡོད་པ་ལས་འབྲས་བུ་མི་སྐྱེ་བར་འགྱུར་ན་འདོད་པ་རྣམས་ལ་ནི་ལྷན་ཅིག་བྱེད་པའི་རྒྱུ་ཅིག་ཅར་ཡོད་པ། ཐམས་ཅད་ཀྱི་དབང་ཕྱུག་ཡིན་ཞིང་ཐམས་ཅད་ལ་འགལ་བའི་རྒྱུ་ཡང་མེད་དོ། །འདོད་པ་དག་ལ་བདག་ཉིད་ཀྱི་

ཁྱད་པར་སྔ་ན་མེད་པར་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ་དེ་རྒྱུ་གཞན་ལ་བལྟོས་པའི་ཕྱིར་ལ་རྒྱུ་གཞན་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་འདོད་པ་ཇི་ལྟ་བར་སྐྱེ་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན་ཐམས་ཅད་ཅིག་ཅར་སྐྱེ་བ་ཁོ་ནར་འགྱུར་རོ། །དབང་ཕྱུག་གིས་འབྱིན་པའི་ཚོགས་འདི་སྙེད་ལ་དགོས་

เล่ม ๒๐๙ · หน้า 314a

པ་ཅུང་ཟད་ཅིག་ཡོད་པ་ཡང་མ་ཡིན་ནོ། །དེས་ན་རྟོག་པ་འདི་ནི་ལོག་པ་ཡིན་ནོ། །གལ་ཏེ་དགའ་བ་ཡིན་ནོ་ཞེ་ན་དགའ་བ་ཉིད་བྱེད་ལ་རག་མོད། ཡང་ན་དེ་ལ་དབང་ཕྱུག་མ་ཡིན་པར་འགྱུར་ཏེ་དེའི་ཐབས་མེད་པར་མི་བྱེད་པའི་ཕྱིར་རོ། །གཞན་ཡང་དེ་ཁོ་ན་

དང་འདྲའོ་ཞེས་བྱ་བ་ལ། ཇི་ལྟར་དགའ་བ་ལ་དབང་ཕྱུག་མ་ཡིན་པ་དེ་བཞིན་དུ་ཁམས་གསུམ་ལ་ཡང་མ་ཡིན་ཏེ། ཐོགས་པ་མེད་པའི་མཚན་ཉིད་ཅན་གྱི་དབང་ཕྱུག་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་ཐབས་མེད་པར་དགའ་བ་སྐྱེད་པར་མི་ནུས་པ་དེ་བཞིན་དུ་ཐབས་ཀྱང་ཐབས་གཞན་མེད་པར་

མི་སྐྱེད་པས་ཐམས་ཅད་ལ་འདིའི་དབང་ཕྱུག་རྡུགས་པར་འགྱུར་རོ། །ཡང་ན་ཐབས་བཞིན་དུ་དགའ་བ་ཡང་ཐབས་ལ་མི་བལྟོས་པ་ཁོ་ནར་བྱེད་པར་འགྱུར་རོ། །གནོད་པ་མང་པོ་དང་ཞེས་བྱ་བ་འབྱུང་བ་སྟེ། གནོད་པ་ནི་ཆར་དང་། རླུང་དང་གནམ་ལྕགས་དང་། རིམས་དང་། འཁྲུ་ནད་ལ་

སོགས་པ་ཉེ་བར་འཚེ་བ་རྣམས་སོ། །དེ་ལས་བརྩམས་ཞེས་བྱ་བ་ནི། དྲང་སྲོང་རྒྱས་པས་དྲག་པོ་བརྒྱ་པ་ལས་སྨོས་པའོ། །གང་ཕྱིར་མ་ལུས་བསྲེག་པ་དང་། །ཞེས་བྱ་བ་ལ། གང་ཕྱིར་མ་ལུས་པ་བསྲེག་པ་དེའི་ཕྱིར་བསྲེག་པ་དྲག་པོ་ཞེས་བྱའོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་

བྱའོ། །སྐྱེས་བུའི་བྱེད་པ་མངོན་སུམ་དུ་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་དག་ལ་ས་བོན་ལ་སོགས་པ་རྣམས་ཀྱིའོ། །རྒྱུ་རྣམས་ལས་གཞན་གྱི་བྱེད་པ་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ། འདི་ལྟར་མིག་དང་། གཟུགས་དང་། སྣང་བ་དང་། ཡིད་ལ་བྱེད་པ་རྣམས་ལས་མིག་གི་རྣམ་པར་

ཤེས་པ་སྐྱེ་བ་ལ་དེ་རྣམས་ལས་གཞན་པའི་བྱེད་པ་མི་སྣང་ངོ་། །ཇི་ལྟར་མིག་ལ་སོགས་པ་ཡོད་ན་རེས་འགའ་མིག་གི་རྣམ་པར་ཤེས་པ་སྐྱེ་ལ། རེས་འགའ་མི་སྐྱེ་བ་དེ་བཞིན་དུ། གལ་ཏེ་དབང་ཕྱུག་ཡོད་ན་ཡང་ཡིན་ན་ནི། དེ་ལྟ་ན་གཞན་གྱི་བྱེད་པ་རྟོགས་པར་འགྱུར་བ་ཞིག་གོ། །དབང་ཕྱུག་

དེ་ལྷན་ཅིག་བྱེད་པའི་རྒྱུ་དང་པོ་རྣམས་ལ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེ་དག་ནི་རང་གི་མཐུས་འབྲས་བུ་སྐྱེད་པར་བྱེད་པས་འདི་དག་ལ་དེ་དབང་ཕྱུག་ཉིད་མ་ཡིན་པར་འགྱུར་རོ། །དེ་ལ་དང་པོ་དབང་ཕྱུག་གི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟར་ན་སྐྱེས་བུ་བྱེད་པ་མངོན་སུམ་ལ་བསྙོན་

เล่ม ๒๐๙ · หน้า 314b

པ་མ་བྱས་པ་དང་རྒྱུ་ལས་གཞན་གྱི་བྱེད་པ་མི་སྣང་བར་འགྱུར་བས་དབང་ཕྱུག་འཇིག་རྟེན་རྣམས་ཀྱི་རྒྱུ་ཉིད་ཡིན་ཡང་འགལ་བ་མེད་དོ། །དང་པོ་བྱུང་བ་དེ་ཡང་དབང་ཕྱུག་བཞིན་དུ་ཐོག་མ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དབང་ཕྱུག་ནི་དང་པོ་འབྱུང་བར་བསྐྱེད་པར་བྱ་བ་ལ་རྒྱུ་གཞན་ལ་མི་

བལྟོས་པའི་ཕྱིར་དང་པོ་བྱུང་བ་ཡང་རྒྱུ་དེ་ལས་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་གནོད་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་ལ། གཙོ་བོ་ནི་སེམས་པ་མེད་པ་ཡིན་པས་འདོད་པའི་རྟོགས་པ་མ་གཏོགས་པ་གཞན་ཐམས་ཅད་བརྗོད་པར་བྱའོ། །བློ་མ་སྦྱངས་པ་ནི་བསྟན་བཅོས་

གཞན་ལ་བློ་མ་སྦྱངས་པའོ། །ཐམས་ཅད་ཕྱི་ལས་ནི་མ་ཡིན་ཏེ། སྐྱེས་བུའི་རྩལ་ཁོ་ན་ལས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རང་རང་གི་རྣམ་པར་སྨིན་པའི་འབྲས་བུ་དང་ཞེས་བྱ་བ་རྒྱས་པར་སྨོས་སོ། །གཞན་ནི་གཉིས་པོ་དག་ལས་སྐྱེ་ཞེས་བྱ་བ་དེར་ཆོས་གཟུགས་ཅན་རྣམས་རྒྱུ་དང་བདག་པོའི་རྐྱེན་

གཉིས་ལས་སྐྱེའོ་ཞེས་བཤད་པ། དེ་ལ་གཟུགས་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཡིན་པའི་ཕྱིར་འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པའི་རྒྱུའི་རྐྱེན་ཇི་ལྟར་ཡིན་པ་དང་། འབྱུང་བ་ལས་གྱུར་པ་འབྱུང་བ་ལས་གྱུར་པ་དང་། འབྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཇི་ལྟར་ཡིན་པ་འདི་བརྗོད་པར་བྱའོ། །རང་གི་ངོ་

བོ་མ་གཏོགས་པའི་ཆོས་ཐམས་ཅད་དོ་ཞེས་བདག་པོའི་རྐྱེན་ནི་ཤེས་པ་ཡིན་གྱི། རྒྱུའི་རྐྱེན་ནི་རྣམ་པ་མང་པོའི་ཕྱིར་མི་ཤེས་པ་དེའི་ཕྱིར་ན། དེའི་དབང་དུ་བྱས་ནས་ཇི་ལྟར་ན་འབྱུང་བ་རྣམས་ཞེས་རྒྱས་པར་བྲིས་སོ། །སྐལ་བ་མཉམ་པ་དང་ལྷན་ཅིག་འབྱུང་བའི་རྒྱུ་དག་གིས་སོ་ཞེས་བྱ་

བ་ལ། འབྱུང་བ་སྔར་སྐྱེས་པ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུའོ། །རང་གི་ངོ་བོ་ཐ་དད་ཀྱང་བྱ་བ་གཅིག་ལ་ཞུགས་པའི་ཕན་ཚུན་མཐུན་པ་ཉིད་སྐལ་བ་མཉམ་པ་ཉིད་དོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་ལྷན་ཅིག་སྐྱེས་པ་རྣམས་ཕན་ཚུན་ཏེ། ཐམས་ཅད་ཕན་ཚུན་མེད་པར་མི་སྐྱེ་བའི་

ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་ཡིན་ནོ། །འབྱུང་བའི་རྗེས་སུ་མཐུན་པར་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ལ། འབྱུང་བ་རྣམ་པར་འགྱུར་ན་འབྱུང་བ་ལས་གྱུར་པ་རྣམ་པར་འགྱུར་བས་འབྱུང་བ་ལས་གྱུར་པ་འབྱུང་བའི་རྗེས་སུ་མཐུན་པར་བྱེད་དོ། །འབྱུང་བ་དང་འབྱུང་བ་ལས་གྱུར་པ་དུས་

เล่ม ๒๐๙ · หน้า 315a

མཉམ་དུ་སྐྱེས་པ་དག་ལས་གང་ཡང་རུང་བ་ཞིག་ཇི་ལྟར་རྗེས་སུ་མཐུན་པར་བྱེད་ཅེ་ན། མྱུ་གུ་དང་གྲིབ་མ་བཞིན་ནམ། མར་མེ་དང་སྣང་བ་བཞིན་ནོ། །དེ་ལྟར་ན་དེ་དག་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འབྱུང་བ་དག་ལས་སྐྱེས་པའི་ཕྱིར་སྐྱེ་བའི་རྒྱུ་ཉིད་དོ། །རྟེན་དུ་འགྱུར་

བའི་ཕྱིར་རྟེན་པའི་རྒྱུ་ཉིད་དོ། །རྗེས་སུ་མཐུན་པར་བྱེད་པའི་ཕྱིར་འགྱུར་བའི་རྒྱུ་ཉིད་དོ། །རྒྱུན་མི་འཆད་པའི་རྒྱུ་ཡིན་པའི་ཕྱིར་གནས་པའི་རྒྱུ་ཉིད་དོ། །འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་འཕེལ་བའི་རྒྱུ་ཉིད་དོ། །རྣམ་པ་ལྔ་པོ་དེ་ཡང་བྱེད་རྒྱུའི་རྒྱུ་ཁོ་ན་ཡིན་ཏེ། རྒྱུ་གཞན་མི་འཐད་པའི་ཕྱིར་

རོ། །འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ནོ། །འབྲས་བུ་ཐ་དད་པའི་ཕྱིར་རོ། །འབྱུང་བའི་རྣམ་པ་འདྲ་བས་སེམས་ཀྱི་ཉེ་བའི་མཚན་ཉིད་ལྟར་མ་ཡིན་ནོ། །གལ་ཏེ་འབྲས་བུ་གཅིག་པ་ཉིད་མ་ཡིན་ཡང་ཕན་ཚུན་འབྲས་བུ་ཉིད་ཀྱིས་ལྷན་ཅིག་འབྱུང་

བའི་རྒྱུ་ཉིད་དོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་འབྱུང་བའི་རྣམ་པ་ལ་སོགས་པ་རྣམས་འབྱུང་བ་དང་འདྲ་བ་མ་ཡིན་ཞིང་། འབྱུང་བ་ལས་གྱུར་པ་འབྲས་བུ་མ་ཡིན་པ་དེ་ལྟ་ན་ཡང་དེ་དག་གི་ཡོད་པ་ནི་དེ་ལས་ཐ་དད་པའི་འབྲས་བུ་གཅིག་པ་གཞན་ཏེ། འབྱུང་བ་ལས་གྱུར་

པ་དག་གི་འབྲས་བུ་གཅིག་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འབྲས་བུ་ཐ་དད་པ་ཡིན་ཡང་ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་འདི་མི་མཚུངས་སོ་ཞེ་ན། ཕན་ཚུན་འབྲས་བུ་ཡིན་པ་དེ་ལྟ་ན་ཡང་སེམས་ཀྱི་ཉེ་བའི་མཚན་

ཉིད་མ་ཡིན་པ་རྣམས་འབྱུང་བའི་རྒྱུ་ཉིད་དུ་མི་འགལ་ལོ། །ཉེ་བའི་མཚན་ཉིད་མ་ཡིན་པ་ཕན་ཚུན་འབྲས་བུ་དང་ལྷན་ཅིག་སེམས་ཕན་ཚུན་འབྲས་བུ་ཡིན་པའི་ཕྱིར་དང་། ཉེ་བའི་མཚན་ཉིད་མ་ཡིན་པ་དང་ལྷན་ཅིག་འབྲས་བུ་གཅིག་པའི་ཕྱིར་རོ། །འབྱུང་བ་དང་འབྱུང་

བ་ལས་གྱུར་པ་དག་གཅིག་ནི་མ་ཡིན་ཞེས་བྱ་བ་ནི། འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པའོ། །གཞན་ཡང་འབྱུང་བ་ལས་གྱུར་པ་ནི་དགེ་བ་དང་མི་དགེ་བ་ཡིན་ལ། འབྱུང་བ་རྣམས་ནི་ལུང་དུ་མ་བསྟན་པ་ཡིན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ནི་

เล่ม ๒๐๙ · หน้า 315b

དེ་ལྟ་བུ་མཚན་ཉིད་ཅན་མ་ཡིན་ནོ། །ལུང་དུ་མ་བསྟན་པ་ཡང་མེད་པར་ཐལ་བར་འགྱུར་ཏེ། དགེ་བ་དང་མི་དགེ་བ་དང་རིགས་མི་མཚུངས་པའི་ཕྱིར་རོ། །མ་འོངས་པ་དང་ད་ལྟར་གྱི་འབྱུང་བ་ལས་གྱུར་པ་ནི་འདས་པའི་འབྱུང་བ་ཆེན་པོ་རྒྱུར་བྱས་ནས་ཡིན་པར་ཡང་འདོད་དེ། དེ་བཞིན་དུ་ཁ་ཅིག་

འབྱུང་བ་རྣམས་དང་མི་ལྡན་ཡང་འབྱུང་བ་ལས་གྱུར་པ་དང་ལྡན་པ་ཡིན་ན་ལྷན་ཅིག་འབྱུང་བའི་ཆོས་ཉིད་ནི་དེ་ལྟར་མ་ཡིན་པས་འབྱུང་བ་རྣམས་འབྱུང་བ་ལས་གྱུར་པའི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནོ། །མཚུངས་པར་ལྡན་པའི་རྒྱུ་ཡང་མ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་

རང་བཞིན་མ་ཡིན་པའི་ཕྱིར་རོ། །ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་དག་ཀྱང་མ་ཡིན་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་ཡང་མ་ཡིན་ཏེ། ལྷན་ཅིག་འབྱུང་བའི་ཕྱིར་ལ་དུས་ཕྱིས་སྐྱེས་པ་དང་ཡང་མི་འདྲ་བའི་ཕྱིར་རོ། །གལ་ཏེ་ལུང་

དུ་མ་བསྟན་པ་དང་སྐལ་བ་མཉམ་པ་ཡང་རིགས་གཞན་ཉིད་ཀྱི་ཕྱིར་ཚོར་བ་དང་སེམས་བཞིན་ནོ་ཞེ་ན། རིགས་གཞན་ཉིད་ཀྱང་མ་ཡིན་ཏེ་འབྲས་བུ་གཅིག་པའི་ཕྱིར་རོ། །འབྱུང་གྱུར་རྣམ་གསུམ་ཕན་ཚུན་དུ། །ཞེས་བྱ་བ་ནི་ཅི་རིགས་པར་རོ། །ལུས་དང་ངག་གི་ལས་སེམས་ཀྱི་རྗེས་

སུ་འཇུག་པ་ཞེས་བྱ་བ་ནི་བསམ་གཏན་དང་ཟག་པ་མེད་པའི་སྡོམ་པས་བསྡུས་པ་སྲོག་གཅོད་པ་ནས་ཚིག་བཀྱལ་པ་སྤོང་བའི་བར་འཆལ་པའི་ཚུལ་ཁྲིམས་རྣམ་པ་བདུན་སྤོང་བ་སྟེ། སྤོང་བ་བདུན་པོ་འདི་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །སྔར་བྱུང་བ་ཐམས་ཅད་སྐལ་བ་

མཉམ་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ། དགེ་བ་དགེ་བའི་ཡིན་པ་ནས་ལུང་དུ་མ་བསྟན་པ་ལུང་དུ་མ་བསྟན་པའི་བར་གྱི་ཡིན་ནོ། །རྒྱས་པར་བྱས་ན་ཉི་ཤུ་ཡིན་པས་མདོར་བསྡུ་ན་སེམས་བཅུ་གཉིས་སོ་ཞེས་བྱ་བ་སྨོས་སོ། །གཞན་དུ་ན་ཞེས་བྱ་བ་ནི་མ་གཏོགས་པའོ། །དགེ་བ་ནི་མ་ཆགས་

པ་ལ་སོགས་པ་དང་མཚུངས་པར་ལྡན་པའོ། །བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་མཚུངས་པར་ལྡན་པའོ། །མི་དགེ་བ་ནི་ཉོན་མོངས་པ་དང་ཉེ་བར་ཉོན་མོངས་པ་ལྷག་མ་དང་མཚུངས་པར་ལྡན་པའོ། །དེ་དག་ལས་གཞན་པ་མ་

เล่ม ๒๐๙ · หน้า 316a

བསྒྲིབས་ལ་ལུང་དུ་མ་བསྟན་པའོ། །གཟུགས་ཀྱི་ཁམས་ན་མི་དགེ་བ་མེད་དེ། དེ་དག་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ལ་རྣམ་པར་སྨིན་པ་མེད་པའི་ཕྱིར་བསྒྲིབས་པ་ཁོ་ན་ཡིན་གྱི་མི་དགེ་བ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་དག་དང་མཚུངས་པར་ལྡན་

པར་སེམས་ཐམས་ཅད་བསྒྲིབས་པ་ཁོ་ན་ཡིན་ནོ། །སློབ་པའི་ཟག་པ་མེད་པ་ནི་སློབ་པའི་སེམས་སོ། །མི་སློབ་པའི་ནི་མི་སློབ་པའི་སེམས་སོ། །སྙོམས་པར་འཇུག་པའི་ཚེ་དགེ་བ་དང་ཞེས་བྱ་བ་འབྱུང་བ་ལ། དགེ་བ་གང་གི་མཇུག་ཐོགས་སུ་དགེ་བ་གང་དང་གང་ས་གང་གིས་བསྡུས་

པས་འབྱུང་ཞེ་ན། འདོད་པ་ན་སྤྱོད་པའི་དགེ་བ་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་ཁོ་ན་ཡིན་གྱི་སྐྱེས་ནས་ཐོབ་པ་ནི་མ་ཡིན་ཏེ། འདིར་སྐྱེས་པས་མངོན་དུ་བྱེད་པར་མི་ནུས་པའི་ཕྱིར་རོ། །ཁ་ཅིག་ན་རེ་ནི་མི་ལྕོགས་པ་མེད་པས་བསྡུས་པ་ཁོ་ན་འབྱུང་ངོ་ཞེས་

ཟེར་རོ། །གཞན་དག་ན་རེ་བསམ་གཏན་དང་པོའི་ཡང་ངོ་ཞེས་ཟེར་རོ། །གཞན་དག་ན་རེ་ནི་བསམ་གཏན་ཁྱད་པར་ཅན་གྱི་ཡང་ངོ་ཞེས་ཟེར་རོ། །བཙུན་པ་དབྱངས་སྒྲོག་ན་རེ་ནི་བསམ་གཏན་གཉིས་པའི་ས་པའི་བར་དུ་ཡིན་ནོ་ཞེས་ཟེར་རོ། གཞན་དག་ན་རེ་ནི་མཉམ་པར་མ་བཞག་པར་ཐོད་

རྒལ་གྱི་སྙོམས་པར་འཇུག་པ་ལྟར་སས་བར་དུ་ཆོད་པ་འདྲེན་པར་མི་ནུས་སོ་ཞེས་ཟེར་རོ། །ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབ་པའོ་ཞེས་བྱ་བ་ལ། སྐྱེ་བའི་སྲིད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མོངས་པ་ཡིན་པའི་ཕྱིར་ན་སྐྱེས་ནས་ཐོབ་པའི་དགེ་བའི་མཇུག་ཐོགས་སུ་བསྒྲིབས་

པ་ཡིན་གྱི། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་མངོན་དུ་འགྱུར་བ་ནི་མ་ཡིན་གྱི་རང་གི་ས་པའི་སེམས་ལ་རག་ལས་པའི་ཕྱིར་རོ། །གཟུགས་མེད་པ་རྣམས་ནི་འདོད་པའི་ཁམས་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། དེ་ལ་རྟེན་རིང་བ་ཉིད་

ནི་འདི་ཡིན་ཏེ། ཇི་ལྟར་གཟུགས་སུ་གཏོགས་པའི་རྟེན་གྱིས་འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་མངོན་དུ་བྱེད་པ་ལྟར། གཟུགས་མེད་པར་གཏོགས་པའི་རྟེན་གྱིས་འདོད་པར་གཏོགས་པའི་ཆོས་མངོན་དུ་མི་བྱེད་པའོ། །དེ་ལ་རྣམ་པ་རིང་བས་རིང་བ་ཉིད་ནི་འདི་ཡིན་ཏེ། ཇི་ལྟར་འདོད་པ་

เล่ม ๒๐๙ · หน้า 316b

ན་སྤྱོད་པའི་རགས་པ་ལ་སོགས་པའི་རྣམ་པ་དག་ཏུ་རྣམ་པར་བྱེད་པ་ལྟར་གཟུགས་མེད་པའི་སེམས་ཀྱིས་འདོད་པའི་ཁམས་རྣམ་པར་མི་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་རིང་བ་ཉིད་ཀྱིས་ཀྱང་རིང་བ་ཡིན་ནོ། །གཟུགས་མེད་པའི་དགེ་བ་དངོས་གཞི་ཟག་པ་དང་བཅས་པའི་རྟེན་གྱི་

སྤྱོད་ཡུལ་ཡིན་པས། ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་ཀྱི་ཉེར་བསྡོགས་བསམ་གཏན་བཞི་པའི་རྒྱུ་དང་། འདི་གཟུགས་ཀྱི་ཁམས་སུ་ཡང་ཐལ་བར་མི་འགྱུར་རོ། །གཟུགས་ཀྱི་ཁམས་ཇི་ལྟ་བ་བཞིན་དུ་གཟུགས་མེད་པ་དག་འདོད་པའི་ཁམས་ཀྱི་གཉེན་པོ་ཡང་མ་ཡིན་ཏེ། དེ་

ལྟར་ན་གཉེན་པོ་རིང་བ་ཉིད་ཀྱིས་ཀྱང་རིང་བ་ཡིན་ནོ། །སློབ་དང་མི་སློབ་པའོ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་དགེ་བའི་མཇུག་ཐོགས་སུའོ། །ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ནི་སྐྱབས་ཚོལ་བ་སྟེ། འདོད་པ་ན་སྤྱོད་པའི་དགེ་བའི་སེམས་ལ་བརྟེན་པའི་ཕྱིར་རོ། །

གཟུགས་དང་གཟུགས་མེད་པའི་སེམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ། ས་གོང་མའི་སེམས་རྣམ་པ་དྲུག་གིས་འཆི་འཕོ་བ་ལ་འདོད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་བཟློག་ཏུ་མེད་དོ། །ཟག་པ་མེད་པའི་སེམས་ཀྱི་མཇུག་ཐོགས་སུ་ཉོན་མོངས་པ་མངོན་དུ་འགྱུར་བ་ནི་ཡོད་པ་

མ་ཡིན་ནོ། །དེ་ལ་ས་བཞི་སྟེ། ས་འོག་མ་པའི་ཉོན་མོངས་པའི་མཇུག་ཐོགས་སུ་ས་གོང་མ་པའི་མངོན་དུ་བྱེད་པ་མེད་ལ། ཟག་པ་མེད་པ་ཡང་མངོན་དུ་མི་བྱེད་པ་མ་ཡིན་ནོ། །གཟུགས་ན་སྤྱོད་པའི་དགེ་བའི་དགེ་བ་ལ་ཞེས་བྱ་ལ། སྤྲུལ་པའི་སེམས་ནི་བསམ་གཏན་གྱི་

འབྲས་བུ་སྟེ། དེ་ནི་བསམ་གཏན་ལ་མ་ཞུགས་པར་མངོན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་སེམས་ཀྱིས་འཆི་བའི་ཚེ་གཟུགས་དང་གཟུགས་མེད་པའི་ཁམས་དག་ཏུ་ཉིང་མཚམས་སྦྱོར་བ་བཟློག་ཏུ་མེད་ལ། གདོན་མི་ཟ་བར་བསམ་གཏན་གྱི་འབྲས་བུའི་

མཇུག་ཐོགས་སུ་ཡང་བསམ་གཏན་ལ་འཇུག་པར་བྱ་དགོས་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་མཇུག་ཐོགས་སུ་གཟུགས་ན་སྤྱོད་པའི་དགེ་བ་དང་ཉོན་མོངས་པ་ཅན་གཉིས་དང་། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ཁོ་ནའོ། །གཟུགས་ན་དགེ་ལས་བཅུ་གཅིག་

เล่ม ๒๐๙ · หน้า 317a

གོ་ཞེས་བྱ་བ་ལ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པའི་བཞི་སྟེ། ལྡང་བའི་ཚེ་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་མི་དགེ་བ་དང་། བསྒྲིབས་པ་དང་ལུང་དུ་མ་བསྟན་པ་སྤྲུལ་པའི་སེམས་དང་། སྙོམས་པར་འཇུག་པའི་ཚེ་གཟུགས་མེད་

པ་ན་སྤྱོད་པའི་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་བསྒྲིབས་པ་དང་། སྙོམས་པར་འཇུག་པའི་ཚེ་སློབ་པ་དང་མི་སློབ་པའོ། །གཟུགས་མེད་པ་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ལ། རྣམ་པར་སྨིན་པའི་སེམས་ནི་རང་གི་ས་པའི་སེམས་

ལ་རག་ལས་པའི་ཕྱིར་དེ་མ་གཏོགས་སོ། །དེ་ནི་དགུའི་མཇུག་ཐོགས་སུ་ཞེས་བྱ་བ་ལ། རང་གི་ས་པ་གསུམ་དང་། འདོད་པ་ན་སྤྱོད་པ་གཉིས་ཏེ་སྙོམས་པར་འཇུག་པའི་ཚེ་དགེ་བ་དང་། སྤྲུལ་པའི་སེམས་དང་ལྡང་བའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་། ཉོན་མོངས་

པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་པ་ལ་བརྟེན་པའི་ཕྱིར་ཉོན་མོངས་པ་ཅན་དང་། ལྡང་བའི་ཚེ་སློབ་པ་དང་མི་སློབ་པ་ལས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཅན་གྱི་སེམས་ནི་བསམ་

གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱི་སྦྱོར་བ་མ་ཡིན་ལ། དགེ་བའི་སེམས་ཀྱི་ཉིང་མཚམས་སྦྱོར་བ་ལ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གསུམ་པོ་འདི་དག་མ་གཏོགས་པའོ། །བསྒྲིབས་པ་བརྒྱད་ལས་ཞེས་བྱ་བ་ལ། རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བའི་ཚེ་

འདོད་པ་ན་སྤྱོད་པའི་དགེ་བ་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་སོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་དང་ཞེས་བྱ་བ་ལ་འདོད་པའི་ཁམས་ལས་འདོད་ཆགས་དང་མ་བྲལ་བ་ལ་གཟུགས་ཀྱི་

ཁམས་སུ་ཉིང་མཚམས་སྦྱོར་བ་མེད་ལ། སློབ་པ་དང་མི་སློབ་པའི་སེམས་ཀྱིས་འཆི་འཕོ་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་བཞི་པོ་འདི་དག་མ་གཏོགས་སོ། །དེ་ལས་དྲུག་རང་གི་ས་པ་གསུམ་དང་། ཉིང་མཚམས་སྦྱོར་བའི་ཚེ་ས་འོག་མ་པའི་ཉོན་མོངས་པ་ཅན་གཉིས་དང་།

เล่ม ๒๐๙ · หน้า 317b

ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བའི་ཚེ་དགེ་བའོ། །གང་གི་ཚེ་སྦྱོར་བའི་སེམས་ནི་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་སློབ་པ་དང་མི་སློབ་པ་དང་། གཟུགས་མེད་པའི་དགེ་བ་མི་འབྱུང་ངོ་། །འོག་མ་ལས་

འདོད་ཆགས་དང་མ་བྲལ་བ་ལ་ནི་ས་གོང་མར་སྐྱེ་བ་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་དེའི་མཇུག་ཐོགས་སུ་གཟུགས་མེད་པར་གཏོགས་པའི་ཉོན་མོངས་པ་ཅན་མི་འབྱུང་ངོ་། །ས་གཞན་གྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། དེ་ནི་སྐྱེ་བ་དང་སྙོམས་པར་འཇུག་

པ་ན་དེའི་མཇུག་ཐོགས་སུ་མི་སྲིད་དོ། །མ་བསྒྲིབས་པ་ནི་གསུམ་ལས་སོ། །ཞེས་བྱ་བ་ལ། དེ་ནི་ཉིང་མཚམས་སྦྱོར་བའི་སེམས་སུ་མི་རུང་ཞིང་། འདོད་པའི་ཁམས་ཀྱི་སྦྱོར་བ་ལས་བྱུང་བ་མ་ཡིན་ལ། སློབ་པ་དང་མི་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་ལྡང་བའི་སེམས་

ཀྱང་མ་ཡིན་ཏེ། དེའི་ཕྱིར་རང་གི་ས་པ་གསུམ་ལས་ཡིན་ནོ། །དེ་ལས་དྲུག་སྟེ་ཞེས་བྱ་བ་ལ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་དང་གཟུགས་མེད་པ་ན་སྤྱོད་པའོ། །སྦྱོར་བ་ལས་བྱུང་བའི་ཕྱིར་སློབ་པ་དང་མི་སློབ་པ་གཟུགས་མེད་པ་ན་སྤྱོད་པའི་

དགེ་བའི་དག་ཀྱང་དེ་ལས་མི་འབྱུང་ལ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པས་གཟིར་བར་མི་བྱེད་པས་འདོད་པ་ན་སྤྱོད་པའི་དགེ་བ་ཡང་དེའི་མཇུག་ཐོགས་སུ་མི་འབྱུང་ངོ་། །སྐྱེ་བ་དང་སྙོམས་པར་འཇུག་པ་ནི་ས་གོང་མ་དང་འོག་མ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་དེའི་མཇུག་

ཐོགས་སུ་མི་སྲིད་དོ། །གཟུགས་མེད་པའང་དེའི་ཚུལ་ལོ་ཞེས་བྱ་བ་ལ། དེའི་སྐྱེ་བ་དང་སྙོམས་པར་འཇུག་པའི་ཚེ་ས་འོག་མ་པའི་དགེ་བ་ལ་སོགས་པ་རྣམས་ལས་སྲིད་པ་མ་ཡིན་ལ། སློབ་པ་དང་མི་སློབ་པ་དག་གི་མཇུག་ཐོགས་སུ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་གི་ས་པ་གསུམ་

ཁོ་ན་ལས་འབྱུང་ངོ་། །ས་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་ལ། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་དང་གཟུགས་ཀྱི་ཁམས་རྣམས་སོ། །གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་ལས་ནི་སེམས་དགུ་སྟེ། རང་གི་ས་པ་གསུམ་དང་། ལྡང་བའི་ཚེ་གཟུགས་སུ་

เล่ม ๒๐๙ · หน้า 318a

གཏོགས་པའི་དགེ་བ་དང་། ཉིང་མཚམས་སྦྱོར་བའི་ཚེ་འོག་མ་པའི་ཉོན་མོངས་པ་ཅན་རྣམས་དང་། སྙོམས་པར་འཇུག་པའི་ཚེ་སློབ་པ་དང་མི་སློབ་པའོ། །འདོད་པ་ན་སྤྱོད་པའི་དགེ་བ་དང་། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་

བསྟན་པ་མ་གཏོགས་སོ་ཞེས་བྱ་བ་ལ། འདོད་པའི་ཁམས་ལ་གཟུགས་མེད་པའི་ཁམས་བསྐལ་པ་ཡིན་པས་དེའི་ས་པའི་དགེ་བའི་ནི་གཟུགས་མེད་པ་ན་སྤྱོད་པའི་ལྡང་བའི་སེམས་ཀྱང་མ་ཡིན་ཏེ། དེས་ན་དེའི་མཇུག་ཐོགས་སུ་མི་རིགས་སོ། །ཇི་ལྟར་འདོད་པར་གཏོགས་པའི་སྤྲུལ་

པའི་སེམས་གཟུགས་ན་སྤྱོད་པའི་སྦྱོར་བས་ཐོབ་པར་བྱ་བ་ཡིན་པ་ལྟར། འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་གཟུགས་མེད་པའི་སྦྱོར་བས་ཐོབ་པར་བྱ་བ་ནི་མ་ཡིན་ཏེ། དེའི་ཕྱིར་དེ་ཡང་མ་གཏོགས་པའོ། །གཟུགས་ན་སྤྱོད་པའི་དགེ་བ་དང་ཞེས་བྱ་བ་ནི་སྙོམས་

པར་འཇུག་པའི་ཚེ་ནའོ། །སློབ་པ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་ལྡང་བའི་ཚེ་ནའོ། །བསྒྲིབས་པ་ལས་བདུན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་ལ་བསྟན་པའི་ཕྱིར་གཟུགས་ན་སྤྱོད་པའི་དགེ་བ་དང་། ཉིང་

མཚམས་སྦྱོར་བའི་ཚེ་བསྒྲིབས་པ་དང་། ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གཉིས་སོ། །དེ་དེ་བཞིན་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདོད་པ་དང་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་རྣམས་དང་ཞེས་བྱ་བ་ལ། འདི་ལྟར་ས་འོག་མ་ལ་

འདོད་ཆགས་དང་མ་བྲལ་བ་ལ་གཟུགས་མེད་པའི་ཁམས་སུ་ཉིང་མཚམས་སྦྱོར་བ་མེད་ལ། དེས་སློབ་པའམ་མི་སློབ་པའི་ཏིང་ངེ་འཛིན་ལས་ལྡང་བ་ཡང་མ་ཡིན་པས་དེ་ནི་ལྔ་ལས་མི་འབྱུང་ངོ་། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ་ན་འདོད་པ་དང་གཟུགས་ན་སྤྱོད་པའི་དགེ་བ་དང་། མ་

བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ལས་འབྱུང་ངོ་། །ཁམས་གསུམ་པའི་དགེ་བ་དང་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་སོ། །དགེ་བ་སྨོས་པ་ནི་གཞན་བཟློག་པར་བྱ་བའི་ཕྱིར་རོ། །སློབ་པ་ལས་སོ་ཞེས་བྱ་བ་ནི་རྒྱུན་ཏུ་གཏོགས་པའི་ཕྱིར་རོ། །

เล่ม ๒๐๙ · หน้า 318b

སློབ་པ་ནི་ཉིང་མཚམས་སྦྱོར་བའི་སེམས་མ་ཡིན་ལ། དགེ་བ་སྦྱོར་བ་ལས་བྱུང་བ་ཡིན་པས་གཞན་གྱི་མཇུག་ཐོགས་སུ་མ་བྱུང་ངོ་། །དེ་ལས་ལྔ་ཞེས་བྱ་བ་ལ། ལྡང་བའི་ཚེ་ཁམས་གསུམ་པའི་དགེ་བ་རྣམས་དང་། རྒྱུན་ཏུ་གཏོགས་པའི་སློབ་པ་དང་། རྡོ་རྗེ་ལྟ་བུའི་མཇུག་ཐོགས་

སུ་མི་སློབ་པའི་ཤེས་པའོ། །བཤད་མ་ཐག་པའི་ལྔ་པོ་དེ་དག་ཉིད་ལས་སོ་ཞེས་བྱ་བ་ལ་སྙོམས་པར་འཇུག་པའི་ཚེ་ནི་ཁམས་གསུམ་པའི་དགེ་བ་རྣམས་སོ། །རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་ནི་སློབ་པ་ལས་སོ། །ཟད་པ་ཤེས་པའི་མཇུག་ཐོགས་སུ་ནི་མི་སྐྱེ་བ་ཤེས་པའོ། །དེ་ལས་སེམས་

ནི་བཞི་པོ་དག་གོ་ཞེས་བྱ་བ་ལ། ལྡང་བའི་ཚེ་ན་ཁམས་གསུམ་པའི་དགེ་བ་རྣམས་དང་། མི་སློབ་པ་སྟེ། དཔེར་ན་ཟད་པ་ཤེས་པ་ལས་མི་སྐྱེ་བ་ཤེས་པ་བཞིན་ནོ། །མི་སློབ་པའི་མཇུག་ཐོགས་སུ་སློབ་པ་ནི་ནམ་ཡང་མི་འབྱུང་སྟེ། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་བར་ཆོད་པའི་ཕྱིར་ཏེ།

ཉོན་མོངས་པ་ཀུན་ཏུ་སྤྱོད་པ་མེད་པར་ནི་ཡོངས་སུ་ཉམས་པ་མེད་དོ། །སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་དགེ་བའི་ཞེས་བྱ་བ་འབྱུང་སྟེ། དེ་ལ་སྦྱོར་བ་ལས་བྱུང་བ་ནི་གང་སྦྱོར་བས་འཐོབ་པ་སྟེ། དེ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བའོ། །དེ་ལ་མཉམ་པར་མ་

བཞག་པ་ཡིན་པའི་ཕྱིར་འདོད་པའི་ཁམས་ན་བསྒོམ་པ་ལས་བྱུང་བ་མེད་དོ། །གཟུགས་ཀྱི་ཁམས་ན་ནི་བསམ་པ་ལས་བྱུང་བ་མེད་དེ། གཞན་དེ་དག་ནི་རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་སེམས་ན་ཏིང་ངེ་འཛིན་ཉིད་ཉེ་བར་གནས་པར་འགྱུར་རོ། །གཟུགས་མེད་པའི་ཁམས་ན་ནི་

བསྒོམ་པ་ལས་བྱུང་བ་ཁོ་ན་སྟེ་གཞན་མེད་དོ། །སྐྱེས་ནས་ཐོབ་པའི་དགེ་བ་ནི་སེམས་སྦྱོར་བ་མེད་པར་སྐྱེས་པ་ཉིད་ཀྱིས་འཐོབ་པ་གང་ཡིན་པ་སྟེ། འདོད་པ་དང་གཟུགས་ཀྱི་ཁམས་དག་ཏུ་སྲིད་པ་བར་མར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མའོ། །གཟུགས་མེད་པའི་ཁམས་སུ་ནི་སྐྱེ་

བ་སྲིད་པར་གང་གི་ཐོབ་པ་དང་པོ་སྐྱེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པའི་ཞེས་བྱ་བ་ལ། འདི་ནི་རྒྱུ་དང་ལས་ཀྱི་དབྱེ་བས་ཕྱེ་བ་ཡིན་ནོ། །དེ་ལ་རྣམ་པར་སྨིན་པའི་རྒྱུ་ལས་སྐྱེས་པ་ནི་རྣམ་པར་སྨིན་པ་ལས་སྐྱེས་པའོ། །སྤྱོད་

เล่ม ๒๐๙ · หน้า 319a

ལམ་ལས་བྱུང་བ་ནི་སྤྱོད་ལམ་པའོ། །དེ་བཞིན་དུ་བཟོའི་གནས་པ་དང་། སྤྲུལ་པ་ལས་བྱུང་བ་ནི་བཟོའི་གནས་པ་དང་སྤྲུལ་པ་པ་སྟེ་རྒྱུ་མཚན་གྱིས་བདུན་པར་བཤད་པའི་ཕྱིར་རོ། །ཡང་ན་དེ་དག་ལ་དམིགས་ནས་སྐྱེ་བའི་ཕྱིར་དེ་དག་ལས་བྱུང་བའོ། །སྤྱོད་ལམ་

པ་དང་། བཟོའི་གནས་པ་དང་། སྤྲུལ་པ་དང་། གསུམ་ནི་ལས་ཀྱི་དབྱེ་བས་ཕྱེ་ལ། སྔ་མ་ནི་རྒྱུའི་དབྱེ་བས་ཕྱེ་བ་ཡིན་ནོ། །གཟུགས་ན་བཟོ་མ་གཏོགས་པའོ་ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ཀྱི་གཞལ་མེད་ཁང་ལ་སོགས་པ་ཐམས་ཅད་ལས་ལས་སྐྱེས་པ་དང་། སྤྲུལ་པ་པ་ཡིན་

གྱི། མཁན་བཟོས་བྱས་པ་ནི་ཅུང་ཟད་ཀྱང་མེད་དོ། །གཟུགས་ཅན་རྣམས་ལ་འགྲོ་བ་དང་འདུག་པ་ལ་སོགས་པ་ཡོད་པའི་ཕྱིར་སྤྱོད་ལམ་པ་ཡོད་དོ། །གཟུགས་མེད་པའི་ཁམས་ན་སྤྱོད་ལམ་པ་དང་། བཟོའི་གནས་པ་དང་སྤྲུལ་པ་པ་རྣམས་མེད་པས་མ་བསྒྲིབས་ལ་ལུང་དུ་མ་བསྟན་

པའི་དབྱེ་བ་མེད་དོ། །སྤྱོད་ལམ་པ་དང་། བཟོའི་གནས་པ་དང་། སྤྲུལ་པ་རྣམས་དེ་ན་མེད་པའི་ཕྱིར་བྷཱ་བཿ(དངོས་པོ་)ཨཾ་ག་(ཡན་ལག་)པ་རི་གྲི་ཧཱི་ཏཿས་མཱདྷྱ་བྷཱ་(ཡོངས་སུ་བཟུང་བ་)བ་ནཱ་(ཏིང་ངེ་འཛིན་མེད། བསྒོམ་པ་)མངོན་པར་ཤེས་པའི་འབྲས་བུ་ཞེས་གཞན་དག་གོ། །གཟུགས་མེད་པའི་ཁམས་ན་གཟུགས་མེད་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་ཡང་མེད་

དོ། །གཟུགས་ལ་དམིགས་པ་ནི་དེ་ན་མེད་དོ་ཞེས་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེའི་ནམ་མཁའི་ཉེར་བསྡོགས་ལ་དེ་ཡོད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །ཡང་ཅི་ནམ་མཁའ་མཐའ་

ཡས་སྐྱེ་མཆེད་ཀྱི་ཉེར་བསྡོགས་ལ་གཟུགས་ཡོད་པ་གང་ལས་དེར་ཐལ་བར་འགྱུར་བར་བརྗོད་ཅེ་ན། དེ་དག་ལ་མི་སྲིད་པའི་ཕྱིར་དེར་ཐལ་བ་མེད་དོ། །གང་དུ་ལུང་དུ་མ་བསྟན་པའི་སྲིད་པ་དེ་དག་གཟུགས་ལ་དམིགས་པའི་ཕྱིར་དགག་པ་བྱའོ། །དེའི་ཕྱིར་རྒྱུ་མ་ཡིན་པ་ལས་ནུས་པ་མེད་དོ། །

དེ་དག་གི་དམིགས་པ་ནི་གཟུགས་དང་དྲི་དང་རོ་དང་རེག་བྱ་རྣམས་ཡིན་ནོ། །དེ་ལ་སྤྱོད་ལམ་པ་ལ་སོགས་པ་རྣམས་ཀྱི་དམིགས་པ་ནི་གོ་རིམས་བཞིན་དུ་རང་གི་ལུས་དང་མལ་སྟན་ལ་སོགས་པའི་གཟུགས་ལ་སོགས་པ་དང་། བཟོའི་གནས་ཀྱི་གཟུགས་ལ་སོགས་པ་དང་། སྤྲུལ་པའི་གཟུགས་ལ་

เล่ม ๒๐๙ · หน้า 319b

སོགས་པ་རྣམས་སོ། །བཟོའི་གནས་པའི་ནི་སྒྲ་ཡང་ཡིན་ནོ་ཞེས་བྱ་བ་ལ། འདོམས་པ་པོས་གང་སྤྲུལ་པ་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པས་དམིགས་ནས་སློབ་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ལ་ངེས་པ་མ་སྨོས་པས་གཟུགས་ལ་སོགས་པ་རྣམས་དང་། གཞན་ཡང་དམིགས་

པ་ཡིན་ནོ་ཞེས་ངེས་པར་གྲུབ་པོ། །ཡིད་ཀྱི་རྣམ་པར་ཤེས་པ་དག་ཁོ་ན་ཡིན་ནོ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ལ་སོགས་པ་མངོན་པར་འདུ་བྱེད་པར་ཞུགས་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་མ་གཏོགས་ཏེ། དེ་ནི་རྣམ་པར་ཤེས་པ་དྲུག་ཅར་ཡང་ཡིན་ནོ། །རྣམ་པར་ཤེས་

པའི་ཚོགས་ལྔ་ཡིན་ནོ་ཞེས་བྱ་བ་ལ། དེ་དག་གི་སྦྱོར་བའི་གནས་སྐབས་ན་འབྱུང་བའི་ཕྱིར་ན་སྦྱོར་བའོ། །ཇི་ལྟར་ཞེ་ན། མཐོང་བ་དང་རེག་པའི་བར་དུ་གྱུར་ནས་དེ་དག་སྐྱེ་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་ནི་རང་གི་ངང་གིས་འཇུག་པའི་ཕྱིར་སྦྱོར་བ་མེད་དོ། །སྤྲུལ་པ་ནི་སྦྱོར་བ་ཡོད་མོད་

ཀྱི་རྣམ་པར་ཤེས་པའི་ཚོགས་ལྔ་ནི་མ་ཡིན་ཏེ་དེ་ནི་བསམ་གཏན་གྱི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་རོ། །མངོན་པར་ཤེས་པའི་འབྲས་བུ་བརྗོད་པར་འདོད་པའི་ཕྱིར་འདིར་ཡི་དགས་དང་ཤ་ཟ་ལ་སོགས་པ་ལ་སྲིད་པར་ཐལ་བར་མི་འགྱུར་རོ། །སྤྱོད་ལམ་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་མངོན་

པར་བསྒྲུབས་ཤིང་བསྐྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་མཆེད་བཅུ་གཉིས་ལ་དམིགས་པ་ཡོད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོ་མཐའ་དག་ལ་དམིགས་པའི་ཕྱིར་རོ། །དེ་ལྟར་ན་སྤྱོད་ལམ་པ་ལ་སོགས་པ་ལས་ཐ་དད་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་མིག་གི་སྐྱེ་མཆེད་ལ་དམིགས་ནས་

ཆོས་ཀྱི་སྐྱེ་མཆེད་ལ་དམིགས་པའི་བར་གཞན་ཡང་ཡོད་དོ་ཞེས་ཤེས་པར་བྱས་པར་འགྱུར་རོ། །གཞན་དག་ན་རེ་ངེས་པར་གཟུང་བ་མེད་དོ་ཞེས་ཟེར་རོ། །མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ། དེ་ནི་གཟུགས་སུ་གཏོགས་པའི་སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་

འབྱུང་གི་འདོད་པ་ན་སྤྱོད་པའི་མཇུག་ཐོགས་སུ་ནི་མ་ཡིན་ནོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལ། སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེ་ནའོ། །དགེ་བ་སྦྱོར་བ་ལས་བྱུང་བ་ལ་གནས་པ་ལ་འཆི་འཕོ་མི་སྲིད་པའི་ཕྱིར་དེའི་མཇུག་ཐོགས་སུ་ཁམས་གོང་མའི་བསྒྲིབས་པ་

เล่ม ๒๐๙ · หน้า 320a

དག་མི་འབྱུང་ངོ་། །རང་གི་དགེ་བ་དང་མི་དགེ་ཉོན་མོངས་པ་ཅན་དག་དང་ཞེས་བྱ་བ་ལ། སྐྱེས་ནས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་དང་། བསྒྲིབས་པ་དང་མི་དགེ་བ་དང་། ལྡང་བའི་ཚེ་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་མི་སློབ་པ་དང་ཉོན་

མོངས་པ་ཅན་གྱི་སྙོམས་པར་འཇུག་པས་གཟིར་བ་ས་འོག་མ་པ་ལ་བརྟེན་པའི་ཕྱིར་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་ངོ་། །རང་གི་ས་པ་ཡིན་ཡང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ལས་ནི་མ་ཡིན་ཏེ། སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་

པ་མེད་པར་འཇུག་པའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེ་སྟེ། སྐྱེས་ནས་ཐོབ་པ་ལ་གནས་པ་ལ་འཆི་འཕོ་བ་དང་གོང་མར་མཚམས་སྦྱོར་བ་སྲིད་པའི་ཕྱིར་རོ། །དེ་ནི་མངོན་པར་འདུ་བྱེད་པ་མེད་པར་

འཇུག་པའི་ཕྱིར་སློབ་པ་དང་མི་སློབ་པ་གཉིས་དང་། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སྦྱོར་བ་མ་ཡིན་པས་དེ་ལས་དེ་རྣམས་མི་འབྱུང་ངོ་། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། ཉོན་མོངས་

པ་ཅན་དག་དང་ཞེས་བྱ་བ་ལ་སོགས་པ་ལ། མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ཡིན་ཡང་ལྡང་བའི་སེམས་སུ་མི་འགལ་ལོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་དག་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལ་གནས་པ་ལ་འཆི་བ་མེད་པའི་ཕྱིར་རོ། །དེ་བཞིན་དུ་

གཟུགས་མེད་པ་ན་སྤྱོད་པ་རྣམས་ལ་ཡིན་པར་ཡང་བརྗོད་པར་བྱའོ། །གཟུགས་ན་སྤྱོད་པ་བཞི་དང་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་ལ། སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་

པ་མེད་པར་འཇུག་པའི་ཕྱིར། དེ་དག་གི་མཇུག་ཐོགས་སུ་སྦྱོར་བ་ལས་བྱུང་བ་མི་འབྱུང་ལ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལ་རག་ལས་པའི་ཕྱིར་མངོན་པར་ཤེས་པའི་འབྲས་བུ་ཡང་མ་ཡིན་ནོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་

เล่ม ๒๐๙ · หน้า 320b

ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །སྔ་མ་བཞིན་དུ་རང་གི་མདུན་ཁོ་ན་ལས་སོ་ཞེས་བྱ་བ་ནི་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པའོ། །བཟོའི་གནས་པའི་མཇུག་ཐོགས་སུ་ནི་དྲུག་འབྱུང་སྟེ་ཞེས་བྱ་བ་ལ། འདི་ལྟར་དེ་ལ་གནས་པ་ལ་ནི་འཆི་བ་མེད་དེ། དེ་ལྟ་མ་ཡིན་ན་

གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་སུས་བཟློག་ཏུ་ཡོད། མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལས་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཁོ་ན་འབྱུང་བའི་ཕྱིར་རོ། །མངོན་པར་ཤེས་པའི་འབྲས་བུ་རང་ཉིད་དང་ཞེས་བྱ་བ་ནི་

རྒྱུན་གྱི་སྒོ་ནས་སོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའོ་ཞེས་བྱ་བ་ལ། འདི་ལྟར་བསམ་གཏན་ལ་མ་ཞུགས་པར་མངོན་པར་ཤེས་པའི་འབྲས་བུ་ལས་ལྡང་བ་ཡོད་པ་མ་ཡིན་པས་མངོན་པར་ཤེས་པའི་འབྲས་བུ་ལས་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་འབྱུང་ངོ་། །དེ་ཡང་

དེ་གཉིས་ཁོ་ན་ལས་སོ་ཞེས་བྱ་བ་ནི་སྤྲུལ་པའི་སེམས་དང་གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལས་སོ། །ད་ནི་གཟུགས་ན་སྤྱོད་པ་དྲུག་གི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདོད་པ་ན་སྤྱོད་པའི་དགེ་བ་དག་ཞེས་བྱ་བ་ནི་ལྡང་བའི་ཚེ་ནའོ། །མངོན་པར་ཤེས་པའི་འབྲས་བུ་ཞེས་བྱ་བ་ནི་

འདོད་པ་ན་སྤྱོད་པའི་སྤྲུལ་པའི་སེམས་སོ། །གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་དང་། སློབ་པ་དང་མི་སློབ་པ་ནི་སྙོམས་པར་འཇུག་པའི་ཚེའོ། །ད་ནི་སེམས་བཅུའི་མཇུག་ཐོགས་སུ་འབྱུང་སྟེ། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་ལས་ནི་སྙོམས་པར་འཇུག་པའི་ཚེ་

ནའོ། །སྤྲུལ་པའི་མཇུག་ཐོགས་སུ་ནི་འཇུག་པའི་ཚེ་སྟེ། བསམ་གཏན་ལ་མ་ཞུགས་པ་ནི་བསམ་གཏན་གྱི་འབྲས་བུ་ལ་གནས་པ་ལས་ལྡང་བ་ཡོད་པ་མ་ཡིན་ནོ། །སྤྱོད་ལམ་པ་ལས་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གི་མཇུག་ཐོགས་སུ་ནི་མི་འབྱུང་སྟེ། སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་

མེད་པར་འཇུག་པའི་ཕྱིར་རོ། །སྤྲུལ་པའི་སེམས་ནི་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་ཞིང་། བསམ་གཏན་ལ་མ་ཞུགས་པར་དེ་ལས་ལྡང་བ་ཡོད་པ་མ་ཡིན་པས་དེའི་མཇུག་ཐོགས་སུ་འབྱུང་བ་ཡིན་ནོ། །གཟུགས་མེད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ལས་ནི་ལྡང་བའི་ཚེ་ནའོ། །ཉོན་

เล่ม ๒๐๙ · หน้า 321a

མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བ་ས་འོག་མ་ལ་བརྟེན་པའི་ཕྱིར་ན་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་ངོ་། །སློབ་པ་དང་མི་སློབ་པ་དག་ལས་ནི་ལྡང་བའི་ཚེ་ཁོ་ན་ནའོ། །སྐྱེས་ནས་ཐོབ་པའི་མཇུག་ཐོགས་སུ་ནི་བརྒྱད་དེ། འདོད་པ་ན་སྤྱོད་པའི་ཉོན་

མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེ་ནའོ། །མངོན་པར་ཤེས་པའི་འབྲས་བུ་ནི་མ་གཏོགས་ཏེ། སྦྱོར་བ་ལས་བྱུང་བ་ལ་རག་ལས་ཏེ་བདག་ཉིད་ཐོབ་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །འདོད་པ་ན་སྤྱོད་པའི་དགེ་བ་དང་

ཉོན་མོངས་པ་ཅན་བཞི་དང་ཞེས་བྱ་བ་ལ་ཉོན་མོངས་པ་ཅན་དག་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བས་ས་འོག་མ་ལ་བརྟེན་པའི་ཕྱིར་ན་དགེ་བ་དག་གོ། །དེ་ནི་སེམས་བཅུ་གཅིག་གི་མཇུག་ཐོགས་སུ་འབྱུང་སྟེ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པ་

རྣམས་ལས་ནི་ཉིང་མཚམས་སྦྱོར་བའི་ཚེ་ན་སྟེ། སྦྱོར་བ་ལས་བྱུང་བ་ལས་བཟོའི་གནས་པ་དང་མངོན་པར་ཤེས་པའི་འབྲས་བུ་རྣམས་ལས་འཆི་བ་མེད་ལ། འདོད་ཆགས་དང་བྲལ་བ་མ་ཡིན་པའི་ཕྱིར་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་དེར་མཚམས་སྦྱོར་བ་མེད་དེ། དེའི་ཕྱིར་གསུམ་ཁོ་ན་ལས་

འབྱུང་ངོ་། །སྦྱོར་བ་ལས་བྱུང་བ་མ་གཏོགས་པ་ཞེས་བྱ་བ་ནི་དེ་ལས་འཆི་བ་མི་སྲིད་པའི་ཕྱིར་རོ། །གཟུགས་མེད་པ་ན་སྤྱོད་པ་གསུམ་ལས་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །སྤྱོད་ལམ་པའི་མཇུག་ཐོགས་སུ་ནི་བདུན་ཏེ་ཞེས་བྱ་བ་ལ། འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དག་ནི་

ཉིང་མཚམས་སྦྱོར་བའི་ཚེ་ནའོ། །སྦྱོར་བ་ལས་བྱུང་བ་དང་མངོན་པར་ཤེས་པའི་འབྲས་བུ་མ་གཏོགས་པ་ཞེས་བྱ་བ་ལ། སྤྱོད་ལམ་པ་ནི་སྦྱོར་བའི་སེམས་ཡིན་པར་མི་རུང་སྟེ། སྟོབས་ཆུང་བ་དང་མངོན་པར་འདུ་བྱེད་པ་མེད་པར་འཇུག་པའི་ཕྱིར་དང་གཞན་ལ་སེམས་པའི་ཕྱིར་རོ། །གཟུགས་

མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །དེ་ནི་གཟུགས་མེད་པ་ན་སྤྱོད་པ་བཞིའི་བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ། གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ནི་ལྡང་བའི་ཚེ་ནའོ། །འདོད་པ་ན་སྤྱོད་པའི་ནི་མ་ཡིན་ཏེ་བསྐལ་པའི་ཕྱིར་རོ། །སློབ་པ་དང་མི་སློབ་པ་

เล่ม ๒๐๙ · หน้า 321b

ནི་ལྡང་བའི་ཚེ་ནའོ། །གཟུགས་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པའི་ཚེའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་མ་གཏོགས་པ་ཞེས་བྱ་བ་ལ། སྟོབས་ཆུང་བའི་ཕྱིར་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་རྣམ་པར་སྨིན་པ་ལས་སྐྱེས་པ་ལས་

མི་འབྱུང་ངོ་། །སློབ་པ་དང་མི་སློབ་པ་དག་ལས་སོ་ཞེས་བྱ་བ་ནི་ལྡང་བའི་ཚེའོ། །ས་འོག་མ་པའི་ཉོན་མོངས་པ་ཅན་དག་གོ་ཞེས་བྱ་བ་ནི་འདོད་པ་ན་སྤྱོད་པ་གཉིས་དང་གཟུགས་ན་སྤྱོད་པ་སྟེ་ཉིང་མཚམས་སྦྱོར་བའི་ཚེའོ། །ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་བརྒྱད་དེ་ཞེས་བྱ་བ་

ལ། གཟུགས་སུ་གཏོགས་པའི་དགེ་བ་ནི་ཉོན་མོངས་པ་ཅན་གྱི་ཏིང་ངེ་འཛིན་གྱིས་གཟིར་བའི་ནི་ལྡང་བའི་ཚེའོ། །འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ནི་ཉིང་མཚམས་སྦྱོར་བའི་ཚེ་ཁོ་ནར་རོ། །འདོད་པ་དང་གཟུགས་ན་སྤྱོད་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ནི་ཉིང་མཚམས་སྦྱོར་བའི་

ཚེ་ཁོ་ནར་རོ། །འོག་མའི་ཉོན་མོངས་པ་ཅན་གསུམ་མོ་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་ཚེའོ། །སློབ་པའི་མཇུག་ཐོགས་སུ་ནི་དྲུག་སྟེ་ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་རྣམས་དང་། འདོད་པར་གཏོགས་པའི་སྐྱེ་གནས་ཐོབ་པ་ནི་ལྡང་བའི་ཚེའོ། །སློབ་པ་ནི་རྒྱུན་ལ་བལྟོས་ནས་

སོ། །མི་སློབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་ཀྱི་ཟད་པ་ཤེས་པ་ལྟ་བུའོ། །སྦྱོར་བ་ལས་བྱུང་བ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའོ། །སློབ་པ་ལས་སོ་ཞེས་བྱ་བ་ནི་རྒྱུན་ལ་བལྟོས་ནས་སོ། །མི་སློབ་པའི་མཇུག་ཐོགས་སུ་ནི་ལྔ་སྟེ་ཞེས་བྱ་བ་ལ་ཁམས་གསུམ་པའི་སྦྱོར་བ་ལས་བྱུང་བ་

རྣམས་དང་། འདོད་པར་གཏོགས་པའི་སྐྱེས་ནས་ཐོབ་པ་ནི་ལྡང་བའི་ཚེའོ། །མི་སློབ་པ་ནི་རྒྱུན་ལ་བལྟོས་པའོ། །སྦྱོར་བ་ལས་བྱུང་བ་གསུམ་ཞེས་བྱ་བ་ནི་ཁམས་གསུམ་པའོ། །སློབ་པ་ལས་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་ཟད་པ་ཤེས་པ་ལྟ་བུའོ། །མི་སློབ་པ་ནི་ཟད་པ་ཤེས་པའི་

མཇུག་ཐོགས་སུ་མི་སྐྱེ་བ་ཤེས་པ་ལྟ་བུའོ། །གལ་ཏེ་མི་སློབ་པའི་ལས་སློབ་པ་མི་འབྱུང་ན། འོ་ན་ཇི་ལྟར་ན་མི་སློབ་པ་ལས་ཡོངས་སུ་ཉམས་པ་སློབ་པ་ཡིན་ཞེ་ན། འདི་ལྟར་ཡོངས་སུ་ཉམས་པ་མི་སློབ་པའི་ཏིང་ངེ་འཛིན་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་ལ་གནས་པ་ལས་

เล่ม ๒๐๙ · หน้า 322a

ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །དེ་དག་ནི་སྤྱོད་ལམ་དང་བཟོའི་མངོན་པར་འདུ་བྱ་བ་ལ་ཞུགས་པའི་ཕྱིར་དང་། སྟོབས་ཆུང་བའི་ཕྱིར་དང་། མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ཕྱིར་ཞེས་བྱ་བ་ལ། སྤྱོད་ལམ་པ་ནི་འགྲོ་བ་ལ་སོགས་པ་མངོན་པར་འདུ་བྱ་བ་ལ་ཞུགས་

པ་ཡིན་ལ། བཟོའི་གནས་པ་ནི་འདི་ནི་འདི་ལྟར་བྱའོ་སྙམ་དུ་བཟོ་མངོན་པར་འདུ་བྱ་བ་ལ་ཞུགས་ཏེ། དེའི་ཕྱིར་སྤྱོད་ལམ་དང་བཟོའི་མངོན་པར་འདུ་བྱ་བ་ལྷུར་བྱེད་པ་ཉིད་ཀྱིས་དེ་དག་ལ་མངོན་པར་དགའ་བའི་ཕྱིར་སྦྱོར་བ་ལས་བྱུང་བ་འདྲེན་པར་མི་ནུས་སོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ནི་སྔོན་གྱི་

ལས་ཀྱིས་འཕངས་པའི་ཕྱིར་རྩོལ་བ་མེད་པར་འཇུག་པས་སྟོབས་ཆུང་བ་དང་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཞེས་བྱ་སྟེ། དེས་ན་སྦྱོར་བ་ལས་བྱུང་བ་འདྲེན་པར་མི་ནུས་སོ། །སྤྱོད་ལམ་པ་དང་བཟོའི་གནས་པ་གཉིས་ནི་ལུང་དུ་མ་བསྟན་པ་ཉིད་དུ་མཚུངས་ཀྱང་རྣམ་པར་སྨིན་པ་

ལས་སྐྱེས་པ་ལས་སྟོབས་ཆེ་སྟེ་མངོན་པར་འདུ་བྱེད་པ་ཅན་ཡིན་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་རྗེས་སུ་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་འདྲེན་པར་མི་ནུས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བའི་སེམས་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པས་ཞེས་བྱ་བ་ལ། འབྱུང་བའི་སེམས་ནི་

སྦྱོར་བ་ལས་བྱུང་བའི་སེམས་རྒྱུན་ཆད་པའི་སེམས་ཏེ། དེ་ནི་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ཡིན་པ་རྒྱུན་ཆད་པ་དང་རྗེས་སུ་མཐུན་པ་ཡིན་པའི་ཕྱིར། སྦྱོར་བ་ལས་བྱུང་བའི་མཇུག་ཐོགས་སུ་འབྱུང་བར་མི་འགལ་ལོ། །དེ་ལྟ་ན་འོ་ན་ཉོན་མོངས་པ་ཅན་དག་ལས་ཀྱང་ཞེས་

བྱ་བ་རྒྱས་པར་འབྱུང་བ་ལ། གལ་ཏེ་སྦྱོར་བ་ལས་བྱུང་བའི་རྗེས་སུ་མི་མཐུན་པའི་ཕྱིར་སྤྱོད་ལམ་པ་ལ་སོགས་པ་དག་ལས་མི་འབྱུང་ན། དེ་ལྟ་ན་འོ་ན་ནི་ཡུལ་མངོན་པར་འདོད་པ་ལྷུར་ལེན་པ་ཉིད་ཀྱིས་མི་མཐུན་པའི་ཕྱིར་དང་། སྟོབས་ཆུང་བའི་ཕྱིར་ཉོན་མོངས་པ་ཅན་དག་ལས་ཀྱང་སྦྱོར་བ་ལས་བྱུང་

བ་འབྱུང་བར་མི་འགྱུར་ཏེ། ཉོན་མོངས་པ་ཅན་གྱི་ཆོས་ནི་དགེ་བའི་ཆོས་ཀྱི་རྗེས་སུ་མཐུན་པར་མི་རུང་ངོ་། །འོན་ཀྱང་ཞེས་བྱ་བ་ནི་དེའི་རྗེས་སུ་མི་མཐུན་པ་ཡིན་མོད་ཀྱི་ཞེས་བྱ་བའོ། །ཉོན་མོངས་པ་ཀུན་ཏུ་འབྱུང་བས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉོན་མོངས་པ་ཀུན་ཏུ་འབྱུང་བར་ཡོངས་སུ་ཤེས་

เล่ม ๒๐๙ · หน้า 322b

པ་ཉིད་ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་སོགས་པའི་རྣམ་པར་ཤེས་པ་ཡིན་ལ། དེ་ཡང་སྦྱོར་བ་ལས་བྱུང་བ་ཡིན་པས་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་བར་རིགས་སོ། །ཉོན་མོངས་པ་ཅན་ནི་སྟོབས་ཆུང་བ་ཡང་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་

རོ། །དེའི་ཕྱིར་དེ་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་འབྱུང་བར་མི་འགལ་ལོ། །མངོན་པར་འདུ་བྱ་བ་མེད་པར་འབྱུང་བའི་ཕྱིར་ཞེས་བྱ་བ་འབྱུང་ངོ་། །ཇི་ལྟར་མངོན་པར་འདུ་བྱ་བ་མེད་པར་འབྱུང་ཞེ་ན། སྦྱོར་བ་ལ་མི་བལྟོས་པའི་ཕྱིར་རོ། །འོ་ན་ཇི་ལྟར་དེ་གསལ་བ་ཉིད་ཡིན་ཞེ་ན། ལས་སུ་རུང་

བའི་ཕྱིར་ཏེ་དེ་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །གསལ་བའི་ཕྱིར་སྐྱབས་བྱེད་པར་ནུས་པས་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་སྐྱེས་ནས་ཐོབ་པ་འབྱུང་ངོ་། །འདིའི་མཇུག་ཐོགས་སུ་ནི་འདིའོ། །འདི་ནི་འདིའི་མཇུག་

ཐོགས་སུའོ། །ཞེས་སེམས་རྣམས་མཇུག་ཐོགས་ཉིད་དུ་འབྱུང་བ་བཤད་ལ། དེ་དག་ཀྱང་ཡིད་ལ་བྱེད་པའི་དབང་གིས་འབྱུང་བ་དེའི་ཕྱིར་ཡིད་ལ་བྱེད་པ་ནི་གསུམ་སྟེ་ཞེས་ཡིད་ལ་བྱེད་པ་ཉེ་བར་བཀོད་དོ། །རང་གི་མཚན་ཉིད་ཡིད་ལ་བྱེད་པ་ནི་གང་གིས་དངོས་པོ་རྣམས་ཀྱི་རང་གི་མཚན་ཉིད་ཡིད་

ལ་བྱེད་པ་སྟེ། གཟུགས་ནི་གནོད་པར་བྱར་རུང་བའི་མཚན་ཉིད་ཅན་ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ནི་རྣམ་པར་རིགས་པའི་མཚན་ཉིད་ཅན་ནོ་སྙམ་པ་ལ་སོགས་པའི་བར་རོ། །སྤྱིའི་མཚན་ཉིད་ཡིད་ལ་བྱེད་པ་ནི་གང་གིས་སྤྱིའི་མཚན་ཉིད་ཡིད་ལ་བྱེད་

པ་སྟེ། དེ་ནི་རྣམ་པ་བཅུ་དྲུག་དང་ལྡན་ནོ། །མི་རྟག་པ་ཉིད་ལ་སོགས་པ་རྣམས་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དེའི་རྣམ་པ་ནི་སྤྱིའི་རྣམ་པ་སྟེ། རྣམ་པ་བཅུ་དྲུག་པོ་དེ་དག་དང་ལྡན་པའི་ཡིད་ལ་བྱེད་པས་རབ་ཏུ་ཕྱེ་བའི་ཕྱིར་མོས་པ་ཡིད་ལ་བྱེད་པ་སྟེ། དེ་ནི་གང་གིས་མི་སྡུག་པ་དང་ཚད་

མེད་པ་ལ་སོགས་པ་དག་ལ་མོས་པ་ལས་བྱུང་བའི་དམིགས་པ་ཡིད་ལ་བྱེད་པའོ། །ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་དག་ལ་ཞེས་བྱ་བའི་སོགས་པའི་སྒྲས་ནི་རྫུ་འཕྲུལ་ལ་སོགས་པ་མངོན་པར་བསྒྲུབས་པའི་ཚེ་ཡང་བར་མོས་པ་ཡོངས་སུ་བཟུང་ངོ་། །སེམས་མངོན་པར་འདུ་བྱེད་པའི་

เล่ม ๒๐๙ · หน้า 323a

དོན་གྱིས་ན་ཡིད་ལ་བྱེད་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་གལ་ཏེ་ཡིད་ལ་བྱེད་པ་རྣམ་པ་གསུམ་གྱི་མཇུག་ཐོགས་སུ་འཕགས་པའི་ལམ་མངོན་དུ་བྱེད་ན་སྟེ། དེའི་ཕྱིར་མི་སྡུག་པ་དང་ལྷན་ཅིག་པའི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། རྒྱུན་གྱི་བར་དང་བཅས་པ་དང་། བར་མེད་པར་

འདྲེན་པའི་ཕྱིར་མི་སྡུག་པ་དང་ལྷན་ཅིག་པ་ཞེས་བྱའི་སེམས་གཅིག་ལ་ནི་མ་ཡིན་ཏེ་མི་སྲིད་པའི་ཕྱིར་རོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཕགས་པའི་ལམ་ཡིན་ལ། དེ་ཡང་མོས་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འབྱུང་ཞིང་། རང་གི་མཚན་ཉིད་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་

ཡང་འབྱུང་ངོ་ཞེས་དོན་གྱིས་བཤད་པ་ཡིན་ནོ། །དེ་ལྟར་ན་ཡིད་ལ་བྱེད་པ་གསུམ་འཕགས་པའི་ལམ་གྱི་སྦྱོར་བ་ཡིན་ནོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །གཞན་དག་ན་རེ་སྤྱི་ཡིད་ལ་བྱེད་པ་ཁོ་ནའི་མཇུག་ཐོགས་སུ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། མི་རྟག་པ་ལ་སོགས་པ་མཐོང་བ་ཉིད་ན་འཕགས་པའི་

ལམ་སྐྱེ་བའི་ཕྱིར་དང་གཞན་གཉིས་པོ་འཕགས་པའི་ལམ་དང་མི་འདྲ་བའི་ཕྱིར་རོ། །དེ་ལས་ནི་རྣམ་པ་གསུམ་སྟེ་ཞེས་བྱ་བ་ལ་ཐམས་ཅད་ཀྱིས་ལྡང་བར་མི་འགལ་བས་འདིར་ངེས་པ་མ་བྱས་སོ། །གལ་ཏེ་མོས་པ་ཡིད་ལ་བྱེད་པའི་མཇུག་ཐོགས་སུ་འཕགས་པའི་ལམ་ལ་སྙོམས་པར་མི་འཇུག་ན་འོ་

ན་མི་སྡུག་པ་དང་ལྷན་ཅིག་པའི་ཞེས་རྒྱ་ཆེར་འབྱུང་བ་འདི་ཇི་ལྟར་དྲང་ཞེ་ན། དེའི་ཕྱིར་མི་སྡུག་པས་སེམས་བཏུལ་ནས་ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་དེ་ལྟར་ན་མི་སྡུག་པ་ནི་སྤྱི་ཡིད་ལ་བྱེད་པའི་སྦྱོར་བ་ཡིན་པས་བརྒྱུད་པ་ལས་གསུངས་སོ་ཞེས་ཟེར་རོ། །གལ་ཏེ་མི་ལྕོགས་པ་མེད་པ་ལ་སོགས་པ་ས་གསུམ་ལ་

བརྟེན་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ས་གསུམ་ནི་མི་ལྕོགས་པ་མེད་པ་དང་བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་ནོ། །མཐོང་བའི་ལམ་ས་གསུམ་ལ་བརྟེན་པའི་མཇུག་ཐོགས་སུ་ནི་འདོད་པ་ན་སྤྱོད་པའི་ཐོས་པ་དང་། བསམ་པ་དང་། སྐྱེས་ནས་ཐོབ་པ་སྤྱི་ཡིད་ལ་བྱེད་པ་རྣམ་པ་

བཅུ་དྲུག་དང་ལྡན་པ་མངོན་དུ་བྱེད་པར་འགྱུར་ཏེ་དེ་ནི་ཉེ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་བསམ་གཏན་གཉིས་པ་དང་གསུམ་པ་དང་བཞི་པ་ལ་བརྟེན་ནས་ངེས་པ་ལ་འཇུག་ན་མཐོང་བའི་ལམ་གྱི་མཇུག་ཐོགས་སུ་འདོད་པ་ན་སྤྱོད་པའི་སྤྱི་ཡིད་

เล่ม ๒๐๙ · หน้า 323b

ལ་བྱེད་པ་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོ་དང་བསམ་གཏན་ཁྱད་པར་ཅན་གྱིས་བར་དུ་ཆོད་པའི་ཕྱིར་བསྐལ་པ་གོ་ཇི་ལྟར་མངོན་དུ་བྱེད་པར་འགྱུར་ཞེས་བྱའོ། །གལ་ཏེ་བསམ་གཏན་གཉིས་པ་ལ་སོགས་པའི་ས་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་བས་ཉེས་པ་འདི་མེད་དོ་ཞེ་ན་དེའི་

ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མ་གཏོགས་པར་དེ་དག་གི་ས་པ་ཡང་མ་ཐོབ་པོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འབྲས་བུ་དང་པོའི་སྐད་ཅིག་མ་འདི་འཇིག་རྟེན་པ་བསྒོམ་པས་མི་འཐོབ་བོ། །ཡང་གང་ཞིག་མ་ཐོབ་པ་དེ་གང་ཞེ་ན། ཉམས་པ་དང་། གནས་པ་དང་། ཁྱད་པར་གྱི་ཆ་དང་

མཐུན་པ་དང་རྣམ་པ་གསུམ་མོ། །དེ་ལྟ་ན་འོ་ན་བསམ་གཏན་གཉིས་པ་ལ་སོགས་པའི་ས་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཁོ་ན་མངོན་དུ་བྱེད་པར་འགྱུར་རོ། །དེའི་ཕྱིར་འཕགས་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་མཛད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །དེ་ཉིད་

ལ་རྒྱུ་སྨོས་པ་ནི་འབྲས་བུ་ཐོབ་ཟིན་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། སྦྱོར་བའི་དགོས་པ་བསྒྲུབས་ཟིན་པའི་ཕྱིར་ལ། འཕགས་པའི་ལམ་གྱི་སྦྱོར་བ་ཡང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ཡིན་པས། དེའི་ཕྱིར་འབྲས་བུ་གནས་པ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་

མངོན་དུ་བྱེད་པ་མི་རིགས་སོ། །དེས་ནི་དེ་དང་འདྲ་བ་སྤྱི་ཡིད་ལ་བྱེད་པ་ཞེས་བྱ་བ་ལ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་འདྲ་བ་དེ་མངོན་དུ་བྱེད་པར་འགྱུར་རོ། །དེ་ཉིད་སྟོན་པ་ནི་འདུ་བྱེད་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལ་སོགས་པའོ། །དེ་སྐད་དུ་ནི་མི་བརྗོད་དོ། །ཞེས་བྱ་བ་ལ། སྦྱོར་

བའི་སེམས་ལ་རག་ལས་པ་རྣམས་ཀྱང་འབྲས་བུའི་གོང་དུ་མངོན་དུ་འགྱུར་བ་མི་རུང་ངོ་ཞེས་གཞན་དག་ཟེར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་དག་མངོན་དུ་གྱུར་ན་སྤྱི་ཡིད་ལ་བྱེད་པ་གཞན་བསྒོམ་པ་མེད་པ་མ་ཡིན་ཏེ། གང་གི་ཕྱིར་ངེས་པར་འབྱེད་པའི་ཆ་དང་མཐུན་པ་མངོན་དུ་

གྱུར་ན་རྣམ་པ་འདྲ་བ་ཁོ་ན་སྒོམ་པར་བྱེད་ལ། འདྲ་བ་ཡང་མཐོང་བའི་ལམ་ཁོ་ན་མ་འོངས་པ་ཉིད་ཀྱིས་བསྒོམས་ན་འདི་ནི་འདུ་བྱེད་ཀྱི་ཆོས་ཐམས་ཅད་ལ་དམིགས་པའི་ཕྱིར་མི་འདྲ་བ་ཡིན་ནོ། །དེའི་ཕྱིར་འཕགས་པའི་ལམ་གྱི་མཇུག་ཐོགས་སུ་ཡིད་ལ་བྱེད་པ་རྣམ་པ་གསུམ་མངོན་དུ་བྱེད་པ་

เล่ม ๒๐๙ · หน้า 324a

ཡིན་ནོ། །དེའི་ས་པ་ནི་སྐལ་བ་མཉམ་པའི་ས་པ་སྟེ་ཤིན་ཏུ་གོམས་པའི་ཕྱིར་དང་དགའ་བ་ཡིན་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་ཡིན་ནོ་ཞེས་བྱ་བ་ནི་སྐྱེས་ནས་ཐོབ་པའི་དགེ་བ་སྟེ། སྦྱོར་བ་ལ་བལྟོས་པའི་ཕྱིར་རོ། །དེ་ནི་འདིར་མི་འདོད་དེ་འབད་པས་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །

གཞན་དག་ན་རེ་འགའ་ཞིག་ཐོས་པ་དང་བསམ་པ་ལས་བྱུང་བ་ཡང་ཡིན་ནོ་ཞེས་ཟེར་རོ། །ཅི་ཡང་མེད་པའི་སྐྱེ་མཆེད་ལ་བརྟེན་ནས་ཞེས་བྱ་བ་ལ། གལ་ཏེ་སྲིད་པའི་རྩེ་མོར་སྐྱེས་པ་ཡིན་ན་ནི་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ས་པའི་དགེ་བ་སྦྱོར་བ་ལས་བྱུང་བ་མངོན་དུ་བྱེད་དེ། དེ་ཡང་ཆུང་བའི་ཕྱིར་

སྐྱེས་ནས་ཐོབ་པ་ནི་མ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །དེ་བཞིན་དུ་སྲིད་པའི་རྩེ་མོར་ཡང་སྐྱེ་བའི་སྙོམས་པར་འཇུག་པའི་དབང་གིས་དེ་དག་ཁོ་ན་ཨནྱཱ་ས་མྲྀ་ཡ་ཏཱ་བྷྱཱཾ་མངོན་དུ་བྱེད་དོ། །དེ་ལས་གཞན་པའི་ས་རྣམས་སུ་ནི་རང་གི་ས་པ་ཁོ་ན་སྟེ། སྦྱོར་བ་གཞན་གྱིས་བསྒྲུབ་པར་བྱ་བའི་ཕྱིར་ས་གཞན་ནི་

མ་ཡིན་ནོ། །དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་ཁོ་ན་ཉེ་བར་གནས་པ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཏིང་ངེ་འཛིན་ཤིན་ཏུ་གོམས་པའི་ཕྱིར་དང་། བསམ་པ་ཁ་ནང་དུ་བལྟས་ནས་འཇུག་པའི་ཕྱིར་དེ་དག་སེམས་པ་ན་ཏིང་ངེ་འཛིན་ཁོ་ན་ཉེ་བར་གནས་པ་ཡིན་ནོ། །ཡིད་ལ་བྱེད་པ་ལྔའི་མཇུག་ཐོགས་སུ་ཞེས་བྱ་བ་

ལ། འདོད་པ་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་། བསམ་པ་ལས་བྱུང་བ་དང་། གཟུགས་ན་སྤྱོད་པའི་ཐོས་པ་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒོམ་པ་ལས་བྱུང་བ་ཉིད་ཀྱི་མཇུག་ཐོགས་སུ་ཡིན་གྱི་སྐྱེས་ནས་ཐོབ་པ་དག་གི་མཇུག་ཐོགས་སུ་མངོན་དུ་

བྱ་བ་ནི་མ་ཡིན་ནོ། །འདི་ལ་རྒྱུ་ནི་སྦྱོར་བ་ལ་རག་ལུས་པའི་ཕྱིར་རོ་ཞེས་བྱ་བའོ། །བསམ་གཏན་དང་པོའི་ས་པའི་ནི་རྣམ་པར་ཤེས་པའི་ཚོགས་གསུམ་རྣམས་ལས་སོ། །ས་གོང་མ་རྣམས་སུ་སྐྱེས་པ་གལ་ཏེ་དེ་ལ་ཆགས་པ་དང་མ་བྲལ་ན་དགེ་བ་ཉོན་མོངས་པ་ཅན་དང་ལུང་དུ་མ་བསྟན་པ་ཡིད་ལ་བྱེད་

པའི་མཇུག་ཐོགས་སུ་མངོན་དུ་བྱེད་དོ། །འདོད་ཆགས་དང་བྲལ་བ་ལས་གཞན་དུ་ཉོན་མོངས་པ་ཅན་ལས་སོ། །རྣམ་པར་ཤེས་པའི་ཚོགས་ཀྱི་མཇུག་ཐོགས་སུ་ཡིད་ལ་བྱེད་པ་ལ་སོགས་པ་དེ་དག་ཁོ་ནའོ། །ཅི་སྐད་ཅིག་མ་གཅིག་ལ་དྲུག་དང་དྲུག་དང་གཉིས་རྙེད་དམ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ།

เล่ม ๒๐๙ · หน้า 324b

རེ་ཞིག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་མངོན་དུ་གྱུར་ན་ཁམས་སུ་སླར་ལོག་པ་དང་། དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་ཡོངས་སུ་ཉམས་པ་རྣམས་ཀྱི་ཚེ་ཅི་རིགས་པར་ཡོངས་སུ་བགྲང་སྟེ་དྲུག་རྙེད་དོ། །ཐེ་ཚོམ་གྱིས་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་དང་ཞེས་བྱ་བ་ལ་ཐེ་ཚོམ་

ནི་ཉོན་མོངས་པ་ཅན་ཡིན་པས་དེ་དང་མཚུངས་པར་ལྡན་པའི་སེམས་ཀྱང་ཉོན་མོངས་པ་ཅན་ཡིན་ནོ། །ཉོན་མོངས་པ་ཅན་ཡིན་ན་ཇི་ལྟར་དགེ་བའི་རྩ་བ་དག་མཚམས་སྦྱོར་ཞེ་ན་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བ་ཡོངས་སུ་གཏོང་བ་ལས་སོ། །ཁམས་སུ་སླར་ལྡོག་པ་ལས་ཞེས་བྱ་བ་ལ་གང་གི་ཚེ་

གཟུགས་དང་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ཏེ་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ། འདོད་པ་ན་སྤྱོད་པའི་དགེ་བ་སྐྱེས་ནས་ཐོབ་པ་རྙེད་དོ། །དེ་ལྟར་ཐེ་ཚོམ་དང་མཚུངས་པར་ལྡན་པ་དང་། ཉིང་མཚམས་སྦྱོར་བའི་སེམས་ནི་ཉོན་མོངས་པ་ཅན་ཡིན་པའི་ཕྱིར་རྣམ་པ་གཉིས་ལས་དགེ་

བའི་སེམས་རྙེད་དོ། །མི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གང་གི་ཚེ་གཟུགས་ཀྱི་ཁམས་སམ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་ཉིང་མཚམས་སྦྱོར་བའི་སེམས་མི་དགེ་བའམ། བསྒྲིབས་པ་

མངོན་དུ་འགྱུར་ན་འདོད་པ་ན་སྤྱོད་པའི་མི་དགེ་བ་དང་བསྒྲིབས་པའི་སེམས་རྙེད་དོ། །གཟུགས་ན་སྤྱོད་པ་ཉོན་མོངས་པ་ཅན་དང་ཞེས་བྱ་བ་ལ། གང་གི་ཚེ་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བ་དེའི་ཚེ་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་ཡང་ལྡན་

པ་རྙེད་དོ། །ས་འོག་མར་སྐྱེས་པས་གོང་མ་པའི་ཉོན་མོངས་པ་དང་ལྡན་པས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སྔ་ནས་ལྡན་པའི་ཕྱིར་ཡང་མི་བགྲང་ངོ་། །ཡོངས་སུ་ཉམས་པ་ལས་ཞེས་བྱ་བ་ལ། འདོད་པའི་ཁམས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ནས།

འདོད་པར་གཏོགས་པའི་མི་དགེ་བ་དང་བསྒྲིབས་པ་རྙེད་ལ། འདོད་པར་གཏོགས་པའི་ཀུན་ནས་དཀྲིས་པས་གཟུགས་ཀྱི་འདོད་ཆགས་དང་བྲལ་བ་ལས་ཡོངས་སུ་ཉམས་པ་ན་གཟུགས་སུ་གཏོགས་པའི་བསྒྲིབས་པ་ཡང་རྙེད་དེ། དེ་ལྟར་ན་ཡོངས་སུ་ཉམས་པ་དང་ཉིང་མཚམས་སྦྱོར་བ་

เล่ม ๒๐๙ · หน้า 325a

རྣམ་པ་གཉིས་ལས་འདོད་པར་གཏོགས་པའི་མི་དགེ་བ་དང་། འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྙེད་དོ། །ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་སློབ་པའོ་ཞེས་བྱ་བ་ལ། འདི་

གཉིས་ནི་ཡོངས་སུ་ཉམས་པ་ཁོ་ན་ལས་རྙེད་ཀྱི་ཉིང་མཚམས་སྦྱོར་བ་ལས་ནི་མ་ཡིན་ནོ། །གཟུགས་མེད་པར་གཏོགས་པའི་ཀུན་ནས་དཀྲིས་པ་དགྲ་བཅོམ་པ་ལས་ཡོངས་སུ་ཉམས་པ་ལ་གཉིས་རྙེད་དོ། །སློབ་པ་ལ་གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་པ་དང་གཟུགས་ན་སྤྱོད་པ་ཡོངས་སུ་ཉམས་

པ་ལ་གསུམ་རྙེད་དོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལྷག་པ་འདོད་པ་ན་སྤྱོད་པ་ཡོངས་སུ་ཉམས་པ་ལ་འདོད་པར་གཏོགས་པའི་ཉོན་མོངས་པ་ཅན་གཉིས་ལྷག་པོར་བཅུག་པས་ལྔ་རྙེད་དོ། །དེ་ལྟ་ན་འདི་དག་ནི་གང་དག་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་ལ་རྙེད་པ་དྲུག་ཡིན་

ཏེ། འདོད་པ་ན་སྤྱོད་པ་དགེ་བ་དང་མི་དགེ་བ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་གསུམ་དང་། གཟུགས་དང་གཟུགས་མེད་པར་གཏོགས་པའི་བསྒྲིབས་པ་དག་དང་སློབ་པའོ། །གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ཡང་དྲུག་རྙེད་དེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། གཟུགས་ན་སྤྱོད་

པ་གསུམ་སྟེ། སྐྱེས་ནས་ཐོབ་པའི་དགེ་བ་དང་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་སྤྲུལ་པའི་སེམས་སོ། །འདོད་པ་ན་སྤྱོད་པའི་ནི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་སྤྲུལ་པའི་སེམས་ཉིད་དོ། །རྙེད་པའི་དུས་དག་མང་བའི་ཕྱིར་དུས་གང་གི་ཚེ་ཡིན་པ་མི་ཤེས་པས། ཁམས་སུ་སླར་ལོག་པ་

ལས་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་འདི་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་དེའི་ཚེ་ཉིང་མཚམས་སྦྱོར་བའི་སེམས་མངོན་དུ་གྱུར་པ་ན་སེམས་བཞི་པོ་འདི་དག་རྙེད་དོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་ཞེས་བྱ་བ་ལ་གང་གི་ཚེ་

གཟུགས་ན་སྤྱོད་པའི་ཀུན་ནས་དཀྲིས་པས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་དེའི་ཚེ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པ་རྙེད་དོ། །གལ་ཏེ་ཡང་གནས་སྐབས་དེར་གཟུགས་ན་སྤྱོད་པའི་ཉོན་མོངས་པ་ཅན་ཡང་རྙེད་མོད་ཀྱི་དེ་ནི་སྔར་བགྲངས་ཟིན་པ་ཉིད་ཀྱི་ཕྱིར་ཡང་

เล่ม ๒๐๙ · หน้า 325b

མི་བགྲང་ངོ་། །འདི་དག་ནི་སེམས་དྲུག་ཡིན་ཏེ་གཟུགས་ན་སྤྱོད་པ་གསུམ་དང་འདོད་པ་ན་སྤྱོད་པ་གཅིག་དང་གཟུགས་མེད་པ་ན་སྤྱོད་པ་གཅིག་དང་སློབ་པའོ། །གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་ལ་ནི་གཉིས་རྙེད་དོ་ཞེས་བྱ་བ་ལ་ཁམས་གསུམ་པ་ལ་སོགས་པ་དང་བྲལ་བ་ཁོ་ན་གཟུགས་མེད་པ་ན་

སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་དང་མི་ལྡན་པས་དེ་ཉིད་གཟུགས་མེད་པར་གཏོགས་པའི་ཀུན་ནས་དཀྲིས་པས་དགྲ་བཅོམ་པ་ཉིད་ལས་ཡོངས་སུ་ཉམས་པ་ན་སློབ་པ་དང་། གཟུགས་མེད་པ་ན་སྤྱོད་པའི་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྙེད་དོ། །འདི་གཉིས་ནི་ཡོངས་སུ་ཉམས་པ་ཁོ་ན་ལས་རྙེད་ཀྱི་

ཁམས་སུ་སླར་ལོག་པ་ལས་ནི་མ་ཡིན་ཏེ་དེའི་གོང་ན་ཁམས་གཞན་མེད་པའི་ཕྱིར་རོ། །གཟུགས་སྐྱེས་དགེ་ལ་གསུམ་དག་གོ། །ཞེས་བྱ་བ་ལ། སྙོམས་པར་འཇུག་པ་ལས་ཞེས་བྱའོ། །གང་གི་ཚེ་འདིས་དང་པོར་བསམ་གཏན་གྱི་དངོས་གཞི་ཐོབ་པ་དེའི་ཚེ་གསུམ་རྙེད་དོ། །དགེ་བ་དེ་ཉིད་དང་ཞེས་བྱ་བ་

ནི་གང་རྙེད་པས་གསུམ་རྙེད་པར་བརྗོད་པའོ། །འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་གོ་ཞེས་བྱ་བ་ནི་སྤྲུལ་པ་དག་གོ། །སློབ་པ་ལ་བཞི་ཞེས་བྱ་བ་ལ་གང་ཞིག་མི་ལྕོགས་པ་མེད་པ་ལ་བརྟེན་ནས་འཕགས་པའི་ལམ་གྱིས་རྣམ་པར་གྲོལ་བའི་ལམ་དགུ་པ་ལ་འདོད་པའི་ཁམས་

ལས་འདོད་ཆགས་དང་བྲལ་ཞིང་བསམ་གཏན་དང་པོའི་ས་པའི་སེམས་རྙེད་པ་དེའི་ཚེ་དེས་བསམ་གཏན་གྱི་དངོས་གཞིའི་ས་པའི་སློབ་པ་སྔོན་མ་བྱུང་བ་ཁྱད་པར་དུ་འཕགས་པ་རྙེད་པས་སློབ་པ་རྙེད་པ་ཞེས་བརྗོད་དོ། །འདོད་པ་དང་གཟུགས་ན་སྤྱོད་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ནི། སྤྲུལ་

པའི་སེམས་དག་ཁོ་ནའོ། །གཟུགས་མེད་པའི་དགེ་བའོ་ཞེས་བྱ་བ་ལ། ས་དྲུག་གི་འཕགས་པའི་ལམ་གྱིས་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བ་ནི་རྣམ་པར་གྲོལ་བའི་ལམ་དགུ་པ་གང་ཡིན་པ་དེར་དེ་པའི་ཏིང་ངེ་འཛིན་ཐོབ་པ་ལས་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་རྙེད་དོ། །

འཕགས་པའི་ལམ་སྨོས་པ་ནི་སློབ་པའི་སེམས་ཉེ་བར་བླང་བར་བྱ་བའི་ཕྱིར་རོ། །འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བ་ནི་དྲོ་བར་གྱུར་པའི་གནས་སྐབས་ཁོ་ནར་གཟུགས་ན་སྤྱོད་པའི་དགེ་བ་རྙེད་པ་ཉིད་ཡིན་པས་དེ་ས་པ་ལ་འཇུག་པའི་གནས་སྐབས་སུ་མི་བགྲང་ངོ་། །འདོད་པ་དང་གཟུགས་

เล่ม ๒๐๙ · หน้า 326a

ཀྱི་ཁམས་ཀྱི་འདོད་ཆགས་དང་བྲལ་བར་བྱེད་པ་ན་ཞེས་བྱ་བ་ལ། འདོད་པའི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ན་ནི་གསུམ་མོ། །གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་པ་ནི་གཟུགས་མེད་པར་གཏོགས་པའི་

དགེ་བའོ། །ལྷག་མ་དེ་ཞེས་བྱ་བ་འབྱུང་ངོ་། །གཞན་དག་ན་རེ། གཟུགས་སྐྱེས་དགེ་ལ་གཞན་དག་གོ། །ཞེས་བྱ་བ་སྲིད་པའི་ཕྱིར་བརྗོད་པ་སྟེ། གཟུགས་སུ་གཏོགས་པའི་དགེ་བ་འགའ་ཞིག་ཉིད་ཐོབ་པའོ། །དེ་བཞིན་དུ་སློབ་པ་ལ་ཡང་དེ་སྲིད་པའི་ཕྱིར་

བཞི་རྣམས་སོ་ཞེས་བརྗོད་པར་བྱའོ་ཞེ་ན་བརྗོད་པར་མི་བྱ་སྟེ། སློབ་པས་ནི་སྔར་ཉིད་དུ་ཐོབ་ཟིན་པའི་ཕྱིར་རོ། །དགེ་བ་ཡང་སྔར་ཉིད་དུ་ཐོབ་ཟིན་པ་མ་ཡིན་ནམ་ཞེ་ན། ཐོབ་ཟིན་པ་མ་ཡིན་ཏེ། བསམ་གཏན་གྱི་དངོས་གཞིའི་ས་པའི་འཆད་པར་འདོད་པའི་ཕྱིར་རོ། །

སློབ་པ་ལ་ནི་དེ་ལྟར་མི་འགྱུར་རོ། །སློབ་པ་ལ་བཞི་རྣམས་སོ་ཞེས་ངེས་པ་ཁོ་ནར་བརྗོད་པར་བྱའོ། །འགའ་ཞིག་གིས་ནི་གཟུགས་ལ་འདོད་ཆགས་དང་མ་བྲལ་བ་ཁོ་ནར་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་སེམས་རྙེད་དོ། །དེ་དག་ཐམས་ཅད་ཀྱང་སོ་སོར་

བརྗོད་དེ་སློབ་པ་འགའ་ཞིག་གིས་རྙེད་པ་དེ་བཞིན་དུ་གཟུགས་ན་སྤྱོད་པའི་དགེ་བ་ཡང་དེ་ལ་སྲིད་པས་ལྔ་རྣམས་སོ་ཞེས་བརྗོད་པར་བྱའོ་ཞེ་ན་བརྗོད་པར་མི་བྱ་སྟེ་སྔར་ཉིད་དུ་དེ་ཐོབ་ཟིན་པའི་ཕྱིར་རོ། །སློབ་པ་ཡང་སྔར་ཉིད་དུ་ཐོབ་ཟིན་པ་མ་ཡིན་ནམ་ཞེ་ན་དེའི་ལྷག་མར་བྱས་

པ་ཞེས་འབྱུང་ངོ་། །ལྷག་མ་ཡང་གང་ཞིག་ཅེ་ན། ཁམས་གསུམ་གྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། འདོད་པར་གཏོགས་པ་དང་། གཟུགས་མེད་པར་གཏོགས་པའི་དགེ་བ་དང་མི་སློབ་པའོ། །དེ་ལ་འདོད་པར་གཏོགས་པའི་སེམས་

མངོན་དུ་གྱུར་ན་འདོད་པར་གཏོགས་པའི་དགེ་བ་ཁོ་ན་རྙེད་ཀྱི། གཞན་མི་རྙེད་པའི་བར་དུ་ཡང་དེ་དང་འདྲའོ། །འདི་ལྟར་ཉོན་མོངས་པ་ཅན་གྱི་སེམས་ནི་ཡོངས་སུ་ཉམས་པ་དང་ཉིང་མཚམས་སྦྱོར་བ་དག་གི་ཚེ་རྙེད་ན། སེམས་འདི་དག་ནི་ཡོངས་སུ་ཉམས་པ་

เล่ม ๒๐๙ · หน้า 326b

ཉིང་མཚམས་སྦྱོར་བ་དག་གི་ཚེ་མི་སྲིད་དོ། །རྣམ་པར་སྨིན་པ་ལས་སྐྱེས་པའི་ཐོབ་པ་ཡང་སྔོན་གྱི་ལས་ཀྱིས་འཕངས་པས་ལྷན་ཅིག་སྐྱེས་པ་སྟེ། སེམས་ཀྱི་མཇུག་ཐོགས་སུ་སྟོབས་ཀྱིས་ཐོབ་པ་མ་ཡིན་ནོ། །བཟོའི་གནས་པ་དང་སྤྱོད་ལམ་པའི་ཐོབ་

པ་ཡང་ཁ་ཅིག་ལྷན་ཅིག་སྐྱེས་པའོ། །ཅུང་ཟད་གོམས་པའི་ཁྱད་པར་ལས་ཐོབ་ཟིན་རྙེད་པ་སྟེ། དེའི་ཐོབ་པ་སེམས་ཀྱི་མཇུག་ཐོགས་ལ་བལྟོས་པ་མ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །གཞན་དག་ན་རེ་སློབ་པ་

ལ་ཡང་བཞི་རྙེད་པ་ཞེས་བྱ་བ་མི་རུང་སྟེ། གང་གི་ཕྱིར་ཁམས་གསུམ་པའི་དགེ་བའི་རྣམས་དང་ཟད་པར་ཤེས་པ་མ་འོངས་པ་རྣམས་བསྒོམ་པར་བྱ་སྟེ། སྔར་ཐོབ་ཟིན་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་མ་འོངས་པ་བསྒོམ་པ་ཡོད་པས་གང་གི་ཚེ་གཟུགས་

ན་སྤྱོད་པ་ལ་ཡང་སློབ་པའི་དགེ་བ་རྙེད་དོ་ཞེ་ན། དེ་ལ་དེ་ཁོ་ན་ཉིད་དོ་ཞེས་བརྗོད་པར་མི་བྱ་སྟེ། གཟུགས་ན་སྤྱོད་པ་ལ་ཡང་སློབ་པ་ལ་གསུམ་དང་བཞི་སྲིད་པ་ཁོ་ན་སྐྱེའོ་ཞེས་འདི་བསམ་པར་བྱའོ། །ཁྱད་པར་མེད་པར་ཞེས་བྱ་བ་ལ། ཁམས་ཀྱི་དབྱེ་བས་ཉོན་

མོངས་པ་ཅན་དབྱེ་བ་ཁས་མ་བླངས་པར་ཉོན་མོངས་པ་ཅན་གྱི་སེམས་ལ་དགུ་རྙེད་དོ་ཞེས་ཟེར་རོ། །ཉིང་མཚམས་སྦྱོར་བའི་ཚེ་འདོད་པ་ན་སྤྱོད་པ་བཞི་པོ་དགེ་བ་དང་། མི་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་

དང་། ཉིང་མཚམས་སྦྱོར་བའི་ཚེ་གཟུགས་ན་སྤྱོད་པ་གསུམ་པོ་དགེ་བ་དང་། བསྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ནའོ། །ཁམས་ཀྱི་ཁྱད་པར་ལས་སེམས་རྣམ་པར་གཞག་གི་སར་སླར་ལོག་པ་ལས་བརྩམས་

པ་མ་ཡིན་ནོ་ཞེས་གྲག་གོ། །དེ་ཉིད་ཀྱི་ཕྱིར་གཟུགས་མེད་པ་ན་སྤྱོད་པའི་དགེ་བའི་གོ་སྐབས་མེད་དེ་དེའི་ས་པའི་ཉོན་མོངས་པ་ཅན་གྱི་སེམས་བསྒྲིབས་ལ་ལུང་དུ་མ་བསྟན་པའོ་ཞེས་པ་དེ་ལྟར་མི་རུང་སྟེ་གཞན་དུ་ན་བཅུ་པོ་རྣམས་ཞེས་འདོན་ཏོ་ཞེས་ཟེར་རོ། །

เล่ม ๒๐๙ · หน้า 327a

ཁམས་ཐ་དད་པས་སེམས་རྣམ་པར་གཞག་པ་སྲིད་པས། གང་གི་ཚེ་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་གྱི་སེམས་སྐྱེ་བའི་ཚེ་རང་གི་ཁམས་པའི་དགེ་བ་ཉོན་མོངས་པ་ཅན་རྙེད་དོ། །དེ་སྨོས་པས་ཅིར་འགྱུར་ཞེ་ན།

ཁམས་ཐ་དད་པའི་དབང་དུ་བྱས་པས་ཀྱང་ཟག་པ་མེད་པའི་སེམས་སྨོས་པ་བཞིན་ནོ། །ཡོངས་སུ་ཉམས་པ་ལས་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ། །དགེ་བའི་སེམས་ལས་དྲུག་ཡིན་ཏེ། །ཞེས་བྱ་བ་འདིར་ཡང་ཁམས་གསུམ་པ་

ཁོ་ན་ཤེས་པར་བྱའོ། །དེ་ལ་དགེ་བའི་སེམས་ལ་ནི་དྲུག་སྟེ། འདོད་ཆགས་དང་བྲལ་བ་ཐོབ་པ་ལས་འདོད་པ་དང་གཟུགས་ན་སྤྱོད་པའི་སྤྲུལ་པའི་སེམས་དག་དང་། དེ་པའི་ཏིང་ངེ་འཛིན་ཐོབ་པ་ལས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དག་དང་།

ངེས་པ་ལ་འཇུག་པའི་ཚེ་སློབ་པ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ཐོབ་པའི་ཚེ་མི་སློབ་པ་སྟེ། སེམས་དྲུག་པོ་འདི་དག་ནི་དགེ་བའི་སེམས་ལ་རྙེད་དོ། །དགེ་བའི་སེམས་ལ་བདུན་པ་རྙེད། །ཅེས་བྱ་བ་འདིར་ཡང་ཁམས་གསུམ་པ་ཡང་སྲིད་དོ་ཞེས་བསྟན་

པའི་ཕྱིར་རོ། །གཞན་དག་ན་རེ། གང་དུ་ཅིག་ཅར་དྲུག་རྙེད་པ་དེར་སློབ་དཔོན་གྱིས་སྨོས་པས་འདི་ལ་སྐྱོན་མེད་དོ། །ཇི་ལྟར་ཟད་པ་ཤེས་པ་ཐོབ་པ་ལས་ཁམས་གསུམ་པའི་དགེ་བ་འདོད་པ་དང་གཟུགས་ན་སྤྱོད་པ་དང་། ལུང་དུ་མ་བསྟན་པ་དང་། སྤྲུལ་

པའི་སེམས་དང་ཟག་པ་མེད་པ་རྙེད་དོ། །དགེ་བའི་སེམས་ལ་གཞན་ཡང་འགའ་ཞིག་རྙེད་པ་སྲིད་དོ། །ཇི་ལྟར་འདི་ཉིད་ཀྱི་མཇུག་ཐོགས་མ་ཡིན་པར་བཤད་པ་དེ་ནི་ངེས་པར་མི་གཟུང་ངོ་། །བསྡུ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།

སྐྱེ་བའི་ཚེ་ཇི་ལྟར་རྙེད་ཅེ་ན། དགེ་བ་དང་ཉོན་མོངས་པ་ཅན་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཏེ། ཁམས་སུ་སླར་ལོག་པ་ལས་དེ་དག་རྙེད་དོ། །སྙོམས་པར་འཇུག་པའི་ཚེ་ཇི་ལྟར་ཞེ་ན། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་

เล่ม ๒๐๙ · หน้า 327b

དགེ་བ་དག་ནི་དེ་པའི་ཏིང་ངེ་འཛིན་ཐོབ་པ་ལས་སོ། །འདོད་ཆགས་དང་བྲལ་བའི་ཚེ་ཇི་ལྟར་ཞེ་ན། སློབ་པ་ལ་བཞི། འཕགས་པའི་ལམ་གྱིས་འདོད་པ་དང་གཟུགས་ཀྱི་ཁམས་ལས་འདོད་ཆགས་དང་བྲལ་བར་བྱེད་ན་སྤྲུལ་པའི་སེམས་ལ་སོགས་པ་རྣམས་རྙེད་

པར་བཤད་པ་ལྟ་བུའོ། །ཡོངས་སུ་ཉམས་པའི་ཚེ། ཇི་ལྟར་ཞེ་ན། ཇི་སྐད་དུ། གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་སློབ་པའོ་ཞེས་བཤད་པ་ལྟ་བུའོ། །དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བའི་ཚེ། ཇི་ལྟར་ཞེ་ན་ཐེ་ཚོམ་མམ།

ཡང་དག་པའི་ལྟ་བས་དགེ་བའི་རྩ་བ་ཉིང་མཚམས་སྦྱོར་བ་ལ་དགེ་བ་ལྟ་བུའོ། །སེམས་དེ་ལྡན་པ་མིན་ལས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་སེམས་རྣམས་དང་མི་ལྡན་པ་ལས་རྙེད་ཅེས་བྱ་བའི་ཐ་ཚིག་གོ། །སློབ་དཔོན་བཙུན་པ་གནས་བརྟན་

བློ་གྲོས་བརྟན་པས་ཉེ་བར་སྦྱར་བ་མཛོད་ཀྱི་བཤད་པའི་དེ་ཁོ་ནའི་དོན་རྒྱ་ཆེར་འགྲེལ་པ་ལས་མཛོད་ཀྱི་གནས་གཉིས་པའོ།། །།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ད་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ངེས་པས་

སེམས་ལ་སོགས་པ་ཞེས་རྒྱ་ཆེར་འབྱུང་བ་ལ། སོགས་པ་ཞེས་བྱ་བའི་སྒྲས་ཁམས་དང་དབང་པོ་ལ་སོགས་པ་བསྡུ་སྟེ། དེ་ལ་སེམས་རྣམས་ནི། འདོད་ཡིད་དགེ་དང་མི་དགེ་དང་། །བསྒྲིབས་པ་དང་ནི་ཞེས་བྱ་བ་ལ་སོགས་པས་འདོད་པའི་ཁམས་

ལ་སོགས་པའི་ངེས་པས་བསྟན་ཏོ། །ཁམས་རྣམས་ཀྱང་འདོད་ཁམས་གཏོགས་པ་ཐམས་ཅད་དོ། །གཟུགས་ཀྱི་ཁམས་ན་བཅུ་བཞིའོ། །ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་དབང་པོ་རྣམས་ཀྱང་། དྲི་མེད་མ་གཏོགས་འདོད་པར་

གཏོགས། །ཕོ་མོའི་དབང་དང་སྡུག་བསྔལ་དག །མ་གཏོགས་གཟུགས་ཞེས་བྱ་བས་རྒྱས་པར་བཤད་ལ། ཐལ་མ་ཐག་ཏུ་ཡང་ཁམས་གསུམ་པའི་ཉོན་མོངས་པ་ཅན་ཞེས་བྱ་བ་ལ་སོགས་པ་བཤད་ན། འདོད་པ་དང་གཟུགས་དང་གཟུགས་

เล่ม ๒๐๙ · หน้า 328a

མེད་པ་དེ་དག་གི་མཚན་ཉིད་མ་བསྟན་པ་ཡིན་པས་འདྲི་བ་ནི། དེ་ལ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་དེ་དག་གང་ཡིན་པ་བརྗོད་པར་བྱ་སྟེ། ཞེས་བྱ་བའོ། །རྣམ་གྲངས་མེད་པར་འཁོར་དང་བཅས་པ་

བར་དང་བཅས་པའི་སྣོད་ནི་འགྲོ་བ་བཞི་པོ་རྣམས་ཀྱི་སྟེ། གཅིག་ལས་འདོད་པའི་ཁམས་བཅུ་གཅིག་སྟེ་དེ་ཡང་ལྷའི་རིས་དྲུག་གོ། །དེའི་སྣོད་ཀྱི་འཇིག་རྟེན་ནི་འདོད་པའི་ཁམས་དང་ཐ་མི་དད་པས་གནས་བཅུ་སྟེ། གླིང་དབྱེ་བ་ལས་ཞེས་རྒྱ་ཆེར་འབྱུང་

ངོ་། །བསམ་གཏན་ས་ནི་གསུམ་པ་ཡིན། །ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། རེ་ཞིག་བསམ་གཏན་གསུམ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་རེ་རེ་ཞིང་ས་རྣམ་པ་གསུམ་ཡིན་ནོ། །བཞི་པ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོར་ཕྱེ་བའི་ཕྱིར་དང་། ཆེན་

པོ་དེ་ཡང་རྣམ་པ་ལྔར་ཕྱེ་བས་གནས་གཙང་སྐྱེ་བ་ལྔ་ཁོ་ན་ཞེས་རྣམ་པ་ལྔ་ཉིད་ཀྱི་ཕྱིར་ས་བརྒྱད་ཉིད་དོ། །གཞན་དག་ནི་གནས་བཅུ་བདུན་ནོ་ཞེས་ཟེར་རོ། །བསམ་གཏན་དང་པོ་ས་གཉིས་དང་བཞི་པ་ན་འདུ་ཤེས་མེད་པའི་སེམས་ཅན་ལྷག་པས་ས་དགུ་

སྟེ། དེ་རྣམས་གནས་བཅོ་བརྒྱད་དུ་བརྗོད་པར་བྱའོ། །ཚངས་ཆེན་པ་རྣམས་ནི་ཚངས་པ་འདུན་ན་འདོན་དག་པས་ཚེ་དང་ལུས་ཀྱི་ཚད་དང་། རྟོག་པ་དང་ཚོར་བ་ལ་སོགས་པ་ཐ་དད་པའི་ཕྱིར་ཐ་དད་པ་ཉིད་དོ། །འབྲས་བུ་ཆེ་རྣམས་ལས་འདུ་ཤེས་

མེད་པ་པའི་སེམས་ཅན་རྣམས་སོ་སོ་སྐྱེ་བོའི་སྐྱེ་བ་མཐའ་གཅིག་ཏུ་ཐ་དད་པའི་ཕྱིར་གཞན་གནས་བཅོ་བརྒྱད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེའི་སྐྱེ་བ་ནི་འབྲས་བུ་ཆེ་བ་ལྡན་པའི་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་རོ། །འོ་ན་འདིར་ཡང་ཚངས་པ་མདུན་ན་འདོན་

དང་ལྡན་པའི་ལས་ཀྱི་འབྲས་བུ་ཉིད་ཀྱི་ཕྱིར་དེའི་སྐྱེ་བ་ལ་གཞན་མ་ཡིན་ནོ་ཞེ་ན། ཆེན་པོ་ནི་ཚངས་པ་མདུན་ན་འདོན་དང་ལྡན་པའི་ལས་ཚངས་ཆེན་གྱི་འབྲས་བུའོ། །དེ་ལ་འགའ་ཞིག་དེའི་སྐྱེ་བའི་རྒྱུར་འགྱུར་རོ་ཞེས་བྱ་བ་དེ་དག་དང་ཚེ་ལ་སོགས་པ་

เล่ม ๒๐๙ · หน้า 328b

མཚུངས་པས་ཡིན་ན། འོ་ན་གལ་ཏེ་ཚེ་ལ་སོགས་པ་ཐ་དད་ཀྱང་དེ་ལྟར་རྟོག་ན་འོད་ཆུང་ལ་སོགས་པ་རྣམས་ལ་ཡང་དེ་ལྟར་བརྟག་ནུས་པ་ཉིད་དུ་ཧ་ཅང་ཐལ་བར་འགྱུར་ཏེ། ལྷའི་རིས་དེ་ཡང་ཚེ་ལ་སོགས་པ་ཐ་དད་ཀྱང་ཚངས་པ་ཆེན་པོ་དང་གཅིག་

མ་ཡིན་པའི་ཕྱིར་རིས་གཅིག་པ་ཉིད་མི་རུང་ངོ་། །ཚངས་པ་མདུན་ན་འདོན་རྣམས་ཉིད་དེ་དག་དང་ལྷན་ཅིག་སེམས་ཅན་སྐལ་བ་མཉམ་པ་ཉིད་དོ། །དེ་ལྟར་འདི་འོད་ཆུང་ལ་སོགས་པ་རྣམས་དང་མཚུངས་པ་མ་ཡིན་ནོ། །བཙུན་པ་དཔལ་ལེན་ན་རེ།

གཟུགས་ཀྱི་ཁམས་ན་གནས་བཅོ་བརྒྱད་དོ་ཞེས་ཟེར་རོ། །བསམ་གཏན་བསྒོམ་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཉིད་ཀྱི་ཕྱིར་བསམ་གཏན་དང་པོ་ནི་རིས་གསུམ་ཉིད་དེ། ཚངས་ཆེན་ཉིད་ནི་དེ་དང་ལྷན་ཅིག་གྲོང་གི་མཐའ་ནས་དགོན་པ་བཞིན་དུ་

མཆོག་ཏུ་གྱུར་པས་གནས་སོ། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་པ་དང་བསམ་གཏན་བཞི་པའི་གནས་གཞན་བཞི་སྟེ། དེ་ལྟར་བཅོ་བརྒྱད་དུ་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ཡང་དེ་ལྟར་མ་ཡིན་ཏེ། བསམ་གཏན་དང་

པོའི་གནས་གཞན་བཞིར་ཐལ་བའི་ཕྱིར་རོ། །གང་ཞིག་བསམ་གཏན་བསྒོམ་པ་ཆུང་ངུ་ལ་སོགས་པའི་དབྱེ་བས་ཐ་དད་པའི་ཕྱིར་ས་རྣམ་པ་གསུམ་དུ་ཡོངས་སུ་བརྟག་པར་བྱའོ། །དེ་ལས་ཚངས་ཆེན་ཚེ་ལ་སོགས་པ་ཆེས་ཕུལ་དུ་བྱུང་བ་དང་། རྒྱ་ཆེས་

ཕུལ་དུ་བྱུང་བར་རྟོགས་པར་བྱའོ། །དེ་ལྟར་བཞི་པ་ནི་ཚངས་ཆེན་དུ་འགྱུར་རོ། །འབྲས་བུ་ཆེ་རྣམས་ལས་ཀྱང་འདུ་ཤེས་མེད་པའི་སེམས་ཅན་རྣམས་ཚེ་ལ་སོགས་པ་ཁྱད་པར་མེད་པའི་ཕྱིར་དང་། དེའི་རྒྱུ་ལ་ཁྱད་པར་མེད་པས་དེ་དག་གི་བཞི་པ་ནི་བསམ་

གཏན་བཞི་པ་ལས་གཞན་དུ་མི་རུང་སྟེ། ཚེ་ལ་སོགས་པའི་ཁྱད་པར་ཁས་བླངས་པ་ཉིད་དོ། །འོག་མིན་པ་རྣམས་ཀྱི་ཚེ་བསྐལ་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་སུ་ཐལ་བར་འགྱུར་རོ། །འདི་མཐར་ཐུག་ཡིན་པ་དེའི་ཕྱིར་བསམ་གཏན་བསྒོམ་པ་ཐ་དད་

เล่ม ๒๐๙ · หน้า 329a

པས་གནས་ཐ་དད་པ་མ་ཡིན་ནོ། །ཁ་ཆེ་བ་རྣམས་ན་རེ། འདི་ལྟར་ཚངས་ཆེན་གྱི་གནས་ནི་ཆེས་མཆོག་ཏུ་གྱུར་པའི་གནས་གཉིས་པ་ཞིག་སྟེ་གཟུགས་ཀྱི་ཁམས་གནས་བཅུ་དྲུག་ཁོ་ནའོ་ཞེས་ཟེར་རོ། །དེ་ལྟར་ན་མདོ་དང་

མཐུན་པར་འགྱུར་ཏེ། རྣམ་པར་ཤེས་པའི་གནས་རྣམས་ཀྱི་མཐར་ཐུག་པ་སྨོས་པའི་ཕྱིར་འོད་གསལ་དང་དགེ་རྒྱས་དག་གོ། །དེ་ལས་གཞན་ནི་ཚངས་ཆེན་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་འཆད་དོ། །གཟུགས་མེད་ཁམས་ན་གནས་མེད་དོ། །

ཞེས་བྱ་བ་ལ། འདི་ལ་གནས་ཡོད་པ་མ་ཡིན་པས་ན་གནས་མེད་དོ། །གཟུགས་ཅན་ནི་འདས་པ་དང་། མ་འོངས་པ་རྣམས་ཡུལ་ན་མི་གནས་པ་ཡིན་གྱི། ད་ལྟར་བ་ནི་མ་ཡིན་ནོ། །གཟུགས་ཅན་མ་ཡིན་པ་རྣམ་པར་རིག་བྱེད་མ་ཡིན་པ་དང་

བཅས་པ་རྣམས་ནི་ཐོགས་པ་མེད་པའི་ཕྱིར་དུས་གསུམ་གར་ཡང་ཡུལ་ན་མི་གནས་པ་ཡིན་ལ། གཟུགས་མེད་པ་རྣམས་ཀྱང་གཟུགས་མེད་པ་མ་ཡིན་ཏེ། དེའི་ཕྱིར་ཡུལ་ན་མི་གནས་སོ། །དེ་ལྟ་ན་འོ་ན་རྣམ་པ་བཞི་ཡིན་ཞེ་ན། སྐྱེ་བ་ལས་ནི་རྣམ་

པ་བཞི་ཞེས་བྱ་བ་སྨོས་སོ། །དེ་དག་ལ་ཡུལ་གྱིས་བྱས་པའི་བློ་ནི་མེད་དེ་ཞེས་བྱ་བ་ནི། ཡུལ་ན་མི་གནས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །གལ་ཏེ་དེ་ཉིད་དུ་སྐྱེ་ན་ཇི་ལྟར་ཡུལ་ན་མི་གནས་པ་

ཡིན་ཞེ་ན། རྟེན་སྔ་མའི་སྒོ་ནས་དེ་ཉིད་དུ་སྐྱེའོ་ཞེས་བྱ་བར་གདགས་ཀྱི་ཡུལ་དེ་ན་གནས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། གཟུགས་ཀྱི་ལུས་མེད་པའི་ཕྱིར་གཞན་དུ་ནི་མ་ཡིན་ནོ། །སྙམ་དུ་བསམས་པའོ། །འོ་ན་འཆི་འཕོ་བ་རྣམས་ཀྱི་སྲིད་

པ་བར་མ་དེ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། ཡུལ་དེའི་ལུས་ལ་ཆགས་པས་འཇུག་པ་རྙེད་པ་ལས་བག་ཡངས་སུ་རྒྱས་པས་དེ་ནས་འཆི་འཕོ་བ་རྣམས་ཀྱི་སྲིད་པ་བར་མ་ཡང་དེ་ཉིད་དུ་འགྲུབ་པས་སྐྱེ་བའི་བྱེ་བྲག་གིས་རྣམ་པ་བཞི་ཉིད་ཡིན་པར་རིགས་སོ། །གལ་ཏེ་བླ་

ที่มาและสัญญาอนุญาต

ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ

สัญญาอนุญาต Public Domain · หลักฐาน

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)

  • หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
  • ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด