ཆོས་མངོན་པ་མཛོད་ཀྱི་བཤད་པའི་རྒྱ་ཆེར་འགྲེལ་པ
ชื่อสันสกฤต (อักษรทิเบต ตามตัวบท) ཨ་བྷི་དྷརྨྨ་ཀ་ཥོ་བྷཱ་ཥྱ་ཊཱི་ཀཱ་ཏ་ཏྭཱརྠ་ནཱ་མ
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
เล่ม ๒๐๙ · หน้า 29b
ཐར་པ་དང་མི་འདྲ་བར་ལྡན་པ་ལས་སོ། །ལྡན་པ་ཞེས་བྱ་བ་འདི་ཡང་ཅི་ཉོན་མོངས་པ་དང་ཕྲ་རྒྱས་ཤེ་ན། བསྟན་བཅོས་སུ་ཇི་སྐད་བཤད་པ་གང་ཟག་གང་གི་ཕྲ་རྒྱས་གང་དངོས་པོ་གང་ལ་རྒྱས་པར་འགྱུར་བ་དེ་གང་ཟག་དེ་ཕྲ་རྒྱས་དེ་དང་དངོས་པོ་དེ་ལྡན་པར་བརྗོད་པར་བྱའོ། །
དེའི་ཕྱིར་ཕྲ་རྒྱས་གནས་པའི་མཚན་ཉིད་ཕྲ་རྒྱས་དངོས་པོ་ལ་ལྡན་པ་དེ་འགལ་ཟླའི་ཆོས་ཟག་བཅས་ཀྱི་ཆོས་རྣམས་དང་མི་ལྡན་པའོ། །གང་ཟག་གི་ལྡན་པའམ་གང་ཟག་གི་མི་ལྡན་པ་ཡང་ཇི་ལྟར་ཞེ་ན། རྟེན་གང་ལ་གང་ཟག་ཏུ་བརྗོད་པའི་རྒྱུད་ལ་ལྡན་པའམ་མི་ལྡན་པའི་ཐོབ་
པ་མངོན་དུ་གྱུར་པ་ལ་ལྡན་པའམ་མི་ལྡན་པ་ཞེས་བྱ་བར་རྣམ་པར་གཞག་པར་བྱའོ། །ཡང་ན་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཐོབ་པ་ནི་ལྡན་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་ཟག་པ་དང་བཅས་པ་གང་ཡང་རུང་བ་དང་ཉོན་མོངས་པ་ཅན་གྱི་དེ་ལ་དམིགས་པའི་ཉོན་
མོངས་པའི་ཐོབ་པ་ཡང་ལྡན་པའོ། །ཇི་སྐད་བཤད་པའི་སྤངས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་དང་ལྡན་པའི་ལྷག་མ་ཀུན་ཏུ་འགྲོ་བ་དང་། སྔར་སྤངས་པའི་རྣམ་པ་དང་ལྷག་མ་དེའི་ཡུལ་གྱི་དྲི་མ་རྣམས་དང་དེའི་ཐོབ་པ་ནི་ཟག་པ་དང་བཅས་པའི་ཆོས་རྣམས་དང་མི་འདྲ་བའི་ཆོས་
ཅན་གྱི་ཕྱིར་མི་ལྡན་པ་ཞེས་བརྗོད་པར་བྱའོ། །ཡང་ཅི་ལྟར་འདི་དང་ཉེ་བ་མ་ཡིན་པ་དེ་ཐོབ་པ་དང་ལྷན་ཅིག་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཐོབ་པ་སྐྱེ་ཞེ་ན། དེ་ལྟར་བྱས་ནས་མི་ལྡན་པར་བྱེད་པས་སམ་འདི་ལས་ཐོབ་པས་ན་མི་ལྡན་པའོ། །འདིས་བྲལ་བར་བྱེད་པ་དང་བྲལ་བས་
བྲལ་བ་མ་ཡིན་ནོ། །དེ་ལྟར་བྱེད་ན་ནི་ལས་དང་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་དང་བྲལ་བ་ཙམ་ལ་ཡང་ཐལ་བར་འགྱུར་རོ། །ཅིག་ཤོས་ལ་ཡང་མྱ་ངན་ལས་འདས་པའི་ཐོབ་པ་དང་ཟག་པ་དང་བཅས་པའི་ཆོས་ཀྱི་ཐོབ་པ་མི་ལྡན་པར་ཐལ་བར་མ་ཡིན་ནམ་ཞེ་ན་ཐལ་བར་འགྱུར་བ་
མ་ཡིན་ནོ། །འདུས་མ་བྱས་ཀྱི་དབང་དུ་བྱས་ནས་དེ་ལྟ་ན་ཏ་དྷི་ཡནྣནྟ་ར་མརྠ་ཀཾ་སཾ་ཁྱཱ་ནི་ཏུ་ལ་ནི་བི་ཙ་ཡ་པྲཛྙ་ཏྱ་ན་རྠནྡཱ་རམྤྲ་ཏི་བཱིཔྶཱ་རྠཿའདི་སྐད་བསྟན་པར་འགྱུར་ཏེ། སྡུག་བསྔལ་ལ་སོགས་པ་འཕགས་པའི་བདེན་པ་རྣམས་ལ་སོ་སོ་སོ་སོར་བརྟགས་པས་སོ་སོར་བརྟགས་པའོ། །
เล่ม ๒๐๙ · หน้า 30a
འཕགས་པའི་བདེན་པ་སྨོས་པ་ནི་ཚོར་བ་རྣམ་པར་བཅད་པའི་ཕྱིར་རོ། །བསྟན་པ་འདི་ནི་ཕལ་ཆེ་བའམ་གཙོ་བོ་ཡིན་ཏེ། གཞན་དུ་ན་འཇིག་རྟེན་པའི་ལམ་གྱིས་ཐོབ་པ་སོ་སོར་བརྟགས་པའི་འགོག་པར་མི་འགྱུར་རོ། །གལ་ཏེ་འཇིག་རྟེན་པས་བྲལ་
བས་ཐོབ་པ་འདི་ཅི་ལྟར་འཇིག་རྟེན་པ་ཡིན་ཞེས་ཁ་ཅིག་གོ། །ཨེ་ཏཙྪན་ས་ཧི་སྲེད་པའི་ཕྲ་རྒྱས་ཀྱི་ཕྱིར་དང་འཇིག་རྟེན་པའི་སྤང་བྱའི་ས་བདུན་པའི་འདོད་ཆགས་ཀྱི་ཕྲ་རྒྱས་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འདི་ཡང་འཇིག་རྟེན་ལས་འདས་པའི་ལམ་བཞིན་དུ་བྲལ་བ་ཐོབ་པར་བྱེད་དོ། །
ཤེས་རབ་ཀྱི་བྱེ་བྲག་གོ་ཞེས་བྱ་བ་ནི་བར་ཆད་མེད་པའི་ལམ་སྟེ་དེས་ཐོབ་བྱའོ། །བར་གྱི་ཚིག་མི་མངོན་པར་བྱས་པས་ཞེས་པ་ནི་སྒྲའི་སྒོ་ནས་གྲགས་པ་བྱེ་བྲག་ཏུ་རྟོགས་པར་བྱེད་པའོ། །ཡང་ཅི་འགོག་པ་ལྟར་གཅིག་ཁོ་ནའམ་གལ་ཏེ་བྲལ་བའི་རྫས་ལྟར་དུ་མ་ཡིན་ཞེ་ན། དེའི་
ཕྱིར་སོ་སོ་སོ་སོ་ཡིན་གསུངས་ཏེ་གཞན་དང་གཞན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་འཆད་པར་བྱེད་པ་ནི། །ལྡན་པའི་རྫས་རྣམས་ཇི་སྙེད་པ། །ཞེས་རྒྱས་པར་འབྱུང་སྟེ། རྫས་སུ་སཏྟཱ་ནུ་པ་པཏྟེཿསློབ་དཔོན་གུ་ཎ་ནནྡི་ན་ར་གཅིག་དང་དུ་མ་ཉིད་མི་སྲིད་དོ་ཞེས་ཟེར་ཏེ་དེ་ལྟར་
མི་བསམ་མོ། །ཁ་ཅིག་ན་རེ་བྲལ་བ་ཐམས་ཅད་གཅིག་ཉིད་ཁོ་ནར་འདོད་དོ་ཞེས་ཟེར་ཏོ། ཡང་གཅིག་ཉིད་ཅེས་ལྡན་པའི་ཆེད་དུ་རྫས་ཞེས་ཚིག་རྣམ་པར་སྦྱར་ཏེ་ཐོབ་པའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ན་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་ཉོན་མོངས་པ་དང་ཕྲ་རྒྱས་རྣམས་སྐྱེ་
བའི་ཕྱིར་ཏེ་དེ་དག་ཀྱང་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །ཡང་ན་ལྡན་པར་གྱུར་པའི་རྫས་རྣམས་ཏེ་འཆིང་བར་གྱུར་པའི་ཕྱིར་རོ། །བྲལ་བ་ཉིད་རྫས་ཡིན་པ་ནི་བྲལ་བའི་རྫས་རྣམས་ཏེ། དེ་དག་ཀྱང་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དག་དང་གཞན་འདུས་མ་བྱས་
སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་སོ་སོར་བརྟགས་པ་འགོག་པ་གཅིག་ཉིད་དུ་གྱུར་ན་ཞེས་པའོ། །ཉོན་མོངས་པ་ཐམས་ཅད་འགོག་པ་མངོན་དུ་བྱེད་པར་ཞེས་བྱ་བ་ནི་ཀུན་འབྱུང་དང་འགོག་པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་
เล่ม ๒๐๙ · หน้า 30b
བར་བྱ་བའི་ཉོན་མོངས་པ་འགོག་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་འགོག་པ་ཉིད་ཀྱིས་དེ་འགོག་པའི་ཕྱིར་དེ་ལྟ་ཡིན་ན་ཞེས་རྒྱ་ཆེར་འབྱུང་སྟེ། ལམ་གྱི་སྐད་ཅིག་མ་གཉིས་ཀྱིས་ཕྲ་རྒྱས་མ་ལུས་པའི་བྲལ་བ་ཐོབ་པའི་
ཕྱིར་གཉེན་པོ་ལྷག་མ་བསྒོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །རྫས་གཅིག་ལ་ཅུང་ཟད་ཅིག་ནི་མངོན་སུམ་དུ་བྱས་ལ། ཅུང་ཟད་ཅིག་མངོན་སུམ་དུ་མ་བྱས་སོ་ཞེས་བརྗོད་པར་ཡང་མི་རིགས་སོ། །ཅི་བདེན་པ་མ་མཐོང་བ་མཐོང་བར་བྱ་བའི་དོན་ཡིན་པའི་ཕྱིར་ལྷག་མའི་གཉེན་པོ་
བསྒོམ་པ་འབྲས་བུ་དང་བཅས་པར་ཡང་མི་རུང་སྟེ། བདེན་པ་ལྷག་མ་མཐོང་བ་ནི་དེ་དག་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་བྲལ་བ་ཐོབ་པའི་དོན་ཁོ་ན་ཡིན་པའི་ཕྱིར་རོ། །གལ་ཏེ་བདེན་པ་དང་པོ་མཐོང་བ་ཉིད་ཀྱིས་ཉོན་མོངས་པ་མ་ལུས་པའི་བྲལ་བ་ཐོབ་ན་ནི། དེ་ལྟ་ན་
བདེན་པ་ལྷག་མ་མཐོང་བ་དོན་བྱས་ཟིན་པ་ཡིན་པས་དེ་དག་མཐོང་བ་དོན་མེད་པ་ཉིད་དུ་འགྱུར་རོ། །བསྒོམ་པའི་ལམ་དུ་ཡང་མ་མཐོང་བའི་བདེན་པ་མཐོང་བ་མེད་པའི་ཕྱིར་བསྒོམ་པ་དོན་མེད་པ་ཉིད་དང་། ཉོན་མོངས་པ་སྤངས་པ་ཐག་པ་སྲིང་བར་བྱ་བའི་ཕྱིར་ཁྱད་པར་གྱི་ལམ་བསྒོམ་ཞེ་ན།
ཡང་མི་གཡོ་བའི་ཆོས་ཅན་ལ་དོན་མེད་པར་ཐལ་བར་འགྱུར་ཞིང་། ཉོན་མོངས་པའི་བྱེ་བྲག་རྣམ་པར་གཞག་པ་དང་། གང་ཟག་གི་བྱེ་བྲག་རྣམ་པར་གཞག་པ་ཐོབ་པར་ཡང་མི་འགྱུར་ཏེ། ཁམས་གསུམ་པོ་མ་ལུས་པ་ཡང་འདོད་པའི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་ཡིན་
པའི་ཕྱིར་རོ། །འོ་ན་ཞེས་རྒྱས་པར་འབྱུང་བ་ལ། གང་ལས་བཤད་ཅེ་ན་མདོ་ལས་ཏེ། དགེ་སློང་མ་ཆོས་སྦྱིན་ལ་ཁྱིམ་བདག་ས་གས། ཅི་འཕགས་མ་འགོག་པ་འདྲ་བ་ཡིན་ནམ། འོན་ཏེ་མི་འདྲ་བ་ཡིན་ཞེས་དྲིས་པ་དང་། ཚེ་དང་ལྡན་པ་ས་ག་འདྲ་བ་མ་ཡིན་ནོ་ཞེས་བཤད་དོ། །
འདྲ་བ་ནི་སྐལ་བ་དང་བཅས་པའམ་སྐལ་བ་དང་མཉམ་པ་སྟེ་འདྲ་ཞིང་མཚུངས་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ན་གཉིས་པ་དང་བཅས་པ་ཉིད་དམ་འདྲ་བ་ཉིད་མི་འགལ་བས་ཇི་ལྟར་གཅིག་པ་ཉིད་ཅེས་དེ་དགག་པར་མི་བྱའོ། །ཀཱ་ཡོ་སླ་བྷཱ་ག་ནི་རོ་དྷ་ཨཻ་ཧི། འདིའི་འདྲ་བའི་རྒྱུ་གང་ཡང་
เล่ม ๒๐๙ · หน้า 31a
མ་ཡིན་ལ་ཞེས་རྒྱས་པར་འབྱུང་བ་ལ། འདིར་ནི་རྒྱུའི་སྒྲ་མི་མངོན་པར་བྱས་པས་འདྲ་བའི་རྒྱུ་ཉིད་ལ་འདྲ་བ་ཞེས་བརྗོད་དེ། དཔེར་ན་འཇིགས་པ་སྔ་ལ་འཇིགས་པ་ཞེས་བྱ་བ་བཞིན་ནོ། །དེ་ལྟར་སྐལ་མཉམ་གྱི་རྒྱུ་རྒྱུ་མ་ཡིན་པ་བཀག་པར་ཤེས་པར་བྱའི།
སྐལ་བ་བཀག་པ་དང་འདྲ་བ་བཀག་པ་ནི་མ་ཡིན་ནོ། །འགོག་པའི་རྣམ་པ་གཅིག་ཉིད་ཀྱང་སྤང་བྱ་ཉོན་མོངས་པའི་དབང་གིས་སོ་སོ་སོ་སོར་མངོན་དུ་བྱེད་དེ། དཔེར་ན་ཟག་པ་དང་བཅས་པའི་དངོས་པོ་གཅིག་གི་ཡང་སྡུག་བསྔལ་དང་ཀུན་འབྱུང་བའི་རྣམ་པ་དག་ལས་ཀྱང་སྐལ་བ་
མཉམ་པའི་འགོག་པ་ཞེས་བྱ་བ་འདིར་གཉིས་པ་ཉིད་དུ་འགྱུར་རོ། །ཀ་ཤྭཱ་ཏི་ཤ་ཡ། སྐལ་བ་མཉམ་པའི་རྒྱུ་འགོག་གོ་ཞེས་ཁ་ཅིག་གོ། །འདི་ལ་བསམ་པ་ནི་འགོག་པ་གཅིག་ཏུ་སྨྲ་བ་མ་ཡིན་གྱི་སྡུག་བསྔལ་མཐོང་བས་འགོག་པ་ཅུང་ཟད་མངོན་དུ་མ་བྱས་པར་གང་ཀུན་འབྱུང་མཐོང་
བས་མངོན་དུ་བྱ་བ་མེད་དོ། །ཅི་སྟེ་ཅུང་ཟད་མངོན་དུ་མ་བྱས་པ་ཉིད་ཡོད་དོ་ཞེ་ན། འོ་ན་སྤངས་པ་དུ་མ་ཐོབ་པར་བྱེད་དེ། མངོན་དུ་བྱས་པ་ལས་མངོན་དུ་མ་བྱས་པ་གཞན་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ཤེས་པ་མངོན་དུ་བྱའོ་ཞེས་རྣམ་པ་གཞན་གྱིས་མངོན་དུ་མ་བྱས་པ་དང་།
མངོན་དུ་བྱས་པ་མི་འགལ་ལོ། །ཐོབ་པ་མངོན་དུ་བྱ་བ་ནི་སྤངས་པར་ཐོབ་པའི་མ་ཡིན་ནོ། །ཡང་ཐོབ་པའི་རིགས་པ་འདིས་ཀྱང་ཐལ་བར་མི་འགྱུར་བའི་ཕྱིར་རོ། །འགོག་པ་དུ་མ་དེ་ཡང་འགོག་པ་ཐམས་ཅད་ཅིག་ཅར་མངོན་དུ་བྱས་པར་ཐལ་ལོ། །ལམ་གྱི་ཐོབ་པ་མེད་པས་ཉོན་
མོངས་པ་རྣམས་སམ་བྲལ་བས་ལྷན་ཅིག་བྱེད་པའི་རྒྱུ་དང་འབྲེལ་པ་ལ་སོགས་པ་མེད་པའི་ཕྱིར་ངེས་པའི་རྒྱུ་འགའ་ཞིག་ཡོད་པ་གང་ལས་འདི་ཉིད་བྲལ་བ་ལས་གཞན་མ་ཡིན་པ་ཉིད་དེ། དེ་ལམ་གྱིས་ཐོབ་ཀྱི་གཞན་གྱིས་མ་ཡིན་ནོ། །ཉོན་མོངས་པ་འདི་དག་གི་བྲལ་བ་འདི་ཉིད་གཞན་གྱི་
མ་ཡིན་ཞེས་རྣམ་པར་གཞག་གོ། །དེ་ལྟར་ངེས་པའི་རྒྱུ་མེད་ན་ཅིག་ཅར་བྲལ་བ་ཐམས་ཅད་ཐོབ་པའམ། བྲལ་བ་མ་ཐོབ་བོ་ཞེས་ཁས་བླང་བར་བྱའོ། །གང་ཞིག་ཉོན་མོངས་པ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཁོ་ན་འགོག་པར་བྱེད་པ་དེའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་
เล่ม ๒๐๙ · หน้า 31b
སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ཁོ་ན་དང་བྲལ་བ་ཉིད་ཐོབ་ལ་ཀུན་འབྱུང་མཐོང་བ་ལ་སོགས་སྤང་བྱ་རྣམས་ལ་མ་ཡིན་ནོ། །ཡོད་པ་མ་ཡིན་པ་ཙམ་གྱིས་འགོག་པ་ཉོན་མོངས་པ་རྣམས་བྲལ་བ་དང་ལྡན་པ་མེད་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། དེ་ལ་
ཐོབ་པ་གང་དང་གང་ལམ་གྱིས་ཐོབ་པ་དེ་དང་དེས་ཉོན་མོངས་པ་དང་བྲལ་བ་ཉིད་དུ་རྣམ་པར་མི་འཇོག་གི་སྤང་བྱའི་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱིས་རྣམ་པར་འཇོག་གོ། །ཇི་ལྟར་ན་འདིར་ལམ་བསྒོམ་པ་དོན་མེད་པ་ཉིད་ཅེ་ན། གང་ཡང་བཤད་པ་དེ་དང་དེ་ནི་ཕུལ་དུ་བྱུང་བ་དགག་པ་རབ་ཏུ་
གྱུར་པའི་རྣམ་པ་སྟེ། ཅི་ལྟར་ཡང་དེར་སྐལ་བ་མཉམ་པའི་རྒྱུར་ཐལ་བ་ནི་དགེ་བ་ཟག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ལམ་བཞིན་དུ་འདི་ལས་མ་ལྷུང་བའི་ཕྱིར་དགག་པར་མི་བྱའོ། །སྐལ་བ་མཉམ་པ་མ་ཡིན་པ་ཞེས་བྱ་བ་ནི་གཞན་གྱི་རྒྱུར་ནི་ཐལ་བ་མ་ཡིན་པའམ་ཞེས་བྱ་བའོ། །དེ་
དགག་པ་མ་ཡིན་ནོ། །རྒྱུའི་གཏན་ཚིགས་ནི་ཁས་བླང་བར་བྱ་བ་ཉིད་ཅེས་པ་སྟེ་འོན་ཀྱང་དགེ་བ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུར་ཐལ་བ་ཡང་འདི་ལ་མེད་དེ། དགེ་བ་ཟག་པ་མེད་པ་ཡིན་པའི་ཕྱིར་རོ། །ལམ་བཞིན་ཡིན་པ་ཉིད་དེའི་ཚེ་སྐལ་བ་མཉམ་པའི་རྒྱུ་ཐལ་བ་ཡང་མེད་པ་ཉིད་དེ།
སྐྱེས་པའི་ཐོག་མ་མེད་པའི་ཕྱིར་དང་སས་མ་བསྡུས་པའི་ཕྱིར་རོ། །ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་བཞིན་ནོ། །ཡང་གཞན་དག་ནི་འགོག་པ་མཐའ་དག་གི་དབང་དུ་བྱས་ནས་འགོག་པ་ནི་འདྲ་བ་མ་ཡིན་ནོ་ཞེས་བཤད་དེ། འགོག་པ་དང་འདྲ་བ་ཆོས་གཞན་
པ་དང་དགེ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །ཞེས་པ་ལ་འདས་པ་དང་ད་ལྟར་བྱུང་བ་རྣམས་སྐྱེ་བ་ལ་གེགས་བྱེད་པ་མ་ཡིན་པས་མ་འོངས་པ་རྣམས་ཁོ་ནའི་འཐོབ་པའོ། །འགོག་པ་ཡང་རྣམ་པ་ལྔ་བསམ་པར་བྱ་སྟེ། མི་རྟག་པ་དང་སྙོམས་པར་
འཇུག་པ་དང་། སྐྱེ་བ་དང་སོ་སོར་བརྟགས་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པའི་དབྱེ་བ་ལས་སོ། །དེ་ལ་སྐྱེ་བ་སྨོས་པ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་རྣམ་པར་བཅད་པའི་ཕྱིར་དུའོ། །དེ་ནི་ད་ལྟར་བྱུང་བ་རྣམས་གནས་པ་ལ་གེགས་སུ་གྱུར་པ་ཡིན་གྱི་སྐྱེ་བ་ལ་ནི་མ་ཡིན་
เล่ม ๒๐๙ · หน้า 32a
ནོ། །གཏན་དུ་ཞེས་སྨོས་པ་ནི་སྙོམས་པར་འཇུག་པ་དང་སྐྱེ་བའི་འགོག་པ་བཟློག་པའི་ཕྱིར་ཏེ། དེ་གཉིས་ནི་མ་འོངས་པའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བ་ལ་དུས་ཅུང་ཟད་ཅིག་གེགས་སུ་གྱུར་པའི་ཕྱིར་རོ། །གཞན་སྨོས་པ་ནི་དེ་མ་ཐག་ཏུ་སྨོས་པ་བྲལ་
བའི་མཚན་ཉིད་སོ་སོར་བརྟགས་པས་འགོག་པ་ལས་རྣམ་པར་བཅད་པའི་ཕྱིར་རོ། །སོ་སོར་བརྟགས་པ་ནི་རིག་པ་དང་དཔྱད་པས་བསྒྲུབས་པའི་ཤེས་རབ་སྟེ་དེ་ནི་དེས་ཐོབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེ་མེད་པར་རྐྱེན་མ་ཚང་བས་ཐོབ་སྟེ་དེ་ལྟར་གཞན་དུ་བརྗོད་དོ། །གང་ཞིག་རྒྱུ་དང་
མཚུངས་པ་དེ་མ་ཐག་དང་དམིགས་པ་དང་བདག་པོ་སྟེ་རྐྱེན་བཞི་པོ་དག་ལས་བཞིའམ་གསུམ་གཉིས་ཀྱང་རུང་ཇི་སྙེད་ཅིག་གིས་སྐྱེད་པ་དེ་སྐྱེ་བ་ལ་དེ་དག་མ་ཚང་བས་གཏན་དུ་གེགས་སུ་གྱུར་པས་སོ་སོར་བརྟགས་པ་མ་ཡིན་པ་ཞེས་བྱ་བའི་རྫས་ཤིག་འཐོབ་པོ། །དཔེར་ན་མིག་དང་ཡིད་
གཟུགས་གཅིག་ལ་ཡེངས་པའི་ཞེས་བྱ་བ་ལ། གཟུགས་གཅིག་ལ་ཡེངས་པའི་མིག་དང་ཡིད་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །གང་ཞིག་གཟུགས་ལས་གཞན་རྣམས་ཞེས་བྱ་བ་ཡུལ་དུ་བྱས་པ་ལས་གཞན་པ་སྒྲ་དང་དྲི་དང་རོ་དང་རེག་རྣམས་ཀྱང་ཞེས་པའོ། །ཐམས་ཅད་ཉིད་
ནི་དེ་རྣམས་ཐམས་ཅད་ཉིད་ལ་དམིགས་པའི་ཕྱིར་རོ། །འདས་པར་འགྱུར་ལ་ཞེས་བྱ་བ་ནི་ཞིག་འགྱུར་བ་སྟེ། ད་ལྟར་བའི་དུས་ན་རྒྱུ་དང་དམིགས་པ་དང་བདག་པོའི་རྐྱེན་ཡོད་ཀྱང་དེ་མ་ཐག་རྐྱེན་མ་ཚང་བའི་ཕྱིར། དེ་ལ་དམིགས་པའི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ནི་ཡང་སྐྱེ་
བར་མི་ནུས་ཏེ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པའི་ཕྱིར་རོ། །ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བ་འདི་ཅི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་དེ་དག་འདས་པའི་ཡུལ་ལ་དེ་དམིགས་པའི་མཐུ་མེད་པའི་ཕྱིར་རོ་ཞེས་གསུངས་ཏེ་འདི་སྐད་བསྟན་པར་འགྱུར་ཏེ། མིག་
ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ད་ལྟར་བའི་ཡུལ་ཅན་ཡིན་པའི་ཕྱིར་གཟུགས་ལ་སོགས་པ་འདས་པ་རྣམས་ལ་མི་སྐྱེ་སྟེ། དམིགས་པའི་རྐྱེན་མ་ཚང་བའི་ཕྱིར་རོ་ཞེས་བྱའོ། །སློབ་དཔོན་འདུས་བཟང་ན་རེ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ངེས་པར་རྐྱེན་བཞི་ལས་
เล่ม ๒๐๙ · หน้า 32b
སྐྱེའོ་ཞེས་ཟེར་རོ། །ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་འགའ་ཞིག་ཀྱང་བརྗོད་པར་བྱ་སྟེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་ནི་དཔེ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ། །འདིར་གཞན་དག་གིས་རྒོལ་བ་ནི་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་པ་ན་གཞན་རྣམ་པར་
ཤེས་པའི་ཚོགས་ཅི་ལས། གང་དག་སྐྱེ་བ་མེད་པ་ཡེ་པི་ཙ་སནྣི་གཟུགས་ལ་སོགས་པ་དམིགས་པ་གཅིག་རྣམ་པར་ཤེས་པ་ལ་སོགས་པ་ནི་སེམས་ཅན་གྱི་རྒྱུད་དོ་ཞེས་པ། གལ་ཏེ་རྣམ་པར་ཤེས་པ་གཅིག་ལ་སོགས་པའི་ཕྱིར་སེམས་ཅན་གྱི་རྒྱུད་ལ་རྐྱེན་མ་ཚང་བའི་ཕྱིར་རྣམ་པར་ཤེས་
པ་མི་སྐྱེ་བར་འདོད་ན་དེ་ཅི་ལྟར་རྣམ་པར་ཤེས་པ་རྣམ་པ་དྲུག་དང་སྟོང་ཕྲག་མང་པོ་རྣམས་ཡིན། གཅིག་ཉིད་དུས་གཅིག་ཏུ་རྒྱུད་དང་དམིགས་པ་དང་བདག་པོའི་རྐྱེན་དུ་གྱུར་པས་མིག་ལ་སོགས་པ་རྣམས་འདོད་ཀྱི་ཅིག་ཤོས་མ་ཡིན། གལ་ཏེ་སྔ་མ་དང་ཕྱི་མར་གནས་པའི་གོ་རིམས་བཞིན་དུ་
སྐྱེ་བར་ངེས་ན། སྐྱེས་བུའི་བྱེད་པ་དོན་མེད་པར་ཐལ་བས་མ་འོངས་པའི་དུས་པ་རྒྱུ་བ་ཡོ་གེ་ནཱ་པ་བརྒ་པྲ་སངྒ་ད་པ་བརྒ་མེད་པར་ཐལ་བར་འགྱུར་བས་འདི་ཡང་འདོད་པ་མ་ཡིན་པ་ཉིད་དོ། །གལ་ཏེ་དམིགས་པའི་སྐད་ཅིག་ངེས་པས་མཚུངས་པར་ལྡན་པ་རྣམས་ཀྱི་རྐྱེན་མ་ཚང་བ་ཉིད་ལས་གཏན་
མི་སྐྱེ་བ་མ་ཡིན་ནམ། ཡང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་རྟོགས་པར་བྱེད་ཅེ་ན། འདི་ལ་ཁ་ཅིག་གིས་ལན་བརྗོད་པ། ཐོབ་པ་གང་ལ་རྐྱེན་མ་ཚང་བའི་ཕྱིར་གཏན་མི་སྐྱེ་བའི་ཆོས་ཅན་དུ་ཤེས་པར་བྱ་བ་མ་འོངས་པ་དེ་སོ་སོ་བརྟགས་པ་མ་ཡིན་པའི་འགོག་པ་གཏན་མི་སྐྱེ་
བའི་ཆོས་ཅན་མ་འོངས་པའོ། །འདི་ནི་ལན་མ་ཡིན་ནོ། །ཕྱོགས་སྔ་མ་དང་སྦྱར་ན་འདིར་རྐྱེན་མ་ཚང་བ་ནི་རྫས་ལས་མ་ཡིན་ཞིང་བྱེད་པ་ལས་མ་ཡིན་ནོ། །རྐྱེན་མེད་པར་འདུས་བྱས་ཀྱི་ཆོས་འགའ་ཡང་ཡོད་པ་མ་ཡིན་ཏེ། ཐམས་ཅད་ཀྱང་མ་འོངས་མ་འོངས་པའི་ཆོས་མ་
འོངས་པ་རྣམས་རྐྱེན་ནོ། །སྐྱེས་བུའི་བྱེད་པ་མེད་ཅེས་པ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པའོ། །འོ་ན་ཅི་ཞེ་ན། འདིས་ཕྲད་པར་བྱེད་པས་ན་རྐྱེན་དེ་དེ་ལྟར་འདི་ལས་ཀྱང་གང་གནས་པའི་བྱ་བ་དང་ཕྲད་པར་བྱེད་པས་ན་དེ་གནས་པ་རྣམས་ལ་མ་ཚང་བ་ཞེས་
เล่ม ๒๐๙ · หน้า 33a
ཤེས་པར་བྱའོ། །ཀི་མ་བ་སྠེ་བྷྱཿཀཱཪྻི་པྲ་ཏྱེ་ཏེ་ནུས་པ་དེ་རྣམས་སམ་འདས་པ་དང་ད་ལྟར་བྱུང་བ་ཉིད་དང་དེ་ལས་ཆེས་གཞན་པ་དེ་དང་འགལ་བའི་རྐྱེན་འཇུག་པ་ཐོབ་པ་ལས་གནོད་པའམ། མ་ཚང་བའི་གཟུགས་མིག་དང་ཡིད་གཟུགས་གཅིག་ལ་ཡེངས་
པ་ནི་དེ་ལས་གཞན་པའི་གཟུགས་ལ་སོགས་པ་དང་རྣམ་པར་ཤེས་པ་རྣམས་ཀྱི་གནས་དང་དམིགས་པ་ལ་རག་ལུས་པའི་སྐྱེ་བ་རྣམས་ཀྱི་རྒྱུ་དང་དམིགས་པ་དང་བདག་པོའི་རྐྱེན་རྣམས་དང་འབྲས་བུ་སྦྱིན་པའི་གནས་རྣམས་ལ་དེ་དང་མཐུན་པའི་དེ་མ་ཐག་པའི་རྐྱེན་དུ་གྱུར་པའི་ཕྱིར་
རྐྱེན་རྣམས་མ་ཚང་བ་ཞེས་བྱའོ། །འདིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པ་ནི་མུ་བཞི་པར་འགྱུར་ཏེ། དེའི་ཕྱིར་ཟག་པ་དང་བཅས་པ་རྣམས་ཉིད་ནི་སོ་སོར་བརྟགས་པས་འགོག་པ་ཐོབ་ལ། འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ནི་སོ་སོར་བརྟགས་པ་མ་ཡིན་
པས་འགོག་པའོ། །ཟག་པ་དང་བཅས་པ་འདས་པ་དང་ད་ལྟར་བྱུང་བ་སྐྱེ་བའི་ཆོས་ཅན་རྣམས་སོ་སོར་བརྟགས་པས་འགོག་པ་ཁོ་ནའི་ཡིན་གྱི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་མ་ཡིན་ཏེ། དེ་ནི་མི་སྐྱེ་བའི་ཆོས་ཅན་རྣམས་ཁོ་ནའི་ཡིན་ནོ། །ཟག་པ་བཅས་པ་སྨོས་པ་
ནི་ཟག་པ་མེད་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་ཏེ། ཉེས་པ་མེད་པའི་ཕྱིར་ཟག་མེད་རྣམས་ནི་སོ་སོར་བརྟགས་པས་འགོག་པ་ཡིན་ཏེ། དེ་ལ་རང་གི་རྒྱུད་དུ་གཏོགས་པའི་འདས་པ་དང་མ་འོངས་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ནི་ཤེས་རབ་ཀྱི་སྟོབས་ཀྱིས་ད་ལྟར་བྱུང་
བའི་ཐོབ་པ་འགོག་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཐོབ་བོ། །གཞན་གྱི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་དུས་གསུམ་པ་རྣམས་ཐམས་ཅད་ཀྱང་སོ་སོར་བརྟགས་པས་དེ་ལ་དམིགས་པའི་ཉོན་མོངས་པའི་ཐོབ་པ་གཅོད་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཐོབ་པོ། །
ཡང་ན་རང་གི་རྒྱུད་དུ་གཏོགས་པའི་ཉོན་མོངས་པ་རྣམས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཐོབ་པ་དང་བྲལ་བའི་ཕྱིར་དང་། ཐོབ་པ་ནི་ད་ལྟར་རང་གི་ཐོབ་པ་དང་བྲལ་བའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཐོབ་པོ། །ཡང་ན་རང་གི་རྒྱུད་ལ་ཡང་དུས་གསུམ་པའི་སྤངས་པ་
เล่ม ๒๐๙ · หน้า 33b
ཐོབ་བོ། །སཾ་ཡོ་ག་ནི་རོ་དྷྱོ་ཧི་བི་སཾ་ཡོ་ག་ཨཱ་ཀཱ་ཤཱ་ཏ་སོ་སོར་བརྟགས་པས་འགོག་པའི་ལྡན་པ་ཡང་ཀུན་ཏུ་སྦྱོར་བ་འཁོར་དང་བཅས་པ་རྣམས་ཀྱི་ཐོབ་པ་རྣམས་སོ། །ཀུན་ཏུ་སྦྱོར་བའི་འཁོར་གྱི་ཐོབ་པ་དེ་རྣམས་ཀྱང་སོ་སོར་བརྟགས་པས་འགོག་པ་ཉིད་ཐོབ་པ། ཟག་པ་མེད་པའི་
འདུས་བྱས་མི་སྐྱེ་བའི་ཆོས་ཅན་རྣམས་ནི་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པ་ཁོ་ན་སྟེ། དེ་དག་ཟག་པ་མེད་པ་ཡིན་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་མེད་ཀྱི་རྐྱེན་མ་ཚང་བ་ཉིད་ཀྱི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ཐོབ་པོ། །མི་སྐྱེ་བའི་ཆོས་ཅན་
སྨོས་པ་ནི་འདས་པ་དང་ད་ལྟར་བྱུང་བའི་སྐྱེ་བའི་ཆོས་རྣམ་པར་གཅད་པའི་ཕྱིར་དུའོ། །ཟག་པ་མེད་པ་སྨོས་པ་ནི་ཟག་པ་དང་བཅས་པ་བསལ་བའི་ཕྱིར་དུའོ། །འདུས་བྱས་སྨོས་པ་ནི་འདུས་མ་བྱས་བསལ་བའི་ཕྱིར་ཏེ་དེ་ཡང་མི་སྐྱེ་བའི་ཆོས་ཅན་དང་ཟག་པ་མེད་པ་ཡིན་ནོ། །དཔེར་
ན་དད་པས་རྗེས་སུ་འབྲང་བའི་ལམ་མངོན་དུ་གྱུར་པ་ན་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་རྐྱེན་མ་ཚང་བས་སོ་སོར་བརྟགས་པ་མ་ཡིན་པས་འགོག་པར་ཐོབ་པ་དང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཚེ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་རྣམས་བཞི་ཆར་དང་།
དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་ཚེ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་རྣམས་ཏེ་དེ་ལྟར་བདེན་པ་སོ་སོ་ལ་བརྗོད་པར་བྱ་ཞིང་། དེ་བཞིན་དུ་གཞན་ལ་ཡང་སྦྱར་བར་བྱའོ། །གཉི་ག་ཟག་པ་དང་བཅས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཏེ་འདི་དག་ཟག་པ་
དང་བཅས་པའི་ཕྱིར་སོ་སོར་བརྟགས་པས་འགོག་པ་ཡིན་ལ། མི་སྐྱེ་བའི་ཆོས་ཅན་ཡིན་པའི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །གཉི་ག་མ་ཡིན་པ་ནི་ཟག་པ་མེད་པ་འདས་པ་དང་ད་ལྟར་བྱུང་བ་དང་སྐྱེ་བའི་ཆོས་ཅན་རྣམས་ཏེ། དེ་རྣམས་ནི་ཟག་པ་མེད་པ་ཡིན་པའི་ཕྱིར་
སོ་སོར་བརྟགས་པས་འགོག་པ་མི་འཐོབ་པོ། །སྐྱེས་པ་དང་སྐྱེ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་སོ་སོར་བརྟགས་པ་མ་ཡིན་པས་འགོག་པའོ། །ཇི་ལྟར་ཟག་པ་དང་བཅས་པ་རྣམས་ཤེས་པར་བྱ་བ་ཡིན་པ་དེ་བཞིན་དུ་འདུས་བྱས་རྣམས་ཀྱང་ཡིན་པས་འདུས་བྱས་དེ་དག་གང་ཞེ་ན་ཞེས་དྲིས་ཏེ།
เล่ม ๒๐๙ · หน้า 34a
ལམ་གྱི་བདེན་པ་མ་གཏོགས་པ་བསྡུ་བའི་ཕྱིར་འདུས་བྱས་ཞེས་བཟུང་ནས་དྲིས་སོ། །དེའི་ཕྱིར། འདུས་བྱས་ཆོས་རྣམས་དེ་དག་ཀྱང་། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། །ཞེས་གསུངས་ཏེ། དེ་ལ་ནད་དང་རྒ་ཤི་ལ་སོགས་པ་ཉེ་བར་འཚེ་བའི་ཁྱད་པར་རྣམས་ཀྱིས་
གནོད་པས་ན་ཕུང་པོའོ། །ཚུལ་ཁྲིམས་ལ་སོགས་པ་དང་འབྲེལ་བའི་ཕུང་པོ་ལྔ་རྣམ་པར་གཅད་པའི་ཕྱིར་དུ་གཟུགས་ལ་སོགས་པ་སྨོས་སོ། །གཟུགས་ལ་སོགས་པའི་ཡུལ་དགག་པའི་ཕྱིར་ཕུང་པོ་ཞེས་སྨོས་སོ། །གལ་ཏེ་གཟུགས་ལ་སོགས་པ་བྱས་པའི་ཕྱིར་ན་བྱས་ན་ཞེས་བརྗོད་པར་
བྱ་བ་མ་ཡིན་ནམ་བྱེད་པའི་དུས་བྱས་ཞེས་པ་དོན་མེད་དོ་ཞེ་ན། དོན་མེད་པ་མ་ཡིན་ཏེ་དེ་ནི་རྐྱེན་གཅིག་གིས་སྐྱེད་པ་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་དེ་ལྟར་བཤད་དོ། །བྱས་པ་ཞེས་བརྗོད་ན་ནི་གཟུགས་ལ་སོགས་པ་རྐྱེན་གཅིག་གིས་སྐྱེད་པ་ཉིད་མ་བཀག་པར་འགྱུར་རོ། །འདུས་བྱས་
ཀྱི་སྒྲའི་དོན་བསྟན་པའི་ཕྱིར་རྐྱེན་རྣམས་འདུས་ཤིང་ཕྲད་ནས་བྱས་པས་ན་འདུས་བྱས་ཞེས་གསུངས་ཏེ། འདུས་ཤིང་ཞེས་བྱ་བ་ནི་ཚོགས་ཤིང་ཞེས་བྱ་བ་སྟེ་འབྲས་བུ་བསྐྱེད་པ་ལ་ཕན་ཚུན་རྗེས་སུ་མཐུན་པར་གྱུར་ནས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྔ་མ་ནི་བསྟན་པའི་ཚིག་ཡིན་ལ་ཕྱི་མ་
ནི་བཤད་པའི་ཚིག་ཡིན་ཏེ་སྔ་མ་ཁོ་ནའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདུས་ཤིང་ཞེས་བྱ་བ་འདིས་ནི་དུས་ཐ་དད་པ་རྣམས་འབྲས་བུ་རྗེས་སུ་མཐུན་པའི་ཕྱིར་འདུས་པར་སྟོན་ཏེ། དཔེར་ན་ཡིད་རྣམ་པར་ཤེས་པ་ལ་འདས་པའི་ཡིད་དང་མ་འོངས་པའི་ཆོས་རྣམས་ལྟ་བུའོ། །ཕྲད་ནས་
ཞེས་བྱ་བ་འདིས་ནི་དུས་ཐ་མི་དད་པ་རྣམས་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལ་མིག་དང་གཟུགས་དག་དང་། མྱུ་གུ་ལ་ས་དང་ཆུ་དང་ས་བོན་རྣམས་བཞིན་ནོ་ཞེས་ཁ་ཅིག་གོ། །ཡང་གཞན་དག་ན་རེ་འདུས་ཤིང་ཞེས་བྱ་བ་ནི་བར་ཆད་མེད་པར་སྐྱེ་བར་བྱེད་པ་ས་དང་ཆུ་དང་ས་བོན་བཞིན་ནོ། །
ཕྲད་ནས་ཞེས་བྱ་བ་མིག་དང་གཟུགས་དུས་གཅིག་ཏུ་གྱུར་པ་བཞིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་སྔ་མས་ནི་ཕན་ཚུན་ཕྲད་པ་སྟོན་ལ། ཕྱི་མས་ནི་རྐྱེན་ཐམས་ཅད་ཀྱི་བྱ་བ་སྟོན་ཏོ། །བཤད་པ་སྔ་མར་རེས་འགའ་གཅིག་གིས་ཀྱང་བྱས་སོ་སྙམ་དུ་དོགས་པར་འགྱུར་བས་དེའི་ཕྱིར་ཕྲད་
เล่ม ๒๐๙ · หน้า 34b
ནས་ཞེས་བྱ་བ་སྨོས་སོ་ཞེས་གཞན་དག་གོ། །བཤད་པ་འདི་དག་ལ་དང་པོ་གཉིས་ནི་ཕྲད་ནས་ཞེས་བྱ་བ་འདིའི་དོན་མ་ཡིན་ཏེ་བྱ་བ་ཐམས་ཅད་ལ་རྗེས་སུ་མཐུན་པའི་ཁྱད་པར་མེད་པའི་ཕྱིར་རོ། །ཕྱི་མ་གཉིས་ནི་རྐྱེན་གཅིག་གིས་སྐྱེད་པ་ནི་འགའ་ཡང་མེད་དོ་ཞེས་པ་དང་འབྲེལ་
མེད་པ་ཉིད་དོ། །ཇི་སྐད་དུ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །གསུམ་གྱིས་སྙོམས་པར་འཇུག་པ་གཉིས། །གཞན་ནི་གཉིས་པོ་དག་ལས་སྐྱེས། །དབང་ཕྱུག་སོགས་མིན་རིམ་སོགས་ཕྱིར། །ཞེས་སོ། །བྱུང་བའི་གྱུར་པའི་དུས་ལ་རྐྱེན་ཀྟྭཱ་བསྒྲུབ་པའི་ཕྱིར། མ་
བྱས་པ་ཉིད་དང་བྱེད་པར་འགྱུར་བ་སྐྱེ་བའི་ཆོས་ཅན་རྣམས་འདུས་བྱས་ཉིད་དོ། །ཅི་ལྟར་བརྗོད་ཅེ་ན་དེའི་ཕྱིར། དེ་དང་རིགས་མཐུན་པའི་ཕྱིར་མ་འོངས་པ་དག་ལ་ཡང་མི་འགལ་ཏེ་འོ་མ་བཞིན་ནོ་ཞེས་གསུངས་ཏེ། དཔེར་ན་དེ་དང་རིགས་མཐུན་པའི་ཕྱིར་འཇོ་བར་འགྱུར་བ་དང་འཇོ་བར་
འགྱུར་བ་མ་ཡིན་པ་དག་ལ་ཡང་འོ་མ་ཞེས་བརྗོད་པ་དེ་བཞིན་དུ་མ་འོངས་པ་སྐྱེ་བའི་ཆོས་ཅན་དང་སྐྱེ་བའི་ཆོས་ཅན་མ་ཡིན་པ་དག་ལ་ཡང་འདུས་བྱས་ཞེས་བརྗོད་པར་བྱ་སྟེ། སྐྱེ་བ་ལ་སོགས་པ་མཚན་ཉིད་དང་ལྡན་པས་འདུས་མ་བྱས་རྣམ་པར་གཅད་པའི་སྒོ་ནས་རང་གི་མཚན་ཉིད་འདྲ་
བའི་ཕྱིར་དང་དེ་དང་རིགས་མཐུན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དུས་ལ་སོགས་པ་རྣམས་ཀྱང་བསྟན་ལ། འདུས་བྱས་དང་འདུས་མ་བྱས་མ་གཏོགས་པའི་ཆོས་གཞན་དག་ཀྱང་མེད་ན་དེ་ཅི། དུས་ལ་སོགས་པ་རྣམས་འདུས་བྱས་སམ་འོན་ཏེ་འདུས་མ་བྱས་ཡིན་ཞེ་ན། དེའི་ཕྱིར་
དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞི་དང་བཅས། །ཞེས་བྱ་བ་གསུངས་ཏེ། ཡང་ན་འདུས་བྱས་ཀྱི་ཆོས་རྣམས་ཀྱི་མིང་རབ་ལས་གྲགས་པ་འཆད་པར་བྱེད་པའོ། །ཀུན་ཏུ་རྨོངས་པ་མེད་པར་བྱ་བའི་ཕྱིར་དེ་དག་ཉིད་དུས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་
ཉིད་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་སོ། །སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་ཕྱིར་སོང་བ་དང་འགྲོ་བ་དང་འགྲོ་བར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་དུས་རྣམས་ཏེ་གཟུགས་ལ་སོགས་པའི་ཕུང་པོ་ལས་ཐ་དད་པའི་དུས་ཡོད་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ངོ་བོའི་སྒྲ་ནི་རེ་རེ་ལ་ཡང་
เล่ม ๒๐๙ · หน้า 35a
སྦྱར་བར་བྱའོ། །གལ་ཏེ་འཇིག་རྟེན་ན་བགྲོད་པར་བྱ་བ་ལ་ལམ་གྱི་སྒྲ་རབ་ཏུ་གྲགས་པ་མ་ཡིན་ནམ། ཇི་ལྟར་བྱེད་པ་པོ་ལ་ལམ་གྱི་སྒྲ་བྱེ་བྲག་ཏུ་བཤད་ཅེ་ན། འཇིག་རྟེན་ན་བྱེད་པ་པོ་ལ་ཡང་ལམ་གྱི་སྒྲ་མཐོང་སྟེ་ལམ་འདི་ནི་གྲོང་ཆེ་གེ་མོ་ཞིག་ཏུ་སོང་བ་དང་
འགྲོ་བར་འགྱུར་རོ་ཞེས་ཟེར་བ་ལྟ་བུ་སྟེ། དེའི་ཕྱིར་བྱེད་པ་པོ་ལ་ལམ་གྱི་སྒྲ་བསྟན་དུ་རུང་ངོ་། །མི་རྟག་པ་ཉིད་ཀྱིས་ཟ་བའི་ཕྱིར་དུས་རྣམས་སོ་ཞེས་པ་ཅི་ཞེ་ན། ངེས་པའི་ཚིག་གི་ཚུལ་གྱིས་ཏེ། ཟ་ཞིང་འཆའ་ལ་འཇིག་ཅེས་བྱ་བའི་ཐ་ཚིག་གོ། །རིག་པ་ནི་རེ་ཞིག་གང་སྐྱེ་བའི་
ཆོས་ཅན་དང་ད་ལྟར་བྱུང་བ་དེ་རང་གི་ངང་གིས་འཇིག་སྟེ་མི་རྟག་པ་ཉིད་ཀྱིས་སོ་ཞེས་པ་ལ་གང་ནི་འདས་པ་དང་མི་སྐྱེ་བའི་ཆོས་ཅན་ནོ། །དེ་ཇི་ལྟར་ཞེ་ན་སྐྱོན་མེད་དེ་དེ་ཡང་དེའི་རིགས་ཅན་ཡིན་པའི་ཕྱིར་རྨ་བྱ་བཞིན་ཞེས་སོ། །གཏམ་ནི་ངག་གོ་ཞེས་བྱ་བ་ལ་སོགས་པ་ལ་དེའི་ནི་གཏམ་
གྱིའོ། །གཞི་ནི་ཡུལ་ལམ་རྟེན་ཏེ། ངག་ནི་མིང་ལ་འཇུག་ལ། མིང་ནི་དོན་རྗོད་པར་བྱེད་དོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་མིང་གཏམ་གྱི་གཞི་ཡིན་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་གཏམ་གྱི་གཞི་མ་ཡིན་ཏེ། མིང་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་པོའི་
ཕྱིར་རོ་ཞེ་ན། དེའི་ཕྱིར་དོན་དང་བཅས་པའི་གཞི་སྨོས་པའི་ཕྱིར་ན་ཞེས་བྱ་བ་གསུངས་སོ། །ཡང་ཅི་ལྟར་གཏམ་གྱི་གཞི་ཞེས་བཤད་པ་ལ་དོན་དང་བཅས་པའི་ཞེས་སྨོས་པ་ནི། ཡུལ་ལ་ཡུལ་ཅན་བཞིན་དུ་བཏགས་པ་སྟེ། དཔེར་ན་བསྟན་བཅོས་ཀྱི་ཡུལ་ཡི་གེར་བྲིས་པ་ལ་བསྟན་
བཅོས་ཞེས་པ་བཞིན་ནོ། །ཡང་ཅི་ལྟར་མིང་དང་བཅས་པའི་གཞི་སྨོས་པ་ཞེས་བྱ་བ་འདི་ཤེས་པར་བྱ་ཞེ་ན། དེའི་ཕྱིར་བཤད་པ་རབ་ཏུ་བྱེད་པའི་གཞུང་གཏམ་གྱི་གཞི་རྣམས་ནི་ཁམས་བཅོ་བརྒྱད་ཀྱིས་བསྡུས་སོ་ཞེས་བྱ་བ་དང་འགལ་བར་འགྱུར་རོ། །ཇི་ལྟར་ན་གཞན་དུ་མ་ཡིན་ཞེ་ན། གལ་
ཏེ་མིང་གི་གཞི་དོན་དང་བཅས་པ་ལ་སྨོས་ན་ནི། མིང་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་པའི་ཕྱིར། ཇི་ལྟར་གཏམ་གྱི་གཞི་རྣམས་ཁམས་བཅོ་བརྒྱད་ཀྱིས་བསྡུས་པར་འགྱུར། དེ་ལྟར་དོན་དང་བཅས་པའི་གཏམ་གྱི་གཞི་གཟུང་བར་བྱའོ། །ཅི་ལྟར་ཡང་མི་ལྡན་པའི་མིང་ལ་དོན་
เล่ม ๒๐๙ · หน้า 35b
ཡོད་པར་འགྱུར་ཞེ་ན། ངག་ནི་མིང་ལ་འཇུག་པའི་ཕྱིར་ལ། མིང་ནི་དོན་རྗོད་པར་བྱེད་པའི་ཕྱིར་རོ། །གཞན་དག་ན་རེ། འདི་རྗོད་པར་བྱེད་པས་ན་གཏམ་སྟེ། ངག་ཏུ་རྗོད་པར་བྱེད་པས་སོ། །གཏམ་ཞེས་བྱ་བ་ལ་གཏམ་དེ་དག་གི་གཞིའི་མིང་གི་དོན་ཡང་ཇི་ལྟར་རིགས་པ་ཉིད་
དོ། །གཏམ་གྱི་གཞིའི་སྒྲ་ནི་མིང་དང་དོན་དག་སྨོས་པ་དང་དོན་དང་བཅས་པའི་གཏམ་གྱི་གཞི་སྨོས་པས་རབ་ཏུ་བྱེད་པའི་གཞུང་དང་མི་འགལ་ལོ། །མདོ་སྡེ་པ་རྣམས་ནི་མིང་དག་གི་ཡུལ་ཅན་ཡིན་པའི་ཕྱིར་དོན་དང་བཅས་པའི་གཞི་སྨོས་པ་མེད་པར་ཡང་གཏམ་གྱི་གཞི་
གཞན་རྣམས་ཀྱང་ཁམས་བཅོ་བརྒྱད་ཀྱིས་བསྡུས་པར་རུང་ངོ་ཞེས་སོ། །གལ་ཏེ་དོན་དང་བཅས་པ་དང་གཏམ་གྱི་གཞི་བཟུང་ན་མ་བསྡུས་པ་དེ་ལ་ཡང་གཏམ་གྱི་གཞིའི་མིང་ཡོད་པས་ཅི་ལྟར་ཡང་འདིར་འདུས་མ་བྱས་བསལ་ཞེ་ན། མདོ་ལས་དུས་སུ་གཏོགས་པ་ཁོ་ན་གཏམ་གྱི་གཞི་
ཉིད་དུ་བསྟན་ཏེ། དགེ་སློང་དག་གསུམ་པོ་འདི་དག་ནི་གཏམ་གྱི་གཞི་ཡིན་ཏེ་བཞི་པ་དང་ལྔ་པ་ནི་མ་ཡིན་ནོ། །གང་དག་ཏུ་གཏོགས་པར་མཐོང་བ་ཡང་དོན་ལས་བརྩམས་ཏེ་གཏམ་དུ་གྱུར་པ་དང་གཏམ་དུ་འགྱུར་བ་དང་གཏམ་དུ་བྱེད་པ་ལྟ་བུའི་ཐོས་པ་དང་འདོད་པ་དང་རྣམ་པར་ཤེས་པ་
ཡང་དོན་ལས་བརྩམས་ཏེ་གཏམ་དང་གཏམ་དུ་འགྱུར་བ་དང་གཏམ་དུ་བྱེད་པ་གང་ཞེ་ན། འདས་པ་ནི་གཏམ་གྱི་གཞིའོ། །མ་འོངས་པ་ནི་གཏམ་གྱི་གཞིའོ། །ད་ལྟར་བྱུང་བ་ནི་གཏམ་གྱི་གཞིའོ་ཞེས་གསུངས་སོ། །གལ་ཏེ་འདུས་མ་བྱས་པ་ལས་ཀྱང་བརྩམས་ཏེ་གཏམ་དུ་འགྱུར་
བ་མ་ཡིན་ནམ། ཅིའི་ཕྱིར་དེ་གཏམ་གྱི་གཞི་ཡིན་པ་ཉིད་མདོ་ལས་བཀག་ཅེ་ན། མིང་དེ་དོན་དང་ལྷན་ཅིག་རིགས་པས་གཏམ་གྱི་གཞི་ནི་དོན་དང་བཅས་པའི་མིང་ངོ་ཞེས་བཤད་དོ། དེའི་ཕྱིར་མིང་གང་ཞིག་དོན་དང་ལྷན་ཅིག་བརྗོད་པར་ནུས་པ་དེ་གཏམ་གྱི་གཞི་ཡིན་ན།
མིང་དུས་སུ་གཏོགས་པ་དང་འདུས་མ་བྱས་སུ་གཏོགས་པ་ནི་ལྷན་ཅིག་གོ་ཞེས་བྱ་བར་མི་རུང་བས་དེའི་ཕྱིར་འདུས་མ་བྱས་ནི་གཏམ་གྱི་གཞི་མ་ཡིན་ནོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །གལ་ཏེ་འདི་དེ་ལྟར་གྱུར་ན་ཐ་དད་མེད་པའི་དོན་ཅན་ཁོ་ན་དོན་དུ་འགྱུར་གྱི་མིང་དུ་མ་ཡིན་
เล่ม ๒๐๙ · หน้า 36a
ནོ། །གཞན་ཡང་མིང་དེ་ལྟར་བྱུང་བ་དང་དོན་འདས་པ་དང་མ་འོངས་པ་དག་དང་དངོས་པོ་འདས་པ་ཡང་ད་ལྟར་བྱུང་བ་དང་མ་འོངས་པ་དག་དང་། མ་འོངས་པ་ཡང་ད་ལྟར་བྱུང་བ་དང་འདས་པ་དག་དང་ལྷན་ཅིག་གོ་ཞེས་མི་ནུས་པས་འདུས་བྱས་ཀྱང་
གཏམ་གྱི་གཞི་མ་ཡིན་པར་འགྱུར་རོ། །གཞན་དག་ན་རེ་གང་ན་ངག་དང་མིང་དང་དོན་གསུམ་ཡོད་པ་དེ་གཏམ་གྱི་གཞི་ཡིན་ན། འདུས་མ་བྱས་ནི་དོན་ཁོ་ན་ཡིན་གྱི་ངག་དང་མིང་མ་ཡིན་པས་དེ་གཏམ་གྱི་གཞི་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཡང་མཐའ་དག་གཏམ་གྱི་གཞི་
ཉིད་ཅེས་བྱ་བར་ཐོབ་པ་ནི་བྱ་བ་སྟེ་དུས་མ་ཡིན་པས་དེ་ལ་འགའ་ཞིག་གིས་བརྗོད་པར་བྱ་སྟེ། དུས་གནས་པ་ལ་འདི་བསྟན་པ་ཡོད་ཀྱང་བཞི་པ་དང་ལྔ་པ་ཁོ་ན་ལས་མ་ཡིན་ལྔ་པ་མ་ཡིན་ཞེས་གསུངས་པས་ན་འདི་བསམ་པར་བྱའོ། །སཾ་སྐྲྀ་ཏེ་ནཻ་པ་འདུས་མ་བྱས་སུ་བཏགས་པ་
སེམས་ཅན་དང་འགལ་བ་འགག་པ་སྐྱེད་པ་ལ་གཏན་དུ་བགེགས་བྱེད་པ་མི་སྒྲིབ་པ་ནམ་མཁའ་ཞེས་པས། འདུས་བྱས་ཁོ་ན་གཏམ་གྱི་གཞི་ཡིན་གྱི་ཅིག་ཤོས་མ་ཡིན་པའི་སྒོ་ནས་མངོན་པར་འདོད་པའི་ཕྱིར་རོ་ཞེས་གཞན་དག་གོ། །གང་ངེས་པར་འདུས་བྱས་ཨ་ནུ་བྷཱུ་ཏ་མ་ནུ་བྷཱུཾ་
ཏ་ཛཱ་ཏཱི་ཡཾ་བཱ་ཏནྣཱམྣཱ་ནུ་བྷཱ་བཱ་ཀཱ་ར་བྱ་ཏི་རེ་ཀེ་ཎ་བྱོ་ཏྱནྟ་དུ་པཱ་ཤྲ་ཡེ་ཎཻ་པ་སཱ་ཊི་ཀོ་ན་ཏཻ་བ་ལ་སཾ་སྐྲྀ་ཏ་མ་ནུ་བྷཱུ་ཏ་མ་ནུ་བྷཱུ་ཏ་ཐཱ་ཏཱི་ཡཾ་བཱ་གཏམ་གྱི་སྤྲོས་པ་ལ་མངོན་པར་དགའ་བའི་འཆད་པ་པོ་རྣམས་ཀྱིས་ཉན་པ་པོ་རྣམས་ལ་མིང་གིས་སྟོན་པར་བྱེད་པས་དེ་གཏམ་གྱི་གཞི་ནི་མ་ཡིན་ནོ། །གང་གི་ཕྱིར་
མངོན་དུ་བྱས་པའི་འདུས་བྱས་དང་འདུས་མ་བྱས་རྣམས་ལ་ཡང་དེའི་ཡུལ་ཤེས་པ་ལས་བྱུང་བའི་མིང་རྗེས་སུ་གཞག་པའི་ཕྱིར་རྒྱུའི་ཡུལ་མ་ཡིན་པའི་ཕྱིར་རྒྱུ་མ་ཡིན་པར་འདོད་དོ། །ཨེ་པཾ་ཏརྷྱ་སཾ་སྐྲྀ་ཏ་སྱེ་ཡནྣཱ་མནཱ་ཡ་ཏེཏ་ཏ་པྲ་ཡོ་ཛ་ན་མེ་བ་ད་བྷ་བ་ཏྱ་པྲ་ཡོ་ཛ་ནཾ་སཾ་སྐྲྀ་ཏ་བྱ་བཙྪེ་དན་ཏ་ད་པ་ཀལྤ་མཱ་
ནོ་པཱ་ཡི་ཏྭཱ་དི་ཏི། སློབ་དཔོན་འཕགས་པའི་འབངས་འདུས་བྱས་ལ་ནི་སོ་སོར་སྦྱོར་བ་རྣམ་པར་གཅོད་པའི་རྣམ་པ་ཉིད་ཀྱིས་མིང་འཇུག་གོ་ཞེས་འདི་སེམས་སོ། །མདོ་སྡེ་པ་རྣམས་ནི་མིང་ཙམ་ཉིད་ཀྱི་ཕྱིར་འདུས་མ་བྱས་གཏམ་གྱི་གཞི་མ་ཡིན་ཏེ་གང་ཟག་བཞིན་ནོ། །དེ་ལྟར་ན་འོ་ན་
เล่ม ๒๐๙ · หน้า 36b
འདས་པ་དང་མ་འོངས་པ་དག་ལ་ཡང་ཐལ་བར་འགྱུར་ཏེ། དེ་དག་ཀྱང་མིང་ཙམ་ཉིད་ཀྱི་ཕྱིར་རོ་ཞེ་ན། ཐལ་བར་འགྱུར་བ་མེད་དེ་བྱུང་བ་ཉིད་དང་འབྱུང་བར་འགྱུར་བ་ཉིད་ལ་དེར་ཐ་སྙད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་ཡོད་པ་ཉིད་མ་ཡིན་ནོ། །གཞན་དག་ནི་དེ་ལྟར་བཞི་པོ་དེ་གཏམ་
དུ་བྱ་བ་མ་ཡིན་ནོ་ཞེས་སོ། །གདོན་མི་ཟ་བར་འབྱུང་བའི་ངེས་པར་འབྱུང་བ་སྟེ་ཞེས་བྱ་བ་ལ་འབྱུང་བར་བྱེད་པས་ནི་འབྱུང་བ་སྟེ་འགྲོ་ཞེས་བྱ་བ་ནི་འཆག་གོ། །གོར་མ་ཆགས་པར་འབྱུང་བ་ནི་ངེས་པར་འབྱུང་བའོ། །དེ་ཡང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེར་སོང་བ་
ལ་སླར་འོངས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་མྱ་ངན་ལས་འདས་པའོ་ཞེས་བྱ་བ་སྨོས་ཏེ། ལམ་ཡང་གཟིངས་དང་འདྲ་བ་ཉིད་ཀྱིས་སྤང་བར་བྱ་བར་བཤད་དེ། དེའི་ཕྱིར་འདུས་བྱས་ཐམས་ཅད་ཀྱི་ཞེས་བྱ་བ་སྨོས་སོ། །ཕུང་པོ་ལྷག་མ་དང་
བཅས་པའི་མྱ་ངན་ལས་འདས་པ་ནི་འདུས་བྱས་ཐམས་ཅད་ཀྱི་མ་ཡིན་པས་དེ་འདིར་མི་འདོད་དོ། །འདིར་མུ་བཞི་དང་འགལ་བ་ཡོད་པ་མ་ཡིན་ཏེ། ཐོབ་པ་ལ་མུ་བཞི་བརྗོད་པའི་ཕྱིར། ཕུང་པོ་ལྷག་མ་མེད་པ་ལ་ཐོབ་པ་མེད་པའི་ཕྱིར་རོ། །དེ་འདི་དག་ལ་ཡོད་པས་ངེས་
པར་འབྱུང་བ་དང་བཅས་པ་དག་སྟེ་ནོར་དང་བཅས་པ་བཞིན་ནོ། །ཡང་གཞན་དག་ན་རེ། སླར་ཡང་ཉིད་ཅེས་པས་འདུས་བྱས་རྣམས་ངེས་པར་གཟུང་སྟེ། ངེས་པར་འབྱུང་བ་བཅས་པ་ཁོ་ན་ཞེས་པ་མ་ཡིན་གྱི། དེ་ལམ་གྱི་ཡང་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ངེས་
པར་འབྱུང་བཅས་ཞེས་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་གྲངས་སོ། །སྱཱ་དི་ཥྱ་ཏ་ཨི་བེ་ཏི་ཙི་ཏ་ཡུཀྟ་མི་ཥྱ་ཏེ། གང་དག་ཟག་པ་དང་བཅས་པ་ཞེས་ཁྱད་པར་བྱས་པ་དོན་མེད་པར་ཐལ་བ་ལས། དེར་ཡང་འདུས་བྱས་ཉིད་ཁོ་ན་ངེས་པར་གཟུང་བར་འདོད་པས་ཉེ་བར་
ལེན་པའི་ཕུང་པོ་འདུས་བྱས་ཉིད་དོ། །འབྱུང་བར་བྱེད་པ་ནི་སྡུག་བསྔལ་དང་ཀུན་འབྱུང་དག་ལས་ཀྱང་ཞེས་རྒྱ་ཆེར་འབྱུང་ངོ་། །སློབ་དཔོན་འཕགས་པའི་འབངས་ནི་འདིར་མྱ་ངན་ལས་འདས་པ་མར་མེ་ཤི་བ་ལྟ་བུར་འཇུག་པར་ཉེ་བར་ཞི་བ་སྟེ། དེ་ཡང་སོ་སོར་བརྟགས་པ་མ་ཡིན་པའི་
เล่ม ๒๐๙ · หน้า 37a
འགོག་པ་དང་རྟག་པ་ཉིད་ཀྱི་འགོག་པ་དང་མི་སྐྱེ་བའི་ཆོས་ཅན་རྣམས་ཡིན་གྱི་སོ་སོར་བརྟགས་པ་ནི་པ་ཡིན་ནོ་ཞེས་ཟེར་རོ། །མི་རྟག་པ་ཉིད་དེ་ནི་མི་རྟག་པ་ཉིད་ཀྱི་འགོག་པ་སྟེ་གཞན་མ་ཡིན་ནོ། །དེ་ཡང་འདུས་བྱས་ཏེ་རྟག་པ་དང་རྗེས་སུ་འབྲེལ་པ་
ནི་ངེས་པར་འབྱུང་བཅས་སུ་མི་རུང་ངོ་། །སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ནི་འདུས་བྱས་ཐམས་ཅད་ཀྱི་མ་ཡིན་ནོ་ཞེས་པ་བསམ་པར་བྱེད་དོ། །རྒྱུ་དང་བཅས་པའི་ཕྱིར་གཞི་དང་བཅས་པ་དག་སྟེ་ཞེས་བྱ་བ་ལ་དེའི་ལས་ཀྱིས་གནས་པས་ནི་གཞི་སྟེ་རྒྱུའོ། །ཀུན་
ནས་འགེབས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་འབྲས་བུ་དག་ནི་སྔ་མ་དང་ཕྱི་མ་ཡིན་པའི་ཕྱིར་དང་ཕྲ་བ་དང་རགས་པ་ཡིན་པའི་ཕྱིར་འདིར་གནས་པར་བྱེད་པའོ། །ལས་ཞེས་བྱ་བ་ནི་གཞི་གནས་པར་བྱེད་པའམ་དེ་ལས་སྐྱེ་བའོ། །རྒྱུ་དེ་གང་དག་ལ་སོགས་པ་དེ་ནི་
རྒྱུ་དང་བཅས་པ་དག་གོ། །གསུང་རབ་ལས་དོན་མང་པོ་ལ་གཞིའི་སྒྲ་མཐོང་བའི་ཕྱིར་རྒྱུ་དང་བཅས་པའི་ཕྱིར་ཞེས་ཁྱད་པར་དུ་བྱས་སོ། །འདི་ནི་རྒྱུའི་ཚིག་ཡིན་ནོ། །ལོ་ཞེས་བྱ་བ་ལ་ལོའི་སྒྲ་ནི་འདིར་གཞིའི་སྒྲ་རང་བཞིན་གྱི་ཚིག་ཡིན་གྱི་རྒྱུའི་ཚིག་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་
ཕྱིར་རོ། །གཞན་དུ་ཡང་མཚུངས་པ་མ་ཡིན་ནམ། གསུང་རབ་ལས་ནི་དོན་ལྔ་ལ་གཞིའི་སྒྲ་མཐོང་སྟེ། རང་བཞིན་དང་། ཡུལ་དང་ལྡན་པ་དང་། རྒྱུ་དང་ཡོངས་སུ་འཛིན་པ་ལའོ། །དེ་ལ་རང་བཞིན་ལ་ནི་ཇི་སྐད་དུ་གནས་བརྟན་ཀུན་དགའ་བོས། བཙུན་པ་བདག་གིས་
དགེ་སློང་གསར་བུ་གསར་བུ་འདི་དག་ལ་ཇི་ལྟར་གདམས་པར་བགྱི། ཇི་ལྟར་རྗེས་སུ་བསྟན་པར་བགྱི། ཇི་ལྟར་འདི་དག་ལ་ཆོས་བསྟན་པར་བགྱི་ཞེས་གསོལ་བ་དང་། ཀུན་དགའ་བོ་ཁྱོད་ཀྱིས་འདིར་དགེ་སློང་གསར་བུ་གསར་བུ་བ་དག་གཞི་འཛིན་དུ་ཆུག་ཅིག །གཞི་ཀློག་
ཏུ་ཆུག་ཅིག་ཅེས་བྱ་བ་ལྟ་བུ་སྟེ། འདིར་ནི་རང་བཞིན་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །གཞི་ཇི་ལྟར་ཐོབ་པ་དང་ལྡན་པ་དེ་ནི་གཞིའི་རང་བཞིན་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །ཤེས་བྱའི་ཆོས་རྣམས་གང་ཞེ་ན། བཤད་པ། ཆོས་ཐམས་ཅད་དངོས་པོ་ཇི་ལྟ་བ་བཞིན་དུ་
เล่ม ๒๐๙ · หน้า 37b
ཤེས་པས་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཇི་ལྟ་བ་བཞིན་དུ་ཤེས་པར་རྟོགས་སོ། །གཞི་གང་ལ་རྗེས་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པའི་གཞི་དེ་ལ་ཁོང་ཁྲོ་བའི་ཀུན་ཏུ་སྦྱོར་བ་ཡང་ལྡན་ནོ་ཞེས་བྱ་བ་ནི་ལྡན་པའོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །གཞི་དང་
བཅས་པའི་ཆོས་རྣམས་གང་ཞེ་ན། འདུས་བྱས་ཀྱི་ཆོས་ཐམས་ཅད་དོ་ཞེས་བྱ་བས་ནི་རྒྱུ་དང་བཅས་པའོ་ཞེས་བྱ་བར་རྟོགས་སོ། །ཇི་ལྟར་དངོས་པོ་གང་ཞིག་མངོན་པར་ཤེས་པ་དང་ཡོངས་སུ་ཤེས་པའི་དངོས་པོ་དེ་ལ་བརྟེན་ནས་དེ་ལྟར་དགེ་སློང་ཉེ་བར་ཞི་བ་ནི་གཞི་ཆད་པ་
སྐྱེ་བའི་འཁོར་བ་ཟད་པ་དེ་ནི་ཡང་སྲིད་མེད་པའོ་ཞེས་བྱ་བས་རྒྱུ་ཆད་པའོ་ཞེས་རྟོགས་སོ། །ཞིང་གི་གཞི་དང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་གཞི་དང་ནོར་གྱི་གཞི་དང་ཡོངས་སུ་གཟུང་བ་སྤངས་ཏེ་ཞེས་བྱ་བས་ནི་ཡོངས་སུ་འཛིན་པ་ཞེས་རྟོགས་ཏེ། དེའི་ཕྱིར་དེ་ལྟར་གཞིའི་སྒྲ་དོན་དུ་མ་ཅན་
ཡིན་པ་དང་། འདིར་རང་བཞིན་གྱི་དོན་ཞེས་ཇི་ལྟར་རྟོགས་ཤེ་ན། དེ་ནི་ཅིག་ཤོས་ལ་ཡང་མཚུངས་སོ། །ཡང་གཞི་མེད་པའི་ཆོས་རྣམས་གང་ཞེ་ན། འདུས་མ་བྱས་ཀྱི་ཆོས་རྣམས་སོ་ཞེས་བཤད་པ་ལ། དེ་རྣམས་ཀྱང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར། གཞིའི་སྒྲ་ནི་རང་བཞིན་
བརྗོད་པའོ་ཞེས་ཤེས་པར་བྱའོ། །ཡང་རང་བཞིན་དང་དམིགས་པ་དང་ལྡན་པ་དང་རྒྱུ་ཡོངས་སུ་འཛིན་པ་རྣམས་ལ་ཡང་ཐམས་ཅད་དུ་གཞིའི་སྒྲ་ནི་རང་བཞིན་གྱི་ཚིག་ཉིད་དོ། །དེ་ལྟར་དེ་དག་ནི་འདུས་བྱས་ཀྱི་ཆོས་ཀྱི་རྣམ་གྲངས་དག་ཡིན་ཏེ། བརྗོད་པར་བྱ་བའི་དངོས་པོ་མཚུངས་
པའི་ཕྱིར་རོ། །གཞན་དུ་ན་འདུས་བྱས་ཇི་སྲིད་པ་གཞི་དང་བཅས་པའོ། །ཇི་སྐད་དུ་འགྲེལ་པར། ཡང་འདུས་བྱས་དེ་དག་ཉིད་གང་དག་ཟག་བཅས་ཉེར་ལེན་པའི། ཕུང་པོའང་དེ་དག་ཅེས་འབྱུང་བ་ལ་གལ་ཏེ། ལམ་མ་གཏོགས་པ་འདུས་བྱས་རྣམས། །ཟག་བཅས་ཞེས་
ཟག་པ་དང་བཅས་པ་རྣམས་ཀྱིས་བཤད་པ་སྔར་ཉིད་དུ་བྱས་ཟིན་པ་མ་ཡིན་ནམ་ཞེ་ན། འདི་ནི་བདེན་མོད་ཀྱི། འདིར་ནི་དེ་དག་ཁོ་ནའི་མིང་གི་ངེས་པ་གཞན་དག་བསྟན་པའི་ཕྱིར་ཏེ། འདུས་བྱས་ཐམས་ཅད་ཕུང་པོ་ཞེས་བྱ་བར་བཤད་ན། ཟག་པ་དང་བཅས་པའི་ཕུང་པོ་ཞེས་བྱ་བ་
เล่ม ๒๐๙ · หน้า 38a
གང་ཡིན་པ་དེ་ནི་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་དང་། ཟག་པ་མེད་པའི་ཕུང་པོ་ཞེས་བྱ་བ་ཉིད་ཀྱང་ཡིན་ནོ། །ཞེས་འདི་ལ་དོན་གྱིས་རྟོགས་པས་མིང་ངེས་པར་བྱ་བའི་ཕྱིར་དུ་འདི་བརྩམས་པའོ། །འདིས་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ཉེ་བར་ལེན་པའི་
ཕུང་པོ་གང་དག་ཡིན་པ་དེ་དག་ནི་ཕུང་པོ་ཡང་ཡིན་ཏེ། གཟུགས་ལ་སོགས་པའི་དངོས་པོ་ལ་སྤུངས་པའི་དོན་བྱེ་བྲག་མེད་པའི་ཕྱིར་རོ། །ཕུང་པོ་དག་ཁོ་ན་ཡིན་པ་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་དག་ཀྱང་ཡོད་དེ་ཟག་པ་མེད་པའི་ཕུང་པོ་རྣམས་སོ། །དེ་དག་ནི་ཉེ་བར་ལེན་པ་དག་ལས་
བྱུང་བ་མ་ཡིན་ལ། ཉེ་བར་ལེན་པ་དག་ལ་རག་ལུས་པ་ཡང་མ་ཡིན་ཞིང་། དེ་དག་ལས་ཉེ་བར་ལེན་པ་རྣམས་འབྱུང་བ་ཡང་མ་ཡིན་ནོ། །འདོད་ཆགས་ལ་སོགས་པའི་ཉེ་བར་ལེན་པ་རྣམས་ཁོ་ན་ལ་ཉོན་མོངས་པའི་མིང་གིས་བཏགས་ཏེ། དེ་དག་གིས་སྲིད་པ་གསུམ་དུ་སྐྱེ་བ་འཛིན་
པའི་ཕྱིར་རམ། ཡང་སྲིད་འཕེན་པར་བྱེད་པའི་ལས་ཉེ་བར་ལེན་པའི་ཕྱིར་རོ། །དེ་དག་ལས་བྱུང་བའི་ཕྱིར་ན་ཉེ་བར་ལེན་པའི་ཕུང་པོ་དག་གོ། །གལ་ཏེ་རེ་ཞིག་དེ་དག་གི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་འབྲས་བུ་ཡིན་པའི་ཕྱིར་གང་ཉོན་མོངས་པ་ཅན་དང་རིགས་གཅིག་པ་དང་། ལུང་
དུ་མ་བསྟན་པ་ཁ་ཅིག་དག་ནི་ཉེ་བར་ལེན་པ་ལས་བྱུང་བར་རིགས་མོད་ཀྱི། འོན་ཀྱང་དགེ་བ་ཟག་པ་དང་བཅས་པ་དང་རིགས་གཅིག་པ་དང་ལུང་དུ་མ་བསྟན་པ་ཁ་ཅིག་ཉེ་བར་ལེན་པ་ལས་བྱུང་བར་ཅི་ལྟར་བརྗོད་ཅེ་ན། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བའི་འདུ་
བྱེད་རྣམས་ནི་མ་རིག་པའི་རྐྱེན་ཅན་ཉིད་ཡིན་པའི་ཕྱིར་དང་། ཟག་པ་དང་བཅས་པ་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་དེའི་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་རོ། །བསོད་ནམས་ཀྱི་འདུ་བྱེད་སྲིད་པའི་ལོངས་སྤྱོད་ཀྱི་བྱེ་བྲག་ཐ་དད་པ་དོན་དུ་གཉེར་
བ་དང་མཐུན་པ་དོན་དུ་གཉེར་བ་ཨ་བ་དཱ་ནེ་ཧྱ་རྣམས་ཀྱང་དེའི་ས་དང་ངེས་པར་འབྱུང་བ་དང་ལྟ་བ་ཀུན་ནས་སློང་བ་དང་ལྡན་པ་དེ་དང་ལྷན་ཅིག་ཏུ་འབྱུང་བ་མ་རིག་པ་ཀུན་ནས་སློང་བའི་རྒྱུ་ཞེས་བྱའོ། །ཡང་ན་ཉེ་བར་ལེན་པ་ནི་ཕུང་པོ་རྣམ་པའོ། །ཇི་ལྟར་ཉེ་བར་ལེན་པ་ཡིན་ཞེ་ན། ཉེ་བར་ལེན་
เล่ม ๒๐๙ · หน้า 38b
པ་ལ་རག་ལས་པའི་ཕྱིར་རྒྱལ་པོའི་སྐྱེས་བུ་བཞིན་ནོ། །ཉེ་བར་ལེན་པའི་དབང་གིས་དམིགས་པ་དང་འགྲོ་བ་གཞན་དག་ཏུ་གཞོལ་བའི་ཕྱིར་ཏེ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དགྲ་བཅོམ་པ་དག་གི་ཕུང་པོ་རྣམས་ཀྱང་ཉོན་མོངས་པས་ཟིན་པའི་གནོད་པའི་དབང་གིས་གཟུགས་
ཀྱི་ཕུང་པོ་རྣམ་པར་འགྱུར་བའི་ཕྱིར་དང་དེ་དག་དང་རྗེས་སུ་མཐུན་པའི་སེམས་དང་སེམས་ལས་བྱུང་བ་སྐྱེ་བའི་ཕྱིར་ཉེ་བར་ལེན་པ་ལ་རག་ལས་པ་ཡིན་ནོ། །ཡང་ན་དེ་དག་ལ་ཉེ་བར་ལེན་པ་རྣམས་འབྱུང་བ་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །དགྲ་བཅོམ་པའི་རྒྱུད་ཀྱི་ཟག་པ་དང་བཅས་
པ་དག་ལས་ཀྱང་རྒྱུད་གཞན་གྱི་ཉེ་བར་ལེན་པ་རྣམས་འབྱུང་སྟེ་དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར་རོ། །གཞན་དག་ནི་ཡང་ཉེ་བར་བླངས་པས་ཉེ་བར་ལེན་པ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ཉེ་བར་བླངས་པ་མེད་ན་ངའོ་སྙམ་པ་མི་འགྱུར་རོ་ཞེས་ཏེ། དེ་རྣམས་གཞན་ཉེ་བར་
ལེན་པ་ཡང་ཡིན་ལ་ཕུང་པོ་ཡིད་ཡིན་པས་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་ལས་འཛིན་པའི་བསྡུ་བའོ། །ཟག་པ་མེད་པ་ལ་ནི་ངའོ་སྙམ་པའི་ཕྱིར་རོ། །འཐབ་པ་ནི་ཉོན་མོངས་པའོ་ཞེས་བྱ་བ་ལ། འཐབ་པས་ན་འཐབ་པ་སྟེ་དེ་ཉིད་ཀྱི་ཕྱིར་བརྟག་པའི་རྒྱུ་མཚན་བསྟན་པའི་ཕྱིར། བདག་
དང་གཞན་ལ་གནོད་པའི་ཕྱིར་རོ་ཞེས་གསུངས་ཏེ། འཇིག་རྟེན་ན་ཡང་གང་དུ་བདག་དང་གཞན་ལ་གནོད་པ་དེ་ནི་འཐབ་པ་སྟེ་གཡུལ་ཞེས་བརྗོད་ལ། ཉོན་མོངས་པ་ཡང་འབྱུང་བ་ན་བདག་དང་གཞན་ལ་གནོད་པར་བྱེད་དེ། མདོ་ལས་དེའི་འདོད་པའི་འདོད་ཆགས་སྐྱེས་ན་བདག་ལ་གནོད་
པའི་ཕྱིར་གནས་སོ། །གཞན་ལ་གནོད་པ་དང་གཉི་ག་ལ་གནོད་པའི་ཕྱིར་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །གཞན་དག་ན་རེ་དག་པའི་ཕྱོགས་འཁྲུག་པར་བྱེད་པའི་ཕྱིར་འཐབ་པ་ཞེས་ཟེར་རོ། །འཐབ་པ་དང་ལྷན་ཅིག་པ་ཡིན་པས་འཐབ་བཅས་ཏེ། འདིར་ཡང་ལྷན་
ཅིག་པའི་དོན་ཏོ། །དེའི་ཕྱིར་དེ་དག་གིས་རྒྱས་པར་བྱས་པ་ཉིད་ཀྱི་ཕྱིར་ཏེ། དམིགས་པ་དང་མཚུངས་པར་ལྡན་པ་དང་རྟེན་པ་རྣམས་ནི་ཟག་པ་དང་བཅས་པ་བཞིན་ནོ་ཞེས་བཤད་དོ། །དེ་ལྟར་ཟག་པ་དང་བཅས་པ་ཞེས་པ་འདི་དང་དོན་ལ་ཁྱད་པར་ཡོད་པ་མ་ཡིན་ཡང་། འདི་དང་ལྷན་
เล่ม ๒๐๙ · หน้า 39a
ཅིག་ཏུ་གྱུར་ན་འཐབ་པ་འབྱུང་བ་ཉིད་ཀྱིས་འཐབ་པ་དང་ལྷན་ཅིག་པས་འཐབ་བཅས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལ་ཉོན་མོངས་པ་ཅན་ཁོ་ན་འཐབ་བཅས་སུ་འགྱུར་རོ་ཞེ་ན་ཉེས་པ་འདི་མེད་དེ། ཟག་པ་དང་བཅས་པ་ཉིད་འཐབ་བཅས་
སོ་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །ཡང་ན་ཟག་པ་དང་བཅས་པ་དང་། འཐབ་པ་དང་བཅས་པ་དང་། ཟད་ཡིད་དང་བཅས་པ་དང་། དྲི་མ་དང་བཅས་པ་དང་། ཟུག་རྔུ་དང་བཅས་དང་། བགེགས་དང་བཅས་པ་ཞེས་གསུང་རབ་ལས་རྣམ་གྲངས་ཀྱིས་གསུངས་པའི་དོན་གྱི་
འཇུག་པ་བསྟན་པར་བྱ་བའི་ཕྱིར་འཐབ་བཅས་ཞེས་བཤད་དོ། །ཟག་པ་དང་བཅས་པའི་ཆོས་དེ་དག་ཉིད་གསུང་རབ་ལས་མིང་གཞན་དག་གིས་ཀྱང་ཐ་སྙད་འདོགས་ཏེ། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། །ལྷ་གནས་སྲིད་པའང་དེ་དག་ཡིན། །ཞེས་བྱ་སྟེ།
འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་ཞེས་བྱ་བ་ལ། འཕགས་པ་སྨོས་པ་ནི་བདེ་བ་དང་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ཚོགས་དང་བཅས་པ་དག་ནི་འཕགས་པ་མ་ཡིན་པ་རྣམས་དང་མི་མཐུན་པ་མ་ཡིན་པའི་ཕྱིར་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ཀྱིས་
ཟག་པ་དང་བཅས་པ་ཐམས་ཅད་ཡིད་འབྱུང་བའི་གནས་ཡིན་པའི་ཕྱིར་འཕགས་པ་རྣམས་དང་མི་མཐུན་པར་འགྱུར་རོ། །སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པའི་ཕྱིར་སྡུག་བསྔལ་ལོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །སྡུག་བསྔལ་གྱི་གནས་སུ་གྱུར་པ་དང་དེའི་རྒྱུར་
གྱུར་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པའི་རྣམ་པ་དག་ཡིན་གྱི་གཞན་ནི་མ་ཡིན་ནོ། །འདི་ཁྱད་པར་མེད་པར་ཐལ་བར་འགྱུར་ཞེས་སེམས་པའོ། །ཅི་སྟེ་སྡུག་བསྔལ་གྱི་གནས་སུ་གྱུར་པའི་ཕྱིར་འཕགས་པ་རྣམས་དང་མི་མཐུན་པའི་ཕྱིར་དང་སྡུག་བསྔལ་དང་གནོད་པའི་
གནས་སུ་གྱུར་པའི་ཕྱིར། ཀུན་འབྱུང་བའི་བདེན་པ་མངོན་པར་རྟོགས་པ་ལས་མི་མཐུན་པར་འགྱུར་གྱི་བདེན་པ་མངོན་པར་རྟོགས་པ་ལས་ནི་མ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པ་ལས་ནི་འདུ་བྱེད་སྡུག་བསྔལ་བ་ཉིད་ཀྱིས་མི་མཐུན་པར་འགྱུར་གྱི། ཐམས་ཅད་
เล่ม ๒๐๙ · หน้า 39b
སྡུག་བསྔལ་གྱི་གནས་སུ་གྱུར་པ་ལས་མ་ཡིན་ནོ། །འདུ་བྱེད་སྡུག་བསྔལ་གྱི་དབང་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ་ཞེས་གསུངས་པའི་སྡུག་བསྔལ་ནི་འདུན་པའི་འདོད་ཆགས་ཀྱི་གཞིའོ། །ལམ་གྱི་བདེན་པ་ནི་འདུ་བྱེད་ཀྱི་སྡུག་
བསྔལ་ཉིད་དུ་ཡོད་པ་མ་ཡིན་ཏེ་གཉེན་པོ་ཡིན་པའི་ཕྱིར་རོ། །འཕགས་པ་རྣམས་དང་མི་མཐུན་པ་ཡོད་པ་ཡང་གང་དུ་སེམས་ཅན་ལ་གང་གིས་གནོད་པར་བྱེད་པ་དེ་ཉིད་སུན་འབྱིན་པ་ཡིན་པས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དོ། །ལམ་ལ་ཐལ་བར་འགྱུར་བ་ཡོད་པ་མ་ཡིན་ནོ། །འདི་ལས་
སྡུག་བསྔལ་ཀུན་འབྱུང་བས་ཞེས་བྱ་བ་ནི་འདི་ལས་སྡུག་བསྔལ་སྐྱེ་ཞེས་བྱ་བའི་དོན་གང་ཡིན་པ་སྟེ་དངོས་པོ་རིགས་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ལམ་ལ་ཡང་ཀུན་འབྱུང་ཉིད་ཐལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། སྡུག་བསྔལ་ལ་སྐྱོ་བར་གྱུར་པ་རྣམས་འདིའི་ཀུན་འབྱུང་བ་གང་ཡིན་
ཞེས་དེའི་རྒྱུ་ཡོངས་སུ་རྟོགས་པ་ལ་འཇུག་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་ཁོ་ན་ཀུན་འབྱུང་ཡིན་གྱི་ལམ་གྱི་རྒྱུ་ནི་མ་ཡིན་ནོ། །འདི་ལྟར་འགའ་ཡང་ལམ་ལ་སྐྱོ་བ་དེའི་རྒྱུ་ཡོངས་སུ་རྟོགས་པར་མི་བྱེད་དོ། །ལམ་གྱིས་ནི་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་དེའི་རྒྱུ་ཡོངས་སུ་བརྟག་པའི་ཕྱིར་ལམ་
ཐམས་ཅད་དངོས་པོ་རིགས་མཐུན་པའི་རྒྱུ་མ་ཡིན་པས་དེའི་རྒྱུ་ལ་ཀུན་འབྱུང་བའི་རྒྱུ་ཉིད་དུ་ཐལ་བ་མེད་དོ། །འཇིག་པས་ན་འཇིག་རྟེན་ཞེས་པ་ལ་འགོག་པའི་ཕྱིར་གཉེན་པོ་ཉིད་དོ། །འཇིག་པ་ལམ་ལ་ཐལ་བར་འགྱུར་བ་མེད་དོ། །གཞན་དག་ན་རེ་མི་རྟག་པ་ཉིད་ཀྱིས་འཇིག་གོ་ཞེས་ཟེར་རོ། །
དེ་ལྟར་ན་ལམ་ལ་ཡང་ཐལ་བར་འགྱུར་རོ། །གང་དུ་འཇིག་རྟེན་གྱི་སྒྲ་འདི་གཏིང་ཚུགས་པ་དེ་ཉིད་དུ་འདིའི་ངེས་པའི་ཚིག་བྱང་བས་ལམ་ལ་ཐལ་བ་མེད་དོ། །འདི་ལ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་རྣམ་པ་ལྔ་རྣམས་སོ། །རྒྱས་པར་འགྱུར་བའི་སྒོ་ནས་གནས་པས་ན་
ཞེས་པ་ལ། གལ་ཏེ་ཟག་པ་དང་བཅས་པའི་དངོས་པོ་ལ་ཉོན་མོངས་པ་ཐམས་ཅད་རྒྱས་པར་འགྱུར་བ་དང་ཟག་པ་དང་ཉེ་བར་ལེན་པ་དང་འཐབ་པ་ཞེས་བཤད་པའི་ཕྱིར་དང་ལྟ་བ་རྣམས་ཀྱང་འདོད་ཆགས་ལ་སོགས་པ་བཞིན་ནོ། །ཞེས་སྔར་ཉིད་དུ་བསྟན་པ་མ་ཡིན་ནམ་ཞེ་ན་འདི་ནི་
เล่ม ๒๐๙ · หน้า 40a
བདེན་མོད་ཀྱི་དེ་ལྟ་ན་ཡང་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་ཀྱི་ཚེ་རྣམ་གྲངས་མེད་པར་ནི་ལྟ་བ་རྣམས་ཀྱི་གནས་གཡོ་བ་མེད་པ་ཡིན་ཏེ་བརྟན་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་ཟག་པ་དང་བཅས་པའི་དངོས་པོ་ནི་དེ་ཁོ་ནའི་གནས་ཡིན་གྱི། དེ་ལྟར་འདོད་
ཆགས་ལ་སོགས་པ་དང་མ་རིག་པ་དང་ཐེ་ཚོམ་རྣམས་ཀྱི་ནི་མ་ཡིན་ནོ། །རང་གི་མཚན་ཉིད་ཀྱི་ཉོན་མོངས་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་ནི་ཐམས་ཅད་མ་ཡིན་ལ་ཐམས་ཅད་ཀྱི་ཚེ་ཡང་མ་ཡིན་ནོ། །མ་རིག་ནི་ཐམས་ཅད་ཀྱི་ཚེ་ཡིན་གྱི་རྣམ་གྲངས་མེད་པར་ནི་མ་ཡིན་ཏེ།
འདོད་ཆགས་ལ་སོགས་པ་དང་མཚུངས་པར་ལྡན་པ་ཐམས་ཅད་འདོད་ཆགས་ལ་སོགས་པ་བཞིན་དུ་རྟོག་པའི་ཕྱིར་རོ། །ཐེ་ཚོམ་ལ་ནི་ཐམས་ཅད་ཡོད་མོད་ཀྱི་བརྟན་པར་འཛིན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ནི་དེ་དག་གི་གནས་སུ་མི་བརྗོད་དོ། །འབྱུང་བས་ན་སྲིད་པ་སྟེ་ཞེས་པ་ནི་གང་
ཞིག་ཀུན་འབྱུང་བ་ལས་བྱུང་བ་དེ་ལ་མངོན་པར་འདོད་དོ། །དེ་ལྟ་ན་ལམ་ལ་ཡང་ཐལ་བ་མེད་དོ། །ཡང་ན་སྲིད་པའི་སྒྲ་འདི་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མཚམས་བཅད་པས་དེ་དག་ཉིད་ལ་ངེས་པར་བརྗོད་དེ། མདོ་ལས་སྲིད་པ་གང་ཞེ་ན་ཉེ་བར་ལེན་པའི་ཕུང་པོ་ལྔའོ་ཞེས་གསུངས་པའི་
ཕྱིར་རོ། །ཡང་ན་ཟག་པ་དང་བཅས་པའི་ཆོས་ཀྱི་འཇུག་པ་འབྱུང་བས་ན་སྲིད་པ་ཞེས་བརྗོད་དོ། །གཞན་དག་ནི་འདི་ལས་འབྱུང་བ་དང་འདི་ལ་འབྱུང་བས་ན་སྲེད་པའོ་ཞེས་ཟེར་རོ། །འང་གི་སྒྲ་ནི་ཟང་ཟིང་དང་བཅས་པ་ལ་སོགས་པའི་རྣམ་གྲངས་ཉེ་བར་བསྡུ་བའི་དོན་ཏོ། །དེ་ལྟར་ན་འདི་དག་
ནི་ཟག་པ་དང་བཅས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་བ་ནས་སྲིད་པ་ཞེས་བྱ་བའི་བར་འདི་དག་ནི་ཟག་པ་དང་བཅས་པའི་རྣམ་གྲངས་དོན་ཇི་ལྟ་བར་བཤད་པའི་ཉེ་བར་ལེན་པའི་ཕུང་པོ་ལ་སོགས་པའི་དོན་གྱི་རྗེས་སུ་འགྲོ་བ་དོན་དང་འདྲ་བ་དོན་དང་མཐུན་པའི་
ཟག་པ་དང་བཅས་པའི་རྣམ་གྲངས་ཡིན་ནོ། །གཟུགས་ལ་སོགས་པ་ཕུང་པོ་ལྔ་ཞེས་སྨྲས་པ་དེ་ལ་ཞེས་བྱ་བ་ལ་སྨྲས་པའི་ཚིག་ནི་གཟུགས་ལ་སོགས་པ་ཕུང་པོ་རྣམས་ཀྱི་དབང་དུ་བྱས་པ་ལ་རབ་ཏུ་བསྟན་པར་བྱ་བའི་དོན་ཏོ། །གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མིན་
เล่ม ๒๐๙ · หน้า 40b
ཉིད། །ཅེས་བྱ་བ་ལ་གཟུགས་སྨོས་པས་ནི་སྐབས་ཀྱི་ཕུང་པོའི་གཟུགས་གཟུང་བར་རིག་པར་བྱའི་སྐྱེ་མཆེད་ཀྱི་གཟུགས་ནི་མ་ཡིན་ནོ། །གཉི་གར་གྲངས་བསྟན་པ་ནི་དབང་པོ་རྣམས་དང་ཡུལ་རྣམས་མང་བའི་ཕྱིར་རོ། །ཐམས་ཅད་གཟུགས་ཀྱི་བདག་ཉིད་དུ་ཁས་བླངས་པའི་ཕྱིར་དང་ཡུལ་ཅན་
དང་ཡུལ་གྱི་སྒོ་ནས་གཟུགས་ཀྱི་ཕུང་པོ་བསྟན་པའི་ཕྱིར་མིག་ལ་སོགས་པ་དག་དང་གཟུགས་ལ་སོགས་པ་དག་ལ་མངོན་པར་འདོད་དོ་ཞེས་ཤེས་པར་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་ཕྱིར་དོན་ལྔའི་ཁོང་གསུམ་འདུས་པས་དབང་པོ་ལྔའི་ཡུལ་མ་ཡིན་པའི་
ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ནའི་ཞེས་དེ་ལས་གཞན་པ་ཆོས་ཀྱི་སྐྱེ་མཆེད་ཀྱིས་བསྡུས་པའི་གཟུགས་མདོ་སྡེ་པ་ལ་སོགས་པས་ཀུན་བཏགས་པ་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །
མིག་ལ་སོགས་པ་དག་གང་དག་གི་རྣམ་པར་ཤེས་པ་དག་གིས་རྟོགས་པས་ན་དོན་ཏེ་ཁོང་དུ་ཆུད་ཅེས་བྱ་བའི་དོན་ཏོ། །འདིར་གཟུགས་ཀྱི་ཕུང་པོ་ནི་སྐྱེ་མཆེད་བཅུ་དང་གཅིག་གི་ཕྱོགས་གཅིག་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། ཅི་སྟེ་འདི་དག་གི་མཚན་ཉིད་ཅི་ཞིག་ཅེ་ན། དེའི་ཕྱིར། དེ་དག་
རྣམས་ཀྱི་རྣམ་ཤེས་རྟེན། །མིག་ལ་སོགས་གཟུགས་དང་བ་རྣམས། །ཞེས་བྱ་བ་གསུངས་ཏེ། དེ་ཞེས་པའི་སྒྲ་ནི་བར་དུ་མ་ཆོད་པའི་ཕྱིར་འཇིག་རྟེན་ལ་གྲགས་པ་ཁས་བླངས་ཏེ་གཟུགས་ལ་སོགས་པའི་དོན་རྣམས་དང་སྦྱར་བར་བྱའོ། །འཇིག་རྟེན་ན་ནི་གཟུགས་ཀྱི་བློ་སྒྲའི་བློ་ཞེས་ཡུལ་
གྱི་སྒོ་ནས་རྣམ་པར་ཤེས་པ་སྟོན་གྱི། རྣམ་པར་ཤེས་པའི་སྒོ་ནས་མ་ཡིན་ནོ། །རྣམ་པར་ཤེས་པ་དེ་དག་གི་རྟེན་ནི་དེ་དག་རྣམས་ཀྱི་རྣམ་ཤེས་ཏེ། ཇི་སྐད་དུ། དེ་དག་གྱུར་པས་གྱུར་ཉིད་ཕྱིར། །རྟེན་ནི་མིག་ལ་སོགས་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །གཟུགས་དང་བའི་བདག་
ཉིད་ལྔ་པོ་ཞེས་བྱ་བ་ནི་གཟུགས་ཀྱི་རང་བཞིན་ཅན་ནོ། །དབང་པོ་ལས་འདས་པའི་དོན་རྟོགས་པ་ནི་ལུང་ངམ་རིགས་པ་ལས་འགྱུར་ལ། ཡིད་ཆེས་པ་མ་ཡིན་པ་རྣམས་ཀྱི་ཚིག་ཙམ་ལ་ནི་གུས་པར་བྱ་བ་ཡང་མ་ཡིན་པས། མིག་ལ་སོགས་གཟུགས་དང་བ་རྣམས་ཞེས་བྱ་བ་འདི་ལ་ལུང་
เล่ม ๒๐๙ · หน้า 41a
སྟོན་པ་ནི། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ་དང་བའི་དོན་ནི་འདི་ཡིན་ཏེ། དཔེར་ན་མེ་ལོང་དང་བའམ་ཆུའི་སྣོད་དུ་གཟུགས་ལ་བརྟེན་ནས་དེའི་སྣང་བ་གཟུགས་བརྙན་འབྱུང་བ་དེ་བཞིན་ནས་གཟུགས་ཀྱི་བདག་ཉིད་དང་བ་ལྔ་པོ་ལ་ཡང་
གཟུགས་ལ་སོགས་པ་དག་ལ་བརྟེན་དེའི་སྣང་བའི་རྣམ་རིག་འབྱུང་ངོ་། །འདིར་གཟུགས་དང་བའི་བདག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དང་། རྟེན་གྱི་དངོས་པོར་ཁྱད་པར་མེད་པའི་ཕྱིར་ན་མིག་ལ་སོགས་པ་རྣམས་ཕན་ཚུན་དང་ཡིད་ལས་རྣམ་པར་གཅད་པར་བྱ་དགོས་ཏེ། དེའི་ཕྱིར་དེ་དག་
རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་དང་གཟུགས་དང་བ་ཞེས་བྱ་བ་གཉི་ག་བརྗོད་དོ། །དེ་ལ་དེ་དག་རྣམས་ཀྱི་རྣམ་པར་ཤེས་པའི་རྟེན་ཉིད་ཀྱིས་ནི་མིག་ལ་སོགས་པ་རྣམས་ཕན་ཚུན་ལས་རྣམ་པར་གཅོད་དེ། གཟུགས་ཀྱི་རྣམ་པར་ཤེས་པའི་རྟེན་མིག་ཁོ་ན་ཡིན་གྱི་རྣ་བ་ལ་སོགས་པ་རྣམས་
མ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་རེག་བྱའི་རྣམ་པར་ཤེས་པའི་རྟེན་ནི་ལུས་ཁོ་ན་ཡིན་གྱི་མིག་ལ་སོགས་པ་རྣམས་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །གལ་ཏེ་དེ་ལྟར་ན། ལྔ་རྣམས་ཀྱི། །དེ་དང་ལྷན་ཅིག་སྐྱེས་པའང་ཡིན། །ཞེས་གསུངས་པའི་ཕྱིར་ཡོད་ཀྱང་མིག་ལ་སོགས་པ་ཉིད་དུ་ཐལ་
བར་འགྱུར་ཏེ། དེ་ཡང་དེའི་རྟེན་ཡིན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གཟུགས་དང་བ་ཞེས་བརྗོད་དོ། །དེ་དག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའི་བདག་ཉིད་ཅན་གང་དག་ཡིན་པ་དེ་དག་ནི་མིག་ལ་སོགས་པ་རྣམས་ཁོ་ན་ཡིན་གྱི། ཡིད་མ་ཡིན་ནོ་ཞེས་ཤེས་པར་བྱས་པར་འགྱུར་རོ། །
འོ་ན་གཟུགས་སྨོས་ཀྱི་དོན་མ་ཡིན་པ་ཅི་ཞེ་ན། དེ་དག་གི་རྣམ་པར་ཤེས་པའི་རྟེན་དང་བ་མིག་ལ་སོགས་པ་རྣམས་ཞེས་བྱ་བ་འདིས་གྲུབ་པའི་ཕྱིར་རོ། །གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་དེ་དག་གི་རྣམ་པར་ཤེས་པའི་རྟེན་དང་བ་ལས་གཞན་ཡོད་པ་མ་ཡིན་ནོ། །གང་ཁྱད་
པར་གྱི་དོན་གཟུགས་སུ་གསུངས་པ་དོན་དང་བཅས་པར་འགྱུར་བར་མདོ་ལས་གསུངས་པའི་ཕྱིར་རོ། །དེ་ལྟར་གལ་ཏེ་མདོ་ལས་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་གྱི་ཁྱད་པར་གྱི་ཚིག་མ་གསུངས་པར་བསྟན་བཅོས་ཁོ་ནར་ཀློག་པར་བྱེད་པ་ཡིན་ནོ། །དེ་ལ་ཡང་འདི་གསུངས་
เล่ม ๒๐๙ · หน้า 41b
པའི་ཕྱིར་རོ། །དེ་ལྟར་འོ་ན་ཐེ་ཚོམ་མེད་པའི་དོན་དུ་གཟུགས་གསུངས་ན་འབྲུ་མང་པོ་པར་རྟོགས་པས་མིག་ལ་སོགས་པ་ཞེས་བྱ་བ་དང་བ་ལ་ཐལ་བར་འགྱུར་རོ། །གཟུགས་གསུངས་པའི་ཕྱིར་བསྡུ་བ་དེ་ལྡོག་པར་ཉེ་བར་བསྟན་པ་ཡིན་ནོ། །གང་ལ་མིག་ལ་སོགས་པའི་རྣམ་པར་ཤེས་
པའི་རྟེན་ཉིད་དུ་རྟོག་པར་འགྱུར་བས་དང་བ་གཟུགས་ཀྱི་རང་བཞིན་ནི་མེད་དོ། །དེ་ལྟར་དོན་དང་བཅས་པ་ཉིད་གཟུགས་སུ་གསུངས་པ་འདིས་བསྟན་བཅོས་ལ་གནོད་པ་བཤད་དོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །མདོ་ལས་གང་གསུངས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་
ཁྱད་པར་གྱི་ཚིག་མ་གསུངས་སོ། །གཟུགས་སྨོས་པ་གནོད་པ་མེད་པ་ཅན་ནོ་ཞེས་པ་དེ་ཡང་མི་རིགས་ཏེ་འབྱུང་བ་རྒྱུར་བྱས་པར་གསུངས་པའི་ཕྱིར་རོ། །གཟུགས་སྨོས་པ་དོན་མེད་པ་ཅན་ཏེ་གཟུགས་ཅན་མ་ཡིན་པའི་དང་བ་འབྱུང་བ་རྒྱུར་བྱས་པ་མེད་དོ། །དེའི་ཕྱིར་མདོ་ཡང་འབྱུང་
བ་རྒྱུར་བྱས་པའི་དང་བ་ཞེས་བརྗོད་པར་བྱའི་གཟུགས་དང་བ་ཞེས་ནི་མ་ཡིན་ནོ། །འདིར་འབྲུ་མང་པོ་པའི་བསྡུ་བ་ལྡོག་པའི་ཕྱིར་དུ་གཟུགས་སྨོས་པ་རིགས་པ་མ་ཡིན་ནོ། །གཟུགས་ཀྱི་ཕུང་པོའི་དབང་དུ་བྱས་པ་ཁོ་ན་གཟུགས་ཀྱི་བདག་ཉིད་དུ་གྲུབ་ཀྱི། ན་ཙ་ཤྲཱཏྨ་ཀཿདང་བའི་གཟུགས་
ཀྱིས་བསྡུས་པས་ན་འབྲུ་མང་པོ་པར་དོགས་པ་ཡང་མེད་པ་ཉིད་དོ་ཞེས་འདི་ཉིད་སེམས་སོ། །མདོ་ནི་གདུལ་བྱའི་བསམ་པ་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱིས་བསྟན་པས་ན་དེ་ལ་ལྕི་བ་དང་ཡང་བ་བསམ་པར་མི་བྱའོ། །སློབ་དཔོན་གྱིས་ཀྱང་མདོ་ལས་བསྟན་པ་དང་མི་འགལ་བ་དེ་
བཞིན་ཁོ་ནར་འདིར་གཟུགས་དང་བ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱི་གསུང་ཉེ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ན་གང་འཇིག་རྟེན་ན་ཀྲྀཥྞ་སཱ་ར་དང་ཨུཏྤ་ལའི་འདབ་མའི་བདག་ཉིད་དུ་གནས་
པ་ལ་མིག་ཅེས་བརྗོད་དེ། དེ་ལ་མིག་གི་རྣམ་པར་ཤེས་པ་བརྟེན་ནོ་ཞེས་བཟློག་སྟེ་བརྗོད་པའི་ཕྱིར་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཅན་གྱི་མིག་མ་ཡིན་པ་ལ་ཡང་མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བ་ཞེས་བྱ་སྟེ། དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །གཞན་དག་
เล่ม ๒๐๙ · หน้า 42a
ན་རེ་གཟུགས་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་རྣམ་པ་གཉིས་ཏེ། མིག་ལ་སོགས་པ་དང་ཡོང་ངོ་། །དང་བ་ནི་རྣམ་པ་གསུམ་སྟེ་དང་བའི་དང་བ་དང་། སྐྱེ་མཆེད་ཀྱི་གཟུགས་དང་བ་དང་། དབང་པོའི་གཟུགས་དང་བ་རྣམས་སོ། །དེ་ལ་
དེ་དག་གི་རྣམ་པར་ཤེས་པའི་རྟེན་སྨོས་པ་ནི་སྐྱེ་མཆེད་ཀྱི་གཟུགས་དང་བ་ལས་ཁྱད་པར་དུ་བྱེད་དོ། །གཟུགས་སྨོས་པས་ནི་དང་བའི་བདག་ཉིད་ལས་ཁྱད་པར་དུ་བྱེད་དོ། །དང་བ་སྨོས་པས་ནི་ཡིད་ལས་ཁྱད་པར་དུ་བྱེད་དོ། །གལ་ཏེ་དད་པ་རྣམ་པར་ཤེས་པ་རྣམས་ཀྱི་རྟེན་མ་ཡིན་
པའི་ཕྱིར་དེ་དག་གི་རྣམ་པར་ཤེས་པའི་རྟེན་སྨོས་པ་ཉིད་ཀྱིས་བསལ་བ་མ་ཡིན་ནམ་ཞེ་ན། གཟུགས་སྨོས་པ་དོན་མེད་པ་ཅན་དང་བ་ནི་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་ནོཏྤི་སོ་རྣམ་པར་ཤེས་པར་འདོད་པ་དེའི་ཕྱིར་ཡིད་བཞིན་དུ་དེ་མ་ཐག་པའི་རྐྱེན་དུ་གྱུར་པ་རྣམ་པར་ཤེས་པའི་རྟེན་ཡིན་ནོ། །
གཅིག་ལ་ཡང་ཚོགས་དང་ལྷན་ཅིག་ཏུ་གྱུར་པ་མཚུངས་པར་ལྡན་པའི་རྒྱུར་མངོན་པར་འདུལ་བའི་ཕྱིར་རྣམ་པར་ཤེས་པའི་རྟེན་དང་བའོ་ཞེས་རུང་བ་འདི་ནི་དེ་ལྟ་མ་ཡིན་ཏེ་བསྟན་བཅོས་དང་འགལ་བའི་ཕྱིར་རོ། །བསྟན་བཅོས་སུ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་རྟེན་གསུངས་
སོ། །དེ་ལྟ་ན་སེམས་ལས་བྱུང་བ་རྟེན་ཡིན་པའི་ཕྱིར་རྟེན་རྣམས་ཀྱང་དུ་མར་ཐལ་ལོ་ཞེ་ན། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པ་གཞན་དང་ལྷན་ཅིག་ཏུ་གྱུར་པ་ཡོད་པ་མ་ཡིན་གྱི། །རྣམ་པར་ཤེས་པ་སྔ་མ་འགག་པ་དང་རྣམ་པར་ཤེས་པ་ཕྱི་མ་སྐྱེ་བའི་གོ་སྐབས་སྦྱིན་པ་ལ་རྟེན་ཞེས་བརྗོད་
དེ། དེ་ལྟར་ན་སེམས་ལས་བྱུང་བ་རྣམས་སེམས་དང་ལྷན་ཅིག་འགག་པ་ནི་མ་ཡིན་ནོ། །གང་འགག་པ་ལས་རྣམ་པར་ཤེས་པ་སྐྱེ་བའི་གོ་སྐབས་ཞེས་པ་ཡིད་བཞིན་དུ་དེ་དག་གི་ཡང་རྟེན་ཉིད་དུ་ཀུན་ཏུ་རྟོགས་ན་འདི་ལ་ངེས་པ་མེད་དེ་གང་ཞིག་གང་གི་རྒྱུ་ཡིན་པ་དེ་དེའི་རྟེན་མ་ཡིན་ནོ་ཞེས་
སོ། །གཞན་དུ་འབྱུང་བ་རྣམས་ཀྱང་འབྱུང་བའི་རྟེན་ཉིད་དུ་འཐོབ་སྟེ་འདི་ཡང་འདོད་པ་མ་ཡིན་ནོ། །གསུང་རབ་ལས་ལྷན་ཅིག་བྱུང་བ་ཉིད་ཀྱི་ཕྱིར་སེམས་ཉིད་སེམས་ལས་བྱུང་བའི་རྟེན་ཉིད་བཤད་དོ། །སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་རྟེན་མ་ཡིན་ནོ། །གཞན་དུ་ན་སེམས་
เล่ม ๒๐๙ · หน้า 42b
དང་སེམས་བྱུང་བའི་རྣམ་པར་གཞག་པ་འཆོལ་བར་འགྱུར་རོ། །ཡང་ན་མིག་ལ་སོགས་པ་འདི་དག་སྨོས་པ་གང་དག་ཡིན་པ་ཞེས་རྒྱ་ཆེར་འབྱུང་བ་དེ་ལ་མིག་ལ་སོགས་པ་རྣམས་ཆོད་པ་ཡིན་ཀྱང་ཤུགས་ཀྱིས་དེ་དག་གི་སྒྲ་དང་འབྲེལ་བ་ལྟར་ཏེ། ཤུགས་ཀྱིས་གསུང་རབ་ལས་ཀྱང་
མིག་གི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པ་ཞེས་དབང་པོ་དག་གི་རྣམ་པར་ཤེས་པ་སྟོན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་དྲུག་མ་འདྲེས་པར་བསྟན་པར་འགྱུར་རོ། །ཡུལ་དག་གིས་མ་ཡིན་ཏེ་དེར་མིག་ལ་སོགས་པའི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་
དབྱེར་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ལྟར་བཤད་ན་རབ་ཏུ་བྱེད་པའི་གཞུང་དང་ཡང་མཐུན་པར་འགྱུར་རོ་ཞེས་སོ། །འོ་ན་དེ་ལྟར་རྟེན་ཕན་ཚུན་ཡིན་པའི་ཕྱིར་ནུས་པ་མི་འགྱུར་བ་ཡིན་ནམ་ཞེ་ན། མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །མིག་གི་རྣམ་པར་ཤེས་པ་གང་
ཞེ་ན། མིག་ལ་བརྟེན་ནས་གཟུགས་སོ་སོར་རྣམ་པར་རིག་པའོ་ཞེས་འདི་དག་ཕན་ཚུན་རྟེན་མ་ཡིན་པར་ཆེས་གཞན་དུ་རིག་པར་བྱས་ཏེ་དེས་ན་དེ་ནི་ཅིག་ཤོས་ཀྱི་ཤེས་བྱེད་དོ། །སློབ་དཔོན་འདུས་བཟང་ན་རེ། རྣ་བའི་དབང་པོ་དགག་པའི་ཕྱིར་ཚིག་སྔ་མ་གཟུགས་དང་བའི་རང་བཞིན་
ཏེ། གང་གི་ཕྱིར་དེ་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་ངོ་བོར་མེད་པའི་ཕྱིར་རོ། །དེ་ལ་མིག་ལ་སོགས་པ་ཉིད་དུ་ཐལ་བ་མེད་དོ། །ཕྱི་མ་ནི་བར་ཆད་མེད་པར་འགག་པའི་རྟེན་དགག་པའི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པའི་རྟེན་ཉིད་ལ་ཡང་དེའི་གཟུགས་དང་བའི་རང་བཞིན་
མེད་པས་དེ་ལ་མིག་ལ་སོགས་པ་ཞེས་བྱ་བར་ཐལ་བ་མེད་དོ། །སྔ་མས་སྐལ་བ་མཉམ་པའི་མིག་དང་ཕྱི་མས་དེ་དང་སྐལ་བ་མཉམ་པའོ་ཞེས་ཟེར་རོ། །གོང་དུ་བཤད་པའི་ངག་གི་ཁྱད་པར་གྱིས་ཡིད་དགག་པ་མ་ཡིན་པར་ཤེས་པར་བྱ་ཞིང་ཡུལ་གྱི་གཟུགས་དང་བ་ཞེས་པའི་
སྐྱོན་ཡང་མེད་དོ། །གལ་ཏེ་དེ་དང་སྐལ་བ་མཉམ་པ་རྣམས་ལ་དེའི་རྣམ་པར་ཤེས་པའི་རྟེན་ཉིད་མེད་པས་སོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ཏེ་ནུས་པའི་ཤུགས་ཡོངས་སུ་བཟུང་བས་བཤད་པ་སྔ་མ་ལ་ནི་གཟུགས་སྨོས་པ་དོན་མེད་པ་ཅན་ཞེས་བཤད་དོ། །སྔ་མ་ཁོ་ནའི་གཟུགས་དང་བའི་
เล่ม ๒๐๙ · หน้า 43a
མཚན་ཉིད་ཀྱི་ཁྱད་པར་ལ་ཡང་མིག་ལ་སོགས་པ་རྣམས་ཕན་ཚུན་གྱིས་ཐ་དད་དོ་ཞེས་ཤེས་པར་བྱའོ། །འོ་ན་འདིར་བཤད་པ་ཁོ་ན་དེ་དག་གི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཕན་ཚུན་ཐུན་མོང་
དུ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དེ་མིག་ལ་སོགས་པ་རྣམས་ལ་བཤད་པ་དེ་ལྟར་ལོང་བ་ལ་གཟུགས་ཀྱི་བློ་མེད་དོ། །ཡོད་པ་རྣམས་ཀྱང་རྣ་བ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ་འོན་པ་ལ་སོགས་པ་རྣམས་ལ་ཡང་སྒྲའི་བློ་དག་བརྗོད་པར་བྱའོ། །ཕན་ཚུན་ཐུན་མོང་དུ་
རྒྱུ་དང་འབྲས་བུ་ཉིད་ཀྱང་དེའི་རྒྱུའི་དབྱེ་བས་འབྲས་བུའི་ས་བོན་རྣམས་ལ་ཁྱབ་ཅེས་བྱའོ། །མིག་ལ་སོགས་པ་དབྱེ་བ་མེད་པ་རྣམས་ལ་དོགས་པར་མི་རུང་སྟེ་རྒྱུ་ཐ་དད་དུ་གྱུར་པའི་ཕྱིར་དང་། ཐ་དད་དུ་གྱུར་པའི་རྒྱུ་རྣམས་ནི་རྒྱུ་མ་ཡིན་པ་པི་ཝང་དང་གླིང་བུ་དང་འཁར་རྔ་ལ་སོགས་
པའི་སྒྲ་རྣམས་ལ་དབྱེ་བ་མཐོང་ངོ་། །ཐམས་ཅད་དུ་ཐ་མི་དད་པའི་མཚན་ཉིད་ཀྱི་ཕྱིར་འབྱུང་བ་རྣམས་ཀྱི་དབྱེ་བ་སྒྲུབ་པ་དབྱེར་མེད་པའི་མཚན་ཉིད་ལ་ཡང་འདིར་དབྱེ་བ་ཉིད་དོ། །ནང་དང་ཕྱིའི་དབྱེ་བ་བཞིན་ནམ་ཚོར་བ་བཞིན་དུ་ཉམས་སུ་མྱོང་བའི་མཚན་ཉིད་ཀྱི་ཁྱད་པར་ལ་ཡང་བདེ་
བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དབྱེ་བ་གྲུབ་པོ། །འོ་ན་དེ་ལྟར་ཐ་མི་དད་པའི་མཚན་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་རྣམས་སྒྲ་བཞིན་དུ་སྐྱེ་མཆེད་གཅིག་ཏུ་ཐལ་ལོ་ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ་རྣམ་པ་གཞན་དུ་སྐྱེ་མཆེད་རྣམ་པར་བཞག་
པའི་ཕྱིར་རིགས་གཅིག་པའི་རྣམ་པར་ཤེས་པ་སྐྱེ་བའི་སྒོར་གྱུར་པས་སྐྱེ་མཆེད་དུ་རྣམ་པར་གཞག་པར་བྱའི། རང་གི་ངོ་བོ་ལ་བལྟོས་ནས་ནི་མ་ཡིན་ཏེ་ཐ་དད་པའི་མཚན་ཉིད་རྣམས་ཀྱང་སྐྱེ་མཆེད་གཅིག་གིས་བསྡུས་པའི་ཕྱིར་རོ། །དེ་ལ་སྒྲ་བཞིན་དུ་མིག་ལ་སོགས་པ་རྣམས་སྐྱེ་
མཆེད་གཅིག་ཉིད་དུ་ཐལ་བ་མེད་དོ། །གཞན་དག་ན་རེ་གཟུགས་མ་ཡིན་པའི་དང་བའི་བདག་ཉིད་ནི་མིག་གི་རྣམ་པར་ཤེས་པའི་རྟེན་ཡིན་པའི་ཕྱིར་དཔེར་ན་ཡིད་ལྟ་བུའོ་ཞེས་ཟེར་རོ། །ཐམས་ཅད་དུ་བྱེ་བྲག་པ་སེམས་ཅན་གཅིག་གི་རྣམ་པར་ཤེས་པའི་རྟེན་གྱིས་ཀྱང་འདི་ཁྱབ་པའི་ཕྱིར།
เล่ม ๒๐๙ · หน้า 43b
དེ་གྲུབ་པར་འདོད་པ་ནི་གནོད་བྱེད་དུ་འགལ་ལོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མིག་གི་རྣམ་པར་ཤེས་པ་ལ་བརྟེན་པའི་ཕྱིར་དཔེ་དང་སྒྲུབ་བྱེད་མ་ཚང་བའོ། །སེར་སྐྱ་པ་ཡང་ཡོན་ཏན་གསུམ་གྱིས་གཏན་ཚིགས་དང་ཁྱབ་པ་འདོད་དེ་གནོད་བྱེད་འགལ་བའོ། །ཡིད་ནི་ཡོན་ཏན་
གསུམ་ཞེས་པ་ཚད་མ་ཀུན་ལས་བཏུས་པའི་བཤད་སྦྱར་དུ་རྒྱ་ཆེར་བསྟན་པས་དེར་ཤེས་པར་བྱའོ། །གཏན་ཚིགས་མ་གྲུབ་པ་ཡང་འདིར་ནི་གཞུང་མངས་པའི་འཇིགས་པས་མ་བརྗོད་དོ། །འགྲེལ་བཤད་འདི་ལས་གཞན་ཉིད་ཀྱི་ཕྱིར་རྟེན་དང་བརྟེན་པ་རྣམས་ལ་ནི་དབྱེ་བ་མཐོང་སྟེ།
འཁར་གཞོང་དང་རྒྱ་ཤུག་ལ་སོགས་པ་རྣམས་བཞིན་ནོ། །ན་ཙ་ས་ཨཻ་པ་ཏ་སྱཻ་བཱ་ཤྲ་ཡོ་དྲིཥྚ་ཨིཥྚོ་བཱ་དཔེ་དང་སྒྲུབ་བྱེད་མ་ཚང་བའོ། །མིག་གི་དབང་པོའི་འཇུག་པ་ཡིད་ལ་བརྟེན་ནས་འཇུག་པ་མ་ཡིན་ཏེ་གྲངས་ཅན་དང་སངས་རྒྱས་པའི་ཁས་བླངས་བཱ་དྷཱ། མདོ་ལས་བཅོམ་ལྡན་འདས་
ཀྱིས་མིག་ལ་སོགས་པ་གཟུགས་དང་བ་ཉིད་མངོན་པར་བརྗོད་པའི་ཕྱིར་རོ། །གཞན་དག་ནི་གཟུགས་མ་ཡིན་པ་དང་བའི་བདག་ཉིད་མིག་ལ་སོགས་པའི་དབང་པོ་ཡིན་པའི་ཕྱིར་ཡིད་ཀྱི་དབང་པོ་བཞིན་ཞེས་ཟེར་རོ། །གཟུགས་དང་བའི་བདག་ཉིད་ལས་ལྡོག་པས་གཞན་མ་ཡིན་པའི་མིག་
ལ་སོགས་པ་ཡོད་དོ་ཞེས་བྱ་བ་ནི་རྟེན་མ་གྲུབ་པའི་གཏན་ཚིགས་སོ། །གཞན་དུ་ན་གཞན་གྱི་ངོ་བོར་ཁས་བླངས་པའི་གཟུགས་དང་བའི་བདག་ཉིད་དགག་པར་བྱའོ། །དེ་བཞིན་དུ་ཡང་རྟེན་མ་གྲུབ་པར་གྱུར་པ་དེ་ཁས་བླངས་པའི་ཕྱིར་ཡོད་ཀྱང་རུང་དེ་ལ་དབང་པོ་ཉིད་རབ་ཏུ་མ་གྲུབ་པས་
ཕྱོགས་ཆོས་དང་གཏན་ཚིགས་མ་ཡིན་ནོ། །ངེས་པར་གཟུགས་ཀྱི་བདག་ཉིད་ཀྱིས་མིག་ལ་སོགས་པ་ཁས་བླང་བར་བྱའོ། །ཐོགས་པ་དང་བཅས་པ་ཉིད་རྣམ་པར་ཆད་པའི་གཞི་བསྟན་པའི་ཕྱིར་དང་། ཐམས་ཅད་དུ་སོང་བའི་ཕྱིར་དབང་པོ་རྣམས་རྣམ་པར་ཆད་པའི་གཞི་བསྟན་པ་ཉིད་རབ་
ཏུ་མ་གྲུབ་པོ། །དེ་ལྟར་ཡང་ལྷས་སྦྱིན་ལ་སོགས་པའི་དབང་པོ་རྣམས་བྲམ་ཟེ་རྣམས་ཀྱི་དབང་པོའི་གནས་སུ་ཡོད་ཅེས་ཁས་བླང་བའི་ཕྱིར་བྲམ་ཟེའི་དབང་པོ་དང་དབང་པོའི་གནས་གང་ཡིན་པ་དེ་རྣམས་དེ་ཉིད་ལས་གཞན་མ་ཡིན་པ་དེའི་གནས་སུ་འཇུག་པའི་ཕྱིར་གཟུགས་ལ་སོགས་པ་བཞིན་
เล่ม ๒๐๙ · หน้า 44a
ལུས་ལས་ཕྱི་རོལ་མ་ཡིན་ནོ། །མིག་ལ་སོགས་པའི་དབང་པོ་རྣམས་དེ་ལ་ཐེ་ཚོམ་ལ་སོགས་པ་རབ་ཏུ་སྦྱོར་ལས་སམ་ཤིང་གེལ་བ་ལ་སོགས་པ་བཞིན་ཞེས་བྱ་སྟེ་སྤྲོས་པས་ཆོག་གོ། །གཟུགས་ཀྱི་ཕུང་པོ་རྫས་བཅུ་གཅིག་པ་བསྟན་པ་ལས་དབང་པོ་ལྔ་རྣམས་
བཤད་པ་བྱས་ཟིན་ཏོ། །དེའི་མཇུག་ཐོགས་སུ་དེ་དག་གི་དོན་རྣམས་བཤད་པར་བྱ་དགོས་ཏེ། དེའི་ཕྱིར་དབང་པོ་ལྔ་རྣམས་བཤད་ཟིན་ཏོ། །དོན་ལྔ་རྣམས་བཤད་པར་བྱ་བ་གསུངས་ཏེ། དེ་ལ་ཞེས་པ་དབང་པོ་དང་དོན་དེ་རྣམས་ལའོ། །རེ་ཞིག་གི་སྒྲ་ནི་རིམ་པའི་དོན་ཏེ་རེ་ཞིག་གཟུགས་
བསྟན་པར་བྱ་དགོས་པའོ། །གཟུགས་རྣམ་གཉིས་དང་ཞེས་བྱ་བ་ནི་རྣམ་པ་གཉིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་སོགས་པ་དག་ནི་མིག་ལ་སོགས་པ་དབང་པོའི་ཡུལ་དག་གོ་ཞེས་འཇིག་རྟེན་ན་རབ་ཏུ་གྲགས་པས་དེ་དག་གི་མཚན་ཉིད་མ་བརྗོད་པར་དེ་དག་གི་དབྱེ་བ་ཁོ་ན་སྟོན་
ཏེ་དེ་ནི་འཇིག་རྟེན་ན་གྲགས་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སེར་པོ་དང་དམར་པོ་དང་དཀར་པོ་སྡུད་དོ། །གཞན་དག་ནི་དེའི་བྱེ་བྲག་གོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་གི་བྱེ་བྲག་ཅེས་བྱ་བའི་དོན་ཏོ། །དེ་དག་ཀྱང་གང་ཞེ་ན། སྤྲིན་དང་
དུ་བ་རྡུལ་དང་ཁུག་རྣ་དང་གྲིབ་མ་དང་ཉི་མ་དང་སྣང་བ་དང་མུན་པའོ། །དེ་ལྟར་བྱས་ན་ཁ་དོག་རྣམ་པ་བཅུ་གཉིས་སུ་འགྱུར་ཏེ། རྩ་བའི་ཁ་དོག་བཞི་དང་། དེ་དག་ཤས་ཆེ་བ་དང་། ཤས་ཆུང་བ་དང་འབྲེལ་བའི་བྱེ་བྲག་གིས་སྤྲིན་ལ་སོགས་པ་བརྒྱད་དོ། །ཁ་ཅིག་ན་རེ་ནམ་མཁའི་ཁམས་
ཀྱི་བྱེ་བྲག་ཁོ་ན་ཡིན་གྱི་ཁ་དོག་གཞན་མ་ཡིན་ནོ་ཞེའོ། །གྲིབ་མ་དང་མུན་པ་ནི་འོད་ལ་གནོད་པ་བྱས་པས་སྐྱེད་པའོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། གྲིབ་མ་ནི་གང་ན་གཟུགས་རྣམས་སྣང་བའོ། །བཟློག་པ་ནི་མུན་པ་སྟེ་གང་ན་གཟུགས་རྣམས་མི་སྣང་བའོ་ཞེས་བྱ་བའི་ཐ་ཚིག་གོ། །
རྣམ་པར་མ་ཕྱེའོ་ཞེས་པ་ནི་རྣམ་པར་དབྱེ་བ་མ་བྱས་པའོ། །གཟུགས་ཀྱི་སྐྱེ་མཆེད་ཁ་དོག་ཏུ་ཡོད་ལ་དབྱིབས་སུ་མེད་པ་ཡང་ཡོད་དེ་ཞེས་བྱ་བ་ལ་དབྱིབས་ཞེས་བྱ་བ་འདི་ཡང་ཅི་མ་བཤད་པའི་རིང་པོ་ལ་སོགས་པའོ་ཞེས་དེ་ཉིད་ཤེས་པར་བྱའོ། །གང་ལ་རིང་པོ་ལ་སོགས་པའི་བློར་འགྱུར་
เล่ม ๒๐๙ · หน้า 44b
བ་དེ་ནི་རིང་པོ་ལ་སོགས་པའི་དབྱིབས་སོ། །དེ་ལྟར་ན་ཁ་དོག་ལ་སོགས་པ་ལས་ཐ་དད་པའི་དབྱིབས་ཁས་བླང་བར་བྱ་བ་ཅིའི་ཕྱིར་ན། གང་ལས་ཕྱོགས་གཅིག་གི་སྒོ་ནས་འཇུག་པ་ཁ་དོག་གི་ཚོགས་མང་བ་ལ་རིང་པོའི་བློར་ཞིང་། ཉུང་བ་ལ་ཐུང་ངུའི་བློ་དང་ཕྱོགས་བཞི་མཉམ་
པ་ལ་གྲུ་བཞིའི་བློ་དང་། ཕྱོགས་ཀུན་ནས་མཉམ་པ་ལ་ཟླུམ་པོའི་བློ་དང་། དབུས་སུ་ཕལ་ཆེ་བ་ལ་མཐོ་བའི་བློ་དང་། ཉུང་བ་ལ་དམའ་བའི་བློ་དང་། ཁ་ཕྱོགས་གཅིག་ཏུ་ཕྱོགས་པ་ལ་ཕྱ་ལེ་བའི་བློ་དང་། ཕྱོགས་ཐ་དད་པར་ཕྱོགས་པ་ལ་ཡང་ཕྱ་ལེ་བ་མ་ཡིན་པའི་བློར་འགྱུར་རོ། །
ཅི་ལྟར་ཡང་འདི་རྟོགས་པར་བྱ་ཞེ་ན། ཁ་དོག་ལ་སོགས་པའི་སྤྱི་ལ་རིང་པོ་ལ་སོགས་པའི་བློ་མ་ཡིན་ཡང་དོན་གཞན་དུ་གྱུར་པའི་དབྱིབས་ཞེས་དང་། རེག་པར་བྱེད་པའི་སྒོ་ནས་ཀྱང་རིང་པོ་ལ་སོགས་པའི་བློ་སྐྱེའོ། །གཞན་དབང་པོའི་ཡུལ་མ་ཡིན་པ་དང་དབང་པོ་ལས་འདས་པའི་
སྒོ་ནས་ཀྱང་བློ་སྐྱེ་བ་འདི་དབང་པོའི་ཤེས་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་རྗེས་སུ་དཔག་པའི་ཤེས་པ་སྟེ་དེའི་དྲི་ལས་མེ་ཏོག་གི་ཁ་དོག་ཤེས་པ་བཞིན་དྲི་ཡང་མེ་ཏོག་གི་ཁ་དོག་ལས་ངེས་པར་དེ་ལྟ་བུའི་རེག་བྱ་གང་ཅི་ཡང་རུང་བ་འདི་ནི་དབྱིབས་མ་ཡིན་ནོ། །དེའི་ཕྱིར་གཉི་གའི་དབང་པོའི་
སྒོ་ནས་བུམ་པ་ལ་སོགས་པ་བཞིན་རིང་པོ་ལ་སོགས་པའི་དབྱིབས་ཀྱི་ཤེས་པ་འཇུག་པ་དེ་ཁ་དོག་ལ་སོགས་པ་རྣམས་ལས་དོན་གཞན་མ་ཡིན་ནོ། །འདི་ནི་ཕྱིས་ལས་བསྟན་པའི་མཛོད་ཀྱི་གནས་སུ་ཡང་རྣམ་པར་དཔྱོད་པར་འགྱུར་ཏེ་སྤྲོས་པས་ཆོག་གོ། །གཉི་གར་ཡོད་པ་
ཡང་ཡོད་དེ་ཞེས་བྱ་བ་ནི་ལུས་ཀྱི་རྣམ་པར་རིག་བྱེད་མ་གཏོགས་པ་རིང་པོ་ལ་སོགས་པའི་དབྱིབས་དང་། སྤྲིན་དང་དུ་བ་དང་རྡུལ་དང་ཁུག་རྣའོ། །གཞན་དག་ན་རེ་ཉི་མ་དང་སྣང་བ་ཁོ་ན་ཁ་དོག་ཏུ་ཡོད་ཀྱི། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་གྲིབ་མ་དང་མུན་པ་ཞེས་བྱ་
བ་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་རིང་པོ་ལ་སོགས་པའི་དབྱིབས་མ་གཏོགས་པར་སྔོན་པོ་ལ་སོགས་པ་འཛིན་པ་མེད་དོ། །ཅི་ལྟར་མུན་པ་ལ་རིང་པོ་ལ་སོགས་པའི་དབྱིབས་འཛིན་ཅིང་སྤྱོད་པ་ལ་སོགས་པ་རྣམས་ལ་མཐར་དེ་བཞིན་དུ་ཡོངས་སུ་གཅོད་པའི་ཕྱིར་རོ། །
เล่ม ๒๐๙ · หน้า 45a
གལ་ཏེ་དེ་ལྟ་ན་ཉི་མ་དང་སྣང་བ་གཉིས་ལ་ཡང་ཐལ་བར་འགྱུར་རོ་ཞེ་ན་ཐལ་བ་མེད་དེ། སྣང་བ་དང་ཉི་མ་ཨུ་པ་གྷ་རྟེན་གྱི་དབྱིབས་སུ་གཟུང་བའི་ཕྱིར་དེ་མུན་པ་ཡོད་པ་མ་ཡིན་ནོ་ཞེས་བཤད་པར་བྱའོ། །ཇི་ལྟར་ན་རྫས་གཅིག་ལ་རྫས་གཉི་གར་ཡོད་ཅེ་ན་ཞེས་
བྱ་བ་ནི་འདི་ཡོད་པའི་དོན་དུ་ཁས་བླངས་ནས་རྒོལ་བའོ། །གཉི་གར་ནི་རྣམ་པ་གཉི་གར་རོ། །འདི་ལྟར་རང་ངོ་བོ་ཐ་དད་པས་ནི་རྫས་ཐ་དད་པ་ཡིན་ཏེ། དེའི་ཕྱིར་དེ་ལ་གཅིག་ཉིད་འགལ་ལོ། །དེ་ལ་གཅིག་ཉིད་ལ་ངོ་བོའི་དབྱེ་བ་མེད་པས་ན་དེའི་ཕྱིར་སྣང་བ་ལ་སོགས་པ་བཞིན་ནམ་ལུས་
ཀྱི་རྣམ་པར་རིག་བྱེད་བཞིན་དུ་དབྱིབས་དང་ཁ་དོག་གི་སྒོ་ནས་དེ་ཉིད་དམ་དེ་ཁས་བླང་བར་བྱའི་གཉི་ག་ཇི་ལྟ་བ་བཞིན་མ་ཡིན་ནོ། །དེ་ལ་གཉི་ག་མངོན་པའི་ཕྱིར་ཏེ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་རྫས་གཅིག་ལ་སྟེ་ཁ་དོག་ལ་ཡང་དབྱིབས་དང་དབྱིབས་ལ་ཡང་ཁ་དོག་མངོན་པའི་ཕྱིར་རོ། །
ཡོད་པ་འདི་ཤེས་པའི་དོན་ཡིན་གྱི་ཡོད་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་ལ། འདི་སྐད་དུ་གཉི་ག་མངོན་པའི་ཕྱིར་རོ་ཞེས་བཤད་པར་འགྱུར་རོ། །གང་ཁ་དོག་ཁོ་ནར་ཡོད་ལ་དབྱིབས་སུ་མ་ཡིན་པ་ཉིད་ཡོད་པའོ་ཞེས་བཤད་པ་དེར་ནི་ཡོད་པའི་དོན་ཉིད་སྤྱི་ལ་བརྟེན་པའི་ཕྱིར་ཡོད་པའི་དོན་
དུ་ཡང་མི་འགལ་ལོ་ཞེས་གཞན་དག་གོ། །སྤྱིའི་དངོས་པོ་གཅིག་ལ་ཁ་དོག་དང་དབྱིབས་ཡོད་པ་ཉིད་འགལ་བ་མེད་དོ་ཞེས་བྱ་བ་འདི་གཟུགས་ཀྱི་སྐྱེ་མཆེད་དུ་གསུངས་པའི་ཕྱིར་ཨ་ཀལྤ་ན། དེ་ཉིད་ཀྱི་ཕྱིར་གཉི་ག་རྫས་གཅིག་པ་ཇི་ལྟ་བ་ནི་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །འོ་ན་ནི་
ལུས་ཀྱི་རྣམ་པར་རིག་བྱེད་ལ་ཡང་ཁ་དོག་དང་དབྱིབས་སུ་ཡོད་པ་ཞེས་བྱ་བ་ཐལ་བར་འགྱུར་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་རང་བཞིན་ཐལ་མོ་སྦྱར་བ་ལ་སོགས་དག་ཡང་སྔོན་པོ་ལ་སོགས་པའི་ཁ་དོག་མངོན་པའི་ཕྱིར་རོ། །དེའི་ཕྱིར་ལུས་ཀྱི་རྣམ་པར་རིག་བྱེད་ནི་དབྱིབས་ཁོ་ནར་ཞེས་
བྱ་བ་དེ་དང་འགལ་བར་འགྱུར་རོ། །འདི་ནི་འགའ་ཞིག་གི་མི་མཐུན་པ་ཉེ་བར་བཀོད་པ་སྟེ། ལྷག་མ་ཉི་མ་དང་སྣང་བ་ལས་ཐ་དད་པའི་གཟུགས་ཀྱི་སྐྱེ་མཆེད་ལ་རྣམ་པར་སྨིན་པ་ལས་སྐྱེས་པའམ་རྒྱས་པ་ལས་བྱུང་བའམ་རྒྱུ་མཐུན་པས་བྱུང་བ་མངོན་པར་བྱེད་པའི་ཁ་དོག་དང་དབྱིབས་དག་དབྱེར་
เล่ม ๒๐๙ · หน้า 45b
མེད་པར་ཚོགས་པ་ནི་རྣམ་པར་སྨིན་པའི་རྒྱུའམ་རྒྱས་པ་ལས་བྱུང་བའི་རྒྱུའམ་སྐལ་བ་མཉམ་པའི་རྒྱུའོ། །དེ་ལྟར་རྣམ་པར་རིག་བྱེད་ཀྱི་དུས་སུ་མངོན་པར་བྱེད་པ་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་པ་དབྱེར་མེད་པར་ཚོགས་པ་རྣམ་པར་སྨིན་པའི་རྒྱུ་ལས་བྱུང་བ་ལ་སོགས་པ་ཡོད་
པ་མ་ཡིན་ནམ་ཞེ་ན། དེར་ནི་ཐལ་མོ་སྦྱར་བ་ལ་སོགས་པ་དགེ་བའམ་མི་དགེ་བའམ་ལུང་དུ་མ་བསྟན་པ་ཡང་རུང་སྟེ་དབྱིབས་ཀྱི་ཆོས་ལ་འདིར་ལུང་དུ་མ་བསྟན་པ་ཉིད་དོ། །དེའི་ཕྱིར་ཁ་དོག་གང་ཡིན་པ་གཟུགས་ཀྱི་སྐྱེ་མཆེད་ལྷག་མས་བསྡུས་པ་ཉིད་དོ། །དེ་ལས་གཞན་པ་དབྱིབས་
དང་ཐ་མི་དད་པའི་རྒྱུ་ཉིད་ཀྱི་ཁ་དོག་གི་རྣམ་པར་རིག་བྱེད་ཀྱི་རང་བཞིན་གཟུགས་ཀྱི་སྐྱེ་མཆེད་དེའི་རྒྱུ་མཐུན་པ་ལས་བྱུང་བ་ཉིད་ཅེས་བྱ་བ་ཁ་དོག་དང་ལྷན་ཅིག་རྒྱུ་ཚོགས་གཅིག་པ་འགལ་ལོ། །དབྱིབས་ཀྱི་སྒོ་ནས་ཡོད་པ་ཉིད་ནི་མ་ཡིན་པ་ཁོ་ནའོ་ཞེས་བརྗོད་པར་བྱའོ། །འོ་ན་གང་འདིས་
གཟུགས་ཅན་དང་ལྷན་ཅིག་སྐྱེ་བ་ངེས་པའི་མཚན་ཉིད་འདོད་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་བྱ་བ་དེ་ལ་འདི་ཅི་ལྟར་མང་བ་ཡིན་རྣམ་པར་རིག་བྱེད་མ་ཡིན་པ་ལྷན་ཅིག་ཏུ་གྱུར་པ་ཐ་མི་དད་པའི་རྒྱུ་དང་མཐུན་པའི་རྒྱུ་དགེ་བ་དང་མི་དགེ་བ་རྣམས་ལ་དྲི་ལ་སོགས་པ་
འབྱུང་བ་ལས་གྱུར་པ་རྣམས་མེད་པའི་ཕྱིར་རོ་ཞེས་སོ། །དེ་བཞིན་དུ་རྫས་ལྔ་པོའི་རྣམ་པར་རིག་བྱེད་ཀྱི་རྡུལ་ཕྲ་རབ་དེ་ལྟར་གྲུབ་པར་འགྱུར་རོ། །འདིར་སྤྱི་ཁོ་ན་གཉིས་ཀ་ལྟ་བུར་མངོན་ཏེ་རྫས་ནི་མ་ཡིན་ནོ། །གཞན་དུ་རྫས་འགལ་བ་གཉི་གའི་རང་བཞིན་ལ་མི་འཇུག་གོ། །གང་དུ་
སྤྱི་ལ་རྣམ་པར་རིག་བྱེད་དུ་བརྗོད་པའི་དབྱིབས་བཏགས་པ་དེ་ལ་ཁ་དོག་ཀྱང་རྣམ་པར་རིག་བྱེད་དུ་ཐལ་བར་བཤད་དོ་ཞེ་ན་མ་ཡིན་ཏེ། འདིར་ཐ་མི་དད་ཚོགས་པ་ལས་བྱུང་བ་ཅུང་ཟད་ཕན་པར་བྱེད་པ་འདོད་པ་ན་སྤྱོད་པའི་རྡུལ་ཕྲ་རབ་རྫས་བརྒྱད་པ་ཅན་ཉིད་དེ་ལས་གཞན་པ་ཚོགས་པའི་དྲི་ལ་
སོགས་པ་དང་བྲལ་བ་མེད་པའི་ཕྱིར་ཞེས་པ་སྟེ་སྤྲོས་པས་ཆོག་གོ། །སྒྲ་ནི་རྣམ་པ་བརྒྱད་ཡོད་དེ། །ཞེས་བྱ་བ་ལ་འདིས་དངོས་པོ་རྣམས་སྒྲོག་པར་བྱེད་པས་ན་སྒྲའོ། །ཡང་ན་གྲག་པར་བྱེད་པས་སྒྲའོ། །བདེ་བར་གཤེགས་པ་པ་དག་ན་རེ་རྣ་བའི་ཡུལ་དུ་གྱུར་པའི་གཟུགས་འབྱུང་བ་
เล่ม ๒๐๙ · หน้า 46a
བཞི་ལས་གྲུབ་པའོ་ཞེས་ཟེར་རོ། །དེ་ལ་ཟིན་པ་དག་ནི་ལུས་སུ་གཏོགས་པ་རྣམས་ཏེ། ཕན་ཚུན་མཐུན་པར་བྱེད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་གི་རྟེན་གྱི་དངོས་པོར་ཉེ་བར་གཟུང་བའི་ཕྱིར་རོ། །དེ་ནི་མིག་ལ་སོགས་པ་ད་ལྟར་བྱུང་བ་དང་ཐ་
དད་པ་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་དག་སྟེ་བཟློག་པ་ནི་མ་ཟིན་པ་དག་གོ། །དེ་དག་གང་ལ་རྒྱུར་ཡོད་པས་ན་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའོ། །དེ་ལ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་འདི་ལྟ་སྟེ། ལག་པ་དང་ངག་གི་སྒྲ་ལྟ་བུའོ་ཞེས་
བྱ་བ་ལ། གལ་ཏེ་ངག་གི་སྒྲ་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ཡང་ཡོད་པ་མ་ཡིན་ནམ། དཔེར་ན་ཚངས་པ་འདོད་པར་གཏོགས་པའི་སྤྲུལ་པས་སྨྲས་པ་དང་། བསམ་གཏན་གཉིས་པར་སྐྱེས་པ་རྣམས་ཀྱི་ངག་གི་རྣམ་པར་རིག་བྱེད་ལྟ་བུ་སྟེ། རྣམ་རིག་དཔྱོད་དང་བཅས་
དག་ན། །ཞེས་གསུངས་པའི་ཕྱིར་དང་། དེ་ལྟར་སྒྲ་ནི་འབྱུང་བ་རྒྱུར་བྱས་པ་ལུས་དང་ངག་གི་ལས་ཟག་པ་དང་བཅས་པའི་མཚན་ཉིད་ཅན་གྱི་ཕྱིར་རོ་ཞེ་ན། ཡོད་མོད་ཀྱི་འདི་ནི་ཉེས་པ་མེད་དེ། དཔེ་ཉིད་དུ་ཉེ་བར་བླངས་པའི་ཕྱིར་དང་། འདིར་ལག་པ་དང་ངག་གི་སྒྲ་ནི་ཟིན་པའི་འབྱུང་བ་ཆེན་
པོའི་རྒྱུ་ཁོ་ན་ལས་བྱུང་བ་ཡིན་ནོ་ཞེས་ངེས་པར་གཟུང་བ་ཡིན་པའི་ཕྱིར་རོ། །སེམས་ཅན་དུ་སྟོན་པ་ནི་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲའོ། །གཞན་ནི་སེམས་ཅན་དུ་སྟོན་པ་མ་ཡིན་པའོ་ཞེས་བྱ་བ་ནི་གང་ཞིག་ངག་གི་རྣམ་པར་རིག་བྱེད་ཀྱི་སྒྲ་ལས་གཞན་པ་ཟིན་པ་མ་ཡིན་པའི་འབྱུང་བའི་རྒྱུ་ཅན་
རྣམ་པ་གཉིས་ཆར་ཡང་ངོ་། །དེ་ལྟར་ན་ཟིན་པ་དང་མ་ཟིན་པའི་འབྱུང་བའི་རྒྱུ་ཅན་གཉིས་རེ་རེ་ཞིང་སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་སྟོན་པ་མ་ཡིན་པའི་ཕྱིར་རྣམ་པ་བཞི་ཡིན་ལ། རྣམ་པ་བཞི་པོ་ཡང་རེ་རེ་ཞིང་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བའི་དབྱེ་བས་རྣམ་པ་བརྒྱད་ཡིན་ནོ། །
ཡིད་དུ་འོང་བ་ནི་ཡིད་དང་མཐུན་པ་སྟེ་མར་འཛིན་པ་དང་ཕར་འཛིན་པ་བཞིན་ནོ། །འདིར་རྒྱུའི་དབྱེ་བ་དང་རང་གི་ངོ་བོའི་དབྱེ་བ་ལས་སྒྲའི་རབ་ཏུ་དབྱེ་བའི་མཚན་ཉིད་བསྟན་ཏོ། །གཞན་དག་ན་རེ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་གྱུར་པའི་སྒྲ་ཡང་ཡོད་དེ་ཞེས་བྱ་བ་འབྱུང་སྟེ། དེ་
เล่ม ๒๐๙ · หน้า 46b
ལ་ལག་པའི་འབྱུང་བ་ཆེན་པོ་དག་ནི་ཟིན་པའོ། །རྫ་རྔའི་འབྱུང་བ་ཆེན་པོ་དག་ནི་མ་ཟིན་པའོ། །ལག་པ་དང་རྫ་རྔ་ཕྲད་པ་ལས་འབྱུང་བ་གཉི་ག་ལ་བརྟེན་ནས་སྐྱེས་པའི་ཕྱིར་ཟིན་པ་དང་མ་ཟིན་པའི་རྒྱུ་ལས་བྱུང་བའོ། །དེ་ནི་ཅི་ལྟར་ཁ་དོག་གི་རྡུལ་ཕྲ་རབ་གཅིག་ལ་ཞེས་རྒྱས་པར་
འབྱུང་སྟེ། ལག་པ་དང་རྫ་རྔ་ཕྲད་པ་ལས་སྐྱེས་པའི་སྒྲའི་རྡུལ་ཕྲ་རབ་ནི་འབྱུང་བ་བཞི་ཆེན་གཉིས་རྒྱུར་བྱས་པ་ལས་སྐྱེས་པ་མ་ཡིན་ཏེ་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར་ཁ་དོག་གི་རྡུལ་ཕྲ་རབ་བཞིན་ནོ། །ལུས་དང་ཐ་མི་དད་པའི་ཕྱིར་རོ། །འབྱུང་བ་བཞི་ཚན་གཉིས་ནི་ཕན་
ཚུན་ལྷན་ཅིག་པའི་རྒྱུ་ཉིད་དོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལས་ཅིར་འགྱུར་ན་དེའི་རིགས་དང་ཐ་དད་པར་འགྱུར་ཞིང་དེ་ལས་ཀྱང་ཐོགས་པ་ཉིད་དུ་འགྱུར་རོ། །ན་ནུ་ཙ་པྲྀ་ཐི་པཱི་དྷཱ་ཏོར་བྷཱ་ཏུ་ནཱ་བི་མ་བྷཱ་གོ་ན་ཅེ་ན་ས་པྲ་ཏི་གྷ་ཏྭ་མི་ཏི་ཙི་ན་ཏྱཾ་མེ་ཏ་ཏ། འབྱུང་བ་བཞི་ཆེན་གཉིས་ཀྱིས་
སྤྲུལ་པའི་རྡུལ་ཕྲ་རབ་ནི་ཕྱི་སྟེ་དེ་ལ་ཟིན་པ་དང་མ་ཟིན་པའི་འབྱུང་བའི་རྒྱུ་ལས་བྱུང་བ་ཞེས་བྱ་བ་མི་འགལ་ལོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་མི་སྟོན་པ་ནི་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཡིད་དུ་འོང་བ་
དང་ཡིད་དུ་མི་འོང་བའི་དབྱེ་བ་གཟུགས་ལ་སོགས་པ་རྣམས་ལ་ཡང་ཡོད་ན་སྒྲ་ཁོ་ན་རྣམ་པ་གཉིས་ཞེ་ན་ཟིན་པ་དང་མ་ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བའི་ཕྱིར་རོ། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་བཞིན་གཟུགས་ལ་སོགས་པ་རྣམས་ལ་ཡང་ཟིན་པ་དང་མ་ཟིན་པའི་འབྱུང་བའི་
རྒྱུ་ལས་བྱུང་བ་ཡོད་པ་མ་ཡིན་ནམ་ཞེ་ན། གཟུགས་ལ་སོགས་པ་རྣམས་ཀྱི་བཞིན་དུ་སྒྲའི་རྒྱུ་ཁོ་ན་རྣམ་པ་གཉིས་ཏེ། རང་གི་ངོ་བོ་ལ་ཡང་དེ་ལྟར་བསྟན་བཅོས་སུ་སྨོས་པ་སྒྲའི་མཚན་ཉིད་དེ། དེའི་ཕྱིར་ལྡོག་པའི་དབྱེ་བས་ཁ་དོག་དང་དབྱིབས་ལ་བརྗོད་པ་བཞིན་དུ་བརྗོད་དོ། །གཞན་
ལ་ཡང་དབྱེ་བ་ཡོད་དེ། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་སེམས་ཅན་ལ་སོགས་པའི་འདུ་བྱེད་ལས་སྐྱེས་པའོ། །དེ་ལ་ངེས་པར་བལྟོས་པ་སེམས་ཅན་གྱི་མངོན་པར་འདུ་བྱེད་པ་ལས་སྐྱེས་པ་དེ་ཡང་ལག་པ་ལ་སོགས་པའི་མངོན་པར་འདུ་བྱེད་པ་ལས་སྐྱེས་པའམ་ངག་གི་
เล่ม ๒๐๙ · หน้า 47a
རྣམ་པར་རིག་བྱེད་དོ། །ངག་གི་རྣམ་པར་རིག་བྱེད་ཀྱང་མིང་གི་གནས་རྣམས་ལ་བལྟོས་པའོ། །དེ་ལྟར་དགེ་བ་ལ་སོགས་པའི་དགེ་བས་དབྱེ་བ་རྣམ་པ་མང་དུ་ཡོད་ཅེས་བྱའོ། །སེམས་ཅན་དུ་སྟོན་པ་དང་སེམས་ཅན་དུ་མི་སྟོན་པ་དག་རེ་རེ་ཡང་ཟིན་པ་དང་མ་ཟིན་པའི་
འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་ནི་མི་འཁྲུལ་བའི་ཕྱིར་སོ་སོར་མངོན་པར་བརྗོད་པའོ། །ཁ་དོག་དང་དབྱིབས་ལྟ་བུ་འཁྲུལ་པ་ལ་ཡང་རེ་ཞིག་སྔོན་པོ་ལ་སོགས་པ་དང་རིང་པོ་ལ་སོགས་པ་སོ་སོར་མངོན་པར་བརྗོད་པར་འདོད་དོ། །འདིར་ནི་འཁྲུལ་པ་ལ་ཡང་མི་འདོད་དོ་ཞེས་པ་རྒྱུ་མེད་
པར་ཤེས་པར་བྱའོ། །སྔོན་པོ་ལ་སོགས་པ་དང་རིང་པོ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་ལྡོག་པས་སྤྲིན་ལ་སོགས་པ་རྣམས་ལ་མེད་ཀྱང་ལོགས་སུ་བསྟན་པར་ཤེས་པར་བྱའོ། །འདིར་རྒྱུ་ཤེས་པར་བྱ་བ་མ་ཡིན་ཏེ་བསྟན་བཅོས་ཕྱོགས་སུ་ལྷུང་བ་རྒྱུའི་བྱེ་བྲག་བཤད་པ་དང་མ་བཤད་པར་
གྱུར་པ་ཟིན་པ་དང་མ་ཟིན་པའི་འབྱུང་བའི་རྒྱུ་བཞིན་ནོ། །ཇི་སྐད་བཤད་པའི་ཡིད་དུ་འོང་བ་དང་མི་འོང་བ་ཉིད་གཟུགས་ལ་སོགས་པ་རྣམས་ལ་ཡང་ཞེས་པ་དེ་ཡང་དགོངས་པར་མངོན་པའི་ཕྱིར་འདི་སློབ་དཔོན་གྱི་དགོངས་པའོ་སྙམ་ནས་འདིར་འདི་ལྟར་རབ་ཏུ་ཕྱེ་ཞིང་ཡོངས་སུ་བཤད་དོ། །རོ་ནི་རྣམ་
དྲུག་ཅེས་བྱ་བ་ལ་མྱང་བར་བྱ་བས་ན་རོ་སྟེ་རོ་མྱང་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་གྱི་བྱེ་བྲག་ཁས་བླངས་ནས་བྱེ་བྲག་དྲུག་བསྟན་གྱི། དབྱེ་བ་གཞན་ནི་དེ་དག་སྦྱར་བྱའི་བྱེ་བྲག་ལས་མཐའ་ཡས་པས་མ་བརྗོད་དོ། །གོ་རིམས་ཐ་དད་པ་ནི་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བ་
ངེས་པ་མེད་པར་བསྟན་པར་བྱ་བའི་ཕྱིར་རོ། །དྲི་རྣམ་བཞི་ཞེས་བྱ་བ་ལ་བསྣམ་པར་བྱ་བས་ན་དྲི་སྟེ་དེ་ཡང་རྣམ་པ་བཞིའོ། །དྲི་ཞིམ་པ་དང་དྲི་ང་བ་དག་དྲི་མཉམ་པ་དང་མི་མཉམ་པ་ཡིན་པའི་ཕྱིར་རྣམ་པ་བཞིའོ། །རིགས་ལས་ནི་དྲི་ཞིམ་པ་དང་དྲི་ང་བ་ཞེས་བྱ་བ་རྣམ་པ་གཉིས་ཁོ་ན་ཡིན་
ནོ་ཞེས་སྟོན་པར་བྱེད་དོ། །ཡང་བསྟན་བཅོས་ལས་གསུམ་པ་དྲི་མཉམ་པ་བཤད་པ་དེ་ནི་ཁ་ཅིག་དྲི་ཞིམ་པའི་ཕྱོགས་སུ་བསླན་པར་བྱ་ལ། ཁ་ཅིག་དྲི་ང་བའི་ཕྱོགས་སུ་བསླན་པར་བྱ་བ་ཡིན་པས་རིགས་ལས་གསུམ་པ་ཡོན་པ་མ་ཡིན་ནོ། །དེ་ཡང་མཉམ་པ་ལས་བྱུང་བ་དང་མི་མཉམ་
เล่ม ๒๐๙ · หน้า 47b
པ་ལས་བྱུང་བ་ཡང་རུང་སྟེ་རྟེན་ལ་བཏགས་པའི་འཇུག་པའི་དབྱེ་བ་གཞན་ཡིན་པའི་ཕྱིར་རོ་ཞེས་ཁ་ཅིག་གོ། །གཞན་དག་བསྟན་བཅོས་སུ་རྣམ་པ་གསུམ་ནི་ཤས་ཆུང་བ་དང་ཆེ་བའི་དབྱེ་བ་ལས་ཡིན་ཏེ། དྲི་ཞིམ་པ་དང་དྲི་ང་བ་དང་དྲི་མཉམ་པའོ། །བསྟན་བཅོས་སུ་ཡང་དྲི་མི་མཉམ་
པ་དང་དྲི་ཞིམ་པ་དང་དྲི་ང་བ་མ་བཤད་ལ། དེ་ལས་གཞན་པ་ཐུན་མོང་དུ་དྲི་ཞིམ་པ་བཤད་ཅིང་། དྲི་ཞིམ་པ་དང་དྲི་ང་བ་དག་ལས་ཐ་དད་པ་ཁོ་ནར་དྲི་མཉམ་པ་བསྟན་བཅོས་སུ་བཤད་དོ་ཞེས་གཞན་དག་གོ། །དེ་ལ་དབང་པོའི་འབྱུང་བ་ཆེན་པོ་དང་ཏིང་ངེ་འཛིན་རྒྱས་པར་བྱེད་པ་ནི་དྲི་ཞིམ་
པའོ། །བཟློག་པ་ནི་དྲི་ང་བའོ། །ཁྱད་པར་དེ་གཉིས་ཀ་མེད་པ་ནི་དྲི་མཉམ་པའོ། །རེག་བྱ་བཅུ་གཅིག་བདག་ཉིད་དོ་ཞེས་བྱ་བ་ལ། རེག་པར་བྱ་བ་ཡིན་པས་ན་རེག་བྱའམ་ལུས་ཀྱི་དབང་པོས་རེག་པར་ནུས་པས་རེག་བྱའོ། །གལ་ཏེ་གང་གིས་གང་ལ་རེག་པ་དེ་ལ་ཡང་དེས་རེག་པས་
ན་ལུས་ཀྱི་དབང་པོ་ཡང་རེག་བྱར་འགྱུར་བ་མ་ཡིན་ནམ་ཞེ་ན། ལུས་ཀྱི་དབང་པོ་ནི་རེག་པར་བྱེད་པ་ཡིན་གྱི་རེག་པར་བྱ་བ་ནི་མ་ཡིན་ཏེ་མིག་བཞིན་ནོ། །མིག་ནི་ལྟ་བར་བྱེད་པ་ཡིན་གྱི་བལྟ་བར་བྱ་བ་ནི་མ་ཡིན་ནོ། །འགའ་ཞིག་གིས་འགའ་ཞིག་ལ་རེག་པའམ་རྟེན་དང་དམིགས་པ་
བར་མ་ཆད་པ་ནི་རེག་པའི་འདུ་ཤེས་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་གང་ཡིན་པ་ལ་ཡུལ་དམིགས་པ་ནི་དེ་ཡུལ་དང་བཅས་པ་ལ་རེག་པས་ཉེ་བར་སྤྱོད་ཀྱི། ཡུལ་དང་རྣམ་པར་ཤེས་པའི་རྟེན་གྱིས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ལུས་ཀྱི་དབང་པོས་འབྱུང་བ་རྣམས་ཉིད་ལ་རེག་པར་བྱེད་
པས་ཉེ་བར་སྤྱོད་དོ། །དེ་ལ་བརྟེན་པའི་གཟུགས་ལ་སོགས་པ་རྣམས་ཀྱི་རྣམ་པར་ཤེས་པས་མི་འཛིན་ནོ། །མེ་ཏོག་ལ་སོགས་པ་རྣམས་ལ་ཡང་ཁ་དོག་ལ་གནོད་པ་ལས་དེའི་རྟེན་ལ་གནོད་ཀྱི་ལུས་རེག་པ་ལས་ནི་མ་ཡིན་ནོ། །འཇམ་པ་ཉིད་ནི་མཉེན་པའོ་ཞེས་བྱ་བ་ལ་འཇམ་པ་ཁོ་ན་འཇམ་པ་
ཉིད་དེ་སོ་སོས་ཁོ་ན་སོ་སོ་ཉིད་ཡིན་པ་བཞིན་ནོ། །ངེས་པའི་ཚིག་ནི་སྦྲེལ་བར་བྱ་བས་ན་འཇམ་པའོ། །མཉེན་པ་ནི་རུད་རུད་པོ་མ་ཡིན་པ་སྟེ་སྦེད་པར་བཟོད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྩུབ་པ་ཉིད་ནི་རུད་རུད་པོའོ་ཞེས་བྱ་བ་ལ་རྩུབ་པ་འདི་ལ་ཡོད་པས་རྩུབ་པ་སྟེ་སྤུ་ཅན་
เล่ม ๒๐๙ · หน้า 48a
བཞིན་ནོ། །རྩུབ་པ་ཞེས་བྱ་བ་ནི་སྟོབས་ཀྱི་རྣམ་གྲངས་ཏེ་རྩུབ་པ་ཁོ་ན་རྩུབ་པ་ཉིད་དོ། །རུད་རུད་པོ་ནི་གྱོང་པོ་སྟེ་ཤིན་ཏུ་འཇམ་པ་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ལྕི་བ་ཉིད་གང་གིས་ན་དངོས་པོ་རྣམས་འཇམ་པའོ་ཞེས་བྱ་བ་ནི་དམའ་བར་བྱེད་ཅེས་བྱ་
བའི་ཐ་ཚིག་གོ། །འདི་ཡོད་ན་དམའ་བར་འགྱུར་བས་ན་ལྕི་བ་སྟེ་ནོངས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །ལྕི་བ་ཁོ་ན་ལྕི་བ་ཉིད་དོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ནི་གང་ལས་སྲང་མཐའ་མཐོ་བར་འགྱུར་བའོ་ཞེས་སོ། །བཟློག་པ་ནི་ཡང་བའོ་ཞེས་བྱ་བ་ལ་གང་གིས་དངོས་པོ་རྣམས་
འཇལ་བར་མི་བྱེད་པ་སྟེ། འདི་ཡོད་ན་དམའ་བར་མི་འགྱུར་བས་ཡང་བའོ། །དབྱིབས་རྒྱ་ཆེ་བ་ཉིད་ལ་ཡང་ཡདྡྷཱ་བཱ་ཏ་སུ་ཁ་མཱ་ཧྲི་ཡནྟེ་བྷཱ་བཱཿའཇལ་བ་ན་སྲང་མཐའ་དམར་པོའི་རྒྱུ་མཚན་ལས་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཟེར་རོ། །ཡང་བ་ཁོ་ན་ཡང་བ་ཉིད་དོ། །གྲང་བ་ན་དྲོ་བ་འདོད་པར་
བྱེད་པའོ་ཞེས་བྱ་བ་ནི་གང་གིས་ཉམ་ཐག་པས་དྲོ་བར་འདོད་པར་འགྱུར་བ་སྟེ། དེ་ནི་བགྲང་བས་ན་གྲང་བ་སྟེ་ཕན་འདོགས་པ་དང་གནོད་པ་བྱེད་པ་ཡིན་པའི་ཕྱིར་མྱུར་དུ་བགྲོད་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡང་སོས་ཀ་དང་སྟོན་ཀའི་དུས་བཞིན་གྲང་བ་ནི་དྲོ་བར་འདོད་པར་
བྱེད་པར་མི་འགྱུར་བ་མ་མིན་ནམ་ཞེ་ན། དྲོ་བ་མངོན་པར་འདོད་པ་ལས་རིགས་གཞན་མེད་པའི་ཕྱིར་གྲང་བ་ཁོ་ན་དྲོ་བ་མངོན་པར་འདོད་པའོ་ཞེས་ངེས་པར་གཟུང་བར་བྱ་སྟེ། དེ་ལྟར་ཡང་དེའི་ལས་དང་དེའི་རིགས་ཅན་ཡིན་པའི་ཕྱིར་མཚན་ཉིད་ཅན་གྱིས་མཚོན་པར་བྱའོ། །བཀྲེས་
པ་ནི་ཟས་འདོད་པར་བྱེད་པའོ། །སྐོམ་པ་ནི་སྐོམ་འདོད་པར་བྱེད་པའོ་ཞེས་བྱ་བ་ལ་གལ་ཏེ་སེམས་ལས་བྱུང་བའི་ཆོས་ནི་ལུས་ཀྱི་དབང་པོའི་ཡུལ་དུ་ཡོད་པ་མ་ཡིན་ཞེ་ན། དེའི་ཕྱིར་རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་ཏེ་ཞེས་བྱ་བ་གསུངས་ཏེ། ཁོང་པ་ནས་ཟས་འདོད་པ་དང་སྐོམ་འདོད་
པའི་རྒྱུ་རེག་བྱའི་ཁྱད་པར་ཞིག་འབྱུང་སྟེ། དེར་ཟས་འདོད་པའི་རྒྱུ་ལ་བཀྲེས་པ་དང་། སྐོམ་འདོད་པའི་རྒྱུ་ལ་སྐོམ་པ་ཞེས་བཤད་དེ། རྒྱུ་ལ་འབྲས་བུ་བཏགས་པ་བྱས་པའི་ཕྱིར་རོ། །གལ་ཏེ་འདིར་རྒྱུ་ལ་འབྲས་བུ་བཏགས་པ་བརྗོད་པར་མི་འདོད་ན་ནི་འདི་སྐད་དུ་བཀྲེས་པ་ནི་ཟས་འདོད་པར་
เล่ม ๒๐๙ · หน้า 48b
བྱེད་པའོ། །སྐོམ་པ་ནི་སྐོམ་འདོད་པར་བྱེད་པའོ་ཞེས་མི་བརྗོད་པར་འགྱུར་ཏེ། འོ་ན་ཅི་ཞེ་ན་བཀྲེས་པ་དང་སྐོམ་པ་དག་ནི་ཟས་དང་སྐོམ་འདོད་པ་དག་གོ་ཞེས་དེ་སྐད་བརྗོད་པར་འགྱུར་རོ། །དེ་ཉིད་ལ་དཔེ། སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཞེས་རྒྱ་ཆེར་འབྱུང་བ་ལ།
སངས་རྒྱས་འབྱུང་བ་བདེ་བ་ཉིད་མ་ཡིན་གྱི། བདེ་བའི་རྒྱུ་ཡིན་པས་བདེ་བར་བཤད་དོ། །དེ་བཞིན་དུ་ཆོས་བསྟན་པ་ལ་སོགས་པ་གཞན་དག་ལ་ཡང་བརྗོད་པར་བྱའོ། །མུརྩྪ་མ་ལ་དཽརྨྨ་ལྱ་ལ་སོགས་པའི་རེག་བྱའི་ཁྱད་པར་ཡོད་པ་ནི་འདི་དག་གི་ནང་དུ་འདུས་པའི་ཕྱིར་སོ་སོར་མ་བརྗོད་
དེ་སྔར་གྱི་འཇམ་པ་ཉིད་ལྟ་བུའོ། །ན་བིརྱ་ཏེ་ཀརྐ་ཤ་གུ་རུ་ཏྭཱ་ཏ། དེ་བཞིན་དུ་རེག་བྱའི་ཁྱད་པར་གཞན་དག་ལ་ཡང་རིགས་པས་བསྡུ་བར་བྱའོ། །འཇམ་པ་ལ་སོགས་པ་འདི་དག་གི་ཕན་ཚུན་གྱི་ཁྱད་པར་ནི་རྟེན་གྱི་ཁྱད་པར་ལས་རྟོགས་པར་བྱ་སྟེ། ཆུ་དང་མེའི་ཁམས་ལས་བྱུང་བའི་
ཕྱིར་འཇམ་པ་ཉིད་དོ། །སའི་ཁམས་ལས་བྱུང་བའི་ཕྱིར་ལྕི་བ་ཉིད་དོ། །མེ་དང་རླུང་གི་ཁམས་ལས་བྱུང་བའི་ཕྱིར་ཡང་བ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཤི་བའི་ལུས་ལ་ལྗིད་ལྷག་པོ་ཡོད་པ་ཉིད་ཡིན་ནོ། །ཆུ་དང་རླུང་གི་ཁམས་ལས་བྱུང་བའི་ཕྱིར་གྲང་བའོ། །རླུང་གི་ཁམས་ལས་བྱུང་བའི་ཕྱིར་
བཀྲེས་པའོ། །མེའི་ཁམས་ལས་བྱུང་བའི་ཕྱིར་སྐོམ་པའོ། །དེ་བཞིན་དུ་གཞན་ལ་ཡང་རྒྱུར་བྱས་པའི་གཟུགས་ལ་ཇི་ལྟར་སྲིད་པའི་རྟེན་གྱི་ཁྱད་པར་རྟོགས་པར་བྱ་སྟེ། འདིར་ནི་གཞུང་མངས་པས་ལེན་གྱི་དོན་མ་བརྗོད་དོ། །དེ་ལ་གཟུགས་ཀྱི་ཁམས་ན་ནི་བཀྲེས་པ་དང་སྐོམ་པ་དག་
མེད་དེ། ཁམ་གྱི་ཟས་ཀྱི་འདོད་ཆགས་དང་བྲལ་བ་རྣམས་དེར་སྐྱེ་བའི་ཕྱིར་དང་། ལུས་ལ་གནོད་པ་མེད་པའི་ཕྱིར་རོ། །གཞན་དུ་ན་དེ་ན་ཡང་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་ཡོད་པར་འགྱུར་རོ། །ཡང་བ་ཉིད་ལ་སོགས་པ་ལྷག་མ་རྣམ་པ་ལྔ་ནི་ཡོད་དོ། །གལ་ཏེ་གདགས་
པ་ལས་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་དཔག་བསམ་གྱི་ཤིང་གི་གོས་ནི་སྲང་གཅིག་འཇལ་ལོ། །རྒྱལ་ཆེན་རིས་བཞི་པ་རྣམས་ཀྱི་ནི་དེའི་ཕྱེད་དོ། །སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་དེའི་ཕྱེད་དོ། །དེ་ལྟར་ཕྱེད་ཕྱེད་ཕྲི་བས་གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་དཔག་བསམ་ཤིང་གི་གོས་
เล่ม ๒๐๙ · หน้า 49a
ནི་སྲང་གཅིག་གི་དྲུག་ཅུ་རྩ་བཞིའི་ཆ་འཇལ་གྱི། དེ་ཡན་ཆད་གཟུགས་ན་སྤྱོད་པ་རྣམས་ཀྱི་གོས་དག་ནི་མི་འཇལ་ལོ་ཞེས་བཤད་ན། ལྕི་བ་ཉིད་ཡོད་ན་ཇི་ལྟར་མི་འཇལ། གཟུགས་ཀྱི་ཁམས་ན་ནི་སེམས་ཅན་གྱི་ལུས་རྣམས་དང་། དེའི་རྟེན་རྣམས་ནོར་བུའི་
འོད་ལྟར་དང་བའི་ཕྱིར་ལྕི་བ་ཉིད་མི་སྲིད་དོ་ཞེ་ན། དེ་ལ་གདགས་པའི་བསྟན་བཅོས་གཞུང་གཟུགས་པར་བྱ་བའི་ཕྱིར། གལ་ཏེ་དེ་ནི་གོས་རེ་རེ་ནས་མི་འཇལ་ཡང་བསགས་པ་དག་ནི་འཇལ་ལོ་ཞེས་གསུངས་ཏེ། དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། བསྡུས་པ་དང་བརྐྱང་བ་ལས་ཏེ།
ཀཱ་ཤའི་མེ་ཏོག་གི་སྣལ་མ་བཞིན་ནོ། །ཀཱ་ཤི་ཀའི་མེ་ཏོག་གི་སྣལ་མ་བསྡུས་པ་དང་བརྐྱང་བ་དང་ལྡན་པ་དག་ལ་ནི་ཚོགས་པ་དག་འཇལ་གྱི་རེ་རེ་བ་མ་ཡིན་ནོ། །རྟེན་ཡོད་པའི་ཕྱིར་ཡང་གཟུགས་ཀྱི་ཁམས་ན་ལྕི་བ་ཉིད་ཡོད་དོ། །བ་ཏཱི་ནཱཾ་ཧྱཱ་དྷཱ་རེ་ཎ་བྲ་ཡ་ཛ་ན་ནཱ་ནྱ་ཥཱེ་ཀརྐ་ཤ་ཏྭ་མུ་བ་རི་བྷཱུ་མི་
སཽ་ཀུ་མཱརྒྱ་པེ་ཀྵ་ཡ་དྷ་ར་སུ་ནི་རྨཱ་ཎེ་ཥུ་ཙ་གནོད་པར་བྱེད་པའི་གྲང་བ་མེད་ཀྱི་ཕན་པར་བྱེད་པ་ནི་ཡོད་དོ། །ལོ་ཞེས་བྱ་བ་ལ་ཁ་ཅིག་ན་རེ་ལོའི་སྒྲ་ནི་ཏིང་ངེ་འཛིན་ལས་ཐ་དད་པའི་ཕན་འདོགས་པར་བྱེད་པ་ཁས་མ་བླངས་པར་གསལ་བར་བྱ་བའི་དོན་དུའོ་ཞེས་ཟེར་རོ། །སློབ་དཔོན་འཕགས་པའི་
འབངས་ན་རེ། དེ་དག་གི་ལྟར་ན་བསམ་གཏན་དང་པོ་ན་རྣམ་པར་ཤེས་པའི་ཚོགས་གསུམ་གྱི་བདེ་བས་ཕན་འདོགས་པར་བྱེད་པར་མི་འགྱུར་རོ་ཞེས་ཟེར་རོ། །གཞན་དག་ནི་དེ་ན་ས་ཤིན་ཏུ་སྦྱངས་པ་ཞེས་བྱ་བའི་རེག་པའི་ཁྱད་པར་ལས་གཞན་པའི་རེག་པ་ཕན་འདོགས་པར་བྱེད་པ་མེད་དོ་
ཞེས་ཟེར་རོ། །ལོའི་སྒྲའི་དགོངས་པ་ནི་ཐམས་ཅད་ཀྱི་མ་ཡིན་གྱི་གཞན་དག་གི་འདིའི་ཕན་པར་བྱེད་པའི་རྒྱུ་འགོག་པའོ་ཞེས་པ་འདི་བསམ་མོ། །གྲང་བ་ནི་དྲོ་བ་མངོན་པར་འདོད་པར་བྱེད་པའོ་ཞེས་མཚན་ཉིད་ཐ་དད་པ་ནི་ལོའི་སྒྲས་གསལ་བར་བྱེད་དོ་ཞེས་གཞན་དག་གོ། །གཞན་དག་ན་
རེ་ལོའི་སྒྲ་ནི་ལུང་གི་ཚུལ་འདི་མཐོང་བ་དང་རྗེས་སུ་དཔག་པ་ལས་འདས་ཞེས་ཟེར་རོ། །དེ་ལ་རེས་འགའ་ནི་རྫས་གཅིག་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིར་རྫས་ཀྱི་སྒྲས་ནི་སྔོན་པོ་ལ་སོགས་པའི་རིགས་བརྗོད་ཀྱི་རྡུལ་ཕྲ་རབ་ཀྱི་རྫས་ནི་མ་ཡིན་ཏེ། རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ན་
เล่ม ๒๐๙ · หน้า 49b
བསགས་པ་ལ་དམིགས་པའི་ཕྱིར་རོ། །དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་ཞེས་བྱ་བ་ནི་མི་འཆོལ་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པས་སྔོན་པོ་མ་ཡིན་པ་བསལ་ནས་སྔོན་པོའོ་སྙམ་པ་སྟེ་དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །མིག་ལ་སོགས་པའི་རྣམ་པར་ཤེས་པས་ན་ཡུལ་བྱེ་
བྲག་ཏུ་གཅོད་པར་མི་ནུས་ཏེ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་ཁ་ཅིག་ཟེར་རོ། །གང་གི་ཚེ་མིག་གི་རྣམ་པར་ཤེས་པ་རྫས་གཅིག་གི་རྒྱུ་ཅན་ཞིག་རྫས་གཞན་གྱི་རང་གི་ངོ་བོ་ལ་མ་རེག་པར་བྱེ་བྲག་ཏུ་བཅད་པའི་ཡུལ་ལ་སྐྱེ་བ་དེའི་ཚེ། དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པ་ཞེས་བྱའོ། །མིག་
གི་རྣམ་པར་ཤེས་པས་རྫས་གཞན་གྱི་རང་གི་ངོ་བོས་དབེན་པའི་དོན་གཅིག་བཟུང་སྟེ་ཕྱིན་ནས་རིམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པས་དེ་ལས་གཞན་པའི་དངོས་པོ་རྣམ་པར་གཅོད་པའི་སྒོ་ནས་རྣམ་པར་རྟོག་པར་བྱེད་དེ། དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་ཡང་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་
པ་མི་འགལ་ལོ། །ཉེ་ན་ཁ་དོག་དང་དབྱིབས་འཛིན་པའི་གོ་སྐབས་ཡོད་པ་དེའི་ཕྱིར། དཔེར་ན་ཐག་རིང་པོ་ནས་དམག་བཤམས་པའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཡང་དེ་བཞིན་དུ་རིག་པར་བྱའོ་ཞེས་བྱ་བ་ལ། རེས་འགའ་ནི་རྫས་གཅིག་
གིས་རྣ་བའི་རྣམ་པར་ཤེས་པ་བསྐྱེད་དེ། གང་གི་ཚེ་འདི་ནི་རྔ་པ་ཊ་ཧའི་ཡིན་གྱི་དུང་གི་སྒྲ་ནི་མ་ཡིན་ནོ་ཞེས་དེའི་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་མང་པོས་ཏེ་གང་གི་ཚེ་དེའི་རྣམ་པ་བྱེ་བྲག་ཏུ་མི་གཅོད་པ་ན་སྟེ་ཅ་ཅོའི་སྒྲ་དང་གླུ་དབྱངས་ཀྱི་སྒྲ་དུ་མ་ཉན་པའི་ལྟ་བུའོ། །ལུས་ཀྱི་རྣམ་
པར་ཤེས་པ་ནི་ཞེས་བྱ་བ་ལ། རེས་འགའ་ནི་གཅིག་གིས་ཏེ་གང་གི་ཚེ་འདི་ནི་གྲང་བ་ཡིན་གྱི་དྲོ་བ་ནི་མ་ཡིན་ནོ། །འཇམ་པ་ཡིན་གྱི་རྩུབ་པ་ནི་མ་ཡིན་ནོ་ཞེས་རྣམ་པ་བྱེ་བྲག་ཏུ་གཅོད་པར་འགྱུར་བ་ནའོ། །རེས་འགའ་ནི་གཉིས་ཀྱིས་ཏེ་འབྱུང་བ་གཉིས་སམ་འབྱུང་བ་ལས་གྱུར་པ་གཉིས་སོ། །
ཡང་རེས་འགའ་ནི་གསུམ་དང་བཞི་ནས་ལྔའི་བར་གྱིས་ཏེ་འབྱུང་བ་རྣམས་དང་འཇམ་པ་ལ་སོགས་པ་གཅིག་གིས་ཏེ། རྩུབ་པ་ཉིད་ལ་སོགས་པ་རྣམས་ནི་འབྱུང་བ་བཞི་ཚན་གཞན་ལ་བརྟེན་པའི་ཕྱིར་རོ། །ཐམས་ཅད་ཀྱིས་ཀྱང་ཞེས་རྒྱས་པར་འབྱུང་བ་ལ། འདིར་ཡང་ཤིན་ཏུ་མང་ན་
เล่ม ๒๐๙ · หน้า 50a
ཞེས་བྱ་བ་རྗེས་སུ་འཇུག་སྟེ་ལྕི་བ་དང་གྲང་བ་དང་རྩུབ་པའི་ངོ་བོ་ཉེ་བར་བཟུང་ནས་བྱེ་བྲག་ཏུ་མ་བཅད་པར་འཛིན་པར་མཐོང་བ་ཡང་ཡིན་ནོ། །དེའི་ཕྱིར་དྲུག་དང་བདུན་དང་བཅུ་གཅིག་གི་བར་དག་གིས་ཀྱང་མཆོངས་པ་དང་རྐྱལ་བྱེད་པ་རྣམས་ལ་དྲོ་བ་དང་གྲང་བ་ལ་
སོགས་པ་ཅིག་ཅར་ཉམས་སུ་མྱོང་བ་དང་། ཁ་ཅིག་ལ་བཀྲེས་པ་དང་སྐོམ་པའི་རེག་བྱ་དག་ཀྱང་སྟེ་ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་བཅུ་གཅིག་གི་ཡུལ་ཅན་བྱེ་བྲག་ཏུ་མ་བཅད་པ་སྐྱེ་བ་ཡིན་ནོ། །དེ་ལྟར་ན་སྤྱི་ལ་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཆོས་མངོན་
པ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་འདོན་ཏེ། དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་བྱེ་བྲག་ཏུ་མ་བཅད་པ་རྣམ་པར་ཤེས་པའི་གཟུང་བ་ནི་སྤྱི་ལ་དམིགས་ནས་འཛིན་པའི་ཕྱིར་སྤྱིའི་ཡུལ་ཅན་ཉིད་དང་སྤྱི་ལ་དམིགས་པའི་ཕྱིར་སྔོན་པོ་ལ་སོགས་
པའི་སྤྱི་གང་ཡིན་པ་དེའི་རྣམ་པར་འཛིན་པའི་ཕྱིར་སྤྱིའི་ཡུལ་ཅན་ཉིད་དུ་འགྱུར་རོ་ཞེས་གཞན་དག་རྩོད་པར་བྱེད་དོ། །གཞན་དག་ནི་འདི་ལ་རྣམ་པར་ཤེས་པའི་ཚོགས་ལྔ་ནི་སྤྱིའི་ཡུལ་ཅན་ཡིན་ཏེ་རང་གི་ཡུལ་མཐའ་དག་ལ་དམིགས་པའི་ཕྱིར། ཆོས་ཐམས་ཅད་བདག་མེད་པ་བཞིན་
ནོ་ཞེས་པའི་རབ་ཏུ་སྦྱོར་བ་ཉིད་དོ། །དེའི་ཕྱིར་འདི་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་ཞེས་རྒྱས་པར་འབྱུང་ངོ་། །བསྟན་བཅོས་ལས་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་དབང་དུ་མཛད་ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བཤད་ལ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དེ་ཡང་སྔོན་པོ་དང་རིང་
པོ་ལ་སོགས་པ་རྣམས་ཀྱི་སྤྱི་ཡིན་པས་སྤྱིའི་ཡུལ་ཅན་ཉིད་དུ་ཁས་བླངས་པར་འགྱུར་ཏེ་དེའི་ཕྱིར་གྲུབ་པ་ལ་སྒྲུབ་པའོ། །འགའ་ཞིག་རང་གི་སྐྱེ་མཆེད་ཀྱི་རྫས་དུ་མས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་སྤྱི་ཡིན་པར་ཁྱད་པར་མེད་ལ་བྱེ་བྲག་ཏུ་མ་བཅད་པར་དེ་དག་ཡུལ་དུ་ཡོད་པས་སྤྱིའི་ཡུལ་
ཅན་ཡིན་གྱི་སྤྱི་ཉིད་ནི་མ་ཡིན་ཏེ། དེ་ནི་བཏགས་པར་ཡོད་པའི་ཕྱིར་དང་རྣམ་པར་ཤེས་པ་ཡང་འདིས་བདག་མེད་པར་བཤད་པའི་ཕྱིར་རོ། །གཞན་དུ་ན་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་ཤེས་པ་ཡང་སྤྱིའི་ཡུལ་ཅན་དུ་འགྱུར་ཏེ་རྡུལ་ཕྲ་རབ་ཀྱི་རྫས་དུ་མས་བསྐྱེད་པར་བྱ་བ་ཡིན་
เล่ม ๒๐๙ · หน้า 50b
པའི་ཕྱིར་རོ། །འདིར་གཏན་ཚིགས་མ་གྲུབ་པ་དང་དཔེ་དང་བསྒྲུབ་བྱའི་ཆོས་མ་ཚང་བ་ཡང་བསམ་པར་བྱའོ། །ཡང་སྐྱེ་མཆེད་ཀྱི་མཚན་ཉིད་ཅི་རྫས་ཀྱི་མཚན་ཉིད་ཅི་ཞེ་ན། མིག་ལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པར་ལྡན་པ་དང་བཅས་པའི་རྟེན་དང་དམིགས་པར་རུང་བ་
ནི་ཇི་ལྟར་སྲིད་པ་བཞིན་དུ་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་དང་། གཟུགས་ལ་སོགས་པ་དམིགས་པ་རྣམས་ཀྱི་མཚན་ཉིད་དོ། །དེ་ལ་མིག་གི་དབང་པོའི་ཡུལ་ཁོ་ན་ལ་མིག་གི་རྣམ་པར་ཤེས་པ་སྐྱེའི་གཞན་ལས་ནི་མ་ཡིན་པས་འདི་དག་ནི་སྐྱེ་མཆེད་ཀྱི་མཚན་ཉིད་ལ་བརྟེན་
ནས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི་ཐ་དད་པ་དག་ལ་ཐ་མི་དད་པར་བརྟགས་པ་ལས་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །རྫས་ཀྱི་རང་གི་མཚན་ཉིད་ནི་སྔོན་པོ་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་བརྗོད་དུ་མེད་པ་རྣམ་པར་རྟོག་པ་མེད་པ་ཡེ་ཤེས་
ཀྱི་ཡུལ་ཏེ་དེ་ལྟར་ཡང་བསྟན་བཅོས་ལས་མིག་གི་རྣམ་པར་ཤེས་པས་སྔོན་པོ་རྣམ་པར་ཤེས་ཀྱི་སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་སོ། །འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ་ལུས་དང་ལྕེའི་དབང་པོ་གཉིས་ནི་རྟེན་གཅིག་ཡིན་པའི་ཕྱིར་དང་། ཕྲད་ནས་འཛིན་པའི་ཕྱིར་དང་།
རོ་དང་རེག་བྱ་དག་ཀྱང་ཕན་ཚུན་ཐ་དད་མེད་པའི་ཕྱིར་ཡུལ་དང་ཕྲད་པའི་གོ་རིམས་ལས་རྣམ་པར་ཤེས་པ་སྐྱེ་བའི་གོ་རིམས་མི་སྲིད་པས་དེའི་ཕྱིར་དཔྱད་པའོ། །ཟ་བར་འདོད་པས་རྒྱུད་གཏད་པའི་ཕྱིར་ཞེས་བྱ་བ་ལ། ཟ་བར་འདོད་པ་ནི་འདུན་པ་ཡིན་ཞིང་། དེ་ཡང་ཡིད་ལ་བྱེད་པ་དང་མཚུངས་
པར་ལྡན་པ་ཡིན་ལ། ཡིད་ལ་བྱེད་པའི་དབང་གིས་ཀྱང་སེམས་ཀྱི་རྒྱུད་དམིགས་པ་གཞན་རྣམས་ལ་འཇུག་པས་དེའི་ཕྱིར་ལྕེའི་རྣམ་པར་ཤེས་པ་སྔར་སྐྱེའོ། །གང་གི་ཚེ་ཡུལ་མཉམ་པ་དང་ཕྲད་ལ་ཟ་བར་འདོད་པ་མེད་པ་དེའི་ཚེ་ནི་གང་གི་ཡུལ་ཡིན་པ་དེ་སྔར་སྐྱེའོ། །དབང་པོ་ལྔའི་དོན་
དང་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ཇི་ལྟར་འཛིན་པ་ནི་རེས་འགའ་ནི་རྫས་གཅིག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་དོ་ཞེས་རྒྱས་པར་རོ། །ད་ནི་དེ་དག་གི་མཇུག་ཐོགས་སུ་བསྟན་པའི་ཕྱིར་དེ་དག་བཤད་པའི་མཇུག་ཐོགས་སུ་དེ་ནི་རྣམ་པར་རིག་བྱེད་མ་ཡིན་པ་བརྗོད་པར་བྱའོ། །
เล่ม ๒๐๙ · หน้า 51a
གཡེངས་དང་སེམས་མེད་པ་ཡི་ཡང་། །ཞེས་བྱ་བ་ནི་ངག་གི་རྣམ་པར་རིག་བྱེད་ལས་ཁྱད་པར་བྱེད་པ་སྟེ་ངག་གི་རྣམ་པར་རིག་བྱེད་ནི་སེམས་གཡེངས་པ་དང་སེམས་མེད་པ་དག་ལ་མི་འབྱུང་སྟེ་རྒྱུན་ཆད་པའི་ཕྱིར་རོ། །རྗེས་འབྲེལ་གང་ཞེས་བྱ་བ་ནི་ལུས་ཀྱི་
རྣམ་པར་རིག་བྱེད་ལས་ཁྱད་པར་དུ་བྱེད་པའོ། །གལ་ཏེ་རྣམ་པར་རིག་བྱེད་ཀྱང་རྗེས་སུ་འབྲེལ་བ་མ་ཡིན་ནམ་ཞེ་ན། རྣམ་པར་རིག་བྱེད་ལོག་ཀྱང་རྣམ་པར་རིག་བྱེད་མ་ཡིན་པ་མི་ལྡོག་པའི་ཕྱིར་འདིར་མཆོག་ཏུ་གྱུར་པར་ཤེས་པར་བྱའོ། །ཡང་ན་རྗེས་འབྲེལ་ཉིད་ངེས་པར་བཟུང་བའི་
ཕྱིར་རྣམ་པར་རིག་བྱེད་དུ་ཐལ་བ་མེད་དེ། རྣམ་པར་རིག་བྱེད་ནི་དེའི་སྐད་ཅིག་ལ་ཡང་ཡོད་དོ། །དགེ་དང་མི་དགེ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྒྱུན་ལས་ཁྱད་པར་དུ་བྱེད་པའོ། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་བྱ་བ་ནི་ཐོབ་པའི་རྒྱུན་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །བསྟན་
བཅོས་ལས་སེམས་གཡེངས་པ་ཉོན་མོངས་པ་ཅན་གྱི་སེམས་སུ་བཤད་པས་དེའི་ཕྱིར་དེ་ལས་གཞན་པའི་སེམས་ཀྱི་ཡང་ཡིན་པའོ་ཞེས་བྱ་བ་གསུངས་ཏེ། འདིར་དེའི་སྒྲ་ཡིས་ནི་ཀུན་ནས་སློང་བའི་སེམས་ཤིག་བརྗོད་པར་འདོད་ལ། དེ་ལས་གཞན་པ་ནི་དེ་སློང་བར་བྱེད་པའི་སེམས་
དང་མི་འདྲ་བའི་ཕྱིར་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་རུང་སྟེ། རྗེས་སུ་འཇུག་པར་བྱེད་པ་གཡེངས་པ་ཐམས་ཅད་ལ་བརྗོད་ཀྱི་ཉོན་མོངས་པ་ཅན་ཁོ་ན་ནི་མ་ཡིན་ནོ། །གཉིད་དང་བརྒྱལ་བ་སེམས་མེད་པར་ཁས་མ་བླངས་པའི་ཕྱིར་དང་། འདུ་ཤེས་མེད་པ་ལ་རྣམ་པར་རིག་
བྱེད་མ་ཡིན་པ་མེད་པའི་ཕྱིར་འདུ་ཤེས་མེད་པ་དང་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པའི་ཡང་ཡིན་པའོ་ཞེས་གསུངས་ཏེ། སེམས་མེད་པ་ནི་སྙོམས་པར་འཇུག་པ་གཉིས་ཁོ་ན་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཡང་ཞེས་བྱ་བའི་སྒྲས་ནི་ཞེས་བྱ་བ་ནི་ཡང་གི་སྒྲ་
གང་ཞིག་ཚིག་ལེའུར་བྱས་པ་ལས། གཡེངས་དང་སེམས་མེད་པ་ཡི་ཡང་། །ཞེས་བྱ་བ་སྟེ་མ་གཡེངས་པ་སེམས་དང་བཅས་པའི་ཡང་ཡིན་ནོ་ཞེས་བྱ་བའོ། །འདིར་ཡང་སེམས་དང་བཅས་པ་སྨོས་པ་ནི་འདིའི་སེམས་གཡེངས་པ་མེད་པས་མི་གཡེངས་པ་ཞེས་བྱ་བ་ཡིན་ན་སེམས་མེད་
เล่ม ๒๐๙ · หน้า 51b
པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་དེ་དགག་པའི་དོན་དུ་གཉི་གའོ། །ཇི་ལྟར་ཡང་སེམས་མི་གཡེང་བ་ནི་སེམས་གཡེང་བ་དགག་པའི་ཕྱིར་དང་མི་གཡེང་བ་མངོན་དུ་གྱུར་པའི་ཕྱིར་རོ། །ཡང་ན་སེམས་དང་བཅས་པའི་གནས་སྐབས་རྣམ་པ་གཉིས་ཏེ། གཡེངས་པའི་སེམས་དང་བཅས་
པའི་གནས་སྐབས་དང་། མ་གཡེངས་པའི་སེམས་དང་བཅས་པའི་གནས་སྐབས་སོ། །དེ་ལ་གཡེངས་པ་སེམས་དང་བཅས་པའི་གནས་སྐབས་ནི་དངོས་སུ་བསྟན་ལ། མ་གཡེངས་པ་སེམས་དང་བཅས་པའི་གནས་སྐབས་ནི་ཡང་གི་སྒྲས་སོ། །དེ་ལྟར་ན། གཡེངས་དང་སེམས་མེད་པ་ཡ་
ཡང་། །ཞེས་པ་འདིས་གནས་སྐབས་གསུམ་བསྟན་པར་འགྱུར་རོ། །ཡང་ན་འདིར་མི་གཡེང་བ་ནི་རྣམ་པར་རིག་བྱེད་ཀྱིས་ཀུན་ནས་སློང་བ་པའི་སེམས་དང་བཅས་པ་དང་མཉམ་པར་གཞག་པའི་སེམས་དང་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣམ་པར་རིག་བྱེད་མ་ཡིན་པའི་
ཀུན་སློང་གི་སེམས་བསྟན་པ་ཡིན་ནོ། །ཇི་སྐད་དུ། རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་ཞེས་རྒྱ་ཆེར་འབྱུང་ངོ་། །རྗེས་སུ་འབྲེལ་པ་གསུངས་པའི་ཕྱིར་ཀུན་སློང་གི་ཆར་གྱུར་པའི་སེམས་ཀྱི་གནས་སྐབས་མི་གཡེང་བ་ཞེས་བྱ་བར་གཟུང་བར་བྱའོ་ཞེས་སློབ་དཔོན་འཕགས་པའི་
འབངས་ཟེར་རོ། །སྐད་ཅིག་མ་ལས་གཞན་པའི་རྗེས་སུ་འབྲེལ་པའི་རྒྱུན་མེད་དོ། །གལ་ཏེ་སྐད་ཅིག་མ་དང་པོ་ལ་རྒྱུན་མེད་པ་དེ་ཡང་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མེད་པའི་ཕྱིར། ནྻཱུ་ནཽ་རྣམ་པར་རིག་བྱེད་མ་ཡིན་པའི་སྐད་ཅིག་ན་ནུ་ཙོཀྟ་མཱ་དྱ་ཨེ་བ་ན་བྷ་གཱི་ཏི། དེ་ལྟར་འོ་ན་གཉིས་པ་ལ་
སོགས་པ་ཡང་སོ་སོར་རྒྱུན་གྱིས་རྗེས་སུ་འབྲེལ་བ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མེད་དོ་ཞེ་ན། དང་པོ་ཡང་སྐད་ཅིག་ཕྱི་མ་ལ་བལྟོས་ནས་རྗེས་སུ་འབྲེལ་པའི་ཕྱིར་རོ། །དེ་འབའ་ཞིག་མ་ཡིན་གྱི་དེའི་ཀུན་སློང་ཡང་བརྗོད་པར་བྱའོ། །དེ་དང་འདྲ་བ་ཉིད་ན་དེའི་ཕྱིར་རྗེས་འབྲེལ་བ་ཞེས་བརྗོད་
ཅེ་ན། རྣམ་པར་རིག་བྱེད་ཀྱི་གནས་སུ་གྱུར་པ་འགགས་ཀྱང་མ་བཏང་གི་བར་དུ་རྗེས་སུ་འཇུག་པར་ཤེས་པར་བྱ་བོའི་ཕྱིར་རོ། །ཐོབ་པའི་རྒྱུན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཐོབ་པ་རྣམས་ནི་མི་ལྡན་པ་ཡིན་པའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་མ་ཡིན་ནོ། །རྒྱུར་བྱས་པའི་དོན་ནི་རྒྱུའི་
เล่ม ๒๐๙ · หน้า 52a
དོན་ཏེ་ཞེས་བྱ་བ་ལ་ཕྲད་ནས་རྣམ་པར་ཤེས་པ་སྐྱེད་པ་ལ་སོགས་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་ཞེས་བརྗོད་དེ། སྐྱེད་པ་དང་རྟེན་པ་དང་གནས་པ་དང་རྟོན་པ་དང་འཕེལ་བར་བྱེད་པས་སོ། །དེ་ལ་སྐྱེད་པ་ནི་རང་གི་གནས་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་ནས་དེ་བསྐྱེད་པའོ། །རྟེན་པ་
ནི་དེ་རྗེས་སུ་སྒྲུབ་པ་སྟེ། གནས་ཀྱི་བདག་ཉིད་ཀྱི་ལུས་འབྱུང་བ་ཆེན་པོ་རྒྱུ་བྱས་པ་དང་མཐུན་པར་འཇུག་པ། ཤྩཀྲ་སྱེ་བ་སཾ་པ་རི་བརྟ་མཱ་ན་བྱ་བྷོ་མཽ་སའི་ཕྱོགས་སུ་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་རྣམ་པར་རིག་བྱེད་མ་ཡིན་པ་དང་མཐུན་པར་འཇུག་པའི་རྒྱུར་འགྱུར་བའོ། །གནས་པ་ནི་ལུས་ཀྱི་
འབྱུང་བ་ཆེན་པོ་རྣམས་རྟེན་པའི་གནས་སྐབས་སོ། །རྟོན་པ་ནི་རྣམ་པར་གནོན་པས་ཉེ་བར་འཚེ་བའོ། །གཉི་ག་གསལ་བར་སྐྱེས་པ་ལ་རྟེན་གྱི་རྣམ་འགྱུར་ནི་ཏ་དྭི་ནི་བྲིཏྟོ་ཏཿའཕེལ་བ་ནི་ལུས་ཀྱི་འབྱུང་བ་ཆེན་པོ་རྣམས་གཞན་འདོད་པའི་རྒྱུ་མེད་པར་རྒྱུན་རབ་ཏུ་འབྲེལ་བར་བྱེད་པའི་ཕྱིར་རོ། །
གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་ཞེས་བྱ་བ་ལ་གཟུགས་སྨོས་པ་ནི་སེམས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །བྱེད་པ་སྨོས་པ་ནི་མིག་ལ་སོགས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་ན་ནའི་སྒྲ་ལ་འདི་ཤེས་པར་བྱས་པར་འགྱུར་རོ། །རྣམ་པར་རིག་བྱེད་མ་ཡིན་པ་ནི་
རྣམ་པར་རིག་བྱེད་བཀག་པ་ཙམ་མ་ཡིན་ལ། གཟུགས་ཟང་གཅིག་རྣམ་པར་རིག་བྱེད་ལས་གཞན་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན་གཟུགས་དང་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པར་རིག་བྱེད་དང་འདྲ་བའི་གཟུགས་གཞན་ཞིག་ཀུན་ནས་སློང་བར་བྱེད་པའི་སེམས་དང་སེམས་ལས་
བྱུང་བ་རྣམས་ལྷག་པར་རིག་པར་མི་བྱེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བརྗོད་དེ་འདྲ་བའི་དབང་དུ་བྱས་ནས་གཞན་ལ་ཡང་ངག་གི་ཚིག་རིགས་སོ། །དེ་བཞིན་དུ་གང་གི་ཕྱིར་གྱི་དོན་ཞེས་པ་ཡོངས་སུ་དྲི་བ་ཉིད་དོ། །ཡང་ནའི་སྒྲས་འདྲི་བ་གཞན་ཉིད་ལ་ཨ་ཡམ་བཱ་ར་ཞེས་གསལ་
བར་བྱ་བའི་ཕྱིར་རོ། །ནའི་སྒྲ་ནི་དེའི་མིང་གི་རྒྱུ་ཤེས་པར་བྱེད་པའི་དོན་ཏོ། །བརྗོད་ཅེས་བྱ་བ་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ་ཞེས་བྱ་བ་ནི་སྟོན་པའི་གསུང་མ་ཡིན་ནོ་སྙམ་དུ་དགོངས་པའོ། །ཡང་ན་དེ་སློབ་དཔོན་ཉིད་འབའ་ཞིག་གི་བརྗོད་ཀྱི་མངོན་སུམ་མམ་རྗེས་སུ་དཔག་པའི་སྒོ་ནས་མ་
เล่ม ๒๐๙ · หน้า 52b
ཡིན་པའོ། །མདོར་ན་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་ཞེས་རྒྱས་པར་འབྱུང་སྟེ། དེ་ལ་དགེ་བ་དང་མི་དགེ་བ་ཞེས་མ་བརྗོད་ན་ནི་རྣམ་པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བའི་རྣམ་པར་སྨིན་པ་ལས་སྐྱེས་པ་དང་རྒྱས་པ་ལས་བྱུང་བ་དག་ལ་ཡང་ཐལ་བར་འགྱུར་རོ། །རྣམ་
པར་རིག་བྱེད་དང་ཏིང་ངེ་འཛིན་ལས་བྱུང་བ་མ་བརྗོད་ན་ནི་རིག་བྱེད་ཀྱི་གཟུགས་ལ་ཡང་ཐལ་བར་འགྱུར་ཏེ་དེའི་ཕྱིར་གཉི་ག་སྨོས་སོ། །དེ་ལ་རྣམ་པར་རིག་བྱེད་ལས་སྐྱེས་པ་ནི་སྡོམ་པ་དང་སྡོམ་པ་མ་ཡིན་པའི་བདག་ཉིད་ཅན་དགེ་བ་དང་མི་དགེ་བའོ། །ཅིག་ཤོས་ཀྱང་འདོད་པ་དང་མི་འདོད་པའི་
འབྲས་བུ་ཉིད་ཀྱིས་བདེ་བ་དང་མི་བདེ་བའི་ཕྱིར་རོ། །ཏིང་ངེ་འཛིན་ལས་བྱུང་བ་ནི་དགེ་བ་ཁོ་ན་སྟེ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་དག་གོ། །ཏིང་ངེ་འཛིན་ནི་གཅིག་ཏུ་འདོད་པའི་འབྲས་བུ་ཉིད་ཀྱི་ཕྱིར་ཞེས་སོ། །འདི་ནི་རྣམ་པར་རིག་བྱེད་མ་ཡིན་པ་མཐའ་དག་གི་མཚན་ཉིད་ཝཱ་སྱཱ་ཏ་
བྱ་སྟ་བཱ། དོ་ལ་རེ་ཞིག་མཐའ་དག་ལ་རུང་བ་མ་ཡིན་ཏེ་རྣམ་པར་རིག་བྱེད་ཀྱི་རྫས་གཅིག་འདིས་མཐའ་དག་མཚོན་པ་མ་ཡིན་ན་ནི་མི་བྱ་སྟེ་མཚན་གཞི་ལ་འཁྲུལ་བའི་ཕྱིར་རོ། །མི་གཡེངས་པ་སེམས་དང་བཅས་པ་གང་ཡིན་པ་རྒྱུར་བྱས་པའི་གཟུགས་ཀྱི་བདག་ཉིད་རྣམ་པར་རིག་བྱེད་མ་
ཡིན་པའི་རྫས་དགེ་བ་དེ་ཉིད་གཡེངས་དང་སེམས་མེད་པ་ཡང་རུང་དེ་ཉིད་མ་ཡིན་ནོ། །དགེ་བ་ཞེས་བྱ་བ་ཡོད་ཀྱང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཀྱི་མཚན་ཉིད་གཞི་མ་ཡིན་ཞིང་འདི་མཚན་ཉིད་དུ་མི་རུང་ངོ་། །དབྱེ་བའི་མཚན་ཉིད་དུ་ནི་འགལ་བ་མེད་དོ། །དེ་ནི་དེ་ལས་གཞན་དུ་
ཡང་འཇུག་སྟེ། ནིརྫྙཱ་ཏ་མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བ་དང་མིག་གི་མཚན་ཉིད་དང་རྣམ་པར་སྨིན་པ་ལས་སྐྱེས་པ་དང་། རྒྱས་པ་ལས་འབྱུང་བ་དང་སྐལ་བ་མཉམ་པ་དང་འདྲ་བ་ལ་སོགས་པའི་མཚན་ཉིད་བཞིན་ནོ། །སློབ་དཔོན་འདུས་བཟང་ན་རེ། འདི་ནི་རྣམ་པར་
རིག་བྱེད་མ་ཡིན་པའི་མཚན་ཉིད་སྐྱོན་མེད་པ་མ་ཡིན་ཏེ། སྐད་ཅིག་མ་དང་པོ་ནི་རྒྱུན་ཅེས་བྱ་བ་མི་རུང་ངོ་། །དེ་ལྟ་བས་ན་མཚན་ཉིད་འདིར་བསྡུས་པ་མེད་པས་མ་ཚང་བ་ཡིན་ནོ། །རྒྱུན་ཡང་རྗེས་སུ་མེད་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་རྗེས་སུ་མེད་པར་འགྱུར་རོ། །མཉམ་པར་གཞག་
เล่ม ๒๐๙ · หน้า 53a
པའི་ནི་གཡེངས་པ་དང་སེམས་མེད་པའི་རྗེས་སུ་འབྲེལ་བ་མེད་པས་དེ་རྣམ་པར་རིག་བྱེད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཉམས་པ་ཡིན་ནོ། །གལ་ཏེ་མ་གཡེངས་པ་དང་སེམས་དང་བཅས་པའི་རྗེས་སུ་འབྲེལ་བའི་ཕྱིར་འདི་ནི་ཉེས་པ་མེད་དོ་ཞེ་ན། དགེ་བ་དང་མི་དགེ་
བ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་དུ་ཐལ་བར་འགྱུར་རོ། །གོང་མ་ཁོ་ནས་མ་ཆོག་པའི་ཕྱིར་སེམས་མེད་པའི་ཡང་ཞེས་བྱ་བའི་སྒྲ་དོན་མེད་པར་འགྱུར་ཏེ། སེམས་གཡེངས་པའི་ཡང་ཞེས་བྱ་འདིས་སེམས་དང་བཅས་པའི་གནས་སྐབས་ཐམས་ཅད་བསྡུས་ཟིན་ན་གང་ཡང་
ཞེས་བྱ་བའི་སྒྲ་གཉིས་པས་བསྡུ་བར་བྱ་བའི་གནས་སྐབས་གཞན་ཅི་ཞིག་ཡོད། སེམས་མེད་པའི་དབང་དུ་བྱས་ཏེ་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་རྗེས་སུ་འབྲེལ་བ་ཁྱད་པར་དུ་བྱ་དགོས་པ་ལས་མ་ཚང་བ་དང་བསྟན་བཅོས་ཀྱི་ལུས་ཉམས་པར་ཐལ་བར་འགྱུར་རོ། །ཡང་གི་སྒྲ་ལྷག་པར་
བརྗོད་པས་ཁྱད་པར་དུ་བྱ་བ་ཁྱད་པར་དུ་མ་བྱས་པ་ཡང་ངོ་། །དེ་ལ་སོ་སོར་ནི་ཐམས་ཅད་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་མཚན་ཉིད་ལས་རྒྱུན་མ་ཡིན་པ་དང་དང་པོ་འབའ་ཞིག་པ་མ་ཡིན་པ་ཉིད་མཚན་ཉིད་དེ་རྒྱུན་སྨོས་པ་ལ་ཡང་དེའི་ཡན་ལག་ཐམས་ཅད་ཕན་ཚུན་ལྟོས་པའི་ཕྱིར་ཏེ། དཔེར་
ན་བུམ་པའི་སྒྲས་གཟུགས་ལ་སོགས་པ་སྨོས་པ་བཞིན་ནོ། །དེའི་ཕྱིར་མ་ཚང་བ་མེད་པ་ཉིད་དོ། །རྫས་སུ་ཡོད་པ་མ་ཡིན་པ་ལ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་མེད་དེ། རྒྱུན་སྨོས་པས་དེའི་ཡན་ལག་བཟུང་བས་རྣམ་པར་རིག་བྱེད་ལ་ཡང་ཐལ་བར་འགྱུར་རོ། །གང་གི་ཕྱིར་དེའི་སྐད་ཅིག་
ཉེ་བར་གནས་པ་སེམས་མེད་པ་ལ་ཡང་ངེས་པ་དེའི་ཕྱིར་བརྗོད་པར་བྱའོ་ཞེས་པ་ནི་སེམས་མེད་པ་ལ་ཡང་དགེ་བ་དང་མི་དགེ་བ་ངེས་པར་གཟུང་བའི་ཕྱིར་ཐལ་བ་མེད་དོ། །ཡང་གི་སྒྲ་ལྷག་པར་བརྗོད་པ་ཡང་མེད་པ་ཉིད་དོ། །ཇི་སྐད་བཤད་པ་སྔར་ཁྱད་པར་དུ་བྱ་དགོས་པ་ཡང་འདིར་ཁྱད་པར་དུ་བྱས་
པ་ཉིད་དེ། དགེ་བ་དང་མི་དགེ་བ་དག་གི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དག་གི་ཇི་ལྟར་སྲིད་པའི་ངག་ཡོངས་སུ་རྫོགས་པ་ལ་མཚན་ཉིད་འདི་སྐྱོན་དང་བཅས་པའོ་ཞེས་ཟེར་བ་ནི་མ་ཡིན་པ་ཉིད་དོ། །གཞན་དུ་དེའི་མཚན་ཉིད་བཤད་པ་བྱས་པ་དང་མི་འདྲ་བའི་སེམས་ལའང་སེམས་མེད་པ་ལ་
เล่ม ๒๐๙ · หน้า 53b
གང་། །ལུང་བསྟན་ཐོགས་པ་མེད་པའི་གཟུགས། །དེ་ནི་རྣམ་པར་རིག་བྱེད་མིན་འདོད། །བྱས་པ་དང་ཡང་ཞེས་པ་ནི་བྱེད་པ་དང་བྱ་བ་གཞན་ཡང་ངོ་། །མི་འདྲ་བའི་སེམས་ལའང་ཞེས་པ་ནི་ཀུན་སློང་དུ་གྱུར་པའི་འདྲ་བའི་སེམས་ལ་ཡང་ངོ་། །ལྷག་མ་གོ་སླ་བ་ཉིད་དོ། །འདི་མཐའ་དག་
གི་བྱ་སྟཾ་པཱ། མཚན་ཉིད་དུ་ཡོངས་སུ་རྟོག་ན་ཡང་དེ་ལ་རེ་ཞིག་མཐའ་དག་གི་མ་ཡིན་ཏེ། ཐམས་ཅད་ཀྱི་རེ་རེ་རྣམ་པར་རིག་བྱེད་མ་ཡིན་པའི་རྫས་ཀྱི་མཚན་ཉིད་ཀྱི་ཕྱིར་རོ། །ནཱ་པི་བྱ་སྟཾ་ཐམས་ཅད་ལ་མཚོན་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་ལུང་བསྟན་ཐོགས་པ་མེད་པའི་གཟུགས་ཞེས་པ་
དེ་ཁོ་ན་འདིའི་མཚན་ཉིད་ཡིན་གྱི་ལྷག་མ་ནི་དོན་མེད་པ་ཉིད་དོ། །ཡང་ན་ཐོགས་པ་མེད་པའི་གཟུགས་ཞེས་ཨསྡུ་ལུང་བསྟན་པ་སྨོས་པ་ཡང་དོན་མེད་པ་ཅན་ནོ། །འདིར་ཡང་རྒྱུན་ཉིད་དེའི་མཚན་ཉིད་ཡིན་གྱི་རྫས་ནི་མ་ཡིན་ནོ། །ཨ་ཏ་སྨིནྦཱ་ཏ་ཏ་པྲ་ཡོ་ག་ཨི་ཏི་བ་ཧུ་པྲ་ཀ་ར་བི་ཤྲཱི་ཎཱི་ཏ་ཤཱ་
ཀ་ཐེ་ཏི། སྤྲོས་པས་ཆོག་གོ། །སྐབས་སུ་གསལ་ཉིད་བརྩམ་པར་བྱ་སྟེ། འབྱུང་བ་དག་ནི་ས་ཁམས་དང་། །ཞེས་བྱ་བ་ལ་སོགས་པ་ལ། དང་པོ་དང་མཐར་ཁམས་སྨོས་པ་ནི་བར་དུ་ཡང་ཤེས་པར་བྱ་བའི་ཕྱིར་རོ། །ཁམས་སྨོས་པ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་ས་ལ་སོགས་པ་
བསལ་བའི་ཕྱིར་ཏེ། གཞན་དུ་བཤད་ན་ནི་དེ་དག་ལ་ཡང་ཐལ་བར་འགྱུར་རོ། །ས་ཉིད་ཁམས་ཡིན་པ་ནི་སའི་ཁམས་ཏེ་ལྷག་མ་ལ་ཡང་དེ་སྐད་དུ་བརྗོད་པར་བྱའོ། །གཞན་དག་ནི་སའི་ཁམས་ནི་སའི་ཁམས་སོ་ཞེས་འཆད་དོ། །དེ་ལྟ་ན་ནི་ཐམས་ཅད་རྒྱུར་བྱས་པའི་གཟུགས་འཛིན་པའི་
ཕྱིར་ཁམས་ཉིད་དུ་འགྱུར་རོ། །རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ཁམས་དག་གོ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ཏེ། རང་གི་མཚན་ཉིད་ནི་སྲ་བ་དང་གཤེར་བ་ལ་སོགས་པའོ། །རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་དག་ལས་གཞན་པའི་གཟུགས་ཐམས་
ཅད་དོ། །གཞན་དག་ནི་གཟུགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཁམས་རྣམས་སོ་ཞེས་སོ། །འབྱུང་བ་རྣམས་ཀྱང་འབྱུང་བ་རྣམས་ཀྱི་གནས་ཡིན་ཏེ་སྐལ་བ་མཉམ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་ཡང་འབྱུང་གནས་དག་ལ་ཁམས་ཀྱི་མིང་འདོགས་ཏེ། ཟངས་ཀྱི་འབྱུང་ཁུངས་
เล่ม ๒๐๙ · หน้า 54a
བཞིན་ནོ། །ཁམས་བཅོ་བརྒྱད་ཀྱི་གནས་སྐབས་སུ་ནི་ཐམས་ཅད་རེག་བྱའི་ཁམས་ཏེ་རིགས་ཀྱི་དོན་རྒྱུའི་དོན་དུ་དགོངས་པའོ། །འདིར་ནི་ས་ལ་སོགས་པ་སོ་སོ་རྣམས་ལ་རིགས་ཀྱི་དོན་མེད་དོ་ཞེས་གཞན་དག་སྟེ། འབྱུང་བ་སོ་སོ་རྣམས་ཀྱི་རིགས་ཀྱི་དོན་ཀྱང་ཁམས་
ཀྱི་སྒྲ་ལ་འགལ་བ་མེད་དོ། །འབྱུང་བ་ཆེན་པོ་བཞི་རྣམས་ཞེས་བྱ་བ་ལ། ཡང་ཇི་ལྟར་འདི་དག་ཆེན་པོ་ཉིད་དང་འབྱུང་བ་ཉིད་དང་གཞི་ཉིད་ཡིན་ཞེ་ན། འདི་དག་གཟུགས་གཞན་ཐམས་ཅད་ཀྱི་རྟེན་ཉིད་དང་རགས་པའི་ཕྱིར་ཆེན་པོ་ཉིད་དོ་ཞེས་བྱ་བ་ལ། གང་ཞིག་འབྱུང་བ་དག་ལས་གཞན་
པའི་གཟུགས་དེའི་རྟེན་ཉིད་དང་རགས་པའི་ཕྱིར་ཏེ། གཏོས་ཆེ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་འབྱུང་བ་དེ་དག་གི་ཤས་ཆེ་བ་གང་དག་ལ་ཡོད་པས་ས་ལ་སོགས་པའི་ཕུང་པོ་དེ་དག་ནི་དེ་དག་གི་བྱ་བ་ཤས་ཆེ་བ་དག་གོ། །བྱ་བ་ནི་འཛིན་པ་ལ་སོགས་པའི་ལས་སོ། །ཤས་ཆེ་བ་ཉིད་
ནི་མཚན་ཉིད་རྒྱས་པ་ལས་དེ་དག་མངོན་པར་གསལ་བའོ། །ས་ལ་སོགས་པའི་ཕུང་པོ་དག་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་དག་གོ། །ཆེན་པོར་གནས་པ་ཉིད་ནི་རྒྱ་ཆེན་པོར་གནས་པ་ཉིད་དོ། །གཟུགས་ལ་སོགས་པའི་ཚོགས་ཐམས་ཅད་ལ་སྲ་བ་ལ་སོགས་པ་ཡོད་པས་ན་དེ་དག་
ནི་ཆེན་པོ་ཉིད་དོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །དེ་ལྟར་ཕྱི་རོལ་ཏུ་བཤད་པའི་ཚོགས་པ་ལ་གཟུགས་ལ་སོགས་པ་དང་མ་བཤད་པ་ལ་རོ་ལ་སོགས་པ་དང་ཐམས་ཅད་དུ་གཟུགས་ཀྱི་ཁམས་ན་དྲི་དང་རོ་དག་མེད་དོ། །སྔོན་པོ་ལ་སོགས་པ་རྣམས་ཀྱང་དེ་དག་ཚོགས་པ་རྣམས་ལ་ཕན་ཚུན་མེད་པ་
དེ་ལྟར་སྲ་བ་ལ་སོགས་རྣམས་ལ་འགར་ཡང་མེད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་ཆེན་པོ་ཉིད་ཡིན་ནོ། །འབྱུང་བ་ཉིད་ནི་གཟུགས་རྣམ་པ་སྣ་ཚོགས་མངོན་པར་འགྲུབ་པ་ལ་དེ་དང་དེ་དག་གི་རྣམ་པ་འབྱུང་བས་ན་འབྱུང་བ་དག་གོ། །གཞན་དག་ན་རེ་འཁོར་བ་ཐོག་མ་མེད་པ་ནས་སེམས་ཅན་ཐམས་
ཅད་ཀྱི་ལས་ཀྱི་དབང་གིས་ནམ་ཡང་མ་བྱུང་བ་མྱང་བས་ན་འབྱུང་བ་དག་གོ་ཞེས་ཟེར་རོ། །ཡང་ན་འབྱུང་བ་ཉིད་འབྱུང་བའི་དངོས་པོའི་ངོ་བོ་མཆེད་པར་བྱེད་པས་ན་འབྱུང་བ་སྟེ་དངོས་པོའི་ཡོད་པ་དང་སེམས་ཅན་གྱི་སྐྱེ་བ་རྒྱས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ཇི་ལྟར་འབྱུང་བ་ཆེན་པོ་དག་ནི་
เล่ม ๒๐๙ · หน้า 54b
བཞི་ཁོ་ན་ཡིན་གྱི་ནམ་མཁའ་ནི་མ་ཡིན་ཞེས་ཁོང་དུ་ཆུད་པར་བྱ་ཞེ་ན། ནམ་མཁའ་ནི་འབྱུང་བ་བཞིན་དུ་དངོས་པོ་རྣམས་ལ་ཕན་འདོགས་པ་དང་གནོད་པར་བྱེད་པའི་རྒྱུ་མཚན་མ་ཡིན་པས་འབྱུང་བ་དང་མཚན་ཉིད་མི་མཐུན་པའི་ཕྱིར་དང་གོ་སྐབས་འབྱེད་པའི་ཕྱིར་འབྱུང་བ་མ་ཡིན་ནོ། །འབྱུང་
བ་རྣམས་ནི་དེ་ལ་ཡང་ཕན་འདོགས་པ་དང་གནོད་པས་འཇུག་གོ། །གང་དུ་གཟུགས་ཚོགས་པ་དེ་ནས་ནམ་མཁའ་འགྲོ་བ་མེད་པས་གོ་སྐབས་འབྱེད་པ་མི་རུང་ངོ་ཞེ་ན། དེ་སྒྲིབ་པ་མེད་པའི་ངོ་བོས་གནས་པས་ཐོགས་པ་མེད་པའི་ཕྱིར་རོ། །འདི་ལ་ཕན་འདོགས་པ་དང་གནོད་པ་བྱེད་
པའི་འཇུག་པ་མེད་དོ། །དེས་ན་ཐོགས་པ་དང་བཅས་པ་རྣམས་ལ་གོ་སྐབས་འབྱེད་པས་བཏགས་པ་ཡོད་ལ། དེ་ལ་ནམ་མཁའི་ཁམས་སམ་ནམ་མཁའ་ཉིད་ཀྱིས་ཉེ་བར་བཏགས་སོ། །དེ་ལྟར་འབྲས་བུ་སྣ་ཚོགས་པ་མི་བྱེད་པའི་ཕྱིར་ནམ་མཁའ་འབྱུང་བ་ཆེན་པོ་མ་ཡིན་ནོ། །
ས་ལ་སོགས་པའི་འབྱུང་བ་དག་ནི་མིག་ལ་སོགས་པ་འབྲས་བུ་སྣ་ཚོགས་སུ་བྱེད་པར་མཐོང་ན་ནམ་མཁའ་ནི་རྟག་པ་གཅིག་པུ་ཡིན་ཞིང་སྣ་ཚོགས་པ་མ་ཡིན་ནོ། །རྟག་པ་དང་སྣ་ཚོགས་པ་མ་ཡིན་པ་ནི་རྒྱུ་ལས་འབྲས་བུ་སྣ་ཚོགས་པ་དང་མི་རྟག་པར་མི་རུང་ངོ་། །དངོས་པོ་རྣམས་སྐྱེ་
བ་དང་འཇིག་པའི་དུས་དག་ཏུ་ཁྱད་པར་མེད་པའི་ཕྱིར་ནམ་མཁའ་ནི་ས་ལ་སོགས་པ་བཞིན་དུ་འབྱུང་བ་ཆེན་པོ་མ་ཡིན་ནོ། །ས་བོན་ལ་སོགས་པའི་གནས་སྐབས་ཀྱི་འབྱུང་བ་དག་ནི་རྣམ་པར་འགྱུར་བ་སྐྱེ་བ་ན་མྱུ་གུ་ལ་སོགས་པའི་གནས་སྐབས་ཀྱི་རྐྱེན་དག་ཏུ་མཐོང་ན་ནམ་མཁའ་ནི་དེ་
ལྟར་རྣམ་པར་འགྱུར་བ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །གཞན་དག་ན་རེ་ནམ་མཁའ་ནི་ཆེན་པོ་ཡིན་གྱི་འབྱུང་བ་ནི་མ་ཡིན་ཏེ། འབྱུང་བ་ནི་སྐྱེས་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་འབྱུང་བ་ཆེན་པོ་ཉིད་ཀྱིས་འཐད་པའི་ཕྱིར་དང་གང་ཡང་རུང་བ་ཞིག་མ་ཚང་ན་འབྱུང་བ་ལས་
གྱུར་པ་སྐྱེད་པར་མི་ནུས་པའི་ཕྱིར་ལྷག་ཆད་མེད་པར་བཞི་ཉིད་ཁོ་ནའོ་ཞེས་ཟེར་རོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ་ནུས་པ་མེད་པ་དོན་མེད་པར་ཐལ་བའི་ཕྱིར་ཏེ་ཁྲིའུ་རྐང་པ་བཞི་པ་བཞིན་ནོ་ཞེས་སོ། །ཡང་ཁམས་དེ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ་གལ་ཏེ་རང་གི་ངོ་བོ་ཙམ་ཞིག་བསྟན་
เล่ม ๒๐๙ · หน้า 55a
པར་བྱ་བ་ཡིན་བཞིན་དུ་ཅིའི་ཕྱིར་སའི་ཁམས་ལ་སོགས་པའི་ལས་བརྗོད་ཅེ་ན། གཟུགས་ཀྱི་ཚོགས་པ་ཐམས་ཅད་མ་དེ་དག་གི་རང་བཞིན་མ་དམིགས་ཀྱང་ལས་དེ་ཡོད་པ་ཉིད་དུ་རྗེས་སུ་དཔག་པར་བྱ་བའི་ཕྱིར་ཏེ། དེ་ལྟར་དེ་དག་ཕན་ཚུན་ཐ་དད་པ་ཉིད་བཤད་པར་
འགྱུར་རོ། །འདི་ལྟར་རྡོ་བ་ལ་སོགས་པ་རྣམས་ལ་སྡུད་པ་དང་འཕེལ་བ་དང་ལྟུང་བ་རྣམས་ལྡན་པས་སའི་ཁམས་ཆུ་དང་རླུང་དང་ལྷན་ཅིག་སྤྱོད་པར་ཤེས་པར་བྱའོ། །ཆུ་ལ་ཡང་གྲུ་འདེགས་པ་དང་འོ་མ་དང་འབྲས་བུ་སྨིན་པ་དང་དྲོ་བ་དང་གཡོ་བ་རྣམས་མཐོང་བས་ས་དང་རླུང་དང་མེ་རྣམས་
ཆུའི་ཁམས་དང་ལྷན་ཅིག་དང་མེ་ལ་ཡང་བརྟན་པ་དང་གང་བུར་འདུག་པ་དང་གཡོ་བ་མཐོང་བའི་ཕྱིར་ས་དང་ཆུ་དང་རླུང་རྣམས་མེ་དང་ལྷན་ཅིག་དང་། རླུང་ལ་ཡང་འཛིན་པ་དང་གོས་ལ་སོགས་པ་སྐེམས་པ་དང་འཇུག་པ་རྣམ་པར་རྒྱུ་བ་མཐོང་བས་ས་དང་མེ་དང་ཆུ་རྣམས་རླུང་དང་ལྷན་ཅིག་སྤྱོད་པར་
ཤེས་པར་བྱའོ། །ལས་དང་རང་བཞིན་ཁྱད་པར་ཅི་ཡོད་ཅེ་ན་བྱེད་པ་ལ་བལྟོས་པ་དང་དེ་བཞིན་དུ་ལས་ཀྱི་ཀུན་སྤྱོད་རྫས་འཛིན་པ་ལ་བལྟོས་པ་ན། དེ་ལྟར་ལས་ཀྱི་ཀུན་སྤྱོད་རྫས་འཛིན་པ་ལ་བལྟོས་པས་སའི་ཁམས་ལ་འཛིན་པའི་ལས་སུ་བརྗོད་པར་བྱའོ། །ཀུན་སྡུད་པ་ལ་བལྟོས་ཏེ་གཞན་
ཀུན་སྡུད་པའི་ལས་བརྗོད་པ་ལ་བལྟོས་ནས་མ་དང་ལྡན་པའི་ལས་བརྗོད་པ་བྱའོ། །མེར་མེར་པོ་ནི་མྱུ་གུ་ལ་སོགས་པ་ལ་བལྟོས་ཏེ་གཡོ་བ་ནི་འཕེལ་བའི་ལས་སུ་བརྗོད་པར་བྱའོ། །གཞན་དག་ན་རེ་འབྱུང་བའི་མཚན་ཉིད་ལས་རྣམས་ནི་གསུམ་པ་དང་དུ་གཅིག་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །རང་
བཞིན་ནི་རང་གི་ངོ་བོ་ཉིད་དེ་དེ་ཡང་ཐམས་ཅད་དུ་དངོས་པོ་གཞན་ལ་བལྟོས་པའོ་ཞེས་པ་ནི་ཁྱད་པར་རོ། །རྒྱས་པར་བྱེད་པ་ནི་འཕེལ་བར་བྱེད་པ་དང་རྒྱས་པར་བྱེད་པ་ཡིན་ནོ། །འཕེལ་བ་ནི་མྱུ་གུ་ལ་སོགས་པ་རྣམས་སྟེང་དང་འོག་དང་ངོས་སུ་བ་ནི་ལ་སོགས་པ་དག་ལས་ཆེས་ལྷག་པར་སྐྱེ་བ་
ཡིན་ལ། རྒྱས་པར་བྱེད་པ་ནི་ཤིང་ལྗོན་པ་ལ་སོགས་པ་རྣམས་བར་ཆད་མེད་པར་ཡུལ་གཞན་དག་ཏུ་སྐྱེ་བའོ། །སྲ་གཤེར་དེ་ཉིད་གཡོ་བ་རྣམས། །ཞེས་བྱ་བ་ལ། དངོས་པོའི་རྐྱེན་བཤད་པ་ནི་རྫས་ལས་དངོས་པོ་དོན་གཞན་མ་ཡིན་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་དྲོ་བ་
เล่ม ๒๐๙ · หน้า 55b
ཉིད་ནི་མེ་ཁམས་སོ་ཞེས་བཤད་དོ། །དངོས་པོ་རྣམས་ཀྱི་མཚན་ཉིད་ནི་རང་བཞིན་ཁོ་ན་ཡིན་ཏེ་མི་འཁྲུལ་བའི་ཕྱིར་རོ། །མཁྲང་བ་དང་འཐས་པ་ཞེས་བྱ་བའི་བར་དུ་བསྟན་པར་འགྱུར་རོ། །གཤེར་བ་ནི་ཆུའི་ཁམས་སོ་ཞེས་བྱ་བ་ལ། བརླན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་
གཤེར་བའོ། །གཞན་དག་ཕྲག་ཉིད་དོ་ཞེས་ཟེར་རོ། །དྲོ་བ་ནི་སྲེག་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འབྱུང་བ་སྨོས་པ་ནི་གཟུགས་ཅན་མ་ཡིན་པ་ནི་ཡུལ་ན་མི་གནས་པའི་ཕྱིར་རམ་ཡུལ་གཞན་དུ་སྐྱེད་པ་མི་སྲིད་པའི་ཕྱིར་རོ། །རྒྱུན་སྨོས་པ་ནི་སྐད་ཅིག་མ་གཅིག་ལ་ཡུལ་གཞན་
དུ་སྐྱེ་བ་མེད་པའི་ཕྱིར་རོ། །སྒྲོན་མེ་གཡོ་བ་བཞིན་དུ་ཞེས་བྱ་བ་ལ། ཇི་ལྟར་སྒྲོན་མེ་སྐད་ཅིག་མ་ཡིན་པས་འགྲོ་བ་བཞིན་དུ་ཡུལ་གཞན་དུ་སྐྱེད་པ་རླུང་གིས་གཡོ་བར་བརྗོད་པ་དེ་བཞིན་དུ་གཞན་འབྱུང་བའི་རྒྱུན་ལ་ཡང་ཡིན་ནོ། །མདོ་སྡེ་དང་བསྟན་བཅོས་འགལ་བ་སྤང་བའི་ཕྱིར་རོ། །
རབ་ཏུ་བྱེད་པ་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་ལ། རབ་ཏུ་བྱེད་པ་དག་ལས་རླུང་གི་ཁམས་གང་ཞེ་ན། ཡང་ཞིང་གཡོ་བ་ཉིད་དོ་ཞེས་བསྟན་ལ། མདོ་སྡེ་ལས་ནི་རླུང་གི་ཁམས་ནི་ཡང་བ་ཉིད་དོ་ཞེས་བསྟན་ཏོ། །ཡང་བ་ཉིད་དེ་ནི་རླུང་གི་ཁམས་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན་རབ་ཏུ་བྱེད་པ་དག་
ལས་ལྕི་བ་ཉིད་དང་ཡང་བ་ཉིད་དོ་ཞེས་བཤད་པ་རྒྱུར་བྱས་པའི་གཟུགས་གཞན་ཡང་ཡིན་ནོ། །དེའི་ཕྱིར་རླུང་གི་ཁམས་གང་ཞེ་ན། ཡང་བ་ཉིད་དོ་ཞེས་བརྗོད་པ་ནི་རྒྱུར་བྱས་པའི་གཟུགས་ལ་ཡང་ཐལ་བར་འགྱུར་ན། གཡོ་བ་ཉིད་དོ་ཞེས་བརྗོད་ན་ལས་སུ་འགྱུར་བས་ན། གཡོ་བའི་རང་
བཞིན་ཡིན་པས་རླུང་ལ་ཡང་བ་དང་གཡོ་བ་གཉི་ག་བརྗོད་དོ། །རང་བཞིན་གྱི་སྒྲ་ནི་འདིར་ལས་ལ་བལྟ་བར་བྱའི་རང་བཞིན་ལ་ནི་མ་ཡིན་ཏེ། དེའི་བྱ་བ་ནི་འབྱུང་བ་རྣམས་ཡུལ་གཞན་དུ་སྐྱེད་པའོ། །དེ་ཉིད་ཀྱི་ཕྱིར་འདིའི་རང་བཞིན་ལས་ཀྱིས་གསལ་བ་ཡིན་ནོ་ཞེས་རྣམ་པར་བཤད་དོ། །འདི་
སྐད་བཤད་པར་འགྱུར་ཏེ། གཡོ་བའི་ལས་ཅན་གྱི་ཡང་བ་ནི་རླུང་གི་ཁམས་ཡིན་གྱི་ཐམས་ཅད་དུ་གཞན་ཡང་བ་མ་ཡིན་པ་ནི་རླུང་གི་ཁམས་ཀྱི་རང་བཞིན་མ་ཡིན་ནོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །འོ་ན་མདོ་སྡེ་དང་རབ་ཏུ་བྱེད་པར་གསུངས་པ་རླུང་གི་ཁམས་ཅི་ལྟར་ཞེ་ན། རྒྱུ་ལ་འབྲས་བུ་བཏགས་
เล่ม ๒๐๙ · หน้า 56a
པའི་ཕྱིར་རོ། །གལ་ཏེ་མེའི་ཁམས་ལ་ཡང་ཡང་བ་ཉིད་ཀྱི་རྒྱུ་ཡོད་ཀྱང་དེ་ནི་རླུང་གི་ཁམས་ལྟར་ཐམས་ཅད་དུ་ཡང་བ་མ་ཡིན་ལ། ཀཱ་ཤའི་མེ་ཏོག་ལ་སོགས་པའི་ཡང་བ་ཉིད་ལ་ཡང་གཞན་དུ་ན་མེའི་ཁམས་ལས་བྱུང་བའི་དྲོ་བ་དེར་དམིགས་སོ། །དེའི་ཕྱིར་ཡང་
བ་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རླུང་གི་ཁམས་ལ་འདི་གདགས་པར་རིགས་སོ། །ས་ལ་སོགས་པ་རྣམས་ལ་ནི་དེའི་འབྲས་བུ་ལྕི་བ་ཉིད་ལ་སོགས་པ་རྣམས་དང་པུ་ཁ་ཏ་ར་གྲ་ཧྱ་ཏ་རེ་ཉིད་ཀྱི་ཕྱིར་དེའི་རང་བཞིན་གྱིས་ཞེས་པ་ཡང་བའི་ཁྱད་པར་རླུང་གི་ཁམས་ལ་ཀི་བཱརྨ་ཏེ། གང་ལ་རྒྱུ་ལ་
འབྲས་བུ་བཏགས་པར་རྟག་པར་བྱེད། གཡོ་བ་ཞེས་པ་ཡང་ལས་ཀྱིས་འདི་བསྟན་གྱི་རང་བཞིན་གྱིས་ནི་མ་ཡིན་ཏེ། རང་བཞིན་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་སྲ་བ་ལ་སོགས་པ་བཞིན་ནོ། །རབ་ཏུ་བྱེད་པར་ཡང་ཞིང་གཡོ་བ་ཉིད་ཅེས་གཉི་ག་བསྟན་པ་དོན་མེད་པ་མ་ཡིན་
ནོ། །གཞན་དུ་ཡང་ངེས་པར་ཤེས་པ་ངོ་བོའི་རང་བཞིན་གྱིས་ཡང་བ་ཉིད་བསྟན་པ་ནི་རྒྱུ་ལ་འབྲས་བུ་བཏགས་པ་ཞེས་སྒྲུབ་པར་ནུས་ཏེ་གཞན་དུ་མ་ཡིན་ནོ། །དེ་ལྟར་ན་འདིར་མདོ་བྱེད་པ་ལ་རབ་ཏུ་སྡང་བས་རྣམ་པར་བཤད་པ་ལ་རྣམ་པར་རྟོག་པས་རྒྱུ་གཞན་ཚོལ་བར་བྱེད་པ་ཡང་
དམིགས་སོ། །ས་ལ་སོགས་པ་དག་གིས་འབྱུང་བ་རྣམས་མ་བསྟན་པའི་ཕྱིར་ས་ལ་སོགས་པ་དག་འབྱུང་བ་རྣམས་ལས་གཞན་ཡིན་ནོ་ཞེས་དོན་གྱིས་སྨྲས་པར་འགྱུར་རོ། །དེའི་ཕྱིར་འདྲི་བ་ནི་ས་ལ་སོགས་པ་དང་ཞེས་རྒྱ་ཆེར་འབྱུང་བའོ། །ས་ནི་ཁ་དོག་དང་དབྱིབས་སོ་ཞེས་གལ་
ཏེ་སའི་སྒྲས་ཚོགས་པ་བཟུང་ལ་དེ་ལ་དྲི་དང་རོ་དང་རེག་པ་ཡོད་ཀྱང་ཁ་དོག་དང་དབྱིབས་ཁོ་ན་ལས་ཞེས་བྱ་བའི་རྒྱུ་བརྗོད་པར་བྱའོ་ཞེ་ན། འཇིག་རྟེན་གྱི་ཐ་སྙད་དུ་ཞེས་བརྗོད་པ་མ་ཡིན་ནམ། འཇིག་རྟེན་ལས་གྲགས་པ་ནི་བཏགས་པར་ཡོད་པ་ཡིན་ལ། འཇིག་རྟེན་ན་ཡང་ས་སྟོན་པ་ན་ཁ་
དོག་དང་དབྱིབས་སྟོན་པར་བྱེད་དོ། །འཇིག་རྟེན་ན་སྣམ་བུ་སྟོན་པ་ན་ཡང་དེ་ལྟ་ཡིན་ནམ་ཞེ་ན། ཡིན་ཏེ་རིང་པོའམ་དཀར་པོའོ་ཞེས་ཁ་དོག་དང་དབྱིབས་ཁོ་ན་སྟོན་པར་བྱེད་དོ། །ཡང་སྣམ་བུ་ནི་སྐྱེ་མཆེད་བཞིའི་བདག་ཉིད་དུ་འདོད་དེ་ས་བསྣམ་པར་བྱའོ། །མྱང་བར་བྱའོ། །རེག་པར་བྱའོ་ཞེས་
ที่มาและสัญญาอนุญาต
ตัวบท: e-text เตนยูร์ฉบับเดเกของ Esukhia (Esukhia/derge-tengyur · commit 17465313) · สาธารณสมบัติ
สัญญาอนุญาต Public Domain · หลักฐาน
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
ไม่มีคำแปล — ตัวบทเป็นภาษาทิเบตอย่างเดียว เพราะยังไม่มีคำแปลที่เราได้รับอนุญาตให้เผยแพร่ (คำแปลของ 84000 ห้ามดัดแปลงและห้ามใช้เชิงพาณิชย์)
- หน้านี้แสดงคำอ่านตามแผ่นไม้ — เครื่องหมายบรรณาธิการของ Esukhia ({เดิม,ปรับ} · (ผิด?,เสนอ) · […] · #) เก็บครบอยู่ในข้อมูล
- ตัวบทภาษาทิเบตยังไม่อยู่ในการค้นหาของคลัง — ตัวตัดคำที่มีตัดสระของอักษรทิเบตทิ้ง จึงให้ผลที่ผิด