No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 2 · folio 232a
བརྟས་ཏེ་སྨྲས་པ། རྗེའི་སྲས་བུས་པ་གཞོན་ནུ་དཀའ་ཐུབ་ཀྱི་ནགས་ནས་བསྐྲུན་པ་བདེ་བའི་བདག་ཉིད་ཅན་དེ་དག་ཁྱོད་ཀྱིས་ཅིའི་སླད་དུ་ཡོངས་སུ་སྤང་། དེ་ནས་བྱང་ཆུབ་སེམས་དཔས་རང་གི་ལུས་ལས་བླ་གོས་ཕུད་དེ་རྒྱགས་སྦྱིན་མ་ལ་སྨྲས་པ། ཅིང་དེ་གཉིས་ལ་བྱམས་
པ་མེད་སྙམ་མམ། ངའི་བ་སྤུའི་ཁུང་ཐམས་ཅད་ནས་གས་ཏེ་ཁྲག་བྱུང་བ་ལ་ལྟོས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་དགའ་བས་གལ་ཏེ་འགའ་ཞིག་གིས་རྒྱགས་སྦྱིན་མ་བླངས་ཏེ་དེ་ལ་བྱིན་ན་གཡོག་བྱེད་པ་མེད་པར་
འགྱུར་རོ་སྙམ་དུ་བསམས་ནས། བདག་ཉིད་བྲམ་ཟེའི་ཁྱེའུ་ཞིག་གི་ཆ་བྱད་དུ་སྤྲུལ་ནས་བྱང་ཆུབ་སེམས་དཔའི་མདུན་དུ་འདུག་སྟེ་སྨྲས་པ། གྲོགས་པོ་གཡོག་བྱིན་ཅིག །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ལ་གཡོག་ག་ལ་ཡོད། བརྒྱ་བྱིན་གྱིས་སྨྲས་པ། རྒྱགས་སྦྱིན་མ་བྱིན་
ཅིག །བྱང་ཆུབ་སེམས་དཔས་རྒྱགས་སྦྱིན་མའི་གདོང་དུ་བརྟག་པར་བརྩམས་པ་དང་། རྒྱགས་སྦྱིན་མས་བྱང་ཆུབ་སེམས་དཔའི་བསམ་པ་ཤེས་ནས་སྨྲས་པ། རྗེའི་སྲས་གལ་ཏེ་ཁྱོད་ཀྱིས་བདག་བཏང་ན་སྩལ་དུ་གསོལ། བྱང་ཆུབ་སེམས་དཔས་སྨྲས་པ། བྲམ་ཟེ་ཁྱོད་
ལ་བྱིན་ནོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཁྱེའུའི་ཆ་བྱད་མི་སྣང་བར་བྱས་ཏེ་རང་གི་ཆ་བྱད་དུ་འདུག་ནས་སྨྲས་པ། དྲང་སྲོང་བདག་གི་རྒྱགས་སྦྱིན་མ་འདི་ཁྱོད་ལ་བཅོལ་གྱིས། ཁྱོད་ཀྱིས་སུ་ལ་ཡང་མ་སྦྱིན་ཅིག །རྒྱགས་སྦྱིན་མས་བརྒྱ་བྱིན་གྱི་རྐང་པ་གཉིས་ལ་
མགོ་བོས་གཏུགས་ཏེ་སྨྲས་པ། ཀཽ་ཤི་ཀ་ཅི་ནས་ཀྱང་བུས་པ་གཞོན་ནུ་དེ་གཉིས་བྲན་ཉིད་དུ་མི་འགྱུར་བ་དེ་ལྟར་མཛོད་ཅིག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བུས་པ་གཞོན་ནུ་
ཁྱེར་བའི་བྲམ་ཟེ་ཇི་ལྟར་ཐམས་ཅད་ཀྱི་གྲོང་རྡལ་དུ་འཚོང་བར་བརྩམས་པ་དེ་ལྟར་རྨོངས་པར་བྱས་སོ། །དེ་གཉིས་རྒྱལ་པོའི་ཞོ་ཤས་འཚོ་བ་རྣམས་ཀྱིས་མཐོང་ནས་དེ་རྣམས་རྒྱལ་པོའི་དྲུང་དུ་དོང་སྟེ་སྨྲས་པ། བུས་པ་ནག་པོ་དང་། དྲ་བ་ཅན་ནི་བྲམ་ཟེ་ཞིག་ཚོང་འདུས་ན་འཚོང་ཞིང་མཆིས་
Vol. 2 · folio 232b
ལགས་སོ། །དེས་བསྒོ་བ། ཤེས་ལྡན་དག་དེང་ལ་ཁྲིད་དེ་ཤོག་ཤིག །དེ་གཉིས་ཁྲིད་དེ་འོངས་པ་དང་། རྒྱལ་པོས་སྲང་ལ་བཅལ་ཏེ་མཉམ་དུ་གསེར་གྱིས་བླུས་སོ། །རྒྱལ་པོ་དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་གང་ཞིག་ཁྱེའུ་དང་བུ་མོ་ཡང་ཡོངས་སུ་གཏོང་བར་བྱེད་པ་དེ་
ལ་གཞན་ཡོངས་སུ་གཏོང་བར་མི་བྱ་བ་ཅི་ཡོད། གཞོན་ནུ་དེ་ཁུག་ཤིག་དང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་གོ། །བློན་པོ་རྣམས་ཀྱིས་དེ་དཀའ་ཐུབ་ཀྱི་ནགས་ནས་བཀུག་སྟེ། དེ་རྒྱལ་པོའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་ནས་དེས་གྲོང་ཁྱེར་གྱི་སྒོ་བཞིར་མཆོད་སྦྱིན་གྱི་གནས་
ཀྱི་ཁང་པ་བརྩིགས་ནས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ་དེ་བདག་ཉིད་ཀྱི་མཆོད་སྦྱིན་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། བྱང་ཆུབ་བསོད་
ནམས་དོན་གཉེར་བས། །དགེ་སྦྱོང་རྣམས་དང་བྲམ་ཟེ་དང་། །དམངས་རིགས་གདོལ་པ་གཡུང་པོ་ལ། །འཇིགས་པ་མེད་པར་སྦྱིན་པ་བྱིན། །གསེར་དང་དངུལ་དང་བ་ལང་དང་། །རྟ་དང་ནོར་བུ་རྒྱན་རྣམས་དང་། །དེ་བཞིན་ལས་དག་བྱེད་པའི་བྲན། །ཚུལ་ཁྲིམས་ལྡན་པ་
རྣམས་ལ་སྦྱིན། །ཆགས་པ་མེད་པའི་སེམས་ཀྱིས་ནི། །བུ་དང་བུ་མོ་ཡོངས་བཏང་བས། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །མི་ཡིས་དག་པ་འཐོབ་པར་འགྱུར། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྒྲོལ་ཞེས་བྱ་བར་གྱུར་པ་གང་གིས་བུ་དང་ཆུང་མ་ཡོངས་
སུ་བཏང་བ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྒྲོལ་ཞེས་བྱ་བ་དེར་གྱུར་ཏེ། ངས་དེ་ན་བུ་དང་ཆུང་མ་ཡོངས་སུ་བཏང་ངོ་། །རྒྱལ་པོ་ཆེན་པོ་ངས་བུ་དང་ཆུང་མ་ཡོངས་སུ་བཏང་བ་དེས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་
Vol. 2 · folio 233a
སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་བཱ་རཱ་ཎ་སཱི་ཞེས་བྱ་བའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་ཞེས་བྱ་བ་ནས་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དོ་ཞེས་བྱ་
བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན་ལྟས་མཁན་དག་གིས་བཱ་རཱ་ཎ་སཱིར་ལོ་བཅུ་གཉིས་སུ་ཆར་པ་མི་འབབ་བོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་རང་གི་ཡུལ་དུ་དྲིལ་སྒྲོགས་སུ་བཅུག་པ། ངའི་ཡུལ་ན་གནས་པའི་ཤེས་ལྡན་གྲོང་ཁྱེར་པ་དག་ཉོན་ཅིག །ལྟས་མཁན་
དག་གིས་ལོ་བཅུ་གཉིས་སུ་ཆར་མི་འབབ་པར་ལུང་བསྟན་གྱིས། ཁྱོད་ཅག་ལས་གང་དག་ལ་ལོ་བཅུ་གཉིས་སུ་བཟའ་བ་དང་བཏུང་བ་ཡོད་པ་དེ་རྣམས་ནི་འདུག་ཤིག །གཞན་རྣམས་ནི་བཟའ་བ་དང་བཏུང་བ་མོད་པའི་ཡུལ་དུ་དེངས་ཤིག །ལོ་ལེགས་པར་གྱུར་པ་དང་སླར་ཡང་ཤོག་ཤིག །
དེའི་ཚེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་ཁྱིམ་བདག་འདུམ་བྱེད་ཅེས་བྱ་བ་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་སོ། །དེས་མངན་བཀུག་སྟེ་སྨྲས་པ། ཀྱེ་ནང་རྗེ་
བང་བ་ན་བདག་འཁོར་གྱི་སྐྱེ་བོ་དང་བཅས་པ་ལོ་བཅུ་གཉིས་ཀྱི་རྒྱགས་ཐུབ་པ་ཡོད་དམ། འོན་ཏེ་མེད་དེས་སྨྲས་པ། ཇོ་བོ་མཆིས་སོ། །དེ་ནས་ཁྱིམ་བདག་འདུམ་བྱེད་འཁོར་དང་བཅས་པ་ནི་འདུག་གོ། །སྐྱེ་བོའི་ཚོགས་གཞན་ནི་བཟའ་བ་དང་བཏུང་བ་མོད་པའི་ཡུལ་དུ་དོང་ངོ་། །སངས་རྒྱས་
འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་བས་ཇི་ཙམ་ན་བཱ་རཱ་ཎ་སཱིའི་ཕྱོགས་གཅིག་ཏུ་རང་སངས་རྒྱས་ལྔ་བརྒྱ་གནས་སོ། །ཕྱོགས་གཞན་
ཞིག་ཏུ་ཡང་རང་སངས་རྒྱས་ལྔ་བརྒྱའོ། །དེ་ནས་རང་སངས་རྒྱས་ལྔ་བརྒྱ་པོ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། ཁྱིམ་བདག་འདུམ་བྱེད་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། ཁྱིམ་བདག་འདུམ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱིས་
Vol. 2 · folio 233b
རབ་ཏུ་བྱུང་བ་ལྔ་བརྒྱ་ལ་ལོ་བཅུ་གཉིས་སུ་བསོད་སྙོམས་འབུལ་ནུས་སམ། དེས་སྨྲས་པ། འཕགས་པ་དག་རེ་ཞིག་མངན་ལ་རྨས་ཏེ་བགྱིའོ། །དེས་མངན་བཀུག་སྟེ་སྨྲས་པ། ཀྱེ་ནང་རྗེ་བདག་འཁོར་དང་བཅས་པ་དང་། རབ་ཏུ་བྱུང་བ་ལྔ་བརྒྱ་པོ་འདི་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་རྒྱགས་
ཐུབ་པ་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །དེ་ནས་རང་སངས་རྒྱས་ལྔ་བརྒྱ་པོ་དེ་རྣམས་ལ་ཁས་བླངས་སོ། །ཇི་ཙམ་ན་ཕྱི་དྲོའི་དུས་སུ་རང་སངས་རྒྱས་ལྔ་བརྒྱ་པོ་གཞན་ཡང་ལྷགས་ནས་ཁྱིམ་བདག་འདུམ་བྱེད་ལ་ཁྱིམ་བདག་རང་སངས་རྒྱས་ལྔ་བརྒྱ་པོ་འདི་དག་ལ་ཁྱོད་ཀྱིས་ལོ་
བཅུ་གཉིས་སུ་བསོད་སྙོམས་དབུལ་བར་ནུས་སམ་ཞེས་བསླངས་པ་དང་། དེས་སྨྲས་པ། འཕགས་པ་དག་ཁྱེད་ཅག་ལ་གཡར་གྱིས་བླངས་ལགས་ན་ཡང་བསླང་ཅི་འཚལ། དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་དེ་དག་ཀྱང་གཞན་ལ། བདག་ཅག་ཀྱང་གཞན་ཡིན་ནོ། །དེས་སྨྲས་
པ། འཕགས་པ་དག་གལ་ཏེ་དེ་ལྟ་ན་རེ་ཞིག་མངན་ལ་རྨས་ཏེ་བགྱིའོ། །དེས་མངན་བཀུག་སྟེ་སྨྲས་པ། ཀྱེ་ནང་རྗེ་བདག་འཁོར་དང་བཅས་པ་དང་། རབ་ཏུ་བྱུང་བ་སྟོང་གི་ལོ་བཅུ་གཉིས་ཀྱི་རྒྱགས་ཐུབ་པ་ཡོད་དམ། དེས་སྨྲས་པ། ཇོ་བོ་མཆིས་སོ། །དེ་ནས་ཁྱིམ་བདག་དེས་
རང་སངས་རྒྱས་ལྔ་བརྒྱ་པོ་དེ་རྣམས་ལ་ཁས་བླངས་ནས་ཞུས་པ། ཁྱེད་ཅག་གི་དུས་གང་ལགས། དེ་རྣམས་ཀྱིས་སྨྲས་པ། གུང་ཚིགས་མ་ཡོལ་བའོ། །དེ་ནས་ཁྱིམ་བདག་འདུམ་བྱེད་ཀྱིས་སྦྱིན་པའི་ཁང་པ་བརྩིགས་ནས་སྦྱིན་པའི་ཞལ་ཏ་པའི་མི་དག་ཀྱང་བསྐོས། དུས་ཚོད་བརྗོད་
པ་དག་ཀྱང་བསྐོས་ཏེ། དེས་ཉི་མ་རེ་རེ་ཞིང་རང་སངས་རྒྱས་སྟོང་ལ་བསོད་སྙོམས་འབུལ་དུ་བཅུག་གོ། །མུ་གེ་དེ་ཡང་ལོ་བསྟུད་མ་ཁོ་ནར་བར་ཡེ་མ་ཆད་ནས། དེ་ནས་ཁྱིམ་བདག་དེས་རང་སངས་རྒྱས་རྣམས་ལ་ཞུས་པ། འཕགས་པ་དག་ལྷས་ཆར་འབེབས་པར་འགྱུར་རམ། ཆར་འབེབས་
པར་འགྱུར་རོ། །བདག་གིས་ས་བོན་སྩལ་ཏམ། ཐོབ་ཤིག །དེ་དག་གིས་ས་བོན་བཏབ་བོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་དེས་བསམས་པ་འཇིག་རྟེན་ན་ཡོན་གནས་གང་ཇི་སྙེད་པ་དེ་རྣམས་ཀྱི་མཆོག་ནི་རང་སངས་རྒྱས་
Vol. 2 · folio 234a
རྣམས་ཡིན་ལ། སྦྱིན་བདག་གང་ཇི་སྙེད་པ་དེ་རྣམས་ཀྱི་མཆོག་ནི་ཁྱིམ་བདག་འདུམ་བྱེད་ཡིན་གྱིས། བདག་གིས་འདི་དག་གི་གྲོགས་བྱའོ་སྙམ་ནས། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དབང་པོ་ཆེན་པོའི་ཆར་ཕབ་པ་དང་། ལོ་ཏོག་དེ་རྣམས་ཀུ་བར་
སྐྱེས་སོ། །དེ་ནས་སྐྱེ་བོའི་ཚོགས་དེ་རྣམས་ཀྱིས་རང་སངས་རྒྱས་རྣམས་ལ་ཞུས་པ། འཕགས་པ་དག་བདག་ཅག་གི་ལོ་ཐོག་བསྐྲུན་པ་གང་ལགས་པ་དེ་དག་ཀུ་བར་སྐྱེས་པར་གྱུར་ན་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་རྣམས་ཀྱིས་སྨྲས་པ། མ་བཅད་པར་སྐྲུན་ཅིག །དེ་རྣམས་ཀྱིས་
བསྐྲུན་པ་ལས་མེ་ཏོག་དང་འབྲས་བུ་རྫ་མའི་ཚད་ཙམ་ཆགས་སོ། །དེ་ནས་དེ་རྣམས་ཀྱིས་རང་སངས་རྒྱས་དེ་དག་ལ་རྒྱས་པར་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། མ་བཅད་ཅིག་དང་། རང་ཉིད་སྨིན་ནས་གས་པར་འགྱུར་རོ། །ཇི་ཙམ་ན་དེ་རྣམས་སྨིན་ནས་གས་པ་དང་། གང་གིས་
ས་བོན་ཇི་ལྟ་བུ་བཏབ་པ་དེའི་དེ་ཁོ་ན་ལྟ་བུ་ཤ་སྟག་གིས་གང་བར་གྱུར་ཏོ། །དེ་ནས་མུ་གེ་རྒྱུན་ཆད་དེ་ལོ་ལེགས་པར་གྱུར་ནས་ཡུལ་ཕྱོགས་སྣ་ཚོགས་ན་གནས་པའི་སྐྱེ་བོའི་ཚོགས་དང་། སྲོག་ཆགས་གང་དག་མུ་གེས་འཇིགས་སྐྲག་ནས་དོང་བ་རྣམས་ཀྱང་ཡུལ་བཱ་རཱ་ཎ་སཱིར་འོངས་སོ། །
དེ་ནས་མུ་གེ་རྒྱུན་ཆད་དེ་ལོ་ལེགས་པར་གྱུར་ནས་ཁྱིམ་བདག་འདུམ་བྱེད་ཀྱིས་དེ་ན་རང་སངས་རྒྱས་སྟོང་ལ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་སྣ་ཚོགས་དང་། ཚོད་མ་རོ་དང་ལྡན་པ་རྣམས་ཀྱིས་ཚིམ་པར་བྱས་ཏེ་ཚིགས་སུ་བཅད་དེ་སྨྲས་པ། བློ་ལྡན་མཁས་པས་ནོར་དང་ནི། །
དད་པ་ཤེས་རབ་རྙེད་ནས་ནི། །སྐྱེས་བུ་དེ་ཡིས་རྟག་པར་ཡང་། །འདོད་ཆགས་བྲལ་ལ་ཡོན་དབུལ་ལོ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་པའི། །བརྟན་རྣམས་གང་གིས་བཤོས་གསོལ་བ། དེ་ཡི་རིགས་ནི་བདེ་བར་འཕེལ། །དེ་
ལྟས་ཚུལ་ཁྲིམས་ཕུན་ཚོགས་པའི། །ཡོན་གནས་དག་ལ་ཡོན་ཕུལ་ན། །འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་བ་དག་ཏུ་འགྱུར་བ་ཉིད། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་འདུམ་བྱེད་ཅེས་བྱ་བར་གྱུར་པ་གང་གིས་མུ་གེ་ལོ་བཅུ་གཉིས་སུ་བྱུང་བ་ན་རང་སངས་
Vol. 2 · folio 234b
རྒྱས་སྟོང་ལ་བསོད་སྙོམས་སྦྱར་ཅིང་དེའི་གྲོགས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་ཁྱིམ་བདག་འདུམ་བྱེད་ཅེས་བྱ་བ་དེར་གྱུར་ཏེ། ང་ཉིད་ཀྱིས་དེ་ན་མུ་གེ་ལོ་བཅུ་གཉིས་སུ་བྱུང་བ་ན་
རང་སངས་རྒྱས་སྟོང་ལ་བསོད་སྙོམས་སྦྱར་བས་ངའི་གྲོགས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱས་སོ། །རྒྱལ་པོ་ཆེན་པོ་ངའི་སྦྱིན་པའམ། སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་
པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ།། །།སྡོམ་ལ། སྤྲིན་ཤུགས་དབང་པོ་སྦྲུལ་མགོ་གཉིས། །དེ་བཞིན་ཆུ་སྲེག་ནེ་ཙོ་དང་། །སྟོན་མོ་རུ་སྦལ་སྡེ་བཟངས་དང་། །དེད་དཔོན་ཚོགས་སུ་བསྡུས་པ་ཡིན། །
རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྣམས་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འཛམ་བུའི་གླིང་གི་དོན་མཐུན་ནོར་ཚོལ་བ་རབ་ཏུ་མང་པོ་དག་ཅིག་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་
ཏེ། རྒྱ་མཚོ་ཆེན་པོར་འཇུག་པར་འདོད་ནས་དེ་རྣམས་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་རྒྱ་མཚོ་ཆེན་པོར་ཞུགས་པ་རྣམས་འདི་ལྟ་སྟེ། གཅིག་ལ་གཅིག་ཕན་ཐོགས་པར་མངོན་པ་མེད་ཀྱིས། མ་ལ་བདག་ཅག་ནོར་ཚོལ་བ་རྣམས་སོ་སོ་ནས་ཕོངས་པ་ན་དགོས་པ་
རྐྱལ་གྱི་ཆ་སྤྱད་དག་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་འཇུག་པར་བྱའོ་ཞེས་དེ་ལྟར་ཆས་བཅད་ནས་ནོར་ཚོལ་བ་རྣམས་སོ་སོ་ནས་ཕོངས་པ་ན་དགོས་པ་རྐྱལ་གྱི་ཆ་སྤྱད་ཁ་ཅིག་གིས་ནི་ཤིང་ཤལ་མ་ལིའི་སྤང་ལེབ། ཁ་ཅིག་གིས་ནི་རས་སྒྱེ་ནང་ཚངས་ཅན། ཁ་ཅིག་གིས་ནི་ཀུ་བ་བརྒྱུས་པ།
ཁ་ཅིག་གིས་ནི་ར་རྐྱལ་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་རྣམས་རྒྱ་མཚོ་ཆེན་པོའི་དབུས་སུ་ཕྱིན་པ་དང་། ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བོ་ཆེ་བཤིག་གོ། །གྲུ་བོ་ཆེ་བཤིག་པ་དང་། དེ་རྣམས་རྐྱལ་པ་རེ་རེ་ལ་ཞོན་ཏེ་ཆུ་ཇི་ལྟ་བ་བཞིན་དུ་ཁྱེར་ཏེ་དོང་བ་ལས། དེ་
Vol. 2 · folio 235a
རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་རླུང་བྱང་ཕྱོགས་ནས་ལངས་ཏེ། དེས་ལྷོ་ཕྱོགས་ཀྱི་འགྲམ་དུ་ཁྱེར་བ་དང་། དེ་ན་བུད་མེད་གཟུགས་བཟང་མོ། མཛེས་མ་བལྟ་ན་སྡུག་པ་དག་ཡོད་དེ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཇོ་བོ་དག་ཚུར་
སྤྱོན་བཞིན་བཟངས་དག་ཚུར་སྤྱོན། བདག་ཅག་ཇོ་བོ་མ་མཆིས་པ་རྣམས་ཀྱི་ཇོ་བོ་དང་། ཁྱིམ་ཐབ་མ་མཆིས་པ་རྣམས་ཀྱི་ཁྱིམ་ཐབ་དང་། གནས་མ་མཆིས་པ་རྣམས་ཀྱི་གནས་དང་། གླིང་མ་མཆིས་པ་རྣམས་ཀྱི་གླིང་དང་། མགོན་མ་མཆིས་པ་རྣམས་ཀྱི་མགོན་དང་། སྐྱབས་
མ་མཆིས་པ་རྣམས་ཀྱི་སྐྱབས་དང་། རྟེན་མ་མཆིས་པ་རྣམས་ཀྱི་རྟེན་མཛོད་ཅིག །འདི་དག་ནི་ཁྱོད་ཀྱི་ཟས་ཀྱི་ཁང་པ་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་ཁང་པ་དང་། གནས་མལ་གྱི་ཁང་པ་དང་། དགའ་བར་འགྱུར་བའི་ཀུན་དགའ་ར་བ་དང་། དགའ་བར་འགྱུར་བའི་
ཚལ་དང་། དགའ་བར་འགྱུར་བའི་རྫིང་དང་། འཛམ་བུའི་གླིང་གི་རིན་པོ་ཆེ་རབ་ཏུ་མང་པོ་འདི་ལྟ་སྟེ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། དུང་དང་།
གཡས་སུ་འཁྱིལ་པ་དག་ལགས་ཀྱིས་ཁྱེད་ཚུར་སྤྱོན། བདག་ཅག་དང་ལྷན་ཅིག་རྩེད་མོ་བགྱི། དགའ་བར་བགྱི། དགའ་མགུར་སྤྱད་པར་བགྱིའོ། །ཁྱེད་ཅག་ལས་སུ་ཡང་སྨྱོས་ཀྱང་ལྷོ་ཕྱོགས་ཀྱི་ལམ་དུ་མ་བཞུད་ཅིག །དེ་དག་བུད་མེད་དེ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་
བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་དག་དེ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་ཕོ་དང་། བུ་མོ་དག་བཙས་སོ། །དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་ཞིག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བུད་
མེད་དེ་དག་གིས་ལྷོ་ཕྱོགས་ཀྱི་ལམ་ལྷག་པར་བསྲུང་བར་སེམས། མ་ལ་བདག་གིས་བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་མལ་དུ་གཉིད་ལོག་པར་རིག་ནས་བགས་ཀྱིས་དལ་བུས་དལ་བུས་མལ་ནས་བབས་ལ་ལྷོ་ཕྱོགས་ཀྱི་ལམ་དུ་འགྲོའོ་སྙམ་ནས། དེ་དེ་ལྟར་ངེས་པར་བྱས་ནས་
Vol. 2 · folio 235b
བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་གཉིད་ཀྱིས་ལོག་པར་རིག་ནས་བགས་ཀྱིས་དལ་བུས་དལ་བུས་མལ་ནས་བབས་ཏེ་རལ་གྲི་རྣོན་པོ་མཆན་དུ་ཐོགས་ནས་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་དང་། དེས་དེ་ན་སྐྱེ་བོའི་ཚོགས་ཆེན་པོ་སྨྲེ་སྔགས་འདོན་པའི་སྒྲ་ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་སྲིང་
མོ། ཀྱི་ཧུད་སྤུན། ཀྱི་ཧུད་འཛམ་བུའི་གླིང་བཀྲ་བས་སྤངས་སམ། འདི་ལྟར་འཛམ་བུའི་གླིང་ན་རེ་སྐྱིད་ཅེས་སྒྲ་འབྱིན་པ་དག་ཐོས་སོ། །ཐོས་ནས་ཀྱང་དེ་འཇིགས་པར་གྱུར། རྨོངས་པར་གྱུར། སྐྱི་བུང་ཞེས་བྱེད་པར་གྱུར་ཏོ། །ད་ནས་ཚོང་པ་མཁས་པའི་རང་བཞིན་ཅན་དེས་འཇིགས་
པ་དང་། སྐྱི་བུང་ཞེས་བྱེད་དེ་ཤིན་ཏུ་ལེགས་པར་བསལ་ནས་ལྷོ་ཕྱོགས་ཀྱི་ལམ་དེ་ཁོ་ནའི་རྗེས་སུ་སོང་བ་དང་། དེས་དེ་ན་ལྕགས་མཁར་ཆེན་པོ་མཐོ་ཞིང་རྒྱ་ཆེ་བ་ཞིག་མཐོང་ནས། དེས་གྲོང་ཁྱེར་དེའི་མཐའ་ཁོར་ཁོར་ཡུག་ཏུ་བསྐོར་ན། ཅི་ནས་ཀྱང་སྒོ་ཅུང་ཟད་ཅིག་རྙེད་གྲང་སྙམ་ནས།
དེས་གྲོང་ཁྱེར་དེའི་མཐའ་ཁོར་ཁོར་ཡུག་ཏུ་བསྐོར་བ་དང་། ཆུང་ངུ་ན་བྱི་ལའམ་སྦྲུལ་འཛུལ་བའི་སྒོ་ཙམ་ཡང་མ་རྙེད་དོ། །དེ་ན་ཤིང་ཤི་རི་ཤ་ཞེས་བྱ་བ་སྦོམ་ལ་རིང་བ་ཞིག་མཐོང་ནས། དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་ཤིང་ཤི་རི་ཤ་དེ་ལ་བགས་ཀྱིས་དལ་བུས་དལ་བུས་
འཛེགས་ནས་སྐྱེ་བོའི་ཚོགས་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཅིའི་ཕྱིར་ཀྱི་ཧུད་མ། ཀྱི་ཧུད་ཕ། ཀྱི་ཧུད་སྲིང་མོ། ཀྱི་ཧུད་སྤུན། ཀྱི་ཧུད་འཛམ་བུའི་གླིང་བཀྲ་བས་སྤངས་སམ། འདི་ལྟར་འཛམ་བུའི་གླིང་ན་རེ་སྐྱིད་ཅེས་ཤིན་ཏུ་སྨྲེ་སྔགས་འདོན། དེ་རྣམས་
ཀྱིས་སྨྲས་པ། ཀྱེ་ནང་རྗེ་བདག་ཅག་འཛམ་བུའི་གླིང་གི་དོན་མཐུན་ནོར་ཚོལ་བ་རབ་ཏུ་མང་པོ་དག་ཅིག་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་ཏེ། རྒྱ་མཚོ་ཆེན་པོར་འཇུག་པར་འདོད་པ་ལས་བདག་ཅག་འདི་སྙམ་དུ་སེམས་ཏེ། ཤེས་ལྡན་དག་བདག་ཅག་རྒྱ་མཚོ་ཆེན་པོར་ཞུགས་པ་རྣམས་འདི་ལྟ་
སྟེ། གཅིག་ལ་གཅིག་ཕན་འདོགས་པར་མངོན་པ་མེད་ཀྱིས། མ་ལ་བདག་ཅག་ནོར་ཚོལ་བ་རྣམས་སོ་སོ་ནས་ཕོངས་པ་ན་དགོས་པ་རྐྱལ་གྱི་ཆ་སྤྱད་དག་ཁྱེར་ཏེ། རྒྱ་མཚོ་ཆེན་པོར་འཇུག་པར་བྱའོ་ཞེས་དེ་ནས་ཆས་བཅད་ནས་ནོར་ཚོལ་བ་རྣམས་སོ་སོ་ནས་ཕོངས་པ་ན་དགོས་
Vol. 2 · folio 236a
པ་རྐྱལ་གྱི་ཆ་སྤྱད་ཁ་ཅིག་གིས་ནི་ཤིང་ཤལ་མ་ལིའི་སྤང་ལེབ། ཁ་ཅིག་གིས་ནི་རས་སྒྱེ་ནང་ཚངས་ཅན། ཁ་ཅིག་གིས་ནི་ཀུ་བ་བརྒྱུས་པ། ཁ་ཅིག་གིས་ནི་ར་རྐྱལ་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་སོ། །བདག་ཅག་རྒྱ་མཚོ་ཆེན་པོའི་དབུས་སུ་ཕྱིན་པ་
དང་། ཆུ་སྲིན་ཉའི་རིགས་ཀྱིས་གྲུ་བོ་ཆེ་བཤིག་གོ། །གྲུ་བོ་ཆེ་བཤིག་ནས་བདག་ཅག་རྐྱལ་པ་རེ་རེ་ལ་ཞོན་ཏེ། ཆུ་ཇི་ལྟ་བ་བཞིན་ཁྱེར་ཏེ་དོང་བ་ལས། བདག་ཅག་གི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་རླུང་བྱང་ཕྱོགས་ནས་ལངས་ཏེ། དེས་བདག་ཅག་ལྷོ་ཕྱོགས་ཀྱི་
འགྲམ་དུ་ཁྱེར་བ་དང་། དེ་ན་བུད་མེད་གཟུགས་བཟང་མོ། མཛེས་མ། བལྟ་ན་སྡུག་པ་དག་ཡོད་དེ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཇོ་བོ་དག་ཚུར་སྤྱོན། བཞིན་བཟངས་དག་ཚུར་སྤྱོན། བདག་ཅག་ཇོ་བོ་མ་མཆིས་པ་རྣམས་ཀྱི་ཇོ་བོ་དང་། ཁྱིམ་ཐབ་མ་མཆིས་
པ་རྣམས་ཀྱི་ཁྱིམ་ཐབ་དང་། གནས་མ་མཆིས་པ་རྣམས་ཀྱི་གནས་དང་། གླིང་མ་མཆིས་པ་རྣམས་ཀྱི་གླིང་དང་། མགོན་མ་མཆིས་པ་རྣམས་ཀྱི་མགོན་དང་། སྐྱབས་མ་མཆིས་པ་རྣམས་ཀྱི་སྐྱབས་དང་། རྟེན་མ་མཆིས་པ་རྣམས་ཀྱི་རྟེན་མཛོད་ཅིག །འདི་དག་ནི་ཁྱེད་ཀྱི་ཟས་
ཀྱི་ཁང་པ་དང་། སྐོམ་གྱི་ཁང་པ་དང་། གོས་ཀྱི་ཁང་པ་དང་། གནས་མལ་གྱི་ཁང་པ་དང་། དགའ་བར་འགྱུར་བའི་ཀུན་དགའ་ར་བ་དང་། དགའ་བར་འགྱུར་བའི་ཚལ་དང་། དགའ་བར་འགྱུར་བའི་རྫིང་དང་། འཛམ་བུའི་གླིང་གི་རིན་པོ་ཆེ་རབ་ཏུ་མང་པོ་འདི་ལྟ་སྟེ། ནོར་བུ་དང་།
མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། གསེར་དང་། རྡོའི་སྙིང་པོ་དང་། སྤུག་དང་། པད་མ་རཱ་ག་དང་། དུང་གཡས་སུ་འཁྱིལ་པ་དག་ལགས་ཀྱིས་ཁྱེད་ཚུར་སྤྱོན། བདག་ཅག་དང་ལྷན་ཅིག་རྩེད་མོ་བགྱི། དགའ་བར་
བགྱི། དགའ་མགུར་སྤྱད་པར་བགྱི། ཁྱེད་ཅག་ལས་སུ་ཡང་སྨྱོས་ཀྱང་ལྷོ་ཕྱོགས་ཀྱི་ལམ་དུ་མ་བཞུད་ཅིག །བདག་ཅག་བུད་མེད་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། བདག་ཅག་དེ་དག་དང་ལྷན་ཅིག་རྩེ་བར་བྱེད། དགའ་
Vol. 2 · folio 236b
བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་དང་བུ་མོ་དག་བཙས་ཏེ། ཇི་སྲིད་འཛམ་བུའི་གླིང་གི་དོན་མཐུན་གཞན་རྣམས་ཀྱི་རྒྱ་མཚོའི་གྲུ་བོ་ཆེ་ཞིག་གོ་ཞེས་མ་ཐོས་པ་དེ་སྲིད་དུ་བུད་མེད་དེ་དག་དང་བདག་ཅག་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་
སྤྱོད་པར་བྱེད་པ་ལས། གང་གི་ཚེ་བུད་མེད་རྣམས་ཀྱིས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་གཞན་དག་ཀྱང་རྒྱ་མཚོ་ཆེན་པོའི་དབུས་སུ་ཕྱིན་པ་དང་། ཆུ་སྲིན་ཉའི་རིགས་ཀྱིས་རྒྱ་མཚོའི་གྲུ་བོ་ཆེ་བཤིག་གོ་ཞེས་ཐོས་ནས། དེ་ནས་བདག་ཅག་གི་དྲུང་དུ་འོངས་ཏེ། ཁ་ཅིག་ནི་ཟོས་སོ། །
སྐྱས་པ་ཟ་བར་བྱེད་པ་ན་ལྷག་རོལ་སྐྲའམ། སྤུའམ། སེན་མོའམ། སོ་ལུས་པ་གང་དག་ཡིན་པ་དེ་དག་ཀྱང་མ་ལུས་པར་ཟ་བར་བྱེད་དོ། །དེ་རྣམས་ཟ་བར་བྱེད་པ་ན་ཁྲག་དྲོན་པོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ཡོད་ན་ཡང་དེ་དག་ཀྱང་སོར་མོའི་རྩེ་མོ་རྣམས་ཀྱིས་བྲུད་དེ་ས་དང་བཅས་
པར་ཁར་འཇུག་པར་བྱེད་དོ། །བདག་ཅག་ཁ་ཅིག་ནི་ལྕགས་ཀྱི་མཁར་འདིར་བཅུག་གོ། །ཀྱེ་ནང་རྗེ་འདི་དག་ནི་མིའི་བུད་མེད་མ་ཡིན་ཏེ། སྲིན་མོ་ཡིན་གྱིས་འདི་དག་ལས་བདག་ཉིད་སྲུངས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་སྐྱེ་བོའི་
ཚོགས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གང་གིས་ན་ཁྱེད་ཅག་དང་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་འགའ་ཅི་ཡོད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་རྗེ་རེ་ཞིག་བདག་ཅག་གང་གིས་ན་ལེགས་པ་དང་། བདེ་བར་
འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་ནི་ཅུང་ཟད་ཀྱང་ཁོ་བོ་ཅག་ལ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བདག་ཅག་གིས་འདི་སྙམ་དུ་ཀྱེ་མ་བདག་ཅག་གིས་ལྕགས་ཀྱི་མཁར་འདི་ལས་རྒལ་ཏེ་འབྲོས་སོ་སྙམ་དུ་བསམས་ན། དེའི་ཉིས་གྱུར་རམ་དེའི་སུམ་གྱུར་གྱིས་མཐོན་པོར་
འགྱུར་རོ། །གལ་ཏེ་བདག་ཅག་གིས་འདི་སྙམ་དུ། ཀྱེ་མ་བདག་ཅག་གིས་ལྕགས་ཀྱི་མཁར་འདིའི་གློ་ཕུག་སྟེ་འབྲོས་སོ་སྙམ་དུ་བསམས་ན། དེའི་ཉིས་གྱུར་རམ། དེའི་སུམ་གྱུར་གྱིས་ཞེང་དུ་སྐྱེ་བར་འགྱུར་ཏེ། དེ་ལྟར་རེ་ཞིག་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་
Vol. 2 · folio 237a
གླིང་དུ་ཕྱིན་པར་འགྱུར་བའི་ཐབས་བདག་ཅག་ལ་མེད་དོ། །འོན་ཀྱང་གང་གིས་ན་ཁྱོད་ཅག་ནི་སླར་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་བའི་ཐབས་ཡོད་དེ། འདི་ན་བདག་ཅག་གི་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱེ་མ་འཛམ་བུའི་གླིང་གི་དོན་མཐུན་
རྣམས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བྱང་ཕྱོགས་ཀྱི་གསེབ་ལམ་གང་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟ་བ་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པས་དབང་པོ་རྣམས་ཚིམ་པ། མགོ་འཕང་བསྟོད་དེ་ཕ་རོལ་དུ་འགྲོ་བ་ནི་སུ་ཡོད། སུ་ནི་ཕ་རོལ་
དུ་བཀྲི། སུ་ནི་འཛམ་བུའི་གླིང་དུ་ལེགས་པ་དང་། བདེ་བར་ཕྱིན་པར་བྱ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ཡོད་པར་མི་འགྲོ་བ་ནི་བྱིས་པའོ་ཞེས་སྒྲ་འབྱིན་པ་ཐོས་ཀྱིས། ཁྱོད་དེའི་དྲུང་དུ་དེང་ལ་འདི་སྐད་ཅེས་བདག་ཅག་ཕ་རོལ་དུ་མཆིའོ། །བདག་ཅག་ཕ་རོལ་དུ་མཆི་སྟེ། བདག་ཅག་ཕ་
རོལ་དུ་བཀྲི་ཞིང་ལེགས་པ་དང་བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་མཛད་དུ་གསོལ་ཞེས་སྨྲོས་ཤིག །དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་སྐྱེ་བོའི་ཚོགས་ཆེན་པོ་དེས་སྨྲས་པ་ཤིན་ཏུ་ལེགས་པར་བཟུང་སྟེ་ཆུབ་པར་བྱས་ནས། བགས་ཀྱིས་དལ་བུས་དལ་བུས་ཤིང་ཤི་རི་ཤ་ལས་
བབས་ནས་གཡས་ཕྱོགས་ཀྱི་ལམ་དེ་ཉིད་དུ་སོང་སྟེ། བུད་མེད་གང་དང་ལྷན་ཅིག་ཉལ་བ་དེ་མལ་ན་གཉིད་ཀྱིས་ལོག་པར་རིག་ནས་བགས་ཀྱིས་དལ་བུས་དལ་བུས་ཉལ་ལོ། །དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་དེ་ཉིད་ཀྱི་མཚན་མོ་འདས་པ་དང་། ནང་པར་སྔར་ལངས་ནས་འཛམ་
བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་རེ་ཞིག་གང་ན་སྐྱེད་མོས་ཚལ་དབེན་པ་ཡོད་པ་ཞིག་ཏུ་ཤོག་ཤིག་དང་། ཁོ་བོས་ཁྱོད་ཅག་དང་ལྷན་ཅིག་གསང་སྟེ་གླེང་
དགོས་པ་ཅུང་ཞིག་ཡོད་ཀྱིས། ཁྱེད་སུ་ཡང་སྨྱོས་ཀྱང་ཁྱེའུའམ་བུ་མོ་ནི་ཁྲིད་དེ་མ་འོང་ཤིག །ཤེས་ལྡན་དག་དེ་བཞིན་དུ་བགྱིའོ་ཞེས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་རྣམས་ཀྱིས་མཉན་ཏོ། །དེ་ནས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་རྣམས་སྐྱེད་མོས་ཚལ་
Vol. 2 · folio 237b
རབ་ཏུ་དབེན་པ་གང་ན་བ་དེར་དོང་བ་དང་། དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་སྐྱེ་བོའི་ཚོགས་ཆེན་པོ་དེ་དང་ལྷན་ཅིག་སྐབས་ཀྱི་གཏམ་ཇི་སྙེད་གླེངས་པ་དེ་དག་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་རྣམས་ལ་རྒྱས་པར་སྨྲས་ནས་འདི་སྐད་ཅེས་ཀྱང་སྨྲས་ཏེ། འདི་དག་ནི་བུད་མེད་
མ་ཡིན་ཏེ། འདི་དག་སྲིན་མོ་ཡིན་གྱིས། ཤེས་ལྡན་དག་འདི་ལས་བདག་ཉིད་བསྲུང་བར་གྱིས་ཤིག །དེ་ནས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་རྣམས་དེ་བཞིན་དུ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་བྱང་ཕྱོགས་ཀྱི་གསེབ་ལམ་གང་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་མ་རྨོས་མ་བཏབ་
པའི་འབྲས་སཱ་ལུ་ཟ་བ་བདེ་བ་དང་། ནད་མེད་པ་དང་། སྟོབས་དང་ལྡན་པས་དབང་པོ་རྣམས་ཚིམ་པ་མགོ་འཕང་བསྟོད་དེ་ཕ་རོལ་དུ་འགྲོ་བ་ནི་སུ་ཞིག་ཡོད། སུ་ནི་ཕ་རོལ་དུ་བཀྲི། སུ་ནི་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་ཡོད་པར་སོང་
བ་དང་། ཚོང་པ་རྟ་རྫིའི་རིགས་ཤིག་གིས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ནི་ཕ་བི་ཡིན་ཏེ། ཕ་བིའི་དྲུང་དུ་
དོང་ལ་འདི་སྐད་ཅེས་བདག་ཅག་ཕ་རོལ་དུ་མཆིའོ། །བདག་ཅག་ཕ་རོལ་དུ་མཆི་སྟེ། བདག་ཅག་ཕ་རོལ་དུ་བཀྲི་ཞིང་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་མཛད་དུ་གསོལ་ཞེས་སྨྲའོ། །དེ་ནས་ཚོང་པ་མཁས་པའི་རང་བཞིན་ཅན་གྱིས་དོན་མཐུན་རབ་ཏུ་
མང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་བདག་གིས་ཇི་ལྟར་སྐྱེ་བོའི་ཚོགས་ཆེན་པོ་དེས་སྨྲས་པའི་དོན་གོ་བ་ལྟར་ན་འདི་ནི་བདག་ཅག་གིས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་དྲུང་དུ་དོང་ནས་འདི་སྐད་ཅེས། བདག་ཅག་ཕ་རོལ་དུ་མཆིའོ། །བདག་ཅག་ཕ་རོལ་དུ་མཆི་སྟེ།
བདག་ཅག་ཕ་རོལ་དུ་བཀྲི་ཞིང་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་མཛད་དུ་གསོལ་ཞེས་སྨྲ་བའི་དུས་ལ་བབ་པ་མ་ཡིན་ནོ། །འོན་ཀྱང་གང་གི་ཚེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟོས་ནས་ཞེས་བྱ་བ་ནས། སུ་
Vol. 2 · folio 238a
ནི་ལེགས་པ་དང་བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་བདག་ཅག་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་དྲུང་དུ་དོང་ལ་འདི་སྐད་ཅེས་བདག་ཅག་ཕ་རོལ་དུ་མཆིའོ། །བདག་ཅག་ཕ་རོལ་དུ་མཆི་སྟེ། བདག་ཅག་ཕ་རོལ་
དུ་བཀྲི་ཞིང་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་མཛད་དུ་གསོལ་ཞེས་དེ་སྐད་དུ་སྨྲ་བའི་དུས་ལ་བབ་པ་ཡིན་ནོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཟོས་ནས་ཞེས་བྱ་བ་ནས། སུ་ནི་ལེགས་པ་དང་། བདེ་
བར་འཛམ་བུའི་གླིང་དུ་ཕྱིན་པར་བྱ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཕ་རོལ་དུ་མཆིའོ། །བདག་ཅག་ཕ་རོལ་དུ་མཆི་སྟེ། བདག་ཅག་ཕ་རོལ་དུ་བཀྲི་ཞིང་བདག་ཅག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་མཛད་དུ་གསོལ། དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་
ཤུགས་ཅན་གྱིས་འཛམ་བུའི་གླིང་གི་དོན་མཐུན་རབ་ཏུ་མང་པོ་ལ་ལེགས་པར་རབ་ཏུ་གཏམས་ཤིང་རྗེས་སུ་བསྟན་པ། ཤེས་ལྡན་དག་བུད་མེད་དེ་དག་ལྷག་པར་གཟུགས་བཟང་བ། ལྷག་པར་མཛེས་པ། ལྷག་པར་བལྟ་ན་སྡུག་པར་བྱས་ནས་ཁྱེའུ་དང་བུ་མོ་རྣམས་ཁྲིད་དེ་འོང་ཞིང་།
དེ་རྣམས་འདི་སྐད་ཅེས། ཇོ་བོ་དག་ཚུར་སྤྱོན། བཞིན་བཟངས་དག་ཚུར་སྤྱོན་ཞེས་བྱ་བ་ནས། བདག་ཅག་དང་ལྷན་ཅིག་རྩེ་བར་བགྱི། དགའ་བར་བགྱི། དགའ་མགུར་སྤྱད་པར་བགྱིའོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །འོན་ཏེ་ཁྱོད་ཅག་ལ་འགའ་ཞིག་གིས་ཅུང་ཟད་
སྨྲས་ཏེ། བདག་ཅག་མི་དགོས་ན་རང་རང་གི་བུ་དག་ཁྲིད་དེ་དེང་ཤིག་ཅེས་ཟེར་བ་དེ་ལ་ཁྱེད་ཅག་ལས་གང་དག་འདི་སྙམ་དུ་བདག་ཅག་གི་ཆུང་མའམ། བུ་ཕོ་འམ། བུ་མོ་འམ། བདག་གི་ཟས་ཀྱི་ཁང་པའམ། སྐོམ་གྱི་ཁང་པའམ། གོས་ཀྱི་ཁང་པའམ། གནས་
Vol. 2 · folio 238b
མལ་གྱི་ཁང་པའམ། དགའ་བར་འགྱུར་བའི་ཀུན་དགའ་ར་བའམ། དགའ་བར་འགྱུར་བའི་རྫིང་དང་། འཛམ་བུའི་གླིང་གི་རིན་པོ་ཆེ་རབ་ཏུ་མང་པོ་འདི་ལྟ་སྟེ། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་ཞེས་བྱ་བ་ནས། དུང་གཡས་སུ་འཁྱིལ་པ་ཞེས་བྱ་བའི་བར་གོང་མ་བཞིན་
དུ་སེམས་ཕན་ཆད་དེ་དག་ཁོའི་རོ་སྟོད་དམ་རྒྱབ་ལ་ཞོན་ཡང་ཤིང་ཏོག་གི་འབྲས་བུ་སྨིན་པ་རྩ་བ་ཆད་པ་བཞིན་དུ་ལྷུང་བར་འགྱུར་ཞིང་། བུད་མེད་དེ་རྣམས་འོངས་ནས་ཟ་བར་འགྱུར་ཏེ། དེ་དག་སྐྱེས་པ་ཟ་བར་བྱེད་པ་ན་ཁྲག་དྲོན་པོའི་ཐིགས་པ་ས་ལ་ལྷུང་བ་གང་དག་ཡིན་པ་དེ་དག་ཀྱང་སོར་
མོའི་རྩེ་མོས་ས་དང་བཅས་ཏེ་བྲུད་ནས་ཁར་འཇུག་གོ། །ཁྱེད་ཅག་ལས་གང་དག་འདི་སྙམ་དུ་བདག་གི་ཆུང་མའམ། བུའམ། བུ་མོའམ་ཞེས་བྱ་བ་ནས་དུང་གཡས་སུ་འཁྱིལ་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་མི་སེམས་ན་དེ་རྣམས་ཁོ་བོའི་སྤུའི་རྩེ་མོའི་བྱེ་བའི་ཆ་ལ་རྟེན་ཀྱང་ལྟུང་
བར་མི་འགྱུར་ཏེ། དེ་དག་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་འགྱུར་རོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་འཛམ་བུའི་གླིང་གི་ཚོང་པ་རབ་ཏུ་མང་པོ་ལ་ལེགས་པར་རབ་ཏུ་གཏམས་ཤིང་རྗེས་སུ་བསྟན་ནས་རྒྱབ་སྨད་དོ། །དེ་ནས་འཛམ་བུའི་གླིང་གི་ཚོང་
པ་རབ་ཏུ་མང་པོས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་ཁ་ཅིག་ནི་རོ་སྟོད་དུ། ཁ་ཅིག་ནི་རྒྱབ་ཏུ། ཁ་ཅིག་ནི་གཉའ་བར་རོ། །ཁ་ཅིག་ནི་མཇུག་མ་ལ་འཇུས་སོ། །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་རིམ་གྱིས་ལུས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་
ཡང་དག་པར་བསྐྱེད་ནས་དེ་ཉིད་ནས་སྟེང་གི་ནམ་མཁའ་ལ་སོང་བ་དང་། དེ་ནས་བུད་མེད་ལྷག་པར་གཟུགས་བཟང་བ། ལྷག་པར་མཛེས་པ། ལྷག་པར་བལྟ་ན་སྡུག་པ་རྣམས་ཀྱིས་ཁྱེའུ་དང་བུ་མོ་རྣམས་ཁྲིད་དེ་ལྷགས་ནས་འདི་སྐད་ཅེས་ཇོ་བོ་དག་ཚུར་སྤྱོན། བཞིན་བཟངས་དག་
ཚུར་སྤྱོན་ཞེས་བྱ་བ་ནས་བདག་ཅག་དང་ལྷན་ཅིག་རྩེད་མོ་བགྱི། དགའ་བར་བགྱི། དགའ་མགུར་སྤྱད་པར་བགྱིའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འོན་ཏེ་ཁྱེད་ཅག་ལ་འགའ་ཞིག་ཅུང་ཟད་སྨྲས་ཏེ། ཁོ་མོ་ཅག་མི་དགོས་ན་རང་རང་གི་ཁྱེའུ་དང་བུ་མོ་རྣམས་ཁྲིད་དེ་དེང་
Vol. 2 · folio 239a
ཤིག་ཅེས་སྨྲ་བ་དེ་ལ་གང་དག་འདི་སྙམ་དུ་བདག་གི་ཆུང་མ་འམ། བུ་ཕོ་འམ། བུ་མོ་འམ། བདག་གི་ཟས་ཀྱི་ཁང་པའམ་ཞེས་བྱ་བ་ནས་དུང་གཡས་སུ་འཁྱིལ་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སེམས་པ་དེ་དག་ནི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱི་རོ་སྟོད་དང་
རྒྱབ་ཏུ་ཞོན་ཡང་ཤིང་ཏོག་གི་འབྲས་བུ་སྨིན་པ་རྩ་བ་ཆད་པ་བཞིན་དུ་དེ་ནས་སླར་ལྷུང་བར་གྱུར་པ་དང་། བུད་མེད་དེ་རྣམས་དེ་དག་གི་དྲུང་དུ་དོང་སྟེ་ཕྱིན་ནས་ཟ་བར་བྱེད་དེ། སྐྱེས་པ་རྣམས་ཟ་བར་བྱེད་པ་ན་ལྷག་མ་ལུས་པ་གང་ཡིན་པ་འདི་ལྟ་སྟེ་སྐྲ་འམ་ཞེས་བྱ་བ་ནས། ས་དང་འདྲེན་མར་བྲུད་དེ་
ཁར་འཇུག་པར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་དག་འདི་སྙམ་དུ་བདག་གི་ཆུང་མ་འམ། བདག་གི་བུ་ཕོ་འམ། བདག་གི་བུ་མོ་ཞེས་བྱ་བ་ནས་དུང་གཡས་སུ་འཁྱིལ་པ་ཞེས་བྱ་བའི་བར་དུ་སྟེ། དེ་ལྟར་མི་སེམས་པ་དེ་རྣམས་ནི་འདི་ལྟར་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་
ཅན་གྱི་སྤུའི་རྩེ་མོའི་ཆ་ཤས་ལ་འཇུས་པ་ཡང་ལེགས་པ་དང་། བདེ་བར་འཛམ་བུའི་གླིང་དུ་ཕྱིན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་གང་དག་འདི་སྙམ་དུ་བདག་ནི་མིག་ཡིན་ནོ། །མིག་ནི་བདག་གི་ཡིན་ནོ། །བདག་ནི་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་། ཡིད་ཡིན་ནོ། །
ཡིད་ནི་བདག་གི་ཡིན་ནོ། །བདག་ནི་གཟུགས་ཡིན་ནོ། །གཟུགས་ནི་བདག་གི་ཡིན་ནོ། །བདག་ནི་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། བདག་ནི་ཆོས་ཡིན་ནོ། །ཆོས་ནི་བདག་གི་ཡིན་ནོ། །བདག་ནི་སའི་ཁམས་ཡིན་ནོ། །སའི་ཁམས་ནི་བདག་གི་ཡིན་ནོ། །
བདག་ནི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། བདག་ནི་རྣམ་པར་ཤེས་པའི་ཁམས་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ནི་བདག་གི་ཡིན་ནོ། །བདག་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །གཟུགས་ཀྱི་ཕུང་པོ་ནི་བདག་གི་
ཡིན་ནོ། །བདག་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། བདག་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན་ནོ། །རྣམ་པར་ཤེས་པ་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་ན། དེ་རྣམས་སྡུག་བསྔལ་འཐོབ་འགྱུར་ཏེ། །སྲིན་མོའི་ནང་དུ་ཚོང་པ་བཞིན། །རྒྱལ་པོ་ཆེན་
Vol. 2 · folio 239b
པོ་གང་དག་འདི་སྙམ་དུ་བདག་ནི་མིག་ཡིན་ནོ། །མིག་ནི་བདག་གི་ཡིན་ནོ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་ཕུང་པོ་ནི་བདག་གི་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ལྟར་མི་སེམས་ན། དེ་རྣམས་བདེ་བ་འཐོབ་འགྱུར་ཏེ། །སྤྲིན་གྱི་ཤུགས་ཀྱིས་ཚོང་པ་བཞིན། །སངས་རྒྱས་བསྟན་ལ་བླུན་
པོའམ། །གང་དག་དད་པར་མི་བྱེད་པ། །དེ་རྣམས་སྡུག་བསྔལ་འཐོབ་འགྱུར་ཏེ། །སྲིན་མོའི་ནང་དུ་ཚོང་པ་བཞིན། །ཤེས་རབ་ཅན་གྱི་མི་གང་དག །སངས་རྒྱས་བསྟན་ལ་དད་བྱེད་པ། །བདེ་བར་ཕ་རོལ་འགྲོ་འགྱུར་ཏེ། །སྤྲིན་གྱི་ཤུགས་ཀྱིས་ཚོང་པ་བཞིན། །རྒྱལ་པོ་ཆེན་པོ་ཇི་སྙམ་
དུ་སེམས། །དེའི་ཚེ་དེའི་དུས་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་དུ་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་ངས་སེམས་ཅན་རྣམས་ལ་ཕན་པ་བྱས་
པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་སེམས་ཅན་རྣམས་ལ་ཕན་པ་བྱས་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་
ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སེམས་ཅན་ལ་འོ་བྱམས་པ་
ཞིག་གནས་སོ། །དེའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཁྱིམ་བདག་ཞིང་པ་གཉིས་ཤིག་ཞིང་རྨེད་པ་ལས་དེ་གཉིས་ཕན་ཚུན་རྩོད་པ་བྱུང་བར་གྱུར་ཏེ། དེ་ན་གཅིག་ཁྲོས་པ་དང་། ཅིག་ཤོས་ཀྱང་སླར་ཁྲོས་སོ། །གཅིག་གིས་བརྒྱབ་པ་དང་། ཅིག་ཤོས་ཀྱིས་ཀྱང་
སླར་བརྒྱབ་བོ། །དེ་གཉིས་ཀ་ཡང་དྲང་སྲོང་གི་དྲུང་དུ་དོང་ནས་དྲང་སྲོང་དེ་ལ་གཅིག་གིས་དཔང་བཙུགས་པ་དང་། ཅིག་ཤོས་ཀྱིས་ཀྱང་བཙུགས་སོ། །དེ་གཉིས་རྒྱལ་པོའི་དྲུང་དུ་སོང་བ་དང་། རྒྱལ་པོས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་ལ་དཔང་སུ་ཡོད།
Vol. 2 · folio 240a
གཅིག་གིས་སྨྲས་པ། ལྷ་བདག་གི་དཔང་དྲང་སྲོང་ལགས་སོ། །ཅིག་ཤོས་ཀྱིས་སྨྲས་པ། བདག་གི་དཔང་ཡང་དེ་ཁོ་ན་ལགས་སོ། །དེ་ནས་རྒྱལ་པོས་དྲང་སྲོང་བོས་ཏེ་དྲིས་པ། དྲང་སྲོང་ཆེན་པོ་འདི་གཉིས་སྔར་གང་གི་ཉེས། དྲང་སྲོང་གིས་སྨྲས་པ། ལྷ་གལ་ཏེ་
འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་ཀྱིས་ཞལ་ཆེ་བཅད་ན། དེ་ལྟ་ན་བདག་གིས་དཔང་བགྱིའི་གཞན་དུ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ་དེ་བཞིན་དུ་བྱའོ། །དེ་ནས་དྲང་སྲོང་གིས་སྨྲས་པ། ལྷ་གཅིག་ཁྲོས་པ་དང་ཅིག་ཤོས་ཀྱང་སླར་ཁྲོས་སོ། །གཅིག་གིས་བརྒྱབ་པ་དང་ཅིག་
ཤོས་ཀྱིས་ཀྱང་སླར་བརྒྱབ་བོ། །རྒྱལ་པོས་སྨྲས་པ། འོ་ན་གཉིས་ཀ་ཆད་པས་གཅད་དོ། །དྲང་སྲོང་གིས་སྨྲས་པ། ལྷ་ཁྱོད་ལ་བདག་གིས་སླར་ལྷ་གལ་ཏེ་འཁོར་ལོས་སྒྱུར་བའི་བཀའ་ཁྲིམས་ཀྱིས་ཞལ་ཆེ་བཅད་ན་དེ་ལྟ་ན་བདག་གིས་དབང་བགྱིའི་གཞན་དུ་ན་མ་ལགས་སོ་ཞེས་མ་
གསོལ་ཏམ། རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་འཁོར་ལོས་སྒྱུར་བའི་ཞལ་ཆེ་ཇི་ལྟར་གཅོད། དྲང་སྲོང་གིས་སྨྲས་པ། ལྷ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་གནོད་པ་ལས་ཟློག་ཅིང་ཕན་པ་ལ་སྦྱོར་བར་བགྱིད་དོ། །དེ་ནས་རྒྱལ་པོས་སྨྲས་པ། གཉིས་ཀ་དེང་ལ་ད་ཕྱིན་ཆད་དེ་
ལྟར་མ་བྱེད་ཅིག །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་གང་གི་ཆོས་བཞིན་གྱིས་དཔང་དེ་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ནས་ང་ཉིད་ཀྱི་ཆོས་བཞིན་གྱིས་དཔང་དེ་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་
དུའོ། །རྒྱལ་པོ་ཆེན་པོ་ངས་ཆོས་བཞིན་གྱི་དཔང་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་སོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ཆོས་བཞིན་གྱིས་དཔང་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་ཚོགས་ཙམ་ཡིན་ནོ་
ཞེས་བྱ་བའི་བར་གོང་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་མ་ངེས་པའི་ཕུང་པོ་ལ་གནས་པ་ན་རང་གི་སྲོག་ཡོངས་སུ་བཏང་ནས་སེམས་ཅན་མང་པོ་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །
Vol. 2 · folio 240b
རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ན་ནགས་ཚང་ཚིང་ཞིག་ན་སེང་གེ་རལ་པ་ཅན་ཞིག་གནས་སོ། །ལམ་དེ་ནས་དོན་མཐུན་ལྔ་བརྒྱ་ཙམ་དོང་ནས། དེ་དག་གི་ཅ་ཅོའི་སྒྲས་དུས་བསྐུལ་བས་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བ་ཞིག་གློ་བུར་དུ་ལངས་ནས་དེས་དོན་མཐུན་ཚོང་དཔོན་དང་བཅས་པ་
བསྐོར་བ་དང་། དེ་རྣམས་སྐྲག་ནས་སྒྲ་འབྱིན་ཅིང་ཞི་བ་དང་། ཆུ་ལྷ་དང་ལུས་ངན་དང་། དབང་ཕྱུག་ལ་སོགས་པ་ལྷ་རྣམས་ལ་གསོལ་བ་བཏབ་པ་དང་། དེ་ནས་སེང་གེས་སྒྲ་དེ་ཐོས་སོ། །ཐོས་ནས་ཀྱང་ཕྱོགས་དེར་འོངས་པ་དང་། ཇི་ཙམ་ན་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་
བས་དོན་མཐུན་ལྔ་བརྒྱ་ཙམ་བསྐོར་བ་མཐོང་ངོ་། །དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་གླང་པོའི་ཕྲུ་གུ་ཞིག་ཀྱང་རྒྱུ་ཞིང་འདུག་པ་དང་། དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། གྲོགས་པོ་སྦྲུལ་ཆེན་པོ་ཞགས་པ་ལྟ་བུ་ཞེས་བྱ་བས་དོན་མཐུན་ལྔ་བརྒྱ་བསྐོར་ན་དེ་རྣམས་ཀྱི་དོན་གྱི་ཕྱིར་རང་གི་སྲོག་ཡོངས་
སུ་གཏང་བར་ཁྱོད་སྤྲོ་འམ། ཇི་ལྟ་བུ་ཞིག་ཏུ་བྱ་བདག་གི་རྐང་པ་ཁྱོད་ཀྱི་ཀླད་པར་བཞག་ལ་ཐལ་མོས་སྦྲུལ་ཆེན་པོ་ལ་བསྣུན་དང་བདག་གི་རྐང་པ་བརྟེན་པའི་ཤུགས་ཀྱིས་ནི་ཁྱོད་འཆི་བར་འགྱུར་རོ། །ཐལ་ལྕག་གིས་ནི་སྦྲུལ་ལོ། །སྦྲུལ་ཆེན་པོའི་ཁ་ཆུས་རེག་པས་ནི་བདག་ཀྱང་འཆི་བར་
འགྱུར་རོ། །གླང་པོ་ཆེའི་ཕྲུ་གུས་དེ་བཞིན་དུ་བྱའོ་ཞེས་ཁས་བླངས་ནས་སེང་གེས་གླང་པོ་ཆེའི་ཕྲུ་གུའི་སྟེང་དུ་རྐང་པ་བཞག་ནས་ཐལ་མོས་སྦྲུལ་ཆེན་པོ་ལ་བསྣུན་པ་དང་། སེང་གེས་རྐང་པ་བརྟེན་པའི་ཤུགས་ཀྱིས་ནི་གླང་པོ་ཆེའི་ཕྲུ་གུ་ཤི་ཐལ་མོས་ཀྱང་སྦྲུལ་ཆེན་པོ་ཤི།
སྦྲུལ་ཆེན་པོའི་ཁ་ཆུས་ཀྱང་རི་དགས་ཀྱི་རྒྱལ་པོ་སེང་གེ་ཤི་སྟེ་འགྲོ་བ་གསུམ་ཆར་ཡང་ངོ་། །དོན་མཐུན་གྱི་ཚོགས་ཆས་པ་དང་ལྷ་ཞིག་གིས་སྨྲས་པ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔས་ཁྱོད་ཀྱི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་ནས་སྐྱབས་བྱས་ཀྱིས་རེ་ཞིག་
དེའི་ལུས་ལ་མཆོད་པར་བྱོས་ལ་ཕྱིར་དེངས་ཤིག །དེ་ནས་དེ་རྣམས་ཀྱིས་དེའི་རུས་པ་བསྲེགས་ཏེ་རུས་པ་ལ་མཆོད་པ་བྱས་སོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་ཞེས་བྱ་བ་ནས། ངས་དོན་མཐུན་ལྔ་བརྒྱ་པོ་དེ་དག་སྦྲུལ་ཆེན་པོ་ལས་རང་གི་སྲོག་
Vol. 2 · folio 241a
བཏང་ནས་ཐར་བར་བྱས་སོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་རྣམས་རྗེས་སུ་བཟུང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ་ཞེས་བྱ་བ་ནས། ངས་སེམས་ཅན་རྣམས་
རྗེས་སུ་བཟུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསོད་པ་ལ་ཡང་བྱམས་
པ་བསྒྲུབས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ནགས་ཁྲོད་ཅིག་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་བྱ་མགོ་གཉིས་ལ་སེམས་ཐ་དད་པ་ཞིག་ཏུ་གྱུར་ཏེ། དེ་ལ་གཅིག་ནི་ཆོས་ཅན་ཞེས་བྱའོ། །ཅིག་ཤོས་ནི་ཆོས་མིན་ཞེས་བྱའོ། །
ཇི་ཙམ་དུས་གཞན་ཞིག་ན་ཆོས་ཅན་གྱིས་བདུད་རྩིའི་འབྲས་བུ་ཞིག་ཟོས་སོ། །ཆོས་མིན་གྱིས་ནི་དུག་གི་འབྲས་བུ་ཞིག་ཟོས་པ་ལས་གཉིས་ཀ་ཡང་དུག་གི་མཐུས་ཀུན་དུ་མྱོས་པར་གྱུར་ནས་ཕན་ཚུན་རྩོད་པར་བརྩམས་པ་དང་། གཅིག་གིས་ལོག་པར་སྨོན་ལམ་བཏབ་པ། ཁྱོད་
ཀྱི་སྐྱེ་བ་གང་དང་གང་དུ་སྐྱེས་པ་དེ་དང་དེར་གསོད་པ་དང་། ཕྱིར་རྒོལ་བ་དང་དགྲ་བོར་གྱུར་ཅིག་ཅེས་བྱས་སོ། །ཅིག་ཤོས་ཀྱིས་ཀྱང་སྨྲས་པ། བདག་ནི་ཁྱོད་ལ་ཐམས་ཅད་དུ་བྱམས་པའི་སེམས་དང་ཕན་པའི་སེམས་དང་སྙིང་བརྩེ་བའི་སེམས་སུ་གྱུར་ཅིག་ཅེས་བྱས་སོ། །རྒྱལ་པོ་
ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཆོས་ཅན་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །ཆོས་མིན་ནི་ལྷ་སྦྱིན་ཡིན་ནོ། །རྒྱལ་པོ་ཆེན་པོ་ངའི་བྱམས་པའི་སེམས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་
བྱམས་པའི་སེམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ།། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་བརྒྱད་པ། རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་
Vol. 2 · folio 241b
པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་གྱི་སྐྱབས་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཆུ་གླིང་ཞིག་གི་འགྲམ་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་ཆུ་སྲེག་རྣམས་ཀྱི་ནང་དུ་སྐྱེས་ནས་ཆུ་སྲེག་ལྔ་བརྒྱའི་དཔོན་
པོར་གྱུར་ཏོ། །ཇི་ཙམ་ན་ཆུ་སྲེག་རྒན་པོ་ཞིག་ཆུ་སྲེག་དེ་རྣམས་ཀྱི་སྒོ་ང་དང་ཕྲུ་གུ་རྣམས་ཐབས་ཀྱིས་སྔར་ཟོས་ནས་དལ་བུས་དལ་བུས་འཆག་ཅིང་རེས་འགའ་བྱ་བ་མེད་པ་ན་རྐང་པ་གཅིག་བསྐུམ་ནས་འདུག་གོ། །དེ་ནས་ཆུ་སྲེག་དེ་རྣམས་བུ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་
གྱིས་གདུངས་ནས་དཔོན་པོའི་དྲུང་དུ་སོང་སྟེ་རིས་མཐུན་པའི་སྐད་གཉུག་མས་ངུ་བར་བརྩམས་པ་དང་། དེ་ནས་དཔོན་པོས་རང་གི་ཁྱུ་རྣམས་དེ་ལྟར་སྡུག་བསྔལ་བར་མཐོང་ནས་ཆུ་གླིང་ཀུན་ནས་བྱུལ་བར་བརྩམས་པ་དང་། ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་
རྣམ་པར་ལྟུང་བར་འགྱུར་གྱི་སེམས་ཀྱིས་ནི་མ་ཡིན་པས། དེས་ཆུ་སྲེག་རྒན་པོ་དེ་དལ་བུས་དལ་བུས་འཆག་ཅིང་ཕྱོགས་གཅིག་ཏུ་སོང་ནས་རྐང་པ་གཅིག་བཏེག་སྟེ་གནས་པ་མཐོང་ནས། བྱང་ཆུབ་སེམས་དཔས་འཕྲིགས་པ་འདི་ནི་རང་གི་རིགས་ཀྱི་ཕྱིར་རྒོལ་བ་རང་བཞིན་ངན་པ་
ཡིན་ནོ་སྙམ་དུ་རིག་ནས་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་སྒོ་ང་ཕྲུ་གུ་དང་། །རུས་ཆགས་རྣམས་ཀྱང་ཟོས་ནས་ནི། །རྐང་པ་གཅིག་བཙུགས་འདུག་པ་དེ། །ཀྱེ་མ་ཁྱོད་ཀྱི་བརྟུལ་ཞུགས་ཡིན། །ཁ་ཅིག་སྨྲ་བ་ཡང་བདེན་ཏེ། །གོམ་པ་དལ་བུས་འདོར་བྱེད་ཅིང་། །
དལ་བུས་དལ་བུས་སྨྲ་བ་དང་། །གཉའ་བ་གྱུར་གྱུར་བྱེད་པ་ནི། །དེ་ནི་ངན་གཡོའི་མཚན་ཉིད་ཡིན། །དེས་བསམས་པ། དཔོན་པོ་འདིས་ནི་བདག་གི་རྒྱུས་ཤེས་སོ་སྙམ་དུ་རིག་ནས་དེ་ཉིད་ལ་སྐྱབས་སུ་སོང་ངོ་། །དེ་ནས་དཔོན་པོས་སྨྲས་པ། ཁུ་གུ་ནམ་ཆུ་སྲེག་གི་ཚོགས་
རྣམས་འཁྲུགས་པར་མ་གྱུར་པ་དེའི་བར་དུ་ཁྱོད་ཀྱི་སེམས་བདེ་བར་གྱིས་ཤིག །དེ་ནས་ཆུ་སྲེག་རྒན་པོ་དེ་བྲོས་ནས་ཆུ་སྲེག་དེ་རྣམས་བདེ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ཆུ་སྲེག་གི་དཔོན་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་
Vol. 2 · folio 242a
ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་ཆུ་སྲེག་གི་དཔོན་པོ་དེར་གྱུར་ཏེ། རྒྱལ་པོ་ཆེན་པོ་ངས་སེམས་ཅན་རྗེས་སུ་བཟུང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་རྗེས་སུ་བཟུང་བ་ནི་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ན་
ནགས་ཚང་ཚིང་ཞིག་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་ནེ་ཙོ་མི་སྐད་སྨྲ་བ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་ཡུལ་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བར་གྱུར་པ་དེ་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེ་ནས་ནེ་ཙོ་དེས་ཉིན་རེ་ཞིང་རྒྱལ་པོ་དེའི་ཁང་
པའི་པུ་ཤུའི་སྟེང་ན་ཡིབ་ཅིང་རྒྱལ་པོ་ཆེན་པོ་ཆོས་མ་ཡིན་པས་རྒྱལ་སྲིད་མ་མཛད་ཅིག་ཅེས་སྨྲའོ། །རྒྱལ་པོ་དེ་དེ་དང་ལྷན་ཅིག་གཅུགས་པར་གྱུར་པ་དང་། དེ་ནས་དེས་རྒྱལ་པོ་དེ་དཀའ་ཐུབ་ཀྱི་གནས་ལྔ་ལ་རབ་ཏུ་བཞག་ནས་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་པ་ལ་ཞུགས་
ནས། དེས་རི་དགས་དང་བྱ་ཐམས་ཅད་ལ་མི་འཇིགས་པ་བྱིན་ནོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ནེ་ཙོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་ནེ་ཙོ་མི་སྐད་སྨྲ་བ་དེ་ཡིན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་
སེམས་ཅན་ལ་ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་ཚོགས་ཙམ་ཡིན་ནོ། །
རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསོད་པ་ལ་བྱམས་པའི་སེམས་བསྐྱེད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་ཀ་ཤི་ཞེས་བྱ་བ་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཞིག་རྒྱལ་སྲིད་བྱེད་དེ།
Vol. 2 · folio 242b
དེ་རྟག་ཏུ་ལུས་འཕགས་ཀྱི་ཡུལ་འདོད་པ་ཁོ་ནའི་ཕྱིར་ལུས་འཕགས་ཀྱི་རྒྱལ་པོ་དང་མི་མཐུན་པར་གྱུར་ཏོ། །ལུས་འཕགས་ཀྱི་རྒྱལ་པོ་ནི་དེ་བས་ཁྱད་ཞུགས་པའི་མཐུ་དང་ལྡན་ཡང་ཡུལ་དེ་མི་འདོད་པས་རྟག་ཏུ་དེ་ལ་བྱམས་པའི་སེམས་དང་། ཕན་པའི་སེམས་དང་། སྙིང་
བརྩེ་བས་གནས་སོ། །འོན་ཀྱང་དེ་སྲིད་པས་འཁོལ་བས་ཡུལ་དེ་ཁོ་ན་འདོད་པའི་ཕྱིར་དེ་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་ལུས་འཕགས་ཀྱི་རྒྱལ་པོ་དང་གཡུལ་སྤྲད་པའི་ཕྱིར་ཆས་སོ། །དེ་ནས་ལུས་འཕགས་ཀྱི་རྒྱལ་པོས་ཐོས་ནས་དཔག་ཚད་ཕྱེད་དང་གསུམ་
གྱི་ལམ་བསྟར་དུ་བཅུག་སྟེ། གྲོང་ཁྱེར་དེ་ཐམས་ཅད་རྡོ་བ་དང་གསེག་མ་དང་། གྱོ་མོ་བསལ་ནས་རྒྱལ་མཚན་དང་བ་དན་ནི་བསྒྲེང་། དར་གྱི་ཆུན་འཕྱང་མང་པོ་ནི་དཔྱངས། དྲི་ཞིམ་པོའི་པོག་པོར་ནི་བཤམས། ཙན་དན་གྱི་ཆུའི་ཆག་ཆག་གིས་བཏབ་ཅིང་མེ་ཏོག་སིལ་མ་སྣ་ཚོགས་
ཀྱིས་དགའ་དགའ་ལྟར་བྱས་ནས་གཙང་ཞིང་བསོད་པའི་བཟའ་བ་རབ་ཏུ་མང་པོ་དག་སྟ་གོན་བྱས་ཏེ་གྲོང་མི་དང་བློན་པོ་རྣམས་སྩུར་བཀྱེ་ནས་མགུ་བར་འགྱུར་བ་བརྒྱ་ཕྲག་དག་སྤྲིང་བ་ཐོས་པ་དང་། རྒྱལ་པོ་ཚངས་སྦྱིན་ཀུན་ནས་དཀྲིས་པ་དང་བྲལ་ཏེ་དེ་ནས་བསམས་པ། ལུས་འཕགས་
ཀྱི་རྒྱལ་པོ་ལ་སོ་སོར་ཡང་དག་པར་དགའ་བར་འགྱུར་བ་ཞིག་བྱས་ཏེ་སླར་ལྡོག་གོ་སྙམ་དུ་བསམས་ནས། ལུས་འཕགས་ཀྱི་རྒྱལ་པོའི་དྲུང་དུ་སོང་བ་དང་། ལུས་འཕགས་ཀྱི་རྒྱལ་པོས་བཀུར་སྟི་ཆེན་པོས་བསུ་ནས་ནང་དུ་ཁྲིད་དེ། ཁ་ཟས་བསོད་པ་རྣམས་
ཀྱིས་ཚིམ་པར་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། རྒྱལ་དབང་བདག་ལ་བཟོད་པར་མཛོད། །ཁྱོད་ལ་བདག་ནི་རྟག་ཏུ་འདུད། །བདག་ནི་གྲོགས་པོར་གྱུར་ལགས་ན། །ཁྱོད་ཀྱིས་བདག་ལ་བརྩེ་བར་མཛོད། །དེས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བཟོད་
པ་ཡི་ནི་གཞུ་བདུངས་ནས། །ཁྲོ་དང་ང་རྒྱལ་འཇོམས་པ་ཡི། །ཡོན་ཏན་ལྡན་པའི་མདའ་གཅིག་གིས། །ཁྱོད་ཀྱིས་བདག་ཅག་རིལ་བཅོམ་མོ། །དེ་ནས་དེ་གཉིས་ཕན་ཚུན་ཡིད་གཅུགས་པར་གྱུར་ནས་རྒྱལ་པོ་ཚངས་སྦྱིན་ཡང་རང་གི་ཡུལ་དུ་སོང་ངོ་། །ལུས་
Vol. 2 · folio 243a
འཕགས་ཀྱི་ཡུལ་མི་རྣམས་ཀྱང་འཇིགས་པ་དང་བྲལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ལུས་འཕགས་ཀྱི་རྒྱལ་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་ལུས་འཕགས་ཀྱི་རྒྱལ་པོ་དེ་ཡིན་
པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་ཡིད་ཀྱི་དྲེགས་པ་བཅོམ་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་ཡིད་ཀྱི་དྲེགས་པ་བཅོམ་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་
ཚོགས་ཙམ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་གྱི་དོན་ཆེན་པོ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་བྱང་ཆུབ་སེམས་
དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ནི་རྒྱ་མཚོའི་རུ་སྦལ་གྱི་དཔོན་པོ་ཞིག་ཏུ་གྱུར་ཏོ། །ཇི་ཙམ་ན་དེད་དཔོན་འཁོར་ལྔ་བརྒྱ་པ་ནོར་ཚོལ་བ་ཞིག་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་ནས་རྒྱ་མཚོ་ཆེན་པོར་ཞུགས་པ་ལས་ཇི་ཙམ་ན་གྲུ་དེ་ཆུ་སྲིན་ཉའི་རིགས་ཀྱིས་བཤིག་ནས་ཚུལ་མ་
ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དེ་ནས་རུ་སྦལ་དེས་ཚོང་པ་ལྔ་བརྒྱ་རྒྱབ་ཏུ་བསྐྱོན་ནས་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱ་མཚོའི་རུ་སྦལ་གྱི་དཔོན་པོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་
ཉིད་དེའི་ཚེ་དེའི་དུས་ན་རྒྱ་མཚོའི་རུ་སྦལ་གྱི་དཔོན་པོ་དེར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་རྗེས་སུ་བཟུང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་རྗེས་སུ་བཟུང་བ་དེ་ནི་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་ཚོགས་ཙམ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་ལ་ཕན་པ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་
Vol. 2 · folio 243b
པོ་ཆེན་པོ་སྔོན་བྱུང་བ་ལུས་འཕགས་ཀྱི་རྒྱལ་པོའི་བློན་པོ་ལྔ་བརྒྱ་བྱུང་བ་ལས་དེ་ན་སྡེ་ཅན་དང་། སྡེ་བཟངས་ཞེས་བྱ་བ་སྤུན་གཉིས་ཤིག་བློན་པོའི་གཙོ་བོ་བྱེད་པ་ལས་སྡེ་ཅན་གྱིས་སྡེ་བཟངས་ལ་རྟག་ཏུ་ཀླན་ཀ་ཚོལ་ཞིང་གནོད་པ་བྱ་བ་ལ་ཞུགས་སོ། །སྡེ་བཟངས་ནི་དེ་ལ་རྟག་
ཏུ་ཕན་པར་བྱ་བ་ལ་ཞུགས་སོ། །རྒྱལ་པོའི་བློན་པོ་དང་གྲོང་མི་རྣམས་ཀྱིས་ཀྱང་སྡེ་བཟངས་ཀྱི་ཆེད་དུ་སྡེ་ཅན་དང་སྡུམས་བྱས་ཀྱང་། གནས་སྐབས་ཐམས་ཅད་དུ་གནོད་པ་བྱེད་པ་ལས་ལྡོག་ཏུ་མ་བཏུབ་བོ། །དེ་ནས་ལུས་འཕགས་ཀྱི་རྒྱལ་པོས་མང་པོ་ཞིག་སྤྱོས་ནས་ཡུལ་ནས་
བསྐྲད་དོ། །དེ་བཱ་རཱ་ཎ་སཱིར་སོང་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བློན་པོའི་གཙོ་བོར་བཅུག་གོ། །དེ་དུས་གཞན་ཞིག་ན་ལོང་བར་གྱུར་ཏོ་ཞེས་ནུ་བོ་སྡེ་བཟངས་ཀྱིས་ཐོས་ནས་རྒྱལ་པོ་ལ་གསོལ་བ་བྱས་ཏེ་བཱ་རཱ་ཎ་སཱིར་སོང་ནས་མིག་ཕྱེ་བ་དང་། སྐྱེ་བོའི་ཚོགས་ཆེན་པོས་སྡེ་བཟངས་
འདི་ལྟ་བུ་གང་གིས་ན་མཐུས་ཕུ་བོ་ལོང་བར་བྱ་བའི་རིགས་ན། སྙིང་རྗེ་དང་ལྡན་པ་འདིས་དེའི་མིག་ཕྱེའོ། །ཞེས་སྡེ་བཟངས་ལ་སེམས་དགའ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་བློན་པོའི་གཙོ་བོ་སྡེ་བཟངས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཞེས་བྱ་བ་
ནས། འོན་ཀྱང་ངས་སེམས་ཅན་རྗེས་སུ་བཟུང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་ཚོགས་ཙམ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་
སེམས་ཅན་རྗེས་སུ་གཟུང་བ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཚོང་ཁང་ཞིག་ན་དེད་དཔོན་གཉིས་ཤིག་གནས་པ་ལས་དེ་གཉིས་ཤིང་རྟ་ལྔ་བརྒྱ་དང་ཉོ་ཚོང་ལ་དགོན་པའི་ལམ་ཞིག་ཏུ་ཞུགས་པ་དང་དེ་གཉིས་འདི་སྙམ་དུ་སེམས་ཏེ། བདག་ཅག་དགོན་པའི་
ནང་ནས་འདོང་བ་རྣམས་འདི་ལྟ་སྟེ། གཅིག་ལ་གཅིག་ཕན་ཐོགས་པར་མངོན་པ་མེད་ཀྱིས། མ་ལ་བདག་ཅག་གིས་ཤིང་རྟ་པའི་འགྲོན་པ་རབས་གཉིས་སུ་བཅད་ལ་དགོན་པའི་ལམ་དུ་འཇུག་པར་བྱའོ་སྙམ་ནས། དེ་གཉིས་ཀྱིས་ཤིང་རྟ་པའི་འགྲོན་པ་རབས་གཉིས་སུ་བཅད་ནས། །
Vol. 2 · folio 244a
དགོན་པའི་ལམ་དུ་ཞུགས་སོ། །དེ་ལ་དེད་དཔོན་གཅིག་ནི་ཤིང་རྟ་པ་ལྔ་བརྒྱ་དང་དགོན་པའི་ལམ་གྱི་མགོ་ན་འདུག་གོ། །དེད་དཔོན་ཅིག་ཤོས་ནི་ཤིང་རྟ་པ་ལྔ་བརྒྱ་དང་དགོན་པའི་ལམ་དུ་ཞུགས་སོ། །དེད་དཔོན་གྱི་མི་ཚོང་པའི་མདུན་ནས་འགྲོ་བས་སྐྱེས་བུ་ནག་པོ་མིག་
ཆེ་ལ་དམར་བ་བོང་བུའི་ཤིང་རྟར་ཞུགས་པ། འཁོར་ལོ་རྫབ་ཀྱིས་ཡོག་པ། གོས་རླན་པ་སྐྲ་གཤེར་བ་མེ་ཏོག་ཀུ་མུ་དའི་ཕྲེང་བས་མགོ་བོ་བཅིངས་པ། མགོ་འདྲེན་དང་དཀྱུས་མ་དག་དབྱངས་སུ་ལེན་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་རྗེ་ཅི་དགོན་པའི་ལམ་དུ་ལྷས་ཆར་
ཕབ་ནས་རྩྭ་དང་ཆུ་སར་པ་མང་དུ་སྐྱེས་སམ་ཀྱེ་ནང་རྗེ་བདེན་ཏེ། དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་རྩྭ་དང་ཆུ་སར་པ་མང་དུ་བསྐྱེད་ཀྱིས། ཤེས་ལྡན་དག་རྩྭ་དང་ཆུ་རྙིང་པས་ཁལ་རྣམས་དུབ་པར་མ་བྱས་པར་འོར་ཅིག །ཁྱེད་ཅག་རྩྭ་དང་ཆུ་སར་པ་ལ་ལོངས་སྤྱོད་དང་བདེ་བ་དང་ལེགས་
པར་དགོན་པའི་ལམ་མ་རྟོལ་བ་ལྷག་མ་ཡང་རྟོལ་བར་འགྱུར་རོ། །དེ་ནས་དེད་དཔོན་གྱི་མི་འགྲོན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འགྲོན་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཤེས་པར་གྱིས་ཤིག །ཁོ་བོ་ཚོང་པ་རྣམས་ཀྱི་མདུན་ནས་འགྲོ་བ་ན་འདི་ན་སྐྱེས་བུ་ནག་
པོ་མིག་ཆེ་ལ་དམར་བ་བོང་བུའི་ཤིང་རྟར་ཞུགས་པ། འཁོར་ལོ་རྫབ་ཀྱིས་ཡོག་པ་གོས་རླན་པ། སྐྲ་གཤེར་བ་མེ་ཏོག་ཀུ་མུ་དའི་ཕྲེང་བས་མགོ་བོ་བཅིངས་པ། མགོ་འདྲེན་དང་དཀྱུས་མ་དག་དབྱངས་སུ་ལེན་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་ཀྱེ་ནང་རྗེ་ཅི་དགོན་པའི་
ལམ་དུ་ལྷས་ཆར་ཕབ་ནས་རྩྭ་དང་ཆུ་སར་པ་མང་དུ་སྐྱེས་སམ་ཞེས་བྱས་པ་དང་། དེ་འདི་སྐད་ཅེས་ཀྱེ་ནང་རྗེ་བདེན་ཏེ། དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་རྩྭ་དང་ཆུ་སར་པ་བསྐྱེད་ཀྱིས། ཤེས་ལྡན་དག་རྩྭ་དང་ཆུ་རྙིང་པས་ཁལ་རྣམས་དུབ་པར་མ་བྱས་པར་འོར་ཅིག །ཁྱེད་ཅག་རྩྭ་དང་
ཆུ་སར་པ་ལ་ལོངས་སྤྱོད་དང་བདེ་བ་དང་ལེགས་པར་དགོན་པའི་ལམ་མ་རྟོལ་བ་ལྷག་མ་ཡང་རྟོལ་བར་འགྱུར་རོ་ཞེས་ཟེར་གྱིས། བདག་ཅག་གི་ཁལ་རྣམས་མ་དུབ་པར་རྩྭ་དང་ཆུ་བོར་ལ་བདག་ཅག་རྩྭ་དང་ཆུ་སར་པ་ལ་ལོངས་སྤྱད་ནས་བདེ་བ་དང་ལེགས་པར་དགོན་པའི་ལམ་མ་རྟོལ་བ་
Vol. 2 · folio 244b
ལྷག་མ་ཡང་རྟོལ་བར་བྱའོ་ཞེས་དེ་རྣམས་ཀྱིས་རྩ་དང་ཆུ་རྙིང་པ་བོར་ཏེ་དགོན་པའི་ལམ་དུ་ཞུགས་པ་ལས་དེ་རྣམས་དོང་ནས་ཞག་གཅིག་ལོན་ཡང་རྩྭ་དང་ཆུ་སར་པ་མ་རྙེད་དོ། །ཞག་གཉིས་དང་གསུམ་དང་བདུན་གྱི་བར་དུ་སོང་ཡང་རྩྭ་དང་ཆུ་སར་པ་མ་རྙེད་དོ། །དེ་ནས་འགྲོན་པས་ཞག་བདུན་ལོན་པ་དང་
གནོད་སྦྱིན་མི་ཟན་གྱིས་ཚུལ་མ་ཡིན་པས་ཁ་བཏག་གོ། །དེ་ནས་དེད་དཔོན་ཅིག་ཤོས་འདི་སྙམ་དུ་སེམས་ཏེ། ཚོང་པ་དག་དོང་ནས་དེང་དུ་ཞག་བདུན་ལོན་ནོ་སྙམ་དུ་བསམས་ནས་དགོན་པའི་ལམ་དེར་ཞུགས་པ་ལས། དེད་དཔོན་གྱི་མི་ཚོང་པའི་མདུན་ནས་འགྲོ་བས་སྐྱེས་བུ་ནག་པོ་མིག་ཆེ་ལ་དམར་
བ། བོང་བུའི་ཤིང་རྟར་ཞུགས་པ་འཁོར་ལོ་རྫབ་ཀྱིས་ཡོག་པ་གོས་རློན་པ་སྐྲ་གཤེར་བ། མེ་ཏོག་ཀུ་མུ་དའི་ཕྲེང་བས་མགོ་བོ་བཅིངས་པ། མགོ་འདྲེན་དང་དཀྱུས་མ་དག་དབྱངས་སུ་ལེན་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནང་རྗེ་ཅི་དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་རྩྭ་
དང་ཆུ་སར་པ་མང་དུ་སྐྱེས་སམ། ཀྱེ་ནང་རྗེ་བདེན་ཏེ་དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་རྩྭ་དང་ཆུ་སར་པ་མང་དུ་བསྐྱེད་ཀྱིས། ཤེས་ལྡན་དག་རྩྭ་དང་ཆུ་རྙིང་པས་ཁལ་རྣམས་དུབ་པར་མ་བྱ་བར་འོར་ཅིག །ཁྱེད་ཅག་རྩྭ་དང་ཆུ་སར་པ་ལ་ལོངས་སྤྱོད་དང་བདེ་བ་དང་ལེགས་པར་དགོན་པའི་ལམ་མ་རྟོལ་
བ་ལྷག་མ་ཡང་རྟོལ་བར་འགྱུར་རོ། །དེ་ནས་དེད་དཔོན་གྱི་མི་དེ་འགྲོན་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འགྲོན་པ་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཤེས་པར་གྱིས་ཤིག །ཁོ་བོ་ཚོང་པའི་མདུན་ནས་འགྲོ་བ་ན་འདིར་སྐྱེས་བུ་ནག་པོ་ཞེས་བྱ་བ་ནས། མགོ་འདྲེན་དང་དཀྱུས་མ་དག་
དབྱངས་སུ་ལེན་པ་མཐོང་ངོ་། །མཐོང་ནས་ཀྱང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། འདི་སྐད་ཅེས་ཀྱེ་ནང་རྗེ་ཅི་དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་རྩྭ་དང་ཆུ་སར་པ་མང་དུ་སྐྱེས་སམ་ཞེས་བྱས་པ་དང་། དེ་འདི་སྐད་ཅེས་ཀྱེ་ནང་རྗེ་བདེན་ཏེ། དགོན་པའི་ལམ་དུ་ལྷས་ཆར་ཕབ་ནས་ཞེས་བྱ་བ་ནས་
རྟོལ་བར་འགྱུར་རོ་ཞེས་ཟེར་ཞེས་བྱ་བའི་བར་སྔ་མ་བཞིན་དུའོ། །ཤེས་ལྡན་དག་རེ་ཞིག་བདག་ཅག་གིས་ཇི་སྲིད་རྩྭ་དང་ཆུ་སར་པ་མ་རྙེད་ཀྱི་བར་དུ་རྩྭ་དང་ཆུ་རྙིང་པ་མི་དོར་རོ། །དེ་རྣམས་དོང་ནས་ཞག་གཅིག་ལོན་ན་ཡང་རྩྭ་དང་ཆུ་སར་པ་མ་རྙེད་དོ། །ཞག་གཉིས་དང་གསུམ་དང་བདུན་གྱི་བར་དུ་སོང་ཡང་རྩྭ་
Vol. 2 · folio 245a
དང་ཆུ་སར་པ་མ་རྙེད་པ་ལས། དེད་དཔོན་གྱི་མིས་མདུན་ན་འགྲོན་པ་གནོད་སྦྱིན་མི་ཟན་གྱིས་ཚུལ་མ་ཡིན་པས་ཁ་བཏག་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་ཀྱེ་མའོ་དེད་དཔོན་གྱི་མི་ནི་བུས་པ་སྟེ། དེས་འགྲོན་པ་ཚུལ་མ་ཡིན་པས་ཁ་བཏག་གིས་མེད་དོ་ཞེས་སྨྲས་སོ། །དེ་ནི་བདེ་བ་དང་
ལེགས་པར་དགོན་པའི་ལམ་རྟོལ་བར་གྱུར་ཏེ། དེའི་ཚེ་དེའི་དུས་ཀྱི་དེད་དཔོན་ཕྱི་མ་ཤོས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་རྗེས་སུ་བཟུང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་
ངས་སེམས་ཅན་རྗེས་སུ་བཟུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཞེས་བྱ་བ་ནས་ཚོགས་ཙམ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།སྡོམ་ལ། མཆེ་བ་དྲུག་དང་རི་བོང་དང་། །ཕ་དང་མ་དང་ཆུ་སྐྱེས་དག །ཚལ་ཚིག་གླང་པོ་ཀླུ་དང་ནི། །
ཡུལ་འཁོར་སྐྱོང་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྣམས་ལ་བྱམས་པའི་སེམས་བསྐྱེད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ནགས་ཚང་ཚིང་རི་དང་
འབབ་ཆུ་མང་པོས་གང་བ། རྩྭ་སྔོན་པོ་དང་གེལ་བ་དང་ཤིང་སཱ་ལ་དང་པ་ལ་ཤས་མཛེས་པར་བྱས་པའི་ཕྱོགས་ཞིག་ན་བྱང་ཆུབ་སེམས་དཔའ་མ་ངེས་པའི་ཕུང་པོ་ལ་གནས་པ་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་ཞིག་ཏུ་གྱུར་ཏོ། །དེའི་ཆུང་མ་བལ་གླང་མོ་བཟང་མོ་ཞེས་བྱ་
བ་བལ་གླང་མོ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་བྱུང་བ་དེ་དང་དེ་ལྷན་ཅིག་ཁྱུ་ལས་གར་ཏེ་ཕྱོགས་གཞན་ཞིག་ཏུ་དགའ་མགུར་རྒྱུ་ཞིང་གནས་པ་ན། ཇི་ཙམ་ན་བལ་གླང་མོ་མཆོག་མཆོག་ཏུ་ཡིད་འཕྲོག་མ་གཞན་ཞིག་ཡིད་ལའང་མི་བསམ་པ་ལས་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་
པའི་དྲུང་དུ་ཕྱིན་ཏོ། །དེ་ནས་དེ་ཡང་མཁས་པའི་ཡོན་ཏན་དང་ལྡན་པ་ཞིག་པས་གླང་པོ་ཆེ་དེ་ཇི་ལྟར་དེ་ལ་ཆགས་པའི་སེམས་དང་འབྲེལ་པས་དེ་འགྲོ་ན་ཡང་ཕྱི་བཞིན་འབྲང་། འདུག་ན་ཡང་འདུག་པར་འགྱུར་བ་དེ་ལྟ་དེ་ལྟ་བུར་བསྙེན་བཀུར་བྱས་སོ། །དེ་ནས་བལ་གླང་མོ་བཟང་
Vol. 2 · folio 245b
མོ་ཕྲག་དོག་གི་སྐྱོན་གྱིས་མི་བཟོད་པ་སྐྱེས་ནས་བལ་གླང་མོ་དེ་ལ་ཡང་ཀླན་ཀ་ཚོལ་བར་གྱུར། གླང་པོ་ཆེ་མཆེ་བ་དྲུག་པ་ལ་ཡང་ཤིན་ཏུ་ཚིག་པ་ཟའོ། །གནས་སྐབས་ཐམས་ཅད་དུ་ནམ་ཡང་གླགས་མ་རྙེད་པ་དེའི་ཚེ་སྨོན་ལམ་ལོག་པར་གདབ་པར་བརྩམས་པ། གང་དུ་གླང་པོ་
ཆེ་བྱས་པ་ཆུད་གཟོན་པ་འདིའི་སྲོག་གཅོད་པར་འགྱུར་བ་དེར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་དེས་རི་ཁ་ནས་བདག་ཉིད་མཆོངས་ཏེ་ཤི་བ་ལས་ལུས་འཕགས་ཀྱི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཟླ་བ་དགུ་འདས་ནས་བུ་མོ་ཞིག་བཙས་ཏེ་བསྐྱེད་བསྲིངས་ནས་
ཆེན་མོར་གྱུར་ཏོ། །གང་གི་ཚེ་བག་མར་གཏང་རན་པ་དེའི་ཚེ་ཡུལ་ཀ་ཤིའི་རྒྱལ་པོ་ཚངས་སྦྱིན་ལ་བྱིན་ཏེ། དེས་བཙུན་མོ་དམ་པར་བྱས་སོ། །དེས་ཚེ་རབས་སྔ་མའི་ཤ་ཁོན་ཡོད་པས་བྱ་ར་བ་རྣམས་ཀྱིས་གླང་པོ་ཆེ་མཆེ་བ་དྲུག་པ་བྱ་རས་སོད་པར་བྱེད་དུ་བཅུག་སྟེ། དེ་ནས་དེས་
རྒྱལ་པོ་ཚངས་སྦྱིན་ལ་སྨྲས་པ། ལྷོ་ཕྱོགས་ཆེ་གེ་མོ་ཞིག་ན་གླང་པོ་ཆེ་མཆེ་བ་དྲུག་པ་མཆིས་ཞེས་མཆི་ན་དེའི་མཆེ་བ་བདག་ལ་འཚལ་བ་ཞིག་མཆིས་ཀྱི་ལྷས་གྲོང་མི་རྣམས་ལ་བཀའ་སྩལ་དུ་གསོལ། དེ་ནས་རྒྱལ་པོས་ཡུལ་ཐམས་ཅད་ན་གནས་པའི་རྔོན་པ་རྣམས་བཀུག་སྟེ་
བསྒོ་བ། ཤེས་ལྡན་དག་དེང་ལ་ཕྱོགས་ཆེ་གེ་མོ་ཞིག་ན་གླང་པོ་ཆེ་མཆེ་བ་དྲུག་པ་ཞིག་འདུག་པ་དེའི་མཆེ་བ་དགོས་ཀྱིས་མྱུར་དུ་ཁྱེར་ཏེ་ཤོག་ཤིག །ལྷ་བཀའ་བཞིན་དུ་འཚལ་ཞེས་རྔོན་པ་དེ་རྣམས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལས་མཉན་ཏོ། །དེ་ནས་རྔོན་པ་དེ་རྣམས་ཀྱི་སྡེ་དཔོན་
གང་ཡིན་པ་དེས་རྔོན་པ་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་རང་རང་གི་ལས་ལ་འབོད་ཅིང་འདུག་ཤིག་དང་། ཁོ་བོ་ཁོ་ན་འགྲོའོ་ཞེས་དེས་གཏོར་མའི་ཆོ་ག་བྱས་གོ་བགོས་མདའ་དུག་ཅན་ལག་ན་ཐོགས་གཞུ་བདུངས་ཏེ་གླང་པོ་ཆེ་ཚོལ་ཞིང་སོང་བ་ལས་ཕྱོགས་དེར་
ཕྱིན་པ་དང་། དེས་དེ་ཁྱུ་ལས་གར་ཏེ་ཆུང་མ་དང་ལྷན་ཅིག་དགའ་མགུར་རྒྱུ་ཞིང་བག་བརྐྱང་སྟེ་འདུག་པ་མཐོང་ངོ་སྨྲས་པ། ཨུཏྤལ་པད་མོ་བདོ་བའི་ཆུ་ལྡན་ཡུལ་ཕྱོགས་སུ། །གླང་ཆེན་དམ་པ་མེ་ཏོག་ཀུན་ད་ཟླ་བ་དང་། །བ་ཡི་འོ་མ་དང་ནི་བ་མོའི་མདོག་ཅན་དེ། །
Vol. 2 · folio 246a
གངས་རི་བརྩེགས་པ་འགྲོ་བ་ལྟ་བུར་དེ་ཡིས་མཐོང་། །གླང་ཆེན་མཆོག་གི་དབང་པོ་ཟླ་བ་འདྲ་བ་དེའི། །མཆེ་བ་དྲུག་པོ་ཟླ་བའི་འོད་ཟེར་ལྟར་སྤ་བ། །པད་མ་དཀར་པོའི་ཕུང་ཆེན་གྱེན་དུ་འཕགས་པ་ལ། །པད་མའི་རྩ་ལག་དྲི་མེད་སྡུག་ཅིག་རྟེན་ཀོ་ལྟ། །
དེ་ནས་རྔོན་པ་དེ་ལུས་ལ་གོས་ངུར་སྨྲིག་བགོས། མདའ་གཞུ་མཆན་དུ་བཅུག་ནས་འཁྲི་ཞིང་ཚང་ཚིང་གི་ནང་ནས་འཇབ་ཅིང་གོམ་པ་བརྟན་ཏེ་དལ་བུས་ཉེ་བར་སོང་བ་དང་། དེ་ནས་བལ་གླང་མོ་དེས་རྒྱང་རིང་པོ་ཁོ་ན་ནས་མཐོང་ནས་དེས་ཁྱིམ་ཐབ་དེ་ལ་སྨྲས་པ། ལྷ་ཚུར་སྤྱོན་མི་
ཞིག་མཆི་ཡིས་གཞན་དུ་བཞུད་དོ་དེས་སྨྲས་པ། མི་ཅི་འདྲ་བ་ཞིག་དེས་སྨྲས་པ། གོས་ངུར་སྨྲིག་ཅན་ཞིག་གོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ཡིན་ཏེ་ཅི་སྟེ་དེ་ལ་ངུར་སྨྲིག་ཡོད་ན་བག་མ་ཚ་ཞིག །ངུར་སྨྲིག་ལས་ནི་མི་དགེ་བ་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་
ན། འདི་ནི་སྙིང་རྗེའི་བདག་ཉིད་བྱམས་པའི་ཡིད་ལྡན་པ། །གཞན་གསོད་དགའ་བ་སྤངས་པ་རྣམས་ཀྱི་རྒྱལ་མཚན་ཏེ། ཟླ་བས་སིམ་པ་འབའ་ཞིག་བྱེད་ཀྱི་གདུང་མིན་ལྟར། །འདི་ལས་འཇིགས་པ་མི་འབྱུང་འདི་ལས་ཞི་བ་འཐོབ། །དེ་ནས་བལ་གླང་མོ་དེ་དང་བྱང་ཆུབ་
སེམས་དཔའ་དེ་ཡང་བག་ཚ་བ་མེད་པར་རྒྱུ་བར་བརྩམས་པ་ལས། དེ་ནས་རྔོན་པ་དེས་ཚང་ཚིང་གི་ནང་དུ་ཞུགས་ནས་མདའ་དུག་ཅན་གྱིས་གནད་དུ་བསྣུན་ཏོ། །དེ་ནས་བལ་གླང་མོ་དེས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ལྷ་ཅི་ད་ཆོས་གོས་ཅན་ལས་བསྙེངས་པ་བྱུང་ངམ་མ་བྱུང་། བྱང་
ཆུབ་སེམས་དཔས་སྨྲས་པ། །སྙིང་གི་གདུག་པ་མ་བྱེད་མ་བྱེད་ཅིག །ཉེས་འདི་ཐུབ་པའི་ན་བཟའ་འདིའི་མིན་གྱི། །ཉེས་འདི་ཉོན་མོངས་དབང་དུ་སོང་བ་ཡི། །སེམས་ལྡན་སྙིང་རྗེ་རྣམ་པར་སྤངས་པ་ཡིན། །སྐྱེ་བོ་མ་རྨོངས་སེམས་ཅན་རྟོག་པ་ཅན། །སུ་ཡིས་གསེར་གྱིས་
གཡོགས་པའི་ལྕགས་ལ་ནི། །མི་རྣམས་སླུ་བར་བྱེད་ཅེས་བསམས་ནས་སུ། །གསེར་དེ་ལྕགས་དང་འདྲ་བ་ཉིད་དུ་ལྟ། །འདི་ཡི་མདའ་དང་གཞུ་དང་ཡིད་གདུག་པ། །གང་ཡིན་དེ་ནི་གདུག་པ་ཉིད་དུ་ཤེས། །ངུར་སྨྲིག་མཆོག་ཏུ་ཞི་བ་འདི་ཡང་ནི། །རྟག་ཏུ་ཞི་བ་ཉིད་དུ་བློ་
Vol. 2 · folio 246b
ཡིས་རྟོགས། །དེ་ནས་བལ་གླང་མོ་དེ་མི་བཟོད་པ་སྐྱེས་ནས་ཁྱིམ་ཐབ་ལ་སྨྲས་པ། བདག་ནི་ཚིག་འདི་དག་གིས་བདེ་བར་བསྐྲུན་པ་ཁྱོད་གསོད་པ་བཏང་སྙོམས་སུ་བགྱིད་རྔོ་མི་ཐོག་པས་བདག་གིས་འདིའི་ཡན་ལག་དང་ཉིང་ལག་རྣམས་སྤྲུག་གཡེང་དབུག་གཤེར་གཞོམ་པར་བགྱིའོ། །
དེ་ནས་བྱང་ཆུབ་སེམས་དཔས་འཛུམ་ཕྱུང་ནས་སྨྲས་པ། ཨེ་མའོ་ཉོན་མོངས་པའི་འབྱུང་པོ་གསོ་བའི་བྱང་ཆུབ་སེམས་དཔའི་ཆུང་མའི་མངོན་པར་ཞེན་པ་རུང་བ་མ་ཡིན་ནོ། །ཅི་འདི་ཡང་མི་ཤེས་སམ། འབྱུང་པོའི་གདོན་གྱིས་ཐེབས་པ་སེམས་རྨོངས་པ། །ནད་མེད་པ་དེས་
སྨན་པ་མི་བཀུར་ཏེ། །དེ་ལ་སྨན་པ་གནོད་པར་མི་བྱེད་ཀྱི། །འབྱུང་པོ་དེ་ཉིད་ཟིལ་གྱིས་མནན་ནས་འཇོམས། །དེ་བཞིན་ཉོན་མོངས་གདོན་གྱིས་ཐེབས་པ་ཡི། །སྐྱེ་བོ་སེམས་རྨོངས་འདི་ནི་སྡིག་རབ་བྱེད། །དེ་ལ་བདག་ཤེས་ཉོན་མོངས་གནོད་བྱེད་ཀྱི། །ཉོན་
མོངས་པ་ཡིས་ཕམ་བྱས་རྣམས་ལ་མིན། །ལྷན་ཅིག་སྤྱོད་མ་བདག་གིས་བྱང་ཆུབ་ཐོབ་ནས་སྲིད་གསུམ་འདི། །གྲགས་པས་ཀུན་བཀང་ཉོན་མོངས་གཡོན་ཅན་དྲན་འདུལ་བརྟན་པ་དང་། དྲང་པོ་འཇོམས་བྱེད་ཕྱེར་བརླགས་བཅད་དང་བཏག་ཅིང་བསྐམ་པ་དང་། །རབ་ཏུ་བསྐམ་
པས་རིང་པོར་མི་ཐོགས་ཤིན་དུ་ཚར་གཅད་བྱ། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་རྣམས་ཀྱིས་བལ་གླང་མོ་དེ་སྙིང་རྩ་བྲི་བར་བྱས་པས་ཅང་མི་སྨྲ་བར་འདུག་གོ། །དེ་ནས་གླང་པོ་ཆེའི་ཚོགས་དེ་བྱང་ཆུབ་སེམས་དཔའི་དྲུང་དུ་འོང་བ་དང་། བྱང་ཆུབ་སེམས་དཔས་
བསམས་པ་གླང་པོ་ཆེ་འདི་དག་གིས་འདི་ཉིད་དུ་རྔོན་པ་འདི་ལ་གནོད་པ་བསྐྱེད་ན་མི་རུང་ངོ་སྙམ་མོ། །འདི་ནི་ཆོས་ཉིད་ཡིན་ཏེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་ཀྱིས་ལོག་པར་ལྟུང་བར་འགྱུར་གྱི་སེམས་ཀྱིས་ནི་མ་ཡིན་པས་དེ་རྔོན་པ་དེའི་མདུན་དུ་སོང་ནས་
མིའི་སྐད་ཀྱིས་མ་འཇིགས་ཤིག་ཅེས་སྨྲས་ཏེ་དབུགས་ཕྱུང་ནས་བྲང་འོག་ཏུ་སྦས་ཏེ་འདུག་གོ། །གླང་པོ་ཆེ་དེ་རྣམས་ཀྱང་སྙད་ཅིག་བཏགས་ནས་ཕྱོགས་དེ་ནས་གཞན་དུ་བཏང་ངོ་། །གླང་པོ་ཆེ་རྣམས་དོང་བ་དང་དེས་རྔོན་པ་ལ་སྨྲས་པ། ཀྱེ་ནང་རྗེ་ཤེས་པར་གྱིས་
Vol. 2 · folio 247a
ཤིག །གླང་པོ་ཆེ་རྣམས་དོང་གིས་ད་ནི་རང་གི་དགོས་པ་བྱོས་ཤིག །རྔོན་པས་བསམས་པ། བདག་འདྲ་བའི་མི་ནི་ཐ་ཤལ་ཡིན་ཏེ། བདག་ལ་དུད་འགྲོའི་སྐྱེ་གནས་སུ་སོང་བ་འདིས་ཀྱང་ཡོན་ཏན་འདི་ལྟ་བུ་དག་གིས་དད་པ་བསྐྱེད་དོ་སྙམ་ནས་དེས་
སྐད་ཕྱུང་སྟེ་ངུས་པ་དང་། དེ་ནས་བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་ངུ་། རྔོན་པས་སྨྲས་པ་བརྒྱབ་བོ། །བྱང་ཆུབ་སེམས་དཔའ་མི་དགའ་ནས་བསམས་པ། མ་ལ་བདག་གིས་འདི་སྐྱབས་བྱས་པའི་ཚེ་གནོད་པར་གྱུར་པའམ། བལ་གླང་མོ་
འདིས་བདག་གསོད་པ་ལ་མི་བཟོད་པ་སྐྱེས་པས་འདི་ལ་མི་དགའ་བ་ཅུང་ཟད་ཅིག་བྱས་པར་མ་གྱུར་ཏམ་སྙམ་ནས་རྔོན་པ་དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཁྱོད་སུ་ཞིག་གིས་བརྒྱབ། དེ་ནས་རྔོན་པ་དེ་མིག་མཆི་མའི་དབའ་རླབས་ཀྱིས་གང་བཞིན་དུ་སྨྲས་པ། གླང་ཆེན་དབང་
པོ་ཁྱོད་ཀྱི་ནི། །ལུས་ལ་བདག་གི་མདའ་ཡིས་བརྒྱབ། །ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་མདས། །བདག་གི་སེམས་ལ་བརྒྱབ་པར་གྱུར། །དུག་ཅན་མདའ་ཡིས་ཕོག་པ་ཡི། །ལུས་རྣམས་སྐྱེ་བར་འགྱུར་བ་སྟེ། །ཡོན་ཏན་གྱི་ནི་མདས་ཕོག་པའི། །མི་མཁས་
རྣམས་ནི་སྐྱེ་མི་འགྱུར། །གཤེད་མ་ལ་ཡང་སྙིང་རྗེ་བ། །འདི་འདྲ་གང་ལ་ཡོད་གྱུར་པ། །ཡོན་ཏན་རྒྱ་མཚོ་ཁྱོད་ཀྱི་ནི། །ཡོན་ཏན་དེང་བརྗོད་སུ་ཡིས་ནུས། །མདོར་ན་བདག་ནི་མི་སྙམ་པའི། །བློ་ཡང་བདག་ལ་མི་འབྱུང་གི། །བདག་ལུས་ཡོན་ཏན་གྱིས་སྟོད་
པ། །འདི་ལ་ཚིག་པ་ཟ་བ་སྐྱེས། །མི་ཡི་ཤ་ཚུགས་ལྡན་ཡང་བདག །དུད་འགྲོའི་སྐྱེ་གནས་སོང་བ་ཡིན། །གླང་ཆེན་མཆོག་ཁྱོད་དུད་འགྲོ་ཡི། །སྐྱེ་གནས་ཤ་ཚུགས་འཆང་ཡང་མི། །ཤ་ཚུགས་ཙམ་གྱིས་དུད་འགྲོ་འམ། །མིར་ཡང་བརྩི་བ་མ་ཡིན་གྱི། །
གང་ལ་ཡོན་ཏན་ཉེར་དམིགས་པ། །དེ་ནི་མི་ཞེས་བྱ་བར་དྲན། །བྱང་ཆུབ་སེམས་དཔས་སྨྲས་པ། །ཡོན་ཏན་གྱིས་སྟོད་པར་བྱེད་པའི་ཚིག་གིས་གཏམ་གྱི་བར་ཆད་བྱེད་པ་ཐོང་ལ་དོན་ཅི་ཞིག་གི་ཕྱིར་ཁྱོད་ཀྱིས་ང་ལ་མདས་བསྣུན་པ་མྱུར་དུ་སྨྲོས་ཤིག །དེས་སྨྲས་པ།
Vol. 2 · folio 247b
རྒྱལ་པོའི་ནན་ཏུར་གྱིས་བདག་གིས་བྱ་བ་མ་ཡིན་པ་འདི་བྱས་ཏེ། ཁྱོད་ལས་དགོས་པ་ཞིག་ཡོད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་དལ་བུས་ཐོང་ལ། ལག་པ་གཉིས་ནི་མྱུར་རྐྱོང་ལ། །ཅི་འདོད་པ་ནི་བླང་བར་གྱིས། །བྱང་ཆུབ་སེམས་དཔའ་
རྣམས་ལ་ནི། །མི་གཏོང་ཅུང་ཟད་མེད་པས་ལོང་། །བདག་གི་ཤ་འདི་བཅད་ནས་ཁྱེར་བའམ། །མཆེ་བ་རྣམས་ཀྱང་འདོད་པར་བྱེད་ལ་རག །འདི་ནི་གཞན་ལ་བརྩེ་བའི་ཕྱིར་བསྐྱེད་པས། །ལུས་འདི་ལ་ནི་ཇི་ལྟར་དགའ་བར་གྱིས། །མྱ་ངན་འདས་པའི་གྲོང་ཁྱེར་
འཇུག་ནུས་ཀྱང་། །འཁོར་བ་བགྲོད་དཀའ་བདག་ནི་ཞུགས་པ་གང་། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞིར་གྱུར་པ། །གཞན་ལ་བརྩེ་བ་དེ་ཡི་རྒྱུ་ཡིན་ནོ། །དེ་ནས་རྔོན་པ་དེ་ངོ་ཚ་བ་སྐྱེས་ཀྱང་རྒྱལ་པོའི་ནན་ཏུར་ལ་བསམས་ནས་སྨྲས་པ། ཁྱོད་ཀྱི་མཆེ་བ་རྣམས་
དགོས་ལགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། དལ་གྱིས་ཕྱུང་ལ་ཁྱེར་ཅིག་དེས་སྨྲས་པ། ཁྱོད་ཉིད་ཀྱིས་ཐུགས་བག་མཛོད་ཅིག །བདག་ནི་ཁྱོད་ཀྱི་མཆེ་བ་འབྱིན་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྙིང་རྗེའི་བདག་ཉིད་ཅན། །ཁྱོད་ཀྱི་
མཆེ་བ་རྣམས་ཕྱུང་ན། །བྱམས་པའི་མེ་ཡིས་ངེས་བསྲེགས་ནས། །བདག་གི་ལག་གཉིས་མི་ལྟུང་ངམ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་ང་ཉིད་ཀྱིས་ཕྱུང་ལ་སྦྱིན་ནོ་ཞེས་དེ་ནས་དེས་མཆེ་བ་རྩ་བ་ཤིན་ཏུ་རིང་དུ་ཟུག་པ་དག་ཕྱུང་བ་དང་བདག་ཉིད་
ཆེན་པོ་དེ་ལས་ཁྲག་བྱུང་སྟེ། དེ་མཐོང་ནས་གཞན་དག་གི་དཔེར་བྱས་པ། མཆེ་བ་བཏོན་པ་ལས་བྱུང་ཁྲག་གིས་མཐོང་ཀ་ཀུན་ནས་གཤོས་པ་དེ། །མེ་ཏོག་ཀུ་མུ་ད་བཀྲམ་མདོག་ལྟ་བུ་ཡི་ལུས་དེ་དཔལ་ལྡན་རྣམ་པར་མཛེས། །རི་སྟེང་ཁ་བས་ཁེབས་པའི་རི་
བོ་འོད་ཟེར་མཛེས་དང་ལྡན་གྱུར་པའི། །རྩེ་མོ་ཚོན་རྩི་བཙག་གིས་ཁ་བསྒྱུར་ཆུ་ཡིས་གསབ་གསེབ་གཏོར་བ་བཞིན། །དེ་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། སྙིང་ཁྱོད་ད་ནི་བརྟན་པར་གནོས་ཤིག་རྨོངས་སུ་ཅི་ཞིག་ཡོད། །ཕོངས་
Vol. 2 · folio 248a
པར་གྱུར་དང་མགོན་མེད་འཇིག་རྟེན་ལ་ཡང་བལྟ་བར་གྱིས། །ཁྱོད་ནི་སྐྱེ་བོ་འཆི་བའི་དབང་དུ་སོང་བ་རྣམས་ཀྱི་མགོན། །དེ་ལྟས་འདིར་ནི་དེ་རིང་ཞུམ་པར་བྱ་བའི་ཆ་མ་ཡིན། །བར་སྐབས་དེར་ནམ་མཁའི་ངོས་ཀྱང་ཡ་མཚན་གྱིས་ཡི་རངས་པའི་ལྷ་
རྣམས་ཀྱིས་གང་། ཡ་མཚན་རྣམ་པ་སྣ་ཚོགས་ཀྱང་བྱུང་ངོ་། །དེ་ནས་ལྷ་ཞིག་གིས་བྱང་ཆུབ་སེམས་དཔའི་ལས་ཤིན་ཏུ་དཀའ་བ་སྤྱོད་པ་དེ་མཐོང་ནས་སྨྲས་པ། གྲོགས་པོ་བདག་ཉིད་ཆེན་པོའི་གནས་གང་ཡིན་པ་འདི་ནི་ཡ་མཚན་ཆེ་སྟེ། མཆེ་བ་རྣམས་ནི་ཕྱུང་བ་ཡི། །
ཚོར་བས་ཉམ་ཐག་གྱུར་ཀྱང་དེ། །ལྷག་པའི་བསམ་དང་ལྡན་པའི་སེམས། །བྱང་ཆུབ་ལས་ཀྱང་མི་ལྡོག་གོ། །དེ་ནས་ལྷ་གཞན་ཞིག་གིས་དེ་ལ་སྨྲས་པ། མཆེ་བ་ཕྱུང་བ་ལས་བྱུང་བའི། །སྡུག་བསྔལ་རང་གིས་མྱོང་ཡང་དེའི། །སྙིང་རྗེ་དམྱལ་བ་ལ་
གནས་པའི། །སེམས་ཅན་རྣམས་ལ་མངོན་འཕེལ་བ། །གང་དག་ཡིན་པ་དེ་ཡི་སེམས། །བྱང་ཆུབ་ལས་ལྡོག་ག་ལ་འགྱུར། །དེ་ནས་བྱང་ཆུབ་སེམས་དཔས་མཆེ་བ་དེ་དག་ཕྱུང་ནས་རང་ཉིད་ཐོགས་ཏེ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་རྔོན་པ་མི་དགའ་བ་
སྐྱེས་ཏེ། ཅི་འདིས་རང་གི་མཆེ་བ་དེ་དག་བཟུང་ནས་སྦྱིན་པར་གཏོང་མི་འདོད་དམ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེའི་བསམ་པ་ཤེས་ནས་མེ་ཏོག་ཀུན་ད་ལྟ་བུའི་སྣ་མངོན་དུ་བརྐྱང་ནས་གྲོགས་པོ་བག་མ་ཚ་ཞིག་ཅེས་སྨྲས་ཏེ། ཀུ་མུ་ད་དང་ཟླ་བ་དང་། །
པད་མའི་རྩ་འདྲ་མཆེ་བའི་མཆོག །དྲུག་པོ་འདི་དག་ཁྱོད་སྦྱིན་ཞེས། །བདག་གིས་བཟུང་གིས་བདེ་བར་འདུག །སྐད་ཅིག་ཙམ་ཞིག་སྡོད་ཅིག་དང་། །ལེན་པ་པོ་དང་ཉེ་བར་ནི། །དེ་ཡི་བར་དུ་སྡུག་བསྔལ་གྱིས། །གདུངས་པའི་ཡིད་རབ་དང་བར་བྱ། །
གལ་ཏེ་ཁྱོད་ནི་ཅི་སྟེ་བདག་བརྟགས་ནས། །ཁྱོད་ཀྱིས་སེམས་ནི་རབ་ཏུ་དང་བར་བྱ། །བདག་ནི་གསོད་འཁུ་གཡོན་ཅན་ངོ་ཚ་མེད། །དེ་ལ་གོ་བར་གྱིས་ཤིག་སྙམ་སེམས་ན། །ཁྱོད་ཀྱིས་ཉེས་སྤྱད་གདུག་དང་གཞུ་གདུག་པ། །དེ་དང་མདའ་རྣོན་ཁྱད་དུ་བསད་
Vol. 2 · folio 248b
ནས་ནི། །ངུར་སྨྲིག་འཕགས་པའི་རྒྱལ་མཚན་གྱུར་པ་དེ། །མཐོང་ནས་ཡིད་ནི་རབ་ཏུ་དང་བར་བྱ། །སྦྱིན་པ་ཁ་ཅིག་ལེན་པ་ལས་འདག་སྟེ། །དེ་བཞིན་གཞན་ནི་སྦྱིན་པ་པོ་ལས་འདག །དེ་ཡི་ཕྱིར་ནི་འདིར་ནི་རང་སེམས་ལས། །ཡོན་གྱི་དག་པ་ཡང་དག་བསྐྱེད་པར་འབད། །
དེ་ནས་བྱང་ཆུབ་སེམས་དཔས་འདི་ནི་འདོད་ཆགས་དང་བྲལ་བའི་རྒྱལ་མཚན་ཡིན་ནོ་སྙམ་ནས་ངུར་སྨྲིག་དེ་ཉིད་ལ་རྟོག་ཅིང་སེམས་རབ་ཏུ་དང་བར་བྱས་ཏེ། མཆེ་བ་དེ་རྣམས་རང་གི་ལག་ནས་བྱིན་ནས་སྨྲས་པ། དུག་ཅན་མདའ་ཡིས་ཕོག་ནས་བདག་གི་སྙིང་ལ་ནི། །མི་དགའ་
ཅུང་ཟད་མ་གྱུར་བདེན་པ་གང་ཡིན་པའི། །བདེན་པ་དེ་ཡིས་ཡང་དག་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་བ་ཉམ་ཐག་སྡུག་བསྔལ་དག་ལས་ཡོངས་ཐར་བྱ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པར་གྱུར་པ་དེ་
གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་གླང་པོ་ཆེའི་རྒྱལ་པོ་མཆེ་བ་དྲུག་པ་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ན་ངས་བྱམས་པའི་སེམས་ཉེ་བར་བསྒྲུབས་པ་དང་། བྱ་དཀའ་བའི་སྦྱིན་པ་ཡོངས་སུ་བཏང་བས་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་བྱམས་པའི་སེམས་དང་གཏང་དཀའ་བའི་སྦྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་
གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རི་བོང་དུ་གྱུར་པ་ན་དྲང་སྲོང་ལ་བདག་ཉིད་ཀྱི་ཤ་བྱིན་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པ་ན་རི་ཁྲོད་ཆུ་མིག་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་ཕུན་
སུམ་ཚོགས་པ་ཞིག་ན་དྲང་སྲོང་དཀའ་ཐུབ་དྲག་པོ་ཅན་འབྲས་བུ་དང་རྩ་བ་དང་ཆུ་སྤྱོད་པ། གཡང་གཞི་དང་ཤིང་ཤུན་གྱོན་པ། མེའི་སྦྱིན་སྲེག་བྱེད་པ་ཞིག་གནས་སོ། །དྲང་སྲོང་དེའི་གྲོགས་པོ་རི་བོང་མིའི་སྐད་དུ་སྨྲ་བ་ཞིག་ཡོད་དེ། དེ་ཉིན་པར་དྲང་སྲོང་གི་
Vol. 2 · folio 249a
དྲུང་དུ་སོང་ནས་སོན་པ་དང་ཕྱག་བྱས་ཏེ་གཏམ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་མགུ་བར་བྱེད་པས་དེ་གཉིས་ཕ་དང་བུ་ཁོ་ན་བཞིན་དུ་སྡུག་པས་གནས་པར་གྱུར་ཏོ། །ཇི་ཙམ་དུས་འདས་པ་དང་ཐན་ཆེན་བྱུང་སྟེ། དེས་འབབ་ཆུ་དང་ཀླུང་རྣམས་ཆུ་ཆུང་
བར་གྱུར་ཅིང་ཤིང་རྣམས་མེ་ཏོག་དང་འབྲས་བུར་མི་ལྡན་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེ་བསྟི་གནས་དེ་ན་ཁ་ཟས་དང་བྲལ་བས་ལྷག་པར་དགའ་བར་མ་གྱུར་ནས། དེས་གཡང་གཞི་དང་ཤིང་ཤུན་རྣམས་བསྡུ་བར་བརྩམས་སོ། །དེ་ནས་རི་བོང་གིས་དེ་དེ་ལྟ་བུ་ལ་ཞུགས་
པ་མཐོང་ནས་དྲིས་པ། དྲང་སྲོང་ཆེན་པོ་གང་དུ་བཞུད། དྲང་སྲོང་གིས་སྨྲས་པ། གྲོང་འདབ་ཏུ་སོང་ལ་དེར་བཅོས་པའི་བསོད་སྙོམས་ཀྱིས་འཚོ་བར་བྱའོ། །དེ་ནས་དེས་དྲང་སྲོང་གི་ཚིག་ཐོས་ནས་གདུང་བ་སྐྱེས་ཏེ་ཕ་མ་དང་བྲལ་བ་འདྲ་བར་སེམས་ཤིང་རྐང་པ་
གཉིས་ལ་གཏུགས་ནས་དྲང་སྲོང་དེ་ལ་སྨྲས་པ། བདག་མ་དོར་ཅིག །གཞན་ཡང་ཁྱིམ་ན་གནས་པ་ནི་ཉེས་པ་དུ་མས་དཀྲུགས་ཕ་ལགས་ལ། དགོན་པ་ན་གནས་པ་ནི་ཡོན་ཏན་དུ་མ་ཕུན་སུམ་ཚོགས་པ་ལགས་སོ། །དེས་ལན་དུ་མ་སྨྲས་ན་ཡང་ལྡོག་ཏུ་མ་བཏུབ་
ནས་དེ་ནས་རི་བོང་གིས་སྨྲས་པ། གལ་ཏེ་དེས་ན་འོན་ཀྱང་ཁྱོད་རེ་ཞིག་དེང་ལ་གཞེས་ལ་ཇི་ལྟར་དགྱེས་པ་བཞིན་དུ་སང་བཞུད་ཅིག །དེ་ནས་དྲང་སྲོང་དེ་འདི་སྙམ་དུ་སེམས་ཏེ། འདིས་དེ་རིང་ངེས་པར་བདག་ཁ་ཟས་ལ་མགྲོན་དུ་འབོད་པར་འདོད་དེ། འདི་ལྟར་དུད་
འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་འདི་དག་ནི་སོགས་པ་ལ་བརྩོན་པ་ཡིན་ནོ་སྙམ་ནས་དེས་དེ་ལ་ཁས་བླངས་སོ། །དེ་ནས་མེའི་སྤྱད་པ་བྱས་ནས་ཁ་ཟས་ཀྱི་དུས་ལ་བབ་པ་དང་རི་བོང་སོང་ནས། དྲང་སྲོང་དེ་ལ་བསྐོར་བ་བྱས་ཏེ་བཟོད་པ་གསོལ་བར་བརྩམས་པ།
དྲང་སྲོང་ཆེན་པོ་བདག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པས་བླང་བ་དང་དོར་བ་མ་འཚལ་ནས་ཁྱོད་ལ་ནོངས་པ་ཅུང་ཟད་ཅི་བགྱིས་པ་བདག་ལ་བཟོད་པར་མཛོད་ཅིག །ཅེས་སྨྲས་ནས་དེ་མ་ཐག་ཏུ་མེའི་ནང་དུ་མཆོངས་སོ། །དེ་ནས་དྲང་སྲོང་དེ་མི་དགའ་བ་སྐྱེས་ཏེ་ངོམ་
Vol. 2 · folio 249b
ཟུམ་གནག་ལ་མཆི་མ་ཟག་ཅིང་བུ་སྡུག་པ་གཅིག་པུ་ལ་བྱ་བ་བཞིན་དུ་འཁྱུད་ནས་སྨྲས་པ། བུ་འདི་ཅི་ཞིག་བྱེད་པར་བརྩམས། རི་བོང་གིས་སྨྲས་པ། དྲང་སྲོང་ཆེན་པོ་དགོན་པར་དགྱེས་པར་མཛོད་ལ་བདག་གི་ཤས་ཉིན་ཞག་གཅིག་གི་འཚོ་བ་མཛོད་ཅིག །གཞན་
ཡང་། ནགས་སུ་སྐྱེས་པའི་རི་བོང་ལ་ནི་ཏིལ་དག་དང་། །མོན་སྲན་སྡེའུ་དང་འབྲས་ཐུག་ཆེན་པོ་ཅི་མ་མཆིས། །བདག་གི་ལུས་ནི་ཞུགས་སུ་ལེགས་པར་བསྒྲལ་བ་འདི། །འདི་རུ་གསོལ་ལ་དེང་ལ་དཀའ་ཐུབ་ནགས་སུ་བཞུགས་པར་མཛོད། །དེ་ནས་དྲང་
སྲོང་དེས་རི་བོང་གི་ཚིག་ཐོས་ནས་མི་དགའ་བ་སྐྱེས་ཏེ་སྨྲས་པ། གལ་ཏེ་དེ་ལྟ་ན་ཁྱོད་དགའ་བ་ལྟར་ཅི་བྱུང་བ་བྱུང་། འདི་ཉིད་དུ་སྲོག་དོར་བར་བྱ་སྟེ་གྲོང་གི་མཐར་མི་འགྲོའོ། །རི་བོང་གིས་ཚིག་དེ་ཐོས་ནས་ཡིད་དགའ་བར་གྱུར་ཏེ་མགོ་བསྟོད་ནས་ནམ་མཁའི་ངོས་
ལོགས་སུ་བལྟས་ཏེ་གསོལ་བ་འདེབས་པར་ཞུགས་ཤིང་སྨྲས་པ། དགོན་པ་ལ་ནི་གནས་བཅས་ཏེ། །བདག་ཉིད་དབེན་པ་ལ་དགའ་ན། །བདེན་པའི་ཚིག་ནི་དེ་ཡིས་སུ། །དབང་ཆེན་ལྷ་ཡིས་ཆར་ཕོབ་ཤིག །ཅེས་སྨྲས་པའི་མོད་ལ་བྱང་ཆུབ་སེམས་དཔའི་མཐུས་དབང་པོ་
ཆེན་པོའི་གནས་གཡོས་པར་གྱུར་ཏོ། །ལྷ་རྣམས་ཀྱི་ཤེས་པ་མཐོང་བ་ནི་འོག་ཏུ་འཇུག་པ་ཡིན་པས་ཅི་ལས་གྱུར་བལྟས་ན་བྱང་ཆུབ་སེམས་དཔའི་མཐུ་ཡིན་ནས། ཇི་ཙམ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དབང་ཕྱུག་ཆེན་པོའི་ཆར་ཕབ་སྟེ། དེས་བསྟི་གནས་
དེ་སླར་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་པར་གྱུར་ཏོ། །དེ་ནས་དྲང་སྲོང་དེས་དགེ་བའི་བཤེས་གཉེན་རི་བོང་ལ་བརྟེན་ནས་དེ་ན་གནས་ཏེ་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དྲང་སྲོང་
གིས་སྨྲས་པ། ཀྱེ་རི་བོང་བྱ་དཀའ་བའི་བརྩོན་འགྲུས་འདི་དང་། སྙིང་རྗེ་འདི་ལྟ་བུས་ཅི་ཞིག་དོན་དུ་གཉེར། དེས་སྨྲས་པ། འཇིག་རྟེན་ལོང་བ་འདྲེན་པ་མེད་པ་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང་མ་གྲོལ་བ་རྣམས་
Vol. 2 · folio 250a
དགྲོལ་བ་དང་དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་འགྱུར་བར་བྱའོ། །དེ་ནས་དྲང་སྲོང་དེས་ཚིག་འདི་ཐོས་ནས་རི་བོང་ལ་སྨྲས་པ། གང་གི་ཚེ་
ཁྱེད་སངས་རྒྱས་སུ་གྱུར་པ་དེའི་ཚེ་བདག་ལ་ཡང་དགོངས་ཤིག །རི་བོང་གིས་སྨྲས་པ་དེ་བཞིན་དུ་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རི་བོང་དུ་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་དེའི་ཚེ་དེའི་
དུས་ན་རི་བོང་དེར་གྱུར་ཏེ། རྒྱལ་པོ་ཆེན་པོ་དེ་ན་ངས་བྱ་དཀའ་བ་བདག་ཉིད་ཡོངས་སུ་བཏང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་
དང་ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་ཕ་དང་མ་ལོང་བ་ཕྲག་པས་ཁྱེར་བ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་
པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ་འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་དུ་ཞི་བར་གྱུར་པ། འབྲས་
དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ལ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དོ། །དེའི་མདུན་ན་འདོན་གྱི་བྲམ་ཟེ་དེའི་བུ་ལྗང་གུ་ཞེས་བྱ་བ་རིག་པའི་གནས་བཅྭ་བརྒྱད་ཀྱི་ཕ་རོལ་དུ་ཕྱིན་པ། དད་པ་བཟང་
བ། དགེ་བའི་བསམ་པ་ཅན། བདག་ལ་ཕན་པ་དང་གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན། ཕ་དང་མ་ལ་སྲི་ཞུ་བྱེད་པ་ཡོད་དེ་བུ་ནི་གཅིག་པུ་དེར་ཟད་ལ་ཕ་དང་མ་དེ་དག་ཀྱང་རྒས་ནས་མིག་ཉམས་ཏེ་མདོངས་ལ་ཐུག་པ་དང་། དེ་ནས་དེའི་ཕ་མས་རྒྱལ་
Vol. 2 · folio 250b
པོ་ཚངས་སྦྱིན་ལ་གསོལ་པ། རྒྱལ་པོ་ཆེན་པོ་གཞོན་ནུ་ལྗང་གུ་འདི་མདུན་ན་འདོན་དུ་དབང་བསྐུར་དུ་གསོལ། བདག་ཅག་དཀའ་ཐུབ་ཀྱི་ནགས་སུ་མཆི་ལགས་སོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་ལྗང་གུ་ལ་སྨྲས་པ། ལྗང་གུ་ཁྱོད་མདུན་ན་འདོན་གྱིས་ཤིག་དེས་
སྨྲས་པ། རྒྱལ་པོ་ཆེན་པོ་བདག་མདུན་ན་འདོན་པ་མི་འཚལ་ཏེ། བདག་ནི་རྒས་པ། ཉམ་ཆུང་བ། དབང་པོ་ཉམས་པ་རྣམས་ཀྱི་རིམ་གྲོ་འཚལ་བ་ལགས་སོ། །དེ་ནས་ལྗང་གུས་ཁྱིམ་ན་གནས་པ་དང་། མདུན་ན་འདོན་མཆིལ་མའི་ཐལ་བ་བཞིན་དུ་སྤངས་
ནས་ཕ་མའི་གྲོགས་སུ་ནགས་ན་གནས་སོ། །དེ་ནང་པར་སྔར་ལངས་ནས་ཕ་དང་མ་གཉིས་ལ་སོ་ཤིང་དང་ཆུ་གཙང་མས་བསྙེན་བཀུར་བྱེད་དོ། །དེ་ནས་དེའི་འོག་ཏུ་ལྷ་ལ་མེའི་སྦྱིན་སྲེག་གི་མཆོད་སྦྱིན་བྱས་ནས་ཕྱིས་འབྲས་བུ་དང་རྩ་བའི་ཕྱིར་ནགས་ཁྲོད་དུ་འཇུག་གོ། །
དེ་ནས་འབྲས་བུ་དང་། རྩ་བ་དང་། ཆུ་བསིལ་བ་ཁྱེར་ཏེ་ཕ་མ་ལ་བྱིན་ནས་དེའི་འོག་ཏུ་ཕྱོགས་གཅིག་ཏུ་སོང་ནས་བསམ་གཏན་ལ་བརྩོན་པར་གནས་ཏེ་རིམ་པ་དེ་ལྟ་བུས་དུས་འདའ་བར་བྱེད་དོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་ནང་པར་སྔར་ལངས་ཏེ་ཕ་དང་མའི་
རྐང་པ་གཉིས་ལ་ཕྱག་བྱས་ནས་གསོལ་ཏེ་རྨི་ལམ་དུ་ཡང་མཐོང་བ་རིག་པར་བྱེད་ཅིང་སྨྲས་པ། བདག་གི་གཡར་ལམ་སྦྲུལ་ནག་པོས། །བདག་ལུས་ཤིན་ཏུ་ཟོས་པ་དང་། །བདག་ནི་ཞགས་པ་ནག་པོ་ཡིས། །བཅིངས་ནས་ལྷོ་ཕྱོགས་ཁྲིད་པ་རྨིས། །
གཡར་ལམ་འཇིགས་བྱེད་མཐོང་བདག་གི། །སྙིང་ལ་དོགས་པ་དེང་བདག་ལ། །བླ་མ་དང་བྲལ་ཤིན་ཏུ་ནི། །མི་བཟད་འབྱུང་བར་འགྱུར་སྙམ་བགྱིད། །ཇི་ཙམ་ན་ཕ་མ་དེ་གཉིས་ཀྱི་དབུགས་ཕྱུང་ནས་ཉི་མ་ལ་ཁ་བལྟས་ཏེ་འདུག་ནས་བདེན་པས་གསོལ་
བ་བཏབ་སྟེ་རིལ་བ་ཁྱེར་ནས་ཆུ་ལེན་དུ་སོང་ངོ་། །དེའི་ཚེ་རྒྱལ་པོ་ཚངས་སྦྱིན་རི་དགས་འཆོར་དུ་ཆས་ཏེ་དཀའ་ཐུབ་ཀྱི་ནགས་དེར་ཞུགས་པ་དང་། རྒྱལ་པོ་དེ་སྒྲ་གྲགས་པར་ཕོག་པ་ཞིག་སྟེ། དེས་རི་དགས་ཀྱི་སྒྲ་ལྟ་བུ་ཞིག་ཐོས་ནས་གཞུ་རྣ་དྲུང་དུ་བཀང་སྟེ་མདའ་
Vol. 2 · folio 251a
འཕངས་པས་ལྗང་གུའི་སྙིང་གར་ཕོག་པར་གྱུར་ཏོ། །དེ་ནས་མདས་གནད་དུ་ཕོག་པས་ས་ལ་འགྱེལ་ཀྱང་དེ་རང་གི་སྡུག་བསྔལ་ཁྱད་དུ་བསད་ནས་ཕ་མ་ཁོ་ནའི་མྱ་ངན་བྱེད་ཅིང་སྨྲས་པ། མདའ་གཅིག་བསྣུན་པས་བདག་དང་ནི། །དབང་པོ་ཉམས་
པར་གྱུར་པ་ཡི། །ཕ་དང་དེ་བཞིན་མ་དག་དང་། །བདག་ཅག་སྐྱེ་བོ་གསུམ་བསད་དོ། །དེ་ནས་རྒྱལ་པོས་དེ་ཐོས་ནས་འོངས་ཏེ་དྲིས་པ། ཅི་སྟེ་ངའི་མདའ་གཅིག་བསྣུན་པས་སྐྱེ་བོ་གསུམ་བསད། དེ་ནས་ལྗང་གུ་སྙིང་རྗེ་རྗེ་སྐད་དུ་ངུས་ནས་རྒྱལ་པོ་ལ་སྨྲས་པ།
བདག་བས་ཆེས་ནི་ཉམ་ཆུང་བའི། །ཕ་མ་ཡང་ནི་ལྡོངས་པར་གྱུར། །བདག་ཀྱང་མདའ་ཡིས་བསྣུན་པས་ན། །སྐྱེ་བོ་གསུམ་ནི་འཆི་བར་འགྱུར། །དེ་ནས་རྒྱལ་པོ་འཇིགས་ཤིང་སྐྲག་ལ་སྔངས་ནས་ལྗང་གུ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་
ངས་ཉེས་པ་བྱས་ཏེ་མ་ཤེས་ནས་མདའ་འཕངས་ཀྱིས་ང་ལ་དམོད་པ་འདོར་དུ་མི་གཞུག་པར་ཕ་མ་ལ་གསོལ་བ་བྱ་བའི་རིགས་སོ། །དེ་ནས་ལྗང་གུས་གུས་པ་དང་བཅས་པས་རྒྱལ་པོ་དབུགས་འབྱིན་པར་བྱེད་དེ། རྒྱལ་པོ་ཆེན་པོ་བདག་དང་ཉེ་བར་མཆིས་པ་རྣམས་ལ་
དབང་ཞིག་མཆིས་ན་སྙིང་རྗེ་ཅན་དང་། སྐྱེ་བོ་ལ་བྱམས་པ་དང་། འཇིག་རྟེན་ཕ་རོལ་ལ་ལྟ་བ་ལགས་པས་དམོད་པས་མ་བསྙེངས་ཤིག །ཡང་སྨྲས་པ། བདག་གི་བླ་མ་གང་ན་བར། །རིལ་བ་འདི་ནི་སྣོམས་མཛོད་ཅིག །དེ་དག་གི་ནི་རྐང་བཀྲུ་བ། །
ཐ་མ་འདི་ནི་ལགས་པར་འགྱུར། །བདག་གི་ཚིག་གིས་རྐང་པ་ལ་ཕྱག་མཛོད་ལ་འདི་སྐད་རིང་པོར་མི་ཐོགས་པར་མཐར་ནི་གདོན་མི་ཟ་བར་འབྲལ་བར་འགྱུར་རོ་ཞེས་ཀྱང་གསུངས་ཤིག །དེ་ནས་རྒྱལ་པོ་རང་ཁོ་ནས་རིལ་བ་ཁྱེར་ཏེ་ནགས་ཁྲོད་དུ་ཆས་པ་དང་། དེའི་
ཚེ་ཕྱོགས་བཞིར་མི་མ་ཡིན་པ་ཆེ་ཐང་དུ་འཁྲུགས་པར་གྱུར་ཏོ། །དེ་ནས་ལོང་བ་དེ་གཉིས་གཅིག་ལ་གཅིག་སྨྲས་པ། ལྗང་གུ་འདི་ནི་མཚོའི་འགྲམ་དུ་རིང་མོ་ཞིག་ལོན་ནོ། །དེ་ནས་དེའི་མས་སྨྲས་པ། ད་ལྟར་ཁོ་མོའི་ལྗང་གུ་དེ། །པད་མ་ཨུཏྤལ་གང་བའི་མཚོ། །
Vol. 2 · folio 251b
ངང་པ་སྒྲ་སྙན་འབྱིན་པ་ན། །རི་དགས་ལྷན་ཅིག་རྩེ་བར་བྱེད། །དེ་ནས་རྒྱལ་པོས་དྲུང་དུ་ཕྱིན་པ་དང་། དེའི་རྟིང་སྒྲ་ལས་དྲང་སྲོང་དེ་དག་གིས་སྨྲས་པ། སྙིང་དུ་སྡུག་ཅིང་མཐོང་དགའ་བ། །ལྗང་གུ་ཅི་སྟེ་ནང་དུ་འཇུག །ཕ་མ་ཉམ་ཆུང་བཀྲེས་པ་ཡིས། །ཉམ་
ཐག་པ་ལ་ཅི་ཞིག་གཙེ། །དེ་ཡིད་མི་དགའ་ནས་སྙིང་རྗེ་རྗེ་སྐད་དུ་སྨྲས་པ། ཁོ་བོ་ནི་ལྗང་གུ་མ་ཡིན་གྱི་ཁོ་བོ་རྒྱལ་པོ་ཚངས་སྦྱིན་ནོ། །བྱོན་པ་ལེགས་ཚུར་ཁྱོད་བདེ་འམ། །གདན་འདི་ལ་ནི་བཞུགས་ཤིག་དང་། །ལྗང་གུ་ཆབ་དང་འབྲས་བུ་དག །ཐོགས་ནས་
དེའུ་རེ་འདིར་མཆིའོ། །མི་དབང་ལྗང་གུ་ཞེས་བགྱི་བ། །ཡོན་ཏན་རྣམས་ལྡན་རང་བཞིན་བྱམས། །དེ་ཡི་བྱམས་པའི་སྟོབས་ཀྱིས་འདིར། །རི་དགས་དང་ནི་བྱ་རྣམས་གནས། །དེ་ནས་རྒྱལ་པོས་དྲང་སྲོང་གི་རྐང་པ་གཉིས་ལ་གཏུགས་ནས་མཆི་མ་ཟག་ཅིང་
སྐད་འདར་འདར་པོར་སྨྲས་པ། ལྗང་གུ་ནི་ནགས་ཚལ་འདིའི་ནང་དུ་སྙིང་ལ་མདས་ཕོག་སྟེ་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཤིང་འདུག་གོ། །རིལ་བ་ཆུས་བཀང་བ་འདི་ནི་དེས་བསྐུར་ཏེ། འདིས་ཁྱེད་གཉིས་ཀྱི་རྐང་པའི་ཁྲུས་ཐ་མ་མཛོད་ཅིག །དེ་གཉིས་
ཀྱིས་ཐོས་ནས་བརྒྱལ་ཏེ་སའི་སྟེང་དུ་འགྱེལ་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་ཆུས་གཏོར་ནས་བསླང་བ་དང་། དེ་གཉིས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་པ། རྒྱལ་པོ་ཆེན་པོ་དེ་གུམ་པས་བདག་ཅག་ཀྱང་འགུམ་དུ་བས་སོ། །དེ་ལྟ་མོད་ཀྱི་དེ་ཕྱོགས་
གང་ན་མཆིས་པ་དེར་བདག་ཅག་ཁྲིད་ཅིག་དང་ཅི་ནས་བུ་དེ་མ་གུམ་པ་ལ་རེག་པར་བགྱིའོ། །དེ་ནས་རྒྱལ་པོས་ཁྱོ་ཤུག་གཉིས་ཀ་ཁྲིད་དེ་ཕྱོགས་དེར་ཕྱིན་པ་དང་། དེ་ཡང་སྲོག་གི་ལྷག་མ་ཆུང་ཞིག་ལུས་ནས་དེ་ནས་དེའི་ཕ་མས་ལྗང་གུའི་ལུས་ལ་ཀུན་དུ་བྱུགས་
ནས་སྨྲས་པ། སྡུག་པ་འདི་ནི་སུ་ཡིས་བསྒྱེལ། །ལྗོན་ཤིང་དམ་པ་སུ་ཡིས་བཅད། །དེ་ནས་རྒྱལ་པོས་རྐང་པ་གཉིས་ལ་གཏུགས་ནས་སྨྲས་པ། ཁོ་བོས་སྡིག་པའི་ལས་ཀྱིས་སུ། །ནགས་ཚལ་ནང་ནས་རྒྱུ་བ་ན། །ཁྱེད་ཅག་གི་ནི་བུ་གཅིག་པ། །
Vol. 2 · folio 252a
འདི་ནི་མདའ་ཡིས་བསྣུན་པར་གྱུར། །དེ་ནས་དེའི་ཕ་མ་དག་སྙིང་རྗེ་རྗེ་སྐད་དུ་སྨྲེ་ཞིང་བདེན་པས་གསོལ་བ་བྱེད་པ། བུ་ཁྱོད་ཀྱིས་ནི་ཕ་མ་ལ། །བསྙེན་བཀུར་ལྷ་ལ་མེ་ཡི་ནི། །སྦྱིན་སྲེག་བྱས་པའི་བདེན་པ་གང་། །དེས་ནི་དུག་ཀྱང་ཞི་བར་
ཤོག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་གནས་གཡོས་པར་གྱུར་ནས་དེས་གཡོས་པ་འདི་ཅི་ལས་གྱུར་ཅེས་བརྟགས་ན། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་གནད་དུ་མདས་ཕོག་སྟེ་དུག་གིས་གློངས་པས་སྡུག་བསྔལ་བར་གྱུར་བ་མཐོང་
ངོ་། །དེ་ནས་གནས་ནས་བབས་ནས་བདུད་རྩིས་བཏབ་སྟེ་ཕ་མའི་བདེན་པའི་ཚིག་གང་ཡིན་པ་དང་། ལྷ་རྣམས་ཀྱི་དབང་པོའི་མཐུ་གང་ཡིན་པ་དང་ཟུག་རྔུ་ཕྱུང་བ་གང་ཡིན་པ་དེས་རྨ་ཡང་རུབ་དུག་གི་ཤུགས་དེ་ཡང་ཞི་ནས་ལྗང་གུ་སྡུག་བསྔལ་དེ་ལས་ཡོངས་
སུ་ཐར་ནས་ཡུན་རིང་པོར་ཕ་དང་མ་གཉིས་ལ་བསྙེན་བཀུར་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ལྗང་གུ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ང་ཉིད་ཡིན་ཏེ། རྒྱལ་པོ་ཆེན་པོ་ངས་ཕ་མ་
གཉིས་ལ་བསྙེན་བཀུར་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་
ནོ།། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་དགུ་པ། རྒྱལ་པོ་ཆེན་པོ་གཞན་ཡང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ཉོན་ཅིག །འཇིག་རྟེན་ཆོས་ཀྱི་འདུ་ཤེས་ཀྱིས་ཕ་མ་དག་སྨྱུང་བ་ལ་འཇོག་པར་བྱེད། མེར་
འཇུག་པ་དང་། ཆུར་འཇུག་པར་བྱེད་པ་དམ་པ་མ་ཡིན་པའི་ཆོས་དེ་ངས་ཐམས་ཅད་ཀྱི་ཐམས་ཅད་དུ་བཅད་དོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་པའི་ཕྱིར་ཉན་ཐོས་དུ་མ་མངོན་པར་ཤེས་པ་ལྔ་ལ་
Vol. 2 · folio 252b
བཀོད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་པ།
འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་མེད་ཅིང་ནད་རབ་ཏུ་ཞི་བ། འབྲས་དང་། བུ་རམ་ཤིང་གི་ཕྲེང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་བུ་གཅིག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་དུ་འཇུག་གོ། །རྒྱལ་
པོ་ཚངས་སྦྱིན་དེའི་ཆུང་མ་ནི་ཚངས་ལྡན་མ་ཞེས་བྱའོ། །རྫིང་ནི་ཚངས་ལྡན་ཞེས་བྱའོ། །རྒྱལ་པོ་ཚངས་སྦྱིན་བུ་མེད་ཅིང་བུ་མངོན་པར་འདོད་པས་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་ཁྱད་པར་ལ་གསོལ་
བ་འདེབས་ཤིང་། འདི་ལྟ་སྟེ་ཀུན་དགའ་ར་བའི་ལྷ་དག་དང་། ཚལ་གྱི་ལྷ་དག་དང་། བཞི་མདོའི་ལྷ་དག་དང་། སུམ་མདོའི་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པ་དང་། ཆོས་མཐུན་པ་དང་། རྟག་ཏུ་རྗེས་སུ་འབྲང་
བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་དག་གསོལ་བ་འདེབས་པའི་རྒྱུ་ལས་བུ་ཕོ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དོ། །དེ་ནི་དེ་ལྟར་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ་དཔེར་ན་འཁོར་
ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་མའི་མངལ་དུ་བུ་འཆགས་པར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན། ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་དང་། མ་ཡང་རུང་ཞིང་
ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ།
Vol. 2 · folio 253a
དམ་བཅས་པ་ལ་བརྟན་པའི་སེམས་ཅན་ཞིག་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ་བཙུན་མོ་ཚངས་ལྡན་མའི་མངལ་དུ་ཞུགས་སོ། །བུད་མེད་མཁས་པའི་རང་བཞིན་ཅན་ལ་ལ་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་
པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་ན་གནས་པ་ཞུགས་པ་ཤེས་པ་དང་། གང་ལས་མངལ་ན་གནས་པ་ཞུགས་པ་དེ་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་
ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པས་ངེས་པར་ཁྱེའུར་འགྱུར་གྱིས་
དགྱེས་པ་བསྐྱེད་དུ་གསོལ། དེ་ཡང་ཡིད་དགའ་ཞིང་ཡིད་དགའ་ནས་ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་པའི་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་
པ་དང་། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་སྒྲུབ་པ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུ་འམ་མང་པོ་ཡང་རུང་བའི་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་
ཡོན་སྔོ་བ་བྱེད་པར་གྱུར་ཅིག་ཅེས་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་རིག་ནས་འདི་ལྟ་སྟེ་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བཅས་
པའི་ཁ་ཟས་ཧ་ཅང་མི་གྲང་བ་དང་། ཧ་ཅང་མི་དྲོ་བ་དང་། ཧ་ཅང་མི་ཁ་བ་དང་། ཧ་ཅང་མི་སྐྱུར་བ་དང་། ཧ་ཅང་ལན་ཚྭ་མི་ཆེ་བ་དང་། ཧ་ཅང་མི་མངར་བ་དང་། ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་
Vol. 2 · folio 253b
དང་། ཚ་བ་དང་། བསྐ་བ་རྣམ་པར་སྤངས་པའི་ཟས་དག་དང་། དོ་ཤལ་དང་། སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་
སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་གནོད་པ་མེད་པ་ཉིད་དུ་རིམ་གྲོ་བྱེད་དུ་བཅུག་གོ། །དེ་ནས་བཙུན་མོ་ཚངས་ལྡན་མ་དུས་གཞན་ཞིག་ན་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་ལྷས་གྲོང་ཁྱེར་གྱི་ཤར་སྒོར། སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ཤིང་།
ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དབུས་དང་། སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ལ་བཙོན་ཐམས་ཅད་ཐར་བར་བྱས་ཀྱང་ཅི་མ་རུང་སྙམ་པ་དང་། དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བཙུན་མོ་ཚངས་ལྡན་མ་
ལས་མཉན་ནས། གྲོང་ཁྱེར་གྱི་ཤར་སྒོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་སོ། །ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་སྒོ་དང་། གྲོང་ཁྱེར་གྱི་དབུས་དང་། སུམ་མདོ་རྣམས་སུ་ཡང་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་བཙོན་ཐམས་
ཅད་ཐར་བར་བྱས་སོ། །གཞན་ཡང་བཙུན་མོ་ཚངས་ལྡན་མ་འདི་ལྟ་བུའི་འདོད་པ་སྐྱེས་ཏེ། ཀྱེ་མའོ་བདག་ལྷ་དང་ཐབས་ཅིག་གྲུ་བོ་ཆེའི་ལྡིང་ཁང་དུ་ཞུགས་ཏེ་ཚངས་ལྡན་གྱི་རྫིང་དུ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་ཅི་མ་རུང་སྙམ་པ་དང་།
དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བཙུན་མོ་ཚངས་ལྡན་མ་ལས་མཉན་ནས་བཙུན་མོ་ཚངས་ལྡན་མ་དང་ཐབས་ཅིག་ཏུ་གྲུ་བོ་ཆེའི་ལྡིང་ཁང་དུ་ཞུགས་ནས་ཚངས་ལྡན་གྱི་རྫིང་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དེ་གྲུ་དེ་ཉིད་དུ་ཁྱེའུ་གཟུགས་བཟང་
པོ་བལྟ་ན་སྡུག་པ་མཛེས་པ། པགས་པའི་མདོག་གསེར་འདྲ་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ། སྐྱེ་བ་དྲན་པ་ཞིག་བཙས་སོ། །དེ་བཙས་པ་ན་དེའི་ཉེ་དུ་དག་
Vol. 2 · folio 254a
ལྷགས་ཤིང་འདུས་ནས་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས། ཁྱེའུའི་མིང་ཅིར་གདགས་ཞེས་དེའི་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་ནི་ཆུའི་ནང་དུ་བཙས་པ་ཡིན་པས་ཁྱེའུ་ཆུ་སྐྱེས་ཞེས་བྱ་བར་བཏགས་སོ། །
གཞོན་ནུ་ཆུ་སྐྱེས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དོ། །དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་ཞོ་དང་མར་དང་། ཞུན་མར་དང་། མར་གྱི་
ཉིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འདི་སྙམ་དུ་སེམས་ཏེ། གང་ནས་ཤི་འཕོས་སྙམ་ན་སེམས་ཅན་དམྱལ་བ་ནས་སོ། །
ལས་ཅི་ཞིག་བྱས་ན། དེས་ན་སེམས་ཅན་དམྱལ་བར་སྐྱེས་སྙམ་ན། རྒྱལ་ཚབ་ལོ་དྲུག་བཅུ་བྱས་པས་སོ། །ད་ལྟ་གང་དུ་སྐྱེས་སྙམ་ན། མིའི་རྒྱལ་པོའི་རིགས་སུ་སྐྱེས་ཏེ། གལ་ཏེ་སླར་ཡང་རྒྱལ་སྲིད་བྱས་ན་སླར་ཡང་སེམས་ཅན་དམྱལ་བར་གཞོལ་བར་འགྱུར་
བས་མ་ལ་བདག་གིས་ཅི་ནས་ཀྱང་ཐབས་ཤིག་བྱའོ་སྙམ་ནས་དེས་འཕྱེ་བོར་རྫུས་ཏེ་འདུག་གོ། །གང་གི་ཉི་མ་ལ་གཞོན་ནུ་ཆུ་སྐྱེས་བཙས་པ་དེ་ཉིད་ཀྱི་ཉིན་པར་བློན་པོ་ལྔ་བརྒྱའི་བུ་ཡང་བཙས་སོ། །དེ་ནས་ཉིན་རེ་ཞིང་གཞོན་ནུ་རྣམས་རྒྱལ་པོ་ཚངས་སྦྱིན་བལྟ་བའི་ཕྱིར་འོང་ངོ་། །དེ་
ནས་དུས་གཞན་ཞིག་ན་གཞོན་ནུ་དེ་རྣམས་མཆོང་བ་དང་རྒྱུག་ནུས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཞོན་ནུ་ཆུ་སྐྱེས་འཕྱེ་བོར་མ་གྱུར་ན་དེ་ཡང་ད་ཙམ་མཆོང་བ་དང་རྒྱུག་ནུས་པར་གྱུར་པ་ཞིག་འོན་ཀྱང་བདག་གིས་འདི་འཕྱེ་བོར་གྱུར་པ་
བཞིན་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གཞག་གོ་སྙམ་མོ། །དེ་ནས་གཞོན་ནུ་ཆུ་སྐྱེས་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་འདི་ནི་དོན་མེད་པ་ལ་གཙིགས་ཆེར་འཛིན་པས་མ་ལ་བདག་ལྐུགས་པ་ཉིད་དུ་རྫུའོ་སྙམ་ནས་དེས་ཐབས་བྱ་བར་ལྐུགས་པ་ཉིད་དུ་རྫུས་ཏེ་འདུག་གོ། །དེ་ནས་དུས་
Vol. 2 · folio 254b
གཞན་ཞིག་ན་གཞོན་ནུ་དེ་རྣམས་སྨྲ་ཤེས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་གཞོན་ནུ་ཆུ་སྐྱེས་ལྐུགས་པར་མ་གྱུར་དང་། དེ་ཡང་ད་ཙམ་སྨྲ་ཤེས་པར་གྱུར་པ་ཞིག་སྙམ་མོ་དེའི་མིང་གཞོན་ནུ་ཆུ་སྐྱེས་བྱ་བ་དེ་ནུབ་པར་གྱུར་ཅིང་། གཞོན་ནུ་
ལྐུགས་འཕྱེ་གཞོན་ནུ་ལྐུགས་འཕྱེ་ཞེས་བྱ་བར་གྲགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཚངས་སྦྱིན་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་ཕྱག་ལ་ཞལ་གཏད་ནས་ཐུགས་མི་དགྱེས་
ཤིང་བཞུགས། རྒྱལ་པོས་སྨྲས་པ། ད་ལྟར་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་འདྲ་བ་ཐོབ་ན་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་ང་ཤི་ན་གདུང་རྒྱུད་ཆད་པར་འགྱུར་ལ། བུ་གཅིག་ཡོད་པ་གང་ཡིན་པ་དེ་ཡང་ལྐུགས་ཤིང་འཕྱེ་བོར་གྱུར་ན་ད་ང་ཉིད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་
འགྱུར། བློན་པོ་དག་གིས་སྨན་པ་རྣམས་བསྡུས་ཏེ་སྨན་པ་རྣམས་ཀྱིས་བལྟས་ནས་སྨྲས་པ། ལྷ་གཞོན་ནུ་འདི་ནི་དབང་པོ་གསལ་ཞིང་འདི་ལ་ནད་ཀྱི་རིགས་ཅུང་ཟད་ཀྱང་མ་མཆིས་པར་མཐོང་ན། འོན་ཀྱང་སྐྲག་པ་ཞིག་མཛོད་ཅིག །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་
པ་བཀུག་ནས་གསང་སྟེ་བསྒོ་བ། ངའི་གཞོན་ནུ་ལྐུགས་འཕྱེ་སྐྱེ་བོའི་ཚོགས་ཆེན་པོའི་མངོན་སུམ་དུ་སྤོང་གིས་ཁྱེད་ཅག་གིས་མ་གསད་ཅིག །ལྷ་བཀའ་བཞིན་འཚལ་ཞེས་དེ་ནས་གཤེད་མ་པའི་མི་རྣམས་ཀྱིས་རྒྱལ་པོ་ཚངས་སྦྱིན་ལས་མཉན་ནས་གཞོན་ནུ་ལྐུགས་འཕྱེ་ཤིང་
རྟར་བཅུག་སྟེ། བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་ཁྲིད་པ་དང་། དེ་ནས་གཞོན་ནུ་ལྐུགས་འཕྱེས་བཱ་རཱ་ཎ་སཱི་འབྱོར་ཅིང་རྒྱས་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཅི་བཱ་རཱ་ཎ་སཱི་འདི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད། གཤེད་མ་པའི་མི་རྣམས་ཀྱིས་གཞོན་ནུ་
ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས། ལྷ་གཞོན་ནུ་འདིས་ནི་འདི་སྐད་ཀྱི་ཚིག་སྨྲས་སོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ལྐུགས་འཕྱེ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན།
Vol. 2 · folio 255a
དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་སྤངས་སོ། །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་པའི་མི་རྣམས་ཀྱིས་སླར་ཡང་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་ནས་
བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་ཁྲིད་པ་དང་གཞོན་ནུ་ལྐུགས་འཕྱེས་མི་རོ་ཞིག་མི་བཞིས་ཁྱེར་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འདི་ཅི་ཤི་བ་ཉིད་ཤིའམ་འོན་ཏེ་གསོན་པོ་ཤི །གཤེད་མ་རྣམས་ཀྱིས་སླར་ཡང་གཞོན་ནུ་ལྐུགས་འཕྱེ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུ་འདིས་
ནི་འདི་སྐད་ཀྱི་ཚིག་སྨྲས་སོ། །རྒྱལ་པོ་ཚངས་སྦྱིན་གྱིས་ཡང་གཞོན་ནུ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན། དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་རྒྱལ་པོ་ཚངས་
སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ངས་གཞོན་ནུ་ཡོངས་སུ་སྤངས་སོ། །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་པའི་མི་རྣམས་ཀྱིས་སླར་ཡང་གཞོན་ནུ་ཞ་བོ་ལྐུགས་པ་ཤིང་རྟར་བཅུག་ནས། བཱ་རཱ་ཎ་སཱིའི་དབུས་ཐོག་ཐག་དྲངས་པ་དང་། གཞོན་ནུ་ལྐུགས་འཕྱེས་འབྲས་ཀྱི་
ཕུང་པོ་ཆེན་པོ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འབྲས་ཀྱི་ཕུང་པོ་ཆེན་པོ་འདི་གལ་ཏེ་དང་པོ་ཉིད་ནས་མ་ཟོས་དང་དྲུང་ཟུག་པར་འགྱུར་བ་ཞིག །གཤེད་མ་པ་རྣམས་ཀྱིས་སླར་ཡང་གཞོན་ནུ་ཞ་བོ་ལྐུགས་པ་རྒྱལ་པོ་ལ་ཕུལ་ནས་ལྷ་གཞོན་ནུ་འདིས་ནི་འདི་
སྐད་ཀྱི་ཚིག་སྨྲས་སོ། །སླར་ཡང་རྒྱལ་པོ་ཚངས་སྦྱིན་གྱིས་གཞོན་ནུ་ལྐུགས་འཕྱེ་པང་དུ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གསད། སུ་ཞིག་གཏག །སུ་ཞིག་སྲོག་དང་དབྲལ། སུ་ལ་ཅི་ཞིག་སྦྱིན། དེ་སྐད་ཅེས་སྨྲས་ན་གཞོན་ནུ་ལྐུགས་འཕྱེ་ཅང་མི་སྨྲའོ། །ཡང་
རྒྱལ་པོ་ཚངས་སྦྱིན་གྱིས་གཤེད་མ་པ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ངས་གཞོན་ནུ་ཡོངས་སུ་སྤངས་ཀྱིས་དེང་ལ་མྱུར་དུ་གཞོན་ནུ་ཚལ་གྱི་ནང་དུ་དོང་རྐོས་ཏེ་ཆུག་ཤིག །ལྷ་བཀའ་བཞིན་འཚལ་ཞེས་གཤེད་མ་པའི་མི་རྣམས་ཀྱིས་གཞོན་ནུ་ལྐུགས་འཕྱེ་ཤིང་རྟར་བཅུག་ནས་དུར་
Vol. 2 · folio 255b
ཁྲོད་ཆེན་པོ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་དེར་བརྐོ་བར་བརྩམས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེས་ཚིགས་སུ་བཅད་དེ་སྨྲས་པ། ཁ་ལོ་སྒྱུར་ཁྱོད་ཅི་ཡི་ཕྱིར། །དོང་ནི་མྱུར་དུ་རྐོ་བྱེད་པའི། །དོང་དེ་ཅི་བྱ་ཞེས་དྲི་ཡིས། །མྱུར་དུ་ང་ལ་སྨྲ་བར་གྱིས། །ཁ་ལོ་སྒྱུར་བས་སྨྲས་པ།
རྒྱལ་པོའི་སྲས་པོ་བཙས་པ་ནི། །ཞ་བོ་ལྐུགས་པ་སྨྲ་མི་ཤེས། །དེས་འདི་ཚལ་ཁྲོད་མྱུར་དུ་ནི། །དོང་རྐོས་ཆུག་ཅེས་བཀའ་སྩལ་ཏོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་འདི་སྙམ་དུ་སེམས་ཏེ། འདི་དག་ནི་གདུག་པ། ལག་དམར་བ། གསོད་པ་དང་། གཅོད་པ་ལ་ཆགས་པ།
གཞན་གྱི་སྲོག་འཕྲོག་པ། ཕ་རོལ་གྱི་སྲོག་གཅོད་པས་འཚོ་བར་བྱེད་པ་ཡིན་ནོ་སྙམ་ནས། དེ་འཇིགས་ཤིང་བརྒྱ་ལ་ན་འདི་དག་གིས་བདག་གསད་པར་འགྱུར་རོ། །སྙམ་དུ་རིག་ནས་གཤེད་མ་པ་རྣམས་ལ་སྨྲས་པ། ལྷས་གལ་ཏེ་བདག་ལ་མཆོག་ཅིག་གནང་ན་བདག་རྐང་གིས་གྲོང་
ཁྱེར་དུ་འཇུག་ཅིང་ཚིག་ཀྱང་སྨྲའོ། །གཤེད་མ་པའི་མི་རྣམས་ཀྱིས་རྒྱལ་པོའི་དྲུང་དུ་སོང་ནས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གལ་ཏེ་གཞོན་ནུ་རྒྱལ་སྲིད་འདོད་ན་ཡང་ངས་དེ་ཡང་གཞོན་ནུ་ལ་སྦྱིན་བར་བྱའོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་ཡིད་དགའ་ཞིང་། ཡིད་
དགའ་ནས། བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ལ་གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་མྱུར་དུ་སོལ་ལ་པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པར་བྱོས་ཏེ་རྒྱལ་མཚན་དང་བ་དན་བསྒྲེང་ལ། མེ་ཏོག་སྣ་ཚོགས་ཀྱི་སིལ་མ་ཁྲོམ་ཤིག་ཅེས་
བསྒོའོ། །ས་བདག་རྣམས་ནི་ཚིག་གིས་འགྲུབ་ལ། ལྷ་རྣམས་དང་། རྣལ་འབྱོར་པ་རྣམས་ནི་སེམས་བསྐྱེད་མ་ཐག་ཏུ་ཐམས་ཅད་འགྲུབ་ཅེས་བྱ་བས་ལྷ་བཀའ་བཞིན་འཚལ་ཞེས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་མཉན་ནས་གྲོང་ཁྱེར་ཐམས་ཅད་རྡོ་བ་དང་། གསེག་མ་དང་།
གྱོ་མོ་རྣམས་བསལ་ཅིང་། པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པར་བྱས་ནས་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། མེ་ཏོག་སྣ་ཚོགས་ཀྱི་སིལ་མ་བཀྲམ་མོ། །གཞོན་ནུ་ལྐུགས་འཕྱེ་རྐང་པས་གྲོང་ཁྱེར་དུ་འཇུག་པ་ན་ཡ་མཚན་སྐྱེས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་
Vol. 2 · folio 256a
ཀྱང་འདུས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེས་རྐང་གིས་གྲོང་ཁྱེར་དུ་ཞུགས་ནས་རྒྱལ་པོ་ཚངས་སྦྱིན་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ཚངས་སྦྱིན་གྱི་རྐང་པ་གཉིས་ལ་གཏུགས་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། མི་དབང་བདག་ནི་ལྐུགས་འཕྱེ་དང་། །
བླུན་པོ་བློ་མི་ལྡན་མ་ལགས། །རྣམ་པར་གསལ་བར་བགྱིད་པ་ཡི། །ཚིག་གིས་གསལ་བར་བགྱིད་པ་ལགས། །མི་དབང་བདག་ནི་ལྐུགས་འཕྱེ་དང་། །བླུན་པོ་བློ་མི་ལྡན་མ་ལགས། །དབང་པོ་རྣམས་ནི་ཚང་བ་དང་། །གསལ་བ་དག་དང་ལྡན་པ་ལགས། །རྒྱལ་པོས་
སྨྲས་པ། བུ་ཅིའི་ཕྱིར་ཚིག་མི་འབྱིན་ཅིང་རྐང་གིས་མི་འགྲོ། ལྷ་དེའི་སླད་ནས་གསོན་ཅིག །བདག་གིས་སྔོན་གྱི་ཚེ་རབས་དྲན། །ལོ་ནི་དྲུག་བཅུའི་བར་དག་ཏུ། །མི་ཡི་ནང་དུ་རིགས་བརྒྱུད་པའི། །རྒྱལ་ཚབ་བདག་གིས་བགྱིས་པ་གང་། །ལོ་ནི་དྲུག་ཁྲིའི་བར་དག་
ཏུ། །དམྱལ་བའི་ནང་དུ་མི་བཟད་སྨིན། །དམྱལ་བའི་སྡུག་བསྔལ་མི་བཟད་པ། །དྲག་པོ་འཇིགས་བྱེད་དེ་དྲན་ནས། །དམྱལ་བར་ཡང་མཆི་མི་རུང་བས། །རྒྱལ་སྲིད་ལ་ནི་མངོན་མི་དགའ། །ཡབ་གཅིག་གནང་བར་མཛོད་ཅིག་དང་། །ད་ནི་རབ་ཏུ་དབྱུང་བར་བགྱི། །
རྒྱལ་པོས་སྨྲས་པ། བུ་དྲང་སྲོང་རྣམས་ཀྱིས་གང་དཀའ་ཐུབ་ཅུང་ཟད་ཅི་བྱས་པ་དང་། མཆོད་སྦྱིན་དང་སྦྱིན་སྲེག་ཅི་བྱས་པ་དེ་དག་ཐམས་ཅད་ནི་རྒྱལ་སྲིད་ཀྱི་ཕྱིར་ཡིན་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་ལག་མཐིལ་དུ་འོངས་པ་སྤངས་ཏེ་རབ་ཏུ་འབྱུང་། དེ་ནས་གཞོན་ནུ་ལྐུགས་འཕྱེས་དེའི་
ཚེ་ཚིགས་སུ་བཅད་དེ་སྨྲས་པ། ཀིམ་པའི་འབྲས་བུ་འདྲ་བ་ཡི། །འདོད་པ་རྣམས་ལ་སྤྱོད་མི་འཚལ། །བདུད་རྩིའི་འབྲས་བུའི་རོ་ལྟ་བུའི། །ཚངས་པར་སྤྱོད་པ་སྤྱད་པར་བགྱི། །རྒྱལ་པོས་སྨྲས་པ། བུ་བདེ་བ་གང་ཅི་ཉམས་སུ་མྱོང་བ་དེ་ཐམས་ཅད་རྒྱལ་སྲིད་ཀྱི་ཡིན་ན། ཅིའི་
ཕྱིར་ཁྱོད་རྒྱལ་སྲིད་ཀྱི་བདེ་བ་སྤངས་ཏེ་རབ་ཏུ་འབྱུང་། གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གང་ལས་སྡུག་བསྔལ་རབ་འབྱུང་བའི། །བདེ་དེ་བདེའོ་སྙམ་མི་བགྱིད། །གང་ལས་བདེ་བ་རབ་སྐྱེ་བའི། །སྡུག་བསྔལ་སྡུག་བསྔལ་སྙམ་མི་བགྱིད། །ཡབ་
Vol. 2 · folio 256b
གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། བུ་རེ་ཞིག་ཁང་བཟངས་ཀྱི་གཞི་པོག་གི་དུད་པ་དང་ཕྱེ་མས་འཁྲིགས་པ་དང་། མེ་ཏོག་སྣ་ཚོགས་བཀྲམ་པར་མལ་འཇམ་པོ་སྟེང་གཡོགས་བཟང་པོ་ཅན་བཤམས་ལ་གང་ནས་ཀྱང་
འཇིགས་པ་མེད་པར་ནི་ཉལ། རོལ་མོའི་སྒྲ་སྙན་པས་ནི་སད། གོས་འཇམ་པོ་ནི་བགོ། ཟས་ཞིམ་པོ་ནི་ཟ། བཏུང་བ་ཞིམ་པོ་ནི་བཏུང་བར་བྱའོ། །དགོན་པར་ནི་རབ་ཏུ་བྱུང་བས་རྟག་ཏུ་ཤིང་དྲུང་དུ་རྩྭའི་གདིང་བ་དང་། ལོ་མའི་གདིང་བ་ལ་འཇིགས་ཤིང་བག་ཚ་བའི་སེམས་ཀྱིས་
གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་ཉལ། ཅེ་སྤྱང་གི་སྒྲས་ནི་སད། གཡང་གཞི་དང་། ཤིང་ཤུན་གྱི་གོས་ནི་གྱོན། རྩ་བ་དང་། འབྲས་བུ་ནི་ཟ། ཆུ་དྲོན་པོ་དང་། ཆུ་རྙོག་པ་ཅན་གྱི་བཏུང་བ་ནི་བཏུང་དགོས་ན་ཁྱོད་ཅིའི་ཕྱིར་རྒྱལ་སྲིད་སྤངས་ཏེ་རབ་ཏུ་འབྱུང་། དེ་
ནས་གཞོན་ནུ་ལྐུགས་འཕྱེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ནགས་ན་ཤིང་ཤུན་གཡང་གཞི་གྱོན་ཞིང་འབྲས་བུ་ཟ། །གཅན་གཟན་གདུག་པ་རྣམས་དང་ལྷན་ཅིག་འདུག་པ་བླའི། །མཁས་པ་འཇིག་རྟེན་ཕ་རོལ་དག་གིས་འཇིགས་པ་ཡིས། །རྒྱལ་སྲིད་ཕྱིར་ནི་གསོད་དང་
རྡེག་དང་འཆིང་མི་རུང་། །ཡབ་གཅིག་བདག་ལ་གནང་བར་མཛོད། །དཀའ་ཐུབ་ནགས་སུ་མཆི་བར་བགྱི། །རྒྱལ་པོས་སྨྲས་པ། བུ་རེ་ཞིག་ངའི་ཐེ་ཚོམ་གསུམ་པོ་འདི་དག་ཆོད་ཅིག་དང་དེའི་འོག་ཏུ་ཁྱོད་རབ་ཏུ་འབྱུང་བ་མི་དཀའ་བར་འགྱུར་རོ། །གང་ཁྱོད་ཀྱིས་བཱ་རཱ་ཎ་
སཱིའི་འབྱོར་ཅིང་རྒྱས་པ་མཐོང་ནས། བཱ་རཱ་ཎ་སཱི་འདི་ཅི་སྟོང་པ་ཡིན་ནམ། འོན་ཏེ་གནས་པ་ཞིག་ཡོད་ཅེས་སྨྲས་པ། དེ་ཁྱོད་ཀྱིས་ཅི་ཞིག་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ལྷས་བདག་ནོངས་པ་མ་མཆིས་པར་འགུམ་པར་བཀའ་སྩལ་པ། འགས་ཀྱང་
གཞོན་ནུ་འདི་ཅིའི་ཕྱིར་གསད་ཅེས་ཆོས་ཀྱི་ཚིག་མ་སྨྲས་པ་དེ་ལས་བསམས་ཏེ་བདག་གིས་སྨྲས་ལགས་སོ། །བཟང་ངོ་། །གང་ཁྱོད་ཀྱིས་མི་རོ་མཐོང་ནས་ཅི་འདི་ཤི་བ་ཉིད་ཤིའམ། འོན་ཏེ་གསོན་པོ་ཤི་ཞེས་སྨྲས་པ་དེ་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་
Vol. 2 · folio 257a
གསོན་ཅིག །གང་ཞིག་ཉེས་པར་བགྱིད་པའི་ལས་བགྱིད་བགྱིད་ནས་གུམ་པ་དེ་ནི་གུམ་པ་ཉིད་གུམ་པ་ལགས་ལ་གང་ཞིག་ལེགས་པར་བགྱིད་པའི་ལས་བགྱིད་བགྱིད་པ་དེ་གུམ་པ་དེ་ནི་གསོན་པ་གུམ་པ་ལགས་པ་དེ་ལས་བསམས་ནས་བདག་གིས་སྨྲས་ལགས་སོ། །བཟང་
ངོ་། །གང་ཁྱོད་ཀྱིས་འབྲས་ཀྱི་ཕུང་པོ་ཆེན་པོ་མཐོང་ནས། འབྲས་ཀྱི་ཕུང་པོ་ཆེན་པོ་འདི་དང་པོ་ཉིད་ནས་མ་ཟོས་དང་དྲུང་ཟུག་པར་འགྱུར་བ་ཞིག་ཅེས་སྨྲས་པ་དེ་ཅི་ལས་བསམས་ཏེ་སྨྲས། ལྷ་དེའི་སླད་དུ་གསོན་ཅིག །ཞིང་པ་འདི་རྣམས་ཀྱིས་འབྲས་བུན་བླངས་ཏེ་འཚལ་ནས་ལས་
བགྱིད་ཅིང་། དེ་དག་ལོ་ཐོག་སྨིན་ནས་འབྲས་ཀྱི་ཕུང་པོ་ཆེན་པོ་བཅེར་ནས་བུ་ལོན་པ་རྣམས་ལ་འཇལ་ཏེ། དེ་ལྟར་ན་དེ་དག་གི་དྲུང་དེ་ནི་སྔ་ནས་འཚལ་བ་ཉིད་ལགས་སོ། །དེ་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མི་ཉིད་ཐོབ་ལ་དེ་ཐོབ་ནས་དགེ་བའི་ལས་ཀྱི་ལམ་མི་སོགས་ན་དེ་ལྟ་ན་དེའི་
སྔོན་གྱི་དགེ་བ་དེ་རྒྱུན་ཆད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་རྒྱུན་ཆད་ན་བདེ་འགྲོ་ལས་ཉམས་ཤིང་ངན་འགྲོར་གནས་པར་འགྱུར་བ་དེ་ལས་བསམས་ནས་བདག་གིས་སྨྲས་ལགས་སོ། །དེ་ནས་རྒྱལ་པོས་བུའི་ཚིག་ཐོས་ནས་མཆི་མས་བརྣངས་བཞིན་བུ་ལ་འཁྱུད་དེ་སྨྲས་པ། བརྟུལ་
ཞུགས་ངེས་ལོང་རང་གི་ཆོས་སྤྱོད་ཅིག །བདག་ཀྱང་ཁྱོད་ཀྱི་སློབ་མར་ཁས་བླང་ངོ་། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གལ་ཏེ་གཞོན་ནུ་ལྐུགས་འཕྱེ་རབ་ཏུ་མ་བྱུང་ན་ཅིར་འགྱུར། ལྷ་རྒྱལ་པོར་འགྱུར་རོ། །ཁྱོད་ཅག་གི་བུ་རྣམས་
ཅིར་འགྱུར། ལྷ་དེའི་གཡོག་ཏུ་འགྱུར་རོ། །དེ་རབ་ཏུ་འབྱུང་ན་ཁྱེད་ཅག་གི་བུ་རྣམས་ཅིའི་ཕྱིར་རབ་ཏུ་མི་འབྱུང་། ལྷ་བཀའ་ཅི་སྩལ་དུ་བས་སོ། །དེའི་ཚེ་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་བསྟི་གནས་ཞིག་ཡོད་དེ། དེ་ན་དྲང་སྲོང་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་
སྙིང་བརྩེ་བ། སེམས་ཅན་ཐམས་ཅད་ལའོ་བྱམས་པ་ཞིག་གནས་སོ། །དེ་ནས་གཞོན་ནུ་ལྐུགས་འཕྱེ་འཁོར་ལྔ་བརྒྱ་དང་འབྱོར་པ་ཆེན་པོས་དྲང་སྲོང་དེ་ལས་རབ་ཏུ་བྱུང་ནས་དེས་དེ་ལ་གདམས་ངག་བྱིན་ཏེ། དེས་འབད་པ་དང་། བརྩལ་བ་དང་། བརྩོན་འགྲུས་དྲག་པོས་མངོན་
Vol. 2 · folio 257b
པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེ་ནས་དུས་གཞན་ཞིག་ན་དྲང་སྲོང་དེ་དུས་ཀྱི་ཆོས་དང་ལྡན་པར་གྱུར་ནས་གཞོན་ནུ་ལྐུགས་འཕྱེས་དྲང་སྲོང་དེའི་རོ་དྲི་སྣ་ཚོགས་ཀྱི་ཤིང་ཕུང་པོར་སྤུངས་ནས། བསྲེགས་ཏེ་མཆོད་པ་དང་བཀུར་སྟི་ཆེར་བྱས་སོ། །གཞོན་ནུ་ལྐུགས་འཕྱེས་བྲམ་
ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་རྣམས་ལ་གདམས་ངག་བྱིན་ནས། དེ་རྣམས་ཀྱིས་འབད་པ་དང་། བརྩལ་བ་དང་། བརྩོན་འགྲུས་དྲག་པོས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་
ཚེ་དེའི་དུས་ཀྱི་གཞོན་ནུ་ལྐུགས་འཕྱེ་རྒྱལ་སྲིད་ལག་མཐིལ་དུ་འོངས་པ་ཡོངས་སུ་སྤངས་ཏེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་དང་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་སེམས་ཅན་ཐམས་ཅད་ལ་ཕན་པ་བྱས་པ་དང་། རྒྱལ་སྲིད་
སྤངས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་སེམས་ཅན་ལ་ཕན་པ་བྱས་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་
པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་རི་དགས་དང་བྱའི་ཚོགས་མེའི་འཇིགས་པ་ལས་ཐར་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་ནགས་ཚལ་སྟུག་པོ་རི་དང་ཆུ་དང་། རྩྭ་སྔོན་པོ་
དང་། གེལ་པ་དང་། ཤིང་སཱ་ལ་དང་པ་ལ་ཤ་རྣམས་ཀྱིས་མཛེས་པར་བྱས་པ་ཞིག་གི་ཚལ་གསེབ་ན་བྱའི་ཚོགས་ཆེན་པོ་ཞིག་གནས་སོ། །ཚལ་སྟུག་པོ་དེ་ན་ཡང་ཤིང་གཉིས་ཕན་ཚུན་འདྲུད་པས་མེ་བྱུང་བར་གྱུར་ཏོ། །དེ་ན་བྱའི་ཚོགས་གང་དག་འཕུར་ནུས་པ་
དེ་དག་ནི་དོང་ངོ་། །འཕུར་མི་ནུས་པ་གང་ཡིན་པ་དང་། སྒོ་ང་རྣམས་ནི་དེ་ཉིད་དུ་བོར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྲེག་པ་ཞིག་ཏུ་སྐྱེས་སོ། །བྱང་ཆུབ་སེམས་དཔས་མེ་ཆེན་པོ་སྲེག་ཅིང་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་དེ་སེམས་
Vol. 2 · folio 258a
ཅན་དེ་རྣམས་ལ་སྙིང་བརྩེ་བ་ཆེན་པོ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་སོ། །བདག་གིས་སེམས་ཅན་སྡུག་བསྔལ་བར་གྱུར་པ་འདི་རྣམས་ཀྱི་དོན་ལ་བརྩོན་པར་མ་བྱས་ན་བདག་གསོན་ཏེ་ཡང་ཅི་རུང་། བདག་གིས་སེམས་ཅན་རྣམས་
འཁོར་བ་ལས་ཇི་ལྟར་བསྒྲལ་བར་བྱ་སྙམ་དུ་བསམས་ནས། བྱང་ཆུབ་སེམས་དཔའི་འདབ་མ་ཆུས་གཤེར་བར་བྱས་ནས་མེའི་ཕུང་པོའི་སྟེང་གི་ནམ་མཁའ་ལ་འདུག་ནས་འདབ་མ་སྤྲུག་ཅིང་ཚིགས་སུ་བཅད་དེ་སྨྲས་པ། འདི་དག་འདབ་མ་ཡོད་མོད་ཀྱི། །འདི་དག་འཕུར་
བར་མི་ནུས་སོ། །འདི་དག་རྐང་པ་ཡོད་མོད་ཀྱི། །འདི་དག་འགྲོ་བར་མི་ནུས་སོ། །འདི་དག་ཕ་མ་འཕུར་ཏེ་དོང་། །མེ་ནི་མ་གཡོ་བར་འདུག་ཤིག །བྱམས་པ་ཤིན་ཏུ་བསྒོམས་པ་ཡི། །བདེན་པའི་ཚིག་ནི་གང་ཡིན་པ། །བདེན་པའི་ཚིག་ནི་དེ་ཡིས་སུ། །
མེ་ནི་མ་གཡོ་བར་འདུག་ཤིག །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཕན་པར་བྱེད་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་མི་དགའ་བར་གྱུར་ཏེ། འདིས་བདག་ཉིད་ཡོངས་སུ་བཏང་བས་དེ་རྣམས་ལ་ཕན་པ་ཅི་ཞིག་ནུས། གཞན་
ཡང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་སེམས་ཅན་རྣམས་ལ་ཕན་པ་བྱེད་པ་ལ་སྐྱོ་བར་འགྱུར་གྱིས། མ་ལ་བདག་གིས་འདིའི་གྲོགས་བྱའོ་སྙམ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཆར་ཆེན་པོ་རབ་ཏུ་ཕབ་པས་མེ་དེ་རབ་ཏུ་ཞི་བར་གྱུར་ཏེ། དེས་ན་སེམས་
ཅན་དེ་ཐམས་ཅད་མེའི་འཇིགས་པ་ལས་ཐར་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་སྲེག་པ་གང་ཡིན་པ་དེ་ནི་ང་ཉིད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་ཡིན་ནོ། །རྒྱལ་པོ་ཆེན་པོ་དེས་ན་ངའི་བྱང་ཆུབ་སེམས་དཔའི་སྤྱོད་པས་སེམས་ཅན་ལ་
ཕན་པ་བྱས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་
Vol. 2 · folio 258b
ཡང་ངས་སེམས་ཅན་ལ་ཕན་པ་བྱས་ཏེ་བློན་པོ་ལྔ་བརྒྱ་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ། །དེའི་བློན་པོ་ལྔ་བརྒྱ་ཙམ་ཡོད་པ་ལས་
ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་བློན་པོ་ལྔ་བརྒྱ་པོ་དེ་རྣམས་ཁ་ཕྱུང་བའི་གླེང་གཞི་དེ་དག་རྒྱལ་པོས་ཐོས་ནས། རྒྱལ་པོ་དེ་ཡང་ཆོས་དང་ལྡན་པ་སྙིང་བརྩེ་བ་ཅན། ཆོས་འདོད་པ། སྐྱེ་བོ་ལ་འོ་བྱམས་པ། བདག་ལ་ཕན་པ་དང་། གཞན་ལ་ཕན་པར་ཞུགས་པ་ཞིག་
པས་དེས་བསམས་པ། འདི་དག་བསད་དེ་ཅི་རུང་སྙམ་ནས་དེས་དེ་རྣམས་སྤྱུགས་ཏེ། དེ་རྣམས་སྨྱགས་བཅད་དེ་དོང་བ་ལས་བྱེ་གླིང་ཞིག་ལ་ཕྱིན་ཏོ། །དེ་ན་དེ་རྣམས་སྐོམ་པས་ཉེན་ནས་ཕན་ཚུན་བརྟགས་ན་ཆུ་གང་ན་ཡང་མ་མཐོང་ནས། དེ་རྣམས་ཀྱིས་མགྲིན་གཅིག་ཏུ་སྒྲ་
ཕྱུང་བ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་རྣམས་ཀྱི་ནང་དུ་ཡན་ལག་བདུན་ལེགས་པར་གནས་པ་གླང་པོ་ཆེ་ས་སྲུང་གི་བུའི་ཤ་ཚུགས་ལྟ་བུ་ཞིག་ཏུ་སྐྱེས་པ་དེའི་བསོད་ནམས་ཀྱི་མཐུས་རི་སུལ་དག་མེ་ཏོག་དང་། འབྲས་བུ་ཕུན་སུམ་ཚོགས་ཤིང་རྫིང་དང་། མཚེའུ་དང་།
ཆུ་འབབ་པ་དང་ལྡན་ནོ། །གླང་པོ་ཆེའི་གཙོ་བོ་དེས་ཐག་རིང་པོ་ན་གནས་བཞིན་དུ་ཚོར་ནས་དེས་སྣ་ཆུས་བཀང་ནས་བརྒྱུགས་ཏེ། དེས་བློན་པོ་དེ་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་དབུགས་ཕྱུང་ནས་ཆུས་དེ་རྣམས་ཀྱི་ཁ་བཤལ་ཏེ་རྒྱབ་ཏུ་ཞོན་ནས་རི་སུལ་དེར་བཙུད་དེ། འབྲས་བུ་
དང་། རྩ་བ་དང་། ཆུས་ཚིམ་པར་བྱས་ཤིང་ལམ་གྱིས་དུབ་པ་བསལ་ནས། དེ་ནས་དེས་དེ་རྣམས་ལ་སྨྲས་པ། རི་སུལ་འདིའི་ཕ་རོལ་ངོས་ན་གླང་པོ་ཆེའི་གཙོ་བོའི་རོ་ཞིག་ཡོད་ཀྱིས། དེའི་རྒྱུ་ལྟོ་ཁྲུས་ཏེ་ཆུས་ཁོང་ལ་རྩ་བ་དང་། འབྲས་བུ་དག་བསྡུས་ཏེ་དེང་ཤིག་
དང་། དེ་ལྟར་ན་འབྲོག་འདི་རྟོལ་བར་འགྱུར་རོ། །དེ་སྐད་ཅེས་བསྟན་ནས་དེ་ནས་གླང་པོ་ཆེའི་གཙོ་བོ་དེ་རི་དེ་ལ་འཛེགས་ནས་སེམས་བསྐྱེད་སྨོན་ལམ་བཏབ་པ། ཇི་ལྟར་བདག་གིས་སྡུག་བསྔལ་ཉམ་ང་བ་འདི་ལས་ཡོངས་སུ་བསྐྱབ་པ་དང་། འབྲོག་འདི་ལས་རྟོལ་
Vol. 2 · folio 259a
བའི་ཐབས་བསྟན་པ་དང་། འདི་དག་གི་དོན་དུ་རང་གི་སྲོག་ཕངས་པ་ཡོངས་སུ་བཏང་བ་དེ་བཞིན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བདག་གིས་འདི་དག་ཉིད་འཁོར་བའི་དགོན་པ་ལས་སྒྲོལ་བར་
གྱུར་ཅིག །ཅེས་སྨྲས་ནས་གླང་པོ་ཆེ་དེས་ལག་པ་གཉིས་ཀྱིས་སྣ་བརྫེས་ནས་བདག་ཉིད་རི་དེའི་ཁ་ནས་མཆོངས་པ་དང་། གླང་པོ་ཆེའི་གཙོ་བོ་ལུས་ཆེན་པོ་ལྷུང་མ་ཐག་ཏུ་མོད་ལ་ཤི་བར་གྱུར་ཏོ། །བློན་པོ་དེ་རྣམས་ཀྱིས་བཙལ་བ་ན་མཐོང་སྟེ་དེ་རྣམས་གནས་དེར་སོང་ནས།
དེ་རྣམས་ཀྱིས་གླང་པོ་ཆེ་གཙོ་བོ་དེ་མཐོང་བ་དང་། གཅིག་ལ་གཅིག་སྨྲས་པ། གླང་པོ་ཆེའི་གཙོ་བོ་གང་གིས་བདག་ཅག་གི་སྲོག་བྱིན་པ་དེ་ནི་ཡང་འདི་ཡིན་ཏེ། གལ་ཏེ་དེའི་སྟེང་དུ་ལག་ལ་བཞག་ན་ཇི་ལྟར་བདག་ཅག་གི་ལག་པ་ས་ལ་ལྷུང་བར་མི་འགྱུར། དེ་ནས་གནས་གཙང་
མའི་ལྷ་རྣམས་ཀྱིས་བདག་ཉིད་ཆེན་པོ་འདིས་གང་གི་དོན་དུ་སྲོག་ཡོངས་སུ་བཏང་བའི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་གྱིས་ཤིག་ཅེས་སྒྲ་ཕྱུང་ངོ་། །དེ་ནས་བློན་པོ་དེ་རྣམས་ཀྱིས་གླང་པོ་ཆེ་གཙོ་བོ་དེའི་རྒྱུ་ལྟོ་ཕྱུང་ནས་བཀྲུས་ཏེ་ཆུས་བཀང་ནས་རྩ་བ་དང་འབྲས་བུ་རྣམས་ཁྱེར་ནས་
གླང་པོ་ཆེ་གཙོ་བོ་དེའི་རོ་ལ་མཆོད་པ་བྱས་ཏེ་འབྲོག་དེ་རྟོལ་ནས་ཕྱིས་སྨོན་ལམ་བཏབ་པ། ཇི་ལྟར་བདག་ཉིད་ཆེན་པོ་འདིས། བདག་ཅག་རྣམས་རྗེས་སུ་གཟུང་བའི་ཕྱིར་རང་གི་སྲོག་ཡོངས་སུ་བཏང་བ་དང་། བདག་ཅག་འབྲོག་འདི་ལས་ཡོངས་སུ་བསྐྱབས་པ་དེ་བཞིན་
དུ་བདག་ཉིད་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་བདག་ཅག་འཁོར་བའི་འབྲོག་ཆེན་པོ་ལས་ཡོངས་སུ་ཐར་བར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་
ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གླང་པོ་ཆེ་གཙོ་བོ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་བདག་ཉིད་ཡོངས་སུ་བཏང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངས་བདག་ཉིད་
Vol. 2 · folio 259b
ཡོངས་སུ་བཏང་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྲོག་ཆགས་སྟོང་ཕྲག་མང་པོ་ལ་རང་གི་ཤས་
ཚིམ་པར་བྱས་ཀྱང་ངའི་སེམས་ཉམས་པ་མེད་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་ཀླུ་གཞོན་ནུ་ཙམ་པ་སྐྱེས་ཞེས་བྱ་བ་དད་པ་བཟང་བ། དགེ་བའི་བསམ་པ་ཅན་དེ་ཚེས་བརྒྱད་དང་བཅུ་བཞི་ལ་གནས་ནས་བྱུང་ནས་ཡན་ལག་བརྒྱད་དང་ལྡན་
པའི་གསོ་སྦྱོང་བླངས་ཏེ་གནས་གསལ་བར་ལུས་ཆེན་པོར་བྱས་ནས་ལུས་བཏང་སྟེ་གནས་ཤིང་འཇིག་རྟེན་ན་འགྲོ་བ་དང་གནས་པ་ལ་ཅུང་ཟད་ཀྱང་གནོད་པ་མི་བྱེད་དོ། །ལོ་ཉེས་བྱུང་ནས་ལས་ལ་མི་ལྟ་བའི་མི་གནག་རྫི་དང་། ཕྱུགས་རྫི་དང་། ཤིང་ཐུན་དང་། ལམ་གྱིས་འཚོ་བ་
དང་། ལམ་གོལ་བས་འཚོ་བའི་མི་རྣམས་ཀྱིས་ཀླུའི་ཤ་ལས་བཅད་ཅིང་བཅད་ཅིང་བཟའ་བར་བརྩམས་ཏེ། དེ་ནས་ངས་དུས་མང་པོར་རང་གི་ཤས་ཚིམ་པར་བྱས་ན་ཡང་ངའི་སེམས་མ་ཉམས་སོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཀླུ་གཞོན་ནུ་
ཙམ་པ་སྐྱེས་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རྒྱལ་པོ་ཆེན་པོ་ངས་རང་གི་ཤ་ཡོངས་སུ་བཏང་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་།
རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་ལ་ཕན་པར་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་མཚོ་ཆེན་པོ་མ་དྲོས་པ་ན་ངང་པ་རྣམས་
ཀྱི་སྡེ་དཔོན་ཡུལ་འཁོར་སྐྱོང་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏོ། །དེ་ལ་བུ་གཉིས་ཡོད་དེ། གང་བ་དང་། བཞིན་རྒྱས་ཞེས་བྱ་སྟེ། ཕུ་བོ་ནི་གང་བའོ། །ནུ་བོ་ནི་བཞིན་རྒྱས་སོ། །གང་བ་ནི་གཏུམ་པ། གཟུ་ལུམས་ཅན། བརླང་བ་ཞིག་པས་རྒྱུན་ཁོ་ནར་ངང་པ་
Vol. 2 · folio 260a
རྣམས་ལ་སྡིགས་པར་བྱེད་དེ། ཁ་ཅིག་ལ་སྒྲོ་འབྱིན། ཁ་ཅག་ལ་ནི་སྡེར་མོས་རྨ་འབྱིན་ཏེ། དེ་ལྟ་བུ་དང་། གནོད་པ་གཞན་ཡང་བརྒྱ་ཕྲག་དག་བྱས་ནས་ངང་པ་རྣམས་ངང་པའི་སྡེ་དཔོན་ཡུལ་འཁོར་སྐྱོང་གི་དྲུང་དུ་སོང་ནས་ཉི་མ་རེ་རེ་ཞིང་ཡང་གོ་བར་བྱེད་པ་
དང་། དེས་བསམས་པ། གང་བ་ནི་གཏུམ་པ། གཟུ་ལུམས་ཅན། བརླང་བ་ཡིན་ཏེ། གལ་ཏེ་འདི་རྒྱལ་ཚབ་ཏུ་བཅུག་ན་བདག་འདས་པ་དང་འདིས་ངང་པའི་ཁྱུ་བཤིག་པར་འགྱུར་གྱིས་དེ་ལ་ཐབས་ཞིག་བཤམ་པར་བྱའོ་སྙམ་ནས། དེས་གང་བ་དང་། བཞིན་རྒྱས་
གཉིག་བཀུག་སྟེ་སྨྲས་པ། འབབ་ཆུའི་དངོ་དང་། མཚོ་དང་། མཚེའུ་རྣམས་བལྟས་ཏེ་ངའི་དྲུང་དུ་ཐོག་མར་སུ་འོངས་པ་དེ་ངས་ངང་པ་རྣམས་ཀྱི་སྡེ་དཔོན་དུ་གཞུག་གོ། །དེ་གཉིས་ཕན་ཚུན་འགྲན་པས་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་དོང་བ་ལས་དེ་གཉིས་ཀྱིས་འབབ་ཆུའི་དངོ་
དང་། མཚོ་དང་། མཚེའུ་རྣམས་ཕན་ཚུན་དུ་བལྟས་ནས་དེ་གཉིས་རིམ་གྱིས་བཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་ཕྱིན་ཏོ། །དེའི་ཚེ་བཱ་རཱ་ཎ་སཱིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དེ། འབྱོར་པ་དང་། རྒྱས་པ་དང་ཞེས་བྱ་བ་ནས་སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་
ཞེས་བྱ་བའི་བར་དུ་སྟེ། བཱ་རཱ་ཎ་སཱིའི་སྐྱེད་མོས་ཚལ་ན་དེའི་རྫིང་ཚངས་ལྡན་ཞེས་བྱ་བ་མཚོ་བས་ཁྱད་པར་དུ་འཕགས་པར་ཟབ་པ་ཞིག་ཡོད་དེ། དེ་ལས་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་སྣ་ཚོགས་བསྐྱེད་ཅིང་ཕྱོགས་བཞི་འཁོར་བར་ཡང་མེ་ཏོག་དང་འབྲས་བུའི་ཤིང་སྟོང་
ཕྲག་དུ་མ་དག་བསྐྲུན་ནས། དེ་ཨུཏྤ ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་ལ་ཤིང་རྣམ་པ་དུ་མས་སྟུག་པོར་བརྒྱན་ནས་བྱ་རྣམ་པ་མང་པོ་དག་སྐད་འབྱིན་ཏོ། །དེའི་འབྱོར་པ་དེ་མཐོང་ནས་གང་བ་ངང་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ་
བབས་ནས་ཅི་དགར་རྒྱུ་ཞིང་དེས་རྩེ་བར་བརྩམས་སོ། །བཞིན་རྒྱས་ལ་ཡང་རང་གི་ཁྱུས་སྨྲས་པ། ཁྱོད་ཀྱང་བོབས་ལ་རྩེད་མོ་མཛོད། དེས་སྨྲས་པ། རེ་ཞིག་རྒྱལ་སྲིད་ཇེ་བླངས་ལ། དེ་ནས་ཕྱིས་འོངས་ཏེ་རྩེ་བར་བྱའོ། །ཞེས་དེས་མྱུར་བ་མྱུར་བར་སོང་ནས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words