No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 2 · folio 203a

བུ་རམ་ཤིང་དང་བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ་ན་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་དང་། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་གོ། །གྲོང་ཁྱེར་དེ་ན་ཡང་མཚོ་ཆེན་པོ་ཨུཏྤ་ལ་དང་པད་མ་དང་ཀུ་མུ་ད་དང་། པད་མ་དཀར་པོས་གང་

བ། ངང་པ་དང་ངུར་པ་དང་བྱ་ཀཱ་རཎྜ་བས་མཛེས་པར་བྱས་པ་ཡིད་དུ་འོང་བ་ཡོད་དོ། །མཚོ་དེ་ན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་བྱ་བ་གནས་ཏེ། དེས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ས་གཞི་ལྷག་པར་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར་ཏོ། །ཡུལ་ཡང་

བཟའ་བ་དང་བཏུང་བ་ཤིན་ཏུ་མོད་ལ། འཇིག་རྟེན་ཡང་སྦྱིན་པ་དང་། མཆོད་པ་དང་བསྙེན་བཀུར་དང་ལྡན་པས་དགེ་སྦྱོང་དང་། བྲམ་ཟེ་དང་བཀྲེན་པ་དང་ཕོངས་པ་རྣམས་ལ་ཁ་ཟས་སྦྱིན་པར་བྱེད་དོ། །ལྷོ་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་ནི་ཆོས་མ་ཡིན་པ་ལ་ལྷག་པར་

གནས་པ། གཏུམ་པ། གཟུ་ལུམས་ཅན། སྤྲོ་ཐུང་བ་ཞིག་པས་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་ཅིང་ཆད་པ་དང་། རྡེག་པ་དང་། འཚོག་པ་དང་། གསོད་པ་དང་། འཛིན་པ་དང་། འཆིང་བ་དང་། སུ་མི་འདོད་དང་། ཁོང་སྒྲིལ་དང་། གནོད་པ་སྣ་ཚོགས་

ཀྱིས་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་རྟག་ཏུ་སྐྲག་པར་བྱེད་དོ། །དེས་ཆོས་མ་ཡིན་པ་ལ་ལྷག་པར་གནས་པས་དེས་ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་སོ། །དེས་ན་སྐྱེ་བོའི་ཚོགས་དེ་འཇིགས་པ་དང་། ཡི་ཆད་པས་རང་གི་སྲོག་ལ་ཡང་

མི་ལྟ་བར་ཡུལ་ཡོངས་སུ་སྤངས་ཏེ་བྱང་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོའི་ཡུལ་དུ་དོང་ནས་གནས་སོ། །ཇི་ཙམ་དུས་གཞན་ཞིག་ན་ལྷོ་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་རི་དགས་འཆོར་བའི་ཚུལ་དུ་བྱས་ནས་ཡུལ་རྣམས་བརྟག་པའི་ཕྱིར་བྱུང་བ་དང་། གྲོང་རྡལ་དང་གྲོང་

ཁྱེར་གང་ཡིན་པ་དག་ནི་སྟོངས་པར་གྱུར་ཅིང་། སྐྱེད་མོས་ཚལ་དང་ལྷ་ཁང་རྣམས་ནི་ཞིག་རལ་དུ་གྱུར་པར་མཐོང་ངོ་། །མཐོང་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་གྲོང་རྡལ་དང་གྲོང་ཁྱེར་འདི་སྟོངས་པར་གྱུར་ཅིང་། སྐྱེད་མོས་ཚལ་དང་ལྷ་

Vol. 2 · folio 203b

ཁང་རྣམས་ནི་ཞིག་རལ་དུ་གྱུར། སྐྱེ་བོའི་ཚོགས་དེ་དག་ནི་གང་དུ་དོང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་བྱང་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་ནོར་ཅན་གྱི་ཡུལ་དུ་མཆིས་སོ། །ཅིའི་ཕྱིར། ལྷ་མི་འཇིགས་པ་སྩལ་དུ་གསོལ། ཤེས་ལྡན་སྦྱིན་གྱིས་སྨྲོས་

ཤིག །དེ་ནས་དེ་རྣམས་ཀྱིས་སྨྲས་པ། ལྷ་བྱང་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་ཆོས་བཞིན་གྱིས་རྒྱལ་སྲིད་བགྱིད་པས་དེའི་ཡུལ་འབྱོར་པ་དང་རྒྱས་པ་དང་། བདེ་བ་དང་ལོ་ལེགས་པ་སྐྱེ་བོ་དང་། མི་མང་པོས་གང་ཞིང་འཐབ་པ་དང་། རྩོད་པ་དང་། ཁྲག་ཁྲུག་དང་།

འགྱེད་པ་དང་། ཆོམ་རྐུན་མ་མཆིས་ལ་ནད་རབ་ཏུ་ཞི་བར་གྱུར་པ། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། འཇིག་རྟེན་ཡང་སྦྱིན་པ་དང་། མཆོད་པ་དང་། བསྙེན་བཀུར་དང་ལྡན་པས་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་། ཕོངས་

པ་རྣམས་ལ་ཁ་ཟས་སྩོལ་བར་བགྱིད་དོ། །ལྷ་ནི་གཏུམ་པ་གཟུ་ལུམས་ཅན། སྤྲོ་ཐུང་བས་ཆད་པ་དང་། རྡེག་པ་དང་འཚོག་པ་དང་། གསོད་པ་དང་འཛིན་པ་དང་། འཆིང་བ་དང་སུ་མི་འདོད་དང་། ཁོང་སྒྲིལ་དང་། གནོད་པ་སྣ་ཚོགས་ཀྱིས་ཡུལ་མི་རྣམས་ལ་རྟག་ཏུ་

སྐྲག་པར་མཛད་པས་དེས་ན་སྐྱེ་བོའི་ཚོགས་དེ་འཇིགས་ཤིང་ཡི་ཆད་ནས་བྱང་ཕྱོགས་པའི་ལྔ་ལེན་པའི་རྒྱལ་པོའི་ཡུལ་དུ་མཆིས་ལགས་སོ། །ལྷོ་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གང་གིས་ན་སྐྱེ་བོའི་ཚོགས་དེ་སླར་འོངས་ནས་གྲོང་རྡལ་དང་གྲོང་

ཁྱེར་འདི་དག་ཏུ་གནས་པར་འགྱུར་བའི་ཐབས་བཟང་པོ་ཅི་ཡོད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་གལ་ཏེ་བྱང་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོ་བཞིན་དུ་ཆོས་བཞིན་གྱིས་རྒྱལ་སྲིད་མཛད་དེ། བྱམས་པའི་སེམས་དང་ཕན་པའི་སེམས་དང་། ཐུགས་བརྩེ་བའི་སེམས་

ཀྱིས་ཡུལ་བསྐྱངས་ན་རིང་པོ་མི་ཐོགས་པར་སྐྱེ་བོའི་ཚོགས་དེ་སླར་མཆིས་ནས་གྲོང་རྡལ་དང་གྲོང་ཁྱེར་འདི་རྣམས་སུ་གནས་པར་འགྱུར་ལགས་སོ། །ལྷོ་ཕྱོགས་ཀྱི་ལྔ་ལེན་པའི་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གལ་ཏེ་དེ་ལྟ་ན་ངས་ཀྱང་བྱང་ཕྱོགས་ཀྱི་ལྔ་ལེན་པའི་

Vol. 2 · folio 204a

རྒྱལ་པོ་བཞིན་དུ་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་ཏེ། བྱམས་པའི་སེམས་དང་ཕན་པའི་སེམས་དང་། སྙིང་བརྩེ་བའི་སེམས་ཀྱིས་ཡུལ་བསྐྱང་བར་བྱས། ཁྱེད་ཀྱིས་ཅི་ནས་ཀྱང་སྐྱེ་བོའི་ཚོགས་དེ་སླར་འོངས་ནས་གྲོང་རྡལ་དང་གྲོང་ཁྱེར་འདི་རྣམས་སུ་

གནས་པར་འགྱུར་བ་དེ་ལྟར་གྱིས་ཤིག །ལྷ་ཡོན་ཏན་གཞན་ཡང་འདི་ལྟ་བུ་མཆིས་ཏེ། གྲོང་ཁྱེར་དེ་ན་མཚོ་ཆེན་པོ་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་བ། ངང་པ་དང་། ངུར་པ་དང་། བྱ་ཀཱ་རཎྜ་བས་མཛེས་པར་བགྱིས་པ་དེ་ན་ཀླུའི་བུ་སྐྱེ་བ་སྣ་

ཚོགས་པ་ཞེས་བགྱི་བ་ཞིག་གནས་ཏེ། དེས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་ཕབ་པས་ལོ་ཏོག་ལྷག་པར་ཕུན་སུམ་ཚོགས་པར་གྱུར་ཏོ། །དེས་ན་ས་གཞི་ལྷག་པར་ལོ་ཏོག་དང་ལྡན་པས་ཡུལ་ཡང་བཟའ་བ་དང་བཏུང་བ་ཤིན་ཏུ་མོད་ལགས་སོ། །རྒྱལ་པོས་

སྨྲས་པ། ཤེས་ལྡན་དག་གང་གིས་ན་ཀླུའི་བུ་དེ་འདིར་ཁུགས་པར་འགྱུར་བའི་ཐབས་ལྟ་ཅི་ཡོད། ལྷ་རིག་སྔགས་དང་གསང་སྔགས་འཆང་དག་གིས་དེ་ཁུགས་པར་འགྱུར་གྱིས། དེ་དག་བཙལ་དུ་གསོལ་དེ་ནས་རྒྱལ་པོས་གསེར་གྱི་ཐུམ་པོ་རྒྱལ་མཚན་གྱི་རྩེ་མོ་

ལ་བཅིངས་ནས་ཡུལ་ཐམས་ཅད་དུ་དྲིལ་བསྒྲགས་ཏེ། གང་གིས་བྱང་ཕྱོགས་ལྔ་ལེན་པའི་ཡུལ་ནས་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཁུགས་ན་དེ་ལ་གསེར་གྱི་ཐུམ་པོ་འདི་སྦྱིན་ནོ། །བཀུར་སྟི་ཆེན་པོས་ཀྱང་བཀུར་སྟི་བྱའོ། །ཇི་ཙམ་ན་སྦྲུལ་ཁས་སྡིགས་པ་ཞིག་བློན་

པོ་རྣམས་ཀྱི་དྲུང་དུ་སོང་ནས་སྨྲས་པ། བདག་ལ་གསེར་གྱི་ཐུམ་པོ་འདི་སྩལ་ན་བདག་གིས་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཕྲོགས་ཏེ་ཁྲིད་དེ་མཆིའོ། །བློན་པོ་རྣམས་ཀྱིས་སྨྲས་པ། འདི་ཁྱེར་ཅིག་དེས་སྨྲས་པ། ཁྱེད་ཅག་གང་ལ་ཡིད་ཆེས་ཤིང་ཡིད་བརྟན་པ་དེའི་ལག་

ཏུ་བཞག་ལ་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཁྲིད་དེ་མཆིས་ནས་འཚལ་ལོ། །དེ་བཞིན་དུ་གྱིས་ཤིག་དེ་ནས་སྦྲུལ་ཁས་སྡིགས་པ་དེས་མི་ཡིད་བརྟན་དུ་རུང་བའི་ལག་ཏུ་གསེར་གྱི་ཐུམ་པོ་གཏད་ནས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སོང་ངོ་། །དེ་ནས་དེས་མཚོ་དེའི་ཁོ་ར་

Vol. 2 · folio 204b

ཁོར་ཡུག་བརྟགས་ན་མཚན་མ་ལ་མཁས་པ་ཞིག་པས་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་དེ་ནི་ཕྱོགས་འདི་ཁོ་ན་ཉིད་ན་འདུག་གོ་སྙམ་ནས། དེ་ནས་གཏོར་མ་དང་ཡོ་བྱད་ཀྱི་ཕྱིར་སླར་སོང་ནས་བློན་པོ་རྣམས་ལ་སྨྲས་པ། བདག་ལ་གཏོར་མ་དང་ཡོ་བྱད་རྣམས་སྩོལ་ཅིག་དང་

ཞག་བདུན་གྱི་ཉིན་པར་ཀླུའི་བུ་དེ་ཕྲོགས་ཏེ། ཁྲིད་དེ་མཆིའོ། །སྦྲུལ་ཁས་སྡིགས་པ་དེ་ཡང་དེས་མཐོང་ནས་དེ་ནི་བདག་འཕྲོག་ཏུ་འོངས་ཏེ་ཞག་བདུན་གྱི་ཉིན་པར་བདག་ཕྲོགས་ནས་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་ཆེན་པོ་བདག་གིས་མྱོང་བར་འགྱུར་ན་ཇི་ལྟར་

བྱ། སུ་ལ་སྐྱབས་བཙལ་སྙམ་པ་དང་། ཡང་མཚོ་དེ་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་རྔོན་པ་སྲན་ཅན་དང་སྤང་ལེབ་ཅན་གཉིས་གནས་ཏེ། དེ་གཉིས་མཚོ་དེའི་དྲུང་ན་གནས་བཅས་ནས་གང་དག་སྐམ་ལ་ཡོད་པའི་སྲོག་ཆགས་རི་བོང་དང་ལྡང་སྐོ་སྐ་དང་། ཕག་ལ་སོགས་

པ་མཚོ་དེ་ལ་འཐུང་དུ་འགྲོ་བ་དང་། གང་ཡང་ཆུ་ན་ཡོད་པ་ཉ་དང་རུ་སྦལ་དང་སྦལ་པ་ལ་སོགས་པ་བསད་ཅིང་འཚོ་བར་བྱེད་པ་ལས་དེ་ན་ཡང་སྲན་ཅན་ནི་ཤིའོ། །སྤང་ལེབ་ཅན་ནི་གསོན་ནོ། །ཀླུའི་བུ་སྐྱེ་བ་སྣ་ཚོགས་པས་བསམས་པ་རྔོན་པ་སྤང་ལེབ་ཅན་མ་གཏོགས་པ་

སྐྱབས་གཞན་མེད་དོ་སྙམ་ནས། དེ་ནས་མིའི་ཆ་བྱད་དུ་བྱས་ཏེ་རྔོན་པ་སྤང་ལེབ་ཅན་གྱི་དྲུང་དུ་སོང་ནས་སྨྲས་པ། ཀྱེ་ནང་རྗེ་རྒྱལ་པོ་ནོར་ཅན་གྱི་ཡུལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་ཞེས་བྱ་བ་ནས་འབྲས་སཱ་ལུ་དང་། བུ་

རམ་ཤིང་དང་བ་ལང་དང་མ་ཧེ་ཕུན་སུམ་ཚོགས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། སུའི་མཐུ་ལས་གྱུར་པ་ཇི་ག་ཁྱོད་ཀྱིས་ཤེས་སམ། དེས་སྨྲས་པ་ཤེས་ཏེ་རྒྱལ་པོ་དེ་ཆོས་དང་ལྡན་པས་ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དེ་བྱམས་པའི་སེམས་དང་། ཕན་པའི་སེམས་

དང་བརྩེ་བའི་སེམས་ཀྱིས་ཡུལ་བསྐྱངས་པས་སོ། །དེས་སྨྲས་པ། ཇི་དེ་འབའ་ཞིག་གམ་གཞན་གྱིས་ཀྱང་ཡིན་རྔོན་པས་སྨྲས་པ། གཞན་གྱི་ཡོན་ཏན་ཞིག་ཀྱང་ཡོད་དེ། མཚོ་འདི་ན་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་ཞེས་བྱ་བ་གནས་ཏེ། དེས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་

Vol. 2 · folio 205a

ཕབ་ནས་ལྷག་པར་ལོ་ཏོག་ཕུན་སུམ་ཚོགས་པར་གྱུར་ཏོ། །དེས་ན་ས་གཞི་ལྷག་པར་ལོ་ཏོག་དང་ལྡན་པས་ཡུལ་ཡང་བཟའ་བ་དང་བཏུང་བ་མོད་པར་གྱུར་ཏོ། །སྐྱེ་བ་སྣ་ཚོགས་པས་སྨྲས་པ་གལ་ཏེ་འགའ་ཞིག་གིས་ཀླུའི་བུ་དེ་ཡུལ་འདི་ནས་ཕྲོགས་

ན་ཀླུའི་བུ་དེ་ཅིར་འགྱུར། རུང་བར་མི་འགྱུར་ཏེ། དེ་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །རྒྱལ་པོ་དང་ཡུལ་མིས་ཕྲོགས་ན་དེ་ལ་ཁྱོད་ཀྱིས་ཇི་ལྟར་བྱ། སྲོག་དང་དབྲལ་བར་བྱའོ། །ཁྱོད་ཀྱིས་ཀླུའི་བུ་དེ་གང་ཡིན་པ་ཤེས་སམ་མི་ཤེས་སོ་དེ་ང་ཉིད་

ཡིན་ན་ལྷོ་ཕྱོགས་ལྔ་ལེན་པའི་སྦྲུལ་ཁས་སྡིགས་པ་ང་འཕྲོག་པར་བྱེད་དེ། དེ་གཏོར་མ་དང་ཡོ་བྱད་ཀྱི་ཕྱིར་སླར་སོང་ནས་ཞག་བདུན་གྱི་ཉིན་པར་འོང་བར་འགྱུར་ཏེ། འོངས་ནས་མཚོ་ངོགས་སུ་སེང་ལྡེང་གི་ཕུར་པ་གྲྭ་བཞིར་བཙུགས་ལ་ཚོན་སྐུད་སྣ་ཚོགས་ཀྱིས་བྲེས་ཏེ་གསང་སྔགས་

རྗོད་པར་བྱེད་ཀྱིས། དེ་ནས་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་ཁྱོད་མི་མངོན་པར་འདུག་ལ། གང་གི་ཚེ་དེས་ཆོ་ག་དེ་ལྟ་བུ་བྱས་པར་གྱུར་པ་དེའི་ཚེ་མཚོའི་ནང་གི་ཆུ་ཁོལ་ཞིང་ལུད་པར་འགྱུར་ཏེ་ང་ཡང་འབྱུང་གིས་དེའི་ཚེ་ཁྱོད་ཀྱིས་སྦྲུལ་ཁས་སྡིགས་དེའི་གནད་དུ་མདས་སྣུན་ལ་དེ་མ་ཐག་

ཏུ་དྲུང་དུ་སོང་སྟེ་གསང་སྔགས་སླར་སྡུས་ཤིག །མ་བསྡུས་ན་ཁྱོད་ཀྱི་མགོ་དྲུང་ནས་བཅད་དེ་ས་ལ་བོར་རོ་རེ་ཞེས་སྨྲོས་ཤིག །གལ་ཏེ་དེས་གསང་སྔགས་རྣམས་མ་བསྡུས་པར་སྲོག་དང་བྲལ་ཏེ་ཤིན་ནི་ཁོ་བོ་ཇི་སྲིད་འཚོའི་བར་དུ་གསང་སྔགས་ཀྱི་ཞགས་པས་བཅིངས་

པར་འགྱུར་རོ། །རྔོན་པས་སྨྲས་པ། གལ་ཏེ་ཁྱོད་གཅིག་པུ་ལ་ཕན་ཐོགས་ན་ཡང་དེ་བཞིན་དུ་ཁོ་བོ་ཁོ་ནས་བྱ་ན་ཡུལ་མཐའ་དག་ལ་ཕན་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁོ་བོས་སྐྱབས་བྱས་སོང་ཤིག །དེ་ནས་ཀླུའི་བུ་དེས་དེ་ལ་དབེན་པའི་ཕྱོགས་ཤིག་བསྟན་ནས།

ཇི་ཙམ་ན་རྔོན་པ་དེ་ཞག་བདུན་གྱི་ཉིན་པར་ཕྱོགས་དབེན་པར་བདག་ཉིད་གབ་སྟེ་འདུག་པ་དང་། སྦྲུལ་ཁས་སྡིགས་པ་དེ་ཡང་འོངས་ནས་གཏོར་མ་དང་ཡོ་བྱད་ཀྱི་ཆོ་ག་བྱ་བར་རྩོམ་སྟེ། དེ་ཕྱོགས་བཞིར་སེང་ལྡེང་གི་ཕུར་བུ་བཞི་བཙུགས། ཚོན་སྐུད་སྣ་ཚོགས་ཀྱིས་

Vol. 2 · folio 205b

བྲེས་ཏེ་གསང་སྔགས་བརྗོད་དོ། །དེ་ནས་ཆུ་དེ་ཁོལ་དུ་ཆ་བ་དང་རྔོན་པས་གནད་དུ་མདས་བསྣུན་ནས་རལ་གྲི་ཤུབས་ནས་ཕྱུང་སྟེ་སྨྲས་པ། ཁྱོད་ཀྱིས་ངེད་ཀྱི་ཡུལ་ན་གནས་པའི་ཀླུའི་བུ་གསང་སྔགས་ཀྱིས་དབྲོག་གམ། གསང་སྔགས་སླར་སྡུས་ཤིག་མ་བསྡུས་ན་

ཁྱོད་ཀྱི་མགོ་དྲུང་ནས་བཅད་དེ་ས་ལ་བོར་ར་རེ་དེ་ནས་སྦྲུལ་ཁས་སྡིགས་པ་སྡུག་བསྔལ་ཉམས་སུ་མྱོང་བས་ཉམ་ཐག་ཅིང་འཆི་བའི་འཇིགས་པས་སྐྲག་ནས་གསང་སྔགས་བརྟུལ་བ་དང་། རྔོན་པས་དེ་མ་ཐག་ཏུ་དེ་བསད་དོ། །དེ་ནས་ཀླུའི་བུ་གསང་སྔགས་ཀྱི་ཞགས་པས་

བཅིངས་པ་ལས་ཐར་ཏེ་མཚོ་ནས་བྱུང་ནས་རྔོན་པ་ལ་འཁྱུད་དེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཁོ་བོའི་མ་ཡིན་ལ་ཁྱོད་ནི་ཁོ་བོའི་ཕ་ཡིན་ཏེ། འདི་ལྟར་ཁྱོད་ལ་བརྟེན་པས་ཁོ་བོ་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་མ་སྐྱེས་སོ། །ཚུར་ཤོག་གནས་སུ་འདོང་ངོ་ཞེས་

དེས་དེ་གནས་སུ་ཁྲིད་དེ་སོང་ནས་བཟའ་བ་དང་བཏུང་བ་རྣམ་པ་སྣ་ཚོགས་ཀྱིས་ཚིམ་པར་བྱས་ཏེ། རིན་པོ་ཆེ་དག་བསྟབས་ནས་མ་དང་ཕ་ལ་སྨྲས་པ། ཡབ་ཡུམ་འདི་ནི་བདག་གི་སྙིང་དུ་སྡུག་པ་སྐྱབས་དང་གཉེན་དུ་གྱུར་པ་ལགས་ཏེ། འདིའི་མཐུས་བདག་ཁྱེད་དང་ལྷན་ཅིག་

པ་ལས་བྲལ་བར་མ་གྱུར་ཏོ། །དེ་དག་གིས་ཀྱང་དེ་ལ་དམ་པ་སྦྱིན་པར་བྱེད་དེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་བྱིན་ནས་དེས་དེ་རྣམས་ཁྱེར་ཏེ་མཚོ་དེ་ནས་བྱུང་ངོ་། །མཚོ་དེ་དང་ཧ་ཅང་མི་རིང་བ་ཞིག་ན་བསྟི་གནས་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་བྱ་སྣ་ཚོགས་སྐད་

འབྱིན་པ་ཞིག་ཡོད་དེ། དེ་ན་དྲང་སྲོང་བྱམས་པ་དང་སྙིང་རྗེའི་བདག་ཉིད་ཅན། སེམས་ཅན་རྣམས་ལ་སྡུག་པར་འཛིན་པ་ཞིག་གནས་སོ། །དེ་ནས་རྔོན་པ་དེ་དྲང་སྲོང་དེའི་དྲུང་དུ་དུས་གསུམ་དུ་འགྲོ་བར་རྩོམ་ཞིང་། དེ་ལ་ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་དང་ལྷན་ཅིག་ཇི་ལྟར་གྱུར་པ་དེ་དག་

ཐམས་ཅད་རྒྱས་པར་སྨྲས་སོ། །དེ་ནས་དྲང་སྲོང་དེས་སྨྲས་པ། ཁྱོད་ལ་རིན་པོ་ཆེ་དང་གསེར་ཅི་དགོས། དེའི་གནས་ན་དོན་ཡོད་པ་ཞེས་བྱ་བའི་ཞགས་པ་ཡོད་ཀྱིས་དེ་སློངས་ཤིག །དེ་ནས་རྔོན་པ་དེ་དོན་ཡོད་པའི་ཞགས་པ་ལ་ཆགས་པ་སྐྱེས་ནས་དྲང་སྲོང་གི་ཚིག་མཉན་ཏེ་སླར་ཀླུའི་

Vol. 2 · folio 206a

གནས་སུ་སོང་བ་དང་། དེ་ནས་ཇི་ཙམ་ན་ཀླུའི་ཁང་པའི་སྒོ་ན་དོན་ཡོད་པའི་ཞགས་པ་དེ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་འདོད་པའི་དོན་ཡོད་པའི་ཞགས་པ་གང་ཡིན་པ་དེ་ནི་འདི་ཁོ་ན་ཡིན་ནོ་སྙམ་ནས་ཀླུའི་གནས་སུ་ཞུགས་སོ། །དེ་ནས་ཀླུའི་བུ་སྐྱེ་བ་

སྣ་ཚོགས་པ་དང་། ཀླུ་གཞན་རྣམས་ཀྱིས་ཡང་དག་པར་དགའ་བ་དང་། མགུ་བ་དག་བྱས་ནས་རིན་པོ་ཆེ་དག་བསྟབས་པ་དང་། དེས་སྨྲས་པ། ཁོ་བོ་ལ་རིན་པོ་ཆེ་མི་དགོས་ཀྱི། འོན་ཀྱང་དོན་ཡོད་པའི་ཞགས་པ་འདི་ཁོ་བོ་ལ་བྱིན་ཅིག །སྐྱེ་བ་སྣ་ཚོགས་པས་སྨྲས་པ། ཁྱོད་

ལ་འདི་ཅི་དགོས་ཁོ་བོ་ཅག་ལ་ནི་དགོས་རབ་སྟེ། གང་གི་ཚེ་ནམ་མཁའ་ལྡིང་གིས་གནོད་པ་བྱས་པ་དེའི་ཚེ་འདིས་ཁོ་བོ་ཅག་བསྲུང་བར་འགྱུར་རོ། །རྔོན་པས་སྨྲས་པ། ཁྱེད་ཅག་ལ་ནི་ནམ་མཁའ་ལྡིང་གི་གནོད་པ་ལན་འགའ་ཞིག་འབྱུང་བ་ན་འདི་དགོས་ཀྱི། ཁོ་བོ་ལ་ནི་དུས་ཀུན་

དུ་དགོས་ཀྱིས་གལ་ཏེ་ལེགས་པ་བྱས་པ་དང་ཕན་བཏགས་པ་དྲན་པ་ལྟ་ན་བྱིན་ཅིག །ཀླུའི་བུ་སྐྱེ་བ་སྣ་ཚོགས་པ་འདི་སྙམ་དུ་སེམས་ཏེ། འདིས་བདག་ལ་ཕན་ཆེར་བཏགས་ཀྱིས་ཕ་མ་ལ་བརྟགས་ཏེ་སྦྱིན་ནོ་སྙམ་ནས་དེས་ཕ་དང་མ་ལ་བརྟགས་ཏེ་ཞགས་པ་དེ་བྱིན་ནོ། །དེ་ནས་རྔོན་

པ་དེས་བདག་ཐོབ་པ་བཞིན་དུ་བདེ་བ་དང་ཡིད་བདེ་བས་ཚིམ་ནས། དོན་ཡོད་པའི་ཞགས་པ་ཁྱེར་ཏེ་ཀླུའི་གནས་ནས་བྱུང་ནས་རང་གི་ཁྱིམ་དུ་སོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་ནོར་ཅན་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །

དེ་རྩེ་བར་བྱེད་དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་ཕོ་ཡང་མེད། བུ་མོ་ཡང་མེད་ནས་ལག་པ་ལ་འགྲམ་པ་གཏད་དེ་བདག་གི་ཁྱིམ་དུ་ནོར་རྫས་འདི་སྙེད་ཅིག་བསགས་ཀྱང་བདག་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་པས་བདག་འདས་ན་བདག་གི་གདུང་རྒྱུད་

འཆད་ཅིང་ཡུལ་འཆོར་བ་དང་། བདོག་པ་རིལ་ཡང་རྒྱལ་པོ་གཞན་གྱིས་དབང་བྱེད་པར་འགྱུར་རོ་སྙམ་ནས། སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་དེ་ལ་དགེ་སྦྱོང་དང་། བྲམ་ཟེ་དང་། གྲོགས་པོ་དང་། མཛའ་བཤེས་དང་། ཉེ་དུ་རྣམས་ཀྱིས་སྨྲས་པ། ལྷ་ཅིའི་སླད་དུ་

Vol. 2 · folio 206b

ཐུགས་མི་དགྱེས། དེས་སྐབས་དེ་དེ་རྣམས་ལ་རྒྱས་པར་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། ལྷ་རྣམས་ལ་གསོལ་བ་མཛོད་ཅིག་དང་། ཁྱོད་ལ་སྲས་མཆིས་པར་འགྱུར་རོ། །དེ་བུ་མེད་དེ་བུ་མངོན་པར་འདོད་པས་ཞི་བ་དང་ཆུ་ལྷ་དང་། ལུས་ངན་དང་ནོར་ལྷ་ལ་སོགས་པ་ལ་

གསོལ་བ་འདེབས་ཤིང་། ལྷའི་བྱེ་བྲག་གཞན་ཡང་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དག་དང་། ནགས་ཚལ་གྱི་ལྷ་དག་དང་བཞི་མདོའི་ལྷ་དག་དང་། སུམ་མདོའི་ལྷ་དག་དང་། གཏོར་མ་ལེན་པའི་ལྷ་དག་དང་། ལྷན་ཅིག་སྐྱེས་པ་དང་ཆོས་མཐུན་པ་དག་དང་། རྟག་ཏུ་རྗེས་སུ་

འབྲང་བའི་ལྷ་དག་ལ་ཡང་གསོལ་བ་འདེབས་སོ། །འཇིག་རྟེན་ན་གང་གསོལ་བ་འདེབས་པའི་རྒྱུ་ལས་བུ་ཕོ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བའི་གཏམ་དེ་ལྟ་བུ་ཡོད་དེ། དེ་ནི་དེ་ལྟ་བུ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་དུ་ཟིན་ན་རེ་རེ་ལ་ཡང་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་

བཞིན་དུ་བུ་སྟོང་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་པོ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། གསུམ་པོ་དེ་དག་གང་ཞེ་ན་ཕ་དང་མ་དག་ཆགས་པར་གྱུར་ཅིང་འདུས་པ་དང་། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་

གནས་ཤིང་འཇུག་འདོད་པ་སྟེ། གནས་གསུམ་པོ་དེ་དག་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་དག་སྐྱེ་བར་འགྱུར་རོ། །དེ་དེ་ལྟར་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཞིག་བཙུན་མོ་དམ་པ་དེའི་མངལ་དུ་ཞུགས་སོ། །

བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་མ་འདྲེས་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་

པ་དེ་ཡང་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོ་ཤེས་པ་སྟེ་གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ་གལ་ཏེ་བུ་མོ་ཡིན་ན། དཀུ་གཡོན་པར་རྟེན་ཅིང་འདུག་གོ། །དེ་ཡིད་དགའ་ཞིང་ཡིད་དགའ་ནས་ཁྱོ་ལ་སྨྲས་པ། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་

Vol. 2 · folio 207a

པ་ནི་འདི་ལྟར་བདག་གི་དཀུ་གཡས་པར་རྟེན་ཅིང་མཆིས་པ་ལས་ན་ངེས་པར་ཁྱེའུར་འགྱུར་གྱིས་དགྱེས་པ་བསྐྱེད་དུ་གསོལ། དེ་ཡང་ཡིད་དགའ་ཞིང་དགའ་ནས་རོ་སྟོད་བསྲང་སྟེ་ལག་པ་གཡས་པ་བརྐྱང་ནས་འདི་སྐད་ཅེས། ཁོ་བོ་ཡུན་རིང་པོ་ནས་མངོན་པར་འདོད་

པ་བུའི་ངོ་མཐོང་བ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། བགོ་སྐལ་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཡུན་རིང་དུ་གནས་པར་སྒྲུབ་པ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་

དག་ལ་ཉུང་ངུའམ་མང་པོ་ཡང་རུང་བའི་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བསྔོ་བ་བྱེད་པར་གྱུར་ཅིག །ཅེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བྱེད་དོ། །དེ་ལ་སེམས་ཅན་ཞུགས་པར་

རིག་ནས་འདི་ལྟ་སྟེ་མངལ་ན་གནས་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྟེང་གི་ཁང་བཟངས་ཀྱི་གཞིར་གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཟས་ཧ་ཅང་མི་ཁ་བ་དང་ཧ་ཅང་མི་སྐྱུར་བ་དང་ཧ་ཅང་ལན་ཚྭ་མི་ཆེ་བ་དང་ཧ་ཅང་མི་

མངར་བ་དང་ཧ་ཅང་མི་ཚ་བ་དང་། ཧ་ཅང་མི་བསྐ་བ་དང་། ཁ་བ་དང་སྐྱུར་བ་དང་། ལན་ཚྭ་དང་མངར་བ་དང་ཚ་བ་དང་། བསྐ་བ་སྤངས་པའི་ཟས་དག་དང་དོ་ཤལ་དང་སེ་མོ་དོ་དང་། རྒྱན་གྱིས་བཀླུབས་པའི་ལུས་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་སྤྱོད་པ་ལྟ་བུ་དང་། ཁྲི་ནས་

ཁྲིར་དང་ཁྲིའུ་ནས་ཁྲིའུར་དང་། ཤོད་ཀྱིས་གཞིར་མི་འབབ་པ་དང་། དེས་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་ཐོས་པར་ཉམ་བག་ཏུ་བཞག་གོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང་ཁྱེའུ་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་གསལ་བ་གསེར་གྱི་མདོག་

འདྲ་བ། མགོ་གདུགས་ལྟར་འདུག་པ་ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ་སྨིན་མ་འཇར་པ། སྣའི་གཟངས་མཐོ་བ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་ཞིག་བཙས་སོ། །དེ་བཙས་པ་ན་ཀུན་དགའ་བར་འགྱུར་བའི་རྔ་བརྡུངས་པ་རྒྱལ་པོས་ཐོས་ནས་

Vol. 2 · folio 207b

སྨྲས་པ། དེ་ཅི་ཞིག་ཡིན། བཙུན་མོ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ་ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱོད་ཀྱི་སྲས་པོ་ཞིག་བལྟམ་མོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་དེ་ཐམས་ཅད་རྡོ་བ་དང་གསེག་མ་དང་གྱོ་མོ་བསལ་ཏེ་བྱི་དོར་བྱས་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ།

རྒྱལ་མཚན་དང་བ་དན་བསྒྲེང་། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་དག་བཤམས། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས་དགའ་དགའ་ལྟར་བཀྲམ་སྟེ། བསྒོ་བ་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་། ཕོངས་པ་རྣམས་ལ་སྦྱིན་པ་བྱིན་ཅིག །བཙོན་ཐམས་ཅད་ཁྱེ་ཤིག །དེའི་ཕྱིར་

ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་བཙས་པའི་བཙས་སྟོན་རྒྱ་ཆེར་བྱས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་པ་ན། བློན་པོ་རྣམས་ཀྱིས་སྨྲས་པ། ཁྱེའུ་འདི་རྒྱལ་པོ་ནོར་ཅན་གྱི་སྲས་ལགས་པས་ཁྱེའུའི་མིང་ནོར་བཟངས་སུ་གདགས་སོ་ཞེས་དེའི་མིང་ནོར་བཟངས་

ཞེས་བྱ་བར་བཏགས་སོ། །ཁྱེའུ་ནོར་བཟངས་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ལ་རྗེས་སུ་གཏད་དེ། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་ཞོ་དང་མར་དང་ཞུན་མར་

དང་། མར་གྱི་ཉིང་ཁུ་དང་གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་སྟེ་ཞེས་བྱ་བ་ནས། བརྟག་པ་བརྒྱད་དང་དབྱེ་

བ་དང་། བཀླག་པ་ལ་མཁས་པ་དང་། སྤྱོད་པ་གསལ་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྗོངས་ཀྱི་དབང་ཕྱུག་དང་མཐུ་དང་བརྩོན་འགྲུས་ཐོབ་པ། ས་ཆེན་པོའི་དཀྱིལ་འཁོར་འདི་མངོན་པར་རྒྱལ་བར་བྱས་ཏེ་

གནས་པ་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་ཞེས་བྱ་བ་ནས། གནས་ལྔ་ལ་བྱང་བར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་ཏེ། དེའི་ཕས་ཆུང་མ་གསུམ་པོ་ཆེན་མ་དང་འབྲིང་མ་དང་། ཆུན་མ་དག་བཞག་ཅིང་གནས་པའི་ཁང་པ་རྣམ་པ་གསུམ་པོ་དགུན་གྱི་

Vol. 2 · folio 208a

དང་། དཔྱིད་ཀྱི་དང་དབྱར་གྱི་རྣམས་བརྩིགས་ནས། སྐྱེད་མོས་ཚལ་རྣམ་པ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་དང་དབྱར་གྱི་དག་བཙུགས་སོ། །དེ་ནས་གཞོན་ནུ་ནོར་བཟངས་སྟེང་གི་ཁང་བཟངས་ཀྱི་གཞི་ལ་སྐྱེས་པ་མེད་པར་སོང་ནས་སིལ་སྙན་རྣམས་

ཀྱིས་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་རྔོན་པ་སྤང་ལེབ་ཅན་རི་དགས་ཚོལ་ཞིང་དེ་དང་དེ་དག་ཏུ་རྒྱུ་བ་ན་རི་བོ་གཞན་ཞིག་ལ་ཕྱིན་པ་དང་། དེས་རི་བོ་དེའི་ཤོད་ན་དྲང་སྲོང་གི་བསྟི་གནས་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ།

བྱ་སྣ་ཚོགས་རྒྱུ་བ་དེ་ན་མཚོ་ཆེན་པོ་ཨུཏྤ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཡོག་པ། ངང་པ་དང་། བྱ་ཀཱ་རཎྜ་བ་དང་། ངུར་པས་མཛེས་པ་དེ་མཐོང་ནས་དེ་བསྟི་གནས་དེར་འཁྱམ་པར་བརྩམས་པ་ལས། ཇི་ཙམ་ན་དྲང་སྲོང་སྐྲ་དང་། ཁ་སྤུ་དང་། སེན་མོ་དང་། སྤུ་རྣམས་རིང་

བ། ལུས་རླུང་དང་ཚ་བས་གདུངས་པ། ཤིང་གོས་གྱོན་པ་ཞིག་ཤིང་གི་དྲུང་དུ་གནས་བཅས་ཏེ་རྩྭའི་སྤྱིལ་བུ་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་ཐལ་མོ་སྦྱར་ནས་དྲིས་པ། ལེགས་ལྡན་ཕྱོགས་འདིར་ཁྱོད་བཞུགས་ནས་ཡུན་ཇི་སྲིད་ཅིག་ལགས་

ལོ་བཞི་བཅུ་ལོན་ནོ། །ཁྱོད་ཀྱིས་ཡུན་དེ་སྲིད་ཅིག་ཏུ་ཕྱོགས་འདིར་ལོན་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འགའ་ལྟ་གཟིགས་པའམ་གསན་པ་ལྟ་མཆིས་སམ། དྲང་སྲོང་ཞི་བའི་བདག་ཉིད་དེས་དལ་བུ་དལ་བུས་སྨྲས་པ། བཞིན་བཟངས་ཁྱོད་ཀྱིས་མཚོ་འདི་མཐོང་ངམ། ལེགས་

ལྡན་མཐོང་ལགས་སོ། །འདི་ནི་ཚངས་པ་འདུ་བའི་རྫིང་ཞེས་བྱ་སྟེ། ཨུཏྤ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་བ། བྱ་སྣ་ཚོགས་ཀྱི་ཚོགས་ཀྱིས་བསྟེན་པ། ཁ་བ་དང་དངུལ་དང་བ་མོའི་མདོག་ལྟ་བུའི་ཆུས་ཤིན་ཏུ་གང་བ། ཤིན་ཏུ་དྲི་ཞིམ་པའི་མེ་ཏོག་གིས་བསྐོར་བའི་ཆུའི་

རྫིང་འདིར་ཚེས་བཅྭ་ལྔ་ལ་མིའམ་ཅིའི་རྒྱལ་པོ་ལྗོན་པའི་བུ་མོ་ཡིད་འཕྲོག་མ་ཞེས་བྱ་བ་མིའམ་ཅི་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ནས་མགོ་ཁྲུས་དང་བསྐུ་མཉེ་སྣ་ཚོགས་དང་འོངས་ནས་ཁྲུས་བྱེད་དོ། །དེ་ཁྲུས་བྱེད་པའི་ཚེ་བྲོ་གར་དང་། གླུ་དང་རོལ་མོའི་སྒྲ་སྙན་པས་བྱ་དང་རི་དགས་

Vol. 2 · folio 208b

རྣམས་ཀྱང་ཡིད་འཕྲོག་པར་བྱེད་དོ། །ཁོ་བོ་ཡང་དེའི་སྒྲ་ཐོས་ནས་དགའ་བ་དང་། ཡིད་བདེ་བ་ཆེན་པོས་ཞག་བདུན་འདའ་བར་བྱེད་དེ། བཞིན་བཟངས་ཁོ་བོས་ངོ་མཚར་རྨད་དུ་བྱུང་བ་འདི་མཐོང་ངོ་། །དེ་ནས་རྔོན་པ་སྤང་ལེབ་ཅན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀླུ་ལས་དོན་

ཡོད་པའི་ཞགས་པ་ཐོབ་པ་སྟེས་ཏེ། དེ་མིའམ་ཅིའི་བུ་མོ་ཡིད་འཕྲོག་མ་ལ་གདབ་བོ་སྙམ་ནས། དེས་དུས་གཞན་ཞིག་ན་ཚེས་བཅྭ་ལྔ་ལ་དོན་ཡོད་པའི་ཞགས་པ་ཁྱེར་ཏེ་མཚོ་འགྲམ་དང་ཉེ་བར་མེ་ཏོག་དང་། འབྲས་བུ་དང་། ལོ་མ་ཚང་ཚིང་ཞིག་ཏུ་འཁྲས་ནས་གཅིག་ཏུ་བསྒྲིམ་

པས་བྱ་ར་བྱེད་ཅིང་འདུག་གོ། །ཅི་ཙམ་ན་ཡིད་འཕྲོག་མ་མིའམ་ཅི་མོ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། དེ་འདྲ་བའི་འབྱོར་པ་ཉིད་ཀྱིས་ཚངས་པ་འདུ་བའི་རྫིང་དུ་ཁྲུས་ཀྱི་ཕྱིར་ཞུགས་པ་དང་། རྔོན་པ་སྤང་ལེབ་ཅན་གྱིས་དེ་མ་ཐག་ཏུ་དོན་ཡོད་པའི་ཞགས་པ་བཏབ་པ་ལས། དེས་

མིའམ་ཅི་མོ་ཡིད་འཕྲོག་མ་ཟིན་ཏོ། །དོན་ཡོད་པའི་ཞགས་པས་ཟིན་ནས་མཚོའི་ནང་ན་མཆོང་རྒལ་ཞིང་འཇིགས་པའི་སྒྲ་ཡང་ཕྱུང་བ་དང་། མིའམ་ཅི་མོའི་ཚོགས་ལྷག་མས་དེ་ཐོས་ནས་ཕན་ཚུན་བརྒྱུགས་ཏེ་མིའམ་ཅི་མོ་ཡིད་འཕྲོག་མ་ལ་བརྟག་པར་བརྩམས་པ་ལས་བཟུང་

བར་མཐོང་ངོ་། །མཐོང་ནས་ཀྱང་སྐྲག་ནས་བྲོས་སོ། །རྔོན་པ་དེས་མཆོག་ཏུ་གཟུགས་བཟང་མོ་བལྟ་ན་སྡུག་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་གཟུང་བའི་ཕྱིར་དྲུང་དུ་གཏུགས་པ་དང་། དེས་སྨྲས་པ། མ་རབས་ཁྱོད་ནི་ང་ལ་མ་རེག་ཤིག །ཁྱོད་ཀྱི་འདི་ནི་ཐོག་ཏུ་བབ་མ་ཡིན། །

ང་ནི་གཟུགས་བཟང་རྒྱལ་གྱི་འོས་ཡིན་པས། །འཛིན་པ་ལེགས་པར་འགྱུར་བ་མ་ཡིན་ནོ། །རྔོན་པས་སྨྲས་པ་གལ་ཏེ་ཁྱོད་མ་བཟུང་ན་འབྲོས་པར་འགྱུར་རོ། །དེས་སྨྲས་པ་ཁོ་མོ་མི་འབྲོས་ཀྱིས་གལ་ཏེ་ཡིད་མི་ཆེས་ན་འདིའི་མཐུས་ཁོ་མོ་སྟེང་གི་ནམ་མཁའ་ལ་འགྲོས་གཙུག་

གི་ནོར་བུ་འདི་ཟུང་ཤིག །རྔོན་པས་སྨྲས་པ་སུ་ཤེས་དེས་དེ་ལ་གཙུག་གི་ནོར་བུ་བྱིན་ནས་སྨྲས་པ། གཙུག་གི་ནོར་བུ་འདི་སུའི་ལག་པ་ན་གནས་པ་དེའི་དབང་དུ་ཁོ་མོ་འགྱུར་རོ། །དེ་ནས་རྔོན་པས་ནོར་བུ་དེ་བླངས་ཏེ་ཞགས་པས་བཅིངས་བཞིན་དུ་ཁྲིད་དེ་སོང་ངོ་། །དེའི་ཚེ་

Vol. 2 · folio 209a

གཞོན་ནུ་ནོར་བཟངས་རི་དགས་འཆོར་དུ་ཆས་པ་དང་། རྔོན་པ་དེས་གཞོན་ནུ་ནོར་བཟངས་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདི་ནི་རྒྱལ་བུ་གཞོན་ནུ་ཡིན་ལ། འདི་ཡང་མཆོག་ཏུ་གཟུགས་བཟང་

མོ་བལྟ་ན་སྡུག་པ་ཡིན་ཏེ། གལ་ཏེ་འདི་མཐོང་ན་བཙན་ཐབས་སུ་ཁྱེར་བར་འགྱུར་གྱིས། མ་ལ་བདག་གིས་འདི་སྐྱེས་ཀྱི་ཚུལ་དུ་བདག་ཉིད་ཀྱིས་དབུལ་ལོ་སྙམ་ནས། དེ་ནས་དེ་ཞགས་པས་བཅིངས་བཞིན་རྒྱལ་བུ་གཞོན་ནུ་ནོར་བཟངས་གང་ན་བ་དེར་ཁྲིད་དེ་སོང་ནས་ཕྱིན་པ་

དང་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བདག་གིས་བུད་མེད་རིན་པོ་ཆེ་འདི་སྐྱེས་སུ་འཚལ་ཏེ་མཆིས་ན་བཞེས་སུ་གསོལ། རྒྱལ་བུ་གཞོན་ནུ་ནོར་བཟངས་ཀྱིས་མིའམ་ཅི་མོ་ཡིད་འཕྲོག་མ་གཟུགས་བཟང་མོ་བལྟ་ན་སྡུག་པ་མཛེས་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་

པ། ཡོན་ཏན་ཐམས་ཅད་འདུས་པ། བུད་མེད་ཀྱི་མཚན་བཅྭ་བརྒྱད་ཀྱིས་བརྒྱན་པ། ཡུལ་གྱི་མི་བས་བཟང་བ། ནུ་མ་གསེར་གྱི་བུམ་པ་དང་རུ་སྦལ་ལྟར་རྒྱས་ཞིང་རློ་བ་དང་། མཁྲང་ཞིང་མཁྲེགས་པས་ཤིན་ཏུ་ལེགས་པར་ཟླུམ་པ་ལྡེམ་པ། མིག་མཐོན་མཐིང་ལ་

རྩ་དམར་ཞིང་དཀྱུས་རིང་ལ་པད་མ་གཞོན་ནུ་འདྲ་བ། སྣའི་གཟངས་རིང་ཞིང་མཐོ་བ། མ་མཆུ་བྱི་རུ་དང་ནོར་བུ་དང་རིན་པོ་ཆེ་དང་། བིམ་པའི་འབྲས་བུའི་དབྱིབས་འདྲ་བ། འགྲམ་པ་མ་རྙོངས་ཤིང་ཡོངས་སུ་རྒྱས་པ། མཁུར་ཚོས་ལྷག་པར་དགའ་བར་བྱེད་པའི་རི་མོའི་ཐིག་ལེ་ཅན།

སྨིན་མ་རིམ་གྱིས་མཛེས་ཤིང་འཇར་ལ་བུང་བའི་ཚོགས་ལྟར་གནག་པ། དཔུང་པ་ཟླ་བ་ཉ་བ་དྲི་མ་མེད་པ་ལྟར་རྒྱས་ལ་རིང་བ། ལྟོ་གཉེར་མ་ཟབ་མོ་གསུམ་དང་ལྡན་ཞིང་ཡིད་ཙམ་རྙོང་བ། ནུ་མའི་གཡུར་གྱིས་རོ་སྟོད་བགས་ཀྱིས་འདུད་ལ། དཀུ་ཤིང་རྟའི་ཡན་ལག་ལྟར་དབྱིབས་

ཤིན་ཏུ་མཛེས་པ། ལག་པ་ཆུ་ཤིང་གི་སྙིང་པོ་འདྲ་བ་བརླ་བྱིན་གྱིས་ཕྲ་བར་ཟླུམ་པས་མཛེས་པ། རྩ་ཤིན་ཏུ་མི་མངོན་ཞིང་གྱ་གྱུ་མེད་པས་ཡན་ལག་ཐམས་ཅད་མཛེས་པ། ནོར་བུ་མང་པོའི་མགོ་རྒྱན་དང་མགུལ་གདུབ་དང་རྐང་གདུབ་དང་གདུ་བུ་དང་དོ་ཤལ་དང་། སེ་མོ་དོའི་སྒྲས་

Vol. 2 · folio 209b

འགྱིང་ཞིང་འགྲོ་བ། སྐྲ་གནག་ལ་འཇམ་པ། བདེ་སོགས་ལྟར་རྐང་པ་རྐང་གདུབ་ཀྱིས་བརྒྱན་ཅིང་གསེར་གྱི་འོག་པག་ཅན། ལྟོ་ཕྱང་ངེ་བ་དོ་ཤལ་མང་པོ་དཔྱངས་པ། མདོག་གསེར་བཙོམ་ལྟར་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་གཞོན་ནུ་འདོད་ཆགས་ཀྱི་ཞགས་པ་ཆུ་ཟླ་དྲི་མ་

མེད་ཅིང་གསལ་བ་གཡོ་བའི་རང་བཞིན་ལྟ་བུར་གཟུང་དཀའ་བ། ཀླུང་ཆུ་རླབས་དང་བཅས་པའི་ཆུ་སྲིན་ལྟ་བུར་རྟོགས་པར་དཀའ་བ། ནམ་མཁའ་ལྡིང་དང་རླུང་གི་ཤུགས་དང་འདྲ་བར་འགྲོ་བ། ཤིང་བལ་གྱི་འདའ་བ་ལྟ་བུར་མྱུར་དུ་འགྱུར་བ། སྤྲེའུ་ལྟར་ས་གཅིག་ན་མི་འདུག་པས་

གཡོ་ཞིང་ཙབ་ཡབ་ཅན་གྱིས་ནི་དམ་དུ་ཟིན། འདོད་ཆགས་ཀྱི་མདའ་རྟག་ཏུ་ཉོན་མོངས་པ་བསྟེན་པ་གོམས་པའི་འདོད་ཆགས་ཀྱི་བདེ་བ་རོ་མྱོང་བ་ལ་བརྐམ་པ་ཉོན་མོངས་པ་ཐམས་ཅད་ཀྱི་ཡུལ་ངན་འགྲོའི་གཡང་ས་ལས་མི་ཟློགས་པ། བཟང་མོ་ལ་རྗེས་སུ་ཆགས་པའི་སེམས་ཀྱིས་

ཤིན་ཏུ་དྲི་མ་ཅན་དུ་བྱས་པ། ཕྲད་པར་འདོད་པས་ཤིན་ཏུ་དབྱུང་མི་བཟོད་པའི་སྒྲ་འབྱིན་པ། ཚུལ་བཞིན་མ་ཡིན་པའི་གཞུས་འཕངས་པས་ནི་སྙིང་པོ་ལ་ཕོག་སྟེ། མེའི་ནང་དུ་ཕྱེ་མ་ལེབ་བཞིན་དུ་དེ་ཉིད་དུ་འགྱེལ་ཏེ་སྨྲས་པ། དབྱར་གྱི་ཆར་སྤྲིན་ནང་ནས་གློག་ནི་འགྱུ་བ་ལྟར། །བཞིན་

རས་ཟླ་བ་འདྲ་དེ་ནོར་བཟངས་ཀྱིས་མཐོང་སྟེ། །དེ་ལ་ཆགས་པའི་འདོད་པ་སྟེག་ཚོལ་ལས་བྱུང་བའི། །འདོད་ཆགས་མདའ་ཡིས་དེ་ཡི་སེམས་ལ་ཕོག། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་ལྔ་པ། དེ་ནས་རྒྱལ་བུ་ནོར་བཟངས་ཀྱིས་ཡིད་འཕྲོག་མ་ཁྲིད་

དེ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་སོང་ནས་རྔོན་པ་དེ་ལ་ཡང་གྲོང་ཁྱེར་མཆོག་ཅིག་བྱིན་ནོ། །དེ་ནས་གཞོན་ནུ་ནོར་བཟངས་ཡིད་འཕྲོག་མ་དང་ལྷན་ཅིག་སྟེང་གི་ཁང་བཟངས་ཀྱི་གཞིར་དོང་ནས་ལྷན་ཅིག་ཏུ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ་ཡིད་འཕྲོག་མའི་

གཟུགས་དང་ན་ཚོད་དང་བསྙེན་བཀུར་བརྒྱ་ཕྲག་དུ་མའི་ཡོན་ཏན་གྱིས་གཞོན་ནུ་ནོར་བཟངས་ཀྱི་སེམས་ཇི་ལྟར་དེ་དང་སྐད་ཅིག་ཀྱང་འབྲལ་མི་ཕོད་པ་དེ་ལྟར་ཕྲོགས་སོ། །ཇི་ཙམ་དུས་གཞན་ཞིག་ན་བྲམ་ཟེ་གཉིས་ཤིག་ལྗོངས་རྒྱུ་ཞིང་འོངས་པ་ལས་དེ་ལས་གཅིག་ནི་རྒྱལ་པོ་ལ་རྟེན་

Vol. 2 · folio 210a

བཅས་སོ། །གཉིས་པ་ནི་གཞོན་ནུ་ནོར་བཟངས་ལའོ། །རྒྱལ་པོ་ལ་རྟེན་བཅས་པ་གང་ཡིན་པ་དེ་ནི་རྒྱལ་པོས་མདུན་ན་འདོན་དུ་བཅུག་སྟེ་ལོངས་སྤྱོད་ཀྱི་སྐལ་བ་ཡང་བྱིན་ནོ། །གཞོན་ནུ་ནོར་བཟངས་ཀྱི་གང་ཡིན་པ་དེ་ལ་ནི་དེས་ལོངས་སྤྱོད་ཀྱི་སྐལ་བ་ཙམ་ཞིག་

བྱིན་པ་དང་། སྨྲས་པ། གཞོན་ནུ་གང་གི་ཚེ་ཡབ་འདས་ནས་ཁྱོད་རྒྱལ་པོར་བཅུག་པ་དེའི་ཚེ་བདག་ལ་ཅི་ཞིག་བགྱི། གཞོན་ནུ་ནོར་བཟངས་ཀྱིས་སྨྲས་པ། ཇི་ལྟར་ཁྱོད་ཀྱི་གྲོགས་པོ་བྲམ་ཟེ་ངའི་ཡབ་ཀྱི་མདུན་ན་འདོན་དུ་བཅུག་པ་དེ་བཞིན་དུ་ཁྱོད་ཀྱང་ངའི་མདུན་ན་འདོན་དུ་གཞུག་གོ་

ཞེས་བྱས་པའི་གཏམ་དེ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྲམ་ཟེ་མདུན་ན་འདོན་དེས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། ངས་ཅི་ནས་གཞོན་ནུ་ཉིད་ཀྱིས་ཀྱང་རྒྱལ་སྲིད་མི་འཐོབ་པ་དེ་ལྟར་བྱ་ན་མདུན་ན་འདོན་དུ་གཞུག་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་ན་རྒྱལ་པོ་དེའི་ཡུལ་

དུ་རི་འོར་བ་ཞིག་སྡོ་བར་གྱུར་ནས་རྒྱལ་པོས་དེ་འབེབས་སུ་དམག་ཁ་ཆེན་ཅིག་བཏང་བ་ལས་དེ་བཅོམ། རྣམ་པར་བཅོམ་སྟེ་ཕམ་པར་བྱས་ནས་སླར་ལོག་གོ། །དེ་བཞིན་དུ་ཁ་ཆེན་བདུན་གྱི་བར་བཏང་བ་ལས་དེ་རྣམས་ཀྱང་བཅོམ། རྣམ་པར་བཅོམ་སྟེ་ཕམ་པར་བྱས་ནས་སླར་ལྷགས་

སོ། །རྒྱལ་པོ་ལ་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་ཅིའི་སླད་དུ་རང་གི་དཔུང་ཉམས་ཤིང་གཞན་གྱི་མཐུ་སྐྱེད་པར་མཛད། གང་ཡང་ལྷའི་ཡུལ་ན་མཚོན་གྱིས་འཚོ་བ་ཇི་སྙེད་མཆིས་པ་ཐམས་ཅད་དགུག་ཏུ་གསོལ། བྲམ་ཟེ་མདུན་ན་འདོན་གྱིས་བསམས་པ། གཞོན་ནུ་ནོར་

བཟངས་གསད་པའི་ཐབས་བྱ་བའི་དུས་ནི་འདི་ཡིན་ནོ་སྙམ་ནས་དེས་རྒྱལ་པོ་ལ་གསོལ་པ། ལྷ་དེ་ལྟ་བུས་ན་དེ་བབ་པར་རྔོ་མི་ཐོག་གོ། །རྒྱལ་པོས་སྨྲས་པ། ཇི་ལྟར་བྱ་ང་ཉིད་ཁོ་ན་འགྲོའམ། མདུན་ན་འདོན་གྱིས་སྨྲས་པ། ཅིའི་སླད་དུ་ལྷ་ཉིད་གཤེགས། གཞོན་ནུ་ནོར་བཟངས་

འདི་ནི་དར་ལ་བབ་ཅིང་མཐུ་རྩལ་སྙེམས་པ་དང་ལྡན་པ་ལགས་པས་དམག་འདི་རྣམས་དང་ལྷན་ཅིག་དགྱེར་གསོལ། རྒྱལ་པོས་སྨྲས་པ། དེ་བཞིན་དུ་བྱའོ་ཞེས་དེ་ནས་རྒྱལ་པོས་གཞོན་ནུ་བཀུག་ནས་བསྒོ་བ། གཞོན་ནུ་དམག་དང་ལྷན་ཅིག་ཏུ་དེང་ལ་རི་འོར་བ་རྣམས་ཕོབ་ཤིག །ལྷ་

Vol. 2 · folio 210b

བཀའ་བཞིན་འཚལ་ཞེས་གཞོན་ནུ་ནོར་བཟངས་ཀྱིས་རྒྱལ་པོ་ལས་མཉན་ནས། བཙུན་མོ་རྣམས་ཀྱི་གན་དུ་སོང་སྟེ་ཡིད་འཕྲོག་མ་མཐོང་བ་དང་དེ་ཐམས་ཅད་བརྗེད་པར་གྱུར་ཏོ། །དེ་ནས་ཡང་རྒྱལ་པོས་བསྒོ་བ་དང་ཡང་མཐོང་མ་ཐག་ཏུ་ཐམས་ཅད་བརྗེད་པར་གྱུར་ཏོ། །དེ་ནས་མདུན་ན་

འདོན་གྱིས་རྒྱལ་པོ་ལ་སྨྲས་པ། ལྷ་གཞོན་ནུ་ནོར་བཟངས་ནི་ཡིད་འཕྲོག་མ་ལ་ལྷག་པར་ཆགས་པས་མཆི་རྔོ་མི་ཐོག་གིས། དམག་བསྡོགས་ལ་གཞོན་ནུ་བཙུན་མོ་རྣམས་ཀྱི་ནང་ནས་བྱུང་བ་དང་ཅི་ནས་ཀྱང་ཡིད་འཕྲོག་མའི་དྲུང་དུ་མི་མཆི་བར་ཐལ་བྱུང་གཏང་བར་བགྱིའོ། །རྒྱལ་པོས་

བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་དཔུང་གི་ཚོགས་སྟ་གོན་གྱིས་ཤིག །བློན་པོ་རྣམས་ཀྱིས་རྒྱལ་པོ་ལས་མཉན་ནས་དཔུང་གི་ཚོགས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་ཕུན་སུམ་ཚོགས་པ་འཚོག་ཆས་གོ་མཚོན་རྣམ་པ་དུ་མ་དང་ལྡན་པ་དག་སྟ་གོན་བྱས་

སོ། །དེ་ནས་གཞོན་ནུ་ཕྱིར་བྱུང་བ་དང་བསྒོ་བ། གཞོན་ནུ་དཔུང་གི་ཚོགས་སྟ་གོན་བྱས་ཀྱིས་སོང་ཤིག །དེས་སྨྲས་པ། ལྷ་ཡིད་འཕྲོག་མ་ལ་བལྟས་ཏེ་མཆི་བར་བགྱིའོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཐོགས་པར་འགྱུར་གྱིས་མ་ལྟ་ཤིག །ཡབ་གལ་ཏེ་དེ་ལྟ་ན་མ་ལ་བལྟས་ཏེ་

མཆིའོ། །གཞོན་ནུ་མ་ལ་ནི་ལྟོས་ཤིག །དེས་ཡིད་འཕྲོག་མའི་གཙུག་གི་ནོར་བུ་ཁྱེར་ནས་མའི་དྲུང་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡུམ་བདག་རི་འོར་བ་རྣམས་འབེབས་སུ་མཆི་ལགས་ཀྱིས། གཙུག་གི་ནོར་བུ་འདི་ཁྱོད་ཀྱིས་ཤིན་ཏུ་དབེན་པར་སྦོས་ལ་ཡིད་འཕྲོག་

མ་འགུམ་པ་ལ་ཐུག་པ་མ་ལགས་པ་ཇི་ལྟར་གྱུར་ཀྱང་མ་སྩལ་ཅིག་ཅེས་དེས་དེ་སྐད་མ་ལ་བསྒོ་ནས་མཆི་ཕྱག་བྱས་ཏེ་དམག་གི་དཔུང་གི་ཚོགས་དང་རོལ་མོའི་སྒྲ་སྣ་ཚོགས་དང་ཆས་ཏེ་རིམ་གྱིས་ཡུལ་འདས་ནས་རི་འོར་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཞིག་གི་དྲུང་དུ་བཏབ་སྟེ་འདུག་

གོ། །དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་འཁོར་གནོད་སྦྱིན་དུ་མ་དང་། འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང་། འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དང་། འཁོར་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་ལམ་དེ་ནས་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་འདུན་སར་ཆས་སོ། །དེ་ལམ་དེ་ནས་ཆས་

Vol. 2 · folio 211a

པ་ན་ནམ་མཁའི་ལམ་ལ་ཐོགས་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ལམ་འདི་ནས་ལན་མང་པོ་ཞིག་ཏུ་སོང་ན་བདག་གི་བཞོན་པ་ལན་འགའ་ཡང་ཐོགས་པར་མ་གྱུར་ན་གང་གིས་ན་ད་ལྟར་ཐོགས་པ་འདི་ལ་རྒྱུ་ཅི་ཡོད་སྙམ་པ་ལས། དེས་གཞོན་ནུ་

ནོར་བཟངས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ་འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དམག་ལ་ཆས་པས་ཉོན་མོངས་པར་འགྱུར་རོ། །འདིའི་གྲོགས་བྱས་ཏེ་རི་འོར་བ་འདི་རྣམས་སྲོག་ཆགས་འགའ་ཡང་གནོད་པར་མི་འགྱུར་བར་དབབ་བོ་སྙམ་དུ་བསམས་ནས།

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་ལེན་ལ་སྨྲས་པ། ལྔ་ལེན་ཚུར་ཤོག །ཁྱོད་ཀྱིས་གཞོན་ནུ་ནོར་བཟངས་རི་འོར་བ་རྣམས་དང་གཡུལ་མ་བཀྱེ་བར་སྲོག་ཆགས་འགའ་ལ་ཡང་གནོད་པར་མ་བྱ་བར་ཕོབ་ཤིག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་ལེན་གྱིས་བཀའ་བཞིན་འཚལ་

ཞེས་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལས་མཉན་ནས་ལྷའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཤིང་ཏ་ལའི་ཚད་ཙམ་གྱི་སྐྱེས་པ་དང་། རིའི་ཚད་ཙམ་གྱི་གླང་པོ་ཆེ་དང་། གླང་པོ་ཆེའི་ཚད་ཙམ་གྱི་རྟ་དང་། གཞལ་མེད་ཁང་གི་ཚད་ཙམ་གྱི་ཤིང་རྟ་རྣམས་སྤྲུལ་ཏོ། །དེ་ནས་རལ་གྲི་དང་། ཐོ་

བ་དང་། མདའ་བོ་ཆེ་དང་། མདུང་དང་། འཁོར་ལོ་དང་། མདུང་ཐུང་དང་། མདའ་དང་། དགྲ་སྟ་ལ་སོགས་ཏེ་མཚོན་ཆའི་ཁྱད་པར་རྣམ་པ་སྣ་ཚོགས་དང་། སིལ་དཀྲོལ་གྱི་སྒྲ་རྣམ་པ་སྣ་ཚོགས་འབྱིན་པས་འཇིགས་པ་ཆེན་པོ་སྟོན་ཅིང་། ལྔ་ལེན་མཐུ་ཆེན་པོའི་ཚོགས་རྣམས་དང་

རི་འོར་དུ་ཕྱིན་པ་དང་། གླང་པོ་ཆེ་དང་རྟ་དང་ཤིང་རྟའི་སྒྲ་དང་། སིལ་དཀྲོལ་གྱི་སྒྲ་སྣ་ཚོགས་དང་། གནོད་སྦྱིན་རྣམས་ཀྱི་རང་གི་མཐུས་ར་བ་དག་རལ་བར་གྱུར་ཏོ། །དེ་ནས་རི་འོར་ན་གནས་པ་དེ་རྣམས་ཀྱིས་དཔུང་གི་ཚོགས་དེ་དང་ར་བ་དག་རལ་བ་མཐོང་ནས་མཆོག་ཏུ་ངོ་མཚར་

སྐྱེས་ཏེ་དྲིས་པ། དཔུང་གི་ཚོགས་འདི་གང་ནས་འོངས། དེ་རྣམས་ཀྱིས་སྨྲས་པ། མྱུར་དུ་སྒོ་ཕྱེ་ཤིག །གཞོན་ནུ་ནོར་བཟངས་འདིའི་མཇུག་ནས་འོང་སྟེ་དཔུང་གི་ཚོགས་འདི་ནི་དེའི་ཡིན་ནོ། །གལ་ཏེ་མྱུར་དུ་མ་ཕྱེ་ན་ཐམས་ཅད་རྨེག་མེད་པར་འགྱུར་རོ། །དེ་རྣམས་ཀྱིས། བདག་ཅག་

Vol. 2 · folio 211b

རྒྱལ་ལ་མི་ལྡོག་སྟེ། །གཞོན་ནུ་བློ་དང་ལྡན་ལ་མིན། །རྒྱལ་པོ་ཞོ་ཤས་འཚོ་རྣམས་ཀྱིས། །བདག་ཅག་འཇིགས་ཤིང་སྐྲག་གྱུར་མོད། །ཅེས་སྨྲས་ནས་དེ་རྣམས་ཀྱིས་སྒོ་ཕྱེ་སྟེ། དེ་ནས་རྒྱལ་མཚན་དང་བ་དན་བསྒྲེང་ནས་བུམ་པ་གང་བ་དང་རོལ་མོའི་སྒྲ་སྣ་ཚོགས་ཀྱིས་གཞོན་ནུ་

ནོར་བཟངས་བསུའོ། །དེས་ཀྱང་དབུགས་ཕྱུང་ནས་དེ་རྣམས་འདྲང་བ་ལས་སྣ་བོ་བསྐོས་ཏེ་དཔྱ་ཐང་བཅད། གཏེའུ་ཡང་བཟུང་ངོ་། །དེ་ནས་རི་འོར་བ་དེ་རྣམས་ཆམ་དུ་ཕབ་ནས་གཞོན་ནུ་ནོར་བཟངས་སླར་ལོག་གོ། །རྒྱལ་པོ་ནོར་ཅན་གྱིས་དེ་ཉིད་ཀྱི་ནུབ་མོའི་རྨི་ལམ་ན་བྱ་རྒོད་ཅིག་

འོངས་ཏེ་རྒྱལ་པོའི་ལྟོ་དྲལ་ནས་རྒྱུ་མ་གཟངས་ཏེ་གྲོང་ཁྱེར་དེ་ཐམས་ཅད་ཀྱི་མཐའ་བསྐོར་བ་དང་རིན་པོ་ཆེ་སྣ་བདུན་ཁྱིམ་དུ་འོངས་པར་མཐོང་ངོ་། །མཐོང་ནས་དེ་ནས་རྒྱལ་པོ་འཇིགས་སྐྲག་མི་དགའ་ཞིང་སྤུ་ཟིང་ཞེས་བྱེད་ནས་མྱུར་བ་མྱུར་བར་ལངས་ཏེ་མལ་ཆེན་པོ་ལ་འདུག་ནས་ལག་པ་

འགྲམ་པ་ལ་གཏད་དེ་གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་དེ་ནམ་ནངས་ནས་རྨི་ལམ་དེ་བྲམ་ཟེ་མདུན་ན་འདོན་ལ་སྨྲས་པ་དང་། དེས་བསམས་པ། ལྷ་རྨི་ལམ་དེ་ལྟ་བུ་མཐོང་བ་ནི་

གདོན་མི་ཟ་བར་གཞོན་ནུས་རི་འོར་བ་རྣམས་ཕམ་པར་བྱས་ཀྱིས་ལོག་པ་ཞིག་ཏུ་བསྟན་པར་བྱའོ་སྙམ་ནས་སྨྲས་པ། ལྷ་ཁྱོད་ཀྱིས་རྨང་ལམ་དུ་གཟིགས་པ་ནི་བཟང་བ་མ་ལགས་ཏེ། གདོན་མ་འཚལ་བར་གཞི་འདི་ལས་ལྷའི་རྒྱལ་སྲིད་ལས་ཉམས་པའམ། སྐུ་ཚེའི་བར་ཆད་དུ་

འགྱུར་ལགས་སོ། །འོན་ཀྱང་འདི་བཟློག་པའི་ཐབས་མཆིས་ཏེ། དེ་ཡང་བྲམ་ཟེ་རྣམས་ཀྱིས་གསང་ཚིག་ལས་མཐོང་ངོ་། །བཟློག་པའི་ཐབས་དེ་ཅི་ཡིན། ལྷ་སྐྱེད་མོས་ཚལ་དུ་རྫིང་དབྱིབས་ལེགས་པ་ཚད་ལ་བབ་པ་བགྱིས་ལ། དེ་ནས་རྡོ་ཐལ་གྱིས་བྱུགས་ཏེ།

ལེགས་པར་བསྟར་ལ་རི་དགས་ཕྲ་མོ་རྣམས་ཀྱི་ཁྲག་གིས་བཀང་ལ་དེ་ནས་ལྷས་ཁྲུས་ལ་གཤེགས་པ་ན་རྫིང་དེ་ལ་ཐེམ་སྐས་གཅིག་ལས་འཇུག་པར་བགྱིའོ། །གཅིག་ལས་ཞུགས་ནས་གཉིས་པ་ལ་འཛེག་པར་བགྱིའོ། །གཉིས་པ་ལས་ཞུགས་ནས་གསུམ་པ་ལ་འཛེག་

Vol. 2 · folio 212a

པར་བགྱིའོ། །གསུམ་པ་ལས་ཞུགས་ནས་བཞི་པ་ལ་འཛེག་པར་བགྱིའོ། །དེ་ནས་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་བཞིས་ལྷའི་ཞབས་ལྕེས་བ་ལྡགས་ལ་མི་མ་ཡིན་པའི་ཚིལ་གྱི་བདུག་པས་བདུག་གོ། །དེ་ལྟར་ན་ལྷའི་དངོས་

སྡིག་འབྱང་ཞིང་ཡུན་རིང་པོར་རྒྱལ་སྲིད་སྐྱོང་བར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་དག་ཐམས་ཅད་ནི་ནུས་ན་འདི་ལྟར་མི་མ་ཡིན་པའི་ཚིལ་འདི་ནི་ཤིན་ཏུ་དཀོན་ནོ། །མདུན་ན་འདོན་གྱིས་སྨྲས་པ། ལྷ་མོད་པ་གང་ལགས་པ་དེ་དཀོན་ལགས་སམ། རྒྱལ་པོས་སྨྲས་པ། དེ་ཇི་

ལྟ་བུ་ཞིག་ཡིན། མདུན་ན་འདོན་གྱིས་སྨྲས་པ། ལྷ་ཡིད་འཕྲོག་མ་འདི་མི་མ་ལགས་པ་མ་ལགས་སམ། རྒྱལ་པོས་སྨྲས་པ། མདུན་ན་འདོན་འདི་ལ་གཞོན་ནུའི་སྲོག་འདུག་གིས་དེ་སྐད་མ་སྨྲ་ཤིག །དེས་སྨྲས་པ། ལྷ་ཁྱིམ་གྱི་ཕྱིར་ནི་འགའ་གཏང་སྟེ། །གྲོང་རྡལ་ཕྱིར་ནི་ཁྱིམ་གཏང་ངོ་། །

ཡུལ་ལྗོངས་ཕྱིར་ནི་གྲོང་རྡལ་ཏེ། །བདག་གི་ཕྱིར་ནི་ས་གཏང་ངོ་། །ཞེས་བགྱི་བ་མ་གསན་ཏམ། རྒྱལ་པོ་བདག་ཉིད་བརྟན་གྱུར་ནས། །གཞོན་ནུ་བློ་ལྡན་དེ་ལ་ནི། །གཞན་ཞིག་སྩལ་བར་སྤྱོད་གྲང་གིས། །ཡིད་འཕྲོག་འདི་ནི་དགུམ་པར་མཛོད། །བདག་ཉིད་ལ་མངོན་པར་ཆགས་པ་

ནི་མི་བྱེད་པ་ཅི་ཡང་མེད་པས་དེས་ཁས་བླངས་སོ། །དེ་ནས་མདུན་ན་འདོན་གྱིས་ཇི་སྐད་བསྟན་པ་བཞིན་དུ་བྱ་བར་བརྩམས་ཏེ། རྫིང་བརྐོས་ནས་རྡོ་ཐལ་གྱིས་བྱུགས་ཤིང་ལེགས་པར་བསྟར་ནས་རི་དགས་ཕྲ་མོ་རྣམས་ཀྱི་ཁྲག་སོགས་པ་ལ་ཞུགས་སོ། །སྦྱོར་བ་དེ་ནོར་བཟངས་ཀྱི་བཙུན་མོའི་

སྐྱེ་བོས་ཤེས་ནས་དེ་རྣམས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བདག་ཅག་ལང་ཚོ་ལ་བབ་ཅིང་གཟུགས་ཕུན་སུམ་ཚོགས་པ་ཡིན་པས། ད་ནི་བདག་ཅག་དང་གཞོན་ནུ་ནོར་བཟངས་སུ་ཡོངས་སུ་དགའ་མགུར་སྤྱོད་པར་འགྱུར་རོ་ཞེས་དེ་རྣམས་རབ་ཏུ་དགའ་བར་བྱེད་པ་དེ་དག་ཡིད་

འཕྲོག་མས་མཐོང་ནས་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་ལྷག་པར་དགའ། ཇི་ཙམ་ན་གཞན་ཞིག་གིས་ཡིད་འཕྲོག་མ་ལ་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང་། ཡིད་འཕྲོག་མ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སྐྱེས་ནས་གཞོན་ནུ་ནོར་བཟངས་ཀྱི་མ་གང་ན་བ་དེར་སོང་སྟེ་རྐང་

Vol. 2 · folio 212b

པ་གཉིས་ལ་གཏུགས་ནས་སྙིང་རྗེ་རྗེ་སྐད་དུ་སྒྲ་གཅོམ་ཆུང་ངུས་དོན་དེ་དལ་བུས་སྨྲས་པ་དང་། དེས་སྨྲས་པ། གལ་ཏེ་དེ་ལྟ་ན་ལེགས་པར་རྟོགས་ཤིག །བདག་གིས་ཀྱང་བརྟག་གོ། །ཡིད་འཕྲོག་མས་བརྟགས་ནས་ཡང་སྨྲས་པ་དང་། དེས་བརྟགས་ན་ཡང་བདེན་པར་མཐོང་ནས།

དེ་ནས་དེས་གཙུག་གི་ནོར་བུ་དེ་དང་གོས་ཤིག་ཡིད་འཕྲོག་མ་ལ་བྱིན་ནས་སྨྲས་པ། བུ་ཁྱོད་དུས་ལ་མ་བབ་པར་མ་འགྲོ་ཤིག །དེ་ལྟ་ན་ཁོ་མོ་ལ་ཁ་མཆུ་འབྱུང་བར་མི་འགྱུར་རོ། །དེ་ནས་རྒྱལ་པོ་ཇི་སྐད་བསྟན་པའི་རིམ་པ་བཞིན་དུ་ཁྲུས་ལ་ཆས་ཏེ་ཁྲག་གིས་གང་བའི་རྫིང་བུར་ཞུགས་

ནས་བྱུང་བ་དང་། དེ་ནས་དེའི་རྐང་པ་གཉིས་ལ་བྲམ་ཟེ་རྣམས་ཀྱི་ལྕེས་བལྡགས་སོ། །ཇི་ཙམ་ན་མིའམ་ཅི་མོ་ཁྲིད་དེ་ཤོག་ཅེས་བསྒོ་བ་དང་། དེ་མ་ཐག་ཁོ་ནར་ཡིད་འཕྲོག་མ་ནམ་མཁའ་ལ་འཕགས་ཏེ་ཚིགས་སུ་བཅད་དེ་སྨྲས་པ། བདག་ནི་རེག་དང་ཕྲད་པ་དང་། །བདག་ནི་བགད་

དང་རྩེས་པ་ལས། །བན་གླང་མོ་བཏགས་ཐར་བ་ལྟར། །དེ་ནི་བདག་མོ་འགྲོ་བར་བྱ། །རྒྱལ་པོས་ཀྱང་ནམ་མཁའི་ལམ་ལས་འགྲོ་བ་མཐོང་ནས་དེ་སྐྲག་སྟེ་མདུན་ན་འདོན་ལ་སྨྲས་པ། གང་གི་ཕྱིར་འབད་པར་བྱ་བ་དེ་མ་གྲུབ་པར་མིའམ་ཅི་ཡིད་འཕྲོག་མ་བྲོས་སོ། །མདུན་ན་འདོན་

གྱིས་སྨྲས་པ། ལྷ་ད་ནི་དོན་གྲུབ་སྟེ་དངོས་སྡིག་དང་བྲལ་ལགས་སོ། །དེ་ནས་ཡིད་འཕྲོག་མ་ནམ་མཁའི་ལམ་ལས་འགྲོ་བ་ན་འདི་སྙམ་དུ་སེམས་ཏེ། གང་ཡང་བདག་གནས་སྐབས་འདི་ཐོབ་པ་དེ་ནི་དྲང་སྲོང་དེས་བསྟན་པ་ལས་གྱུར་གྱི། གལ་ཏེ་དེས་མ་བསྟན་ན་ནི་བདག་བཟུང་

ཞིང་འགྲོ་བར་མི་འགྱུར་བ་ཞིག །དེ་ལྟ་བས་ན་རེ་ཞིག་དྲང་སྲོང་དེའི་དྲུང་དུ་འགྲོའོ་སྙམ་ནས། དེ་དེའི་བསྟི་གནས་སུ་སོང་སྟེ་རྐང་པ་གཉིས་ལ་ཕྱག་བྱས་ནས་དྲང་སྲོང་ལ་སྨྲས་པ། དྲང་སྲོང་ཆེན་པོ་ཁྱོད་ཀྱིས་བསྟན་པས་བདག་བཟུང་སྟེ་མཆིས་ནས་མིའི་རེག་པ་རྣམས་ཐོབ་ཅིང་སྲོག་གི་བར་

ཆད་དུ་ཅུང་ཞིག་གིས་མ་གྱུར་ཏོ། །དེ་བས་གསོལ་བ་ནི་གལ་ཏེ་བརྒྱ་ཞིག་ལ་གཞོན་ནུ་ནོར་བཟངས་བདག་ཚོལ་ཞིང་མཆིས་ན་དེ་ལ་བདག་གི་སོར་གདུབ་སྩོལ་ལ་འདི་སྐད་ཀྱང་གསུང་བའི་རིགས་སོ། །གཞོན་ནུ་ལམ་ཡང་བགྲོད་པར་དཀའ་སྟེ་ཉོན་མོངས་པར་འགྱུར་གྱིས་སླར་

Vol. 2 · folio 213a

བཞུད་ཅིག །གལ་ཏེ་བཟློག་ཀྱང་མཆིས་སུ་མ་བཏུབ་ན་དེ་ལ་ལམ་བསྟན་པའི་རིགས་ཀྱིས། གཞོན་ནུ་ཡིད་འཕྲོག་མས་བསྟན་པ་བྱང་ཕྱོགས་ལོགས་ན་རི་ནག་པོ་གསུམ་མཆིས་སོ། །དེ་དག་རྒལ་བའི་ཕ་རོལ་ན་ཡང་གསུམ་མོ། །དེ་དག་རྒལ་བའི་ཕ་

རོལ་ན་ཡང་གསུམ་མཆིས་སོ། །དེ་དག་རྒལ་བ་དང་རིའི་རྒྱལ་པོ་གངས་ཅན་མཆིས་སོ། །དེའི་བྱང་ཕྱོགས་ན་ནི་རི་བོ་ཕུར་པའི་རྩེ་མཆིས་སོ། །དེ་ནས་ལམ་ཆུ་སྒྲ་ཅན་དང་། སེང་ལྡེང་ཅན་དང་། རྒྱུད་གཅིག་པ་དང་། རྡོ་རྗེ་ཅན་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དང་། ཕུར་

པའི་དབྱིབས་དང་། ས་སྲུང་བུའི་དབྱིབས་དང་། མི་གཡོ་བ་དང་། རབ་གྲོལ་ཏེ། རི་བོ་དེ་དག་ཁྱོད་ཀྱིས་རྒོལ་ཅིག །དེ་ལ་རི་བོ་སེང་ལྡེང་ཅན་དང་། རྒྱུད་གཅིག་པ་དང་། ཕུར་པའི་དབྱིབས་ལ་ནི་ཕུག་ནས་འཇུག །རྡོ་རྗེ་ཅན་ལ་ནི་བྱའི་རྒྱལ་པོས་འཇུག་སྟེ། ཐབས་འདི་དག་

གིས་རི་བོ་དེ་རྣམས་རྒལ་བར་བགྱིའོ། །འཁྲུལ་འཁོར་ར་གདོང་ཅན་དང་། ལུག་ལྟ་བུ་དང་། སྐྱེས་བུ་སྲིན་པོ་སེར་སྐྱའི་གཟུགས་ཅན་དག་ཀྱང་གཞོམ་པར་བགྱིའོ། །ཕུག་ན་སྦྲུལ་ཁ་ཆུའི་རྒྱུན་ཆེན་པོའི་ཤུགས་ཀྱིས་རྒྱུག་པ་ཞིག་མཆིས་ཏེ། དེ་ནི་ཞོ་ཤས་གཞོམ་པར་བགྱིའོ། །

གང་ན་སྦྲུལ་ནི་ནག་པོ་ཞིག །ཕུག་ན་ཕྱེད་འདུག་མཐོང་ནས་ནི། །བདག་གི་སླད་དུ་གཞུ་བདུངས་ལ། །མདའ་ཡིས་བསྣུན་ཏེ་གསད་པར་གྱིས། །གང་ནས་ལུག་གཉིས་ཕན་ཚུན་ནས། །རྡུང་བར་བྱེད་པ་མཐོང་ན་ནི། །དེ་གཉིས་རྭ་རེ་བཅག་མཛོད་དང་། །ལམ་ནི་རྙེད་པར་འགྱུར་

ལགས་སོ། །འཇིགས་པ་ཆེ་སྐྱེད་མཚོན་ཐོགས་པའི། །ལྕགས་ཀྱི་སྐྱེས་པ་གཉིས་མཐོང་ན། །དེ་གཉིས་ལས་ནི་གཅིག་བརྡེགས་དང་། །ལམ་ནི་རྙེད་པར་འགྱུར་ལགས་སོ། །སྲིན་མོ་ལྕགས་ཀྱི་མཆུ་ཅན་ཞིག །ཁ་འཛུམས་གདངས་པར་བགྱིད་གཟིགས་ན། །དེ་ཚེ་དེ་ཡི་འཕྲལ་

བ་ལ། ཕུར་པ་དག་གིས་གདབ་པར་མཛོད། །དེ་བཞིན་ཁྲོན་པ་ཀློང་དྲག་འཁྱིལ། །དྲུག་བཅུའི་ཁྲུ་ཅན་ལ་ཁྱོད་མཆོངས། །སྐྲ་མིག་སེང་གེའི་ལྟར་སེར་ཞིང་། །མི་བཟད་བསྙེན་པར་དཀའ་བ་ཡི། །གནོད་སྦྱིན་དང་ནི་སྲིན་པོ་དག །གཞུ་བཀང་སྟེ་ནི་གསད་མཛོད་ལ། །

Vol. 2 · folio 213b

ཆུ་སྲིན་འཛིན་ཁྲིས་གང་བ་ཡི། །ཆུ་བོ་མང་པོ་རྒལ་མཛོད་ཅིག །ནང་ག་ཕྱེ་མ་ལབ་གདུངས་དང་། །སྣ་ཚོགས་ངུད་མོ་དགོད་པ་དང་། །སྦྲུལ་ཅན་འོད་མ་ཅན་གྱི་ཀླུང་། །ནང་ག་ན་ནི་སྲིན་མོ་ཁྲོ། །ཕྱེ་མ་ལབ་ན་མི་མ་ཡིན། །གདུངས་པ་ན་ནི་འཛིན་ཁྲི་མང་། །སྣ་ཚོགས་ཅན་ན་འདོད་

སྒྱུར་གཟུགས། །ངུད་མོར་མིའམ་ཅི་ཡི་བྲན། །དགོད་པ་ན་ནི་མིའམ་ཅིའོ། །མནའ་མ་སྦྲུལ་ཅན་སྦྲུལ་མང་ན། །འོད་མ་ཅན་ཀླུང་ཤལ་མ་ལི། །ནང་ག་ལ་ནི་བརྟན་པར་བྱ། །ཕྱེ་མ་ལབ་ལ་རྟུལ་ཕོད་བྱ། །གདུངས་པར་འཛིན་ཁྲི་ཁ་བཅིང་ངོ་། །སྣ་ཚོགས་ཅན་དུ་ཀླུ་སྣ་ཚོགས། །དུད་

མོ་ཅན་དུ་ཡིད་བདེ་བས། །དགོད་བྱེད་དུ་མི་སྨྲ་བ་ཡི། །སྦྱོར་བས་ཀུན་དུ་རྒལ་བར་མཛོད། །སྦྲུལ་ཅན་དུ་ནི་སྦྲུལ་དུག་གི། །སྔགས་ཀྱི་སྦྱོར་དང་འོད་མ་ཅན། །ཀླུང་དུ་མཚོན་རྣོན་གདབ་པ་ཡི། །སྦྱོར་བས་ཀུན་དུ་རྒལ་བར་མཛོད། །ཆུ་བོ་རྣམས་རྒལ་ནས་གཅན་པའི་གནས་ན་

གནོད་སྦྱིན་ལྔ་བརྒྱ་ཡོད་པ་དེ་རྣམས་ལ་སྲན་ཚུགས་ཏེ་གཞོམ་པར་མཛོད་ཅིག །དེ་ནས་ནི་མི་འམ་ཅིའི་རྒྱལ་པོའི་ཕོ་བྲང་མཆིས་སོ་ཞེས་གསུངས་ཤིག །དྲང་སྲོང་དེ་ལ་ཡིད་འཕྲོག་མས་དེ་སྐད་ཅེས་སྨྲས་ནས་རྐང་པ་གཉིས་ལ་མགོ་བོས་གཏུགས་ཏེ་དེ་ནས་སོང་ངོ་། །ཇི་ཙམ་ན་གཞོན་ནུ་ནོར་

བཟངས་ཀྱིས་རི་འོར་དེ་ཕབ་ནས་སྐྱེས་ཁྱེར་ཏེ་གླང་པོའི་གྲོང་ཁྱེར་དུ་འོངས་སོ་ཞེས་རྒྱལ་པོས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །དེ་ནས་གཞོན་ནུ་ངལ་སོས་ནས་ཕའི་དྲུང་དུ་སོང་སྟེ་ཕྱག་བྱས་ནས་མདུན་དུ་འདུག་པ་དང་། རྒྱལ་པོས་མཆོག་ཏུ་དགའ་བར་འགྱུར་བའི་གཏམ་བྱས་ནས་

སྨྲས་པ། གཞོན་ནུ་ཁྱོད་བདེ་བར་འོངས་སམ། ལྷ་ཁྱོད་ཀྱི་བཀའ་དྲིན་གྱིས་རི་འོར་བ་ཕབ་སྟེ་གཏེའུ་བཟུང་། སྣ་བོ་བསྐོས་ལགས་ཏེ། དཔྱ་དང་སྐྱེས་ཀྱང་འདི་དག་ལགས་ཀྱིས་ཕྱག་མཛོད་དུ་གཞུག་ཏུ་གསོལ། རྒྱལ་པོས་སྨྲས་པ། བུ་ལེགས་པར་བྱས་ཀྱིས་བཞེས་སོ། །

དེ་ནས་གཞོན་ནུས་ཕ་ལ་ཕྱག་བྱས་ནས་ཆས་པ་དང་། རྒྱལ་པོས་སྨྲས་པ། གཞོན་ནུ་སྐྱེས་ལ་ལྷན་ཅིག་ཁོ་ནར་ལོངས་སྤྱད་ཀྱིས་འདུག་ཤིག །ལྷ་བདག་གིས་ཡིད་འཕྲོག་མ་མ་མཐོང་ནས་ཡུན་རིང་ཞིག་ལགས་པས་མཆི་ལགས་སོ། །གཞོན་ནུ་དེང་འགྲོ་བ་ཤོལ་ལ་སང་སོང་

Vol. 2 · folio 214a

ཤིག །དེ་གལ་གྱིས་འཆུ་ཞིང་འདི་སྐད་ཅེས་སྨྲས་སོ། །ཡབ་ངེས་པར་དེང་ཉིད་བདག་མཆི་ལགས་སོ། །རྒྱལ་པོ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་གཞོན་ནུ་རང་གི་ཁྱིམ་དུ་སོང་ན་བཙུན་མོའི་ཕོ་བྲང་གི་སྒོ་དཔལ་གྱིས་སྟོང་པར་མཐོང་ནས་དེ་སེམས་ཁོང་དུ་

ཆུད་བཞིན་དུ་ཞུགས་ན། ཡིད་འཕྲོག་མ་མ་མཐོང་ནས་སྙིང་སྟོར་ཏེ་ཕན་ཚུན་དུ་རྒྱུ་ཞིང་ཡིད་འཕྲོག་མ་ཡིད་འཕྲོག་མ་ཞེས་སྒྲ་ཕྱུང་ངོ་། །ཇི་ཙམ་ན་བཙུན་མོ་རྣམས་ཚོགས་ནས་བཙུན་མོ་དེ་རྣམས་ཀྱིས་གཏམ་རླུང་ལ་བསྐུར་བ་དང་། དེའི་སྙིང་ལ་ཟུག་རྔུས་ཟུག་པས་ཡང་ནས་ཡང་དུ་

དྲིས་པ་ལས། དེ་རྣམས་ཀྱིས་ཇི་ལྟར་གྱུར་པ་སྨྲས་སོ། །དེ་མྱ་ངན་གྱིས་ཡིད་བློང་བར་གྱུར་ཏོ། །བུད་མེད་དེ་རྣམས་ཀྱིས་སྨྲས་པ། ལྷ་བཙུན་མོའི་འཁོར་འདི་ན་དེ་བས་བུད་མེད་ཤིན་ཏུ་ཁྱད་པར་དུ་འཕགས་པ་དག་མཆིས་ན་ཅིའི་སླད་དུ་ཐུགས་ངན་མཛད། དེས་ཕ་སྙིང་རྗེ་མེད་ཅིང་

བྱས་པ་ཆུད་གསོན་པ་ཐོས་ནས་མའི་དྲུང་དུ་སོང་སྟེ་རྐང་པ་ལ་གཏུགས་ནས་སྨྲས་པ། ཡུམ། ཡིད་བཞིན་ཡོན་ཏན་ལྡན་གྱུར་ཅིང་། །གཟུགས་མཛེས་ཕུན་སུམ་ཚོགས་པ་ཡི། །ཡིད་འཕྲོག་མ་ནི་མི་གདའ་ན། །བདག་གི་ཡིད་འཕྲོག་གང་དུ་མཆིས། །ཡིད་ཀྱིས་རབ་ཏུ་བརྒྱུག་

སྙམ་ནའང་། །བདག་གི་ཡིད་ནི་ཀུན་ཏུ་རྨོངས། །དེ་དང་བྲལ་བར་གྱུར་པ་ཡིས། །སྙིང་ནི་ཤིན་ཏུ་གདུངས་པ་ཉིད། །བདག་གི་ཡིད་དུ་མཆི་ཞིང་ཡིད་འཕྲོག་ལ། །ཡིད་དུ་འཐད་ཅིང་ཡིད་ལ་དགའ་བ་ཡི། །ཡིད་འཕྲོག་དང་བྲལ་བདག་ལུས་གདུངས་པ་ཡི། །བདག་གི་སྡུག་

བསྔལ་འདི་ནི་གང་ནས་མཆིས། །དེས་སྨྲས་པ། བུ་ཡིད་འཕྲོག་མ་སྡུག་བསྔལ་མི་བཟད་པ་ཉམ་ང་བར་གྱུར་ནས་ཁོ་མོས་བཏང་ངོ་། །ཡུམ་ཇི་ལྟར་གྱུར། དེས་ཇི་ལྟར་གྱུར་པ་ཐམས་ཅད་རྒྱས་པར་སྨྲས་པ་དང་། དེས་ཕ་སྙིང་རྗེ་མེད་ཅིང་བྱས་པ་མི་གཟོ་བ་ཡིན་ནོ་ཞེས་སྨྲས་ནས་ཡང་

སྨྲས་པ། ཡུམ་གང་དུ་མཆིས། ཤུལ་ནི་གང་ནས། དེས་སྨྲས་པ། གང་དུ་ཡིད་འཕྲོག་སོང་བ་ཡི། །ལམ་དེ་རི་དང་དྲང་སྲོང་དང་། །སེང་གེ་དག་གིས་རྟག་བསྟེན་ཅིང་། །ཆོས་ཀྱི་རྒྱལ་པོ་གནས་པ་ཡིན། །དེ་ཡིད་འཕྲོག་མ་དང་བྲལ་བའི་སྡུག་བསྔལ་གྱིས་མི་བཟད་པར་

Vol. 2 · folio 214b

ཉམ་ཐག་ཅིང་སྙིང་རྗེ་རྗེ་སྐད་དུ་བླ་ཞིང་སྨྲེ་སྔགས་འདོན་པ། ཡིད་བཞིན་ཡོན་ཏན་ལྡན་གྱུར་པའི། །ཡིད་འཕྲོག་མ་ནི་མི་གདའ་ན། །ཞེས་བྱ་བ་ནས་བདག་གི་སྡུག་བསྔལ་འདི་ནི་གང་ནས་འོངས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་མས་སྨྲས་པ། བུ་བཙུན་མོའི་

འཁོར་འདི་ན་དེ་བས་ཆེས་ཁྱད་པར་དུ་འཕགས་པའི་བུད་མེད་དག་ཡོད་ན་ཅིའི་ཕྱིར་མྱ་ངན་བྱེད། གཞོན་ནུས་སྨྲས་པ། ཡུམ་དེ་མ་རྙེད་པར་བདག་དགའ་བར་ག་ལ་འགྱུར། དེས་དེ་དབུགས་ཕྱུང་ཡང་འོན་ཀྱང་མྱ་ངན་གྱིས་གདུངས་ནས་དེའི་ཁུངས་ཚོལ་ཞིང་ཕན་ཚུན་དུ་བཙལ་བར་

བརྩམས་ཏེ་དེའི་བློ་སྐྱེས་པ། གང་ཁོ་ན་ལས་ཐོབ་པ་དེ་ཉིད་ལ་རེ་ཞིག་དྲིའོ་སྙམ་ནས། དེས་རྔོན་པ་སྤང་ལེབ་ཅན་གྱི་དྲུང་དུ་སོང་སྟེ་དྲིས་པ། ཁྱོད་ཀྱིས་ཡིད་འཕྲོག་མ་གང་ནས་རྙེད། དེས་སྨྲས་པ། རི་བོ་ཆེ་གེ་མོའི་ངོས་ལ་དྲང་སྲོང་ཞིག་གནས་ཏེ། དེའི་བསྟི་གནས་ན་ཚངས་

པ་འདུ་བ་ཞེས་བགྱི་བའི་རྫིང་མཆིས་ཏེ། དེར་ཁྲུས་ལ་ཞུགས་པ་ལས་དྲང་སྲོང་གིས་བསྟན་ནས་རྙེད་དོ། །དེས་བསམས་པ། ད་ནི་དྲང་སྲོང་གི་དྲུང་དུ་སོང་དང་དེ་ལས་ཁུངས་ཕྱིན་པར་འགྱུར་རོ་སྙམ་མོ། །རྒྱལ་པོས་གཞོན་ནུ་ཡིད་འཕྲོག་མ་དང་བྲལ་བས་ཤིན་ཏུ་ཡིད་བློང་བའི་

གཏམ་དེ་ཐོས་སོ། །དེ་ནས་རྒྱལ་པོས་སྨྲས་པ། གཞོན་ནུ་ཁྱོད་ཡིད་བློང་དུ་ཅི་ཡོད། ད་ནི་དེ་བས་ཁྱད་པར་འཕགས་པའི་ཆུང་མ་སྦྱིན་ནོ། །དེས་སྨྲས་པ། ཡབ་བདག་ནི་དེ་མ་ལགས་པའི་མཆིས་འབྲང་གི་འཁོར་དང་མཆིས་པར་རྔོ་མི་ཐོག་ལགས་སོ། །རྒྱལ་པོས་དེ་ལ་ལན་དུ་མ་

སྨྲས་ཀྱང་མ་ཟློགས་སོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་གྱི་སྒོ་དང་ར་བའི་ཁར་ཅི་ནས་ཀྱང་གཞོན་ནུ་ཕྱིར་མི་འཆོར་བར་བྱ་བའི་ཕྱིར་སྐྱེས་བུ་སྲུང་མ་དག་བཀོད་དོ། །དེ་ནས་གཞོན་ནུ་ནི་མཚན་ཐོག་ཐག་མི་ཉལ་བར་གྱུར་ཏོ། །ལྔ་པོ་འདི་དག་ནི་མཚན་མོ་ཅུང་ཟད་ཉལ་གྱི་ཕལ་

ཆེར་མི་ཉལ་ཏེ། ལྔ་གང་ཞེ་ན། སྐྱེས་པ་བུད་མེད་ལ་ཆགས་པས་སེམས་བཅིངས་པ་དང་། བུད་མེད་སྐྱེས་པ་ལ་ཆགས་པ་དང་། སྲོག་ཆགས་ངུར་པ་དང་། ཆོམ་རྐུན་པའི་ར་བགོ་དང་། དགེ་སློང་བརྩོན་འགྲུས་བརྩམས་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་

Vol. 2 · folio 215a

གཞོན་ནུ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་སྒོ་ནས་སོང་ན་རྒྱལ་པོའི་སྒོ་སྲུངས་ཀྱི་སྲུང་མ་གཏུམ་པོ་དག་ཡོད་དེ། དེ་རྣམས་ཀྱིས་བདག་ཆད་པས་གཅོད་པའམ། སྲོག་དང་བྲལ་བར་བྱེད་པར་འགྱུར་གྱིས། ཅི་ནས་ཀྱང་མ་ལ་བདག་སྲུང་མ་མེད་པའི་ལམ་

ནས་འགྲོའོ་སྙམ་ནས། དེ་མཚན་མོ་ལངས་ཏེ་ཨུཏྤ་ལ་སྔོན་པོའི་ཕྲེང་བས་མགོ་བོ་བཅིངས་པའི་ཕྲེང་བ་རྒྱལ་མཚན་ལ་བཏགས་ནས་གང་ན་སྲུང་མའི་མི་མེད་པ་དེ་ནས་བབས་པ་ན་ཟླ་བ་ཤར་ཏོ། །དེ་ནས་དེས་ཟླ་བ་ལ་བལྟས་ནས་ཡིད་འཕྲོག་མ་དང་བྲལ་བའི་སྨྲེ་སྔགས་འདི་ལྟ་བུ་

དག་འདོན་པར་བྱེད་དེ། ཟླ་ཉ་རྒྱུ་སྐར་རྒྱལ་པོ་མཚན་མོ་གསལ་བྱེད་ཀྱེ། །ཁྱོད་ནི་སྣར་མའི་མིག་ཏུ་སྡུག་པ་དེད་དཔོན་བཟང་། །ཅི་ག་བདག་གི་སྡུག་པ་ཨུཏྤ་ལ་ལྟ་བུའི་མིག །ཡིད་འཕྲོག་ཅེས་བགྱི་ཁྱོད་ཀྱིས་ས་སྟེངས་གཟིགས་ལགས་སམ། །ཞེས་སྨྲས་ནས། སྔོན་གྱི་དགའ་

བ་ཉམས་སུ་མྱོང་བ་དྲན་ཞིང་སོང་བ་ལས་རི་དགས་མོ་ཞིག་མཐོང་ནས་དེ་ལ་ཡང་སྨྲས་པ། ཀྱེ་མ་རི་དགས་མོ་ཁྱོད་རྩྭ་ཆུ་ལོ་མ་ཟ། །ཁྱོད་ནི་ལེགས་གྱུར་བདེར་སྤྱོད་བདག་ནི་རྔོན་པ་མིན། །རི་དགས་མོ་ལྟར་མིག་དཀྱུས་རིང་བས་གཟུགས་བཟང་བ། །བདག་གི་ཡིད་འཕྲོག་ཅེས་

བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། །དེ་དེ་ནས་སོང་སྟེ་ཕྱོགས་གཞན་ཞིག་ཏུ་ཕྱིན་པ་དང་། ཚལ་མེ་ཏོག་དང་འབྲས་བུས་མཛེས་པར་བྱས་པའི་སྙིང་པོ་ལ་བུང་བ་དག་ལོངས་སྤྱོད་པ་མཐོང་ནས་དེ་ནས་བུང་བ་ཞིག་ལ་སྨྲས་པ། སྦྲང་རྩིའི་བུང་བ་རི་བོ་མཐོན་ཏིང་ལྟ་བུའི་མཆོག །སྨྱུག་མའི་

སྦུབས་དང་པད་མ་དག་ལ་གནས་འཆའ་བ། །སྐྲ་ཡི་ཚོགས་རིང་ཁ་དོག་བུང་བ་ལྟར་གནག་པ། །བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། །ཕྱོགས་དེ་ནས་ཀྱང་སོང་བ་དང་སྦྲུལ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། ཀྱེ་མའོ་སྦྲུལ་གནག་ཤིང་ལོ་ལྟ་

བུར་ལྕེ་གཡོ་ཞིང་། །མིག་དང་ཁ་ཡི་ནང་ནས་དུད་པའི་ཚོགས་འབྱིན་པ། །ཁྱོད་ཀྱི་གདུག་པའི་མེ་དང་འདོད་ཆགས་མེར་མི་མཚུངས། །བདག་གི་ཡིད་འཕྲོག་ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། །དེ་ནས་ཀྱང་ཕྱོགས་གཞན་ཞིག་ཏུ་སོན་པ་དང་། ཚལ་གཞན་ཞིག་ན་ཁུ་

Vol. 2 · folio 215b

བྱུག་སྒྲ་འབྱིན་པ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ཁུ་བྱུག་དེ་ལ་ཡང་སྨྲས་པ། ཀྱེ་མ་ཁུ་བྱུག་ཚལ་མཆོག་ལྗོན་ཤིང་ལ་གནས་པ། །འདབ་ཆགས་ཚོགས་ཀྱི་རྒྱལ་པོ་བུད་མེད་ཡིད་འཕྲོག་པ། །ཨུཏྤལ་སྔོན་པོ་ལྟ་བུར་དྲི་མེད་མཛེས་པའི་མིག །བདག་གི་ཡིད་འཕྲོག་

ཅེས་བྱ་ཁྱོད་ཀྱིས་མཐོང་གྱུར་ཏམ། །ཕྱོགས་དེ་ནས་ཀྱང་སོང་བ་དང་། ཤིང་མྱ་ངན་འཚང་ཞེས་བྱ་བ་མེ་ཏོག་ཐམས་ཅད་རྒྱས་པ་ཞིག་མཐོང་ནས། མིང་གི་རྣམ་གྲངས་བཀྲ་ཤིས་ཞེས་བརྗོད་པ། །ལྗོན་པ་རྣམས་ཀྱི་རྒྱལ་པོ་ཆེར་གྱུར་ལ། །ཡིད་འཕྲོག་མྱ་ངན་གྱིས་ནི་བློང་

བ་དག །ཐལ་མོ་སྦྱོར་ན་ཁྱོད་ཀྱིས་མྱ་ངན་སོངས། །དེ་དེ་ལྟར་ཡིད་བློང་བཞིན་རིམ་གྱིས་དྲང་སྲོང་དེའི་བསྟི་གནས་སུ་ཕྱིན་ནས་དེས་དྲང་སྲོང་དེ་ལ་དུལ་བ་དང་བཅས་པས་ཕྱག་བྱས་ནས་སྨྲས་པ། བཟོད་འཕགས་གོས་སུ་ཤིང་ཤུན་དང་ནི་གཡང་གཞི་མནབས། །རྩ་བ་

མྱུ་གུ་སྐྱུ་རུ་བིལ་བ་ཀ་པིད་གསོལ། །དྲང་སྲོང་མགོས་བཏུད་ཕྱག་འཚལ་བདག་གི་ཡིད་འཕྲོག་མ། །ཁྱོད་ཀྱིས་གཟིགས་སམ་ཁྱོད་ནི་བདག་ལ་མྱུར་དུ་གསུངས། །དེ་ནས་དྲང་སྲོང་དེས་གཞོན་ནུ་ནོར་བཟངས་ལ་བྱོན་པ་ལེགས་སོ་ཞེས་བྱས་པ་དང་། སྟན་བཏིང་བ་བྱ་བ་ལ་སོགས་

པ་སྔར་བྱ་བའི་ཡང་དག་པར་དགའ་བ་བྱས་ནས་སྨྲས་པ། སྨིན་མ་འཇམ་པའི་སྨིན་མཚུངས་མཐོན་མཐིང་བཞིན་ལེགས་མཐོང་ན་དགའ་བའི་གཟུགས་འཆང་བ། །བཞིན་རས་ཟླ་བ་ཉ་འདྲ་ཨུཏྤལ་སྔོན་པོ་ལྟ་བུའི་མིག་དེ་བདག་གིས་མཐོང་། །དཔོན་ཁྱོད་བག་རྐྱང་བཞུགས་

ཏེ་རྩ་བ་འབྲས་བུ་སྣ་ཚོགས་གསོལ་བར་མཛོད་ཅིག་དང་། །སླད་ཀྱིས་བདེ་བླག་བྱོན་འགྱུར་འདི་ལ་བདག་གི་ཡིད་ལ་ཐེ་ཚོམ་ཡོང་མ་མཆིས། །སྨིན་མ་བཟང་མོས་འདི་སྐད་ཚིག་སྨྲས་ཏེ། །གཞོན་ནུ་ཁྱོད་ལ་སྲེད་པས་བདག་མི་བདེ། །ནགས་ཁྲོད་གནས་པའང་སྡུག་བསྔལ་

ཆེན་པོ་སྟེ། །གཤེགས་པར་གྱུར་ན་ངེས་པར་བདག་མཐོང་ངོ་། །དེས་སོར་གདུབ་རྒྱན་འདི་བྱིན་ནས་སྨྲས་པ། ལམ་ཡང་ལ་བགྲོད་དཀའ་བས་ཉོན་མོངས་པར་འགྱུར་གྱིས་སླར་ལོག་ཤིག །གལ་ཏེ་བཟློག་ཀྱང་འདུག་ཏུ་མ་བཏུབ་ན་དེ་ལ་ལམ་བསྟན་པའི་རིགས་སོ། །

Vol. 2 · folio 216a

དེས་ཡང་འདི་སྐད་ཅེས་བསྟན་ཏེ། བྱང་ཕྱོགས་ལོགས་ན་རི་ནག་པོ་གསུམ་ཡོད་དོ། །དེ་དག་རྒལ་བའི་ཕ་རོལ་ན་ཡང་གསུམ། དེ་དག་རྒལ་བའི་ཕ་རོལ་ན་ཡང་གསུམ་ཡོད་དེ། དེ་དག་རྒལ་བ་དང་རིའི་རྒྱལ་པོ་གངས་ཅན་ཞེས་བྱ་བ་ཡོད་དེ། ཕྱོགས་དེ་

ནས་སྨན་འདི་དག་བླང་བར་བྱ་སྟེ། འདི་ལྟ་སྟེ་ཤིན་ཏུ་འོ་མ་འཛག་ཅེས་བྱ་བའི་སྨན་ཡོད་དེ། དེ་མར་ལས་བཙོས་ནས་བཏུང་བར་བྱའོ། །དེས་ན་སྐོམ་པ་དང་བཀྲེས་པ་མེད་ཅིང་དྲན་པ་དང་མཐུ་སྟོབས་འཕེལ་བར་འགྱུར་རོ། །སྤྲེའུ་ཞིག་ཀྱང་བཀྲི་བར་བྱ། གསང་སྔགས་དག་

ཀྱང་བསླབ་པར་བྱ། གཞུ་མདའ་དང་ཆས་པ་དང་། ནོར་བུ་འོད་དང་ལྡན་པ་དང་། དུག་གསོད་པ་སྨན་དུག་སེལ་དང་། ལྕགས་ཀྱི་ཕུར་པ་གསུམ་དང་། པི་བང་ཡང་བཅང་བར་བྱའོ། །རིའི་རྒྱལ་པོ་གངས་ཅན་གྱི་བྱང་ཕྱོགས་ན་རི་བོ་ཕུར་པའི་རྩེ་ཡོད་དོ། །དེ་ནས་ལམ་ཆུ་སྒྲ་ཅན་དང་།

སེང་ལྡེང་ཅན་དང་། རྒྱུད་གཅིག་པ་དང་། རྡོ་རྗེ་ཅན་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དང་། ཕུར་པའི་དབྱིབས་དང་། ས་སྲུང་བུའི་དབྱིབས་དང་། མི་གཡོ་བ་དང་། རབ་གྲོལ་ལོ། །ཁྱོད་ཀྱིས་རི་དེ་དག་རྒལ་དགོས་ཏེ། དེ་ལ་རི་བོ་སེང་ལྡེང་ཅན་ལ་ནི་ཕུག་ནས་འཇུག །

རྒྱུད་གཅིག་པ་དང་། ཕུར་པའི་དབྱིབས་ལ་ཡང་ཕུག་ནས་འཇུག །རྡོ་རྗེ་ཅན་ལ་ནི་བྱའི་རྒྱལ་པོས་འཇུག་སྟེ། ཐབས་འདི་དག་གིས་རི་བོ་དེ་རྣམས་རྒལ་བར་བྱའོ། །འཁྲུལ་འཁོར་ར་གདོང་ཅན་དང་། ལུག་ལྟ་བུ་དང་། སྐྱེས་བུ་སྲིན་པོ་སེར་སྐྱའི་གཟུགས་ཅན་དག་གཞོམ་

པར་བྱའོ། །ཕུག་ན་སྦྲུལ་ཁ་ཆུའི་རྒྱུན་ཆེན་པོའི་ཤུགས་ཀྱིས་རྒྱུག་པ་ཞིག་མཆིས་ཏེ། དེ་ནི་ཞོ་ཤས་གཞོམ་པར་བྱའོ། །གང་ན་སྦྲུལ་ནི་ནག་པོ་ཞིག །ཕུག་ན་ཕྱེད་འདུག་མཐོང་ནས་ནི། །བདག་གི་སླད་དུ་གཞུ་བདུངས་ལ། །མདའ་ཡིས་བསྣུན་ཏེ་གསད་པར་གྱིས། །

གང་ལ་ལུག་གཉིས་ཕན་ཚུན་ནས། །རྡུང་བར་བྱེད་པ་མཐོང་ན་ནི། །དེ་གཉིས་རྭ་རེ་བཅག་མཛོད་དང་། །ལམ་ནི་རྙེད་པར་འགྱུར་ལགས་སོ། །འཇིགས་པ་ཆེ་སྐྱེད་མཚོན་ཐོགས་པའི། །ལྕགས་ཀྱི་སྐྱེས་པ་གཉིས་མཐོང་ན། །དེ་གཉིས་ལས་ནི་གཅིག་བརྡེགས་དང་། །

Vol. 2 · folio 216b

ལམ་ནི་རྙེད་པར་འགྱུར་ལགས་སོ། །སྲིན་མོ་ལྕགས་ཀྱི་མཆུ་ཅན་ཞིག །ཁ་འཛུམས་གདངས་པར་བགྱིད་གཟིགས་ན། །དེ་ཚེ་དེ་ཡི་འཕྲལ་བ་ལ། །ཕུར་པ་དག་གིས་གདབ་པར་མཛོད། །དེ་བཞིན་ཁྲོན་པ་ཀློང་དྲག་འཁྱིལ། །དྲུག་བཅུའི་ཁྲུ་ཅན་ལ་ཁྱོད་མཆོངས། །

སྐྲ་མིག་སེང་གེའི་ལྟར་སེར་ཞིང་། །མི་བཟད་བསྙེན་པར་དཀའ་བ་ཡི། །གནོད་སྦྱིན་དང་ནི་སྲིན་པོ་དག །གཞུ་བཀང་སྟེ་ནི་གསང་མཛོད་ལ། །ཆུ་སྲིན་འཛིན་ཁྲིས་གང་བ་ཡི། །ཆུ་བོ་མང་པོ་རྒལ་མཛོད་ཅིག །ནང་ག་ཕྱེ་མ་ལབ་གདུངས་དང་། །སྣ་ཚོགས་ངུད་མོ་དགོད་པ་དང་། །

སྦྲུལ་ཅན་འོད་མ་ཅན་གྱི་ཀླུང་། །ནང་ག་ན་ནི་སྲིན་མོ་ཁྲོ། །ཕྱེ་མ་ལབ་ན་མི་མ་ཡིན། །གདུངས་པ་ན་ནི་འཛིན་ཁྲི་མང་། །སྣ་ཚོགས་ཅན་ན་འདོད་སྒྱུར་གཟུགས། །ངུད་མོར་མི་འམ་ཅི་ཡི་བྲན། །དགོད་པ་ན་ནི་མིའམ་ཅིའི། །མནའ་མ་སྦྲུལ་ཅན་སྦྲུལ་མང་ན། །འོད་མ་ཅན་

ཀླུང་ཤལ་མ་ལི། །ནང་ག་ན་ནི་བརྟན་པར་བྱ། །ཕྱེ་མ་ལེབ་ལ་རྟུལ་ཕོད་བྱ། །གདུངས་པར་འཛིན་ཁྲི་ཁ་བཅིང་ངོ་། །སྣ་ཚོགས་ཅན་དུ་ཀླུ་སྣ་ཚོགས། །ངུད་མོ་ཅན་དུ་ཡིད་བདེ་བས། །དགོད་བྱེད་དུ་ནི་མི་སྨྲ་བའི། །སྦྱོར་བས་ཀུན་དུ་རྒལ་བར་མཛོད། །སྦྲུལ་ཅན་དུ་ནི་

སྦྲུལ་དུག་གི། །སྔགས་ཀྱི་སྦྱོར་དང་འོད་མ་ཅན། །ཀླུང་དུ་མཚོན་རྣོན་གདབ་པ་ཡི། །སྦྱོར་བས་ཀུན་ཏུ་རྒལ་བར་མཛོད། །ཆུ་བོ་རྣམས་རྒལ་ནས་གཅན་པའི་གནས་ན་གནོད་སྦྱིན་ལྔ་བརྒྱ་ཡོད་པ་དེ་རྣམས་ལ་སྲན་ཚུགས་ཏེ་གཞོམ་པར་མཛོད་ཅིག །དེ་ནས་ནི་མིའམ་

ཅིའི་རྒྱལ་པོའི་ཕོ་བྲང་མཆིས་སོ་ཞེས་གསུངས་ཤིག །དེ་ནས་གཞོན་ནུ་ནོར་བཟངས་ཀྱིས་ཇི་སྐད་བསྟན་པའི་སྨན་དང་། གསང་སྔགས་དང་། སྨན་དུག་སེལ་གྱི་སྦྱོར་བ་རྣམས་བཙལ་བའི་ཕྱིར་དྲང་སྲོང་དེའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་སོང་ངོ་། །དེ་ནས་

དེས་སྤྲེའུ་མ་གཏོགས་པར་ཇི་སྐད་བསྟན་པ་ཐམས་ཅད་སྟ་གོན་བྱས་ནས། དེ་ནས་དེ་རྣམས་ཁྱེར་ཏེ་ཡང་དྲང་སྲོང་དེའི་དྲུང་དུ་སོང་བ་དང་། དེས་དེ་ལ་སྤྲེའུ་བྱིན་ནས་སྨྲས་པ། གཞོན་ནུ་འབད་པ་འདིས་ཅི་བྱ། ཡིད་འཕྲོག་མ་འདིས་ཅི་ཞིག་དགོས། ཁྱོད་གཅིག་

Vol. 2 · folio 217a

པུ་གྲོགས་མེད་པ་ལུས་གདོན་མི་ཟ་བར་འགྱུར་གྱིས་ཐོང་། གཞོན་ནུས་སྨྲས་པ། དྲང་སྲོང་ཆེན་པོ་བདག་ནི་གདོན་མི་ཟ་བར་མཆིའོ། །ཅིའི་སླད་དུ་ཞེ་ན། མཁའ་ལ་ཟླ་བ་རྒྱུ་བ་གྲོགས་ཤིག་ག་ལས་མཆིས། །མཆེ་བའི་མཐུ་སྟོབས་ལྡན་པའི་

རི་དགས་གཙོ་བོ་དང་། །མེ་ཡིས་ནགས་སྲེག་པ་ན་གྲོགས་ཤིག་ག་ལས་མཆིས། །བདག་ལྟ་བུ་ལ་གྲོགས་པོ་མཐུ་ལྡན་ཅི་ཞིག་འཚལ། །ཀྱེ་ཅི་རྒྱ་མཚོ་ཆེ་ཆུར་འཇུག་པར་མི་བགྱིའམ། །ཅི་ལགས་སྦྲུལ་གྱིས་ཟིན་ཅེས་གསོ་བར་མི་བགྱིའམ། །སེམས་ཅན་སྤུངས་

ཅན་གྱིས་བསྟེན་བརྩོན་འགྲུས་ཆེར་བརྩམས་ཏེ། །གལ་ཏེ་འབད་དེ་མ་རུང་འདི་ལ་ཉེས་པ་མེད། །དེ་ནས་གཞོན་ནུ་ནོར་བཟངས་ཡིད་འཕྲོག་མས་བསྟན་པའི་རྣམ་པ་སྣ་ཚོགས་དང་ཆས་ཏེ་རིམ་གྱིས་རི་དང་། ཆུ་བོ་དང་། ཕུག་དང་གཡངས་ལ་སོགས་པར་སྨན་དང་། གསང་

སྔགས་དང་། སྨན་དུག་སེལ་གྱི་སྦྱོར་བས་རྒྱལ་བར་བྱས་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པའི་གྲོང་ཁྱེར་དང་ཉེ་བ་ཞིག་ཏུ་སོན་པ་དང་། གཞོན་ནུས་གྲོང་ཁྱེར་དཔལ་དང་ལྡན་པ་སྐྱེད་མོས་ཚལ་གྱི་ཚལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པས་མཛེས་པར་བྱས་པ། བྱ་སྣ་

ཚོགས་ཀྱིས་བསྟེན་པ། རྫིང་བུ་དང་། མཚེའུ་རིང་པོ་དང་། གྲུ་བཞི་དང་། མིའམ་ཅི་མོ་རྣམས་ཀྱིས་བསྐོར་བ་དེ་ལ་མིའམ་ཅི་མོ་རྣམས་ཆུ་ལེན་དུ་འོངས་པ་མཐོང་ནས། དེས་གཞོན་ནུ་ནོར་བཟངས་ཀྱིས་དེ་རྣམས་ལ་སྨྲས་པ། ཆུ་མང་པོ་འདིས་ཅི་ཞིག་བྱ། དེ་

རྣམས་ཀྱིས་སྨྲས་པ། མིའམ་ཅིའི་རྒྱལ་པོ་ལྗོན་པའི་སྲས་མོ་ཡིད་འཕྲོག་མ་ཞེས་བགྱི་བ་ཞིག་མཆིས། དེ་མིའི་ལག་ཏུ་སོན་པར་གྱུར་པས་དེའི་མིའི་དྲི་བཤལ་བ་ལགས་སོ། །གཞོན་ནུ་ནོར་བཟངས་ཀྱིས་དྲིས་པ། ཅི་བུམ་པ་འདི་དག་ཐམས་ཅད་ཀྱིས་དུས་གཅིག་

ཏུ་དེའི་སྟེང་ནས་ལྡུགས་སམ། འོན་ཏེ་རིམ་གྱིས། དེ་རྣམས་ཀྱིས་སྨྲས་པ། རིམ་གྱིས་སོ། །དེས་བསམས་པ་ཐབས་འདི་བཟང་སྟེ། སོར་གདུབ་ཀྱི་རྒྱ་འདི་བུམ་པ་གཅིག་གི་ནང་དུ་གཞུག་གོ་སྙམ་ནས། དེས་མིའམ་ཅི་མོ་གཅིག་གི་བུམ་པར་མ་ཚོར་བར་བཅུག་

Vol. 2 · folio 217b

ནས་མི་འམ་ཅི་མོ་དེ་ལ་སྨྲས་པ། ཁྱོད་ཀྱི་བུམ་པ་འདིས་ཐོག་མར་ཡིད་འཕྲོག་མ་ལ་ཁྲུས་བྱོས་ཤིག །དེས་བསམས་པ། གདོན་མི་ཟ་བར་འདི་ལ་དགོས་པ་ཞིག་ཡོད་པར་འགྱུར་རོ་སྙམ་ནས། དེ་ནས་དེས་བུམ་པ་དེ་ཐོག་མར་ཡིད་འཕྲོག་མའི་སྤྱི་བོར་བླུགས་པ་ལས་ཇི་ཙམ་ན་

སོར་གདུབ་ཀྱི་རྒྱ་པང་དུ་ལྷུང་བ་དང་ཡིད་འཕྲོག་མས་དེ་འཕྲིགས་སོ། །དེ་ནས་མི་འམ་ཅི་མོ་ལ་དྲིས་པ། འདིར་མི་འགའ་ཞིག་མ་འོངས་སམ། དེས་སྨྲས་པ། མཆིས་སོ། །སོང་ལ་དེ་དབེན་པ་ཞིག་ཏུ་ཞོག་ཤིག །དེས་དེ་ནང་དུ་ཁྲིད་ནས་དབེན་པ་ཞིག་ཏུ་བཞག་གོ། །དེ་ནས་

ཡིད་འཕྲོག་མས་ཕའི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ཡབ་གལ་ཏེ་བདག་གི་ཁྱིམ་ཐབ་བགྱིད་པ་གཞོན་ནུ་ནོར་བཟངས་དེ་མཆིས་ན་དེ་ལ་ཁྱོད་ཀྱིས་ཅི་ཞིག་བགྱི། དེས་སྨྲས་པ། དེ་མི་ཡིན་ཏེ་ཅིར་ཡང་མི་མཁོ་བས་ངས་དེ་དུམ་བུ་བརྒྱར་བྱས་ལ་ཕྱོགས་བཞིར་གཏོར་ཏེ་

གཏང་ངོ་། །ཡིད་འཕྲོག་མས་སྨྲས་པ། ཡབ་མིར་གྱུར་པས་འདིར་ག་ལ་མཆི། བདག་ཉིད་དེ་སྐད་མཆི་བར་བས་སོ། །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པ་ཀུན་ནས་དཀྲིས་པ་དང་བྲལ་ཏེ། དེ་ནས་ཀུན་ནས་དཀྲིས་པ་དང་བྲལ་ནས་སྨྲས་པ། གལ་ཏེ་གཞོན་ནུ་དེ་འོངས་

ན་ངས་ཁྱོད་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་ནོར་དང་ཡོ་བྱད་མང་པོ་དང་། མི་འམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ་དེ་ལ་ཆུང་མའི་དོན་དུ་སྦྱིན་ནོ། །དེ་ནས་ཡིད་འཕྲོག་མ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བས་གཞོན་ནུ་ནོར་བཟངས་ལྷའི་རྒྱན་གྱིས་བརྒྱན་ནས་

མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་བསྟན་ཏོ། །དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པས་གཞོན་ནུ་ནོར་བཟངས་གཟུགས་བཟང་པོ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ་མཐོང་ངོ་། །མཐོང་ནས་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། དེ་ནས་དེ་བགམ་པར་

འདོད་ནས་གསེར་གྱི་སྡོང་པོ་བདུན་དང་། ཤིང་ཏ་ལ་བདུན་དང་། རྔ་བོ་ཆེ་བདུན་དང་། ཕག་བདུན་བཙུགས་སོ། །གཞོན་ནུ་ནོར་བཟངས་ནི་བྱང་ཆུབ་སེམས་དཔའ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་ལས་ཀྱི་གནས་དེ་དང་དེ་དག་ལ་མཁས་པ་

Vol. 2 · folio 218a

ཡིན་ནོ། །ལྷ་རྣམས་ཀྱང་དེ་དག་ལ་བགེགས་མེད་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གར་དང་། གླུ་དང་པི་བང་དང་། ཁར་རྔ་དང་། ཤིན་ཏུ་སྒྲ་སྙན་དང་། པི་བང་རྒྱུད་གསུམ་པ་དང་། རྫ་རྔ་ལ་སོགས་པ་

ལྷ་རྣམས་ཀྱིས་བསྒྲུབས་པའི་སིལ་སྙན་རྣམ་པ་སྣ་ཚོགས་ཀྱི་སྒྲའི་ཁྱད་པར་ནི་ཀུན་ནས་འབུད་ཅིང་མིའམ་ཅི་སྟོང་ཕྲག་དུ་མས་ནི་ཡོངས་སུ་བསྐོར་ནས། རལ་གྲི་ཨུཏྤ་ལ་སྔོན་པོའི་འདབ་མ་འདྲ་བ་ཐོགས་ཏེ། མི་འམ་ཅིའི་རྒྱལ་པོ་ལྗོན་པ་མཐོང་བར་གསེར་གྱི་སྡོང་པོའི་དྲུང་དུ་སོང་

ནས་ཆུ་ཤིང་ལ་གཅོད་པ་བཞིན་དུ་སྡོང་པོ་དེ་དུམ་བུ་དུམ་བུར་གཅད་པར་བརྩམས་ཏེ། དེ་ནས་དེ་ཏིལ་གྱི་འབྲུ་ཙམ་དུ་བརླགས་སོ། །མདས་ནི་ཤིང་རྟ་ལ་བདུན་དང་། རྔ་བདུན་དང་། ཕག་བདུན་གཙང་མར་ཕྱུང་སྟེ། རི་རབ་བཞིན་དུ་མི་གཡོ་བར་གནས་སོ། །དེ་ནས་ནམ་མཁའ་

ལ་གནས་པའི་ལྷ་དང་། མིའམ་ཅི་བརྒྱ་སྟོང་ཕྲག་དུ་མས་ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་ཆེན་པོ་ཕྱུང་ངོ་། །མིའམ་ཅིའི་རྒྱལ་པོ་ལྗོན་པས་མཐོང་ཞིང་ཐོས་ནས་ཤིན་ཏུ་ངོ་མཚར་དུ་གྱུར་ཏོ། །དེ་ནས་མིའམ་ཅི་མོ་ཡིད་འཕྲོག་མ་འདྲ་བ་ཤ་སྟག་སྟོང་གི་དབུས་སུ་ཡིད་འཕྲོག་མ་

བཞག་སྟེ། གཞོན་ནུ་ནོར་བཟངས་ལ་སྨྲས་པ། གཞོན་ནུ་ཚུར་ཡིད་འཕྲོག་མ་ངོ་ཤེས་པར་གྱིས་ཤིག །དེ་ནས་གཞོན་ནུ་ནོར་བཟངས་ཀྱིས་ངོ་ཤེས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨྲས་པ། ཇི་ལྟར་ཁྱོད་ནི་ལྗོན་པའི་བུ་ཡིན་ལ། །ཁོ་བོའི་སྡུག་

པ་ཡིད་འཕྲོག་ཡིན་ཞེ་ན། །བདེན་པ་འདི་ཡིས་མྱུར་བ་ཁོ་ནར་ནི། །ཡིད་འཕྲོག་གོམ་པས་མྱུར་དུ་འགྲོ་བར་ཤོག །དེ་ནས་དེ་མ་ཐག་ཏུ་གོམ་པས་སོང་བ་དང་། མིའམ་ཅི་རྣམས་ཀྱིས་སྨྲས་པ། ལྷ་གཞོན་ནུ་ནོར་བཟངས་འདི་སྟོབས་དང་། བརྩོན་འགྲུས་དང་།

ཕ་རོལ་གནོན་པ་ཤིན་ཏུ་ཚོགས་པ་ལགས་ཏེ། ཡིད་འཕྲོག་མ་དང་ཐབ་རིར་བབ་ལགས་ན། ཅིའི་སླད་དུ་འདི་ལ་ཐོ་བཙམ། འདི་ལ་ཡིད་འཕྲོག་མ་སྩོལ་ཅིག །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པ་མིའམ་ཅིའི་ཚོགས་རྣམས་ཀྱིས་རྗེས་སུ་བསྔགས་པ་དང་། མིའམ་

Vol. 2 · folio 218b

ཅི་རྣམས་ཀྱི་འདུན་པས་གཞོན་ནུ་ནོར་བཟངས་ལ་རྗེ་བཀུར་སྟི་ཆེན་པོ་བྱས་ནས་ཡིད་འཕྲོག་མ་ལྷའི་རྒྱན་རྣམས་ཀྱིས་བརྒྱན་ཏེ་ལག་པ་གཡོན་པས་བཟུང་། གསེར་གྱི་བྱ་མ་བུམ་ལག་པ་གཡས་པས་བཟུང་ནས་གཞོན་ནུ་ནོར་བཟངས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། གཞོན་ནུ་

ཡིད་འཕྲོག་མ་འདི་མིའམ་ཅི་མོ་སྟོང་གིས་ཡོངས་སུ་བསྐོར་ཏེ། ཁོ་བོས་ཁྱོད་ཀྱི་ཆུང་མའི་ཕྱིར་བྱིན་གྱིས། མི་རྣམས་ནི་ངོ་མི་རྟག་པ་ཡིན་གྱིས། ཇི་ལྟར་ཡང་འདི་མ་དོར་ཅིག །ཡབ་བཀའ་བཞིན་འཚལ་ཞེས་གཞོན་ནུ་ནོར་བཟངས་ཀྱིས་མིའམ་ཅིའི་རྒྱལ་པོ་ལྗོན་པ་ལས་

མཉན་ནས་མིའམ་ཅིའི་གནས་ཀྱི་ཁང་པ་ན་ཡིད་འཕྲོག་མ་དང་ལྷན་ཅིག་སྐྱེས་པ་མེད་པར་སིལ་སྙན་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་རང་གི་ཡུལ་དྲན་ནས་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱི་མྱ་

ངན་གྱིས་གདུངས་པར་གྱུར་ནས་ཡིད་འཕྲོག་མ་ལ་སྨྲས་པ་ཕ་མ་དང་བྲལ་བ་ལས་བྱུང་བའི་སྡུག་བསྔལ་གྱིས་ནོན་པར་གྱུར་ཏོ། །དེ་ནས་ཡིད་འཕྲོག་མས་དེ་ལྟར་གྱུར་པ་དག་ཕ་ལ་རྒྱས་པར་སྨྲས་སོ། །དེས་སྨྲས་པ། གཞོན་ནུ་དང་ལྷན་ཅིག་སོང་ལ་མི་རྣམས་ནི་སླུ་བར་བྱེད་

པ་ཡིན་གྱིས། ཁྱོད་ཀྱིས་བག་ཡོད་པར་གྱིས་ཤིག་དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པས་ནོར་བུ་དང་། མུ་ཏིག་དང་། གསེར་ལ་སོགས་པ་མང་དུ་བརྫངས་ཏེ་བཏང་ནས་དེ་ཡིད་འཕྲོག་མ་དང་ལྷན་ཅིག་ཏུ་སྟེང་གི་ནམ་མཁའི་ལམ་ལ་མིའམ་ཅིའི་ཤུགས་ཀྱིས་ཆས་པ་ན་རིམ་

གྱིས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཕྱིན་ནོ། །དེ་ནས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། དར་གྱི་ཆུན་འཕྱང་དཔྱངས་རྒྱལ་མཚན་དང་། བ་དན་བཙུགས། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་

དག་བཤམས། མེ་ཏོག་རྣམ་པ་སྣ་ཚོགས་བཀྲམ་སྟེ། དགའ་དགའ་ལྟར་བྱས་སོ། །དེ་ནས་གཞོན་ནུ་མིའི་གཙོ་བོ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་ཡིད་འཕྲོག་མ་དང་ལྷན་ཅིག་ཏུ་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ཞུགས་སོ། །དེ་ནས་ལམ་གྱིས་དུབ་པའི་ངལ་

Vol. 2 · folio 219a

བསོས་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དག་ཁྱེར་ཏེ་ཕའི་དྲུང་དུ་སོང་ནས་རྒྱལ་པོའི་སྟན་གྱི་གློ་ཞིག་ཏུ་འདུག་སྟེ། མིའམ་ཅིའི་གྲོང་ཁྱེར་དུ་སོང་བ་དང་འོངས་པ་རྣམས་རྒྱས་པར་སྨྲས་སོ། །དེ་ནས་རྒྱལ་པོ་ནོར་ཅན་གྱིས་འདི་ནི་ཤིན་ཏུ་སྟོབས་དང་།

བརྩོན་འགྲུས་དང་། ཕ་རོལ་གནོན་པ་ཅན་ནོ་ཞེས་བྱ་བར་རིག་ནས་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ཏོ། །གཞོན་ནུ་ནོར་བཟངས་ཀྱིས་བསམས་པ། གང་བདག་ཡིད་འཕྲོག་མ་དང་ལྷན་ཅིག་ཚོགས་པ་དང་། རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པར་གྱུར་པ་

འདི་ནི་སྔོན་བྱས་པའི་རྒྱུའི་ཁྱད་པར་ཡིན་གྱིས། མ་ལ་ད་ཡང་བདག་གིས་སྦྱིན་པ་དག་ནི་བཏང་། བསོད་ནམས་དག་ནི་བྱའོ་སྙམ་ནས། དེས་གླང་པོའི་ཁྱིམ་གྱི་གྲོང་ཁྱེར་དུ་ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་སོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་

གཞོན་ནུ་ནོར་བཟངས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྒྱལ་པོ་ནོར་བཟངས་ཞེས་བྱ་བར་གྱུར་ཏོ། །ངས་གང་ཡིད་འཕྲོག་མའི་ཕྱིར་སྟོབས་དང་། བརྩོན་འགྲུས་དང་།

ཕ་རོལ་གནོན་པ་བསྟན་ནས། ལོ་བཅུ་གཉིས་སུ་གཏན་པ་མེད་པའི་མཆོད་སྦྱིན་བྱས་པ་དེས་ངས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་མོད་ཀྱི། འོན་ཀྱང་སྦྱིན་པ་དེ་དང་། བརྩོན་འགྲུས་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་

ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཐམས་ཅད་ཅེས་བྱ་བའི་གྲོང་རྡལ་གྱི་གྲོང་ཁྱེར་ན་

རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཞེས་བྱ་བ་ཞིག་རྒྱལ་སྲིད་བྱེད་དུ་འཇུག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་དང་། འཐབ་པ་དང་། ཐབ་མོ་དང་། ཁྲག་ཁྲུག་དང་། འགྱེད་པ་རྣམས་

Vol. 2 · folio 219b

རབ་ཏུ་ཞི་བ་ཞེས་བྱ་བ་ནས། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དུས་གཞན་ཞིག་ན་བཙུན་མོ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད།

དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་བཙུན་མོ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ཁྱེའུ་གཟུགས་བཟང་པོ། མཛེས་པ། བལྟ་ན་སྡུག་པ། པགས་པའི་མདོག་གསེར་འདྲ་བ། མགོ་གདུགས་ལྟར་འདུག་པ།

དཔུང་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ། སྨིན་མ་འཇར་བ། སྣའི་གཟངས་མཐོ་བ་ཞེས་བྱ་བ་ནས། གནས་ལྔ་ལ་བྱང་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །གཞོན་ནུ་ཐམས་ཅད་སྒྲོལ་དད་པ་བཟང་བ། དགེ་བའི་བསམ་པ་ཅན། བདག་ལ་ཕན་པ་དང་།

གཞན་ལ་ཕན་པར་ཞུགས་པ། སྙིང་རྗེ་ཅན་བདག་ཉིད་ཆེན་པོ་ཆོས་འདོད་པ། སྐྱེ་དགུ་རྣམས་ལ་བྱམས་པ། ཐམས་ཅད་སྦྱིན་པ། ཐམས་ཅད་གཏོང་བ། ཆགས་པ་མེད་པར་གཏོང་བ། གཏོང་བ་ཆེན་པོ་ལ་ཞུགས་པ་ཡིན་ནོ། །དེའི་གཏོང་བ་རྒྱ་ཆེན་པོ་ཐོས་ནས་

དཔག་ཚད་བརྒྱ་ནས་ཀྱང་དོན་དུ་གཉེར་བའི་སྐྱེ་བོ་འོངས་ཏེ་ཐམས་ཅད་ཀྱང་ཡིད་ལ་རེ་བ་རྫོགས་པར་བྱས་ནས་གཏོང་ངོ་། །དེ་ནས་རེ་ཞིག་ཅིག་ན་བྱང་ཆུབ་སེམས་དཔས་ཤིང་རྟ་ནོར་བུ་དང་གསེར་དང་དངུལ་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། སྤུག་དང་། པད་མ་རཱ་ག་དང་། ཨིནྡྲ་

ནཱི་ལས་འབར་བར་བྱས་པ། ཙན་དན་མཆོག་གི་སྙིང་པོ་ལས་བསྒྲུབས་པ། སེང་གེ་དང་སྟག་དང་གུང་གི་པགས་པས་གཡོགས་པ། རྟ་རླུང་གི་ཤུགས་ལྟར་མགྱོགས་པ། གསེར་དང་དངུལ་གྱི་དྲིལ་བུ་གཡེར་ཀའི་སྒྲ་འཁྲོལ་བ་བཞི་དང་ལྡན་པ་མཆོག་གི་ནང་དུ་ཞུགས་

ནས་གྲོང་ཁྱེར་དམ་པ་ནས་སྐྱེད་མོས་ཚལ་དུ་མངོན་དུ་སོང་ངོ་། །དེ་ནས་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཤེས་པ་ཁ་ཅིག་གིས་ཐམས་ཅད་སྒྲོལ་མངོན་དུ་བསུ་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཡང་སྨྲས་པ། ཁྱོད་ནི་འཇིག་རྟེན་

Vol. 2 · folio 220a

ཐམས་ཅད་དུ། །ཐམས་ཅད་གཏོང་ཞེས་རྣམ་པར་གྲགས། །བྲམ་ཟེ་རྣམས་ལ་ཤིང་རྟ་འདི། །ཁྱོད་ཀྱིས་སྦྱིན་པ་གཏང་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་ཤིང་རྟ་དེ་ལས་མྱུར་བ་མྱུར་བར་བབས་ཏེ་སྙིང་

དགའ་བ་དང་མགུ་བ་དང་། རབ་ཏུ་དགའ་བས་བྲམ་ཟེ་དེ་དག་ལ་ཤིང་རྟ་བྱིན་ནས་སྨྲས་པ། བདག་གིས་ཇི་ལྟར་བྲམ་ཟེ་ལ། །མཆོག་ཏུ་དགའ་བས་ཤིང་རྟ་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག། །།

འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་དྲུག་པ། དེ་དུས་གཞན་ཞིག་ན་གླང་པོ་ཆེའི་མཆོག་རྒྱལ་སྲིད་འཕེལ་ཞེས་བྱ་བ་མེ་ཏོག་ཀུན་ད་དང་། ཀུ་མུ་ད་དང་། ཁ་བ་དང་། དངུལ་དང་། སྤྲིན་དཀར་པོ་ལྟ་བུའི་མདོག་ཅན་བདུན་ལེགས་པར་གནས་ཤིང་རྐང་ལག་ལེགས་པར་གནས་

པ། གླང་པོ་ཆེ་ས་སྲུང་གི་བུ་ལྟར་འགྱིང་ཞིང་འགྲོ་བ། རང་བཞིན་གྱི་མཚན་མཆོག་གིས་བརྒྱན་པ། མཐོང་ན་བཀྲ་ཤིས་པ་ལ་ཞོན་ནས་ཤིན་ཏུ་སྡུག་པའི་བྲན་དང་། མཛའ་བཤེས་དང་། གཡོག་རྣམས་ཕྱི་བཞིན་འབྲང་ཞིང་ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་

བཞིན་དུ་སོས་ཀའི་དུས་ལ་བབ་པས་ཤིང་རྣམས་མེ་ཏོག་ཁ་འབུས་ཤིང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་སྒྲ་འབྱིན་པའི་ནགས་ཚལ་གྱི་སྐྱེད་མོས་ཚལ་གྱི་སར་སོང་བ་དང་། དེ་ནས་ཕྱིར་རྒོལ་བས་སྦད་པའི་

བྲམ་ཟེ་ཁ་ཅིག་གཞོན་ནུ་ཐམས་ཅད་སྒྲོལ་གྱི་དྲུང་དུ་རིངས་པ་རིངས་པར་འོངས་ནས། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག་ཅེས་སྨྲས་ནས་ཡང་སྨྲས་པ། ལྷ་མིན་ལྷར་བཅས་འཇིག་རྟེན་དུ། །ཁྱོད་ནི་ཐམས་ཅད་གཏོང་ཞེས་གྲགས། །ཁྱོད་ཀྱི་གླང་པོའི་མཆོག་

འདི་ནི། །བདག་ཅག་རྣམས་ལ་སྩལ་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་གླང་པོའི་མཆོག་དེ་ལས་མྱུར་བ་མྱུར་བར་བབས་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས་དེ་དག་ལ་གླང་པོའི་མཆོག་དེ་བྱིན་ནས་སྨྲས་པ།

Vol. 2 · folio 220b

བདག་གིས་ཇི་ལྟར་བྲམ་ཟེ་ལ། །མཆོག་ཏུ་དགའ་བས་གླང་ཆེན་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག །རྒྱལ་པོ་ཐམས་ཅད་བཤེས་གཉེན་གྱིས་ཁྱོད་ཀྱི་སྲས་ཐམས་ཅད་སྒྲོལ་གྱིས་གླང་པོ་ཆེའི་མཆོག་རྒྱལ་སྲིད་

འཕེལ་ཞེས་བྱ་བ་ཕྱིར་རྒོལ་བས་སྦད་པའི་བྲམ་ཟེ་རྣམས་ལ་བྱིན་ནོ་ཞེས་ཐོས་སོ། །ཐོས་ནས་རྒྱལ་པོ་ཐམས་ཅད་བཤེས་གཉེན་ཤིན་ཏུ་ཁྲོས་འཁྲུགས་ནས་གཞོན་ནུ་ཐམས་ཅད་སྒྲོལ་བཀུག་སྟེ་སྨྲས་པ། གཞོན་ནུ་ཁྱོད་ངའི་ཡུལ་ན་མ་འདུག་པར་སོང་ཤིག །དེ་ནས་གཞོན་

ནུ་ཐམས་ཅད་སྒྲོལ་ཕས་སྤངས་པ་དང་། བསམས་པ། བདག་གིས་བྱང་ཆུབ་ཀྱི་ཕྱིར་འབད་པར་བྱས་པ་དང་། འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་བརྩོན་འགྲུས་ཀྱི་གོ་ཆ་བགོས་པས་གླང་པོ་ཆེ་དེ་ཡང་བཏང་སྟེ། དེ་བས་ཁྱིམ་ན་གནས་པས་ནི། །ཅི་ནུས་པར་ནི་

སྦྱིན་པ་བཏང་། །དཀའ་ཐུབ་ནགས་སུ་བརྟེན་ནས་ནི། །ངེས་པར་མཆོག་དག་བྱ་བ་ཡིན། །བསླངས་ན་མི་སྦྱིན་ཞེས་བྱ་བ། །ཚིག་ནི་སྨྲ་བར་མི་ཕོད་ཀྱིས། །དེ་བས་བདག་ནི་ཁྱིམ་སྤངས་ཏེ། །དཀའ་ཐུབ་ནགས་སུ་རབ་ཏུ་འགྲོ། །བྱང་ཆུབ་སེམས་དཔས་དེ་ལྟར་སྙིང་ལ་

མནའ་མཐོ་བཅད་ནས་ཆུང་མ་རྒྱགས་སྦྱིན་མའི་དྲུང་དུ་སོང་སྟེ་དེ་དག་རྒྱས་པར་སྨྲས་སོ། །དེ་ནས་རྒྱགས་སྦྱིན་མས་ཐོས་མ་ཐག་ཏུ་སྡུག་པ་དང་བྲལ་བར་དོགས་པའི་སྙིང་གིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་ན་བདག་ཀྱང་དཀའ་ཐུབ་

ཀྱི་ནགས་གནས་སུ་མཆི་སྟེ། བདག་ནི་རྗེའི་སྲས་དང་བྲལ་ན་སྐད་ཅིག་ཙམ་ཡང་འཚོ་བར་རྔོ་མི་ཐོག་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། ནམ་མཁའ་ཟླ་བས་སྟོངས་པར་གྱུར་པ་དང་། །ཇི་ལྟར་ས་ནི་ལོ་ཏོག་གིས་སྟོངས་དང་། །པད་མ་ཆུ་ཡིས་སྟོངས་པར་གྱུར་པ་དག །བུད་

མེད་ཁྱིམ་ཐབ་ཀྱིས་སྟོངས་དེ་བཞིན་ནོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ཅག་མཐར་གདོན་མི་ཟ་བར་འབྲལ་བར་འགྱུར་ཏེ། འདི་ནི་འཇིག་རྟེན་གྱི་རང་བཞིན་ཡིན་ནོ། །ཁྱོད་ནི་བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། བགོ་བ་མཆོག་ལ་གོམས་པས་ལུས་

Vol. 2 · folio 221a

ཤིན་ཏུ་སྐྱིད་པ་ཡིན་དཀའ་ཐུབ་ཀྱི་ནགས་ན་ནི་རྩྭ་དང་ལོ་མ་བཏིང་བར་ནི་ཉལ་རྩ་བ་དང་། མེ་ཏོག་དང་། འབྲས་བུ་ནི་ཟ། རྩྭ་དཱུར་བ་དང་། ཟུག་རྡོ་དང་། རྩྭ་དང་། ཚེར་མས་གང་བའི་ས་ལ་ནི་རྒྱུ། ཡང་དང་ཡང་དུ་ཟ་གཅིག་པ་ལ་ནི་བརྟེན། བདག་ཉིད་སྐྱེ་བོ་

ཐམས་ཅད་ལ་ནི་བསྟེན་དགོས། གློ་བུར་དུ་འོངས་པ་ཐམས་ཅད་མཆོད་པ་ལ་ནི་འབད་དགོས་ལ། དེ་ན་ཡང་ང་གདོན་མི་ཟ་བར་ཅི་ནུས་ཀྱི་སྦྱིན་པ་གཏོང་སྟེ། དེ་ལ་ཁྱོད་ཀྱིས་ཅུང་ཟད་ཀྱང་མི་འགྱོད་པར་བྱ་དགོས་སོ། །དེ་བས་ན་རེ་ཞིག་ད་དུང་ཡང་ལེགས་པར་སོམས་ཤིག །

རྒྱགས་སྦྱིན་མས་སྨྲས་པ། རྗེའི་སྲས་བདག་རྔོ་ཅི་ཐོག་གིས་རྗེའི་སྲས་ཀྱི་རྗེས་སུ་སྒྲུབ་ལགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། གལ་ཏེ་དེ་ལྟ་ན་དམ་བཅས་པ་དེ་ཁྱོད་ཀྱིས་དྲན་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཕའི་དྲུང་དུ་སོང་ནས་མགོ་བོས་ཕྱག་བྱས་ཏེ།

ཡབ་ཅིག་བདག་གིས་སྦྱིན་པར་གླང་ཆེན་སྩལ། །ནོངས་པ་གང་ལགས་ས་བདག་བཟོད་པར་གསོལ། །བདག་ནི་གྲོང་ནས་དགོན་པར་མཆི་ལགས་ཀྱིས། །མི་ཡི་དབང་པོའི་ཕྱག་མཛོད་སྟོངས་མི་འགྱུར། །དེ་ནས་རྒྱལ་པོ་བུ་དང་བྲལ་བའི་སྡུག་བསྔལ་གྱིས་དབུགས་ཀྱིས་

བརྣངས་ཏེ་སྐད་འདར་འདར་པོར་སྨྲས་པ། བུ་སྦྱིན་པའི་བློ་འོར་ལ་འདུག་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ས་ནི་རི་དང་བཅས་པར་ཡང་། །གལ་ཏེ་ལྡོག་པར་འགྱུར་གདའ་ཡང་། །ས་བདག་བདག་ནི་སྦྱིན་པ་ལས། །སེམས་ནི་ལྡོག་པར་མི་བགྱིད་དོ། །ཞེས་སྨྲས་

ནས་སོང་ངོ་། །དེ་ནས་བུ་དང་། བུ་མོ་དང་། ཆུང་མ་དང་ལྷན་ཅིག་ཤིང་རྟའི་ནང་དུ་ཞུགས་ཏེ། གྲོང་ཁྱེར་དམ་པ་དེ་ནས་བྱུང་ནས་ཕོ་བྲང་འཁོར་གྱི་མི་དང་ཡུལ་མི་མྱ་ངན་བྱེད་པ་བརྒྱ་སྟོང་རྗེས་སུ་འབྲང་བཞིན་སོང་ངོ་། །དེ་ནས་མི་ཞིག་གིས་ངུ་ཞིང་སྨྲེ་སྔགས་འདོན་པའི་སྒྲ་དེ་

ཡང་ཐོས། སྐྱེ་བོའི་ཚོགས་ཆེན་པོ་གྲོང་ཁྱེར་གྱི་སྒོར་བྱུང་བ་ཡང་མཐོང་ནས་མི་ཞིག་ལ་དྲིས་པ། ཀྱེ་ནང་རྗེ་སྐྱེ་བོའི་ཚོགས་ཆེན་པོ་ཆོ་ངེས་འདེབས་པ་འདི་ཅི་ལས་གྱུར། དེས་སྨྲས་པ། ཤེས་ལྡན་དག་ཅི་མི་ཤེས་སམ། འདི་ལྟར་མི་ཡི་དབང་པོས་ཉིད་ཀྱི་སྲས་པོ་མཆེ་བ་

Vol. 2 · folio 221b

བཟང་། །བརྟན་པའི་ངང་ཚུལ་རབ་ཏུ་སྦྱིན་ལ་དགའ་བ་འདི་ནི་སྤྱུགས། །དེ་ནི་བུ་དང་ཆུང་མར་བཅས་ཏེ་ནགས་མཐར་ཆས་པ་ལ། །ཕོ་བྲང་འཁོར་བ་རྣམས་འདུས་ཤིན་ཏུ་སྙིང་རྗེས་ཆོ་ངེས་འདེབས། །དེ་ནས་བྱང་ཆུབ་སེམས་དཔས་གྲོང་ཁྱེར་དམ་པ་དེ་ནས་བྱུང་བའི་ཕོ་བྲང་

འཁོར་གྱི་མི་རྣམས་ལ་ཅི་རིགས་པར་མངོན་དུ་སོང་ནས་སྨྲས་པ། ཤེས་ལྡན་དག་སླར་དེང་ཤིག་སླར་དེང་ཤིག །འདི་ལྟར་ཤིན་ཏུ་ཡུན་རིང་པོ་ནས་སྡུག་པ་དང་འགྲོགས་པ་ཡང་མཇུག་ཏུ་གདོན་མི་ཟ་བར་འབྲལ་བའི་མཐའ་ཅན་དུ་འགྱུར་ཏེ། གཉེན་པའི་སྐྱེ་བོ་དང་འགྲོགས་པ་

ནི་ལམ་ཀའི་ངལ་བསོ་བའི་བསྟི་གནས་ཀྱི་ཤིང་དང་འདྲ་བས་གདོན་མི་ཟ་བར་སྡུག་པ་དང་འབྲལ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཀུན་ན་སྐྱེ་བོ་དབང་མེད་དེ། །མཛའ་བ་རྣམས་དང་འབྲལ་བར་འགྱུར་བསམས་ནས། །ཁྱོད་ཀྱིས་ས་སྟེངས་འབད་པ་ཐམས་

ཅད་ཀྱིས། །ཞི་ཕྱིར་བློ་གྲོས་མི་གཡོ་བརྟན་པར་གྱིས། །དེ་ནས་དཔག་ཚད་སུམ་བརྒྱ་འདས་པ་དང་། བྱང་ཆུབ་སེམས་དཔའ་མཐོང་ནས་བྲམ་ཟེ་ཞིག་མངོན་དུ་འོངས་ཏེ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་བདག་ནི་ཁྱོད་ཀྱི་ཡོན་ཏན་ཐོས་ནས་འདི་ནས་དཔག་ཚད་སུམ་

བརྒྱ་ཙམ་གྱི་ཡུལ་ནས་འདིར་མཆིས་ལགས་ཀྱིས། ཁྱོད་ཀྱིས་ཤིང་རྟ་མཆོག་འདི་བདག་ངལ་བ་འབྲས་བུ་མཆིས་པར་བགྱི་བའི་རིགས་སོ། །དེ་ནས་རྒྱགས་སྦྱིན་མ་མི་བཟོད་པ་སྐྱེས་ནས་ཚིག་བརླངས་པོས་བྲམ་ཟེ་དེ་ལ་སྨྲས་པ། ཨེ་མའོ་ནགས་ནའང་མི་དབང་སྲས་

ལ་སློང་བ་གང་། །བྲམ་ཟེ་འདི་ནི་ཤིན་ཏུ་བརྩེ་བ་མེད་པའི་བློ། །མི་དབང་སྲས་པོ་མི་དབང་དཔལ་ལས་ཉམས་གྱུར་པ། །འདི་ལ་འདིར་ནི་སྙིང་རྗེ་ཅིག་མི་སྐྱེ་འམ། །བྱང་ཆུབ་སེམས་དཔས་སྨྲས་པ། ཁྱོད་ཀྱིས་བྲམ་ཟེ་མ་སྤྱོ་ཤིག །དེ་ཅིའི་ཕྱིར་ཞེ་ན། རྒྱགས་སྦྱིན་

གལ་ཏེ་ནོར་འདོད་ལེན་པ་འདི་དག་མེད་གྱུར་ན། །ཀུན་སྦྱིན་མེད་པར་མི་གང་ཞིག་གིས་ས་སྟེངས་བྱང་ཆུབ་འཐོབ། །སྦྱིན་སོགས་ཕ་རོལ་ཕྱིན་དྲུག་ཚུལ་གྱིས་ཡོན་ཏན་མཆོག་ཅན་གྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀུན་མཁྱེན་ཉིད་མཆོག་རྟག་ཏུ་འཐོབ། །

Vol. 2 · folio 222a

དེ་ནས་བྱང་ཆུབ་སེམས་དཔའ་མཆོག་ཏུ་དགའ་བས་ཡང་རྟ་དང་ལྡན་པའི་ཤིང་རྟ་དེ་བྲམ་ཟེ་དེ་ལ་བྱིན་ནས་སྨྲས་པ། བྲམ་ཟེ་སེར་སྣའི་དྲི་མ་སེལ་བྱེད་པ། །ཤིང་རྟ་རབ་ཏུ་བྱིན་པ་འདི་ཡིས་འདིར། །བདག་ནི་དྲང་སྲོང་ཆེ་མཆོག་གིས་བསྐོར་བའི། །

ཟག་མེད་ཆོས་ཀྱི་ཤིང་རྟ་ཆེ་སྐོར་ཤོག །དེ་ནས་ཐམས་ཅད་སྒྲོལ་གྱིས་སྙིང་རབ་ཏུ་དགའ་བས་ཤིང་རྟའི་མཆོག་དེ་ཡང་བྲམ་ཟེ་ལ་བྱིན་ནས་གཞོན་ནུ་ནག་པོ་ཕྲག་པ་ལ་ཁྱེར། རྒྱགས་སྦྱིན་མས་ནི་གཞོན་ནུ་མ་དྲ་བ་ཅན་ཁྱེར་ནས་དཀའ་ཐུབ་ཀྱི་ནགས་ལོགས་སུ་ཆས་པ་དང་རིམ་

གྱིས་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ཏོ། །དེ་ནས་ཐམས་ཅད་སྒྲོལ་དཀའ་ཐུབ་ཚལ་དེར་རང་གི་སྙིང་མགུ་བར་བྱེད་པའི་བརྟུལ་ཞུགས་བླངས་ཏེ་གནས་སོ། །ཇི་ཙམ་ན་རྒྱགས་སྦྱིན་མ་རྩ་བ་དང་འབྲས་བུའི་ཕྱིར་དཀའ་ཐུབ་ཀྱི་ནགས་ནས་སོང་བ་དང་། བྲམ་ཟེ་ཞིག་ཐམས་

ཅད་སྒྲོལ་གྱི་དྲུང་དུ་འོངས་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །བདག་ཅག་བཀོལ་བ་མ་མཆིས་པས། །སྤ་ཤུག་ལྷན་ཅིག་འཁྱམ་བགྱིད་ན། །དེ་ཡི་དོན་དུ་བུས་པ་གཉིས། །ཁྱོད་ཀྱིས་བདག་ལ་སྦྱིན་པའི་རིགས། །དེ་སྐད་ཅེས་སྨྲས་

པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་བུ་སྡུག་པ་གཏོང་བ་ལ་ཅུང་ཞིག་སེམས་ཤིང་འདུག་པ་དང་། དེ་ནས་བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་ལ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་བདག་གིས་ཁྱོད་ཐམས་ཅད་སྟེར་བའི་

ཞེས་ཐོས་ན་འདི་ལྟར་ཁྱོད་ལ་བདག་གིས་བསླངས་པ་དེ་ལ་ཅི་ཞིག་དཔྱད་དུ་ཡོད། ཁྱེད་ནི་ཀུན་སྟེར་སྙིང་རྗེ་ཡི། །བདག་ཉིད་ཅན་དུ་ས་སྟེངས་གྲགས། །ཇི་ལྟར་གྲགས་པ་དེ་བཞིན་དུ། །ཁྱོད་ཀྱིས་རྟག་ཏུ་བྱ་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་

སེམས་དཔའ་ཐམས་ཅད་སྒྲོལ་གྱིས་བྲམ་ཟེ་དེ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ། རང་གི་སྲོག་ནི་གཏོང་བ་ལའང་། །ལན་འགའ་དཔྱོད་པ་མ་མྱོང་ན། །རང་གི་བུ་ནི་བཏང་བ་ལ། །བདག་བློ་གཞན་དུ་གྱུར་ཅི་སྨོས། །བྲམ་ཟེ་ཆེན་པོ་དེ་ལྟ་མོད་ཀྱི། བདག་གིས་

Vol. 2 · folio 222b

ནགས་སུ་བསྐྱེད་བསྐྱེད་པའི། །བུས་པ་འདི་གཉིས་ཡོངས་སྤངས་ནས། །མ་དང་བྲལ་བའི་ཉོན་མོངས་པ། །འདི་དག་ཇི་ལྟར་གནས་སྙམ་མོད། །གཞོན་ནུ་ཤིན་ཏུ་བརྩེ་མེད་པས། །བུས་པ་བཏང་ལ་བདག་མིན་ཞེས། །ཁ་ཅིག་བདག་ལ་ཕྱར་འོང་གིས། །

བྲམ་ཟེ་བདག་ནི་ཁྲིད་ན་ལེགས། །དེ་ནས་བྲམ་ཟེ་དེས་ཐམས་ཅད་སྒྲོལ་ལ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ། ས་འདི་ཐམས་ཅད་དུ་ཡོན་ཏན་གྲགས་པ། སྲོག་ཆགས་ཐམས་ཅད་ལ་སྙིང་བརྩེ་བས་བྱམས་པར་ཞུགས་པ།

སྦྱིན་པ་དང་། མཆོད་པ་དང་། བཀུར་སྟིས་སྤོས་ཀྱི་གླང་པོ་ཆེ་ལྟ་བུ། དགེ་སྦྱོང་དང་། བྲམ་ཟེ་དང་། གློ་བུར་བའི་སྐྱེ་བོ་ལ་མཆོད་པ་བྱེད་པ། སྐྱེ་བོ་བཀྲེན་པ་དང་། ཕོངས་པ་དང་། མགོན་མེད་པ་དང་། ལྟོགས་པ་ཡོངས་སུ་སྡུད་པ། ཐམས་ཅད་ཀྱི་རེ་བ་ཡོངས་སུ་

རྫོགས་པར་བྱེད་པ། མཐོང་ན་དོན་ཡོད་པ་ཁྱོད་ཀྱིས་བདག་འོངས་པ་ནོམ་པ་མེད་པའམ། ལམ་གྱིས་དུབ་པ་འབྲས་བུ་མེད་པའམ། མཐོང་བ་དོན་མེད་པའམ། རེ་བ་དང་ཡུན་རིང་པོ་ནས་བརྣག་བརྣག་པའི་འདོད་པ་འབྲས་བུ་མེད་པར་བྱ་བ་གང་ཡིན་པ་དེ་ནི་ཆ་མ་ཡིན་

ཏེ། ཁྱོད་ཀྱི་མེད་དོ་ཞེས་བྱ་བའི་ཚིག་གིས་ཁོ་བོའི་ཡིད་ལ་རེ་བ་ཀུན་ཏུ་རྟོག་པའི་རྟ་བཏབ་ན་མྱུར་དུ་ལྡོག་པར་འགྱུར་རོ། །དེ་བས་ན་ཁྱོད་ཀྱིས་བདག་གི་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱས་ནས་གཏང་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆུ་གཏེར་གོས་སུ་གྱོན་ཞིང་

གཟའ་མིག་མཚུངས་མེད་པ། །རི་བོ་མཆོག་རྒྱས་ནུ་མར་ལྡན་པའི་རོ་སྟོད་ཅན། །གྲོང་ཁྱེར་གྲོང་རྡལ་བཅས་པའི་ས་ལ་བཙལ་བྱས་ཀྱང་། །མཆེ་བཟངས་ཁྱོད་དང་མཚུངས་པར་གཏོང་ཕོད་ཡོད་མ་ཡིན། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་གྱིས་བྲམ་

ཟེའི་ཚིག་དེ་ཐོས་ནས་བུ་ལ་ཆགས་པའི་བློང་བས་འདི་དག་སེམས་པར་བྱེད་དེ། གལ་ཏེ་རེ་ཞིག་བུ་གཉིས་པོ། །བྲམ་ཟེར་བྱིན་ན་བུ་དང་ནི། །བྲལ་བ་ལས་བྱུང་སྡུག་བསྔལ་དག །བདག་དང་རྒྱགས་བྱིན་གྱིས་ཐོབ་འགྱུར། །འོན་ཀྱང་འདི་ལ་མ་བྱིན་ན། །བརྟུལ་

Vol. 2 · folio 223a

ཞུགས་ལས་ཀྱང་ཉམས་འགྱུར་ཞིང་། །བྲམ་ཟེ་འདི་ནི་ཚི་ཆད་དེ། །ཇི་ལྟར་འོངས་པ་བཞིན་དུ་འགྲོ། །ཉིས་ན་བུ་བྲལ་ཉམ་ཐག་པའི། །མྱ་ངན་ས་སྟེངས་བདག་གིས་བླང་། །དེ་བཞིན་མ་བྱས་དམ་བཅས་པ། །ཞིག་ཅིང་བརྟུལ་ཞུགས་ཉམས་

པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་གྱིས་སྡུག་པའི་བུ་གཉིས་ངེས་པར་གཏོང་བར་ཆད་ནས་སྨྲས་པ། ཀྱེ་ཁོ་བོས་དཀའ་སྤྱད་བརྒྱ་ཡིས་འཇིག་རྟེན་སྡུག་བསྔལ་གྱི། །རྒྱ་མཚོ་ཆེན་པོ་སོ་སོར་འཇིགས་བྱེད་པ། །གཏིང་མི་དཔོགས་པར་རབ་ཏུ་

བྱིང་བ་དག །ཕ་རོལ་རྒལ་ཕྱིར་ལམ་གྱི་ཟམ་སྟེགས་བཅའ། །ཟླ་བ་དྲི་མེད་ཉ་བའི་བཞིན་རས་ཅན། །མ་ཞུམ་ཁ་ནས་དེ་སྐད་ཚིག་སྨྲས་ནས། །མཆི་མ་རླན་ཆུས་མིག་ནི་གང་གྱུར་པའི། །བྱིས་པ་གཉིས་པོ་བྲམ་ཟེ་དེ་ལ་བྱིན། །ཡང་སྨྲས་པ། བུ་འདི་བྱིན་པའི་

འབྲས་བུ་ནི། །རྒྱ་ཆེན་བདག་གིས་ཐོབ་གྱུར་ནས། །དེས་ནི་འཁོར་བའི་རྒྱ་མཚོ་ལས། །འཇིག་རྟེན་རྣམས་ནི་བསྒྲལ་བར་བྱ། །བུས་པ་གཞོན་ནུ་དག་བྱིན་མ་ཐག་ཏུ་ས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ས་གཡོས་པ་དེས་ཚལ་དེ་ན་གནས་པའི་དཀའ་ཐུབ་

ཅན་རྣམས་སྔངས་ནས་ཕན་ཚུན་སྨྲས་པ། ས་ནི་མི་བཟད་གཡོས་གྱུར་པ། །འདི་ནི་སུ་ཡི་མཐུ་ལྟས་ཡིན། །གང་གི་མཐུ་ནི་འདི་འདྲ་བ། །ཤིན་ཏུ་གསལ་བར་ཤེས་པར་བྱ། །དེ་ན་གནས་འཇོག་དང་རུས་གཅིག་པ་རྒན་པོ་དཀའ་ཐུབ་ཅན་ལྟས་ཤེས་པ་ལ་

མཁས་པ་གཞན་ཞིག་ཡོད་པ་དེས་དྲང་སྲོང་དེ་རྣམས་ལ་དོན་དེ་གོ་བར་བྱས་པ། གདོན་མི་ཟ་བར་དཀའ་ཐུབ་ཀྱི་ནགས་ན་འདུག་པའི་བུ་བྱིས་པ་འབྲས་བུ་དང་ཆུ་འཐུང་བ་ཡིད་དུ་འོང་བ། མིག་ཏུ་སྡུག་པར་བྱེད་པ་གཉིས་ཐམས་ཅད་སྒྲོལ་གྱིས་སྐྱེ་བོ་སྡུག་བསྔལ་གྱིས་

ཉམ་ཐག་པ་ཡོངས་སུ་ཐར་བར་བྱ་བའི་ཕྱིར་སྤངས་ཏེ། དེས་ནས་གཡོས་པར་གྱུར་ཏོ། །དེ་ནས་བུས་པ་གཞོན་ནུ་དེ་གཉིས་ཀྱིས་ཕས་སྙིང་ནས་ཡོངས་སུ་བཏང་བའི་བློ་རིག་ནས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཐལ་མོ་གཉིས་སྦྱར་ནས་ཐམས་ཅད་སྒྲོལ་གྱི་རྐང་པ་གཉིས་

Vol. 2 · folio 223b

ལ་གཏུགས་ཏེ་སྨྲས་པ། ཡབ་ཅིག་ཡུམ་ནི་མ་མཆིས་པར། །ཁྱོད་ནི་བདག་ཅག་སྩོལ་བཞེད་པ། །རེ་ཞིག་དེ་ནི་མཐོང་གྱུར་ནས། །དེ་ནས་བདག་ཅག་སྩལ་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་ལ་གཅགས་པའི་སྡུག་བསྔལ་གྱིས་ངོ་ཟུམ་

གནག་ཅིང་མཆི་མ་འཛག་བཞིན་དེ་གཉིས་ལ་འཁྱུད་ནས་སྨྲས་པ། བུ་དག །ང་ཡི་སྙིང་དུ་མི་སྡུག་མིན། །སྙིང་བརྩེ་སྙིང་རྗེ་མེད་མིན་ཏེ། །འཇིག་རྟེན་ཀུན་ལ་ཕན་པའི་ཕྱིར། །ཡོན་ཏན་མཐོང་ནས་བཏང་བ་ཡིན། །ཅི་ནས་ང་ཡིས་བྱང་ཆུབ་མཆོག །ཞི་བ་རང་

གིས་ཐོབ་ནས་ནི། །སྡུག་བསྔལ་རྒྱ་མཚོ་ལ་གནས་པའི། །རྟེན་མེད་འཇིག་རྟེན་རྣམས་བསྒྲལ་ལོ། །དེ་ནས་བུས་པ་གཞོན་ནུ་དེ་དག་གིས་ཕས་སྙིང་ནས་ཡོངས་སུ་བཏང་བའི་བློ་རིག་ནས་ཕའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་སྙིང་རྗེ་རྗེ་སྐད་དང་། སྨ་

བབ་པའི་ཚིག་གིས་དལ་གྱིས་སྨྲས་པ། གལ་ཏེ་ཁྱོད་ཀྱིས་ཐག་བཀུམ་ན། །མ་ལ་བདག་ཅག་གཉིས་ཀྱི་ཕྲིན། །ཁྱོད་ཀྱིས་བཟོད་པ་མཛོད་ཅིག་ཅེས། །ཡབ་ཅིག་ཁྱོད་ཀྱིས་གསུང་དུ་གསོལ། །ཡབ་གཞན་ཡང་། བྱིས་པར་གྱུར་པས་བླ་མ་ཁྱོད་ལ་ནོངས་པ་

བགྱིས་པ་གང་། །གལ་ཏེ་ལ་ལར་ཐུགས་ལ་མི་འབབ་ཚིག་འགའ་སྨྲས་པའམ། །གུས་པར་མཉན་ནས་ཡོངས་སུ་མཉེས་པ་ཉིད་དུ་མ་བགྱིས་པ། །དེ་ནི་བྱིས་པའི་ནོངས་པ་ལགས་ཞེས་བཟོད་པ་མཛད་དུ་གསོལ། །དེ་སྐད་ཅེས་སྨྲས་ནས་ཕ་ལ་ཕྱག་འཚལ་ཏེ་

ལན་གསུམ་དུ་བསྐོར་བ་བྱས་ནས་མིག་མཆི་མས་གང་བཞིན་དུ་བླ་མ་ལ་སྨྲ་བར་ཡིད་ལ་ཆགས་པས་ཡང་དང་ཡང་ཕྱིར་ལྟ་ཞིང་བསྟི་གནས་དེ་ནས་བྱུང་སྟེ་སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་བྱིས་པ་གཞོན་ནུའི་ཚིག་ཤིན་ཏུ་སྙིང་རྗེར་རུང་བ་དེ་དག་གིས་སྙིང་

བློང་ནས་ཡིད་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ་དཀའ་ཐུབ་ཀྱི་ཚལ་གྱི་ལོ་མའི་སྤྱིལ་བུར་ཞུགས་སོ། །བྱིས་པ་གཞོན་ནུ་དག་དོང་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་སྟོང་ཕྲག་དུ་མ་ཡང་

Vol. 2 · folio 224a

བར་སྣང་ལ་ཅ་ཅོ་དང་། ག་ཞའི་སྒྲ་འབྱིན་ཅིང་། ཨེ་མའོ་རབ་སྦྱིན་བདག་ཉིད་ཆེ། །བུས་པ་འདི་གཉིས་བཏང་ནས་ཀྱང་། །གང་གི་ཡིད་ནི་འགྱུར་མེད་པ། །དེ་ཡི་ངེས་པ་རྨད་ཅིག་གོ། །དེ་ནས་རྒྱགས་སྦྱིན་མ་རྩ་བ་དང་འབྲས་བུ་རྣམས་ཁྱེར་ཏེ་

བསྟི་གནས་ལོགས་སུ་ཆས་པ་ལས་ས་ཆེ་ཐང་དུ་གཡོས་པ་དེས་མྱུར་བ་ཁོ་ནར་བསྟི་གནས་དེ་ཉིད་དུ་སོང་བ་དང་། ལྷ་གཞན་ཞིག་གིས་རྒྱགས་སྦྱིན་མ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཐར་བར་བྱ་བར་བརྩོན་པ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་

ཆད་བྱེད་པར་འགྱུར་དུ་འོང་ངོ་སྙམ་ནས་སེང་གེ་མོ་ཞིག་གི་གཟུགས་སུ་བསྒྱུར་ཏེ་ལམ་བཀག་ནས་འདུག་པ་དང་། རྒྱགས་སྦྱིན་མས་རི་དགས་ཀྱི་རྒྱལ་པོའི་ཆུང་མ་དེ་ལ་སྨྲས་པ། རི་དགས་རྒྱལ་པོའི་ཆུང་མ་སྒེག་སྒེག་མ། ཁོ་མོའི་འདི་བཀག་ནས་ནི་ཅི་སྟེ་འདུག །

ཇི་ལྟར་བདག་ནི་མི་འཕྱོ་ངེས་ཤེ་ན། །ལམ་ལས་བཟུར་སྟེ་མྱུར་དུ་འགྲོ་བར་གྱིས། གཞན་ཡང་། ཁྱོད་ཀྱང་རི་དགས་རྒྱལ་པོའི་ཆུང་མ་ལ། །བདག་ཀྱང་མི་ཡི་དབང་པོ་སེང་གེ་ཡི། །བཙུན་མོ་ཡིན་པས་ཆོས་ཀྱི་སྤུན་གྱུར་གྱིས། །རི་དགས་རྒྱལ་མོས་བདག་གི་ལམ་

ཕྱེ་ཤིག །དེ་སྐད་ཅེས་སྨྲས་པ་དང་། ལྷ་སེང་གེའི་གཟུགས་སུ་བསྒྱུར་བ་དེ་ཡང་ལམ་དེ་ནས་ལོགས་ཤིག་ཏུ་སོང་ངོ་། །དེ་ནས་རྒྱགས་སྦྱིན་མས་བཀྲ་མི་ཤིས་པའི་ལྟས་དག་མཐོང་ནས་ཡུད་ཙམ་ཞིག་བསམས་པ། ཇི་ལྟར་བར་སྣང་ལ་ངུད་མོའི་སྒྲ་གྲག་པ་དང་།

ཇི་ལྟར་ཡང་ཚལ་ན་གནས་པའི་ལྷ་རྣམས་མྱ་ངན་བྱེད་པའི་སྒྲ་གྲག་པ་ལས་ན་གདོན་མི་ཟ་བར་བསྟི་གནས་སུ་མ་ལེགས་པ་ཞིག་བྱུང་བར་གྱུར་ཏོ་སྙམ་ནས་སྨྲས་པ། ཇི་ལྟར་བདག་མིག་འགུལ་བ་དང་། །ཇི་ལྟར་བྱ་སྐད་འབྱིན་པ་དང་། །ཇི་ལྟར་བདག་ནི་དོགས་པ་ལས། །

བུས་པ་དེ་གཉིས་བཏང་བར་ངེས། །ཇི་ལྟར་ས་འདི་གཡོས་པ་ལས། །བདག་གི་སྙིང་ནི་འདར་བ་དང་། །ཇི་ལྟར་ལུས་ཀྱང་རྨྱ་བ་ལས། །བུས་པ་དེ་གཉིས་བཏང་བར་ངེས། །ཞེས་དེ་ལྟ་བུའི་མི་ལེགས་པ་བརྒྱ་སྟོང་དག་སེམས་ཤིང་བསྟི་གནས་སུ་སོང་ནས་བསྟི་

Vol. 2 · folio 224b

གནས་སུ་ཞུགས་ཏེ་མི་དགའ་བཞིན་བལྟས་ན་བུ་གཉིས་མ་མཐོང་ནས། དེ་ནས་རྨོངས་ཤིང་སྙིང་འདར་ནས་བསྟི་གནས་ཀྱི་གཞི་དེའི་རྗེས་བཞིན་དུ་སེམས་ཏེ། ཕྱོགས་འདི་ན་ནི་གཞོན་ནུ་ནག་པོ་སྲིང་མོ་དང་ལྷན་ཅིག་རི་དགས་ཀྱི་ཕྲུ་གུ་དང་རྟག་ཏུ་རྩེ་རྩེ། འདི་ནི་དེ་གཉིས་

ཀྱི་ས་རྡུལ་ལས་བྱས་པའི་ཁྱིམ་ཡིན། འདི་ནི་དེ་གཉིས་ཀྱི་རྩེད་མོའི་ཆ་སྤྱད་ཡིན་ན་དེ་གཉིས་མི་སྣང་ན། གལ་ཏེ་ཞིག་ན་བདག་གིས་མ་མཐོང་གི །ལོ་མའི་སྤྱིལ་བུར་ཞུགས་ནས་ཉལ་ལྟ་སྲིད་དམ་སྙམ་དུ་དེ་ལྟར་སྙིང་ལ་རེ་ཞིང་། བུ་མཐོང་བར་འདོད་པས་རྩ་བ་དང་འབྲས་

བུ་ཕྱོགས་གཅིག་ཏུ་བཞག་ནས་མིག་མཆི་མས་གང་བཞིན་དུ་ཁྱིམ་ཐབ་ཀྱི་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། རྗེའི་སྲས་ཁྱེའུ་དང་བུ་མོ་གཉིས་གང་དུ་མཆིས། ཐམས་ཅད་སྒྲོལ་གྱིས་སྨྲས་པ། ཁོ་བོའི་དྲུང་དུ་བྲམ་ཟེ་ཞིག །རེ་བས་ཡང་དག་འོངས་གྱུར་

ནས། །བུས་པ་དེ་གཉིས་དེ་ལ་བྱིན། །དེ་དག་རྗེས་སུ་ཡི་རང་རིགས། །དེ་སྐད་ཅེས་སྨྲས་པ་དང་། རྒྱགས་སྦྱིན་མ་རི་དགས་མོ་མདའ་དུག་ཅན་གྱིས་ཕོག་པ་བཞིན་དུ་ས་ལ་སྒྱེལ་ནས་ཉ་ཆུའི་གནས་ནས་ཕྱུང་བ་བཞིན་དུ་ནི་འགྲེ་ལྡོག་པར་བྱེད། ཀྲུང་ཀྲུང་བུ་སྟོར་བ་

བཞིན་དུ་ནི་སྙིང་རྗེ་རྗེ་སྐད་དུ་ངུ་། བ་བེའུ་ཤི་བ་བཞིན་དུ་ནི་འབའ་སྒྲ་སྣ་ཚོགས་འདོན་ཅིང་སྨྲས་པ། པད་མ་གཞོན་ནུ་ལྟ་བུའི་བྱད་བཞིན་ཅན། །ལག་པ་པད་མའི་འདབ་ལྟར་གཞོན་ཤ་ཅན། །བདག་གི་བུ་གཉིས་སྡུག་བསྔལ་མ་མྱོང་བ། །འགྲོ་བ་གང་དུ་སོང་

ནས་སྡུག་བསྔལ་འགྱུར། །རི་དགས་བུ་ལྟར་དྲང་ཞིང་རི་དགས་མིག །རི་དགས་ལྷན་ཅིག་བསྟི་གནས་དགའ་དགའ་ན། །དེ་རིང་བདག་གི་བུ་གཉིས་ཇི་ལྟ་བུར། །གཞན་གྱི་དབང་གིས་དོང་ཞིང་སྡུག་བསྔལ་གྱུར། །མིག་ནི་མཆི་མས་གང་བའི་མིག་གིས་ནི། །སྙིང་

རྗེས་ངུ་བ་ཤིན་ཏུ་སྡུག་བསྔལ་བ། །དེ་རིང་བདག་གིས་ལེགས་པར་མ་མཐོང་བས། །སྐྱེ་བོ་བཀྲེན་པའི་ནང་ན་སྡུག་པས་འཚོ། །དེ་གཉིས་བདག་གིས་པང་ནས་བསྐྱེད་བསྐྱེད་པ། །ཟས་སུ་རྩ་བ་མེ་ཏོག་འབྲས་བུ་ཟ། །བཟོད་དང་གནམ་པས་བླ་མ་བརྟག་དཀའ་བ། །

Vol. 2 · folio 225a

བདག་གི་བུ་གཉིས་ཤིན་ཏུ་སྡུག་བསྔལ་ལོ། །དེ་གཉིས་མ་དང་ཉེ་དུ་བྲལ་བ་དང་། །རྩ་ལག་རྣམས་ཀྱིས་གཟུ་ལུམས་སྤངས་པ་ལས། །སྐྱེ་བོ་སྡིག་ཅན་ངན་དང་ཕྲད་གྱུར་ནས། །བདག་གི་བུ་གཉིས་ཤིན་ཏུ་སྡུག་བསྔལ་ལོ། །སྐོམ་ཞིང་བཀྲེས་

པས་བདག་ཉིད་རྟག་གདུངས་ནས། །དེ་གཉིས་སུ་ཡི་དབང་གིས་འགྲོ་བར་འགྱུར། །བྲན་དུ་གྱུར་པས་གདོན་མི་ཟ་བར་ནི། །དེ་གཉིས་ཉམ་ཐག་སྡུག་བསྔལ་ཡོངས་སུ་གཟིར། །བདག་གིས་ངེས་པར་ཚེ་རབས་གཞན་དག་ཏུ། །སྲོག་ཆགས་སྡུག་པ་བརྒྱ་དང་

བྲལ་བ་ཡི། །སྡིག་ལས་ཤིན་ཏུ་མི་བཟད་འདིར་བྱས་པ། །དེས་ན་བ་བེའུ་མེད་བཞིན་ཆོ་ངེས་འདེབས། །བདེན་ཚིག་གང་གིས་བདག་ནི་རྟག་ཏུ་ཡང་། །སེམས་ཅན་ཀུན་ལ་ཡིད་ནི་མཉམ་གྱུར་པ། །བདེན་ཚིག་དེས་ནི་བདག་གི་བུ་གཉིས་པོ། །བྲན་དུ་གྱུར་པ་

ལས་ནི་ཐར་བར་ཤོག །རྒྱགས་སྦྱིན་མས་བུས་པ་གཞོན་ནུ་དེ་དག་གིས་བསྐྱེད་ཅིང་བསྲུངས་པའི་ཤིང་གང་ཡིན་པ་དེ་དག་ལོ་མ་ཐིབ་བེ་འདུག་པར་མཐོང་ནས་སྙིང་དུ་སྡུག་ནས་འཁྱུད་དེ་སྨྲས་པ། བུས་པས་རིལ་བ་ཆུང་ངུས་ཆུ་བཅུས་པ། །ལོ་མ་རྣམས་ལས་ཆུ་

ཐིགས་འཛག་པ་ཡི། །ལྗོན་ཤིང་རྣམས་ནི་སེམས་དང་བཅས་པ་བཞིན། །བུས་པ་ནུ་ཞོ་མ་བླུད་ལྟ་བུར་ངུ་། །ཡང་བུས་པ་གཞོན་ནུ་དེ་གཉིས་དང་རྩེ་རྩེ་བའི་རི་དགས་ཀྱི་ཕྲུ་གུ་བསྟི་གནས་ན་འདུག་པ་རྣམས་མཐོང་ནས་མི་དགའ་སྟེ་སྙིང་རྗེ་རྗེ་སྐད་ཀྱི་ཚིག་གིས་དལ་

བུས་སྨྲས་པ། དེ་ཡི་ནེའུ་ཟླ་མཐོང་བར་འདོད་པ་གང་། །ནགས་སུ་ས་ཚུགས་མཚོན་ཅིང་ཚོལ་བྱེད་པ། །རི་དགས་ཕྲུ་གུ་རྒྱུ་བ་འདི་དག་ཀྱང་། །བདག་གི་སྡུག་བསྔལ་མི་ཆུང་གཞན་ཡིན་ནོ། །དེ་ནས་བུས་པ་གཞོན་ནུ་དེ་དག་ལམ་གང་ནས་དོང་བའི་ལམ་དེར་

རྗེས་བཅད་པ་དང་། བུས་པ་གཞོན་ནུ་དེ་གཉིས་ཀྱི་རྗེས་དྲང་པོར་མ་བྱུང་གི་གྱ་གྱུས་གང་བར་མཐོང་ནས་ལྷག་པར་ཡང་སྡུག་བསྔལ་གྱིས་གདུངས་ནས་སྨྲས་པ། ཇི་ལྟར་འཐེན་པའི་རྗེས་བྱུང་དང་། །ལ་ལར་མྱུར་དུ་སོང་བ་ལས། །བརྡེགས་ཏེ་ཁྲིད་པར་གདོན་མི་ཟ། །

Vol. 2 · folio 225b

ཀྱེ་མ་བྲམ་ཟེ་བརྩེ་མེད་མཆོག །མགུལ་ནི་དབུགས་ཀྱིས་བརྫངས་ཤིང་སྐད་ཀྱང་འཛེར། །མ་མཆུ་མཛེས་པ་འདར་ཞིང་བདག་གི་བུ། །རི་དགས་བཞིན་དུ་མིག་ཀྱང་རིག་རིག་སྟེ། །རྐང་པ་འཇམ་པོས་ཇི་ལྟར་སོང་ཞིག་གུ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དེ་ལྟར་

སྨྲེ་སྔགས་འདོན་པའི་བདག་ཉིད་དེ་མཐོང་ནས་མི་རྟག་པ་ཉིད་དང་ལྡན་པའི་ཚིག་དེ་དང་དེ་དག་གིས་རྣམ་གྲངས་མང་པོར་གོ་བར་བྱས་ནས་སྨྲས་པ། ཁོ་བོས་བུ་གཉིས་གྲགས་པ་ཡིས། །བཏང་བ་མ་ཡིན་སྡང་བས་མིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །གཏང་བར་

དཀའ་བའི་བུ་དེ་བཏང་། །མཆོག་ཏུ་གཏང་དཀའ་བདག་ཉིད་དང་། །བུ་ནོར་ཆུང་མ་རྣམས་བཏང་ནས། །སེམས་དཔའ་ཆེན་པོས་ཚུལ་བཞིན་དུ། །བྱང་ཆུབ་མཆོག་ནི་ཐོབ་པར་འགྱུར། །རྒྱགས་སྦྱིན་བདག་གིས་གཏོང་བ་ལ་བརྟེན་གཏང་དཀའ་བའི། །བུས་པ་དེ་

གཉིས་འཇིག་རྟེན་ཐར་པའི་དོན་དུ་བཏང་། །བདག་དང་ཆུང་མ་བཞོན་དང་ནོར་ཡང་བཏང་བྱས་ཏེ། །ཀུན་ལ་ཐམས་ཅད་གཏང་བའི་བློ་གྲོས་ང་ལ་ཡོད། །དེ་ནས་རྒྱགས་སྦྱིན་མས་སེམས་བརྟན་ཏེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཁྱོད་ལ་བར་ཆད་མི་བགྱིད་ཀྱིས། །

ཁྱོད་བློ་གཞན་དུ་མ་གྱུར་ཅིག །གལ་ཏེ་བདག་ཀྱང་སྩོལ་བཞེད་ན། །དོགས་པ་མེད་པར་བདག་སྩོལ་ཅིག །གཞན་ཡང་། དཔའ་བོ་གང་ཕྱིར་ཉིད་ཀྱི་ཕྱིར། །སྡུག་པས་ཆགས་པ་བཏང་བ་ཡི། །དོན་དེ་མྱུར་དུ་ཐོབ་ནས་ནི། །སྲིད་ལས་འགྲོ་བ་བསྒྲལ་བར་མཛོད། །

དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་དང་། རྒྱགས་སྦྱིན་མ་བརྩོན་འགྲུས་ཤིན་ཏུ་རྨད་དུ་བྱུང་བ་དང་། ཤིན་ཏུ་བྱ་དཀའ་བར་རིག་ནས་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་སྟེང་གི་ནམ་མཁའ་ལས་བསྟི་གནས་དེར་ལྷགས་

ནས་སྣང་བ་རྒྱ་ཆེན་པོས་ནགས་དེ་གསལ་བར་བྱས་ཏེ། ནམ་མཁའ་ལ་འདུག་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། འདི་ལྟར་འཇིག་རྟེན་རྨོངས་པ་བློ་ངན་གཞུང་གིས་བཅིངས་པའི་བློ་གྲོས་ཅན། །ལོངས་སྤྱོད་ལ་ཆགས་སྙིང་གི་ཞགས་པ་བུ་ཡིས་བཅིངས་

Vol. 2 · folio 226a

པའི་ནང་ན་ཡང་། །ཁྱབ་བདག་ཁྱོད་གཅིག་ཆགས་པ་མེད་པས་དགའ་བ་བསྐྱེད་པའི་བུ་གཏོང་བས། །ངེས་པར་གོ་འཕང་བ་དེ་དང་ཞི་བ་དྲི་མེད་དཀའ་བ་མེད་པར་འཐོབ། །དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་ནས་ལྷ་རྣམས་ཀྱི་དབང་

པོ་བརྒྱ་བྱིན་གྱིས་བསམ་པ། འདི་གཅིག་པུ་གཡོག་དང་བྲལ་ན་ཉོན་མོངས་པར་འགྱུར་གྱིས། མ་ལ་བདག་གིས་རྒྱགས་སྦྱིན་མ་བསླང་ངོ་སྙམ་ནས། དེ་ནས་བྲམ་ཟེའི་ཆ་བྱད་དུ་བསྒྱུར་ཏེ་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་ནས་ཡང་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཡན་ལག་

ཀུན་བཟང་ཁྱིམ་ཐབ་ལས། །འཕྱོ་བ་མེད་ཅིང་སྙིང་ཉེ་བ། །རིགས་ན་བསྔགས་པའི་སྲིང་མོ་འདི། །བདག་ལ་བྲན་མོའི་དོན་དུ་སྩོལ། །དེ་ནས་རྒྱགས་སྦྱིན་མ་མི་བཟོད་པ་སྐྱེས་ནས་བྲམ་ཟེ་ལ་སྨྲས་པ། ངོ་ཚ་མེད་ཅིང་བརྐམ་པ་ཁྱོད། །འདི་ན་བྲམ་ཟེ་ཐ་ཤལ་ཏེ། །

ཁྱོད་ལྟ་འཕྱོན་མ་མི་བྱེད་ཅིང་། །དམ་ཆོས་དགའ་བ་ང་འདོད་དམ། །དེ་ནས་བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་སྙིང་རྗེ་དང་ལྡན་པའི་སྙིང་གིས་རྒྱགས་སྦྱིན་མ་ལ་བརྟག་པར་བརྩམས་པ་དང་། དེ་ནས་རྒྱགས་སྦྱིན་མས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་ནི་

བདག་ལ་གཡར་ངན་མེད། །དེ་བཞིན་བདག་ལ་ལྟ་མ་ལགས། །གཅིག་པུ་ཇི་ལྟར་བཞུགས་འགྱུར་ཞེས། །དེ་ལྟར་ཁྱོད་སླད་གཡར་ངན་བགྱིད། །དེ་ནས་བྱང་ཆུབ་སེམས་དཔས་རྒྱགས་སྦྱིན་མ་ལ་སྨྲས་པ། གོ་འཕང་མི་ཟད་མྱ་ངན་མེད་པ་ཚོལ་བདག་ལ། །ས་

སྟེངས་འདིར་ནི་རྒྱགས་སྦྱིན་མྱ་ངན་བྱ་མི་དགོས། །ཁྱོད་ནི་མྱ་ངན་མེད་པར་བྲམ་ཟེ་འདི་རྗེས་འབྲོངས། །བདག་ནི་རི་དགས་འཆི་བ་བཞིན་དུ་བསྟི་གནས་འཐེང་། །དེ་སྐད་ཅེས་སྨྲས་པ་དང་། དགའ་བ་དང་། མགུ་བ་དང་། ཡིད་རབ་ཏུ་དགའ་བས་བསམས་པ་དང་། སྦྱིན་པ་

འདི་ནི་ནགས་ཚལ་འདིར། །བདག་གི་སྦྱིན་པ་ཐ་མ་ཡིན། །རྒྱགས་སྦྱིན་འདི་ཡང་ཡོངས་བཏང་ནས། །ཡོངས་སུ་གཟུང་བ་མེད་པར་འགྱུར། །སྙམ་དུ་རིག་ནས་རྒྱགས་སྦྱིན་མ་ལག་པ་ནས་བཟུང་སྟེ། བྲམ་ཟེ་དེ་ལ་སྨྲས་པ། བདག་གི་མཆིས་འབྲང་སྡུག་པ་འདི། །

Vol. 2 · folio 226b

སྙིང་ནས་སྙིང་ཉེ་བསྒོ་བ་ཉན། །ཡ་རབས་ཚུལ་ཅན་སྙན་པར་སྨྲ། །བྲམ་ཟེའི་མཆོག་ཁྱོད་བཞེས་སུ་གསོལ། །དེ་ནས་མཆེ་བ་བཟང་པོ་ཡི། །ཆུང་མ་བྱང་ཆུབ་འདོད་ཕྱིར་བཏང་། །ཆུ་ལ་གྲུ་ནི་ཇི་ལྟ་བར། །ས་ནི་མཐའ་དག་རྣམ་དྲུག་གཡོས། །དེ་ནས་རྒྱགས་

སྦྱིན་མ་བྲམ་ཟེའི་དབང་དུ་གྱུར་ཏེ། ཁྱོ་དང་བུ་དང་བུ་མོ་དང་བྲལ་བའི་སྡུག་བསྔལ་གྱིས་ཉམ་ཐག་ནས་དབུགས་བརྫངས་པས་སྒྲ་ངར་ངར་པོར་འགགས་བཞིན་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཚེ་རབས་སྔ་མ་ལ། །ཅི་འདྲ་བ་ཡི་ལས་ངན་བྱས། །དེ་ནས་བ་བེའུ་ཤི་བ་

བཞིན། །སྐྱེ་བོ་མེད་པའི་ནགས་ན་ངུ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེའི་ཆ་བྱད་མི་སྣང་བར་བྱས་ཏེ། རང་བཞིན་གྱི་ཆ་བྱད་དུ་གནས་ནས་རྒྱགས་སྦྱིན་མ་ལ་སྨྲས་པ། སྐལ་བཟངས་བདག་ནི་བྲམ་ཟེ་མ་ཡིན་མི་ཡང་མ་ཡིན་གྱི། །བདག་ནི་ལྷ་ཡི་དབང་པོ་བརྒྱ་

བྱིན་ལྷ་མིན་འཇོམས་བྱེད་དེ། །ཁྱོད་ཀྱི་འདུལ་བ་མཆོག་ཏུ་གྱུར་པ་འདི་ཡིས་བདག་མགུ་ཡིས། །བདག་ལས་དམ་པ་གང་ཞིག་འདོད་པ་དེ་འདིར་སྨྲ་བར་གྱིས། །དེ་ནས་དེའི་ཚིག་གིས་རྒྱགས་སྦྱིན་མ་ཡིད་བདེ་བ་སྐྱེས་ནས་བརྒྱ་བྱིན་ལ་ཕྱག་འཚལ་ནས་སྨྲས་པ། སྤྱན་སྟོང་

ལྡན་པ་བདག་གི་བུ། །བྲན་གྱུར་པ་ལས་ཐར་མཛད་ཅིང་། །མེས་པོའི་དྲུང་དུ་ཕྱིན་པར་ཡང་། །སུམ་བཅུ་རྩ་གསུམ་བདག་པོས་མཛོད། །དེ་སྐད་ཅེས་སྨྲས་ནས་ཡང་དབང་པོ་ཆེན་པོ་བསྟི་གནས་སུ་ཞུགས་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་རྒྱགས་སྦྱིན་མ་ལག་

པ་གཡོན་པ་ནས་བཟུང་ནས་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བདག་གིས་ཁྱོད་ལ་རྒྱགས་སྦྱིན་འདི། །གཡོག་གི་ཕྱིར་ནི་སྦྱིན་པར་བྱས། །ཁྱོད་ཀྱིས་སུ་ལའང་མ་སྦྱིན་ཅིག །བཞག་པ་བྱིན་ན་སྨད་པར་འགྱུར། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྲམ་ཟེ་ཁྱེའུ་

དང་བུ་མོ་ཁྱེར་བ་དེ་ཇི་ལྟར་གྲོང་ཁྱེར་གཞན་ཞིག་ཡིན་ནོ་སྙམ་ནས་གྲོང་ཁྱེར་དེ་ཉིད་དུ་སོང་སྟེ་བུས་པ་གཞོན་ནུ་དེ་དག་བཙོང་བར་བརྩམས་པ་དེ་ལྟ་བུར་རྨོངས་པར་བྱས་སོ། །ཇི་ཙམ་ན་བློན་པོ་རྣམས་ཀྱིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ། ཁྱོད་ཀྱི་དཔོན་པོ་ནག་པོ་དང་། །དྲ་བ་

Vol. 2 · folio 227a

ཅན་དང་དེ་གཉིས་ནི། །བྲམ་ཟེ་ཤིན་ཏུ་མ་རུངས་པས། །གྲོང་ཁྱེར་མཆོག་འདིར་འཚོང་ཞིང་མཆིས། །དེ་སྐད་ཐོས་ནས་རྒྱལ་པོ་དེ་སེམས་མི་དགའ་ནས་སྨྲས་པ། གཞོན་ནུ་གཉིས་མྱུར་དུ་སྟོན་ཅིག །བློན་པོ་རྣམས་ཀྱིས་སྐད་ཕྱུང་བ་དང་གྲོང་ཁྱེར་པ་རྣམས་མྱུར་དུ་

རྒྱལ་པོའི་མདུན་དུ་ཉེ་བར་ལྷགས་སོ། །ཇི་ཙམ་ན་བློན་པོ་གཞན་ཞིག་གིས་རྒྱལ་པོའི་དྲུང་དུ་ཁྲིད་པ་དང་། མིའི་དབང་པོ་མངོན་ཕྱོགས་ཁྲིད་པའི་ཚ་བོ་གོས་མེད་ཅིང་། །ལུས་རྦེག་དྲི་མ་ཅན་གྱི་ལུས་དེ་དེ་ཡིས་མཐོང་ནས་ནི། །མོད་ལ་སེང་གེའི་ཁྲི་ལས་ས་ཡི་སྟེང་དུ་ལྷུང་གྱུར་ཏེ། །

ཕོ་བྲང་འཁོར་མི་བློན་ཚོགས་བུད་མེད་དག་ཀྱང་ངུ་བར་གྱུར། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ་སྨྲས་པ། གང་ཞིག་ནགས་ན་གནས་ན་ཡང་། །སྦྱིན་ལ་མངོན་པར་དགའ་བའི་ཡིད། །མིག་བཟངས་དེ་ནི་མྱུར་དུ་འདིར། །ཆུང་མ་དང་བཅས་དགུག་པར་གྱིས། །དེ་ནས་ལྷ་

རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་ནས་རང་གི་གནས་སུ་སོང་ངོ་། །ཕྱི་ཞིག་ན་རྒྱལ་པོ་ཐམས་ཅད་བཤེས་གཉེན་ཤི་བ་དང་། བྲམ་ཟེ་དང་། བློན་པོ་དང་། གྲོང་མི་དང་། ཡུལ་མི་རྣམས་ལྷན་ཅིག་ཏུ་བསྟི་གནས་དེར་སོང་ནས་བྱང་ཆུབ་སེམས་

དཔའ་ལ་གསོལ་བ་བཏབ་སྟེ་རང་གི་གྲོང་ཁྱེར་དུ་བོས་ནས་རྒྱལ་པོར་བཅུག་གོ། །དེ་ནས་རྒྱལ་པོ་ཐམས་ཅད་སྒྲོལ་ཐམས་ཅད་གཏོང་ཞེས་བྱ་བར་གྱུར་ཏོ། །དེས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། མཛའ་བོ་དང་། ཉེ་དུ་དང་། གཉེན་བཤེས་དང་།

ཞོ་ཤས་འཚོ་བ་རྣམས་ལ་སྦྱིན་པ་རྣམ་པ་དུ་མ་དག་བྱིན་ནས་ཚིགས་སུ་བཅད་དེ་སྨྲས་པ། བྱང་ཆུབ་དོན་དུ་གཉེར་བ་ཡིས། །རྒྱལ་རིགས་བྲམ་ཟེ་རྗེའུ་རིགས་དང་། །དམངས་རིགས་གདོལ་པ་གཡུང་པོ་ལའང་། །འཇིགས་པ་མེད་པར་སྦྱིན་པ་གཏང་། །གསེར་དང་དངུལ་

དང་བ་ལང་དང་། །རྟ་དང་ནོར་བུའི་རྣ་རྒྱན་དང་། །དེ་བཞིན་ལས་དག་བྱེད་པའི་བྲན། །ཚུལ་ཁྲིམས་ཕུན་སུམ་ཚོགས་ལ་སྦྱིན། །ཆགས་པ་མེད་པའི་སེམས་ཀྱིས་ནི། །བུ་དང་བུ་མོ་ཡོངས་བཏང་བས། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །མི་ཡིས་དག་པ་ཐོབ་པར་འགྱུར། །

Vol. 2 · folio 227b

རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ཐམས་ཅད་སྒྲོལ་ཞེས་བྱ་བར་གྱུར་པ་གང་གིས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། མཛའ་བོ་དང་། ཉེ་དུ་དང་། གཉེན་བཤེས་དང་། ཞོ་ཤས་འཚོ་བ་རྣམས་ལ་སྦྱིན་པ་རྣམ་པ་དུ་མ་དག་བྱིན་ནས་བསོད་ནམས་

དག་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཐམས་ཅད་སྒྲོལ་ཞེས་བྱ་བ་དེར་གྱུར་ཏེ། ང་ཉིད་ཀྱིས་དེ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་དང་། མཛའ་བོ་དང་། ཉེ་དུ་དང་། གཉེན་བཤེས་དང་། ཞོ་ཤས་

འཚོ་བ་རྣམས་ལ་སྦྱིན་པ་རྣམ་པ་དུ་མ་དག་བྱིན། བསོད་ནམས་དག་བྱས་སོ། །རྒྱལ་པོ་ཆེན་པོ་ངའི་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་

སྔོན་བྱུང་བ་ཐམས་ཅད་ཅེས་བྱའི་གྲོང་རྡལ་གྱི་གྲོང་ཁྱེར་དུ་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ། འཐབ་པ་དང་། ཐབ་མོ་དང་། ཁྲག་

ཁྲུག་དང་། འགྱེད་པ་དང་། ཆོམ་རྐུན་དང་། ནད་རབ་ཏུ་ཞི་བ། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་ཕུན་སུམ་ཚོགས་པ། བུ་གཅིག་པ་ལ་བྱམས་པ་བཞིན་དུ་རྒྱལ་སྲིད་བྱེད་དུ་བཅུག་སྟེ། ཆོས་བཞིན་གྱིས་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེས་རིགས་མཉམ་

པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ། པགས་པའི་མདོག་གསེར་

Vol. 2 · folio 228a

འདྲ་བ། མགོ་གདུགས་ལྟར་འདུག་པ། དཔུང་པ་རིང་བ། འཕྲལ་བའི་དབྱེས་ཆེ་བ་ཞིག་བཙས་ཏེ། དེའི་ཉེ་དུ་རྣམས་འདུས་ནས་ཁྱེའུའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཤེས་ལྡན་དག་གཞོན་ནུ་འདི་ནི་རྒྱལ་པོ་ཐམས་ཅད་བཤེས་

གཉེན་གྱི་བུ་ཡིན་པས་གཞོན་ནུ་ཐམས་ཅད་སྒྲོལ་ཞེས་བྱ་བར་གདགས་སོ། །ཞེས་གཞོན་ནུ་ཐམས་ཅད་སྒྲོལ་དུ་མིང་བཏགས་ནས། མ་མ་བརྒྱད་ལ་གཏད་དེ་ཞེས་བྱ་བ་ནས། གནས་ལྔ་རྣམས་ལ་བྱང་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་གང་ཅི་སློང་བ་དེ་ཐམས་ཅད་

སློང་བ་པོ་དག་ལ་སྦྱིན་པར་བྱེད་པས་དེའི་མིང་ཐམས་ཅད་གཏོང་བ་ཐམས་ཅད་གཏོང་བ་ཞེས་བྱ་བར་གྲགས་སོ། །ཁམས་ཀྱི་རྒྱལ་ཕྲན་གྱི་བུ་མོ་རྒྱགས་སྦྱིན་མ་ཞེས་བྱ་བ་ཞིག་ཡོད་པ་དེ་དེའི་ཆེད་དུ་བསླངས་ནས་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ཏེ། དེ་དེ་དང་ལྷན་

ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཇི་ཙམ་ན་ཁྱེའུ་ཞིག་བཙས་པ་དང་། དེའི་མིང་ནག་པོ་ཞེས་བྱ་བར་བཏགས་སོ། །ཡང་དེ་དང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེའི་མིང་

དྲ་བ་ཅན་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ལ་གླང་པོའི་མཆོག་བཀྲ་ཤིས་ལྡན་ཞེས་བྱ་བ་ཡོད་དེ། དེའི་མཐུས་ཁམས་ཀྱི་རྒྱལ་ཕྲན་རྣམས་སྤ་འགོང་བར་བྱེད་དོ། །དེས་ཐམས་ཅད་སྒྲོལ་ལ་སྨྲས་པ། བུ་བདག་ཅག་གིས་གང་ཅུང་ཟད་

ཁམས་ཀྱི་རྒྱལ་ཕྲན་རྣམས་སྤ་འགོང་བར་བྱེད་པ་དེ་དག་ཐམས་ཅད་ཀྱང་གླང་པོའི་མཆོག་འདིའི་མཐུ་ཡིན་གྱིས་ཁྱོད་ཐམས་ཅད་གཏོང་ན་ཡང་གླང་པོའི་མཆོག་བཀྲ་ཤིས་ལྡན་ནི་ཞོག་ཤིག །ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་སྨྲས་པ། གང་གི་མཐུས་ན་བདག་ཅག་ཐམས་

ཅད་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་འདིས་ཟིལ་གྱིས་མནན། ཁ་ཅིག་གིས་སྨྲས་པ། རྒྱལ་པོ་ཐམས་ཅད་བཤེས་གཉེན་ལ་གླང་པོའི་མཆོག་བཀྲ་ཤིས་ལྡན་ཞེས་བྱ་བ་ཞིག་ཡོད་དོ། །དེའི་མཐུས་བདག་ཅག་འདིས་ཟིལ་གྱིས་མནན་ཏོ། །དེ་དག་གིས་སྨྲས་

Vol. 2 · folio 228b

པ། གང་གིས་ན་གླང་པོའི་མཆོག་དེ་དགུག་པའི་ཐབས་བཟང་པོ་ལྟ་ཅི་ཡོད། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་གྱི་བུ་ཐམས་ཅད་སྒྲོལ་ཞེས་བགྱི་བ་དེ་མི་སྦྱིན་པའམ་མི་གཏོང་བ་ཅི་ཡང་མ་མཆིས་ཏེ། དེ་ཅི་སློང་བ་དེ་ཐམས་ཅད་སྦྱིན་

པས་དེའི་མིང་ཐམས་ཅད་གཏོང་བ་ཐམས་ཅད་གཏོང་བ་ཞེས་བྱ་བར་གྲགས་ཀྱིས། བྲམ་ཟེ་དག་ཅིག་མངགས་དང་དེ་རྣམས་ཀྱིས་བསླངས་ན་ཁུགས་པར་འགྱུར་རོ། །དེ་རྣམས་ཀྱིས་བྲམ་ཟེ་དག་བཀུག་ནས་སྨྲས་པ། བྲམ་ཟེ་དག་དེང་ལ་ཐམས་ཅད་ཅེས་བྱ་བའི་གྲོང་རྡལ་

ན། ཐམས་ཅད་སྒྲོལ་ཞེས་བྱ་བ་ལས་གླང་པོའི་མཆོག་སློངས་ཤིག །དེ་དག་མངགས་ནས་ཐམས་ཅད་ཀྱི་གྲོང་རྡལ་དུ་དོང་ངོ་། །གཞོན་ནུ་ཐམས་ཅད་སྒྲོལ་གླང་པོའི་མཆོག་མེ་ཏོག་ཀུན་ད་དང་། ཀུ་མུ་ད་དང་། ཁ་བ་དང་། དངུལ་དང་། སྤྲིན་དཀར་པོའི་མདོག་ལྟ་བུ་མཆེ་

བ་དྲུག་པ། བདུན་ལེགས་པར་གནས་པ། གླང་པོ་ཆེ་ས་སྲུང་གི་བུ་ལྟར་འགྱིང་ཞིང་འགྲོ་བ། རང་བཞིན་གྱི་མཚན་མཆོག་གིས་བརྒྱན་པ། མཐོང་ན་བཀྲ་ཤིས་པ་ལ་ཞོན་ནས་ཤིན་ཏུ་སྡུག་པའི་བྲན་དང་། གྲོགས་པོ་དང་གཡོག་རྣམས་ཕྱི་བཞིན་འབྲང་ཞིང་ཟླ་བ་རྒྱུ་སྐར་གྱི་

ཚོགས་ཀྱིས་ཡོངས་སུ་བསྐོར་བ་བཞིན་དུ་གྲོང་ཁྱེར་ནས་བྱུང་ནས་སྐྱེད་མོས་ཚལ་ལོགས་སུ་སོང་ངོ་། །དེ་ནས་མངགས་པ་དེ་དག་གིས་གཞོན་ནུ་ཐམས་ཅད་སྒྲོལ་མངོན་དུ་བསུ་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཡང་སྨྲས་པ། ལྷ་མིན་ལྷར་

བཅས་འཇིག་རྟེན་དུ། །ཁྱོད་ནི་ཐམས་ཅད་གཏོང་ཞེས་གྲགས། །ཁྱོད་ཀྱིས་གླང་པོ་མཆོག་འདི་ནི། །བདག་ཅག་རྣམས་ལ་སྩལ་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་གླང་པོའི་མཆོག་དེ་ལས་བབས་ནས་དགའ་བ་དང་། མགུ་བ་དང་།

རབ་ཏུ་དགའ་བའི་ཡིད་ཀྱིས་བྲམ་ཟེ་དེ་དག་ལ་གླང་པོའི་མཆོག་དེ་བསྟན་ནས་སྨྲས་པ། ཇི་ལྟར་བདག་རབ་དགའ་བས་དེང་། །བྲམ་ཟེ་རྣམས་ལ་གླང་ཆེན་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག །བློན་པོ་རྣམས་

Vol. 2 · folio 229a

ཀྱིས་རྒྱལ་པོ་ཐམས་ཅད་བཤེས་གཉེན་ལ་སྨྲས་པ། ལྷ་ཁྱོད་ཀྱི་སྲས་ཐམས་ཅད་སྒྲོལ་གྱིས་གླང་པོའི་མཆོག་བཀྲ་ཤིས་ལྡན་ཞེས་བགྱི་བ་ཕྱིར་རྒོལ་བས་མངགས་པ་ལ་སྩལ་ཏོ། །རྒྱལ་པོས་ཐོས་ནས་ཤིན་ཏུ་ཁྲོས་འཁྲུགས་ཏེ་བསྒོ་བ། ཤེས་ལྡན་

དག་དེང་ལ་ཐམས་ཅད་སྒྲོལ་ཁྲིད་དེ་ཤོག་ཤིག །དེ་རྣམས་ཀྱིས་དེ་ཁྲིད་དེ་འོངས་པ་དང་། རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་གྱིས་ཐམས་ཅད་སྒྲོལ་ལ་སྨྲས་པ། གཞོན་ནུ་ཁོ་བོས་ཁྱོད་ལ་གང་ཅུང་ཟད་ཁམས་ཀྱི་རྒྱལ་ཕྲན་རྣམས་སྤ་འགོང་བར་བྱེད་པ་དེ་ཐམས་ཅད་ནི་

གླང་པོའི་མཆོག་འདིའི་མཐུ་ཡིན་གྱིས། ཁྱོད་ཐམས་ཅད་གཏོང་ན་ཡང་གླང་པོའི་མཆོག་འདི་ནི་ཞོག་ཤིག །ཅེས་སྔ་མོ་ཞིག་ཏུ་མ་བསྒོའམ། ཅིའི་ཕྱིར་ཁྱོད་ཀྱིས་གླང་པོའི་མཆོག་ཡོངས་སུ་བཏང་། དེས་མཉན་ནས་སྨྲས་པ། ཡབ་བསླངས་ན་ཇི་ལྟར་མི་སྩལ། ཅི་ཇི་

སྙེད་བསླངས་པ་དེ་ཐམས་ཅད་སྦྱིན་ནམ། ཚིགས་སུ་བཅད་དེ་སྨྲས་པ། ཁྱིམ་ན་གནས་པའི་སྐྱེས་བུ་ཡིས། །ཅི་རིགས་པར་ནི་སྦྱིན་པ་གཏང་། །འོན་ཏེ་ནགས་སུ་སོང་ན་ནི། །ངེས་པ་ཡི་ནི་མཆོག་བྱའོ། །ཡབ་གལ་ཏེ་སྦྱིན་པ་དག་བཏང་། བསོད་ནམས་དག་བགྱིར་མ་

མཆིས་ན་དཀའ་ཐུབ་ཀྱི་ནགས་སུ་བརྟེན་པར་བགྱིའོ། །གཞོན་ནུ་དེ་བཞིན་དུ་གྱིས་ཤིག །བྱང་ཆུབ་སེམས་དཔས་རྒྱགས་སྦྱིན་མའི་དྲུང་དུ་སོང་སྟེ་སྨྲས་པ། རྒྱགས་སྦྱིན་མ་བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་ཀྱིས། ཁྱོད་ཁྱིམ་ན་བག་ཡོད་པར་གནོས་ཤིག །དེས་སྨྲས་

པ། རྗེའི་སྲས་དང་ཐབས་ཅིག་དཀའ་ཐུབ་ཀྱི་ནགས་སུ་གནས་པར་བགྱིའོ། །རྒྱགས་སྦྱིན་མ་བྱང་ཆུབ་སེམས་དཔའ་རྣམས་ནི་སྦྱིན་པ་ལ་དགའ་བས་གལ་ཏེ་ཁྱོད་འགའ་ཞིག་སློང་ན་བྱིན་པར་འགྱུར་རོ། །རྗེའི་སྲས་གལ་ཏེ་ཁྱོད་ཀྱིས་བཏང་ན་སྩལ་དུ་གསོལ། བྱང་ཆུབ་

སེམས་དཔས་སྨྲས་པ། ཁྱོད་ཀྱིས་དམ་བཅས་པ་འདི་དྲན་པར་བྱོས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་ཕའི་དྲུང་དུ་སོང་ནས་མགོ་བོས་ཕྱག་བྱས་ཏེ་སྨྲས་པ། ཡབ་གཅིག་བདག་གིས་སྦྱིན་སླད་གླང་ཆེན་བཏང་། །ནོངས་པ་གང་ལགས་ས་བདག་བཟོད་པར་གསོལ། །

Vol. 2 · folio 229b

བདག་ནི་གྲོང་ནས་དགོན་པར་མཆིས་ལགས་ཀྱིས། །མི་དབང་ཁྱོད་ཀྱི་ཕྱག་མཛོད་སྟོངས་མ་གྱུར། །དེ་ནས་རྒྱལ་པོ་བུ་དང་བྲལ་བའི་བློང་བས་མཆི་མས་བརྣངས་ནས་སྨྲས་པ། བུ་སྦྱིན་པ་དང་དཀའ་ཐུབ་ཀྱི་ནགས་ཀྱི་བློ་གྲོས་འདི་ཟློག་ཤིག །བྱང་ཆུབ་སེམས་དཔས་སྨྲས་

པ། ས་ནི་རི་དང་བཅས་པར་ཡང་། །གལ་ཏེ་ལྡོག་པར་འགྱུར་གདའ་ཡི། །ས་བདག་བདག་ནི་སྦྱིན་པ་ལས། །སེམས་ནི་ལྡོག་པར་མི་བགྱིད་དོ། །ཞེས་སྨྲས་ནས་སོང་སྟེ། བྱང་ཆུབ་སེམས་དཔའ་བུ་དང་བུ་མོ་དང་། ཆུང་མ་དང་ལྷན་ཅིག་ཤིང་རྟ་མཆོག་གི་ནང་དུ་ཞུགས་ནས་

དཀའ་ཐུབ་ཀྱི་ནགས་སུ་ཆས་སོ། །དེ་ནས་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཤེས་པ་ཁ་ཅིག་གིས་ཐམས་ཅད་སྒྲོལ་བསུ་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཁྱོད་ནི་འཇིག་རྟེན་ཐམས་ཅད་དུ། །ཐམས་ཅད་གཏོང་ཞེས་རྣམ་པར་གྲགས། །

བྲམ་ཟེ་དག་ལ་ཤིང་རྟ་འདི། །ཁྱོད་ཀྱིས་སྦྱིན་པར་གཏང་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་ཤིང་རྟའི་མཆོག་དེ་ལས་བབས་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་སྙིང་གིས་བྲམ་ཟེ་དེ་དག་ལ་ཤིང་རྟའི་མཆོག་དེ་བསྟན་

ནས་སྨྲས་པ། ཇི་ལྟར་བདག་རབ་དགའ་བས་དེང་། །བྲམ་ཟེ་རྣམས་ལ་ཤིང་རྟ་བཏང་། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་རྟ་ལ་ཞོན་ནས་རྒྱགས་སྦྱིན་མ་དང་ལྷན་ཅིག་དོང་བ་དང་། དེ་ནས་བྲམ་ཟེ་

རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་ཤེས་པ་ཁ་ཅིག་གིས་ཐམས་ཅད་སྒྲོལ་བསུ་ནས་སྨྲས་པ། རྒྱལ་རིགས་གཞོན་ནུ་ཁྱོད་རྒྱལ་བར་གྱུར་ཅིག །ཁྱོད་ནི་འཇིག་རྟེན་ཐམས་ཅད་དུ། །ཐམས་ཅད་གཏོང་ཞེས་རྣམ་པར་གྲགས། །བྲམ་ཟེ་རྣམས་ལ་རྟ་འདི་ནི། །ཁྱོད་ཀྱིས་

སྦྱིན་པར་གཏང་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྒྲོལ་རྟ་དེ་ལས་བབས་ནས་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་སྙིང་གིས་བྲམ་ཟེ་དེ་རྣམས་ལ་རྟ་དེ་བསྟན་ནས་སྨྲས་པ། ཇི་ལྟར་བདག་རབ་དགའ་བས་དེང་། །བྲམ་

Vol. 2 · folio 230a

ཟེ་རྣམས་ལ་རྟ་བཏང་བ། །དེ་བཞིན་བདག་གིས་སྲིད་པ་གསུམ། །བཏང་ནས་བྱང་ཆུབ་མཆོག་རེག་ཤོག །དེ་ནས་བྱང་ཆུབ་སེམས་དཔས་ནི་ནག་པོ་ཁྲིད། རྒྱགས་སྦྱིན་མས་ནི་དྲ་བ་ཅན་ཁྲིད་དེ་རྐང་པས་དོང་ནས་བྱང་ཆུབ་སེམས་དཔས་གངས་རིའི་སུལ་མེ་ཏོག་དང་།

འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཞིག་ཏུ་སོང་སྟེ་བྱང་ཆུབ་སེམས་དཔའ་ནི་བསམ་གཏན་བྱེད་དོ། །རྒྱགས་སྦྱིན་མ་ནི་འབྲས་བུས་བསྙེན་བཀུར་བྱེད་དོ། །རི་འོར་གཞན་ཞིག་ན་བྲམ་ཟེ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད།

དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་ཞིག་བཙས་པ་ངན་ཏོ་རེ་ཞེས་སྒྲ་འབྱིན་པས་དེའི་མིང་ངན་ཏོ་རེ་ངན་ཏོ་རེ་ཞེས་བྱ་བར་གྱུར་ཏོ། །རི་འོར་གཞན་ཞིག་ན་བྲམ་ཟེ་རིག་

བྱེད་བཞི་ཤེས་པ་ཞིག་གནས་པ་དེས་རིག་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཇི་ཙམ་ན་བུ་མོ་གཟུགས་བཟང་མོ། མཛེས་མ། བལྟ་ན་སྡུག་པ་ཞིག་བཙས་ཏེ་བསྲིངས་བསྐྱེད་ནས་ཆེན་མོར་

གྱུར་པ་དང་། བྲམ་ཟེ་དེས་བདག་གི་བུ་མོ་འདི་བྱད་གཟུགས་སམ། རིགས་སམ། བཟོའམ། ནོར་གྱི་ཕྱིར་ནི་སུ་ལ་ཡང་མི་སྦྱིན་ནོ། །འོན་ཀྱང་སུ་ཞིག་བདག་ལས་རིག་བྱེད་བཞི་ཀློག་པ་ཞིག་ཡོད་ན། བདག་གིས་དེ་ལ་འདི་སྦྱིན་པར་བྱའོ་ཞེས་དམ་བཅས་སོ། །དེ་ནས་ངན་

ཏོ་རེ་གསང་ཚིག་དོན་དུ་གཉེར་ཞིང་གསང་ཚིག་ཚོལ་བ་བྲམ་ཟེ་དེའི་གན་དུ་སོང་སྟེ་ཕྱིན་པ་དང་སྨྲས་པ། མཁན་པོའི་ཞབས་ལ་བཀུར་སྟི་བགྱིད་པར་འཚལ་ལགས་སོ། །ཅིའི་ཕྱིར་རིག་བྱེད་བཀླག་པའི་སླད་དུའོ། །དེ་བཞིན་དུ་གྱིས་ཤིག །དེ་དེ་ལས་རིག་བྱེད་བཀླག་པར་

བརྩམས་པ་ལས་དེ་ཡིད་གཞུངས་པའི་རང་བཞིན་ཅན་ཞིག་ཡིན་པས་དེས་རིང་པོ་མ་ལོན་པར་རིག་བྱེད་རྣམ་པ་བཞི་ལ་བྱང་བར་གྱུར་ཏོ། །བྲམ་ཟེ་དེས་བསམས་པ། བདག་གིས་དམ་བཅས་པ་ནི་བདག་གི་བུ་མོ་འདི་རིགས་སམ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ། བྲམ་ཟེའི་ཁྱེའུ་འདིས་

Vol. 2 · folio 230b

བདག་ལས་རིག་བྱེད་བཞི་བྱང་བར་བྱས་པ་ཡིན་ན་མཚན་མ་ངན་པ་བཅྭ་བརྒྱད་དང་ལྡན་པ་སྟེ། གལ་ཏེ་འདིས་བུ་མོ་མ་འདོད་ན་ནི་ལེགས་སོ་སྙམ་ནས་དེས་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་བདག་གིས་བུ་མོ་འདི་བྱད་གཟུགས་སམ། རིགས་སམ། བཟོ་འམ། ནོར་གྱི་ཕྱིར་སུ་

ལ་ཡང་མི་སྦྱིན་ཏེ། འོན་ཀྱང་སུ་ཞིག་བདག་ལས་རིག་བྱེད་བཞི་ཀློག་པ་ཞིག་ཡོད་ན། བདག་གིས་དེ་ལ་འདི་སྦྱིན་པར་བྱའོ་ཞེས་དམ་བཅས་པ་ལས་བདག་ལས་ཁྱོད་ཀྱིས་རིག་བྱེད་བཞི་བྱང་བར་བྱས་པ་ལས་ཁྱོད་ལ་བུ་མོ་འདི་ཆུང་མར་སྦྱིན་ནོ། །དེས་སྨྲས་པ། བཀྲ་

ཤིས་པར་གྱུར་ཅིག །བླང་བར་བགྱིའོ་ཞེས་དེས་དེ་ལ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བཏང་ནས་སྨྲས་པ། བྲམ་ཟེའི་ཁྱེའུ་ཆུང་མ་ཁྲིད་ལ་རང་གི་ཁྱིམ་དུ་སོང་ཤིག །དེས་ཆུང་མ་དེ་ཁྲིད་དེ་རང་གི་ཁྱིམ་དུ་སོང་བ་དང་། །དེས་དེ་ལ་སྨྲས་པ། རྗེའི་སྲས་བདག་ནི་ཤིན་ཏུ་

གཞོན་པས་ལས་བགྱིད་རྔོ་མི་ཐོག་གིས་བདག་ལ་བཀོལ་བ་སྩོལ་ཅིག །དེས་དེ་ལ་སྨྲས་པ། བཟང་མོ་ཁོ་བོ་ལ་བཀོལ་བ་ག་ལ་མཆིས། དེས་སྨྲས་པ། རྗེའི་སྲས་ཐམས་ཅད་ཅེས་བགྱི་བའི་གྲོང་རྡལ་ན་རྒྱལ་པོ་ཐམས་ཅད་ཀྱི་བཤེས་གཉེན་ཞེས་བགྱི་བ་དེའི་སྲས་ཐམས་

ཅད་སྒྲོལ་ཞེས་བགྱི་བ་དེ་གང་ཅུང་ཟད་ཅི་སློང་བ་དེ་ཐམས་ཅད་སྩོལ་གྱིས། དེ་ལ་བདག་གི་བཀོལ་བ་སློངས་ཤིག །བཟང་མོ་གལ་ཏེ་དེ་ལྟ་ན་ལྷན་ཅིག་ཏུ་འདོང་ངོ་། །དེ་ནས་ངན་ཏོ་རེ་ཐམས་ཅད་ཀྱི་གྲོང་རྡལ་དུ་ཕྱིན་ནས་དྲིས་པ། གཞོན་ནུ་ཐམས་ཅད་སྒྲོལ་གང་ན། དེ་དག་གིས་

སྨྲས་པ། དཀའ་ཐུབ་ཀྱི་ནགས་ན་གནས་སོ།། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་བདུན་པ། དེ་ནས་ངན་ཏོ་རེ་ཆུང་མ་དང་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་སོང་བ་དང་། དེའི་ཚེ་རྒྱགས་སྦྱིན་མ་མེ་ཏོག་དང་འབྲས་བུའི་ཕྱིར་སོང་ངོ་། །དེ་ནས་བྲམ་

ཟེ་ངན་ཏོ་རེ་རྒྱགས་སྦྱིན་མ་མེ་ཏོག་དང་། འབྲས་བུའི་ཕྱིར་སོང་བ་དང་། ཐམས་ཅད་སྒྲོལ་གྱི་དྲུང་དུ་འོངས་ནས་སྨྲས་པ། ཆུ་གཏེར་གོས་སུ་གྱོན་ཞིང་གཟའ་མིག་མཚུངས་མེད་པ། །རི་བོ་མཆོག་རྒྱས་ནུ་མར་ལྡན་པའི་རོ་སྟོད་ཅན། །གྲོང་ཁྱེར་གྲོང་རྡལ་བཅས་

Vol. 2 · folio 231a

པའི་ས་ལ་བཅལ་བྱས་ཀྱང་། །མཆེ་བཟངས་ཁྱོད་དང་མཚུངས་པར་གཏོང་ཕོད་ཡོད་མ་ཡིན། །བདག་ཅག་བཀོལ་བ་མ་མཆིས་པས། །སྤ་ཤུག་ལྷན་ཅིག་འཁྱམ་བགྱིད་ན། །ཁྱོད་ཀྱིས་རྗེས་སུ་བརྩེ་བགྱིས་ཏེ། །བདག་ལ་བཀོལ་བ་སྩལ་བའི་རིགས། །

ཁོ་བོ་ལ་བཀོལ་བ་ག་ལ་ཡོད། དེ་དང་ཧ་ཅང་མི་རིང་བ་ཞིག་ན་ནག་པོ་དང་དྲ་བ་ཅན་རྩེ་ཞིང་འདུག་པ་དང་། དེས་སྨྲས་པ། བུས་པ་གཞོན་ནུ་འོ་ནི་དག་བྱིན་ཅིག །དེ་སྐད་ཅེས་སྨྲས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་བུ་སྡུག་པ་ཡོངས་སུ་གཏོང་བ་ལ་ཡུད་ཙམ་ཞིག་སེམས་

པར་གྱུར་ཏོ། །དེ་ནས་བྲམ་ཟེ་དེས་ཐམས་ཅད་སྒྲོལ་ལ་སྨྲས་པ། ཀྱེ་རྒྱལ་རིགས་གཞོན་ནུ་ཁོ་བོས་ཁྱོད་ཐམས་ཅད་གཏོང་བའོ། །ཞེས་ཐོས་ནས་དེའི་ཕྱིར་ཁོ་བོ་ཁྱོད་ལ་སློང་ན། འདི་ལ་ཁྱོད་ཀྱིས་དཔྱད་དུ་ཅི་ཞིག་ཡོད། སྙིང་རྗེ་ཡི་ནི་བདག་ཉིད་ཁྱོད། །ཐམས་ཅད་གཏོང་

བར་ས་སྟེངས་གྲགས། །ཇི་ལྟར་གྲགས་པ་དེ་བཞིན་དུ། །ཁྱོད་ཀྱིས་ས་སྟེངས་བྱ་བའི་རིགས། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །རང་གི་སྲོག་ནི་གཏོང་བ་ལའང་། །བདག་གིས་རེས་འགའང་མ་དཔྱད་ན། །རང་གི་

བུ་ནི་གཏོང་བ་ལ། །བདག་བློ་གཞན་འགྱུར་སྨོས་ཅི་དགོས། །བྲམ་ཟེ་ཆེན་པོ་དེ་ལྟ་མོད་ཀྱི། བདག་གིས་ནགས་སུ་བསྐྱེད་བསྐྱེད་པའི། །བུས་པ་འདི་གཉིས་ཡོངས་སྤངས་ན། །མ་དང་བྲལ་བའི་ཉོན་མོངས་པ། །འདི་དག་ཇི་ལྟར་གནས་སྙམ་མོད། །གཞོན་ནུ་ཤིན་ཏུ་བརྩེ་མེད་

པས། །བུས་པ་བཏང་ལ་བདག་མིན་ཞེས། །ཁ་ཅིག་བདག་ལ་འཕྱར་འོང་གིས། །བྲམ་ཟེ་བདག་ནི་ཁྲིད་ན་ལེགས། །དེ་ནས་བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་རིགས་གཞོན་ནུ་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ། ས་འདི་ཐམས་ཅད་དུ་

ཡོན་ཏན་གྲགས་པ། སྲོག་ཆགས་ཐམས་ཅད་ལ་སྙིང་བརྩེ་བས་འོ་བྱམས་པར་ཞུགས་པ། སྦྱིན་པ་དང་། མཆོད་པ་དང་། བཀུར་སྟིས་སྤོས་ཀྱི་གླང་པོ་ལྟ་བུ། དགེ་སྦྱོང་དང་། བྲམ་ཟེ་དང་། གློ་བུར་བ་དང་། སྐྱེ་བོ་བླ་མ་ལ་མཆོད་པ། བཀྲེན་པ་དང་། མགོན་མེད་པ་

Vol. 2 · folio 231b

དང་། ཕོངས་པ་རྣམས་ཡོངས་སུ་འཛིན་པ། ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ། མཐོང་ན་དོན་ཡོད་པ་ཁྱོད་ཀྱིས་བདག་འོངས་པ་ནོམ་པ་མེད་པའམ། ལམ་གྱིས་དུབ་པ་འབྲས་བུ་མེད་པའམ། མཐོང་བ་དོན་མེད་པའམ། རེ་བ་དང་ཡུན་རིང་པོ་ནས་

བརྣག་བརྣག་པའི་འདོད་པ་འབྲས་བུ་མེད་པར་བྱ་བ་གང་ཡིན་པ་དེ་ནི་ཆ་མ་ཡིན་ཏེ། ཁྱོད་ཀྱི་མེད་དོ་ཞེས་བྱ་བའི་ཚིག་གིས་ཁོ་བོ་ཡིད་ལ་རེ་བ་ཀུན་དུ་རྟོག་པའི་རྟ་བཏབ་ན་མྱུར་དུ་ལྡོག་པར་འགྱུར་རོ། །དེ་བས་ན་ཁྱོད་ཀྱིས་བདག་གི་རེ་བ་ཡོངས་སུ་རྫོགས་པར་བྱས་ཏེ། གཏང་

བའི་རིགས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། བྲམ་ཟེ་གལ་ཏེ་དེ་ལྟ་ན་ཡོངས་སུ་གཏང་ངོ་། །བུས་པ་གཞོན་ནུ་དག་གཏང་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་

བསམས་པ། རྒྱགས་སྦྱིན་མ་བྱང་ཆུབ་སེམས་དཔའི་སྦྱིན་པའི་བར་ཆད་བྱེད་པར་འགྱུར་དུ་འོང་ངོ་སྙམ་ནས། སེང་གེ་མོ་ཞིག་གི་གཟུགས་སུ་བསྒྱུར་ཏེ་ལམ་བཀག་ནས་འདུག་པ་དང་། དེ་ནས་རྒྱགས་སྦྱིན་མས་སྨྲས་པ། རི་དགས་རྒྱལ་པོའི་ཆུང་མ་སྒེག་སྒེག་མ། །ཁྱོད་ནི་ཅི་

སྟེ་ལམ་བཀག་འདུག་པར་བྱེད། །གལ་ཏེ་བདག་ནི་མི་འཕྱོ་བདེན་ཞེ་ན། །ལམ་ལས་བཟུར་ཏེ་མྱུར་དུ་འགྲོ་བར་གྱིས། །ཁྱོད་ཀྱང་རི་དགས་རྒྱལ་པོའི་ཆུང་མ་ལ། །བདག་ཀྱང་མི་ཡི་དབང་པོ་སེང་གེ་ཡི། །བཙུན་མོ་ཡིན་པས་ཆོས་ཀྱི་སྤུན་གྱུར་གྱིས། །རི་དགས་རྒྱལ་པོའི་

ཆུང་མས་བདག་ལམ་ཕྱེ། །དེ་སྐད་ཅེས་སྨྲས་པ་དང་། རི་དགས་ཀྱི་རྒྱལ་མོ་དེ་ལམ་དེ་ནས་ལོགས་ཤིག་ཏུ་སོང་ངོ་། །དེ་ནས་རྒྱགས་སྦྱིན་མ་བསྟི་གནས་གང་ན་བ་དེར་སོང་བ་དང་། ནག་པོ་དང་། དྲ་བ་ཅན་གང་ན་ཡང་མ་མཐོང་ནས། བྱང་ཆུབ་སེམས་དཔའི་དྲུང་དུ་སོང་སྟེ་སྨྲས་པ།

རྗེའི་སྲས་བུས་པ་གཞོན་ནུ་གཉིས་གང་ན་མཆིས། བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོའི་དྲུང་དུ་བྲམ་ཟེ་ཞིག །རེ་བས་ཡང་དག་འོངས་གྱུར་ན། །བུས་པ་དེ་གཉིས་དེ་ལ་བྱིན། །དེ་དག་རྗེས་སུ་ཡི་རང་རིགས། །དེ་བརྒྱལ་ནས་ས་ལ་འགྱེལ་བ་དང་། དེ་ལ་ཆུ་མང་པོས་བཏབ་ནས་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words