No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 2 · folio 175b
ཆེ་འགྲོ་བས་དེས་དྲང་སྲོང་དེ་རྣམས་ལ་སྨྲས་པ། བྲམ་ཟེ་ཁྲོ་བ་དོར་བར་གྱིས། །འདི་ནི་ཀུན་ལ་འགྲུབ་པ་ཡིན། །འདི་ནི་མི་དབང་ང་ལས་ནུ། །བྱ་གར་དེ་དག་མ་ཡིན་ནོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་ཕྱོགས་དེར་ཕྱིན་ནས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །
བློན་པོ་རིན་པོ་ཆེས་སྨྲས་པ། དྲང་སྲོང་རྣམས་ཀྱིས་སོ། །རྒྱལ་པོས་སྨྲས་པ། དྲང་སྲོང་འདི་རྣམས་ནང་ན་ཅི་ཞིག་ལ་དགའ། དེས་སྨྲས་པ། ལྷ་རལ་པ་ལ་དགའ་ལགས་སོ། །རྒྱལ་པོས་སྨྲས་པ། འདི་རྣམས་རལ་པ་བྱི་ནས་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་ཅེས་བྱས་
པ་དང་། དེ་ནས་དེ་རྣམས་ཀྱི་རལ་པ་བྱི་ནས་ལག་ན་མདའ་གཞུ་ཐོགས་ཏེ་མདུན་དུ་བརྒྱུག་པར་བརྩམས་པ་དང་། བུད་མེད་རིན་པོ་ཆེས་རྒྱལ་པོ་ལ་གསོལ་པ། ལྷ་དྲང་སྲོང་འདི་རྣམས་ནི་དཀའ་ཐུབ་ཅན་ལགས་ན་འདི་དག་ཅི་བགྱི་ཐོང་ལགས། རྒྱལ་པོས་བཏང་བ་དང་། དེ་
རྣམས་ཀྱིས་སླར་ཡང་བརྩོན་འགྲུས་ལ་གནས་ནས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །རྒྱལ་པོ་ང་ལས་ནུ་ཡང་དཔུང་གི་ཚོགས་དང་ནམ་མཁའ་ལ་འཕགས་ཏེ་ཆས་སོ། །རི་རབ་རིའི་རྒྱལ་པོ་དཔག་ཚད་བརྒྱད་ཁྲི་ནི་འོག་ཏུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ། །དཔག་
ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ། དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །དེའི་ངོས་རེ་རེ་ལ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དེ། དེ་ནི་ཁོར་ཁོར་ཡུག་ཏུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །རིན་པོ་ཆེ་སྣ་བཞིའི་རང་བཞིན་བཟང་པོ་མཛེས་པ། བལྟ་ན་སྡུག་པ་ཡིན་ནོ། །
དེའི་སྟེང་ན་ལྷ་སུམ་བཅུ་རྩ་གསུམ་པ་རྣམས་གནས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་ལྔ་པོ་ཆུ་ལ་གནས་པའི་ཀླུ་རྣམས་དང་། གནོད་སྦྱིན་ལག་ན་ཡོལ་གོ་ཐོགས་པ་རྣམས་དང་། ཕྲེང་ཐོགས་རྣམས་དང་། རྟག་ཏུ་མྱོས་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་
བཀོད་པ་ལ། ཆུ་ན་གནས་པ་རྣམས་ཀྱིས་རྒྱལ་པོ་ང་ལས་ནུའི་དཔུང་གི་ཚོགས་རྣམས་བཀག་པ་དང་། ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་ཕྱོགས་དེར་ཕྱིན་ནས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །དེ་རྣམས་ཀྱིས་སྨྲས་པ། ལྷ་ཆབ་ན་གནས་པའི་ཀླུ་རྣམས་ཀྱིས་སོ། །རྒྱལ་
Vol. 2 · folio 176a
པོས་སྨྲས་པ། བདག་དུད་འགྲོ་རྣམས་དང་གཡུལ་འགྱེད་དམ། དེས་སྨྲས་པ། ཆུ་ལ་གནས་པའི་ཀླུ་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་ཅེས་བྱས་པ་དང་། དེ་རྣམས་རྒྱལ་པོ་ང་ལས་ནུའི་མདུན་ནས་འགྲོ་བར་ཆས་སོ། །ཇི་ཙམ་ན་ཀླུ་དེ་རྣམས་རྒྱལ་པོ་
ང་ལས་ནུའི་མདུན་ནས་རྒྱུག་ཅིང་། ལྷ་ལག་ན་ཡོལ་གོ་ཐོགས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག །དེ་རྣམས་ཀྱིས་སྨྲས་པ། འདིར་མིའི་རྒྱལ་པོ་འོང་ངོ་། །དེ་ནས་ཀླུ་དེ་རྣམས་དང་། ལྷ་ལག་ན་ཡོལ་གོ་ཐོགས་རྣམས་ལོག་
ནས་ཡང་དཔུང་གི་ཚོགས་དེ་ཐོགས་པར་བྱས་སོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུ་འོངས་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག །དེས་སྨྲས་པ། ལྷ་ལྷ་ལག་ན་ཡོལ་གོ་ཐོགས་འདི་རྣམས་ཀྱིས་དཔུང་གི་ཚོགས་བཀག་ལགས་སོ། །རྒྱལ་པོ་ང་ལས་ནུས་སྨྲས་པ།
ལྷ་ལག་ན་ཡོལ་གོ་ཐོགས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག་དེ་ནས་དེ་རྣམས་མདུན་ནས་རབ་ཏུ་བརྒྱུགས་ཏེ། ཇི་ཙམ་ན་ཀླུ་དེ་རྣམས་དང་ལྷན་ཅིག་ལྷ་ཕྲེང་ཐོགས་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག་དེ་དག་གིས་སྨྲས་པ།
མིའི་རྒྱལ་པོ་འདིར་འོང་ངོ་། །དེ་ནས་ལྷ་དང་། ཀླུ་དེ་རྣམས་ཡང་ལོག་ནས་དཔུང་གི་ཚོགས་ཐོགས་པར་བྱས་པ་དང་། རྒྱལ་པོ་ཕྱོགས་དེར་ཕྱིན་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག་དེས་སྨྲས་པ། ལྷ་ལྷ་ཕྲེང་ཐོགས་རྣམས་ཀྱིས་སོ། །རྒྱལ་པོས་སྨྲས་
པ། ལྷ་ཕྲེང་ཐོགས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག །དེ་ནས་དེ་རྣམས་མདུན་ནས་བརྒྱུག་པར་བརྩམས་སོ། །དེ་རྣམས་ཀྱིས་བརྒྱུགས་ནས་ལྷ་རྟག་ཏུ་མྱོས་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་རྒྱུག །
དེ་རྣམས་ཀྱིས་སྨྲས་པ། མིའི་རྒྱལ་པོ་འདིར་འོང་ངོ་། །དེ་ནས་དེ་རྣམས་ལོག་ནས་ཡང་དཔུང་གི་ཚོགས་དེ་ཐོགས་པར་བྱས་པ་དང་། རྒྱལ་པོ་ཕྱོགས་དེར་ཕྱིན་ནས་དེས་སྨྲས་པ། དཔུང་གི་ཚོགས་འདི་སུ་ཞིག་གིས་བཀག་དེས་སྨྲས་པ། ལྷ་ལྷ་རྟག་ཏུ་མྱོས་རྣམས་ཀྱིས་སོ། །རྒྱལ་
Vol. 2 · folio 176b
པོས་སྨྲས་པ། ལྷ་རྟག་ཏུ་མྱོས་འདི་དག་ཉིད་བདག་གི་མདུན་ནས་འགྲོ་བར་གྱུར་ཅིག །དེ་ནས་དེ་རྣམས་མདུན་ནས་བརྒྱུགས་སོ། །དེ་རྣམས་ཀྱིས་བརྒྱུགས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། དེ་རྣམས་ཀྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་ཅི་སྟེ་
རྒྱུག །མིའི་རྒྱལ་པོ་འདིར་འོང་ངོ་། །རྒྱལ་ཆེན་བཞིའི་རྣམས་ཀྱིས་བསམས་པ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་ཏེ་དེ་དགག་པར་མི་ནུས་སོ་སྙམ་ནས། དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དེ་རྣམས་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་
འདིར་མིའི་རྒྱལ་པོ་ང་ལས་ནུ་འོང་ངོ་ཞེས་སྦྲན་ཏོ། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་བསམས་པ། སེམས་ཅན་འདི་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་པས་དེ་བཟློག་པར་མི་བྱའི་མཆོད་ཡོན་གྱིས་བསུ་བར་བྱའོ་སྙམ་ནས། དེ་ནས་སུམ་བཅུ་རྩ་གསུམ་
པའི་ལྷ་དེ་རྣམས་ཀྱིས་མཆོད་ཡོན་གྱིས་བསུའོ། །རྒྱལ་པོ་ང་ལས་ནུ་རི་རབ་ཀྱི་རྩེ་ལ་འཛེག་པ་ན་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་དག་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། ལྷ་གནས་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་
ལྟ་བུ་མཐོན་པོ་ཕ་བི་དག་ཅི་ཞིག་ཡིན། ལྷ་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་ཞེས་བགྱི་བ་ལགས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་དེ་ན་རྩེ་བར་བགྱིད། དགའ་བར་བགྱིད།
དགའ་མགུར་སྤྱོད་པར་བགྱིད་དོ། །ལྷ་ཡང་དེར་བྱོན་ནས་ལྷའི་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་རོལ་བར་མཛད། དགྱེས་པར་མཛད། དགྱེས་མགུར་སྤྱད་པར་མཛོད་ཅིག་རྒྱལ་པོ་ང་ལས་ནུས་ཐོས་ནས་ཀྱང་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཅག་
གིས་ཚལ་སྔོ་ཞིང་སྔོ་བའི་ཕྲེང་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་དག་མཐོང་ངམ། ལྷ་མཐོང་ལགས་སོ། །སྣ་བོ་དག་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་ཅེས་བྱ་བ་ཡིན་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་པའི་ཡོན་
Vol. 2 · folio 177a
ཏན་ལྔ་དང་འབྱོར་ཅིང་ལྡན་པར་དེ་ན་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱིས། སྣ་བོ་དག་ཁྱེད་ཅག་ཀྱང་དེར་ཕྱིན་ནས་འདོད་པའི་ཡོན་ཏན་ལྔ་དང་འབྱོར་ཅིང་ལྡན་པར་རྩེ་བར་གྱིས། དགའ་བར་གྱིས་དགའ་མགུར་སྤྱད་པར་གྱིས་ཤིག །
ཡང་རྒྱལ་པོ་ང་ལས་ནུས་རི་རབ་ཀྱི་རྩེ་ན་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་གནོད་སྦྱིན་ལྷ་གནས་ལ་སྨྲས་པ། ལྷ་གནས་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་ཕ་བི་ཅི་ཞིག་ཡིན། ལྷ་དེ་ནི་སུམ་བཅུ་རྩ་གསུམ་
པའི་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་ལགས་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། རྒྱལ་ཆེན་བཞི་རྣམས་དེར་འདུས་ཤིང་ཚོགས་ནས་ལྷ་དང་མི་རྣམས་ཀྱི་དོན་སེམས་པར་བགྱིད། འཇལ་བར་བགྱིད། ཉེ་བར་རྟོག་པར་བགྱིད་དེ། ལྷ་ཡང་དེར་བཞུད་པར་
འགྱུར་རོ། །རྒྱལ་པོ་ང་ལས་ནུས་ཐོས་ནས་བློན་པོ་རྣམས་ལ་སྨྲས་པ། སྣ་བོ་དག་ཁྱེད་ཅག་གིས་དཀར་ཞིང་དཀར་བ་སྤྲིན་སྤུངས་པ་ལྟ་བུ་མཐོན་པོ་མཐོང་ངམ། ལྷ་མཐོང་ལགས་སོ། །སྣ་བོ་དག་དེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་ཞེས་བྱ་བ་ཡིན་
ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། རྒྱལ་ཆེན་བཞི་རྣམས་དེར་འདུས་ཤིང་ཚོགས་ནས་ལྷ་དང་མི་རྣམས་ཀྱི་དོན་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་དེ། སྣ་བོ་དག་ཁྱེད་ཅག་ཀྱང་དེར་འགྲོ་བར་འགྱུར་རོ། །སུམ་བཅུ་རྩ་གསུམ་
པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ནི་ཆུ་དང་ཞེང་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དེ། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཁྲི་ཡོད་པ། གསེར་གྱི་ར་བ་རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ་སྟེ། ར་བ་དེ་རྣམས་ཀྱི་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ། །ར་བ་དེ་
རྣམས་ལ་ཅོག་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་བཏགས་སོ། །སྐར་ཁུང་ཁ་ཡར་ལྟ་བ་དང་། མར་ལྟ་བ་དག་ཀྱང་བཏོད་དོ། །གྲོང་ཁྱེར་བལྟ་ན་སྡུག་གི་ནང་གི་སའི་ཕྱོགས་ནི་བཟང་པོ།
Vol. 2 · folio 177b
མཛེས་པ། བལྟ་ན་སྡུག་པ། བཀྲ་བ་ཤིན་ཏུ་བཀྲ་བ། ཚོན་བརྒྱ་རྩ་གཅིག་གིས་བཀྲ་བར་བྱས་པ་དཔེར་ན་རས་བལ་གྱི་འདའ་བའམ་ཤིང་བལ་གྱི་འདའ་བ་ལྟ་བུར་འཇམ་པ། ཤིན་དུ་འཇམ་པ། རྐང་པས་མནན་ནེམས་ཞེས་བྱེད་ལ། རྐང་པ་བཏེག་ན་བར་ཞེས་བྱེད་པ།
ལྷའི་མེ་ཏོག་མན་དཱ་རའི་ཕུང་པོ་པུས་མོ་ནུབ་ཙམ་བཀྲམ་པ་སྟེ། རླུང་ལངས་པས་མེ་ཏོག་རྙིང་པ་རྣམས་ཁྱེར་ལ་མེ་ཏོག་སར་པ་རྣམས་འབབ་པར་བྱེད་དོ། །བལྟ་ན་སྡུག་གི་གྲོང་ཁྱེར་ལ་སྒོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡོད་དེ། སྒོ་རེ་རེ་ན་གནོད་སྦྱིན་གོས་སྔོན་པོ་ཅན་གོ་ཆ་བགོས་པ།
མདའ་གཞུ་སྐྱེས་སྐོར་ཐོགས་པ་ལྔ་བརྒྱ་འདི་ལྟར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་བསྲུང་བ་དང་། བསྐྱབ་པ་དང་། མཛེས་པར་བྱ་བའི་ཕྱིར་གནས་སོ། །གྲོང་ཁྱེར་བལྟ་ན་སྡུག་གི་སྲང་གི་སྲིད་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ་རྒྱར་ནི་དཔག་ཚད་བཅུ་གཉིས་ཡོད་དེ་
བཟང་པོ་མཛེས་པ། བལྟ་ན་སྡུག་པ། གསེར་གྱི་བྱེ་མས་བདལ་བ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། གསེར་གྱི་དྲ་བས་བྲེས་པ། དེའི་ཕྱོགས་ཀུན་ན་རྫིང་བུ་རྣམ་པ་སྣ་ཚོགས་ཡོད་དེ། རྫིང་བུ་དེ་རྣམས་ཕ་གུ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་
པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏོ། །རྫིང་བུ་དེ་རྣམས་ཀྱི་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་ཡིན་ནོ། །རྫིང་བུ་དེ་རྣམས་ལན་ཀན་རྣམ་པ་
བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཅིང་། གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་དངུལ་ལས་བྱས་པ་དང་། དངུལ་ལས་བྱས་པའི་ལན་
ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་གསེར་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་ཤེལ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་
Vol. 2 · folio 178a
ཀན་གྱི་རྟེན་མ་བཻ་ཌཱུརྱ་ལས་བྱས་པ་ཡིན་ནོ། །རྫིང་བུ་དེ་རྣམས་ཆུ་སྦྲང་རྩི་ལྟར་མངར་ཞིང་བསིལ་བས་གང་ལ། ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་གང་ཞིང་ཆུ་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་
ཅན་རྣམས་ཀྱིས་སྙན་ཅིང་འཇེབས་ལ་ཡིད་དུ་འོང་བའི་སྒྲ་སྐད་འབྱིན་པར་བྱེད་དོ། །དེའི་ཕྱོགས་ཀུན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། དབུ་རྒྱན་སྐྱེ་བ་དག་ཤིན་དུ་དབྱིབས་ལེགས་ཤིང་ལེགས་པར་སྐྱེས་པ་ནི་དཔེར་ན་ཕྲེང་བ་མཁན་ནམ་ཕྲེང་བ་མཁན་གྱི་སློབ་མ་མཁས་
པ་ཞིག་གིས་རྣ་རྒྱན་དུ་བྱ་བའི་ཕྱིར་མེ་ཏོག་གི་ཕྲེང་བ་ལེགས་པར་བརྒྱུས་པ་བཞིན་ནོ། །ཐང་ལ་གནས་པའི་བྱ་རྣམ་པ་སྣ་ཚོགས་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་ཀྱང་སྙན་ཅིང་འཇེབས་པའི་སྒྲ་སྐད་འབྱིན་ཏོ། །གྲོང་ཁྱེར་བལྟ་ན་སྡུག་ན་དཔག་བསམ་གྱི་གོས་ཀྱི་ཤིང་
ལྗོན་པ་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་རྣམས་ལས་དཔག་བསམ་གྱི་ཤིང་ལྗོན་པ་ལས་བྱུང་བའི་གོས་རྣམ་པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཏེ། ལྷའམ་ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་
ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །རྒྱན་གྱི་ཤིང་རྣམ་པ་བཞི་པོ་རྣམས་ལས་རྒྱན་རྣམ་པ་བཞི་པོ་ལག་པའི་རྒྱན་དང་། རྐང་པའི་རྒྱན་དང་། སྨད་ཀྱི་རྒྱན་དང་། སྣང་བར་བྱ་བའི་རྒྱན་ནོ། །ལྷའི་བུའམ་ལྷའི་བུ་མོ་དག་ཇི་ལྟ་བུ་འདོད་པའི་སེམས་བསྐྱེད་མ་ཐག་
ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །རོལ་མོའི་ཆ་སྤྱད་རྣམ་པ་བཞི་པོ་པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། སྒྲ་སྙན་རྣམས་ལས་ལྷའམ་ལྷའི་བུ་མོས་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །ལྷའི་ཁ་ཟས་རྣམ་
པ་བཞི་པོ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ལས་ལྷའམ་ལྷའི་བུ་མོས་ཇི་ལྟ་བུ་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་ལག་ཏུ་འཐོབ་པར་འགྱུར་རོ། །ཁང་པ་དང་། ཁང་པ་རྩེག་མ་དང་། བསིལ་ཁང་དང་། ཁྱམས་དང་། སྐར་ཁུང་དང་། མཐོངས་ཁུང་
Vol. 2 · folio 178b
ཅན་བུད་མེད་ཀྱི་ཚོགས་རྣམས་དང་། ལྷ་མོའི་ཚོགས་རྣམས་འདུ་བའི་གནས་དག་ཡོད་དེ། དེ་ན་བཏུང་བ་སྦྲང་རྩིའི་བཏུང་བ་དང་། མ་དྷ་བའི་བཏུང་བ་དང་། ཀ་དམ་བྷ་རའི་བཏུང་བ་དང་། རོལ་མོའི་སྒྲ་སྐད་རྣམས་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་རྩེ་བར་བྱེད། དགའ་བར་
བྱེད། དགའ་མགུར་སྤྱོད་པར་བྱེད་དེ། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་དོ། །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟང་ཞེས་བྱ་བ་སྲིད་དུ་དཔག་ཚད་སུམ་བརྒྱ། རྒྱར་དཔག་ཚད་སུམ་བརྒྱ་སྟེ། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་དགུ་བརྒྱ་
ཡོད་པ། བཟང་པོ། མཛེས་པ། བལྟ་ན་སྡུག་པ། ཤེལ་གྱི་རྒྱུ་ལས་བྱུང་བ་སྟེ། གྲོང་ཁྱེར་དེ་ལས་དཔག་ཚད་ཕྱེད་དང་བཞི་གྱེན་དུ་འཕགས་སོ། །དེར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྟན་བཤམས་པ་ནི་ཉེ་དབང་པོ་སུམ་བཅུ་རྩ་གཉིས་དང་། སུམ་བཅུ་རྩ་གསུམ་པའི་
ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་དག་སོ་སོར་བཤམས་སོ། །རྒྱལ་པོ་ང་ལས་ནུའི་སྟན་ནི་སྟན་དེ་དག་ཐམས་ཅད་ཀྱི་མཇུག་ཁོ་ནར་བཤམས་སོ། །དེ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་མཆོད་ཡོན་ཐོགས་ཏེ་རྒྱལ་པོ་ང་ལས་ནུ་བསུའོ། །དེ་ན་སེམས་ཅན་བསོད་ནམས་
ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་དག་ནི་རིམ་གྱིས་ནང་དུ་ཞུགས་སོ། །ལྷག་མ་རྣམས་ནི་ཕྱི་རོལ་ན་འཁོད་པ་དང་། རྒྱལ་པོ་ང་ལས་ནུས་བསམས་པ། སྟན་བཤམས་པ་གང་དག་ཡིན་པ་འདི་རྣམས་ལས་སྟན་ཐ་མ་གང་ཡིན་པ་འདི་ནི་གདོན་མི་ཟ་
བར་བདག་གི་སྟན་ཡིན་ནོ་སྙམ་ནས། དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་ཀྱེ་མའོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བདག་ལ་བསྟབས་ཀྱང་ཅི་མ་རུང་སྙམ་དུ་བསམས་པ་དང་། སེམས་བསྐྱེད་མ་ཐག་ཏུ། རྒྱལ་པོ་ཆེན་པོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་
པོ་ང་ལས་ནུ་ལ་སྟན་ཕྱེད་བསྟབས་ནས། རྒྱལ་པོ་ང་ལས་ནུ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་གོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་གཅིག་ལ་འདུག་པ་ན་འདི་ལྟ་སྟེ་སྲིད་དུའམ། ཞེང་དུའམ། ཁ་དོག་རྒྱས་པའམ།
Vol. 2 · folio 179a
སྨྲ་དངགས་ལ་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནི་མིག་མི་འཛུམས་སོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་འདུག་པ་ལ་བརྒྱ་བྱིན་
སུམ་བཅུ་རྩ་དྲུག་ཤི་འཕོས་པ་ལོན་ནོ། །ཡང་དེ་ན་ལྷ་རྣམས་ལ་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་འབྱུང་སྟེ། དེ་ལ་གལ་ཏེ་ལྷ་མ་ཡིན་རྣམས་ཕམ་པར་གྱུར་ན་ནི་ལྷ་མ་ཡིན་དེ་རྣམས་གྲོང་ཁྱེར་གྱི་སྒོ་བཅད་ནས་ར་བའི་ཁ་བསྐོར་ནས་འདུག་གོ། །འོན་ཏེ་ལྷ་རྣམས་ཕམ་པར་གྱུར་
ན་ནི་ལྷ་དེ་རྣམས་ཀྱང་ཁང་པའི་སྒོ་རྣམས་བཅད་ནས་ར་བའི་ཁ་བསྐོར་ནས་འདུག་གོ། །ཇི་ཙམ་ན་ལྷ་མ་ཡིན་རྣམས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་གཅན་རིམ་པ་ལྔ་དྲལ་ཏེ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་གཡུལ་འགྱེད་དུ་འོངས་པ་དང་། གནོད་སྦྱིན་རྣམས་
ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་མཁྱེན་པར་མཛོད་ཅིག །ལྷ་མ་ཡིན་རྣམས་ཀྱིས་གཅན་རིམ་པ་ལྔ་དྲལ་ཏེ་ཉེ་བར་མཆིས་ཀྱིས། ཁྱོད་ཀྱི་བགྱི་བ་དང་བཤམས་པ་གང་ལགས་པ་དེ་མཛོད་ཅིག །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དཔུང་གི་
ཚོགས་ཡན་ལག་བཞི་པ་གོ་བགོས་ནས་ལྷ་མ་ཡིན་དང་གཡུལ་སྤྲད་པའི་ཕྱིར་སྤགས་པ་རྒྱལ་པོ་ང་ལས་ནུས་མཐོང་ནས་སྨྲས་པ། བཞུགས་ཤིག་བདག་ཉིད་མཆིའོ། །བརྒྱ་བྱིན་གྱིས་སྨྲས་པ། དེ་བཞིན་མཛོད་ཅིག །དེ་ནས་རྒྱལ་པོ་ང་ལས་ནུ་དཔུང་གི་ཚོགས་བྱེ་
བ་བརྒྱད་འབུམ་དང་སྟེང་གི་ནམ་མཁའ་ལ་འཕགས་ནས་གཞུ་རྒྱུད་ཀྱི་སྒྲ་སྦྲེངས་སོ། །ལྷ་མ་ཡིན་རྣམས་ཀྱིས་དེ་ཐོས་ནས་སྨྲས་པ། འདི་སུའི་གཞུ་རྒྱུད་ཀྱི་སྒྲ་ཡིན། དེ་རྣམས་ཀྱིས་འདི་ནི་རྒྱལ་པོ་ང་ལས་ནུའི་གཞུ་རྒྱུད་ཀྱི་སྒྲ་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་ངོ་མཚར་སྐྱེས་པར་
གྱུར་ཏོ། །ཇི་ཙམ་ན་རྒྱལ་པོ་ང་ལས་ནུས་སྤགས་པ་དང་། ཆོས་ཉིད་ཀྱིས་ལྷ་རྣམས་དང་ལྷ་མ་ཡིན་དེ་རྣམས་གཡུལ་འགྱེད་པའི་ཤིང་རྟ་དག་ནམ་མཁའ་ལ་ཐད་ཀ་ཐད་ཀར་འདུག་སྟེ། གང་གི་ཡང་མཐོན་དམན་མེད་པ་ཡིན་པ་ལས་རྒྱལ་པོ་ང་ལས་ནུའི་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་ལྟག་
Vol. 2 · folio 179b
གི་ནམ་མཁའ་ལ་འཕགས་ནས་འདུག་གོ། །ལྷ་མ་ཡིན་དེ་རྣམས་ཀྱིས་སྨྲས་པ། བདག་ཅག་གི་ལྟག་ན་ནམ་མཁའ་ལ་སྤགས་ཏེ་འདུག་པ་འདི་སུ་ཞིག་ཡིན། དེ་རྣམས་ཀྱིས་འདི་ནི་མིའི་རྒྱལ་པོ་ང་ལས་ནུ་ཞེས་བྱ་བ་ཡིན་ནོ་ཞེས་ཐོས་སོ། །ཐོས་ནས་དེ་རྣམས་ཀྱིས་བསམས་པ། གང་
གི་ཤིང་རྟ་བདག་ཅག་གི་ལྟག་ཏུ་ནམ་མཁའ་ལས་འགྲོ་བའི་སེམས་ཅན་འདི་ནི་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ་ཡིན་ནོ་སྙམ་ནས། དེ་རྣམས་ཕམ་པར་གྱུར་ཏེ་འཇིགས་སྐྲག་ཅིང་བཅོམ་པས་རྒྱབ་བསྟན་ནས་ལྷ་མ་ཡིན་རྣམས་ཀྱི་གནས་སུ་ཞུགས་སོ། །རྒྱལ་པོ་
ང་ལས་ནུས་སྨྲས་པ། གང་རྒྱལ། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་རྒྱལ་ལགས་སོ། །རྒྱལ་པོས་བསམས་པ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་པས་ནི་བདག་ལྷག་གོ་སྙམ་མོ། །དེ་ནས་རྒྱལ་པོ་ང་ལས་ནུ་འདི་སྙམ་དུ་སེམས་ཏེ། བདག་ལ་འཛམ་བུའི་གླིང་འབྱོར་པ་དང་།
རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་རབ་ཏུ་གང་བ་ཡང་ཡོད། བདག་ལ་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་གྱི་གླིང་ཡང་ཡོད། བདག་ལ་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་
རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེ་ཡང་ཡོད། བདག་ལ་བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པར་བྱེད་པ་
སྟོང་ཡང་ཚང་བར་ཡོད། བདག་གི་ཕོ་བྲང་གི་ནང་དུ་ཡང་གསེར་གྱི་ཆར་ཞག་བདུན་དུ་བབ། བདག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཡང་ཕྱིན། ལྷའི་འདུན་ས་ཆོས་བཟང་དུ་ཡང་ཞུགས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བདག་ལ་སྟན་ཕྱེད་བསྟབས་
ཀྱིས་ཀྱེ་མའོ་བདག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ། བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ་སྙམ་པ་དང་། སེམས་བསྐྱེད་མ་ཐག་ཏུ་རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུ་འབྱོར་པ་དེ་ལས་ཡོངས་སུ་ཉམས་ཏེ། འཛམ་བུའི་གླིང་
Vol. 2 · folio 180a
དུ་འོངས་ནས་ནད་ཚབས་པོ་ཆེ་ཞིག་གིས་ཐེབས་ཏེ་སྡུག་བསྔལ་མི་བཟད་པ་འཆི་བ་ལ་ཐུག་པ་མྱོང་བ་དང་། དེ་ནས་རྒྱལ་པོ་ང་ལས་ནུའི་བློན་པོ་དང་། རྩིས་པ་དང་། རྒྱལ་སྲིད་འབུལ་བའི་སྣ་ཆེན་པོ་ལ་གཏོགས་པ་དང་། གསང་སྔགས་ཀྱིས་ལྷན་ཅིག་འཚོ་བར་བྱེད་པ་
རྣམས་རྒྱལ་པོ་ང་ལས་ནུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། རྒྱལ་པོ་ང་ལས་ནུ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་འདས་ནས་ཡུལ་འཁོར་གྱི་མི་སླད་མ་རྣམས་ཤེས་ལྡན་དག་རྒྱལ་པོ་ང་ལས་ནུས་ནོངས་པའི་དུས་ཀྱི་ཚེ་ཅི་ཞིག་གསུངས་ཞེས་འདྲི་ན། དེ་སྐད་དུ་འདྲི་བ་དེ་དག་ལ་བདག་ཅག་གིས་
ཇི་སྐད་དུ་ལན་གདབ་པར་བགྱི། སྣ་བོ་དག་ང་འདས་ནས་གལ་ཏེ་ཁྱེད་ཅག་ལ་སྐྱེ་བོ་ཕྱི་མ་རྣམས་ཉེ་བར་འོངས་ནས་དེ་སྐད་དུ་འདྲི་བར་བྱེད་ན། འདྲི་བ་དེ་དག་ལ་ཁྱེད་ཀྱིས་ལན་འདི་སྐད་ཅེས་ཐོབ་ཤིག །ཤེས་ལྡན་དག་རྒྱལ་པོ་ང་ལས་ནུ་ནི་རིན་པོ་ཆེ་སྣ་བདུན་དང་ཡང་ལྡན། མིའི་འབྱོར་པ་རྣམ་
བཞིས་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཡང་དབང་བྱེད་དུ་བཅུག །སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཡང་སོང་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་དག་གིས་མ་ངོམས་བཞིན་དུ་ནོངས་སོ་ཟེར་རོ་ཞེས་གྱིས་ཤིག །ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། ཀཱར་ཥཱ་པ་ཎའི་ཆར་
བབ་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །མཁས་པས་འདོད་པ་མནོག་ཆུང་ཞིང་། །སྡུག་བསྔལ་མང་པོར་ཤེས་ནས་ནི། །ལྷ་ཡི་འདོད་པ་རྣམས་ལ་ཡང་། །དགའ་བར་འགྱུར་བ་མེད་པ་ཉིད། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ཉན་ཐོས་སྲེད་པ་ཟད་ལ་དགའ། །
གངས་ཀྱི་རི་དང་མཉམ་པ་ཡི། །གསེར་གྱི་རི་བོར་གྱུར་ཀྱང་ནི། །གཅིག་གི་ནོར་དུའང་དེས་མི་ཆོག །མཁས་པས་དེ་ལྟར་ཤེས་པར་བྱ། །གང་ཞིག་གཞི་འདིས་སྡུག་བསྔལ་རྟོག་པ་དེ། །འདོད་པ་དག་ལ་གཞར་ཡང་ཇི་ལྟར་དགའ། །འཇིག་རྟེན་ནོར་དག་ཟུག་རྔུར་རྟོགས་ནས་ནི། །
བརྟན་པས་དེ་ཉིད་གདུལ་ཕྱིར་བསླབ་པར་བྱ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཁྱོད་ཀྱིས་འདི་ལྟར་གང་མིའི་འཇིག་རྟེན་ན་འདོད་པའི་ཡོན་ཏན་ལྔས་ངོམས་ཤིང་ཆོག་ཤེས་ཏེ་འཆི་བར་འགྱུར་བའི་མི་གང་དག་ཡིན་པ་དེ་དག་ནི་ཉུང་ལ། མིའི་འཇིག་རྟེན་ན་འདོད་པའི་ཡོན་ཏན་ལྔས་
Vol. 2 · folio 180b
མི་ངོམས་ཤིང་ཆོག་མི་ཤེས་ཏེ་འཆི་བར་འགྱུར་བ་ནི་ཆེས་མང་བར་རིག་པར་བྱའོ། །དེ་ནས་རྒྱལ་པོ་ང་ལས་ནུས་གཏན་པ་མེད་པའི་མཆོད་སྦྱིན་བཏང་ནས་ཚིགས་སུ་བཅད་དེ་སྨྲས་པ། །འཇིག་རྟེན་ཕ་རོལ་ཡ་ང་ཞིང་། །ཚེ་ཐུང་བར་ནི་ཤེས་བྱས་ནས། །བསོད་ནམས་དག་ནི་བྱ་བ་སྟེ། །བསོད་
ནམས་མ་བྱས་སྡུག་བསྔལ་འགྱུར། །དེ་བས་བསོད་ནམས་འདོད་པ་ཡིས། །སྦྱིན་པ་ཚུལ་བཞིན་བཏང་བྱས་ན། །འཇིག་རྟེན་འདི་དང་ཕ་རོལ་དུ། །སྦྱིན་པ་བྱས་པ་དགའ་བར་འགྱུར། །ཇི་ཙམ་ན་གྲོང་མི་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོ་ང་ལས་ནུ་ན་སྟེ་ཤི་ལ་ཐུག་ཅིང་འདུག་གོ་ཞེས་ཐོས་སོ། །
ཐོས་ནས་ཀྱང་ཡང་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་རྒྱལ་པོ་ང་ལས་ནུ་བལྟ་བའི་ཕྱིར་ཉེ་བར་སོང་བ་དང་། རྒྱལ་པོས་སྐྱེ་བོའི་ཚོགས་རྣམས་ལ་འདོད་པ་རྣམས་ཀྱི་ཉེས་དམིགས་ཀྱི་གཏམ་ཡང་བྱས་ཁྱིམ་ན་གནས་པའི་ཉེས་དམིགས་དང་། དེ་བཞིན་དུ་འདོད་པ་སྨད་པ་ཡང་བཤད་དེ། དེ་
ཐོས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཁྱིམ་གྱི་གནས་སྤངས་ནས་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་སྟེ། ནགས་ཚལ་དུ་འདུག་ནས་ཚངས་པའི་གནས་པ་བཞི་བསྒོམས་པས་འདོད་པ་རྣམས་ལ་འདུན་པ་སྤངས་ཏེ། དེ་ལ་མང་དུ་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་
སྐྱེས་སོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ང་ལས་ནུས་ཇི་སྲིད་གཞོན་ནུ་རྩེ་བའི་ས་ན་རྩེས་པ་དང་། ཇི་སྲིད་རྒྱལ་ཚབ་བྱས་པ་དང་། ཇི་སྲིད་འཛམ་བུའི་གླིང་དུ་རྒྱལ་སྲིད་ཆེན་པོ་བྱས་པ་དང་། ཇི་སྲིད་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། གསེར་
གྱི་རི་བོ་བདུན་ལ་གནས་པ་དང་། ཇི་སྲིད་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་གནས་སུ་སོང་སྟེ་གནས་པ་དེའི་བར་ལ་བརྒྱ་བྱིན་བརྒྱད་བཅུ་རྩ་བཞི་ཤི་འཕོས་པ་ལོན་ནོ། །རྒྱལ་པོ་ཆེན་པོ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཚེའི་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་
ལྷ་རྣམས་ཀྱི་ཉིན་ཞག་གཅིག་ཡིན་ནོ། །ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷ་རྣམས་ཀྱི་ལོ་སྟོང་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཡིན་ཏེ། དེ་ལ་མིའི་ལྟར་བགྲང་ན་ལོ་བྱེ་བ་ཕྲག་གསུམ་དང་དྲུག་ཁྲི་ཡོད་དོ། །རྒྱལ་པོ་ཆེན་
Vol. 2 · folio 181a
པོ་གང་གི་ཚེ་རྒྱལ་པོ་ང་ལས་ནུས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ་འདི་སྐད་ཅེས། ཀྱེ་མའོ་བདག་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་བསྟབས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་པ་དེའི་ཚེ་དེའི་དུས་ཀྱི་བརྒྱ་བྱིན་ནི་དགེ་སློང་འོད་སྲུང་ཡིན་ནོ། །གང་
གི་ཚེ་རྒྱལ་པོ་ང་ལས་ནུས་འདི་ལྟ་བུའི་སེམས་བསྐྱེད་དེ། མ་ལ་བདག་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གནས་འདི་ནས་ཕྱུང་ལ། བདག་ཉིད་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ། །སྙམ་པ་དེའི་ཚེ་དེའི་དུས་ཀྱི་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནི་ཡང་དག་པར་རྫོགས་
པའི་སངས་རྒྱས་འོད་སྲུང་ཡིན་ཏེ། སེམས་ཅན་ཤིན་ཏུ་དབང་ཆེ་བར་གྲགས་པ་ལ་ངན་སེམས་བསྐྱེད་པ་དེས་ན་འབྱོར་པ་དེ་ལས་ཉམས་ནས་འཛམ་བུའི་གླིང་དུ་འོངས་ཏེ་ནད་ཚབས་ཆེན་པོས་ཐེབས་ཤིང་འཆི་བ་ལ་ཐུག་པའི་ཚོར་བ་མི་བཟད་པ་མྱོང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་
སེམས། དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ང་ལས་ནུ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། གང་ཡང་ངས་སེམས་ཅན་དེ་སྙེད་ཅིག་ལ་ཕན་པ་བྱས་ན། དེས་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་བོ། །འོན་ཀྱང་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་
ཙམ་ཡིན་ནོ། །རྒྱལ་པོ་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ང་ལས་ནུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སེམས་བསྐྱེད་མ་ཐག་ཏུ་དགུང་བདུན་དུ་ཕོ་བྲང་ནང་དུ་གསེར་གྱི་ཆར་བབ་ལགས། རྒྱལ་
པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་
རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཟིལ་གནོན་ཅེས་བྱ་བ་བྱུང་སྟེ། དེའི་ཚེ་ཚོང་དཔོན་གྱི་བུ་ཁྱིམ་ཕུབ་ནས་རིང་པོ་མ་ལོན་པ་ཞིག་གནས་སོ། །ཡུལ་དེ་ན་ཆོས་ལུགས་ཀྱིས་བག་མར་བཏང་ནས། རིང་པོ་མ་ལོན་པར་བག་རྫོངས་བཏབ་སྟེ། ཁྱིམ་
Vol. 2 · folio 181b
ཐབ་ལ་གཏོང་བའི་བག་མ་གང་ཡིན་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་གིས་བརྒྱན་ནས་ཁྱིམ་ཐབ་ལ་གཏོང་ལ། ཁྱིམ་ཐབ་དེས་ཀྱང་དེ་ཁྲིད་ནས་རང་གི་ཁྱིམ་དུ་འགྲོ་བས་ཚོང་དཔོན་གྱི་བུ་དེས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་ཐོགས་ནས་བཞོན་པ་ལ་ཞོན་ཏེ་རང་གི་ཁྱིམ་དུ་ཆས་སོ། །
དེ་ཆས་པ་ལས་རེ་ཞིག་ཅིག་ན་ལམ་ན་ཚུར་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལྗོངས་རྒྱུ་ཞིང་བྱོན་ཏོ། །དེས་དེ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་དུ་དད་པ་སྐྱེས་སོ། །དེ་ནས་དེ་དད་པས་བརླན་
པའི་སེམས་ཀྱིས་བཞོན་པ་ལས་བབས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་དེ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལ་གཏོར་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་གྱིས་མེ་ཏོག་དེ་དག་ཇི་ལྟར་ཤིང་རྟའི་འཕང་ལོ་ཙམ་
ཤ་སྟག་ཏུ་གྱུར་ནས། གཤེགས་ན་ཡང་ཕྱི་བཞིན་འོང་ཞིང་བཞུགས་ན་ཡང་འདུག་པ་དེ་ལྟ་བུར་བྱིན་གྱིས་བརླབས་པ་དང་། དེ་དད་པ་སྐྱེས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །རྒལ་ནས་སྔོན་གྱི་རྒྱལ་བས་
མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །དྲང་སྲོང་ཆེ་ཀུན་ཟིལ་གནོན་བཅོམ་ལྡན་ལ། །ང་ཡིས་གསེར་གྱི་མེ་ཏོག་བཟང་གཏོར་ནས། །གོ་འཕང་མཆོག་འདི་འདོད་ནས་དེ་ཡི་ཚེ། །ང་ཡིས་སྨོན་ལམ་རྒྱ་ཆེན་བཏབ་པ་ཡི། །བསོད་ནམས་དེ་ཉིད་ཀྱི་
ནི་རྣམ་སྨིན་གྱིས། །ལེགས་མཐོང་ཆེན་པོ་དེ་ཡི་གྲོང་ཁྱེར་ཡང་། །གསེར་ལས་བྱས་པ་དགའ་དགའ་ལྟར་འདུག་པ། །ཕོ་བྲང་རྩྭ་ཅན་ཞེས་ནི་བྱ་བར་གྱུར། །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཚོང་དཔོན་གྱི་བུ་དེ་ནི་ང་ཉིད་ཡིན་ནོ། །གང་ཡང་ངས་ཡང་དག་པར་
རྫོགས་པའི་སངས་རྒྱས་ཐམས་ཅད་ཟིལ་གནོན་ལ་སེམས་དད་པ་བསྐྱེད་ནས། རིན་པོ་ཆེ་སྣ་བཞིའི་མེ་ཏོག་གིས་གཏོར་བའི་ལས་དེའི་རྣམ་པར་སྨིན་པས་ངའི་ཕོ་བྲང་གི་ནང་དུ་ཞག་བདུན་དུ་གསེར་གྱི་ཆར་བབ་བོ། །བཙུན་པ་རྒྱལ་པོ་ང་ལས་ནུས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་
Vol. 2 · folio 182a
སྨིན་པས། གླིང་བཞི་པ་རྣམས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིས་པ་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བར་དུ་མཆིས་ལགས། རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་
པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་གཤེགས་པ་ན་རིམ་གྱིས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་
དུ་བྱོན་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་སྔ་དྲོ་ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ནས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བསོད་སྙོམས་ལ་ཞུགས་སོ། །དེ་ན་འབྲུ་འཚོང་བའི་ཚོང་པ་ཞིག་གིས་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམ་པར་གཟིགས་དེ་བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ལྷག་པར་དད་པ་སྐྱེས་ཏེ། དེ་དད་པ་སྐྱེས་ནས་སྲན་མུད་ག་ལ་སྤར་བས་བཅུས་ཏེ་ལྷུང་བཟེད་དུ་བླུགས་པ་དང་། དེ་ལས་སྲན་མུད་ག་འབྲུམ་བུ་བཞི་ཞིག་ལྷུང་བཟེད་དུ་སོང་ངོ་། །འབྲུམ་བུ་གཅིག་ནི་ལྷུང་བཟེད་ཀྱི་ཁར་ཕོག་
ནས་ས་ལ་ལྷུང་ངོ་། །ལྷག་མ་རྣམས་ནི་ལྷུང་བཟེད་ཀྱི་ནང་དུ་མ་སོང་བ་ཉིད་དུ་ས་ལ་བོའོ། །དེ་ནས་ཚོང་པ་དེ་དད་པ་སྐྱེས་ནས་སྨོན་ལམ་བཏབ་པ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་བའི་ནང་དུ་རང་བྱུང་སངས་རྒྱས་ཤོག །རྒལ་ནས་སྔོན་གྱི་རྒྱལ་བས་མ་བསྒྲལ་བའི། །སྐྱེ་བོའི་
ཚོགས་རྣམས་བདག་གིས་སྒྲོལ་གྱུར་ཅིག །ཅེས་བཏབ་བོ།། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་གཉིས་པ། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་འབྲུ་འཚོང་བའི་ཚོང་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་དེ་ན་གང་ཡང་དག་པར་རྫོགས་པའི་སངས་
རྒྱས་རྣམ་པར་གཟིགས་ལ་དད་པ་སྐྱེས་ཏེ། སྲན་མུད་ག་ལ་སྤར་བས་བཅུས་ནས་ལྷུང་བཟེད་དུ་བླུགས་པ་དང་། དེ་ལས་སྲན་མུད་ག་འབྲུམ་བུ་བཞི་ཞིག་ལྷུང་བཟེད་དུ་སོང་ངོ་། །ལྷག་མ་རྣམས་ནི་ས་ལ་བོའོ། །ལས་དེའི་རྣམ་པར་སྨིན་པས་གླིང་བཞི་རྣམས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་
Vol. 2 · folio 182b
ལ་དབང་བྱས་སོ། །གང་ཡང་དེ་ན་སྲན་མུད་ག་འབྲུམ་བུ་གཅིག་གིས་ལྷུང་བཟེད་ཀྱི་ཁར་ཕོག་ནས་ས་ལ་ལྷུང་བའི་ལས་ཀྱི་རྣམ་པར་སྨིན་པས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བར་དུ་སོན་ཏོ། །རྒྱལ་པོ་ཆེན་པོ་གལ་ཏེ་སྲན་མུད་ག་ལྷུང་བཟེད་དུ་བླུགས་པ་ས་ལ་མ་ལྷུང་ན་ལས་དེའི་
རྣམ་པར་སྨིན་པས་ལྷ་དང་མི་རྣམས་ཀྱི་བར་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་རོ། །དེའི་ཚེ་དེའི་དུས་ཀྱི་འབྲུ་འཚོང་བའི་ཚོང་པ་གང་ཡིན་པ་དེ་ནི་ང་ལས་ནུ་དེ་ཉིད་ཡིན་ནོ། །དེ་ལྟར་ན་རྒྱལ་པོ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན་ལ་བྱ་བ་བྱས་པ་ནི་འབྲས་
བུ་དང་ཕན་ཡོན་ཤིན་ཏུ་ཆེན་པོར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ལ་བྱ་བ་བྱའོ་ཞེས་བསླབ་པར་བྱའོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སེམས་ཅན་རྣམས་ལ་
ཕན་པ་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་རྒྱལ་པོ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་། མི་རྣམས་ཀྱི་འབྱོར་པ་བཞི་དང་ལྡན་པ་ཞིག་བྱུང་
ངོ་། །རྒྱལ་པོ་ལེགས་མཐོང་ཆེན་པོ་རིན་པོ་ཆེ་སྣ་བདུན་པོ་གང་དག་དང་ལྡན་ཞེ་ན། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཡིན་
ནོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་མི་རྣམས་ཀྱི་འབྱོར་པ་བཞི་པོ་གང་དག་དང་ལྡན་ཞེ་ན། ཚེ་རིང་ཞིང་ཡུན་རིང་དུ་གནས་པ་ཡིན་ཏེ། དེ་གཞོན་ནུའི་རྩེད་མོས་རྩེ་བ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་ཚབ་བྱེད་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་སྲིད་ཆེན་པོ་བྱེད་པ་ལ་ལོ་
བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་ལ་ལོ་བརྒྱད་ཁྲི་བཞི་སྟོང་ལོན་ནོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་གང་ཡིན་པ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་
Vol. 2 · folio 183a
ནི་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཡིན་ཏེ། མིའི་ཁ་དོག་ལས་ནི་འདས་ལ་ལྷའི་ཁ་དོག་ནི་མ་ཐོབ་པ་སྟེ། རྒྱལ་པོ་ལེགས་མཐོང་ཆེན་པོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་གང་ཡིན་པ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་
ཞེས་བྱའོ། །གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་ཡིན་ཏེ་ཕོ་བ་ཧ་ཅང་བསིལ་བ་མ་ཡིན་ཞིང་ཧ་ཅང་དྲོ་བ་མ་ཡིན་པ། དྲོད་སྙོམས་པ་དང་། དུས་ཀུན་དུ་བདེ་བ་དང་། གནོད་པ་མེད་པ་དང་ལྡན་པས་ཟོས་པ་དང་། འཐུངས་པ་དང་།
འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་ཏེ། རྒྱལ་པོ་ལེགས་མཐོང་ཆེན་པོ་གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་གང་ཡིན་པ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །གཞན་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་ནི་གྲོང་མི་
དང་ཡུལ་མི་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་ཡིན་ཏེ། དཔེར་ན་བུ་རྣམས་ལ་ཕ་བཞིན་ཏེ། རྒྱལ་པོ་ཆེན་པོ་དུས་གཅིག་ཅིག་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་སྐྱེད་མོས་ཚལ་གྱི་གནས་སུ་སོང་བ་ན་ཤིང་རྟ་སྒྱུར་བ་ལ་སྨྲས་པ། ཤིང་རྟ་སྒྱུར་བ་རེ་ཞིག་ཤིང་རྟ་རིམ་གྱིས་དལ་བུ་དལ་བུས་སྒྱུར་
ཅིག །ངས་གྲོང་མི་དང་། ཡུལ་མི་རྣམས་ལ་ཡུན་རིང་དུ་བལྟའོ། །གྲོང་མི་དང་ཡུལ་མི་རྣམས་ཀྱིས་ཀྱང་ཤིང་རྟ་སྒྱུར་བ་ལ་སྨྲས་པ། ཤིང་རྟ་སྒྱུར་བ་རེ་ཞིག་ཤིང་རྟ་རིམ་གྱིས་དལ་བུ་དལ་བུས་སྒྱུར་ཅིག་དང་། བདག་ཅག་ཀྱང་ལྷ་ལ་ཡུན་རིང་དུ་བལྟའོ། །རྒྱལ་པོ་ལེགས་མཐོང་ཆེན་པོ་
གྲོང་མི་དང་ཡུལ་མི་པ་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་གང་ཡིན་པ་འདི་ནི་རྒྱལ་པོ་ལེགས་མཐོང་ཆེན་པོའི་འབྱོར་པ་ཞེས་བྱའོ། །དེ་ནས་དུས་གཞན་ཞིག་ན་གྲོང་མི་དང་ཡུལ་མི་རྣམས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་མང་པོ་དག་ཐོགས་ནས་རྒྱལ་པོ་
ལེགས་མཐོང་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སླད་དུ་བདག་ཅག་གིས་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་ལ་བ་རིན་པོ་ཆེ་མང་པོ་འདི་དག་འཚལ་ཏེ་མཆིས་ལགས་ན། ལྷ་ཐུགས་བརྩེ་བའི་སླད་
Vol. 2 · folio 183b
དུ་འདི་དག་བཞེས་སུ་གསོལ། སྣ་བོ་དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་འདོད་དོ་ཞེས་སྨྲས་ནས་ལེན་དུ་མ་བཏུབ་བོ། །གྲོང་མི་དང་ཡུལ་མི་རྣམས་ཀྱིས་ལན་གཉིས་ལན་གསུམ་དུ་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་སླད་དུ་བདག་ཅག་གིས་
གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་འདི་དག་འཚལ་ཏེ་མཆིས་ལགས་ན། ལྷ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་སུ་གསོལ། རྒྱལ་པོ་ལེགས་མཐོང་ཆེན་པོས་ཀྱང་ལན་གཉིས་ལན་གསུམ་དུ་གྲོང་མི་དང་ཡུལ་མི་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །སྣ་བོ་
དག་ངའི་ཡུལ་ན་འདི་འདྲ་བའི་ནོར་གྱི་རིགས་ཡོད་པས་མི་འདོད་དོ་ཞེས་སྨྲས་ནས་ལེན་དུ་མ་བཏུབ་བོ། །དེ་ནས་གྲོང་མི་དང་ཡུལ་མི་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་ལྷའི་ཕྱིར་གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་རབ་ཏུ་མང་པོ་སྟ་གོན་བྱས་ལ།
དེ་བདག་ཅག་གིས་བླངས་ཏེ་སླར་སོ་སོའི་གནས་སུ་འདོང་བ་ནི་བདག་ཅག་གི་ཚུལ་མ་ཡིན་པས། མ་ལ་བདག་ཅག་གིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་མདུན་དུ་གསེར་དང་། དངུལ་གྱི་ཕུང་པོ་ཆེར་སྤུངས་ལ། མཐའ་གཅིག་ཏུ་ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་བཞག་ནས། འདི་དག་
ནི་ལྷ་ཁྱོད་ཀྱི་དཀོར་གྱི་རིགས་ལགས་སོ་ཞེས་སྨྲས་ཏེ་མི་ལྟ་བར་འདོང་ངོ་སྙམ་ནས། དེ་ནས་གྲོང་མི་དང་ཡུལ་མི་རྣམས་ཀྱིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་མདུན་དུ་རིན་པོ་ཆེ་དང་། གསེར་ཕུང་པོ་ཆེན་པོར་སྤུངས་ནས། མཐའ་གཅིག་ཏུ་ནོར་བུ་རིན་པོ་ཆེ་དང་། ལ་བ་རིན་པོ་ཆེ་བཞག་སྟེ།
འདི་དག་ནི་ལྷ་ཁྱོད་ཀྱི་དཀོར་གྱི་རིགས་ལགས་སོ་ཞེས་སྨྲས་ནས་མི་ལྟ་བར་དོང་ངོ་། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། བདག་གི་ནོར་གྱི་རིགས་ནི་ཆོས་བཞིན་གྱིས་རྙེད་པ་ཡིན་གྱིས་ཆོས་མ་ཡིན་པས་ནི་མ་ཡིན་པས་མ་ལ་བདག་གིས་ཆོས་དང་མཐུན་པའི་
ཁང་བཟངས་བརྩིག་གོ་སྙམ་པ་དང་། མཐའི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་བཟངས་བརྩིག་པར་སྤྲོའོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རྒྱལ་པོ་ལེགས་མཐོང་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། རྒྱལ་པོ་
Vol. 2 · folio 184a
ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པ་ལ་ཐུགས་ཀྱི་ཕྲིན་ལས་བསྐྱུང་དུ་གསོལ། ལྷའི་ཆོས་དང་མཐུན་པའི་ཁང་བཟངས་བདག་ཅག་གིས་བརྩིག་པར་བགྱིའོ། །སྣ་བོ་དག་ཁོ་བོའི་ཡུལ་ན་འདི་འདྲ་བའི་ནོར་གྱི་
རིགས་ཡོད་པས་མི་དགོས་སོ་ཞེས་སྨྲས་ནས་མ་གནང་ངོ་། །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་རྐང་པ་ལ་གཏུགས་ནས་ཁ་ཅིག་གིས་ནི་གོས་ཀྱི་མཐའ་ནས་བཟུང་། ཁ་ཅིག་གིས་ནི་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་
བཏུད་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་ཆོས་དང་མཐུན་པའི་ཁང་བཟངས་རྩིག་པ་ལ་ཐུགས་ཀྱི་ཕྲིན་ལས་བསྐྱུང་དུ་གསོལ། ལྷའི་ཆོས་དང་མཐུན་པའི་ཁང་བཟངས་བདག་ཅག་གིས་བརྩིག་པར་བགྱིའོ། །རྒྱལ་པོ་ལེགས་མཐོང་ཆེན་པོས་ཁམས་ཀྱི་
རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཅང་མི་སྨྲ་བས་གནང་བར་རིག་ནས་རང་རང་གི་གནས་སུ་དོང་སྟེ་གསེར་དང་། དངུལ་མང་པོ་དང་། རིན་པོ་ཆེའི་ཀ་བ་རེ་རེ་ཁྱེར་ནས། རྒྱལ་
པོ་ལེགས་མཐོང་ཆེན་པོ་གང་ན་བ་དེར་དོང་སྟེ་ཕྱིན་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆོས་དང་མཐུན་པའི་ཁང་བཟངས་བདག་ཅག་གིས་གང་དུ་ཇི་ཙམ་ཞིག་བརྩིག་ལགས། གྲོང་པ་དག་ཁྱེད་ཀྱིས་དེའི་ཕྱིར་རྩྭ་ཅན་གྱི་ཤར་ཕྱོགས་སུ་ཆོས་དང་མཐུན་པའི་
ཁང་བཟངས་མཆུར་དཔག་ཚད་གཅིག་རྒྱར་དཔག་ཚད་གཅིག་པ་ཞིག་རྩིགས་ཤིག །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་རྩྭ་ཅན་གྱི་ཤར་ཕྱོགས་སུ་ཆོས་དང་མཐུན་པའི་ཁང་བཟངས་རྒྱར་དཔག་ཚད་གཅིག །མཆུར་དཔག་ཚད་གཅིག་པ་ཞིག་བརྩིགས་ཏེ། ཆོས་
དང་མཐུན་པའི་ཁང་བཟངས་ཀྱི་ཀ་རྟེན་གྱི་གཞི་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་ཀ་བ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། ཞེས་བྱ་
Vol. 2 · folio 184b
བ་ནས་ཤེལ་ལས་བྱས་པའི་བར་དག་བཙུགས་སོ། །གསེར་ལས་བྱས་པའི་ཀ་བའི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་ནི་དངུལ་ལས་བྱས་སོ། །དངུལ་ལས་བྱས་པའི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱ་ལས་བྱས་པའི་ནི་ཤེལ་ལས་བྱས་སོ། །ཤེལ་ལས་
བྱས་པའི་ཀ་བའི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་ནི་བཻ་ཌཱུརྱ་ལས་བྱས་སོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་ཕྱི་ཚེ་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་དག་བྲེས་སོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་ཕྱམ་རྣམ་པ་བཞི་པོ་གསེར་ལས་
བྱས་པ་ནས་ཤེལ་ལས་བྱས་པའི་བར་བཀྱེའོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་གདུང་རིངས་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་བྲེས་སོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་བ་གམ་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་བཏགས་སོ། །ཆོས་
དང་མཐུན་པའི་ཁང་བཟངས་ལ་སྤང་ལེབ་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་གྱིས་གཡོགས་སོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས། ཤེལ་ལས་བྱས་པའི་བར་བརྩིགས་སོ། །ཆོས་དང་མཐུན་པའི་
ཁང་བཟངས་ལ་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་གྱིས་བསྐོར་ཏོ། །གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་ནི་དངུལ་ལས་བྱས་སོ། །དངུལ་ལས་བྱས་པའི་ནི་གཟུངས་གཟེར་དང་། གདང་བུ་དང་།
ལན་ཀན་གྱི་རྟེན་མ་གསེར་ལས་བྱས་སོ། །ཤེལ་ལས་བྱས་པའི་ནི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་བཻ་ཌཱུརྱ་ལས་བྱས་སོ། །ཡང་ཆོས་དང་མཐུན་པའི་ཁང་བཟངས་ལ་ཁང་པ་རྩེག་མ་བརྒྱད་ཁྲི་བཞི་སྟོང་བརྩིགས་ཏེ། ཁང་པ་རྩེག་མ་རྣམ་པ་བཞི་པོ་གསེར་ལས་
བྱས་པ་ནས་ཤེལ་ལས་བྱས་པའི་བར་རྣམས་ལ། གསེར་ལས་བྱས་པའི་ཁང་པ་རྩེག་མར་ནི་དངུལ་ལས་བྱས་པའི་ཁྲི་ལྷས་མ་ཅན་འགོ་ན་ཀའི་རས་ཀྱི་གདིང་བ་ཅན་དང་། སྟན་ནང་ཚངས་ཅན་གྱི་གདིང་བ་ཅན་དང་། ཟ་འུག་གི་གདིང་བ་ཅན་དང་། ཨར་མོ་ནིག་གི་གདིང་བ་ཅན་དང་།
Vol. 2 · folio 185a
ཀ་ལིང་ཀའི་རས་ཕྲན་གྱི་གདིང་བ་ཅན་སྟེང་གཡོགས་དང་བཅས་པ་ཕྱོགས་གཉིས་སུ་སྔས་དམར་པོ་བཅུག་པའི་བར་དག་བཤམས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པ་ལ་ནི་བཻ་ཌཱུརྱ་
ལས་བྱས་པའི་ཁྲི་ལྷས་མ་ཅན་ནས་ཕྱོགས་གཉིས་སུ་སྔས་དམར་པོ་བཙུགས་པའི་བར་དག་བཤམས་སོ། །གསེར་ལས་བྱས་པའི་ཁང་པ་རྩེག་མའི་མདུན་དུ་ནི་དངུལ་ལས་བྱས་པའི་ཤིང་ཏ་ལ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་གསེར་ལས་བྱས་པ་སྦྲེངས་སོ། །དངུལ་ལས་བྱས་པའི་མདུན་
དུ་ནི་གསེར་ལས་བྱས་པའོ། །བཻ་ཌཱུརྱ་ལས་བྱས་པའི་མདུན་དུ་ནི་ཤེལ་ལས་བྱས་པའོ། །ཤེལ་ལས་བྱས་པའི་མདུན་དུ་ནི་བཻ་ཌཱུརྱ་ལས་བྱས་པ་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཤེལ་ལས་བྱས་པ་སྦྲེངས་སོ། །ཤིང་ཏ་ལ་དེ་རྣམས་རླུང་གིས་བསྐྱོད་པ་ན་འདི་ལྟ་བུའི་སྒྲ་ཡིད་དུ་འོང་བ་འབྱུང་
སྟེ། དཔེར་ན་སྐྱེས་བུ་མཁས་པས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཡང་དག་པར་ལེགས་པར་བསྒྲགས་པ་བཞིན་ནོ། །ཆོས་དང་མཐུན་པའི་ཁང་བཟངས་ལ་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ། གསེར་གྱི་དྲ་བ་དང་གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པས་
བཏགས་སོ། །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ཆོས་དང་མཐུན་པའི་ཁང་བཟངས་ཀྱི་བྱ་བ་ཐམས་ཅད་ཟིན་པར་རིག་ནས། ཆོས་དང་མཐུན་པའི་ཁང་བཟངས་ཀྱི་མདུན་དུ་ཆོས་དང་མཐུན་པའི་རྫིང་མཆུར་དཔག་ཚད་གཅིག་རྒྱར་དཔག་ཚད་གཅིག་པ་ཞིག་བརྐོས་ཏེ་ཆོས་
དང་མཐུན་པའི་རྫིང་བུ་ཕ་གུ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བརྩིགས་སོ། །ཆོས་དང་མཐུན་པའི་རྫིང་ལ་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་གྱིས་བརྩིགས་
སོ། །ཆོས་དང་མཐུན་པའི་རྫིང་ལ་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པའི་ནས་ཤེལ་ལས་བྱས་པའི་བར་གྱིས་བསྐོར་ཏེ། གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་དངུལ་ལས་བྱས་སོ། །དངུལ་ལས་བྱས་པའི་ནི་གསེར་ལས་
Vol. 2 · folio 185b
བྱས་སོ། །བཻ་ཌཱུརྱ་ལས་བྱས་པའི་ནི་ཤེལ་ལས་བྱས་སོ། །ཤེལ་ལས་བྱས་པའི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་བཻཌཱུརྱ་ལས་བྱས་སོ། །ཆོས་དང་མཐུན་པའི་རྫིང་བུ་ཆུ་ནས་སྐྱེས་པའི་མེ་ཏོག་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་
ད་དང་། པད་མ་དཀར་པོ་དང་། དྲི་ཞིམ་པ་དང་། དྲི་ངད་འཇམ་པ་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་བསྐྱེད་དོ། །ཆོས་དང་མཐུན་པའི་རྫིང་གི་འགྲམ་གཉིས་སུ་ཐང་ལ་སྐྱེ་བའི་མེ་ཏོག་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། ཨ་
ཏི་མུག་ཏ་ཀ་དང་། ཙམ་པ་ཀ་དང་། པ་ཏ་ལ་དང་། པ་རི་ཀ་ཤ་དང་། མ་ལི་ཀ་དང་། ན་བམ་ལི་ཀ་དང་། ཡིད་དུ་འོང་དང་། ཡུ་ཏི་ཀ་དང་། དྷཱ་ནུ་སྐ་རི་དང་། དུས་ཚིགས་ཐམས་ཅད་པ་དང་། དུས་ཐམས་ཅད་པའི་མེ་ཏོག་སྐྱེ་བོ་ཐམས་ཅད་ལ་དགག་པ་མེད་པ་དག་བསྐྱེད་དོ། །ཆོས་
དང་མཐུན་པའི་རྫིང་དུ་གསེར་གྱི་གཅལ་བཀྲམ་ཞིང་ཙན་དན་གྱི་ཆུས་བཀང་ལ་གསེར་གྱི་དྲ་བ་དང་། གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པས་བྲེས་སོ། །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ཆོས་དང་མཐུན་པའི་རྫིང་གི་བྱ་བ་ཐམས་ཅད་ཟིན་པར་རིག་ནས། ཆོས་དང་མཐུན་པའི་
རྫིང་གི་མདུན་དུ་ཆོས་དང་མཐུན་པའི་ཤིང་ཏ་ལའི་ཚལ་མཆུར་དཔག་ཚད་གཅིག་རྒྱར་དཔག་ཚད་གཅིག་པ་ཞིག་བཙུགས་ཏེ། ཆོས་དང་མཐུན་པའི་ཤིང་ཏ་ལའི་ཚལ་དུ་ཏ་ལ་རྣམ་པ་བཞི་པོ་གསེར་ལས་བྱས་པ་ནས་ཤེལ་ལས་བྱས་པའི་བར་བཙུགས་པ་ལ། གསེར་ལས་བྱས་པའི་ལོ་མ་དང་། མེ་ཏོག་
དང་། འབྲས་བུ་དངུལ་ལས་བྱས་པ་བཙུགས་སོ། །དངུལ་ལས་བྱས་པའི་ནི་གསེར་ལས་བྱས་སོ། །གསེར་ལས་བྱས་པའི་ནི་བཻ་ཌཱུརྱ་ལས་བྱས་སོ། །བཻ་ཌཱུརྱ་ལས་བྱས་པའི་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཤེལ་ལས་བྱས་པ་བཙུགས་སོ། །ཡང་ཤིང་ཏ་ལའི་ཚལ་དེ་རྣམས་
རླུང་གིས་བསྐྱོད་པ་ན་འདི་ལྟ་བུའི་སྒྲ་ཡིད་དུ་འོང་བ་འབྱུང་བར་འགྱུར་ཏེ། དཔེར་ན་སྐྱེས་བུ་མཁས་པས་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཡང་དག་པར་ལེགས་པར་བསྒྲགས་པ་བཞིན་ནོ། །ཆོས་དང་མཐུན་པའི་ཤིང་ཏ་ལའི་ཚལ་ལ་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་
Vol. 2 · folio 186a
ལས་བྱས་པ་དང་། རིན་པོ་ཆེ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏེ། གསེར་ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། གདང་བུ་དང་། ལན་ཀན་གྱི་རྟེན་མ་ནི་དངུལ་ལས་བྱས་པས་བསྐོར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །ཆོས་དང་
མཐུན་པའི་ཤིང་ཏ་ལའི་ཚལ་ན་གསེར་གྱི་གཅལ་བཀྲམ་ཞིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་ལ། གསེར་གྱི་དྲ་བ་གསེར་གྱི་དྲིལ་བུ་གཡེར་ཀ་བརྒྱུས་པ་བྲེས་སོ། །དེ་ནས་ཁམས་ཀྱི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་ཆོས་དང་མཐུན་པའི་ཁང་བཟངས་དང་། ཆོས་དང་མཐུན་པའི་རྫིང་དང་།
ཆོས་དང་མཐུན་པའི་ཤིང་ཏ་ལའི་ཚལ་གྱི་བྱ་བ་ཐམས་ཅད་ཟིན་པར་རིག་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆོས་དང་མཐུན་པའི་ཁང་བཟངས་དང་། ཆོས་དང་མཐུན་པའི་རྫིང་དང་ཆོས་
དང་མཐུན་པའི་ཤིང་ཏ་ལའི་ཚལ་ཡང་བགྱིས་ལགས་ཏེ། ལྷ་ད་ནི་དེའི་དུས་ལ་བབ་པར་དགོངས་ཤིག །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁང་བཟངས་འདི་ཉིད་དུ་ཐོག་མར་བདག་ཁོ་ན་གནས་པ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་
བདག་གིས་བདག་གི་ཡུལ་ན་དགེ་སྦྱོང་དང་། བྲམ་ཟེ་དང་། ཚུལ་བཟང་པོར་བཀུར་བ་གང་དག་གནས་པ་དེ་དག་ཆོས་དང་མཐུན་པའི་ཁང་བཟངས་སུ་ཟན་བྱིན་ལ། རེ་རེ་ལ་རས་བཅོས་བུ་སར་པ་ཟུང་རེ་བསྐོན་ནོ་སྙམ་ནས། དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོས་ཆོས་དང་མཐུན་པའི་
ཁང་བཟངས་སུ་རང་སངས་རྒྱས་ལྔ་བརྒྱ་ལ་ཟན་བྱིན་ཏེ། རེ་རེ་ལ་ཡང་རས་བཅོས་བུ་ཟུང་རེ་བསྐོན་ནས་ཚིགས་སུ་བཅད་དེ་སྨྲས་པ། མཁས་པས་ནོར་ནི་མང་པོ་དག །རྙེད་ནས་བག་མེད་མི་བྱ་སྟེ། །ཚུལ་ཁྲིམས་ལྡན་པ་གང་དག་ལ། །ཡོན་གྲུབ་འགྱུར་བ་རྣམས་ལ་སྦྱིན། །དེ་ལྟར་
ཡིད་གཞུངས་དད་པ་ཅན། །མ་ཆགས་སེམས་ཀྱིས་འདིར་སྦྱིན་ནས། །མཁས་པ་འཇིག་རྟེན་གནོད་མེད་པ། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ཀྱི་རྒྱལ་པོ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ་རིན་པོ་
Vol. 2 · folio 186b
ཆེ་སྣ་བདུན་དང་། མི་རྣམས་ཀྱི་འབྱོར་པ་རྣམ་པ་བཞི་དང་ལྡན་པར་གྱུར་པ་དེ་གཞན་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལེགས་མཐོང་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ། རིན་པོ་ཆེ་སྣ་བདུན་དང་ལྡན་པ། མི་རྣམས་
ཀྱི་འབྱོར་པ་རྣམ་པ་བཞི་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ། སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་
ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་བྲམ་ཟེ་ཤིང་སཱ་
ལ་ཆེན་པོ་ལྟ་བུ་དུས་དཔོག་ཅེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེས་བྲམ་ཟེ་རྣམས་ལ་སྦྱིན་པ་འདི་ལྟ་བུ་བྱིན་ཏེ། གླང་པོ་ཆེ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། གསེར་གྱི་རྒྱལ་མཚན་ཅན། གསེར་གྱི་དྲ་བས་གཡོགས་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་
སྦྱིན་པར་བྱིན་ནོ། །རྟ་གསེར་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། གསེར་གྱི་དྲ་བས་གཡོགས་པ། བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཤིང་རྟ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་
པ་དང་། ཤེལ་ལས་བྱས་པ་སེང་གེའི་པགས་པས་གཡོགས་པ། གུང་ལྤགས་ཀྱིས་གཡོགས་པ། ཨར་མོ་ནིག་གིས་གཡོགས་པ། རྣམ་པར་རྒྱལ་བྱེད་ཀྱི་བ་དན་ཅན་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །གསེར་གྱི་སྣོད་དངུལ་སིལ་མས་བཀང་བ་བརྒྱད་
ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །དངུལ་གྱི་སྣོད་གསེར་ཕྱེས་བཀང་བ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ནོ། །ཁྲི་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་ལྷས་མ་ཅན་འགོ་
Vol. 2 · folio 187a
ན་ཀའི་རས་བཏིང་བ། སྟན་ནང་ཚངས་ཅན་བཏིང་བ། སྟན་ཆེན་པོ་བཏིང་བ། ཀ་ལིང་ཀའི་གོས་ཀྱིས་སྟེང་གཡོགས་པ། སྟེང་གཡོགས་རྩེག་མ་ཅན། ཕྱོགས་གཉིས་སུ་སྔས་དམར་པོ་བཤམས་པ་བརྒྱད་ཁྲི་བཞི་སྟོང་དང་། རས་ཟུང་རྣམ་པ་བཞི་པོ་
ཀ་ཤི་ཀའི་རས་ཕྲན་དང་། ཟར་མའི་རས་ཕྲན་དང་། དུ་གུ་ལའི་རས་ཕྲན་དང་། ཀོ་ཏམ་པའི་རས་ཕྲན་ཟུང་བརྒྱད་ཁྲི་བཞི་སྟོང་དང་། བ་གསེར་གྱི་རྭ་ཅན་རྨིག་པ་དངུལ་ལས་བྱས་པ། བེའུ་སྤུ་མཐུན་དང་བཅས་པ། ཁར་བའི་ཟོ་བ་ཅན། རས་བཅོས་བུ་ཕྲུགས་ཀྱིས་གཡོགས་པ་
བརྒྱད་ཁྲི་བཞི་སྟོང་དང་། བུ་མོ་གསེར་གྱི་དཔུང་རྒྱན་དང་མགུལ་རྒྱན་ཐོགས་པ། ལེགས་པར་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་བྲམ་ཟེ་རྣམས་ལ་སྦྱིན་པར་བྱིན་ན་ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། གཞིབ་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱལ་པོ་
ཆེན་པོ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་དེ་ལྟ་བུའི་སྦྱིན་པ་བྱིན་པ་འདི་བས་ནི་གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་ན་སྦྱིན་པ་དེ་ལས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །རྒྱལ་པོ་ཆེན་པོ་བྲམ་ཟེ་ཤིང་སཱ་ལ་
ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་བྱིན་པ་གང་ཡིན་པ་འདི་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་བས། གང་གིས་སོ་སོའི་སྐྱེ་བོ་འཛམ་བུའི་ཚལ་ན་འདུག་པ་གཅིག་ལ་ཟན་བྱིན་ན། སྦྱིན་པ་དེ་
བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་བྱིན་པ་གང་ཡིན་པ་འདི་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་བས། གང་གིས་རྒྱུན་དུ་ཞུགས་
པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་ཟན་བྱིན་ན། སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །དེ་ལ་སོགས་པ་རྒྱས་པར་ཐམས་ཅད་ལས་བརྩམས་ནས་ཐམས་ཅད་བརྗོད་པར་བྱས་ཏེ། མཇུག་ཁོ་ན་བྲི་བར་བྱའོ། །གང་གིས་རྒྱུན་དུ་ཞུགས་པའི་
Vol. 2 · folio 187b
འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་བས། གང་གིས་རྒྱུན་དུ་ཞུགས་པ་གཅིག་ལ་ཟན་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་རྒྱུན་དུ་ཞུགས་པ་བརྒྱ་ཟན་བྱིན་པ་བས། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་
སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་ཟན་བྱིན་པ་བས། གང་གིས་ལན་གཅིག་ཕྱིར་འོང་བ་གཅིག་ལ་བྱིན་ན་སྦྱིན་པ་དེ་བས་སྦྱིན་པ་འདིའི་
འབྲས་བུ་ཆེས་ཆེའོ། །གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་ཟན་བྱིན་པ་བས་གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན། སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་
ཞུགས་པ་བརྒྱ་ཟན་བྱིན་པ་བས། གང་གིས་ཕྱིར་མི་འོང་བ་གཅིག་ལ་སྦྱིན་ན་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་ཕྱིར་མི་འོང་བ་བརྒྱ་བས་གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་གཅིག་ལ་བྱིན་ན། སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་
བུ་ཆེས་ཆེའོ། །གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་བས་ནི་གང་གིས་དགྲ་བཅོམ་པ་གཅིག་ལ་བྱིན་ན། སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་དགྲ་བཅོམ་པ་བརྒྱ་ཟན་བྱིན་པ་བས་གང་གིས་ཕྱོགས་བཞིའི་དགེ་སློང་
གི་དགེ་འདུན་ལ་ཀུན་དགའི་ར་བ་འབུལ་ན། སྦྱིན་པ་དེ་བས་སྦྱིན་པ་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་ཏུ་བཅུག་ན་དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་།
ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་དག་ཕུལ་ན་དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་བཅད་དེ་རྗེས་སུ་མཐུན་པའི་མཆོད་སྦྱིན་བཙུགས་ན་དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་
Vol. 2 · folio 188a
སངས་རྒྱས་ལ་སྐྱབས་སུ་སོང་ཞིང་ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་བསླབ་པའི་གཞི་རྣམས་བླངས་ན། དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །གང་གིས་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ། དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །རྒྱལ་པོ་
ཆེན་པོ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་གིས་བྲམ་ཟེ་རྣམས་ལ་སྦྱིན་པ་དེ་ལྟ་བུ་བྱིན་པ་གང་ཡིན་པ་འདི་དང་། གང་གིས་ཕྱི་རོལ་པའི་དྲང་སྲོང་འདོད་པ་རྣམས་ལས་འདོད་ཆགས་དང་བྲལ་བ་བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་
བརྒྱ་ཟན་བྱིན་པ་དང་། གང་གིས་རྒྱུན་དུ་ཞུགས་པ་བརྒྱ་དང་། གང་གིས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་། གང་གིས་ལན་གཅིག་ཕྱིར་འོང་བ་བརྒྱ་དང་། གང་གིས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་།
གང་གིས་ཕྱིར་མི་འོང་བ་བརྒྱ་དང་། གང་གིས་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་བརྒྱ་དང་གང་གིས་དགྲ་བཅོམ་པ་བརྒྱ་དང་། གང་གིས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང་། གང་གིས་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་
རྩིག་ཏུ་བཅུག་པ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གནས་མལ་འདི་ལྟ་སྟེ། ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ལ་བ་དང་། སྔས་དང་། གོར་བུ་དག་འབུལ་བ་དང་། གང་གིས་གཙུག་ལག་ཁང་དེ་ཉིད་དུ་གཏན་གྱི་རྐྱེན་རིས་བཅད་དེ་རྗེས་སུ་མཐུན་པའི་མཆོད་སྦྱིན་
འཛུགས་པ་དང་། གང་གིས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གཞི་རྣམས་བླངས་པ་དང་། གང་གིས་བྱམས་པའི་སེམས་དང་ལྡན་པ་ཞེས་བྱ་བ་རྒྱས་པ་བས། གང་ཞིག་འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་ཟད་པར་རྗེས་
སུ་ལྟ། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ། འགོག་པར་རྗེས་སུ་ལྟ། ངེས་པར་འབྱུང་བར་རྗེས་སུ་ལྟ་ཞིང་གནས་ན་སྦྱིན་པ་དེ་བས་འདིའི་འབྲས་བུ་ཆེས་ཆེའོ། །རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། འདུ་བྱེད་ཐམས་ཅད་ལ་མི་རྟག་པར་རྗེས་སུ་ལྟ་ཞིང་གནས་པར་བྱའོ། །
Vol. 2 · folio 188b
ཟད་པར་རྗེས་སུ་ལྟ་བ་དང་། འདོད་ཆགས་དང་བྲལ་བར་རྗེས་སུ་ལྟ་བ་དང་། འགོག་པར་རྗེས་སུ་ལྟ་བ་དང་། ངེས་པར་འབྱུང་བར་རྗེས་སུ་ལྟ་ཞིང་གནས་པར་བྱའོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །རྒྱལ་པོ་ཆེན་པོ་དེ་ལྟར་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་དེས་
བྲམ་ཟེ་རྣམས་ལ་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྦྱིན་པ་བྱིན་པས་བདེ་བར་འགྱུར། །སྦྱིན་པ་བྱིན་པས་འཇིགས་པ་མེད། །ལྷ་དང་མི་ཡི་ནང་དག་ན། །སྦྱིན་པ་ཡིས་ནི་ལེགས་པར་མཆོད། །དེ་བས་འབྱོར་པ་འདོད་པ་དང་། །དབང་ཕྱུག་དང་ནི་
ལྷ་ཡུལ་དང་། །ཐར་པ་འདོད་པས་རྟག་ཏུ་ནི། །འཇིགས་པ་མེད་པར་སྦྱིན་པ་གཏང་། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དུས་དཔོག་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། དེའི་ཚེ་དེའི་དུས་ན་ང་ཉིད་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་
དུས་དཔོག་ཅེས་བྱ་བར་གྱུར་ཏེ། ངས་དེ་ན་བྲམ་ཟེ་རྣམས་ལ་དེ་ལྟ་བུའི་སྦྱིན་པ་བྱིན་ནོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ། སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་སྦྱིན་པ་དེ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་རྒྱལ་
པོ་ལ་ཉེ་ཅན་ཞེས་བྱ་བ་མཐུ་དང་ལྡན་པ་ཞིག་བྱུང་སྟེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་སྙིང་དུ་སྡུག་པའི་གྲོགས་པོར་གྱུར་པ་ལས་དེ་ལ་བུ་ཕོ་ཡང་མེད། བུ་མོ་ཡང་མེད་ནས་དེ་ལག་པ་ལ་འགྲམ་པ་གཏད་དེ་བདག་གི་འབྱོར་པ་དང་། དབང་ཕྱུག་འདི་འདྲ་ན། བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་འདས་ན་
གདུང་རྒྱུད་འཆད་པར་འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་སྨྲས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་ལག་པ་ལ་འགྲམ་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། ཀཽ་ཤི་ཀ་བདག་གི་འབྱོར་པ་དང་དབང་ཕྱུག་འདི་འདྲ་ན་བུ་ཕོ་ཡང་
Vol. 2 · folio 189a
མེད་བུ་མོ་ཡང་མེད་པས་བདག་འདས་ན་གདུང་རྒྱུད་འཆད་པར་འགྱུར་རོ། །དེས་སྨྲས་པ། གྲོགས་པོ་ཁོ་བོས་ཁྱོད་ལ་སྨན་ཞིག་བསྐུར་གྱིས་བཙུན་མོ་རྣམས་ལ་ལུད་ཅིག་དང་དེས་ན་ཁྱོད་བུ་ཕོ་དང་བུ་མོ་ཡོད་པར་འགྱུར་རོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་རི་སྤོས་ཀྱི་ངད་ལྡང་ལ་སོང་
ནས་སྨན་བླངས་ཏེ་རྒྱལ་པོ་དེ་ལ་བསྐུར་བ་དང་། རྒྱལ་པོས་བཙུན་མོ་རྣམས་ལ་སྨན་འདི་འཐུང་ཤིག་ཅེས་བསྐུར་བ་ལས། རྒྱལ་པོ་དེའི་བཙུན་མོ་དམ་པ་གཉིད་ཀྱིས་ལོག་པ་དང་། དེ་དག་གིས་དེ་མ་བསླང་བར་སྨན་འཐུངས་པས་དེ་དག་ཐམས་ཅད་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་
ན་བཙུན་མོ་དམ་པ་དེ་ལངས་ནས་དེས་དེ་རྣམས་སེམས་ཅན་དང་ལྡན་པར་མཐོང་སྟེ་དེས་སྨྲས་པ། ཁྱེད་ཅག་གིས་ཅི་ཞིག་བྱས་ན་དེས་ན་སེམས་ཅན་དང་ལྡན་པར་གྱུར། དེ་རྣམས་ཀྱིས་སྨྲས་པ། ལྷས་ཁོ་མོ་ཅག་ལ་སྨན་ཞིག་བཏུང་བའི་ཕྱིར་བྱིན་ནོ། །ཁྱེད་ཅག་གིས་ཅིའི་ཕྱིར་ཁོ་མོ་མི་བསླང་བར་བཏུང་།
དེ་ལྟ་མོད་ཀྱི་སྨན་སྣོད་ཅི་ཞིག་ནས་ཁྱེར་ཏེ་འོངས། ཀུ་ཤའི་ཐུམ་པོར་བཅུག་ནས་སོ། །རྩྭ་དེ་གང་ན་འདུག །འོ་ནི་ཡིན་ནོ། །དེས་ཀུ་ཤ་བཀྲུས་ནས་འཐུངས་པ་དང་དེ་ཡང་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་རྣམས་ཟླ་བ་བརྒྱད་དམ་དགུ་འདས་པ་དང་དེ་དག་ཐམས་ཅད་ལས་བུས་པ་བཅས་སོ། །
དེའི་བཙུན་མོ་དམ་པ་ལས་ནི་བུ་ཕོ་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་བཞིན་སེང་གེའི་གདོང་ལྟ་བུ་ཚན་པོ་ཆེ་ཆེན་པོའི་ཚན་དང་ལྡན་པ་ཞིག་བཙས་ནས། དེའི་བཙས་སྟོན་རྒྱ་ཆེར་བྱས་ཏེ་ཀུ་ཤ་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་དེ་བུ་གཞན་རྣམས་མཐོང་ན་ནི་དགའ་བར་འགྱུར་ལ། དེ་ནི་མི་
སྡུག་པས་ཞེ་སྡང་སྐྱེ་བར་འགྱུར་རོ། །ཁམས་ཀྱི་རྒྱལ་ཕྲན་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་ཐམས་ཅད་རྒྱལ་པོ་ལ་ཉེ་ཅན་ཆེན་པོ་འདིས་ཐིབས་ཀྱིས་མནན་གྱིས། དེ་ལ་རྒྱལ་སྲིད་ལས་དབྱུང་གིས་འདོང་ངོ་ཞེས་དེ་རྣམས་དཔུང་གི་ཚོགས་ཡན་ལག་བཞི་དང་འོངས་
ནས་དེའི་གྲོང་ཁྱེར་བསྐོར་ཏེ་འདུག་གོ། །རྒྱལ་པོ་ལ་ཉེ་ཅན་ཆེན་པོ་ནི་དེ་རྣམས་དང་ལྷན་ཅིག་གཡུལ་སྤྲོད་མ་ཕོད་ནས་དེ་སྒོ་རྣམས་བཅད་དེ་ར་བའི་ཁ་ནས་སྦྲེངས་ཏེ་འདུག་གོ། །ཀུ་ཤ་མའི་དྲུང་དུ་སོང་ནས་སྨྲས་པ། ཡུམ་ཅིའི་སླད་དུ་སྒོ་རྣམས་བཀུམ། ཁྱོད་ཀྱི་ཡབ་ཁམས་ཀྱི་རྒྱལ་ཕྲན་དག་
Vol. 2 · folio 189b
དང་ལྷན་ཅིག་གཡུལ་སྤྲོད་མ་ཕོད་ནས་དེས་སྒོ་རྣམས་བཅད་དེ་འདུག་པ་ཡིན་ནོ། །ཡུམ་བདག་འདི་དག་དང་ལྷན་ཅིག་གཡུལ་སྤྲད་ཀྱིས་བདག་ལ་རྒྱལ་པོས་ཤིང་རྟ་སྩལ་དུ་གསོལ། བུ་ཁྱོད་དེའི་སྙིང་དུ་མི་སྡུག་ཅིང་ཞེ་སྡང་སྐྱེ་བར་འགྱུར་ན། དེ་ཇི་ག་ཁྱོད་ལ་ཤིང་རྟ་སྟེར་ཏམ། ཡུམ་བཞུད་
ཅིག །བཞུད་ནས་གཞོན་ནུ་ཀུ་ཤ་འདི་དག་དང་ལྷན་ཅིག་གཡུལ་སྤྲོད་པར་འགྱུར་གྱིས་ཤིང་རྟ་སྩོལ་ཅིག་ཅེས་གསུངས་ཤིག །དེ་སོང་ནས་རྒྱལ་པོ་ལ་སྨྲས་པ། ལྷ་གཞོན་ནུའི་མཆིད་ནས་བདག་འདི་དག་དང་ལྷན་ཅིག་གཡུལ་སྤྲད་ཀྱིས་ཤིང་རྟ་སྩོལ་ཅིག་ཅེས་མཆིའོ། །དེས་དེ་ལ་ཤིང་རྟ་བྱིན་
པ་དང་། དེ་དོང་པ་གཉིས་ཐོགས་ནས་ཤིང་རྟར་ཞུགས་ཏེ་འབྱུང་བར་བརྩམས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། ཁམས་ཀྱི་རྒྱལ་ཕྲན་འདི་དག་ནི་མཐུ་དང་ལྡན་པ་ཡིན་ལ་གཞོན་ནུ་ཀུ་ཤ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་འདི་ཉོན་མོངས་པར་འགྱུར་གྱིས།
འདིའི་གྲོགས་བྱའོ་སྙམ་ནས་དེས་དེ་ལ་དུང་དང་། འཁོར་ལོ་དང་། བེ་ཅོན་བྱིན་ནས་བྱང་ཆུབ་སེམས་དཔའ་འདི་དག་གིས་ཁྱོད་འཚོ་བར་གྱིས་ཤིག །དེ་སྒོ་ཕྱེ་ནས་བྱུང་སྟེ་དེ་ནམ་དུང་འབུད་པ་དེའི་ཚེ་དུང་གི་སྒྲས་དཔུང་རྣམས་སྐྲག་ནས་ཁ་ཅིག་ནི་སྒྲ་དས་འོན་པར་གྱུར་ཏོ། །ཁ་ཅིག་ནི་རྣ་བ་
བཀག་ནས་འབྲོས་སོ། །ནམ་འཁོར་ལོའམ་བེ་ཅོན་འཕངས་པ་དེའི་ཚེ་དེ་དག་ས་ལ་འགྱེལ་བར་གྱུར་ཏོ། །དེས་དམག་གི་ནང་དུ་སོང་ནས་དུང་བུས་པ་ན་དེ་དག་ཐམས་ཅད་ཀྱི་རྣ་བ་རྡོལ་བར་གྱུར་ནས་དེ་རྣམས་ཀྱིས་སྐྱེས་བུ་འདི་ནི་སྲིན་པོ་ཡིན་ནོ། །ཞེས་བྱས་ནས་བྲོས་སོ། །དེས་རིལ་
ཕབ་ནས་ཕའི་དྲུང་དུ་སོང་སྟེ། ལྷ་བདག་གིས་རྒྱལ་པོ་ཐམས་ཅད་ཕམ་པར་བགྱིས་ཏེ། ཡུལ་བསྒྲུབས་ལགས་སོ། །རྒྱལ་པོ་ལ་ཉེ་ཅན་ཆེན་པོས་ཐོས་ནས་མགུ་སྟེ་དེས་བསམས་པ། གཞོན་ནུ་ཀུ་ཤ་མཐུ་དང་ལྡན་པ་བརྩོན་འགྲུས་ཕུན་སུམ་ཚོགས་པ་ཡིན་ན་ཅིའི་ཕྱིར་བདག་
གིས་འདི་ལ་མི་དགའ་བ་བསྐྱེད་སྙམ་ནས། དེ་དེ་ལ་དགའ་བ་བསྐྱེད་པར་བརྩམས་སོ། །དེས་བུ་དེ་རྣམས་ཁྱིམ་ཕུབ་ནས་ཀུ་ཤའི་ཆུང་མ་ཡང་བསླང་བར་བརྩམས་པ་དང་། དེ་དག་ཐམས་ཅད་ཀྱིས་སྨྲས་པ། ཀུ་ཤ་མ་གཏོགས་པ་ལ་བུ་མོ་སྦྱིན་ནོ། །རྒྱལ་པོ་གཞན་ཞིག་གིས་
Vol. 2 · folio 190a
རྒྱལ་པོ་གཞན་གྱི་བུ་མོ་ཞིག་བསླངས་ཏེ། བག་མར་མ་བླངས་པའི་བར་དེར་རྒྱལ་པོ་ལ་ཉེ་ཅན་ཆེན་པོས་བུ་གཞན་གྱི་ཆེད་ཡིན་པའི་ཐབས་ཤིག་གིས་བསླངས་ནས་བུ་མོ་དེ་ཀུ་ཤ་ལ་བྱིན་ནས་རྒྱུ་སྐར་དང་། ཉི་ཚོད་དང་། ཡུད་ཙམ་དག་བསྟུན་ཏེ་གཞོན་ནུ་ཀུ་ཤའི་ཁྱིམ་ཕུབ་བོ། །རྒྱལ་
པོས་སྨྲས་པ། ཤེས་ལྡན་དག་སུས་ཀྱང་གཞོན་ནུ་ཀུ་ཤ་ལ་མེ་ལོང་མ་བསྟན་ཅིག་ཆུར་འཇུག་པའི་ཁྲུས་མ་ཡིན་པའི་ཁྲུས་ཀྱིས་ཁྲུས་བྱོས་ཤིག །ཉིན་པར་ཆུང་མའི་དྲུང་དུ་མ་གཏོང་ཤིག །གཞོན་ནུ་ཀུ་ཤ་སྤུན་རྣམས་དང་ལྷན་ཅིག་རྩེ་བ་ཆུང་མ་དེས་མཐོང་ནས་དེས་སྨྲས་པ། གཞོན་ནུ་རྣམས་ཀྱི་
དབུས་ན་རྩེད་མོ་བྱེད་པའི་ཤ་ཟ་ཕ་བི་སུ་ཞིག་ཡིན་དེ་ནི་ཁྱོད་ཀྱི་ཁྱིམ་ཐབ་ཡིན་ནོ། །ཅི་ཁོ་མོའི་ཁྱིམ་ཐབ་འདི་འདྲ་བ་ཞིག་གམ། ཕྱི་ཞིག་ན་ཡང་དེས་གཞོན་ནུ་རྣམས་དང་ལྷན་ཅིག་ཆུ་ན་རྩེ་བའི་བར་དག་མཐོང་ནས། དེ་བཞིན་དུ་བདག་གི་ཁྱིམ་ཐབ་འདི་འདྲ་བ་ཞིག་སྙམ་སྟེ་དེས་བསམས་པ། མངོན་
སུམ་དུ་བྱའོ་སྙམ་ནས། དེས་མེ་མར་བུས་ཏེ་ཕྲུ་བས་བཀབ་ནས་བཞག་གོ། །དེ་ཡང་ཆུང་མའི་དྲུང་དུ་འོངས་པ་དང་། དེས་ཀྱང་བསྟན་པ་ལས་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་བཞིན་སེང་གེའི་གདོང་འདྲ་བ་ཞིག་མཐོང་ནས་དེས་སྨྲས་པ། ཤ་ཟ་ཤ་ཟ་ཞེས་བྱས་ནས་བྲོས་སོ། །
རྒྱལ་པོ་ལ་ཉེ་ཅན་ཆེན་པོ་ལ་རི་འོར་བ་གཞན་ཞིག་ལོག་ནས་དེས་གཞོན་ནུ་ཀུ་ཤ་སོང་ལ་རི་འོར་བ་རྣམས་ཕོབ་ཤིག་ཅེས་བཏང་ནས། དེ་དེར་སོང་བ་དང་ཀུ་ཤའི་ཆུང་མས་ཕ་དང་མ་ལ་ཁྱེད་ཅག་སའི་སྟེང་ན་སྐྱེས་པ་མེད་དམ་ཅི་ན། ཁྱེད་ཀྱིས་བདག་ཤ་ཟ་ལ་སྦྱིན། གལ་ཏེ་བདག་བཀུམ་ན་དེ་ལྟ་ན་ལེགས།
གལ་ཏེ་མ་བཀུམ་ན་ནི་ཁོ་མོ་རང་འཆིའོ། །ཞེས་སྤྲིང་བ་དང་། དེ་དག་གིས་དེ་ཁྲིད་དོ། །གཞོན་ནུ་ཀུ་ཤས་ཀྱང་རི་འོར་དེ་ཕབ་སྟེ་འོངས་ནས་དེས་མ་ལ་དྲིས་པ། ཡུམ་བདག་གི་མཆིས་འབྲང་དེ་གར་མཆིས། དེས་སྨྲས་པ། ཕ་མས་ཁྲིད་དོ། །ཅིའི་སླད་དུ། ཁྱོད་ཤ་ཟ་ཡིན་སྙམ་ནས་
སོ། །ཡུམ་མཆིས་ལ་དེ་དགུག་པར་བགྱིའོ། །དེ་བཞིན་དུ་གྱིས་ཤིག །དེ་དུང་དང་། འཁོར་ལོ་དང་། བེ་ཅོན་ཁྱེར་ཏེ་དེར་སོང་བ་ལས། ཇི་ཙམ་ན་རི་འོར་གཞན་ཞིག་ན་སྐྱེ་བོའི་ཚོགས་ཆེན་པོ། སེང་གེས་འཇིགས་པས་སྒོ་རྣམས་བཅད་དེ་ཕྱོགས་སུ་ལྟ་ཞིང་འཁོད་པ་དང་། གཞོན་
Vol. 2 · folio 190b
ནུ་ཀུ་ཤས་སྨྲས་པ། ཅིའི་ཕྱིར་དེ་ལྟར་འདུག །སེང་གེའི་འཇིགས་པས་སོ། །ཅི་སྟེ་མི་གསོད། མི་ནུས་མོད། གལ་ཏེ་བདག་གིས་བསད་ན། བདག་ལ་ཅི་སྦྱིན། དཔུང་གི་ཚོགས་ཡན་ལག་བཞི་པའི་ཕྱེད་དོ། །གཞོན་ནུ་ཀུ་ཤས་སེང་གེའི་དྲུང་དུ་ཉེ་བར་སོང་ནས་དུང་བུས་པ་དང་དེའི་རྣ་བ་རྡོལ་ཏེ་
ཤི་ནས། དེས་དེ་ཁྱེར་ཏེ་རི་འོར་དུ་སོང་ནས་ཤེས་ལྡན་དག་སེང་གེ་དེ་ནི་འདི་ཡིན་ནོ། །དཔུང་གི་ཚོགས་ཡན་ལག་བཞི་པའི་ཕྱེད་ཁྱེར་ཅིག །དེས་སྨྲས་པ། ཁྱེད་ཅག་ཉིད་ཀྱི་ལག་ཏུ་ཞོག་ལ་སླར་འོངས་ན་བྱིན་ཅིག །དེ་རི་འོར་གང་ན་ཆུང་མ་དེ་ཡོད་པའི་རི་འོར་དེར་སོང་ནས་མེ་ཏོག་ཕྲེང་རྒྱུད་
མཁན་ཞིག་གི་དྲུང་དུ་ཕྱིན་པ་དང་། དེས་སྨྲས་པ། ཁྱོད་འདྲ་སུ་ཞིག །དེས་སྨྲས་པ། མེ་ཏོག་ཕྲེང་རྒྱུད་མཁན་གྱི་བུ་ཡིན་ནོ། །ཁྱོད་ཀྱི་མིང་ཅི་ཡིན། སྤོང་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བཟོའི་གནས་དང་ལས་ཀྱི་གནས་དེ་དང་དེ་རྣམས་ལ་མཁས་པ་ཡིན་པས་དེས་མེ་ཏོག་ཕྲེང་
ལེགས་པར་བརྒྱུས་པ་དང་། མེ་ཏོག་ཕྲེང་རྒྱུད་མཁན་དེས་བུ་མོ་དེ་ལ་མེ་ཏོག་ཕྲེང་བ་དེ་བྱིན་ནོ། །དེས་སྨྲས་པ། འདི་འདྲ་བའི་མེ་ཏོག་ཕྲེང་བ་ནི་ཁྱོད་ཀྱིས་སྔོན་ལན་འགའ་ཡང་མ་བརྒྱུས་ན་འདི་ལ་རྒྱུ་ཅི་ཡོད། བདག་གི་སློབ་མས་བརྒྱུས་སོ། །ཁྱོད་ཀྱི་སློབ་མ་དེ་བལྟའོ། །དེས་དེ་དེར་
ཁྲིད་པ་དང་། དེས་མཐོང་ནས་དེས་བསམས་པ། ཤ་ཟ་འདི་གང་ནས་འོངས་པ་ཞིག་སྙམ་ནས། དེས་ཤ་ཟ་ཤ་ཟ་ཞེས་སྒྲ་ཕྱུང་སྟེ་དེ་བསྐྲད་པ་ལས། གཡོས་མཁན་ཞིག་གི་དྲུང་དུ་ཕྱིན་པ་དང་། དེས་སྨྲས་པ། ཁྱོད་སུ་ཞིག །ཁོ་བོ་གཡོས་མཁན་གྱི་བུ་ཡིན་ནོ། །ཁྱོད་ཀྱི་མིང་ཅི་
ཡིན། སྣོད་དྲི་ཞིམ་ཞེས་བྱའོ། །དེས་བཙོ་བ་དང་། བསྲེག་པ་ལེགས་པར་བྱས་པ་དང་། གཡོས་མཁན་དེས་ཀྱང་བུ་མོ་དེ་ལ་བཙོས་པ་དང་། བསྲེགས་པ་དེ་བསྟབས་སོ། །དེས་སྨྲས་པ། ཀྱེ་ནང་རྗེ་བཙོ་བ་དང་། བསྲེག་པ་ལེགས་ན་སུས་གཡོས། བདག་གི་སློབ་མས་གཡོས་སོ། །
ཁྱོད་ཀྱི་སློབ་མ་དེ་བལྟའོ་ཞེས་བྱ་བ་ནས་དེ་ནས་ཀྱང་བསྐྲད་དོ་ཞེས་བྱ་བའི་བར་དུ་སྟེ། སྨན་པ་ཞིག་གི་དྲུང་དུ་ཕྱིན་པ་ལས་དེས་སྨྲས་པ་ཁྱོད་སུ་ཞིག །སྨན་པའི་བུ་ཡིན་ནོ། །ཁྱོད་ཀྱི་མིང་ཅི་ཡིན། རྒྱུན་ཤེས་ཀྱི་བུ་ཞེས་བྱའོ། །བུ་མོ་དེ་ཀླད་ནད་ཀྱིས་ཐེབས་པར་གྱུར་པ་དང་། སྨན་པས་
Vol. 2 · folio 191a
གསོ་མ་ནུས་ནས་སྨན་པ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེས་སྨྲས་པ། མཁན་པོ་ཅིའི་ཕྱིར་སེམས་ཁོང་དུ་ཆུད། རྒྱལ་པོའི་བུ་མོ་ཀླད་ནད་ཀྱིས་ཐེབས་ན་ཁོ་བོས་གསོ་བར་མ་ནུས་སོ། །བདག་མཆིས་ལ་གསོ་ལགས་སོ་ཞེས་དེ་སོང་བ་དང་། དེས་མཐོང་ནས་དེས་
སྨྲས་པ། ཤ་ཟ་འདི་གང་ནས་འོངས་ཡང་བསམས་པ་གལ་ཏེ་འགའ་ཞིག་སྨྲས་ན། སོས་པར་མ་བྱས་ཀྱིས། གང་གི་ཚེ་བདག་སོས་པར་གྱུར་པ་དེའི་ཚེ་སྨྲའོ་སྙམ་ནས་དེ་སོས་པར་གྱུར་ནས། ཤ་ཟ་ཤ་ཟ་ཞེས་སྒྲ་ཕྱུང་སྟེ། དེས་དེ་བསྐྲད་པ་ལས་བློན་པོ་རྣམས་ཀྱི་དྲུང་དུ་ཕྱིན་པ་དང་། ཁྱོད་
སུ་ཞིག་ཁོ་བོ་སྟོང་ཐུབ་བོ། །དེ་རྣམས་ཀྱིས་དེ་དྲུང་དུ་བཞག་གོ། །སྔོན་དབང་བའི་རྒྱལ་པོའི་བུ་གང་ཡིན་པ་དེས་བདག་གིས་སྔོན་རྒྱལ་པོའི་བུ་མོ་ཐོབ་པ་གང་ཡིན་པ་དེ་གཞོན་ནུ་ཀུ་ཤས་བོར་ཏེ་རང་གི་ཁྱིམ་དུ་སོང་ངོ་ཞེས་ཐོས་ནས་དེས་རྒྱལ་པོ་དེ་ལ་གལ་ཏེ་རེ་ཞིག་ཁོ་བོ་ལ་བུ་མོ་བྱིན་ན་ནི་དེ་ལྟ་ན་ལེགས།
གལ་ཏེ་མ་བྱིན་ན་ནི་རྒྱལ་སྲིད་སྟོར་བར་བྱའོ་ཞེས་སྤྲིང་བ་དང་། དེས་སྨྲས་པ། ཁོ་བོའི་བུ་མོ་འདི་ནི་རྒྱལ་པོ་ལ་ཉེ་ཅན་ཆེན་པོའི་བུ་གཞོན་ནུ་ཀུ་ཤ་ལ་བྱིན་ཟིན་པས་ཇི་ལྟར་གཞན་ལ་སྦྱིན། དེ་དཔུང་གི་ཚོགས་ཡན་ལག་བཞི་དང་འོངས་ནས་རྒྱལ་པོའི་ཕོ་བྲང་བསྐོར་ཏེ་འདུག་གོ། །རྒྱལ་པོ་དེ་ནི་དེ་དང་ལྷན་ཅིག་
གཡུལ་སྤྲོད་མ་ཕོད་ནས་དེས་སྒོ་དག་བཅད་ནས་འདུག་པ་དང་། གཞོན་ནུ་ཀུ་ཤས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཅིའི་ཕྱིར་སྒོ་རྣམས་བཅད། དེ་རྣམས་ཀྱིས་དེ་ལ་རྒྱས་པར་སྨྲས་པ་དང་། གཞོན་ནུ་ཀུ་ཤས་སྨྲས་པ། གལ་ཏེ་ཁོ་བོ་ལ་རྒྱལ་པོའི་སྲས་མོ་བྱིན་ན་ཁོ་བོས་དེ་དང་ལྷན་
ཅིག་གཡུལ་སྤྲད་དོ། །དེ་རྣམས་ཀྱིས་རྒྱལ་པོ་ལ་སྨྲས་པ་དང་། དེས་སྨྲས་པ། བུ་མོ་འདི་ངས་ལ་ཉེ་ཅན་ཆེན་པོའི་བུ་ལ་བྱིན་ཟིན་ན་ངས་ཇི་ལྟར་འདི་ལ་སྦྱིན། ད་ལྟར་གྱི་ཁྲག་ཁྲུག་འདི་ཡང་བུ་མོ་ཁོ་ནའི་ཕྱིར་ཡིན་ནོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་སུ་རྒྱལ་བར་འགྱུར་གཏོལ་མ་མཆིས་
ཀྱིས་རེ་ཞིག་འདི་དེ་རྣམས་དང་ལྷན་ཅིག་གཡུལ་སྤྲོད་དུ་སྩོལ་ཅིག་དང་། དེ་ན་སྐོལ་གྱིས་དུས་མཁྱེན་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། དེ་བཞིན་དུ་གྱིས་ཤིག །བློན་པོ་རྣམས་ཀྱིས་སྨྲས་པ། སྟོང་ཐུབ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱའོ། །དེ་ནས་གཞོན་ནུ་ཀུ་ཤས་མདའ་ལྔ་བརྒྱ་
Vol. 2 · folio 191b
ཤོང་བའི་དོང་པ་གཉིས་ཐོགས་ནས་དུང་དང་། འཁོར་ལོ་དང་། བེ་ཅོན་ཁྱེར་ཏེ་བྱུང་ནས་དེས་དུང་བུས་པ་དང་། དེ་རྣམས་ཀྱི་རྣ་བ་རྡོལ་ནས་བྲོས་སོ། །རྒྱལ་པོའི་བུ་མོ་དེས་བསམས་པ། གཞོན་ནུ་ཀུ་ཤ་འདི་ནི་བརྩོན་འགྲུས་དང་ཕ་རོལ་གནོན་པ་ཆེན་པོ་དང་ལྡན་པ་ཡིན་ན་ཅིའི་ཕྱིར་བདག་
གིས་འདི་ལ་དགའ་བར་མི་བྱ་སྙམ་ནས། དེ་དེ་ལ་དགའ་བ་བསྐྱེད་ནས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་སྐད་ཞལ་གྱིས་བཞེས་པ་དེ་མཛོད་ཅིག །བུ་ངས་ཁྱོད་ཀུ་ཤ་ལ་བྱིན་ནོ། །དེས་སྨྲས་པ། ཡབ་གཞོན་ནུ་ཀུ་ཤ་དེ་ནི་འདི་ཉིད་ལགས་སོ། །བུ་གལ་ཏེ་དེ་ལྟ་ན་སོང་ཤིག་ཅེས་དེས་
དེ་ལ་ཡན་ལག་བཞི་པའི་དཔུང་གི་ཚོགས་བྱིན་ནས་བཀུར་སྟི་ཆེར་བྱས་ཏེ་བཏང་ངོ་། །དེ་རི་འོར་དེར་ཕྱིན་ནས་དེ་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཁོ་བོའི་དཔུང་གི་ཚོགས་ཡན་ལག་བཞི་པའི་ཕྱེད་བྱིན་ཅིག །དེ་རྣམས་ཀྱིས་སྨྲས་པ། གཞོན་ནུ་དཔུང་གི་ཚོགས་ཡན་ལག་བཞི་ཁྱེར་བའི་ཆུ་
བྲུག་པ་གང་ཡིན་པ་དེ་ལྟ་བུ་བྱུང་ངོ་། །དེ་ན་ཧ་ཅང་ཡང་མི་རིང་བ་ཞིག་ན་ལུག་དག་ཅིག་རྒྱུ་ནས་གཞོན་ནུ་ཀུ་ཤས་ཚིགས་སུ་བཅད་དེ་སྨྲས་པ། ལོ་ནི་དྲུག་བཅུ་ལོན་པའི་གླང་། །གླང་ཆེན་གང་དུ་ཁྱེར་གྱུར་པ། །དེར་ནི་བ་དང་ལུག་ཁྱེར་བར། །རྗེས་སུ་དཔགས་ནས་ཤེས་པར་བྱ།། །།
འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་གསུམ་པ། གལ་ཏེ་རེ་ཞིག་བྱིན་ན་ནི་དེ་ལྟ་ན་ལེགས། གལ་ཏེ་མ་བྱིན་ན་རྔམས་ལ་གཏུག་གོ། །དེ་རྣམས་ཀྱིས་དེ་ལ་བྱིན་ནས་དེ་འབབ་ཆུ་དང་ཉེ་བ་ཞིག་ཏུ་བཏབ་སྟེ། དལ་བས་ཁྲུས་བྱ་བའི་ཕྱིར་ཞུགས་པ་དང་། དེ་ན་དེས་རང་གི་བཞིན་གྱི་གཟུགས་བརྙན་
མཐོང་ནས་དེས་བསམས་པ། མཚན་ངན་པ་བཅྭ་བརྒྱད་དང་ལྡན་ཞིང་བཞིན་སེང་གེའི་གདོང་དང་འདྲ་བ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་རྒྱལ་པོའི་བུ་མོ་འདི་བདག་ལ་མི་དགའ་བ་ཡིན་གྱིས། བདག་འདྲ་བ་ནི་གསོན་ན་ཅི་རུང་སོང་ལ་བདག་འཆིའོ་སྙམ་ནས། དེ་ནགས་ཐིབས་པོ་ཞིག་ཏུ་ཞུགས་ནས་
བདག་ཉིད་འགག་པར་བརྩམས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསམས་པ། འདི་ནི་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཡིན་ན། གཟུགས་བཟང་པོ་དང་མི་ལྡན་པས་བདག་ཉིད་གསོད་པར་བྱེད་ཀྱིས། དེའི་ཡིད་ལ་རེ་བ་རྫོགས་པར་བྱའོ་སྙམ་ནས་བརྒྱ་བྱིན་གྱིས།
Vol. 2 · folio 192a
སྨྲས་པ། གཞོན་ནུ་ཡི་མ་ཆད། བདག་ཉིད་གསོད་པར་མ་བྱེད་པར་གཙུག་གི་ནོར་བུ་འདི་མགོ་ལ་ཐོགས་ཤིག་དང་ཡིད་ལ་རེ་བ་རྫོགས་པར་འགྱུར་རོ་ཞེས་སྨྲས་ནས་སོང་ངོ་། །གཞོན་ནུ་ཀུ་ཤ་ཁྱིམ་དུ་འཇུག་པར་བརྩམས་པ་དང་། སྒོ་སྲུངས་ཀྱི་མིས་འདི་ནི་གཞོན་ནུ་ཀུ་ཤའི་ཕོ་
བྲང་ཡིན་གྱིས་མ་འཇུག་ཤིག་ཅེས་བཟློག་གོ། །དེས་སྨྲས་པ། ཀུ་ཤ་དེ་ནི་ང་ཡིན་ནོ། །དེ་ནི་ཡིད་མ་ཆེས་ནས་དེས་གཙུག་གི་ནོར་བུ་ཕྲོལ་བ་དང་། སྔོན་གྱི་ཇི་ལྟ་བ་བཞིན་དུ་གྱུར་ནས་དེ་ཡིད་ཆེས་སོ། །གཞོན་ནུ་ཀུ་ཤས་བསམས་པ། འདི་ཉིད་དུ་འདུག་གོ་སྙམ་ནས་དེས་ཕ་ལ་ཡང་མཁྱེན་
པར་མཛོད་ཅིག །འདི་ཉིད་དུ་མཆིས་སོ་ཞེས་སྤྲིང་བ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་དེ་ལ་གཏེར་བཞིའི་འབྱུང་ཁུང་བསྟན་ནས། དེས་གྲོང་ཁྱེར་དེ་རིན་པོ་ཆེ་སྣ་བཞི་ལས་བྱེད་དུ་བཅུག་གོ། །གཞོན་ནུ་ཀུ་ཤ་གནས་པས་ཀུ་ཤ་ཅན་ཞེས་བྱ་བར་གྲགས་སོ། །དེ་ནི་སྟོབས་ཀྱི་འཁོར་
ལོས་སྒྱུར་བའི་རྒྱལ་པོ་ཀུ་ཤ་ཞེས་བྱ་བར་གྱུར་ཏེ། དེས་གྲོང་ཁྱེར་དྲུག་ཁྲིར་མཆོད་སྦྱིན་གྱི་གནས་བརྩིགས་ཏེ། ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་ལོ་བརྒྱ་སྟོང་ཕྲག་མང་པོར་བྲམ་ཟེ་རྣམས་ལ་སྦྱིན་པ་བཏང་སྟེ། དེ་བདག་ཉིད་ཀྱི་མཆོད་སྦྱིན་ཕུན་སུམ་ཚོགས་པ་
མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ལྷ་དང་མི་ཡི་ནང་དག་ཏུ། །བདག་གི་འབྱོར་པ་མཐོང་ནས་ནི། །གང་གིས་ཕུན་སུམ་འཐོབ་པ་ཡི། །སྦྱིན་པ་སུ་ཞིག་སྦྱིན་མི་བྱེད། །གང་གིས་སྐྱེས་བུ་བརྒྱ་ཕྲག་ཐིབས་མནན་ཅིང་། །སེར་སྣ་དགྲ་བོར་གྱུར་པ་ཟིལ་མནན་ནས། །འཇིག་རྟེན་
ཕ་རོལ་འཇིགས་པས་སྦྱིན་གཏོང་སྟེ། །བདག་ནི་དཔའ་བོའི་དཔའ་རབ་ཡིན་པར་སེམས། །གང་ཞིག་ལག་ན་མཚོན་ཐོགས་གཡུལ་ངོར་འཇུག །དེ་ནི་དཔའ་བོ་མིན་ཞེས་ཐུབ་རྣམས་གསུང་། །གང་དག་འཇིགས་པ་མེད་པར་སྦྱིན་གཏོང་བ། །དེ་དག་དཔའ་བོ་ཡིན་ཞེས་ཀུན་མཁྱེན་
གསུང་། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀུ་ཤ་ཞེས་བྱ་བར་གྱུར་པ་གང་གིས་གྲོང་ཁྱེར་དྲུག་ཁྲིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་སྟོབས་ཀྱི་
Vol. 2 · folio 192b
འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀུ་ཤ་ཞེས་བྱ་བ་དེར་གྱུར་ཏེ། ངས་དེ་ན་གྲོང་ཁྱེར་དྲུག་ཁྲིར་མཆོད་སྦྱིན་གྱི་གནས་བརྩིགས་ནས་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་སོ། །རྒྱལ་པོ་ཆེན་པོ་ངའི་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་སངས་རྒྱས་པར་གྱུར་ཏོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་
འདས་ལ་ཞུས་པ། བཙུན་པ་རྒྱལ་པོ་ཀུ་ཤས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས། མཚན་མི་སྡུག་པ་རྣམ་པ་བཅྭ་བརྒྱད་དང་ལྡན་ཞིང་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀུ་ཤ་ཉིད་
ཀྱིས་ལས་ཚོགས་རྙེད་པ་རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བ་དག་བྱས་ཤིང་བསགས་པས་དགེ་སློང་དག་ཀུ་ཤ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་
བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་།
སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་འོར་གཞན་ཞིག་ན་ཁྱིམ་བདག་ཅིག་གནས་ཏེ། དེས་བཟའ་བ་
དང་། བཅའ་བ་རབ་ཏུ་མང་པོ་ཁྱེར་ཏེ་སྐྱེད་མོས་ཚལ་དུ་སོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བ་མེད་པ་ན་འཇིག་རྟེན་དུ་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ་ཅན། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འབྱུང་བར་འགྱུར་
Vol. 2 · folio 193a
རོ། །དེ་ནས་རང་སངས་རྒྱས་ཤིག་ལྗོངས་རྒྱུ་ཞིང་སོང་བ་ན་སྐྱེད་མོས་ཚལ་དེར་ཕྱིན་པ་ཁྱིམ་བདག་དེས་མཐོང་ནས་དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རབ་ཏུ་བྱུང་བ་འདི་སྐྲོད་ཅིག །དེ་དག་སྐྲོད་མ་ཕོད་པ་དང་། །ཁྱིམ་བདག་དེ་ཉིད་ལངས་ཏེ་བཟུང་ནས་བསྐྲད་དེ།
སེང་གེའི་གདོང་ཅན་མཚན་ངན་པ་བཅྭ་བརྒྱད་དང་ལྡན་པ་ཁྱོད་གར་འགྲོ་ཞེས་ཀྱང་སྨྲས་སོ། །རང་སངས་རྒྱས་དེས་བསམས་པ། ཉོན་མོངས་འདི་གཏན་དུ་སྨས་ཤིང་ཉམས་ན་མི་རུང་ངོ་སྙམ་དུ་རིག་ནས་སྟེང་གི་ནམ་མཁའ་ལ་ཞེས་བྱ་བ་ནས། དེས་བཀུར་སྟི་བྱས་ཏེ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།
ཇི་ཙམ་ན་རྐང་པ་གཉིས་ལ་གཏུགས་ནས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་དམ་པ་འདི་ལྟ་བུ་ལ་ངག་རྩུབ་པོའི་ལས་ཕྱུང་བ་གང་ཡིན་པ་དེའི་ལས་དེ་བདག་གིས་མྱོང་བར་མ་གྱུར་ཅིག །གང་ཡང་བྱ་བ་བྱས་པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་ཅིང་ནོར་མང་བ་དང་ལོངས་སྤྱོད་ཆེ་བའི་རིགས་
སུ་སྐྱེ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། ཁྱིམ་བདག་གང་ཡིན་པ་དེ་ཀུ་ཤ་གཞོན་ནུ་འདི་ཉིད་ཡིན་ཏེ། དེ་ན་འདིས་རང་སངས་རྒྱས་ལ་ངག་རྩུབ་པོའི་ལས་ཕྱུང་བས་ལས་དེའི་རྣམ་པར་སྨིན་པས་མཚན་ངན་པ་བཅྭ་བརྒྱད་དང་ལྡན་ཞིང་བཞིན་སེང་གེའི་གདོང་འདྲ་
བར་གྱུར་ཏོ། །གང་ཡང་བྱ་བ་བྱས་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པར་འགྱུར་ཞིང་འདྲེན་མ་རྣམས་ཀྱི་ནི་འདྲེན་མར་འགྱུར། གཅིག་ཏུ་དཀར་བ་
རྣམས་ནི་གཅིག་ཏུ་དཀར་བར་འགྱུར་རོ། །དེ་ལྟ་བས་ན་དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། ལས་གང་དག་གཅིག་ཏུ་གནག་པ་རྣམས་དང་འདྲེན་མ་རྣམས་ནི་སྤངས་ལ། གཅིག་ཏུ་དཀར་བའི་ལས་རྣམས་ཁོ་ན་ལ་བརྩལ་བར་བྱའོ་ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །གཞན་
ཡང་རྒྱལ་པོ་ཆེན་པོ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་ཀ་ལིང་ཀ་ཞེས་བྱ་བར་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཞེས་བྱ་བ་འཁོར་གདོལ་པ་བརྒྱ་ཕྲག་དུ་མ་
Vol. 2 · folio 193b
དང་། འཁོར་གདོལ་པ་སྟོང་ཕྲག་དུ་མ་དང་། གདོལ་པ་བརྒྱ་སྟོང་ཕྲག་དུ་མ་ཡོད་པ། བྱམས་པའི་བདག་ཉིད་སྙིང་རྗེ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་སྙིང་བརྩེ་བ་ཞིག་བྱུང་སྟེ། དེའི་ཡུལ་དུ་ནམ་ལོ་ཉེས་བྱུང་བ་དེའི་ཚེ་བདེན་པ་གསོལ་བས་ལྷས་ཆར་པ་འབེབས་པས་ལན་འགའ་ཡང་
ལོ་ཉེས་འབྱུང་བར་མི་འགྱུར་རོ། །དེ་དྲང་སྲོང་གི་ནང་དུ་རབ་ཏུ་བྱུང་ནས་དེས་མངོན་པར་ཤེས་པ་ལྔ་མངོན་སུམ་དུ་བྱས་སོ། །དེའི་ཚེ་ཡུལ་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་། མི་ཕལ་པོ་ཆེས་རབ་ཏུ་གང་བ་ན་རྒྱལ་
སྲིད་བྱེད་དུ་འཇུག་གོ། །ཇི་ཙམ་དུས་གཞན་ཞིག་ན་ལྟས་མཁན་རྣམས་ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་བོ་ཞེས་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲིལ་སྒྲོག་ཏུ་བཅུག་པ། བཱ་རཱ་ཎ་སཱི་ན་གནས་པའི་ཤེས་ལྡན་གྲོང་ཁྱེར་པ་དག་ཉོན་ཅིག །ལྟས་མཁན་རྣམས་
ཀྱིས་ལོ་བཅུ་གཉིས་སུ་ཆར་མི་འབབ་བོ་ཞེས་ལུང་བསྟན་གྱིས། ཁྱེད་ཅག་ལས་གང་དག་ལ་དུས་དེ་ཙམ་གྱི་བཟའ་བ་ཡོད་པ་དེ་ནི་འདུག་ཤིག །གང་དག་མེད་པ་དེ་ནི་དེང་ཤིག །དེ་ནས་སྐྱེ་བོའི་ཚོགས་ཆེན་པོ་དེ་དག་མུ་གེས་དུས་མ་ཡིན་པར་འཆི་བས་འཇིགས་སྐྲག་ནས་གྲོས་བྱ་བར་བརྩམས་པ། ཤེས་
ལྡན་དག་རྒྱལ་པོས་ཡུལ་རྣམས་སུ་འདི་ལྟ་བུའི་དྲིལ་སྒྲོག་ཏུ་བཅུག་ན་དེ་ཇི་ལྟར་བསྒྲུབ་པར་བྱ། གང་དུ་དོང་། དེ་རྣམས་ཀྱིས་གདོལ་པའི་ཡུལ་ན་གདོལ་པའི་རིགས་ལས་བྱུང་བའི་དྲང་སྲོང་ཞིག་ཡོད་དེ། དེའི་བདེན་པ་གསོལ་བས་ལྷས་ཆར་འབེབས་སོ་ཞེས་ཐོས་ནས་དེ་ནས་ལོ་བཅུ་གཉིས་ཀྱི་
བར་གྱི་བཟའ་བ་མེད་པ་གང་ཡིན་པ་དེ་རྣམས་གདོལ་པའི་ཡུལ་དུ་དོང་བ་དང་། གདོལ་པའི་རིགས་ལས་བྱུང་བའི་དྲང་སྲོང་གི་བུ་གདོལ་པའི་རྒྱལ་པོ་དེས་སྐྱེ་བོའི་ཚོགས་དེའི་བཟའ་བ་དང་བཏུང་བ་ལོ་བཅུ་གཉིས་སུ་སྦྱར་ན་མུ་གེ་རྒྱུན་ཆགས་ཁོ་ནར་བྱུང་བ་ནས་རྒྱལ་པོ་ཚངས་སྦྱིན་གྱིས་བློན་པོ་རྣམས་ལ་དྲིས་པ། སྐྱེ་
བོའི་ཚོགས་དེ་གང་དུ་དོང་། བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཡུལ་ཀ་ལིང་ཀ་ན་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཞེས་བགྱི་བ་བྱམས་པའི་བདག་ཉིད་སྙིང་རྗེ་ཅན་སེམས་ཅན་ཐམས་ཅད་ལ་ཕན་པ། འོ་བྱམས་པ་ཞིག་མཆིས་ཏེ། དེའི་བདེན་པ་གསོལ་བས་ལྷས་ཆར་འབེབས་པས་དེར་སྐྱེ་བོའི་
Vol. 2 · folio 194a
ཚོགས་ཆེན་པོ་མཆིས་སོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མུ་གེ་ཆེན་པོ་འདི་ནི་མུ་གེའི་བསྐལ་པ་བར་མ་དང་འདྲ་བ་ཡིན་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། དེ་རྣམས་ཀྱིས་སྨྲས་པ། ལྷ་གདོལ་པའི་ཡུལ་གྱི་རྒྱལ་པོ་གང་ལགས་པ་དེ་དྲང་སྲོང་གི་ནང་དུ་རབ་ཏུ་བྱུང་ངོ་ཞེས་ཐོས་ལགས་
ཀྱིས། དེ་ལ་གསོལ་བ་མཛོད་ཅིག །དེ་ནས་རྒྱལ་པོ་ཚངས་སྦྱིན་གདོལ་པའི་ཡུལ་དུ་སོང་ནས་དྲང་སྲོང་དེ་ལ་གསོལ་བ་གདབ་པར་བརྩམས་པ། དྲང་སྲོང་ཆེན་པོ་བདག་གི་ཡུལ་དུ་མུ་གེ་ཆེན་པོ་མུ་གེའི་བསྐལ་པ་བར་མ་དང་འདྲ་བ་བྱུང་ན་དེ་ལ་བདེན་པ་གསོལ་བའི་རིགས་སོ། །དེས་བདེན་པ་གསོལ་བར་
བརྩམས་པ། ཁྱི་འཚེད་རིགས་ལས་སྐྱེས་པ་ཡི། །ཞེ་སྡང་མེད་ཅིང་འཚེ་མེད་པ། །གདོལ་པ་ཕུར་བུ་གསུམ་པ་ཞེས། །ལྷ་དང་མི་ལ་གྲགས་པ་ཡིས། །སེམས་ཅན་ཀུན་ལ་བྱམས་པའི་སེམས། །སྐྱོན་མེད་རབ་ཏུ་བསྒོམས་བདག་གི། །བདེན་ཚིག་དེས་ནི་སྐྱེ་དགུ་འདི། །ཀླུས་ནི་
ཚིམ་པར་བྱེད་གྱུར་ཅིག །གང་ཕྱིར་སྐྱེས་པ་ཚུན་ཆད་ནས། །བྱམས་པའི་སེམས་ནི་རབ་བསྒོམས་པ། །བདེན་པའི་ཚིག་དེས་སྐྱེ་དགུ་དག །ཀླུས་ནི་ཚིམ་པར་བྱེད་གྱུར་ཅིག །དེ་ནས་བདེན་པ་གསོལ་བས་ཡུལ་བཱ་རཱ་ཎ་སཱིར་ལྷས་ཆར་ཕབ་ནས་མུ་གེ་རྒྱུན་ཆད་ཅིང་ལོ་ལེགས་པར་གྱུར་ཏོ། །དེ་ནས་
བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའི་ཚོགས་དེ་གདོལ་པའི་ཡུལ་ནས་བཱ་རཱ་ཎ་སཱིར་ལྷགས་སོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཞེས་བྱ་བ་བྱམས་པའི་བདག་ཉིད་སྙིང་རྗེ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པ། སྙིང་བརྩེ་བ་ཅན་ཞིག་བྱུང་བ་དེའི་བདེན་པ་གསོལ་བས་
ལྷས་ཆར་ཕབ་ནས་མུ་གེ་རྒྱུན་ཆད་ཅིང་ལོ་ལེགས་པར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་གདོལ་པའི་རྒྱལ་པོ་ཕུར་བུ་གསུམ་པ་ཞེས་བྱ་བ་བྱམས་པའི་བདག་ཉིད་སྙིང་རྗེ་ཅན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། སྙིང་བརྩེ་བ་ཅན་དེའི་
བདེན་པ་གསོལ་བས་ལྷས་ཆར་འབེབས་པ་དེ་ཡིན་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ། སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་
Vol. 2 · folio 194b
པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བཏང་བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་མི་ཐི་ལར་
རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་ཞིག་བྱུང་སྟེ། དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་
པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེའོ། །དེ་ལ་བུ་དཔའ་བ་རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམ་པ་སྟོང་ཡང་ཚང་བར་ཡོད་ཅིང་། དེ་རྒྱ་མཚོ་ལ་ཐུག་
པའི་ས་ཆེན་པོ་མ་ལུས་པར་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་མཁན་གྱི་མི་སྐྲ་དང་ཁ་སྤུ་འཆོས་པ་ན་སྐྲ་མཁན་གྱི་མི་ལ་སྨྲས་པ། །
ཀྱེ་ནང་རྗེ་ཁྱོད་ཀྱིས་གང་གི་ཚེ་ངའི་མགོ་ལས་གཤིན་རྗེའི་ཕོ་ཉ་སྐྲ་དཀར་སྐྱེས་པ་མཐོང་བ་དེའི་ཚེ་ང་ལ་སྦྲོན་ཅིག །ལྷ་བཀའ་བཞིན་འཚལ་ཞེས་སྐྲ་མཁན་གྱི་མིས་རྒྱལ་པོ་ལྷ་ཆེན་པོའི་ལྟར་མཉན་ཏོ། །དུས་གཞན་ཞིག་ན་སྐྲ་མཁན་གྱི་མིས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་དང་ཁ་སྤུ་འཆོས་པ་ན་
རྒྱལ་པོ་ལྷ་ཆེན་པོའི་མགོ་ལས་གཤིན་རྗེའི་ཕོ་ཉ་སྐྲ་དཀར་སྐྱེས་པ་མཐོང་ངོ་། །མཐོང་ནས་ཀྱང་ཡང་རྒྱལ་པོ་ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་མཛོད་ཅིག །དབུ་ལ་གཤིན་རྗེའི་ཕོ་ཉ་དབུ་སྐྲ་དཀར་པོ་སྐྱེས་ལགས་སོ། །ཀྱེ་ནང་རྗེ་དེའི་ཕྱིར་ཁྱོད་ཀྱིས་སྐྲ་དཀར་དེ་
དག་རིམ་གྱིས་དལ་བུས་དལ་བུས་ཕྱུང་ལ་ངའི་ལག་པར་བྱིན་ཅིག །ལྷ་བཀའ་བཞིན་འཚལ་ཞེས་སྐྲ་མཁན་གྱི་མིས་རྒྱལ་པོ་ལྷ་ཆེན་པོའི་ལྟར་མཉན་ནས་སྐྲ་སྐྱ་བོ་དེ་དག་གསེར་གྱི་སྨང་ཙེར་གྱིས་རིམ་གྱིས་དལ་བུས་དལ་བུས་ཕྱུང་ནས་རྒྱལ་པོ་ལྷ་ཆེན་པོའི་ལག་ཏུ་བཞག་གོ། །དེ་ནས་
Vol. 2 · folio 195a
རྒྱལ་པོ་ལྷ་ཆེན་པོས་སྐྲ་སྐྱ་བོ་དེ་དག་ལག་པ་གཉིས་ཀྱིས་བརྐྱང་ནས་ཚིགས་སུ་བཅད་དེ་སྨྲས་པ། བདག་གི་མགོ་ལས་ཀླད་ཀྱི་སྐྲ། །ལང་ཚོ་འཕྲོག་པ་སྐྱེས་པ་ནི། །གཤིན་རྗེའི་ཕོ་ཉ་བྱུང་གྱུར་གྱིས། །བདག་ནི་རབ་འབྱུང་དུས་ལ་བབ། །བདག་གིས་མི་རྣམས་ཀྱི་
འདོད་པ་ནི་སྤྱད་ཟིན་ཏེ། ལྷ་རྣམས་ཀྱི་འདོད་པ་བཙལ་བའི་དུས་ལ་བབ་ཀྱིས། མ་ལ་བདག་གིས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ལ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ་སྙམ་མོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཐུ་བོ་ཤོས་ཕོ་ཉས་བཀུག་ནས་
འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་ཤེས་པར་གྱིས་ཤིག །ངའི་མགོ་ལས་གཤིན་རྗེའི་ཕོ་ཉ་སྐྲ་དཀར་སྐྱེས་ཏེ། ངས་མི་རྣམས་ཀྱི་འདོད་པ་ནི་སྤྱད་ཟིན་པས་ལྷ་རྣམས་ཀྱི་འདོད་པ་བཙལ་བའི་དུས་ལ་བབ་སྟེ། བུ་གཞོན་ནུ་ཁྱོད་ལ་ངས་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་འདི་གཏད་ཀྱིས།
ཁྱོད་ཀྱིས་འདི་ལ་ཆོས་བཞིན་གྱིས་བསྐྱང་བར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །འགའ་ཞིག་ཆོས་མ་ཡིན་པ་སྤྱོད་དམ་འདྲེན་པར་སྤྱོད་ན་ཁྱོད་ཀྱིས་ཡུལ་དུ་གནས་སུ་མ་གཞུག་ཅིག །བུ་གཞོན་ནུ་ཁྱོད་ཀྱིས་ཀྱང་གང་གི་ཚེ་མགོ་ལ་གཤིན་རྗེའི་ཕོ་ཉ་སྐྲ་དཀར་སྐྱེས་པར་མཐོང་བ་དེའི་
ཚེ་ཁྱོད་ཀྱིས་ཀྱང་གཞོན་ནུ་ཐུ་བོ་ཤོས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་ཆུག་ལ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱད་པ་སྤྱོད་ཅིག །ཅི་ནས་ཀྱང་ཁྱོད་ཀྱིས་དགེ་བའི་ལམ་ངེས་པ་འདི་ལྟ་བུ་ལ་ཞུགས་པའི་རྗེས་སུ་འཇུག་པར་བྱའི། རྒྱུན་ཆད་པར་མི་བྱ་ཞིང་སྐྱེས་བུ་ཐ་ཤལ་དུ་
གྱུར་པར་མི་བྱའོ། །བུ་གཞོན་ནུ་འགའ་ཞིག་སྐྱེས་བུ་བཟང་པོ་ཡོད་པའི་དུས་འདི་ལྟ་བུ་ལ་དགེ་བའི་ལམ་ངེས་པ་འདི་ལྟ་བུ་ལ་ཞུགས་པའི་རྗེས་སུ་འཇུག་པར་བྱེད་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་རྒྱུན་ཆད་པར་མི་བྱེད་པ་ཡིན། དེ་ནི་དེ་རྣམས་ཀྱི་སྐྱེས་བུ་ཐ་ཤལ་མ་ཡིན་པར་འགྱུར་རོ། །
བུ་གཞོན་ནུ་འགའ་ཞིག་སྐྱེས་བུ་བཟང་པོ་ཡོད་པའི་དུས་འདི་ལྟ་བུ་ལ་དགེ་བའི་ལམ་ངེས་པ་འདི་ལྟ་བུ་ལ་ཞུགས་པའི་རྗེས་སུ་འཇུག་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་རྒྱུན་ཆད་པར་བྱེད་པ་ཡིན། དེ་ནི་དེ་རྣམས་ཀྱི་སྐྱེས་བུ་ཐ་ཤལ་ཡིན་ནོ། །དེ་ལྟ་བས་ན་ང་ཁྱོད་ལ་དེ་སྐད་དུ་ཅི་
Vol. 2 · folio 195b
ནས་ཀྱང་ཁྱོད་ཀྱིས་དགེ་བའི་ལམ་ངེས་པ་འདི་ལྟ་བུ་ལ་ཞུགས་པའི་རྗེས་སུ་འཇུག་པར་བྱ་ཞིང་། རྒྱུན་འཆད་པར་མི་བྱ་ཞིང་སྐྱེས་བུ་ཐ་ཤལ་དུ་གྱུར་པར་མི་བྱའོ་ཞེས་སྨྲའོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་ཡུལ་བཅོམ་
བརླག་འདི་ཉིད་ཀྱི་ལྷ་ཆེན་པོའི་ཨ་མྲའི་ཚལ་འདི་ཉིད་དུ་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །རྒྱལ་པོ་ལྷ་ཆེན་པོའི་གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་པ་གང་ཡིན་པ་དེ་ཡང་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་
རྣམ་པར་རྒྱལ་བ་ཞེས་བྱ་བ་ནས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོའི་སྐྲ་དང་ཁ་སྤུ་དག་སྐྲ་མཁན་གྱི་མིས་འཆོས་པ་ན་ཞེས་བྱ་བ་ནས། སྐྱེས་བུ་ཐ་ཤལ་དུ་གྱུར་པར་མི་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་
གཞོན་ནུ་ཐུ་བོ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དུ་བཅུག་ནས་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱོད་དོ། །དེ་ལྟར་བུ་དང་ཚ་བོ་དང་ཡང་ཚ་བརྒྱུད་པས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་རྒྱལ་པོ་ལྷ་ཆེན་པོས་བདག་
ཉིད་ཀྱི་མཆོད་སྦྱིན་ཕུན་སུམ་ཚོགས་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ལྷ་དང་མི་ཡི་ནང་དག་ཏུ། །དབང་ཕྱུག་དོན་དུ་གཉེར་བ་དང་། །དབུལ་བའི་འཇིགས་པས་སྐྲག་པ་ཡིས། །ཅི་ནུས་ཀྱིས་ནི་སྦྱིན་པ་གཏང་། །འཇིག་རྟེན་ན་ནི་སྦྱིན་བྱེད་མཆོད། །སྦྱིན་བྱེད་ལྷ་
ཡི་ནང་མཆོད་དེ། །བྱ་ཡི་འབྲས་ལྡན་ཤིང་བཞིན་དུ། །འབྱུང་པོ་ཀུན་གྱི་སྐྱབས་འོས་ཡིན། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གིས་དགེ་བའི་ལམ་ངེས་པ་དེ་སྲོལ་བཏོད་ཅིང་དགེ་བའི་ལམ་ངེས་པ་སྲོལ་བཏོད་པ་དེ་ལ་བརྟེན་
ནས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གིས་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་པ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བར་གྱུར་ཏེ། ང་ཉིད་ཀྱིས་དགེ་བའི་ལམ་ངེས་པ་དེ་
Vol. 2 · folio 196a
སྲོལ་བཏོད་ཅིང་དགེ་བའི་ལམ་ངེས་པ་སྲོལ་བཏོད་པ་དེ་ལ་བརྟེན་ནས་ལྷ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་གི་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཐོབ་བོ་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་
བའི་ཕྱིར་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་མི་ཐི་ལ་འདི་ཉིད་དུ་དེ་རྣམས་ཀྱི་ཐ་མ་ཤོས་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ལ་གནས་པའི་རྒྱལ་པོ་ཞིག་བྱུང་སྟེ། དེ་བཙུན་མོ་དང་།
གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་པ་དང་། གྲོང་མི་དང་། ཡུལ་མི་རྣམས་དང་ལྷན་ཅིག་ཏུ་ཆོས་སྤྱོད་ཅིང་སྦྱིན་པ་དག་གཏོང་། བསོད་ནམས་དག་བྱེད་པ། བསྙེན་གནས་ལ་ཉེ་བར་གནས་པ། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ། །དེའི་ཚེ་ལྷ་རྣམས་
ཀྱི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གུང་ལ་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་དུ་ཚོགས་ཤིང་ལྷགས་པ་རྣམས་ལ་བསྔགས་པ་རྗོད་དེ། གྲོགས་པོ་དག་ལུས་འཕགས་ཀྱི་མི་རྣམས་ཀྱི་རྙེད་པ་ནི་ལེགས་པར་རྙེད་དེ། ལུས་འཕགས་ཀྱི་མི་དེ་རྣམས་ཀྱི་རྒྱལ་པོ་མུ་
ཁྱུད་ནི་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་ཆོས་ལ་གནས་པའི་རྒྱལ་པོ་ཆེན་པོ་ཡིན་ཏེ། དེ་བཙུན་མོ་དང་ཞེས་བྱ་བ་ནས་ལྷན་ཅིག་ཏུ་ཆོས་སྤྱོད་ཅིང་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །གྲོགས་པོ་དག་ཁྱེད་ཅག་རྒྱལ་པོ་མུ་ཁྱུད་ལྟ་
བར་འདོད་དམ། ཀཽ་ཤི་ཀ་མཆོག་ཏུ་འཚལ་ལོ། །གྲོགས་པོ་དག་དེའི་ཕྱིར་ཁྱེད་ཅག་སྡོད་ཅིག་དང་ཁོ་བོས་ཇེ་རྒྱལ་པོ་མུ་ཁྱུད་བརྟག་པར་བྱའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དཔེར་ན་སྐྱེས་བུ་མཐུ་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་
Vol. 2 · folio 196b
ལས་བསྐུམ་པ་ཙམ་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ཏེ། མི་ཐི་ལར་རྒྱལ་པོ་མུ་ཁྱུད་ལྡན་གྱི་ཁང་བཟངས་སུ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །མུ་ཁྱུད་ལྡན་ཁྱོད་ཀྱི་རྙེད་པ་ནི་ལེགས་པར་རྙེད་དེ། གང་
གི་ཕྱིར་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་འདུན་ས་ཆོས་བཟང་དུ་ཚོགས་ཤིང་འདུས་པ་རྣམས་ཁྱོད་ཀྱི་བསྔགས་པ་རྗོད་པར་བྱེད་ཅིང་། གྲོགས་པོ་དག་ལུས་འཕགས་ཀྱི་མི་རྣམས་ཀྱི་རྙེད་པ་ཞེས་བྱ་བ་ནས་ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་གནས་སོ་ཞེས་བྱ་བའི་བར་
གོང་མ་བཞིན་ནོ། །མུ་ཁྱུད་ཁྱོད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལྟ་ཞིང་འགྲོ་འདོད་དམ། ཀཽ་ཤི་ཀ་བདག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ལ་ལྟ་ཞིང་མཆི་འཚལ་ལོ། །མུ་ཁྱུད་ཁྱོད་དེའི་ཕྱིར་སྡོད་ཅིག །ཁོ་བོས་ཇེ་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟ་ཁྱོད་ལ་བསྐུར་གྱིས།
དེར་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག །རྒྱལ་པོ་མུ་ཁྱུད་ཀྱིས་དེ་བཞིན་དུ་འཚལ་ལོ་ཞེས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལས་མཉན་ཏོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་ཁ་ལོ་སྒྱུར་བ་མ་ལ་གདུ་ལ་སྨྲས་པ། མ་ལ་
གདུ་ཁྱོད་སོང་ལ་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟ་མྱུར་དུ་ཆོས་ལ་རྒྱལ་པོ་མུ་ཁྱུད་གང་ན་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས། མུ་ཁྱུད་ཁྱོད་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟ་བསྐུར་བ་འདི་ཡིན་གྱིས་དེར་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག་ཅེས་
བྱོས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་གསུངས་པས་ཤིན་དུ་མ་ནོངས་སོ་ཞེས་ཁ་ལོ་སྒྱུར་བ་མ་ལ་གདུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལས་མཉན་ནས་མྱུར་དུ་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟ་བཅས་ཏེ། རྒྱལ་པོ་མུ་ཁྱུད་གང་ན་བ་དེར་སོང་ནས་ཕྱིན་པ་དང་འདི་སྐད་ཅེས་སྨྲས་སོ། །མུ་
ཁྱུད་ཁྱོད་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟ་བསྐུར་བ་འདི་ཡིན་གྱིས་འདིར་ཁྱོད་ཞུགས་ལ་མ་གཡོ་བར་ཤོག་ཤིག་ཅེས་མཆིའོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་མུ་ཁྱུད་ཅང་ཤེས་སྟོང་ལྡན་གྱི་ཤིང་རྟར་ཞུགས་པ་དང་། དེ་ནས་ཁ་ལོ་སྒྱུར་
Vol. 2 · folio 197a
བ་མ་ལ་གདུས་རྒྱལ་པོ་མུ་ཁྱུད་ལ་སྨྲས་པ། ཁྱོད་ཀྱི་ཤིང་རྟ་གང་ནས་དྲང་། གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ནས་སམ། གང་ན་སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་
དགེ་བའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ནས་དྲང་། མ་ལ་གདུ་དེའི་ཕྱིར་གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་དགེ་བའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་པ་དང་། གང་ན་སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་དགེ་བའི་རྣམ་པར་སྨིན་པ་
ཉམས་སུ་མྱོང་བ་དག་ཡོད་པ་གཉིས་ཀ་བལྟས། དེ་དག་གང་ན་བ་དེ་ལོགས་སུ་ཤིང་རྟ་དྲོངས་ཤིག །དེ་ནས་ཁ་ལོ་སྒྱུར་བ་མ་ལ་གདུས་རྒྱལ་པོ་མུ་ཁྱུད་ཀྱིས་ཅི་ནས་ཀྱང་གང་ན་སེམས་ཅན་སྡིག་པའི་ལས་ཅན་རྣམས་སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་
སུ་མྱོང་བ་ཡོད་པ་དང་། གང་ན་སེམས་ཅན་དགེ་བའི་ལས་ཅན་རྣམས་ལས་དགེ་བའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བ་ཡོད་པ་གཉི་ག་མཐོང་བར་འགྱུར་བ་དེ་ལྟར་རྒྱལ་པོ་མུ་ཁྱུད་ལྡན་གྱི་ཤིང་རྟ་དྲངས་སོ། །རྒྱལ་པོ་མུ་ཁྱུད་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཕྱིན་
ནས་རྒྱལ་པོ་མུ་ཁྱུད་ལྷ་རྣམས་ཀྱི་འདུན་ས་ཆོས་བཟང་དུ་ཞུགས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་ལ་སྟན་ཕྱེད་བསྟབས་ནས་རྒྱལ་པོ་མུ་ཁྱུད་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་ཕྱེད་ཕྱེད་ལ་འདུག་གོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་མུ་ཁྱུད་དང་ལྷ་
རྣམས་ཀྱི་དབང་པོ་བརྒྱ་བྱིན་སྟན་ཕྱེད་ཕྱེད་ལ་འདུག་པ་ན་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ནི་མིག་མི་འཛུམས་པར་ཟད་དོ། །དེ་ནས་རྒྱལ་པོ་མུ་ཁྱུད་ཀྱིས་བདག་ཉིད་ཀྱི་མཆོད་སྦྱིན་ཕུན་
སུམ་ཚོགས་པ་མཐོང་ནས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། དགེ་ལས་བྱས་དང་དེ་བཞིན་དུ། །མི་དགེའི་ལས་བྱས་མཐོང་ནས་ནི། །མི་གང་བག་མེད་བྱེད་པ་དེ། །སྐྱེས་བུ་ཐ་ཤལ་སྙིང་རེ་རྗེ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་མུ་ཁྱུད་
Vol. 2 · folio 197b
ལ་འདི་སྐད་ཅེས་སྨྲས་སོ། །མུ་ཁྱུད་ཁྱོད་འདི་ཉིད་དུ་འདུག་ལ་དགའ་བར་སྤྱོད་ཅིག །འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པས་རྩེད་མོ་བྱོས་ཤིག །དགའ་བར་སྤྱོད་ཅིག །དགའ་མགུར་སྤྱོད་ཅིག །དེས་ཚིགས་སུ་བཅད་དེ་སྨྲས་པ། ཇི་ལྟར་སྣོད་དང་ཤིང་
རྟ་དག །བརྙས་པ་རེ་ཞིག་དུས་ཡིན་ལྟར། །དེ་དང་འདྲ་བར་གནས་འདི་ཡང་། །དབང་ནི་གཞན་དག་སྒྱུར་བས་བདག །འདི་ནས་མི་ཐི་ལར་སོང་ནས། །དགེ་བ་མང་པོ་རྣམས་བྱ་ཞིང་། །བསོད་ནམས་ཕུན་སུམ་ཚོགས་བྱས་ནས། །དེ་ནས་མཐོ་རིས་འོང་བར་བྱ། །
དེ་མི་ཐི་ལར་འོངས་ནས་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། གང་ཚེ་རྒྱལ་རིགས་བྲམ་ཟེ་དང་། །རྗེའུ་རིགས་དམངས་རིགས་གདོལ་པ་དང་། །ཀླ་ཀློ་ཕོངས་ལ་བྱིན་པ་ཡི། །སྦྱིན་པ་དམ་པ་རྣམས་ཀྱིས་བསྔགས། །མུ་
གེའི་ཚེ་ན་སྦྱིན་བྱིན་ཞིང་། །སྐྱེ་བོ་དམ་པ་ཚིམ་བྱས་ནས། །ངན་སོང་རྣམས་སྤངས་འདི་དང་ནི། །མཐོ་རིས་སུ་ཡང་བཀུར་བ་ཡིན། །ཕན་ཡོན་འདི་ནི་ཤེས་ནས་ཀྱང་། །མཁས་པ་རྣམས་ཀྱིས་སྦྱིན་པ་གཏང་། །སྦྱིན་པ་ཡིས་ནི་ཐར་པ་དང་། །དབང་ཕྱུག་ལྷ་
གནས་འབྱོར་བར་འགྱུར། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་གང་གིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་དང་། ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔས་བསྟབས་
ནས། དེས་མི་ཐི་ལར་འོངས་ཏེ་གྲོང་ཁྱེར་གྱི་སྒོ་བཞིར་མཆོད་སྦྱིན་གྱི་གནས་བརྩིགས་ནས་སྦྱིན་པ་དག་བཏང་། བསོད་ནམས་དག་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་
གང་གིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྟན་ཕྱེད་དང་ལྷ་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔས་བསྟབས་པ་ཡིན་པར་གྱུར་ཏེ། ང་ཉིད་དེ་ནས་མི་ཐི་ལར་སོང་ནས་གྲོང་ཁྱེར་གྱི་སྒོ་བཞིར་མཆོད་སྦྱིན་གྱི་གནས་བརྩིགས་ཏེ་སྦྱིན་
Vol. 2 · folio 198a
པ་དག་བྱིན། བསོད་ནམས་དག་བྱས་སོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །དེའི་འོག་ཏུ་རྒྱལ་པོ་ཀུན་དགའ་བོ་ཞེས་བྱ་བ་མཐུ་དང་ལྡན་པ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེ་ལ་བུ་གཅིག་དང་གཉིས་ནས་ལྔའི་བར་དག་བཙས་པ་ལས་དེའི་བུ་ཐ་ཆུངས་གང་ཡིན་པ་དེའི་
གདོང་མེ་ལོང་འདྲ་བས་དེའི་མིང་མེ་ལོང་གདོང་ཞེས་བྱ་བར་གྲགས་སོ། །དེ་དག་ཐམས་ཅད་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ཏོ། །གཞོན་ནུ་མེ་ལོང་གདོང་ནི་དེས་པ་དང་ཤིན་ཏུ་དུལ་བ་ཡིན་ནོ། །དེ་དག་གཞན་ནི་གཏུམ་པ། གཟུ་ལུམས་ཅན། རྩུབ་པ་ཡིན་ནོ། །དེ་དག་
ཐམས་ཅད་ཕའི་དགོས་པ་ཞིག་གི་ཕྱིར་འདུས་ན་ཤེས་རབ་ཀྱིས་ཅུང་ཟད་ཀྱང་སོ་སོར་རྟོགས་པ་མེད་དོ། །གཞོན་ནུ་མེ་ལོང་གདོང་ནི་དྲི་བ་ཟབ་མོ་ཟབ་མོ་དག་ལ་རང་གི་ཤེས་རབ་ཀྱིས་དཔྱོད་པར་བྱེད་དོ། །རྒྱལ་པོ་ཀུན་དགའ་བོ་ནད་ཀྱིས་ཐེབས་ནས་དེས་བསམས་པ།
གང་རྒྱལ་སྲིད་བྱེད་དུ་གཞུག །གལ་ཏེ་བདག་གིས་བུ་ཕོ་གོང་མ་བཞི་ལས་གང་ཡང་རུང་བ་ཞིག་རྒྱལ་པོ་བྱེད་དུ་བཅུག་ན་དེ་རྣམས་གཏུམ་པ། གཟུ་ལུམས་ཅན་རྩུབ་པ་ཡིན་པས་ཚུལ་མ་ཡིན་པས་ཡུལ་མི་རྣམས་ལ་གནོད་པ་བྱེད་པར་འགྱུར་རོ། །གལ་ཏེ་གཞོན་ནུ་
མེ་ལོང་གདོང་རྒྱལ་སྲིད་བྱེད་དུ་བཅུག་ན་ནི་ཉེ་དུ་རྣམས་ཀྱིས་ད་རྒྱལ་པོ་འདིས་སྲས་ཐུ་བོ་རྣམས་བཞག་ནས་སྲས་ཐ་ཆུངས་རྒྱལ་སྲིད་བྱེད་དུ་འཇུག་པ་ཅིའི་ཐ་ཚིག་ཅེས་སྨོད་པར་འགྱུར་བས་ཐབས་ཤིག་བཤམ་མོ་སྙམ་ནས། དེས་རིན་པོ་ཆེ་གསུམ་དང་། བཙུན་མོའི་
འཁོར་ཞེས་བྱེད་པ་དང་། ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱ་བ་དྲུག་བཞག་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཀྱེ་སྣ་བོ་དག་ང་འདས་ན་ཁྱེད་ཅག་གིས་གཞོན་ནུ་རྣམས་རེ་རེ་ནས་བརྟག་པར་བྱ་སྟེ། སུས་ནོར་བུའི་ལྷམ་ཟུང་དུ་བགོས་ན་འཚམ་པར་འགྱུར་བ་
Vol. 2 · folio 198b
དང་། སེང་གེའི་ཁྲི་ལ་འདུག་ན་མི་གཡོ་བར་འདུག་པ་དང་། དབུ་རྒྱན་མགོ་ལ་ཐོགས་ན་མི་གཡོ་བར་འདུག་པ་དང་། བཙུན་མོའི་འཁོར་ཞེས་བྱེད་པ་དང་། ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱ་བ་དྲུག་པོ་ནང་གི་གཏེར་དང་། ཕྱིའི་གཏེར་དང་། ཕྱི་ནང་གི་
གཏེར་དང་། ཤིང་གི་རྩེ་མོའི་གཏེར་དང་། རིའི་རྩེ་མོའི་གཏེར་དང་། ཆུ་འགྲམ་གྱི་གཏེར་ཏེ། སུ་འདི་དག་ཐམས་ཅད་དང་ལྡན་པར་གྱུར་པ་དེ་ང་འདས་ནས་ཁྱོད་ཅག་གིས་ཆུག་ཤིག་ཅེས་སྨྲས་ནས། བསགས་པ་ཀུན་གྱི་མཐའ་ཟད་ཅིང་། །མཐོན་པོའི་མཐའ་ནི་ལྟུང་
བར་འགྱུར། །ཞེས་བྱ་བ་ཡིན་པས་ཤིའོ། །བློན་པོ་དེ་རྣམས་ཀྱིས་གཞོན་ནུ་ཕུ་བོ་ཤོས་ལ་ནོར་བུའི་ལྷམ་ཟུང་དུ་བསྐོན་ན་ཇི་ལྟར་ཡང་དེ་དང་མི་འཚམ་མོ། །སེང་གེའི་ཁྲི་ལ་བཞག་ན་གཡོས་སོ། །དབུ་རྒྱན་བཏགས་ན་རབ་ཏུ་གཡོས་སོ། །བཙུན་མོའི་འཁོར་གྱིས་
ཀྱང་ཞེས་མ་བྱས་སོ། །ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱ་བ་དྲུག་སྨྲས་ན་མ་ཤེས་ཏེ། ནུ་བོ་ཕྱི་མ་རྣམས་ཀྱང་དེ་བཞིན་ནོ། །གཞོན་ནུ་མེ་ལོང་གདོང་ལ་ནོར་བུའི་ལྷམ་ཟུང་དུ་བསྐོན་ན་ཤིན་ཏུ་འཚམ་པར་འདུག་གོ། །སེང་གེའི་ཁྲི་ལ་འདུག་ན་མི་གཡོ་བར་འདུག་གོ། །
དབུ་རྒྱན་ཐོགས་ན་སྤྱི་གཙུག་རྒྱས་པར་འདུག་གོ། །བཙུན་མོའི་འཁོར་གྱིས་ཀྱང་ཞེས་བྱས་པ་དང་། བློན་པོ་རྣམས་ཀྱིས་སྨྲས་པ། ད་དུང་ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱ་བ་དྲུག་པོ་ནང་གི་གཏེར་དང་། ཕྱིའི་གཏེར་དང་། ཕྱི་ནང་གི་གཏེར་དང་། ཤིང་གི་རྩེ་མོའི་
གཏེར་དང་། རིའི་རྩེ་མོའི་གཏེར་དང་། ཆུ་འགྲམ་གྱི་གཏེར་ཤེས་པར་བྱ་དགོས་སོ། །མེ་ལོང་གདོང་གིས་བསམས་པ། ནང་གི་གཏེར་ཞེས་བྱ་བ་ནང་གི་གཏེར་ཅི་ཞེ་ན། ཐེམ་པའི་ནང་རོལ་ན་ཡོད་པའི་གཏེར་ཡིན་ནོ། །ཕྱིའི་གཏེར་ཞེས་བྱ་བ་ཕྱིའི་གཏེར་ཅི་ཞེ་ན།
ཕྱིའི་གཏེར་ཞེས་བྱ་བ་ནི་ཐེམ་པའི་ཕྱི་རོལ་ན་ཡོད་པའི་གཏེར་ཡིན་ནོ། །ཕྱི་ནང་གི་གཏེར་ཞེས་བྱ་བ་ཅི་ཡིན་ཞེ་ན། ཐེམ་པའི་འོག་ན་ཡོད་པའི་གཏེར་ཡིན་ནོ། །ཤིང་གི་རྩེ་མོའི་གཏེར་ཞེས་བྱ་བ་ཤིང་གི་རྩེ་མོའི་གཏེར་ཅི་ཞེ་ན། རྒྱལ་པོ་དེ་བཞུགས་པའི་ཤིང་དེའི་
Vol. 2 · folio 199a
གྲིབ་མས་ཉི་མའི་གུང་ལ་གང་དུ་ཁྱབ་པ་དེ་ན་ཡོད་པའི་གཏེར་ཡིན་ནོ། །རིའི་རྩེ་མོའི་གཏེར་ཞེས་བྱ་བ་ནི་རྒྱལ་པོ་དེ་རོལ་པའི་རྫིང་དེ་ན་ཁྲུས་ཀྱི་རྡོ་ལེབ་ཡོད་པ་དེའི་འོག་ན་ཡོད་པའི་གཏེར་ཡིན་ནོ། །ཆུ་འགྲམ་གྱི་གཏེར་ཞེས་བྱ་བ་ནི་ཁྱིམ་གྱི་ཆུ་གང་དུ་འབབ་
པ་དེའི་སྟོར་ཁུང་གི་མཐའ་ན་ཡོད་པའི་གཏེར་ཡིན་ནོ། །བློན་པོ་དེ་རྣམས་ཀྱིས་ཐམས་ཅད་སོ་སོར་བརྟགས་ན་དེ་དག་བྱུང་ནས་དེ་རྣམས་ཀྱིས་དེ་རྒྱལ་པོར་དབང་བསྐུར་ཏེ། རྒྱལ་པོ་མེ་ལོང་གདོང་ཞེས་བྱ་བ་མཐུ་དང་ལྡན་པར་གྱུར་ཏོ། །རི་འོར་གཞན་ཞིག་ན་བྲམ་ཟེ་དབྱུག་
གུ་ཅན་ཞེས་བྱ་བ་ཞིག་གནས་པ་དེས་ཁྱིམ་བདག་ཅིག་ལས་གླང་དག་ཅིག་བརྙས་ཏེ་ཞིང་རྨོས་ནས་གླང་དེ་དག་དེད་དེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། ཇི་ཙམ་ན་ཁྱིམ་བདག་དེ་དྲོ་ལ་བབ་ནས་བྲམ་ཟེ་དབྱུག་གུ་ཅན་གྱིས། གླང་ཕུག་ཏུ་བཏང་བ་ལས་སྒོ་གཞན་ཞིག་ནས་
བྱུང་སྟེ་སོང་ངོ་། །ཁྱིམ་བདག་དེ་ཟན་ཟོས་ནས་ལངས་ན་གང་ན་ཡང་གླང་མི་སྣང་ནས་དེས་དབྱུག་གུ་ཅན་བཟུང་ནས་གླང་ག་རེ། དེས་སྨྲས་པ་ཁྱིམ་དུ་མ་བཅུག་གམ། ཁྱོད་ཀྱིས་ཁོ་བོའི་གླང་ཕྲོགས་ཀྱིས་ཁོ་བོ་ལ་གླང་སླར་བྱིན་ཅིག །དེས་སྨྲས་པ། ཁོ་བོས་མ་
ཕྲོགས་སོ། །དེས་སྨྲས་པ། རྒྱལ་པོ་མེ་ལོང་གདོང་འདི་ནི་ཤེས་རབ་དང་ལྡན་པ་ཡིན་གྱིས་དེའི་དྲུང་དུ་དོང་དང་། དེས་དོན་འདི་སྦྱངས་དཔྱད་དེ་བདག་ཅག་ལ་རིགས་མི་རིགས་སྟོན་པར་འགྱུར་རོ་ཞེས་དེ་གཉིས་ཆས་པ་དང་། མི་ཞིག་གིས་རྟ་རྒོད་མ་ཞིག་བྲོས་ནས་དེས་
དབྱུག་གུ་ཅན་ལ་སྨྲས་པ། རྟ་རྒོད་མའོ་ནི་ཁོག་ཤིག །དེས་སྨྲས་པ། ཇི་ལྟར་དགག །ཅི་ནུས་པས་སོ། །དེས་རྡོ་བ་ཞིག་བླངས་ཏེ་མགོར་བསྣུན་པས་དེ་ཤི་བར་གྱུར་ཏོ། །མི་དེས་སྨྲས་པ། ཁོ་བོའི་རྟ་རྒོད་མ་ཁྱོད་ཀྱིས་བསད་ཀྱིས་ཁོ་བོ་ལ་རྟ་རྒོད་མ་གཅིག་བྱིན་
ཅིག །ཅིའི་ཕྱིར་རྟ་རྒོད་མ་སྦྱིན། དེས་སྨྲས་པ་ཚུར་ཤོག །རྒྱལ་པོ་མེ་ལོང་གདོང་གི་གན་དུ་དོང་དང་། དེས་བདག་ཅག་གི་ཞལ་ཆེ་སྦྱོང་བར་འགྱུར་རོ་ཞེས་དེ་དག་དེར་དོང་བ་དང་། དབྱུག་གུ་ཅན་དེ་འབྲོས་པར་བརྩམས་ཏེ། དེས་རྩིག་པ་ཞིག་གི་ཁ་ནས་བདག་
Vol. 2 · folio 199b
ཉིད་མཆོངས་པ་དང་། དེའི་ཤོད་ན་ཐ་ག་པ་ཞིག་ཐགས་འཐག་ཅིང་འདུག་པ་དེའི་སྟེང་དུ་ལྷུང་བས་ཐ་ག་པ་ཤི་ནས་དབྱུག་གུ་ཅན་ཡང་ཐ་ག་པའི་ཆུང་མས་བཟུང་ནས། ཁོ་མོའི་ཁྱིམ་ཐབ་ཁྱོད་ཀྱིས་བསད་ཀྱིས་ཁོ་མོའི་ཁྱིམ་ཐབ་བྱིན་ཅིག །ཁོ་བོས་ཁྱོད་ཀྱི་ཁྱིམ་ཐབ་
ག་ལས་སྦྱིན། དེས་སྨྲས་པ། ཚུར་རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་དོང་དང་། དེས་བདག་ཅག་གི་ཞལ་ཆེ་གཅོད་པར་འགྱུར་རོ་ཞེས་དེ་རྣམས་ཆས་པ་དང་། ལམ་གྱི་བར་དེ་ན་ཆུ་བོ་གཏིང་ཟབ་མོ་ཞིག་ཡོད་པ་དེ་ལ་ཤིང་མཁན་ཞིག་ཁ་ན་སྟེའུ་ཐོགས་ཏེ་ཕས་ཚུར་ར་རྒལ་
བ་དེ་ལ་དབྱུག་གུ་ཅན་དེས་སྨྲས་པ། ཆུ་ཆེ་ཆུང་ཇི་ཙམ། སྟེའུ་བཏང་སྟེ་སྨྲས་པ། ཆུ་གཏིང་ཟབ་བོ། །སྟེའུ་དེ་ཆུར་ལྷུང་ནས་དེས་དབྱུག་གུ་ཅན་དེ་བཟུང་སྟེ། ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྐུར་རོ། །ངས་མ་བསྐུར་རོ། །ཚུར་རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་དོང་དང་།
དེས་བདག་ཅག་གི་ཞལ་ཆེ་སྦྱོང་བར་འགྱུར་རོ། །དེ་རྣམས་ངལ་བས་དབྱུག་གུ་ཅན་ཁྲིད་དེ་ཆང་འཚོང་ཞིག་གི་ཁྱིམ་དུ་ཞུགས་པ་དང་། ཆང་འཚོང་མ་ལ་ཁྱེའུ་ཞིག་བཙས་པ་དེས་ཁྱེའུ་དེ་གོས་ཀྱིས་བཀབ་སྟེ་བསྙལ་བ་དེ་ལ་དབྱུག་གུ་ཅན་འདུག་གོ། །དེས་ཁྱེའུ་ཡོད་
ཁྱེའུ་ཡོད་ཅེས་སྨྲས་ནས། ཇི་ཙམ་ན་བལྟས་ན་ཤི་བར་གྱུར་ནས་དེས་དབྱུག་གུ་ཅན་དེ་བཟུང་ནས། ཁྱོད་ཀྱིས་ཁོ་མོའི་བུ་བསད་ཀྱིས་ཁོ་མོའི་བུ་བྱིན་ཅིག །དེས་སྨྲས་པ། ཁོ་བོས་ནི་མ་བསད་ན་ཅིའི་ཕྱིར་ཁོ་བོས་ཁྱོད་ལ་བུ་སྦྱིན། དེས་སྨྲས་པ། ཚུར་
རྒྱལ་པོ་མེ་ལོང་གདོང་གི་དྲུང་དུ་འདོང་ངོ་ཞེས་དེ་རྣམས་ཆས་པ་དང་། ཇི་ཙམ་ན་ཕྱོགས་གཞན་ཞིག་ན་ཤིང་སྐམ་ལ་ཁྭ་ཞིག་འདུག་པ་དེས་དབྱུག་གུ་ཅན་མཐོང་ནས་སྨྲས་པ། གང་དུ་འགྲོ། ཁོ་བོ་ནི་མི་འགྲོ་ན་འདི་དག་གིས་ཁོ་བོ་ཁྲིད་དོ། །གང་དུ། མེ་ལོང་
གདོང་གི་དྲུང་དུའོ། །འོ་ན་ཁོ་བོའི་ཕྲིན་ཡང་ཁྱེར་ལ་རྒྱལ་པོ་མེ་ལོང་གདོང་ལ་ཕྱོགས་ག་གེ་མོ་ཞིག་ན་ཤིང་ལོ་མ་སྐམས་པ་ཞིག་མཆིས་པ་དེ་ལ་ཁྭ་ཞིག་མཆིས་ཏེ། དེའི་མཆིད་ནས་ཤིང་ལོ་མ་སྔོ་ཞིང་སྣུམ་པ་གཞན་དག་མཆིས་བཞིན་དུ་དེ་ལ་བདག་དགའ་བར་མི་
Vol. 2 · folio 200a
འགྱུར་གྱི། འདི་ལ་བདག་མཆིས་ན་བདེ་བ་ཅི་ལས་གྱུར་ཅེས་གྱིས་ཤིག །དེ་རྣམས་ཆས་པ་ལས་རི་དགས་ཞིག་གིས་དབྱུག་གུ་ཅན་མཐོང་ནས་དེས་སྨྲས་པ། དབྱུག་གུ་ཅན་གང་དུ་འགྲོ། ཁོ་བོ་ནི་གང་དུ་ཡང་མི་འགྲོ་ན་འདི་དག་གིས་ཁོ་
བོ་ཁྲིད་དོ། །གང་དུ། མེ་ལོང་གདོང་གི་དྲུང་དུའོ། །ཁོ་བོའི་ཕྲིན་ཡང་ཁྱེར་ལ་གནས་གཞན་དག་ན་གསིང་མ་དང་རྩྭ་སྔོན་པོ་དག་མཆིས་བཞིན་དུ་བདག་དེ་དག་ལ་མ་དད་པ་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །དེ་རྣམས་ཆས་པ་དང་ཇི་ཙམ་ན་སྲེག་པ་ཞིག་གིས་མཐོང་
ནས་སྨྲས་པ། གང་དུ་འདོང་ཞེས་བྱ་བ་ནས། འོ་ན་ཁོ་བོའི་ཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཕྱོགས་གཅིག་ཏུ་ནི་སྲེག་པའི་སྐད་འབྱིན་ལ། ཕྱོགས་གཞན་དུ་ནི་སྐད་གཞན་འབྱིན་པ། འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་
ཤིག། །།འདུལ་བ་གཞི། བམ་པོ་བཞི་བཅུ་རྩ་བཞི་པ། ཕྱོགས་གཞན་ཞིག་ན་སྦྲུལ་ཞིག་གིས་མཐོང་ནས་ཞེས་བྱ་བ་ནས་འོ་ན་ཁོ་བོའི་ཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཕུག་ནས་ནི་བདེ་བར་འབྱུང་ལ་སླར་ནི་
སྡུག་བསྔལ་གྱིས་འཇུག་པ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །སྦྲུལ་ཞིག་དང་ནེའུ་ལེ་གཉིས་ཕན་ཚུན་མི་མཐུན་ཞིང་འཐབ་པར་བྱེད་པ་ཞེས་བྱ་བ་ནས་འོ་ན་བདག་ཅག་གི་ཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་ཅག་ཉིན་པར་གཅིག་
གིས་གཅིག་མཐོང་ནས་ཐབ་མོ་བགྱིད་ཀྱི་དགའ་བར་མི་འགྱུར་བ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །བག་སར་གཞོན་ནུ་མ་ཞིག་གིས་ཞེས་བྱ་བ་ནས་དེས་སྨྲས་པ། འོ་ན་བདག་གི་ཕྲིན་ཡང་ཁྱེར་ཅིག་ཅེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གང་གི་ཚེ་
བདག་ཕའི་ཁྱིམ་ན་མཆིས་པ་དེའི་ཚེ་ནི་གྱོས་པོའི་ཁྱིམ་འཚལ་ལ། གང་གི་ཚེ་གྱོས་པོའི་ཁྱིམ་ན་མཆིས་པ་དེའི་ཚེ་ན་ཕའི་ཁྱིམ་འཚལ་བ་འདི་ལ་རྒྱུ་ཅི་ཞིག་མཆིས་ཞེས་གྱིས་ཤིག །དེ་རྣམས་ཆས་ནས་རྒྱལ་པོ་མེ་ལོང་གདོང་གང་ན་བ་དེར་དོང་སྟེ་ཕྱིན་ནས་དབྱུག་
Vol. 2 · folio 200b
གུ་ཅན་གྱིས་རྒྱལ་པོ་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །གཞན་དག་གིས་ཀྱང་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འཁོད་པ་དང་། རྒྱལ་པོས་དབྱུག་གུ་ཅན་ལ་དྲིས་པ་ཁྱོད་ཅི་ལ་འོངས་ལྷ་བདག་ནི་ཁྲིད་དོ་ཅི་ཞིག་གི་ཕྱིར།
དབྱུག་གུ་ཅན་གྱིས་ཁྱིམ་བདག་དང་ཅི་ཞིག་ལས་རྩོད་པ་དེ་ཐམས་ཅད་སྨྲས་སོ། །རྒྱལ་པོས་ཁྱིམ་བདག་ལ་དྲིས་པ། ཁྱོད་ཀྱིས་གླང་མཐོང་ངམ་མཐོང་ལགས་སོ། །དབྱུག་གུ་ཅན་ཁྱོད་ཀྱིས་གླང་ཕུགས་སུ་བསྐྲད་དམ། ལྷ་བསྐྲད་ལགས་སོ། །རྒྱལ་པོས་
སྨྲས་པ། གང་གི་ཕྱིར་གོ་བར་མ་བྱས་པས་དབྱུག་གུ་ཅན་འདིའི་ལྕེ་ཆོད་ཅིག །གང་གི་ཕྱིར་འདི་ཡང་གླང་མ་བཏགས་པས་མིག་ཕྱུང་ཤིག །ཁྱིམ་བདག་གིས་སྨྲས་པ། རྣམ་པ་གཅིག་ཏུ་བདག་གི་གླང་སྟོར། རྣམ་པ་གཉིས་སུ་བདག་གི་མིག་དབྱུང་བ་བས་
དབྱུག་གུ་ཅན་རྒྱལ་མི་བསྔོའོ། །མི་དེས་སྨྲས་པ་ལྷ་དབྱུག་གུ་ཅན་འདིས་བདག་གི་རྟ་རྒོད་མ་ཞིག་བཀུམ་མོ། །ཇི་ལྟར་བསད། དེས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ། གང་གི་ཕྱིར་ཇི་ལྟར་ནུས་པ་དེ་བཞིན་དུ་ཁོག་ཤིག །ཅེས་སྨྲས་
པས་མི་འདིའི་ལྕེ་ཆོད་ཅིག །གང་གི་ཕྱིར་རྡོ་བས་མི་སྣུན་པར་གཞན་གྱིས་དགག་མི་ནུས་པ་མེད་པས་དབྱུག་གུ་ཅན་འདི་ཡང་ལག་པ་ཆོད་ཅིག །མི་དེས་སྨྲས་པ་རྣམ་པ་གཅིག་ཏུ་བདག་གི་རྟ་རྒོད་མ་བཀུམ། རྣམ་པ་གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་
གུ་ཅན་རྒྱལ་མི་བསྔོའོ། །ཐ་ག་པའི་ཆུང་མས་རྒྱས་པར་སྨྲས་པ་དང་རྒྱལ་པོས་སྨྲས་པ། འདི་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་ཁྱེར་ཅིག །དེས་སྨྲས་པ་རྣམ་པ་གཅིག་ཏུ་ནི་འདིས་བདག་གི་སྡུམ་ཐབ་བཀུམ། རྣམ་པ་གཉིས་སུ་འདི་སྡུམ་ཐབ་ཏུ་འགྱུར་བ་བས་དབྱུག་གུ་
ཅན་རྒྱལ་མི་བསྔོའོ། །ཤིང་མཁན་གྱིས་རྒྱས་པར་སྨྲས་པ་དང་། རྒྱལ་པོས་སྨྲས་པ་གང་གི་ཕྱིར་སྟེའུ་ཆུའི་དབུས་སུ་བོར་ནས་ཚིག་སྨྲས་པས་ཤིང་མཁན་འདི་ལྕེ་ཆོད་ཅིག །དབྱུག་གུ་ཅན་འདི་ཡང་ཆུའི་གཏིང་ཟབ་པར་མཐོང་བཞིན་དུ་ཤིང་མཁན་ལ་འདྲི་
Vol. 2 · folio 201a
བས་མིག་དབྱུང་ངོ་། །ཤིང་མཁན་གྱིས་སྨྲས་པ། རྣམ་པ་གཅིག་ཏུ་བདག་གི་སྟེའུ་སྟོར། རྣམ་པ་གཉིས་སུ་བདག་གི་ལྕེ་བཅད་པ་བས་དབྱུག་གུ་ཅན་རྒྱལ་མི་བསྔོའོ། །ཆང་འཚོང་མས་རྒྱས་པར་སྨྲས་པ་དང་རྒྱལ་པོས་སྨྲས་པ། གང་
གི་ཕྱིར་འདིས་བུ་ཐམས་ཅད་ཀྱི་ཐམས་ཅད་དུ་གོས་ཀྱིས་གཡོགས་ནས་བསྙལ་བས་ཆང་འཚོང་མ་འདི་ལག་པ་ཆོད་ཅིག །དབྱུག་གུ་ཅན་ཡང་མ་བརྟགས་པར་གཞན་གྱི་སྟན་ལ་འདུག་པས་འདི་ནི་མིག་ཕྱུང་ཤིག་དེས་སྨྲས་པ། རྣམ་པ་གཅིག་ཏུ་བདག་གི་བུ་བཀུམ།
རྣམ་པ་གཉིས་སུ་བདག་གི་སུག་པ་བཀུམ་པ་བས་དབྱུག་གུ་ཅན་རྒྱལ་མི་བསྔོའོ། །དབྱུག་གུ་ཅན་གྱིས་ཁྭའི་ཐན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། དབྱུག་གུ་ཅན་ཁྭ་དེ་ལ་ཁྱོད་ཕྱོགས་དེ་ན་རི་འོར་ཅིག་ཡོད་པའི་གྲོང་གི་བདག་པོར་གྱུར་པ་ན་ཤིང་སྐམ་པོ་དེའི་དྲུང་ན་
གཏེར་ཡོད་ཀྱིས་དེ་འགའ་ཞིག་ལ་བྱིན་ཏེ་སོང་ཤིག་དང་བདེ་བར་འགྱུར་རོ་ཞེས་སྒོ་ཤིག །རི་དགས་ཀྱི་ཐན་སྨྲས་པ་དང་། ཁྱོད་ཀྱིས་རི་དགས་ལ་རི་དགས་ཁྱོད་དེ་ན་ཤིང་ཡོད་པ་དེའི་ཁ་ནས་སྦྲང་རྩིའི་ཐིགས་པ་འཛག་སྟེ། དེ་ཟགས་པས་རྩྭ་དང་གསིང་མ་མངར་པོར་
གྱུར་པ་ལ་ཁྱོད་ཟ་ཟ་བ་སྦྲང་མ་དེ་སོང་ཟིན་གྱིས་རོ་ལ་ཆགས་པར་མ་བྱེད་ཅིག །ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏ་རེ་ཞེས་སྨྲོས་ཤིག །སྲེག་པའི་ཐན་སྨྲས་པ་དང་རྒྱལ་པོས་སྨྲས་པ། གང་དུ་སྲེག་པ་དེ་སྲེག་པའི་སྐད་འབྱིན་པའི་ཕྱོགས་དེ་ན་གཏེར་མེད་
ཀྱི། གང་དུ་སྐད་གཞན་འབྱིན་པ་དེ་ན་གཏེར་ཡོད་པས་ཁྱོད་ཀྱིས་གཏེར་འགའ་ཞིག་ལ་སྟོན་ལ་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ན་མི་རུང་གིས་གཞན་དུ་སོང་ཤིག་ཅེས་སྒོ་ཤིག །དེས་སྦྲུལ་དང་ནེའུ་ལེའི་ཐན་སྨྲས་པ་དང་རྒྱལ་པོས་སྨྲས་པ། དེ་གཉིས་ལ་
ཁྱེད་ཅག་མིར་གྱུར་པ་ན་སྤུན་གཉིས་ཞིག་ཏུ་སྐྱེས་ཏེ། དེ་ན་གཅིག་གིས་སྨྲས་པ། ནོར་བགོའོ་ཅིག་ཤོས་སེར་སྣས་ཟིལ་གྱིས་ནོན་པས་མ་བགོས་སོ། །དེ་ལ་གཅིག་ནི་ལྷག་པར་ཆགས་པར་བྱས་པས་སྦྲུལ་དུ་སྐྱེས་སོ། །ཅིག་ཤོས་ཀྱང་ནོར་ལ་ཐེན་ཏེ་ལྷག་
Vol. 2 · folio 201b
པར་ཆགས་པར་བྱས་པས་ནེའུ་ལེར་སྐྱེས་སོ། །དེ་བས་ན་ཁྱེད་ཅག་གིས་ནོར་དེ་དག་དགེ་སྦྱོང་ངམ། བྲམ་ཟེ་དག་ལ་བྱིན་ལ་གནས་དེ་འོར་ཅིག་དང་བདེ་བར་འགྱུར་རོ་ཞེས་སྒོ་ཤིག་སྦྲུལ་གྱི་ཐན་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་སྦྲུལ་དེ་ལ་ཁྱོད་ལྟོགས་ཤིང་
ཉམ་ཆུང་བར་གྱུར་པས་ནི་ཕུག་ནས་བདེ་བར་ཕྱིར་འབྱུང་ལ། ཁ་ཟས་ཕལ་མོ་ཆེ་ཟོས་ནས་ནི་སྡུག་བསྔལ་བས་ཕུག་ཏུ་འཇུག་པ་ཡིན་གྱིས། ཁྱོད་ཀྱིས་ཁ་ཟས་ལ་ཇི་ཙམ་དུ་སྤྱད་པ་དྲོད་ཟིན་པར་བྱས་ན་ཁྱོད་བདེ་བར་གནས་པར་འགྱུར་རོ་ཞེས་སྒོ་ཤིག །བག་སར་
གཞོན་ནུ་མའི་ཐན་སྨྲས་པ་དང་རྒྱལ་པོས་སྨྲས་པ། ཁྱོད་ཀྱིས་བག་སར་གཞོན་ནུ་མ་དེ་ལ་ཁྱོད་ཀྱི་ཕའི་ཁྱིམ་ན་འགྲོགས་བཤེས་ཤིག་གནས་ཏེ། གང་གི་ཚེ་ཁྱོད་གྱོས་པོའི་ཁྱིམ་ན་འདུག་པ་དེའི་ཚེ་ནི་འགྲོགས་བཤེས་དེ་འདོད་དོ། །གང་གི་ཚེ་ཕའི་ཁྱིམ་ན་གནས་པ་
དེའི་ཚེ་ནི་ཁྱིམ་ཐབ་འདོད་དེ། ཁྱོད་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་ན་མི་རུང་གིས་གནས་གཅིག་ཐོང་ལ་གཅིག་ལེགས་པར་གཟུང་བར་བྱོས་ཤིག་ཅེས་སྒོ་ཤིག །བག་སར་གཞོན་ནུ་མ་དེ་དང་སྦྲུལ་གྱིས་ནི་ཇི་སྐད་བསྟན་པ་བཞིན་དུ་བྱས་སོ། །སྦྲུལ་དང་
ནེའུ་ལེ་དག་དང་ཁྭས་ནི་ནོར་དབྱུག་གུ་ཅན་ལ་བྱིན་ནོ། །ལྷག་མ་རྣམས་ཀྱིས་ཀྱང་ཇི་སྐད་བསྟན་པ་དེ་བཞིན་མཉན་ཏོ། །བློན་པོ་རྣམས་ཀྱིས་སྨྲས་པ། ཀྱེ་མའོ་ལྷ་ལ་འདི་ལྟ་བུའི་སྤོབས་པ་ཡང་མངའ་བ་ལྟ། རྒྱལ་པོ་དགའ་བ་དང་མགུ་བས་གྲོང་ཁྱེར་གྱི་སྒོ་བཞི་རྣམས་
སུ་སྦྱིན་གཏོང་གི་ཁང་པ་བརྩིགས་ནས་སྦྱིན་པའི་ཞལ་ཏ་བའི་མི་དག་བཞག་གོ། །དེའི་ཚེ་མུ་གེ་ལོ་བཅུ་གཉིས་སུ་བྱུང་སྟེ། དེས་མུ་གེ་ལོ་བཅུ་གཉིས་སུ་བྱུང་བ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་གི་ཁ་ཟས་སྦྱར་ཏོ། །དེས་བདག་ཉིད་ཀྱི་མཆོད་སྦྱིན་ཕུན་སུམ་ཚོགས་
པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། བློ་ལྡན་ཆོས་དང་མཐུན་པ་ཡིན། །ནོར་རྙེད་བསགས་པར་མི་བྱ་སྟེ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡི། །ཡོན་གནས་ལ་ནི་ཡོན་དུ་དབུལ། །དགེ་སྦྱོང་བྲམ་ཟེ་དེས་པ་དང་། །ཕོངས་པ་ལེགས་པར་ཚིམ་བྱས་ན། །
Vol. 2 · folio 202a
ཤེས་རབ་ཅན་དེ་ལུས་ཞིག་ནས། །ལྷ་ཡི་ནང་དུ་སྐྱེ་བར་འགྱུར། །མཁས་པས་དེ་ལྟར་ཤེས་བྱས་ནས། །དད་ལྡན་ཆགས་པ་མེད་སེམས་ཀྱིས། །ཡོན་གནས་རྣམས་ལ་བྱིན་པ་ནི། །དཔའ་བོ་སེར་སྣ་མེད་པས་བསྔགས། །རྒྱལ་པོ་ཆེན་པོ་
དེའི་ཚེ་དེའི་དུས་ན་རྒྱལ་པོ་མེ་ལོང་གདོང་ཞེས་བྱ་བ་མཐུ་དང་ལྡན་པ་གང་གིས་མུ་གེ་ལོ་བཅུ་གཉིས་སུ་བྱུང་བ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མའི་ཁ་ཟས་སྦྱར་བ་དེ་གཞན་ཞིག་ཡིན་སྙམ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་པོ་མེ་ལོང་གདོང་
ཞེས་བྱ་བ་མཐུ་དང་ལྡན་པ་དེར་གྱུར་ཏེ། ངས་མུ་གེ་ལོ་བཅུ་གཉིས་སུ་བྱུང་བ་ན་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་གི་ཁ་ཟས་སྦྱར་ཏོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་
དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བྱིན། བསོད་
ནམས་དག་བྱས་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནོར་བཟངས་ཞེས་བྱ་བ་ཞིག་བྱུང་སྟེ། དེས་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དུ་མཆོད་སྦྱིན་གྱི་གནས་བརྩིགས་ཏེ་ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་
མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ། དེས་བདག་ཉིད་ཀྱི་མཆོད་སྦྱིན་ཕུན་སུམ་ཚོགས་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ལྷ་དང་མི་ཡི་ནང་དག་ཏུ། །བདག་གི་འབྱོར་པ་མཐོང་ནས་ནི། །གང་གིས་ཕུན་སུམ་
འཐོབ་པ་ཡི། །སྦྱིན་པ་སུ་ཞིག་སྦྱིན་མི་བྱེད། །གང་གིས་སྐྱེས་བུ་བརྒྱ་ཕྲག་ཐིབས་མནན་ཅིང་། །སེར་སྣ་དགྲ་བོར་གྱུར་པ་ཟིལ་མནན་ནས། །འཇིག་རྟེན་ཕ་རོལ་འཇིགས་པས་སྦྱིན་གཏོང་དེ། །བདག་ནི་དཔའ་བོའི་དཔའ་རབ་ཡིན་པར་སེམས། །གང་ཞིག་ལག་ན་
Vol. 2 · folio 202b
མཚོན་ཐོགས་གཡུལ་ངོར་འཇུག །དེ་ནི་དཔའ་བོ་མིན་ཞེས་ཐུབ་རྣམས་གསུང་། །གང་དག་འཇིགས་པ་མེད་པར་སྦྱིན་གཏོང་བ། །དེ་དག་དཔའ་བོ་ཡིན་ཞེས་ཀུན་མཁྱེན་གསུང་། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནོར་བཟངས་ཞེས་བྱ་
བ་གང་གིས་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དུ་མཆོད་སྦྱིན་གྱི་གནས་བརྩིགས་ཏེ་ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་ཕྲག་མང་པོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་
སྟེ། འོན་ཀྱང་ང་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནོར་བཟངས་ཞེས་བྱ་བ་དེར་གྱུར་ཏེ། ང་ཉིད་ཀྱིས་དེ་ན་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དུ་མཆོད་སྦྱིན་གྱི་གནས་བརྩིགས་ཏེ་ལོ་མང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་། ལོ་སྟོང་ཕྲག་མང་པོ་དང་། ལོ་བརྒྱ་སྟོང་
ཕྲག་མང་པོར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་སོ། །རྒྱལ་པོ་ཆེན་པོ་ངས་སྦྱིན་པའམ་སྦྱིན་པའི་བགོ་བཤའ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་བོ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ངའི་སྦྱིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་། རྐྱེན་ཙམ་དང་། ཚོགས་ཙམ་ཡིན་ནོ། །རྒྱལ་པོ་ཆེན་པོ་གཞན་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་པ་གང་ཡིན་པ་དེ་ཉོན་ཅིག །རྒྱལ་པོ་ཆེན་པོ་སྔོན་བྱུང་བ་ཡུལ་ལྔ་ལེན་པར་རྒྱལ་པོ་གཉིས་བྱུང་སྟེ། བྱང་ཕྱོགས་ཀྱི་ལྔ་ལེན་དང་ལྷོ་ཕྱོགས་ཀྱི་ལྔ་ལེན་པའོ། །དེ་ལ་བྱང་
ཕྱོགས་ཀྱི་ལྔ་ལེན་པ་ནོར་ཅན་ཞེས་བྱ་བ་གྲོང་ཁྱེར་གླང་པོའི་ཁྱིམ་ཞེས་བྱ་བ་ན་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་གང་བ་འཐབ་པ་དང་། ཁྲག་ཁྲུག་དང་འགྱེད་པ་དང་ཆོམ་རྐུན་མེད་པ་ནད་རབ་ཏུ་ཞི་བར་གྱུར་པ་འབྲས་སཱ་ལུ་དང་།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words