No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 2 · folio 90a
ནས་རྗེའུ་རིགས་གཞོན་ནུ་ཞིག་འོངས་པ་དང་། དེ་ལ་འགའ་ཞིག་གིས་འདི་སྐད་དུ་རྗེའུ་རིགས་གཞོན་ནུ་ཚུར། ཤུག་པ་སྐམ་པོ་ལས་གཙུབ་སྟན་བྱོས་ལ་སྟེང་དུ་གཙུབ་ཤིང་ཞོག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ལ་མེ་ཕྱུང་ཤིག་ཅེས་སྨྲས་པ་
དང་། དེས་ཤུག་པ་སྐམ་པོ་ལས་གཙུབ་སྟན་བྱས་ནས་སྟེང་དུ་གཙུབ་ཤིང་བཞག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ནས་མེ་ཕྱུང་། བྱང་ཕྱོགས་ནས་དམངས་རིགས་གཞོན་ནུ་ཞིག་འོངས་པ་དང་། དེ་ལ་འགའ་ཞིག་གིས་འདི་སྐད་དུ་ཀྱེ་དམངས་རིགས་གཞོན་ནུ་ཚུར།
ཙན་དན་སྐམ་པོ་ལས་གཙུབ་སྟན་བྱོས་ལ་སྟེང་དུ་གཙུབ་ཤིང་ཞོག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ལ་མེ་ཕྱུང་ཤིག་ཅེས་སྨྲས་པ་དང་། དེས་ཙན་དན་སྐམ་པོ་ལས་གཙུབ་སྟན་བྱས་ནས་སྟེང་དུ་གཙུབ་ཤིང་བཞག་སྟེ། མེ་དབྱུང་བའི་ཕྱིར་གཙུབས་ནས་མེ་ཕྱུང་བ་དང་། དེ་
དག་འགའ་ཞིག་གིས་གཅིག་ཏུ་བསྡུས་ནས་འདམ་བུ་བཅེར་བའམ། སོག་མའི་ཕུང་པོར་བཅུག་ན་རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། མི་རིགས་ཐ་དད་པས་ཤིང་སྣ་ཚོགས་ལས་ཕྱུང་བའི་མེ་དེ་ལས་ཇི་ག་མེ་འདི་ནི་འོད་དང་ལྡན་པ། ཁ་དོག་དང་ལྡན་པ།
གསལ་བའོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་གསུམ་པ། མེ་འདི་ནི་དེ་ལྟ་མ་ཡིན་ནོ། །མེ་འདིས་ནི་མེའི་བྱ་བ་བྱེད་ནུས་སོ། །མེ་འདིས་ནི་མི་ནུས་སོ་ཞེས་བྱ་བའི་ཁྱད་པར་རམ། བསམ་པའམ། ཐ་དད་དུ་བྱ་བ་འགའ་ཡོད་དམ། འོན་ཏེ་མེ་དེ་ཐམས་
ཅད་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བ་ཡིན་ཞིང་མེ་དེ་ཐམས་ཅད་ཀྱིས་མེའི་བྱ་བ་བྱེད་ནུས། ཀྱེ་གཽ་ཏ་མ་ཞུགས་དེ་ཐམས་ཅད་འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གསལ་བ་ལགས་ཤིང་ཞུགས་དེ་ཐམས་ཅད་ཀྱིས་ཞུགས་ཀྱི་བགྱི་བ་བགྱིད་རྔོ་ཐོག་ལགས་སོ། །
རྒྱལ་པོ་ཆེན་པོ་དེ་བཞིན་དུ་བག་ཡོད་པས་ཐོབ་པ་གཙོ་བོས་གཙུབས་པའི་མེ་དེ་ལ་ནི་འདི་ལྟ་སྟེ། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ལ་ཁྱད་པར་དང་། བསམ་པ་དང་། ཐ་དད་དུ་བྱ་བ་འགའ་ཡང་མེད་དོ། །ཤེས་ལྡན་གཽ་ཏ་མས་དེ་སྐད་གསུངས་པ་ནི་རིགས་པའི་ཚུལ་ལགས་
Vol. 2 · folio 90b
སོ། །རེ་ཞིག་ཞུ་བ་ལུང་བསྟན་པའི་སླད་དུ་སྐབས་ཕྱེ་ན་ཤེས་ལྡན་ཁྱོད་ལ་བདག་གཞན་ཡང་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་ཅི་དང་ཅི་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མ་ལྷ་རྣམས་མཆིས་སམ། རྒྱལ་པོ་ཆེན་པོ་ལྷ་གང་དག་ཡིན་པར་ཤེས། ལྷ་གང་
དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་འོང་ཞིང་འོང་བར་འགྱུར་བའམ། ལྷ་གང་དག་ཤ་ཁོན་མེད། འགྲན་ཟླ་མེད། གནོད་པ་མེད་ཅིང་འདི་ལྟ་བུར་མི་འོང་ཞིང་འོད་བར་མི་འགྱུར་བ་ཡིན། ལྷ་དེ་དག་ནི་རེ་ཞིག་དེར་བས། ལྷ་གང་
དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་། འདི་ལྟ་བུར་མཆི་ཞིང་མཆི་བར་འགྱུར་བའི་ལྷ་དེ་དག་ཚེ་བས། སུག་ལས་པས། བསོད་ནམས་བས་ནས་གནས། དེ་ནས་འཆི་འཕོ་བར་འགྱུར་བ་དེ་ན་ལྷའམ་ལྷའི་བུས། ལྷའམ་ལྷའི་བུ་
གནས་དེ་ནས་འཆི་འཕོ་བར་བགྱི་བའམ། སྤྱུག་པར་རྔོ་ཐོག་ལགས་སམ། རྒྱལ་པོ་ཆེན་པོ་ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་འོང་ཞིང་འོང་བར་འགྱུར་བ་དེ་དག་ལས་ཟད། ཚེ་ཟད་བསོད་ནམས་ཟད་ནས་གནས་
དེ་ནས་འཆི་འཕོ་བར་འགྱུར་བ་དེ་ན་ལྷའམ་ལྷའི་བུས། ལྷའམ་ལྷའི་བུ་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་མི་ནུས་སོ། །ཀྱེ་གཽ་ཏ་མ་དེ་ན་ལྷ་གང་དག་ཤ་ཁོན་དང་བཅས། འགྲན་ཟླ་དང་བཅས། གནོད་པ་དང་བཅས་ཤིང་འདི་ལྟ་བུར་མཆི་ཞིང་མཆི་བར་
འགྱུར་བ་དེ་དག་གིས་ལྷ་གནོད་པ་མ་མཆིས་པ་དེ་དག་གནས་དེ་ནས་འཆི་འཕོ་བར་བགྱི་བའམ། སྤྱུག་པའི་རྔོ་ཐོག་ལགས་སམ། དེ་ནས་སྡེ་དཔོན་འཕགས་སྐྱེས་པོས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སྦྱོང་གཽ་ཏ་མ་ནི་འདི་སྐད་ཅེས་ལྷ་རྣམས་
ནི་ཚེ་ལྷག་པར་རིང་བ། ལྷག་པར་ཡུན་རིང་དུ་གནས་པ་ཡིན་ནོ་ཞེས་གསུང་བར་འགྱུར་བ་གང་ལགས་པའི་གནས་དེ་མཆིས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྡུལ་ཡབ་ཐོགས་ནས་བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་པར་གྱུར་ཏོ། །
Vol. 2 · folio 91a
དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། སྡེ་དཔོན་ལུས་འཕགས་པོ་འདི་ནི་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་ཡིན་ལ། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཆོས་ཉིད་ཀྱི་སྲས་ཡིན་པས་སྲས་དང་བུ་ནི་ལྷན་ཅིག་གཏམ་བྱར་རུང་ངོ་སྙམ་
དུ་རིག་ནས་སྡེ་དཔོན་ལུས་འཕགས་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོའི་རང་གི་ཡུལ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་སྒྱུར་ན་སེམས་ཅན་དབང་ཆུང་ངུ་ཁ་ཅིག་གནས་དེ་ནས་འཆི་འཕོ་བར་བྱ་བ་འམ།
སྤྱུག་པར་ནུས་སམ། དགེ་སྦྱོང་ནུས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རང་གི་ཡུལ་མ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་མི་སྒྱུར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སེམས་ཅན་དབང་ཆུང་བ་ཁ་ཅིག་
གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་ནུས་སམ། དགེ་སྦྱོང་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རང་གི་ཡུལ་མ་ཡིན་ལ། དེ་ན་ཡང་དེའི་ཚིག་གིས་ཁྲིམས་སུ་བཅའ་བ་ལ་དབང་མི་སྒྱུར་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སེམས་ཅན་དབང་ཆུང་ངུ་ཁ་ཅིག་
གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་མི་ནུས་སོ། །སྡེ་དཔོན་ཁྱོད་ཀྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཡོད་སྐད་ཐོས་སམ། དགེ་སྦྱོང་ཀོ་ས་ལའི་བདག་པོ་རྒྱལ་པོ་འདི་ཉིད་ལས་ཐོས་སོ། །སྡེ་དཔོན་ཇི་སྙམ་དུ་སེམས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་
སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པར་ནུས་སམ། དགེ་སྦྱོང་རེ་ཞིག་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་མཐོང་བ་ཡང་ཉམས་སུ་མ་མྱོང་ན་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པ་ལྟ་
སྨོས་ཀྱང་ཅི་དགོས། སྡེ་དཔོན་དེ་བཞིན་དུ་གནོད་པ་དང་བཅས་པའི་ལྷ་རྣམས་ཀྱིས་གནོད་པ་མེད་པའི་ལྷ་རྣམས་མཐོང་བ་ཡང་ཉམས་སུ་མི་མྱོང་ན་གནས་དེ་ནས་འཆི་འཕོ་བར་བྱ་བའམ། སྤྱུག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ནི་གནས་མེད་དོ། །དེ་ནས་ཀོ་ས་ལའི་རྒྱལ་
Vol. 2 · folio 91b
པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་དགེ་སྦྱོང་འདིའི་མིང་ཅི་ལགས། རྒྱལ་པོ་ཆེན་པོ་ཀུན་དགའ་བོ་ཡིན་ནོ། །ཤེས་ལྡན་ཀུན་དགའ་བོས་དེ་སྐད་དུ་སྨྲས་པ་ནི་རིགས་པའི་ཚུལ་ཡིན་ནོ། །ཤེས་ལྡན་ཀུན་དགའ་བོས་དེ་སྐད་དུ་
སྨྲས་པ་ནི་ཤིན་ཏུ་རིགས་པའི་ཚུལ་ཡིན་ནོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རེ་ཞིག་གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ། ཤེས་ལྡན་གཽ་ཏ་མ་ལ་བདག་ཞུ་བ་གཞན་ཡང་ཕྱོགས་འགའ་ཞིག་ཞུ་ལགས་སོ། །རྒྱལ་
པོ་ཆེན་པོ་གང་དང་གང་འདོད་པ་ཞུས་ཤིག །ཀྱེ་གཽ་ཏ་མ་ཅི་ལགས། ཚངས་པ་དེ་མཆིས་ལགས་སམ། རྒྱལ་པོ་ཆེན་པོ་ཚངས་པ་གང་ཡིན་པར་ཤེས་ཚངས་པ་གང་ཞིག་གནོད་པ་དང་བཅས་པས་འདི་ལྟ་བུར་འོང་བར་འགྱུར་བའམ། ཚངས་པ་གང་ཞིག་གནོད་པ་མེད་
པས་འདི་ལྟ་བུར་མི་འོང་ཞིང་འོང་བར་མི་འགྱུར་བ་ཡིན། ཀྱེ་གཽ་ཏ་མ་བདག་ནི་དེ་ལ་ཚངས་པ་གང་ཞིག་གནོད་པ་མ་མཆིས་པས་འདི་ལྟ་བུར་མི་མཆི་ཞིང་མཆི་བར་མི་འགྱུར་བའི་ཚངས་པ་དེ་ལགས་པར་འཚལ་ལོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་
དང་ལྷན་ཅིག་སྐབས་ཀྱི་གཏམ་དེ་ལྟ་བུ་གླེངས་སོ། །དེ་ནས་མི་དེས་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ཁྲིད་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དེ་འདི་
ལགས་སོ། །དེ་ནས་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་རྒྱལ་བ་དང་ཚེ་སྤེལ་བ་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཀྲ་ཤིས་ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བ་ཅན་ལ་ཀོ་
ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེའི་ཁྱེའུ་ཉི་མ་སྔ་མ་དང་། ཚེས་སྔ་མ་ལ་རྒྱལ་པོའི་ཕོ་བྲང་དུ་རྒྱལ་པོ་དང་བློན་པོ་དང་འཁོར་རྣམས་འདུས་ཤིང་འདུག་པ་ན། དགེ་སྦྱོང་གཽ་ཏ་མ་འདི་སྐད་ཅེས་དགེ་སྦྱོང་དང་བྲམ་ཟེ་གཞན་གྱིས་ཐམས་ཅད་ཤེས་པའམ།
Vol. 2 · folio 92a
མཐོང་བ་གང་ཡིན་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ་དེ་ནི་གནས་མེད་དོ་ཞེས་གསུང་ངོ་ཞེས་པའི་གཏམ་དེ་ལྟ་བུ་སུས་སྨྲས་དྲན་ནམ། ལྷ་དྲན་ལགས་ཏེ་འདི་ལྟ་སྟེ། སྡེ་དཔོན་འཕགས་སྐྱེས་པོ་དེ་སྐད་མཆིའོ། །འདི་ལྟ་སྟེ། བཀྲ་ཤིས་
ལྡན་གྱི་བུ་བྲམ་ཟེའི་ཁྱེའུ་ཡང་དག་རྒྱལ་བའོ་ཞེས་དེ་དག་ཕན་ཚུན་དེ་ལྟར་གཏམ་ཁུངས་འབྱིན་པར་བྱེད་དོ། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་རིམ་གྲོ་པའི་མིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གཤེགས་པའི་དུས་ལ་བབ་ལགས་སོ། །ལྷ་དུས་ལ་བབ་ལགས་སོ། །
དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གིས་ཐམས་ཅད་མཁྱེན་པ་ཉིད་ལས་བརྩམས་ཏེ་ཞུ་བ་ཞུས་པ་ཡང་ཤེས་ལྡན་གཽ་ཏ་མས་བདག་ལ་ཐམས་ཅད་མཁྱེན་པ་ཉིད་ཞུ་བ་ཞུས་པ་ལུང་བསྟན་ལགས།
འདིར་རིགས་རྣམ་པར་དག་པ་དང་། ལྷག་པའི་ལྷ་དང་། ལྷག་པའི་ཚངས་པ་ལས་བརྩམས་ཏེ། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་ཞུ་བ་ཞུས་པ་ཡང་ཤེས་ལྡན་གཽ་ཏ་མས་བདག་ལ་ལྷག་པའི་ཚངས་པ་ཞུ་བ་ཞུས་པ་ལུང་བསྟན་ལགས་ཏེ། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་ཞུ་བ་གང་
དང་གང་ཞུས་པ་དེ་དང་དེ་ཁོ་ན་ཤེས་ལྡན་གཽ་མས་བདག་ལ་ཞུ་བ་ལུང་བསྟན་ལགས་པས། ཤེས་ལྡན་གཽ་ཏ་མ་ལ་བདག་གིས་གཞན་གསོལ་དུ་ཅི་མཆིས། ཤེས་ལྡན་གཽ་ཏ་མ་བདག་ནི་བགྱི་བ་དང་བསྒྲུབ་པ་མང་ལགས་པས་ད་མཆི་ལགས་སོ། །རྒྱལ་པོ་ཆེན་པོ་དེའི་དུས་ལ་བབ་པར་ཤེས་
པར་གྱིས་ཤིག །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀོ་ས་ལ་ནས་
ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀོ་ས་ལ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་
Vol. 2 · folio 92b
ཡོད་ན་བདག་ཁོ་ནའི་ཀུན་དགའ་ར་བ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་
ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་
གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་
ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས། སྟན་ཆེས་
དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་
འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་
དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྐབས་སྐབས་སུ་གདུགས་ཚོད་གསོལ་བར་བྱེད་པ་ན། དགེ་སློང་རྣམས་ཀྱིས་ཐོག་མར་སྤྲང་པོ་རྣམས་ལ་ཁ་ཟས་ཆུང་ཟད་
Vol. 2 · folio 93a
བྱིན་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གིས་ལོངས་སྤྱད་ནས་ལྷུང་བཟེད་ཀྱི་ལྷག་མ་ལ་སྦྱིན་པར་བྱའོ། །
དེ་ན་སྤྲང་པོ་གཉིས་པོ་བྲམ་ཟེའི་ཁྱེའུ་ཞིག་དང་། རྒྱལ་རིགས་ཀྱི་ཁྱེའུ་ཞིག་ཡོད་པ་ལས། བྲམ་ཟེའི་ཁྱེའུས་དུས་མ་ཤེས་ནས་དེ་དང་པོར་སློང་བར་བརྩམས་པ་ལས། དེ་ལ་དགེ་སློང་འགས་ཀྱང་ཆུང་ཟད་ཀྱང་མ་བྱིན་ནོ། །རྒྱལ་རིགས་ཀྱི་ཁྱེའུས་ཕྱི་ནས་སློང་བ་དང་།
དེས་ཕལ་ཆེར་རྙེད་ནས་དེས་བྲམ་ཟེའི་ཁྱེའུ་ལ་སྨྲས་པ། ཁྱོད་ཀྱིས་ཅུང་ཟད་རྙེད་དམ། དེས་ཁྲོས་ནས་སྨྲས་པ། གལ་ཏེ་ཁོ་བོ་ལ་དབང་ཞིག་ཡོད་ན་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཐམས་ཅད་མགོ་དྲུང་ནས་བཅད་དེ་ས་ལ་དོར་བ་ཞིག །རྒྱལ་རིགས་ཀྱི་ཁྱེའུས་སྨྲས་པ། གལ་ཏེ་
ཁོ་བོ་ལ་འབྱོར་པ་ཞིག་ཡོད་ན་ཁོ་བོས་ཉི་མ་རེ་རེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པས་བསྟབས་པ་ཞིག །དེ་གཉིས་དེ་ལྟར་གཅིག་ལ་གཅིག་སྨྲ་ཞིང་མཉན་ཡོད་ནས་བྱུང་ནས་ཤིང་དྲུང་ཞིག་ཏུ་ཉལ་བ་དང་། ཤིང་རྟས་འཁྱམ་པ་
ཞིག་ཕྱོགས་དེར་འོངས་ཏེ། དེས་བྲམ་ཟེའི་ཁྱེའུ་དེའི་མགོ་བཅད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཡིད་མགྱོགས་རབ་ཏུ་སྡང་བའི་ཡིད་ཀྱིས་ནི། །སྨྲས་སམ་བྱས་ན་དེ་ནས་
སྡུག་བསྔལ་དེ། །འཐོབ་འགྱུར་འཁོར་ལོ་འཕྱན་པས་མགོ་བོ་བཅད། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཀའ་སྩལ་པ་དེའི་དོན་ཅི་ལགས། ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་སངས་རྒྱས་ལ་སོགས་
པ་དགེ་སློང་གི་དགེ་འདུན་ལ་སེམས་གདུག་པས་ཚིག་རྩུབ་པོ་ཕྱུང་བ་གང་ཡིན་པ་དེ་མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་གདུག་པས་ཚིག་རྩུབ་པོ་ཕྱུང་ནས་མཉན་ཡོད་ནས་བྱུང་སྟེ་ཤིང་དྲུང་ཞིག་ཏུ་
Vol. 2 · folio 93b
ཉལ་བ་དང་། ཤིང་རྟས་འཁྱམ་པས་དེའི་མགོ་བཅད་པར་གྱུར་ཏོ། །ངས་དེ་ལས་དགོངས་ནས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། ཞེས་བྱ་བ་ནས་སྔ་མ་བཞིན་དུ། འཐོབ་འགྱུར་འཁོར་ལོ་འཕྱན་པས་མགོ་བོ་བཅད། །ཅེས་བྱ་བའི་བར་
གསུངས་སོ། །དེའི་ཚེ་མཉན་ཡོད་ན་ཚོང་དཔོན་ཞིག་བུ་མེད་པར་ཤིའོ། །མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདུས་ནས་སྨྲས་པ། སུ་ཞིག་ཚོང་དཔོན་དུ་གཞུག །ཁ་ཅིག་གིས་སྨྲས་པ། སུ་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པའོ། །ཇི་ལྟར་
ཤེས་པར་བྱ། བརྟག་མོད་ཅེས་དེ་ནས་དེ་རྣམས་བརྟག་པར་བརྩམས་པ་ལས། དེ་རྣམས་ཀྱིས་རྒྱལ་རིགས་ཀྱི་ཁྱེའུ་དེ་ཤིང་གི་གྲིབ་མ་ལ་ཉལ་བ་ན་ཤིང་གཞན་རྣམས་ཀྱི་གྲིབ་མ་ཡོལ་བར་གཞོལ། ཡོལ་བར་འབབ། ཡོལ་བར་བབ་ན། ཤིང་དེའི་གྲིབ་མ་ནི་
ཁྱེའུ་དེའི་ལུས་ལས་མ་ཡོལ་བར་མཐོང་ནས། དེ་རྣམས་ཀྱིས་དེ་བསླང་སྟེ་ཚོང་དཔོན་དུ་དབང་བསྐུར་བ་དང་དེ་འདི་སྙམ་དུ་སེམས་ཏེ། བདག་ལ་དཔལ་གྱི་འབྱོར་པའི་སྐལ་བ་ཅི་ཡོད་པ་དེ་དག་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བརྟེན་ཏེ་ཡིན་གྱིས། མ་ལ་
བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ཏུ་གདུགས་ཚོད་ལ་སྤྱན་དྲང་ངོ་སྙམ་ནས། དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་
གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་
གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ཚོང་དཔོན་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་
Vol. 2 · folio 94a
གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་
ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་།
ཁམས་དང་། རང་བཞིན་མཁྱེན་ནས། དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་
བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ་ཞེས་བྱ་བ་དང་། བདག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་
བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་ཚོང་དཔོན་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་
བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་
བཤམས་པ་ལ་བཞུགས་ཏེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཡིད་མགྱོགས་རབ་ཏུ་དང་བའི་ཡིད་ཀྱིས་ནི། །སྨྲས་སམ་བྱས་ན་དེ་ནས་བདེ་བ་དེ། །འཐོབ་འགྱུར་གྲིབ་མ་ཡོལ་བར་མི་འགྱུར་བཞིན། །དེ་ནས་ཚེ་དང་
Vol. 2 · folio 94b
ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པས་བཀའ་སྩལ་པ་དེའི་དོན་ཅི་ལགས། ཀུན་དགའ་བོ་ཁྱོད་ཀྱིས་རྒྱལ་རིགས་ཀྱི་ཁྱེའུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་དང་བ་བསྐྱེད་པ་གང་ཡིན་པ་དེ་
མཐོང་ངམ། བཅོམ་ལྡན་འདས་མཐོང་ལགས་སོ། །དེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་སེམས་དང་བ་བསྐྱེད་ནས་མཉན་ཡོད་ནས་བྱུང་སྟེ་ཤིང་དྲུང་ཞིག་ཏུ་ཉལ་བ་ལས་མཉན་ཡོད་ཀྱི་བྲམ་ཟེ་དང་ཁྱིམ་བདག་དག་གིས་ཚོང་དཔོན་དུ་དབང་བསྐུར་ནས།
དེ་མཐོང་བའི་ཆོས་ཁོ་ན་ལ་ལོངས་སྤྱོད་མངོན་པར་འཕེལ་བར་གྱུར་ཏོ། །ངས་དེ་ལས་དགོངས་ནས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་འཐོབ་འགྱུར་གྲིབ་མ་ཡོལ་བར་མི་འགྱུར་བཞིན། །ཞེས་བྱ་བའི་བར་གསུངས་སོ། །
གདུ་བུ་ཅན་དུ་བྱོན་ནས་གདུ་བུ་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །ས་ཅན་དུ་བྱོན་ནས་ས་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །སེང་གེ་ཅན་གྱི་གྲོང་དུ་བྱོན་ནས་སེང་གེ་ཅན་གྱི་གྲོང་དུ་སངས་རྒྱས་བཞིའི་
གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །གྲོང་གསར་དུ་བྱོན་ནས་གྲོང་གསར་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །གྲོང་ཁྱེར་ཅན་དུ་བྱོན་ནས་གྲོང་ཁྱེར་ཅན་དུ་སངས་རྒྱས་བཞིའི་གདན་ཞེས་བྱ་བ་གོང་མ་བཞིན་དུའོ། །རྒྱལ་པོའི་ཁབ་ཏུ་
བྱོན་ནས་དེའི་ཚེ་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཞེས་བྱ་བ་མ་ག་དྷཱ་བཟང་མོའི་རྫིང་གི་འགྲམ་ན་གནས་ཏེ། དེ་མཚན་མོ་མཆིལ་པས་ཉ་བཤོར་ཅིང་ཟ་བར་བྱེད་དོ། །དེ་ནམ་ལངས་ནས་ནི་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་ནས་ཚིགས་སུ་བཅད་པས་སྨྲ་སྟེ། ཆོས་ཀྱི་
ཆོས་མཆོག་གིས་འཚོ་སྲོག་ཆགས་དག །འགའ་ལ་ཡང་འཚེ་མི་བྱེད་དགེ་སློང་འགྱུར། །ཞི་བའི་ཡིད་ཀྱིས་སྤོང་དང་བརྟུལ་ཞུགས་སྤྱད། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །བཅོམ་ལྡན་འདས་ཀྱིས་དེའི་གདུལ་བའི་དུས་མཁྱེན་ནས་དེའི་དྲུང་དུ་གཤེགས་ཏེ་བཀའ་
Vol. 2 · folio 95a
སྩལ་པ། ཚིགས་བཅད་དེ་ནི་ཇི་ལྟ་བར། །གལ་ཏེ་ཁྱོད་ཀྱང་དེ་འདྲ་ན། །ཁྱོད་ཀྱང་དམ་པར་བརྩིར་རུང་ན། །སྤོང་བ་ཁྱོད་ནི་དེ་མི་འདྲ། །རེ་ཞིག་ཉེ་བར་ཞི་ཞིང་དུལ་བ་དང་། །སྲོག་ཆགས་འགའ་ལའང་འཚེ་བར་མ་བྱེད་པར། །ཞི་
བའི་ཡིད་ཀྱིས་སྤོང་དང་བརྟུལ་ཞུགས་སྤྱོད། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །གང་ལ་ལུས་དང་ངག་དང་ཡིད་ཀྱིས་ནི། །ཉེས་པར་བྱས་པ་ཡོད་པ་མ་ཡིན་ལ། །གང་ཞིག་གནས་གསུམ་དག་གིས་བསྡམས་གྱུར་པ། །དུལ་བ་དེ་ནི་ཞི་བའི་རྗེས་སུ་མཐུན། །
དེ་ནས་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཀྱིས་བསམས་པ། དགེ་སྦྱོང་གཽ་ཏ་མའི་ཐུགས་ཀྱིས་ནི་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས་མངོན་པར་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་
མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ། ཐོས་པས་ཀུན་དུ་རྒྱུ་ཁྲིའུ་བརྩེགས་ཞེས་བྱ་བ་ནས་ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་
རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དགེ་སློང་དག་གིས་དེ་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་པ་མཐོང་ནས། དགེ་སློང་ཞིག་གིས་ཁྲིའུའི་སྟེང་དུ་ཁྲིའུ་བཞག་སྟེ་ཆོས་མཉན་ན་དེ་བདེན་པའི་སྣོད་དུ་གྱུར་ཀྱང་བདེན་པ་མ་མཐོང་ནས།
བཅོམ་ལྡན་འདས་ཀྱིས་དགོངས་པ། ཅིའི་ཕྱིར་དགེ་སློང་འདིས་བདེན་པ་མ་མཐོང་སྙམ་ན་མ་གུས་པས་ཡིན་པར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་དགེ་སློང་དག་ཁྲིའུའི་སྟེང་དུ་ཁྲིའུ་བཞག་ནས་འདུག་པ་
ཡིན་ནོ་སྙམ་ནས་དེ་ལྟ་བས་ན་དགེ་སློང་གིས་ཁྲིའུའི་སྟེང་དུ་ཁྲིའུ་བཞག་པ་ལ་འདུག་པར་མི་བྱའོ། །འདུག་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་ནྱ་གྲོ་དྷར་བྱོན་ནས་དེ་ནས་སྔ་དྲོ་ཤམ་ཐབས་མནབས། ན་བཟའ་ཆོས་གོས་དང་
Vol. 2 · folio 95b
ལྷུང་བཟེད་བསྣམས་ཏེ་ནྱ་གྲོ་དྷར་བསོད་སྙོམས་ལ་ཞུགས་པ་དང་། སེར་སྐྱའི་གཞིའི་བྲམ་ཟེའི་བུ་མོ་ཞིག་ནྱ་གྲོ་དྷར་བག་མར་བཏང་བ་དང་། བྲམ་ཟེའི་བུ་མོས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་
བྱད་བཟང་པོ་བརྒྱད་བཅུས་མཛེས་པ། སྐུ་འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པ། གཤེགས་ན་རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་དེ་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་འདི་
ནི་ཤཱཀྱའི་རིགས་དགའ་བ་ལས་འཁོར་ལོས་སྒྱུར་བའི་རིགས་ཀྱི་རྒྱལ་སྲིད་ཀྱང་སྤངས། བཙུན་མོ་མང་པོ་དང་། མཛོད་དང་། བང་མཛོད་ཀྱི་འབྱོར་པ་རྣམས་ཀྱང་སྤངས་ནས་རབ་ཏུ་བྱུང་བ་དེ་ཡིན་ཏེ། དེ་ད་ལྟར་བསོད་སྙོམས་ལ་རྒྱུས། གལ་ཏེ་བདག་ལས་
བསོད་སྙོམས་ཀྱི་ཟན་བཞེས་ན་ནི་དེ་ལ་བདག་གིས་དབུལ་ལོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་དེའི་སེམས་མཁྱེན་ནས་ལྷུང་བཟེད་བཟེད་དེ། སྲིང་མོ་གལ་ཏེ་ཁྱོད་ཀྱིས་ཡོངས་སུ་བཏང་ན་ལྷུང་བཟེད་འདིར་ཕུལ་ཅིག །དེ་ནས་དེ་ལྷག་པར་དད་
པ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བདག་གི་སེམས་མཁྱེན་ཏོ་སྙམ་དུ་རིག་ནས་དད་པ་དྲག་པོས་བཅོམ་ལྡན་འདས་ལ་བསོད་སྙོམས་ཀྱི་ཟན་ཕུལ་བ་དང་། དེ་ནས་བཅོམ་ལྡན་འདས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་
འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ཞེས་བྱ་བ་ནས། མཛོད་སྤུར་ནུབ་པར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་ཞེས་བྱ་བ་ནས། འཛུམ་
པ་མཛད་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེའི་བུ་མོ་གང་ཞིག་དད་པ་སྐྱེས་ནས་ང་ལ་བསོད་སྙོམས་ཀྱི་ཟན་ཕུལ་བ་དེ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་བྲམ་ཟེའི་བུ་མོ་དེ་དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་དུ་
Vol. 2 · folio 96a
ལོག་པར་འགྲོ་བར་མི་འགྱུར་ཞིང་ལྷ་དང་མི་རྣམས་སུ་ཉིང་མཚམས་སྦྱར་ཅིང་འཁོར་ནས་སྲིད་པ་ཕྱི་མ་དང་། སྐྱེ་གནས་ཕྱི་མ་དང་། ལུས་ཕྱི་མ་དང་། བདག་གིས་ངོ་བོ་ཐོབ་པ་ཕྱི་མ་ལ་རང་སངས་རྒྱས་ཤིན་ཏུ་ལགས་སྨོན་ཞེས་བྱ་བར་འགྱུར་
རོ། །ཀུན་དུ་བྲམ་ཟེའི་བུ་མོ་ཆེ་གེ་མོ་ཞིག་དད་པ་སྐྱེས་ནས་བཅོམ་ལྡན་འདས་ལ་བསོད་སྙོམས་ཟན་ཞིག་ཕུལ་བས། བཅོམ་ལྡན་འདས་ཀྱིས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་སྒྲ་གྲགས་སོ། །དེའི་ཁྱོ་མེ་ཏོག་དང་ཡམ་སྲེག་ཤིང་གི་ཕྱིར་དགོན་པར་སོང་བ་དེས་
བདག་གི་ཆུང་མས་དགེ་སྦྱོང་གཽ་ཏ་མ་ལ་བསོད་སྙོམས་ཟན་ཞིག་ཕུལ་བས། དགེ་སྦྱོང་གཽ་ཏ་མས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་མི་བཟོད་པ་སྐྱེས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གི་སྡུམ་པར་བྱོན་ཏམ། བྲམ་ཟེ་སོན་ཏོ། །ཤེས་ལྡན་གཽ་ཏ་མ་བདག་གི་མཆིས་འབྲང་གིས་བསོད་སྙོམས་བཤོས་ཤིག་ཕུལ་ནས་ཁྱོད་ཀྱིས་དེ་རང་བྱང་ཆུབ་ཏུ་ལུང་བསྟན་སྐད་ན་མད་དམ། བྲམ་ཟེ་བདེན་ནོ། །ཀྱེ་
གཽ་ཏ་མ་ཁྱོད་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་ན། ད་བསོད་སྙོམས་བཤོས་ཙམ་གྱི་སླད་དུ་ཇི་ལྟར་ཤེས་བཞིན་གྱི་བརྫུན་གྱི་ཚིག་གསུང་། ས་བོན་འདི་ཙམ་གྱི་འབྲས་བུ་འདིའོ་ཞེས་བགྱི་བ་ཁྱོད་ལ་སུ་ཞིག་ཡིད་ཆེས་པར་འགྱུར། བྲམ་ཟེ་དེའི་ཕྱིར་ཁྱོད་
ཉིད་ལ་དྲི་ཡིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །བྲམ་ཟེ་ཇི་སྙམ་དུ་སེམས། ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི་ཆོས་མཐོང་བ་འགའ་ཡོད་དམ། ཀྱེ་གཽ་ཏ་མ་རེ་ཞིག་ངོ་མཚར་རྨད་དུ་བྱུང་བའི་ཆོས་གཞན་ལྟ་ཞོག །ནྱ་གྲོ་དྷ་འདི་ཉིད་དུ་
ངོ་མཚར་རྨད་དུ་བྱུང་བའི་ཆོས་ཤིག་མཐོང་བ་དེ་རེ་ཞིག་གསོན་ཅིག །ཀྱེ་གཽ་ཏ་མ་ནྱ་གྲོ་དྷ་འདིའི་ཤར་ཕྱོགས་ན་ནྱ་གྲོ་དྷའི་ཤིང་ཆེན་པོ་ཞིག་མཆིས་ཏེ། དེའི་མིང་གིས་གྲོང་འདི་ནྱ་གྲོ་དྷ་ཞེས་བགྱིའོ། །དེའི་འོག་ན་ཤིང་རྟ་ལྔ་བརྒྱ་མ་རེག་ཅིང་ཕན་ཚུན་མ་ཐུག་པར་མཆིས་ལགས་
Vol. 2 · folio 96b
སོ། །བྲམ་ཟེ་ནྱ་གྲོ་དྷ་དེའི་ས་བོན་ཚད་ཇི་ཙམ་ཞིག་ཡོད། ཅི་རེ་ཞིག་ཞིང་རྣང་ཙམ་མམ། ཀྱེ་གཽ་ཏ་མ་མ་ལགས་སོ། །རེ་ལྡེ་ཙམ་མམ། ཏིལ་འདྲུ་བའི་འཁོར་ལོ་ཙམ་མམ། ཤིང་རྟའི་འཁོར་ལོ་ཙམ་མམ། བའི་ཀོ་བ་ཙམ་མམ། བིལ་བ་ཙམ་མམ། ཀ་པིད་ཐའི་འབྲས་
བུ་ཙམ་མམ། ཀྱེ་གཽ་ཏ་མ་མ་ལགས་སོ། །ཀྱེ་གཽ་ཏ་མ་ཡེ་ཡུངས་ཀར་གྱི་བཞི་ཆ་ཙམ་མཆིས་ལགས་སོ། །བྲམ་ཟེ་ས་བོན་དེ་ཙམ་གྱི་འབྲས་བུ་ཤིང་ཆེན་པོ་དེ་ཙམ་ཞིག་སྐྱེས་སོ་ཞེས་བྱ་བ་ཁྱོད་ལ་སུ་ཞིག་ཡིད་ཆེས་པར་འགྱུར། ཤེས་ལྡན་གཽ་ཏ་མ་ཡིད་ཆེས་ཀྱང་
རུང་མ་ཆེས་ཀྱང་རུང་བདག་གི་མངོན་སུམ་དུ་གྱུར་ལགས་སོ། །ཀྱེ་གཽ་ཏ་མ་རེ་ཞིག་ཞིང་སྣག་ཆེ་བ་སེར་སྨེ་བ་དོག་ས་ཚྭ་སྒོ་མ་མཆིས་པའི་ཕྱོགས་སུ་ས་བོན་སར་པ་གྲུང་པོ་མ་ཉམས་པར་མཆིས་པ་ལ་དུས་དུས་སུ་ལྷས་ཆར་ཕབ་ན་དེས་ན་ཤིང་ནྱ་གྲོ་དྷ་ཆེན་པོ་འདིར་འཁྲུངས་
ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྲམ་ཟེ་ཁྱོད་ཀྱིས་ཇི་ལྟ་བུར། །ཞིང་དང་ས་བོན་མངོན་སུམ་ལྟར། །དེ་བཞིན་ལས་ཀྱི་རྣམ་སྨིན་ཡང་། །དེ་བཞིན་གཤེགས་པའི་མངོན་སུམ་མོ། །ཇི་ལྟར་བྲམ་ཟེ་
ཁྱོད་ཀྱི་ས་བོན་ནི། །ཆུང་དང་ཤིན་ཏུ་ཤིང་ཆེན་དེ་མཐོང་བ། །བྲམ་ཟེ་ངས་ཀྱང་ས་བོན་ཆུང་ངུ་དང་། །ཕུན་སུམ་ཆེན་པོ་དེ་ཡང་དེ་བཞིན་མཐོང་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་ནས་ལྗགས་བརྐྱང་བས་དབུ་སྐྲ་ལ་ཐུག་པའི་བར་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་
གཡོགས་ནས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་དེ་ཇི་སྙམ་དུ་སེམས། གང་གི་ཞལ་ནས་ལྗགས་བྱུང་བས་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཡོག་པར་བྱེད་པ་དེ་ཅི་ག་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་གི་ཕྱིར་ཡང་ཤེས་བཞིན་དུ་བརྫུན་གྱི་ཚིག་གསུང་ངམ།
ཀྱེ་གཽ་ཏ་མ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ཡི་ལྗགས་ནི་སྒྱུ་མེད་བདེན་པས་བསྐྱེད་པ་དག །ཅི་ག་མི་བདེན་པ་ནི་གསུང་བར་འགྱུར་སྲིད་དམ། །བྲམ་ཟེ་ང་ཡིས་ཇི་སྐད་བཤད་པ་དེ་བཞིན་པས། །དེ་བཞིན་གཤེགས་པ་
Vol. 2 · folio 97a
ཡིན་ཞེས་རྟོགས་པར་བྱ་བའི་རིགས། །དེ་ནས་བྲམ་ཟེ་དེ་མངོན་པར་དད་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་
ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཙུན་པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་
བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས་བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བྲམ་ཟེ་དེ་
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་ནས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་།། །།སྡོམ་ལ། ཀིམ་པི་ལ་དང་སྦྲུལ་གདུགས་དང་། །མ་ཐུ་ལ་དང་
ཡུལ་འཁོར་སྐྱོང་། །གླང་ཆེན་གྲོང་དང་གྲོང་ཁྱེར་ཆེ། །སྲུག་ན་དང་ནི་བྲམ་ཟེའི་གྲོང་། །གྲོང་ཁྱེར་ནག་པོ་རོ་ཧི་ཏ། །གསིང་མ་ཅན་དང་དེ་བཞིན་དུ། །དགའ་བ་འཕེལ་བས་ཚོགས་སུ་ནི། །བྱས་ཏེ་ཡང་དག་བརྗོད་པ་ཡིན། །བཅོམ་ལྡན་འདས་ཀིམ་པི་ལར་
བྱོན་ནས་ཀིམ་པི་ལའི་ནགས་ཁྲོད་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀིམ་པི་ལ་ལ་བཀའ་སྩལ་པ། ཀིམ་པི་ལ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩམས་ཏེ་བསྒོམ་པ་ཁྱོད་ལ་བཤད་ཀྱིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་
བཤད་དོ་ཞེས་དེ་སྐད་བཀའ་སྩལ་པ་ན། ཚེ་དང་ལྡན་པ་ཀིམ་པི་ལ་ཅང་མི་སྨྲའོ། །ལན་གཉིས་སུ་ཡང་དེ་བཞིན། ལན་གསུམ་དུ་ཡང་དེ་བཞིན་བརྗོད་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་ཀིམ་པི་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་
Vol. 2 · folio 97b
ཀིམ་པི་ལ་ཁྱོད་ལ་སྟོན་པ་གསུང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་འཚལ་ཏོ། །ཚེ་དང་ལྡན་པ་གཽ་ཏ་མ་རབ་ཏུ་འཚལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་དུས་ལ་བབ་ལགས་སོ། །
བདེ་བར་གཤེགས་པ་དེའི་དུས་ལ་བབ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དྲན་པ་ཉེ་བར་གཞག་པ་བཞི་ལས་བརྩམས་ཏེ་བསྒོམ་པ་བཤད་ན། དེའི་སླད་དུ་དགེ་སློང་རྣམས་ཀྱིས་ཐོས་ནས་འཛིན་པར་འགྱུར་ལགས་སོ། །ཀུན་དགའ་བོ་དེའི་ཕྱིར་
ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །འདི་ལ་དགེ་སློང་གང་ཡང་གྲོང་དང་གྲོང་རྡལ་ཞེས་བྱ་བ་དང་། དྲན་བཞིན་དུ་དབུགས་བརྔུབས་ན་དབུགས་བརྔུབས་སོ་ཞེས་སློབ་སྟེ་ཞེས་བྱ་བ་ནས། འགོག་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་བ་སློབ་སྟེ་ཞེས་བྱ་བའི་
བར་གོང་མ་བཞིན་དུའོ། །གང་གི་ཚེ་འཕགས་པའི་ཉན་ཐོས་དྲན་བཞིན་དུ་དབུགས་བརྔུབས་ན། དྲན་བཞིན་དུ་དབུགས་བརྔུབས་སོ་ཞེས་སློབ་པ་ཞེས་བྱ་བ་ནས། ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ཏེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་ཞེས་སློབ་སྟེ་
ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་སོ། །ཀུན་དགའ་བོ་དཔེར་ན་ལམ་པོ་ཆེའི་བཞི་མདོར་རྡུལ་གྱི་
མཆོད་རྟེན་ཞིག་བརྩིགས་པར་འགྱུར་ལ་དེ་ནས་ཤར་ཕྱོགས་ནས་བཞོན་པ་ཅན་ནམ། ཁྱོགས་སམ། ཤིང་རྟས་འཁྱམ་པ་ཞིག་འོངས་ན། ཀུན་དགའ་བོ་ཇི་སྙམ་དུ་སེམས། རྡུལ་གྱི་མཆོད་རྟེན་འཇིག་པར་འགྱུར་རམ། བཙུན་པ་འགྱུར་ལགས་སོ། །དེ་བཞིན་
དུ་གང་གི་ཚེ་འཕགས་པའི་ཉན་ཐོས་དྲན་བཞིན་དུ་དབུགས་བརྔུབས་སོ། །ཞེས་བྱ་བ་ནས་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་གི་ཚེ་འཕགས་པའི་ཉན་ཐོས་དགའ་བ་སོ་སོར་མྱོང་བ་ཞེས་བྱ་བ་ནས། སེམས་ཀྱི་འདུ་བྱེད་
Vol. 2 · folio 98a
ཤིན་ཏུ་སྦྱངས་ཏེ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་ཞེས་སློབ་བོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་སོ། །དཔེར་ན་ཀུན་
དགའ་བོ་ལམ་པོ་ཆེའི་བཞི་མདོར་རྡུལ་གྱི་མཆོད་རྟེན་ཞིག་བརྩིགས་པར་གྱུར་ལ། དེ་ནས་ལྷོ་ཕྱོགས་ནས་བཞོན་པ་ཅན་ནམ། ཁྱོགས་སམ། ཤིང་རྟས་འཁྱམ་པ་ཞིག་འོངས་ན་ཞེས་བྱ་བ་ནས། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟའོ་ཞེས་བྱ་བའི་བར་གོང་མ་
བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་སོ། །གང་གི་ཚེ་འཕགས་པའི་ཉན་ཐོས་སེམས་སོ་སོར་མྱོང་བ་དང་། སེམས་རབ་ཏུ་དགའ་བ་དང་། སེམས་མཉམ་པར་འཇོག་པ་དང་སེམས་རྣམ་པར་གྲོལ་བར་བྱེད་
ཅིང་དབུགས་བརྔུབས་ན་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་སོ་ཞེས་སློབ་བོ་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ངོ་ཞེས་སློབ་སྟེ། སེམས་ལ་སེམས་ཀྱི་རྗེས་སུ་ལྟའོ། །གང་གི་ཚེ་འཕགས་པའི་
ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ་མཆོད་རྟེན་དེ་ཉིད་ལ་ནུབ་ཕྱོགས་ནས་ཞེས་དཔེར་བྱའོ། །དེ་ལུས་དེ་དང་ཚོར་བ་དེ་དང་སེམས་དེ་ལ་བརྣབ་སེམས་ཡིད་མི་བདེ་བ་གཉིས་ཀ་ནུབ་པས་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བཏང་སྙོམས་སུ་གནས་སོ། །དེའི་
ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ། དཔེར་ན་ལམ་པོ་ཆེའི་བཞི་མདོར་རྡུལ་གྱི་མཆོད་རྟེན་བརྩིགས་པར་གྱུར་ལ། དེ་ནས་བྱང་ཕྱོགས་ནས་བཞོན་པ་ཅན་ནམ་ཁྱོགས་སམ། ཤིང་རྟས་འཁྱམ་པ་ཞིག་འོངས་ན། ཀུན་དགའ་བོ་ཇི་སྙམ་
དུ་སེམས། རྡུལ་གྱི་མཆོད་རྟེན་འཇིག་པར་འགྱུར་རམ། བཙུན་པ་དེ་ལྟར་འགྱུར་ལགས་སོ། །ཞེས་བྱ་བ་ནས་དེ་ལྟར་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ།
Vol. 2 · folio 98b
ཀུན་དགའ་བོ་དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞིའི་དབང་དུ་བྱས་ཏེ། བསྒོམས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རི་འོར་ཞིག་ཏུ་བྱོན་ཏོ། །རི་འོར་དེ་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོའི་ཞང་པོ་དྲང་སྲོང་རྣམས་ཀྱི་ནང་དུ་རབ་ཏུ་བྱུང་བ་དེ་ཚེ་དང་ལྡན་པ་མཽད་
གལ་གྱི་བུ་ཆེན་པོས་འདུལ་བར་འགྱུར་བས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽད་གལ་གྱི་བུ་ཞང་པོ་ལ་སོམས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ཀྱི་ལྟར་
མཉན་ཏེ། དེའི་གདུལ་བའི་དུས་ཤེས་ནས་དྲང་སྲོང་རྣམས་ཀྱི་བསྟི་གནས་སུ་འཇུག་པར་བརྩམས་སོ། །དེ་ནས་དྲང་སྲོང་དེས་སྨྲས་པ། དགེ་སྦྱོང་འདུག་ཤིག །བྲམ་ཟེ་རྣམས་ཀྱི་བསྟི་གནས་འདིར་མ་འཇུག་ཤིག །དེས་སྨྲས་པ། ང་ཡང་བྲམ་ཟེ་ཡིན་ནོ། །དྲང་སྲོང་དེས་
ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་ཁྱོད་ལ་བསང་བྱེད་མེད། །བླུགས་གཟར་ཡང་ནི་ཡོད་མ་ཡིན། །ཁྱོད་ནི་མགོ་རེག་མེ་མཆོད་མིན། །བྲམ་ཟེ་བདག་ཅེས་ཅི་སྟེ་སྨྲ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བྲམ་ཟེ་ང་ཡི་ངོ་ཚ་ཤེས། །
བསང་བྱེད་བླུགས་གཟར་ཤེས་རབ་ཉིད། །ཆུ་རྒྱུན་རྟག་འབབ་དད་པ་ནི། །ང་ཡི་རིལ་བ་སྤྱི་བླུགས་ཡིན། །ནང་དུ་ལེགས་པར་མཉམ་བཞག་པའི། །བདེན་པ་ཁོ་བོ་མེ་མཆོད་དེ། །ཡང་དག་སྡོམ་དང་དུལ་བ་ཡིས། །ཉིན་མཚན་དུ་ནི་སྦྱིན་སྲེག་བྱེད། །གལ་ཏེ་དེ་ལྟར་
གྱུར་ན་ཡང་དགེ་སྦྱོང་མགོ་རེག་ལ་ནི་འདིར་སྐབས་མི་འབྱེད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་རླུང་དང་ཆར་དྲག་བཏང་ནས་མཚོ་བྲན་དང་ཉེ་བ་ཞིག་ཏུ་སོང་ནས་ཤིང་ཞིག་གི་དྲུང་དུ་རྟེན་ཅིང་འདུག་གོ། །དེ་ནས་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོའི་འཁོར་ཞིག་གནས་པ་
དེས་བསམས་པ། འདི་ནི་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ཡིན་ཏེ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་བླ་མར་བྱ་བ་ཡིན་གྱིས། མ་ལ་བདག་གིས་འདིའི་མཆོད་པ་བྱ་བ་ལ་བརྩོན་པར་བྱའོ་སྙམ་སྟེ། ཀླུ་དེ་གནས་ནས་བྱུང་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་
Vol. 2 · folio 99a
ཆེན་པོའི་ལུས་ལ་ལན་བདུན་དུ་དཀྲིས་ཏེ་སྟེང་ནས་མགོའི་གདེངས་ཀ་ཆེན་པོ་བྱས་ནས་འདུག་གོ། །དྲང་སྲོང་རྣམས་ཀྱི་ཆོས་ཉིད་ཀྱིས་གལ་ཏེ་སྡུག་བསྔལ་ལ་མ་བསམས་ན་དྲང་སྲོང་གི་ཆོས་ལས་ཉམས་པར་འགྱུར་བས་དེ་ནས་དྲང་སྲོང་དེ་འདི་སྙམ་དུ་སེམས་ཏེ། རབ་
ཏུ་བྱུང་བ་དེ་རླུང་དང་ཆར་དྲག་གིས་ཉེན་ནས་ཤི་བར་གྱུར་ཏེ། བདག་དྲང་སྲོང་གི་ཆོས་ལས་ཉམས་པར་གྱུར་ན་མི་རུང་ངོ་སྙམ་ནས། དེ་ནས་བསྟི་གནས་དེ་ནས་ཕྱིར་བྱུང་སྟེ། བལྟ་བར་བརྩམས་པ་ན། དེས་དེ་མཐོང་ནས་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་ཁོ་བོ་ཅག་གི་བསྟི་
གནས་སུ་ཞུགས་ཤིག །དེས་སྨྲས་པ། དྲང་སྲོང་ཆེན་པོ་ཁྱོད་དྲང་སྲོང་གི་ཆོས་དེ་ལས་ཉམས་པར་གྱུར་ཏམ། དྲང་སྲོང་དེས་དེའི་ང་རོ་ལས་ངོ་ཤེས་ནས་སྨྲས་པ། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་ལགས་སམ། དྲང་སྲོང་བདག་སྐྱེ་བོས་དེ་ལྟར་ཤེས་སོ། །འཕགས་
པ་དོན་ཅི་ཞིག་ལ་བྱོན། ཁྱོད་ཉིད་ཀྱི་གདུལ་བའི་དུས་ཤེས་ནས་འོངས་སོ་ཚུར་སྤྱོན་བཅོམ་ལྡན་འདས་ཀྱི་དྲུང་དུ་བཞུད་དོ། །དེ་ནས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཞང་པོ་ཁྲིད་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་
གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་ཞང་པོ་དྲང་སྲོང་གི་ནང་དུ་རབ་ཏུ་བྱུང་བ་འདི་ལགས་ན། བཅོམ་ལྡན་འདས་ཀྱིས་འདི་ལ་ཆོས་བཤད་པའི་རིགས་
སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་དྲང་སྲོང་དེས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་དེ་ནས་སྟན་ལས་ལངས་ཏེ་བླ་
གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན།
Vol. 2 · folio 99b
བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཞེས་བྱ་བས་རབ་ཏུ་ཕྱུང་ངོ་ཞེས་བྱ་བ་ནས། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་
ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་སོང་བ་དང་། ཀླུ་གཞོན་ནུ་དེ་གནས་དེ་ན་གཅིག་ཏུ་མི་དགའ་བར་
གྱུར་ནས། དེ་ནས་རི་འོར་དེར་ཡམས་ཀྱི་ནད་དག་བཏང་སྟེ། བདག་ཉིད་དྲང་སྲོང་གི་ཆ་བྱད་དུ་མངོན་པར་སྤྲུལ་ནས་བསྟི་གནས་དེར་སོང་སྟེ་གནས་སོ། །དེ་ནས་རི་འོར་ན་གནས་པའི་སྐྱེ་བོའི་ཚོགས་དེ་བསྟི་གནས་དེར་ལྷགས་ནས་དེ་རྣམས་ཀྱིས་སྨྲས་པ། དྲང་སྲོང་
ཆེན་པོ་བདག་ཅག་ལ་ཡམས་ཀྱི་ནད་བྱུང་ན་བདག་ཅག་གིས་ཇི་ལྟར་བགྱི། དྲང་སྲོང་གིས་སྨྲས་པ། ཕྱོགས་འདི་ཉིད་དུ་ཤོག་ལ་འདུག་ཤིག་དང་། ཞི་བར་འགྱུར་རོ། །དེ་ནས་རི་འོར་ན་གནས་པའི་སྐྱེ་བོའི་ཚོགས་དེ་ཕྱོགས་དེར་ལྷགས་ནས་གནས་སོ། །ཕྱོགས་
དེར་སྦྲུལ་གྱིས་གདུགས་བྱས་པས་སྦྲུལ་གདུགས་སྦྲུལ་གདུགས་ཞེས་བྱ་བར་གྲགས་ཏེ། དད་པ་ཅན་རྣམས་ཀྱིས་གཙུག་ལག་ཁང་ཡོ་བྱད་ཐམས་ཅད་ཡོད་པ་ཞིག་བརྩིགས་སོ། །སངས་རྒྱས་བཅོམ་ལྡན་འདས་མ་ཐུ་ལ་ན་འབབ་ཆུ་རབ་ཏུ་བཟང་ལྡན་ཞེས་བྱ་བའི་འགྲམ་སློབ་པ་རྣམས་
ཀྱི་ཨ་མྲའི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ལ་གནས་པར་བྱའི། གླིང་གཞན་མ་ཡིན། སྐྱབས་གཞན་མ་ཡིན་
ནོ། །དགེ་སློང་དག་ཁྱེད་ཀྱིས་བདག་ཉིད་གླིང་དང་། བདག་ཉིད་སྐྱབས་དང་། ཆོས་ཀྱི་གླིང་དང་། ཆོས་ཀྱི་སྐྱབས་ཀྱིས་གནས་པར་བྱའི། གླིང་གཞན་མ་ཡིན་ཞིང་སྐྱབས་གཞན་མ་ཡིན་པ་འདི་ལ་སོ་སོར་ཡང་དག་པར་བསླབ་པར་བྱའོ། །མྱ་ངན་དང་། སྨྲེ་སྔགས་
Vol. 2 · folio 100a
འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ནི་ཇི་ལྟ་བུ་ཞིག་ཡིན། གང་ཞིག་ཡོད་ན་ཅི་ལ་བརྟེན་ནས་ཅི་ལ་མངོན་པར་ཞེན་ཏེ། བདག་ནི་ཅི་ཡིན་ཞེས་རྗེས་སུ་ལྟ་བ་རྣམས་ལ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་།
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་གང་དག་མ་སྐྱེས་པ་ནི་སྐྱེ་ཞིང་སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་ཞིང་རྒྱས་པར་འགྱུར། བཙུན་པ་བཅོམ་ལྡན་འདས་ནི་ཆོས་རྣམས་ཀྱི་རྩ་བ་ལགས། བཅོམ་ལྡན་འདས་ནི་འདྲེན་པ་ལགས། བཅོམ་ལྡན་འདས་ནི་
སྟོན་པ་ལགས་པས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་དགེ་སློང་རྣམས་ལ་བཤད་ན། བཅོམ་ལྡན་འདས་ལས་དགེ་སློང་རྣམས་ཀྱིས་ཐོས་ནས་འཛིན་པར་འགྱུར་ལགས་སོ། །དགེ་སློང་དག་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་
སློང་དག་གཟུགས་ཡོད་ན་གཟུགས་ལ་བརྟེན་ནས་གཟུགས་ལ་མངོན་པར་ཞེན་ཏེ། གཟུགས་ནི་བདག་ཡིན་ནོ་ཞེས་རྗེས་སུ་ལྟ་བ་རྣམས་ལ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་གང་དག་མ་སྐྱེས་པ་ནི་སྐྱེ་ཞིང་སྐྱེས་
པ་རྣམས་ནི་ཕྱིར་ཞིང་འཕེལ་ཞིང་རྒྱས་པར་འགྱུར། དགེ་སློང་དག་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོད་ན། རྣམ་པར་ཤེས་པ་ལ་བརྟེན་ནས་རྣམ་པར་ཤེས་པ་ལ་མངོན་པར་ཞེན་ཏེ་རྣམ་པར་ཤེས་པ་ནི་བདག་ཡིན་ནོ་ཞེས་རྗེས་སུ་ལྟ་
བ་རྣམས་ལ་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་གང་དག་མ་སྐྱེས་པ་ནི་སྐྱེ་ཞིང་སྐྱེས་པ་རྣམས་ནི་ཕྱིར་ཞིང་འཕེལ་ཞིང་རྒྱས་པར་འགྱུར་རོ། །དགེ་སློང་དག་ཁྱེད་ཀྱིས་ལྟོས་ཤིག་ཅེས་བྱ་བ་ནས། དྲན་བཞིན་དུ་དབུགས་
བརྔུབས་ན་བརྔུབས་སོ་ཞེས་སློབ་སྟེ། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་ཚོར་བ་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་སོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ།
Vol. 2 · folio 100b
དཔེར་ན་ཀུན་དགའ་བོ་ལམ་པོ་ཆེའི་བཞི་མདོར་རྡུལ་གྱི་མཆོད་རྟེན་ཞིག་བརྩིགས་པར་གྱུར་ལ་ལྷོ་ཕྱོགས་ནས་བཞོན་པ་ཅན་ནམ། ཁྱོགས་སམ། ཤིང་རྟས་འཁྱམ་པ་འོངས་ན་ཞེས་བྱ་བ་ནས། ཚོར་བ་ལ་ཚོར་བའི་རྗེས་སུ་ལྟའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེའི་
ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་སོ། །གང་གི་ཚེ་འཕགས་པའི་ཉན་ཐོས་སེམས་སོ་སོར་མྱོང་བ་དང་སེམས་རབ་ཏུ་དགའ་བ་དང་། སེམས་མཉམ་པར་འཇོག་པ་དང་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་སོ་ཞེས་
སློབ་པ་དང་། སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ངོ་ཞེས་སློབ་སྟེ། སེམས་ལ་སེམས་ཀྱི་རྗེས་སུ་ལྟ་བ་དེའི་ཚེ་འཕགས་པའི་ཉན་ཐོས་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེའི་ཚེ་འཕགས་
པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་སོ། །དཔེ་ནི་ནུབ་ཕྱོགས་ནས་ཁྱོགས་འོང་བ་དེ་ཉིད་བྱའོ། །དེ་ལུས་དེ་དང་ཚོར་བ་དེ་དང་སེམས་དེ་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་དེ་དག་ནུབ་པས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་བཏང་སྙོམས་སུ་
གནས་སོ། །དེའི་ཚེ་འཕགས་པའི་ཉན་ཐོས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ། འདི་ལྟ་སྟེ་ལམ་པོ་ཆེའི་བཞི་མདོར་རྡུལ་གྱི་མཆོད་རྟེན་ཞིག་བརྩིགས་པར་གྱུར་ལ། དེ་ནས་བྱང་
ཕྱོགས་ནས་ནི་བཞོན་པ་ཅན་ནམ། ཁྱོགས་སམ། ཤིང་རྟས་འཁྱམ་པ་འོངས་ན། ཀུན་དགའ་བོ་ཇི་སྙམ་དུ་སེམས། རྡུལ་གྱི་མཆོད་རྟེན་འཇིག་པར་འགྱུར་རམ། བཙུན་པ་དེ་ལྟར་འགྱུར་ལགས་སོ་ཞེས་བྱ་བ་ནས་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟའོ་ཞེས་བྱ་བའི་བར་
གོང་མ་བཞིན་དུའོ། །དེའི་ཚེ་འཕགས་པའི་ཉན་ཐོས་གནས་པ་ན་ནང་གི་ཡིད་ལ་བྱེད་པ་ཡོད་པར་ཤེས་ཏེ། ཀུན་དགའ་བོ་དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྟེན་ནས་བསྒོམས་པ་ཡིན་ནོ། །བཅོམ་ལྡན་འདས་ཡུལ་སྒྲ་ངན་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན། བང་
Vol. 2 · folio 101a
མཛོད་སྟུག་པོ་ཅན་དུ་བྱོན་ནས། བང་མཛོད་སྟུག་པོ་ཅན་ན་བང་མཛོད་སྟུག་པོ་ཅན་གྱི་ཚལ་ན་བཞུགས་སོ། །བང་མཛོད་སྟུག་པོ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་ཡུལ་སྒྲ་ངན་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་བང་མཛོད་
སྟུག་པོ་ཅན་དུ་བྱོན་ནས། བང་མཛོད་སྟུག་པོ་ཅན་ན་བང་མཛོད་སྟུག་པོའི་ཚལ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་། ཁྱུ་ནས་ཁྱུར་འདུས་ཤིང་ཕྲད་ནས་བང་མཛོད་སྟུག་པོ་ཅན་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་
པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་བང་མཛོད་སྟུག་པོ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་
མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་བཞི་པ། དེའི་ཚེ་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་འཁོར་དེ་ཉིད་དུ་
འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་ཤེས་པ་ལྟར་ན་ཁྱིམ་པ་ཁྱིམ་ན་གནས་པས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་གཅིག་ཏུ་སལ་གྱིས་དག་པ།
མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། རྣམ་པར་བྱང་བ་སྤྱད་པ་འདི་ནི་སླ་བ་མ་ཡིན་པས་མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་རྣམ་གྲངས་དུ་མར་བང་མཛོད་སྟུག་པོ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་
Vol. 2 · folio 101b
ངོ་། །དེ་ནས་བང་མཛོད་སྟུག་པོ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་དོང་ངོ་། །ཁྱིམ་བདག་
གི་བུ་ཡུལ་འཁོར་སྐྱོང་གིས་བང་མཛོད་སྟུག་པོ་ཅན་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་དོང་ནས་རིང་པོ་མ་ལོན་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །ཁྱིམ་བདག་
གི་བུ་ཕ་དང་མ་གཉིས་ཀྱིས་གནང་ངམ། བཙུན་པ་མ་གནང་ངོ་། །ཁྱིམ་བདག་གི་བུ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་ཕ་དང་མ་གཉིས་ཀྱིས་མ་གནང་བ་རབ་ཏུ་འབྱིན་པ་དང་། བསྙེན་པར་རྫོགས་པར་མི་བྱེད་དོ། །བཙུན་
པ་བདག་གིས་ཅི་ནས་ཕ་དང་མས་གནང་བ་དེ་ལྟར་བགྱི་ལགས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས། རང་གི་ཁྱིམ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཕ་དང་མ་ལ་འདི་སྐད་ཅེས་
སྨྲས་སོ། །ཡབ་ཡུམ་མཁྱེན་པར་མཛོད་ཅིག །བདག་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མ་མཆིས་པར་རབ་ཏུ་འབྱུང་བར་བགྱིའོ། །བུ་ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ངེད་ཀྱི་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་བཟོད་པ་མི་མཐུན་པ་མེད་པ་
ཡིན་པས་ཁྱོད་ཤི་བར་གྱུར་ན་ངེད་མི་འདོད་བཞིན་དུ་འབྲལ་གྲང་། གསོན་བཞིན་དུ་ག་ལ་གཏང་། ཡབ་ཡུམ་གལ་ཏེ་རེ་ཞིག་གནང་ན་ལེགས། གལ་ཏེ་མ་གནང་ན་དེང་སླན་ཅད་འཚལ་མ་ཡང་མི་འཚལ། ཕྱག་ཡང་མི་འཚལ་ལོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་
Vol. 2 · folio 102a
སྐྱོང་གིས་ཉི་མ་གཅིག་ཀྱང་ཟན་བཅད་པ་བྱས་སོ། །གཉིས་དང་གསུམ་ནས་བདུན་གྱི་བར་དུ་ཟན་བཅད་པ་བྱས་སོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་དང་མས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་
ཡུལ་འཁོར་སྐྱོང་ཤེས་པར་གྱིས་ཤིག །ཁྱོད་ནི་ཤིན་ཏུ་གཞོན་པ་བདེ་བ་འདོད་པ་ཡིན་པས་ཁྱོད་ཀྱི་སྡུག་བསྔལ་མི་ཤེས་ཏེ། ཚངས་པར་སྤྱོད་པ་སྤྱད་དཀའོ། །རབ་ཏུ་དབེན་པ་བྱ་དཀའོ། །གཅིག་པུ་ཉིད་ལ་མངོན་པར་དགའ་བ་དཀའོ། །གནས་མལ་དགོན་པ་དང་།
ནགས་ཁྲོད་དང་། བས་མཐར་གནས་པ་ནི་མནགས་དཀའོ། །བུ་ཡུལ་འཁོར་སྐྱོང་ཚུར་འདུག་ལ་འདོད་པ་དག་ལ་ཡང་སྤྱོད་ཅིག །སྦྱིན་པ་དག་ཀྱང་བྱིན་ཅིག །བསོད་ནམས་དག་ཀྱང་གྱིས་ཤིག །དེ་སྐད་སྨྲས་ན་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་སྨྲའོ། །དེ་
ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་དང་མས་ཉེ་དུ་རྣམས་ལ་བཅོལ་བ། ཀྱེ་ཉེ་དུ་དག་རེ་ཞིག་བུ་ཡུལ་འཁོར་སྐྱོང་སློང་ཤིག །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཉེ་དུ་རྣམས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གང་ན་བ་དེར་དོང་སྟེ་ཕྱིན་ནས། ཁྱིམ་བདག་གི་བུ་ཡུལ་
སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པས་བདེ་བ་བཞེད་པ་ལགས་ཞེས་བྱ་བ་ནས་བསོད་ནམས་དག་གྱིས་ཤིག་ཅེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་སྐད་སྨྲས་ན་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་སྨྲའོ། །དེ་ནས་
ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ཕ་དང་མས་ཡུལ་འཁོར་སྐྱོང་གི་ནེའུ་ལྡངས་རྣམས་ལ་བཅོལ་བ། ཀྱེ་གཞོན་ནུ་དག་རེ་ཞིག་བུ་ཡུལ་འཁོར་སྐྱོང་སློང་ཤིག །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གི་ནེའུ་ལྡངས་རྣམས་ཀྱིས་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྲས་
དེས་པ་ཡུལ་འཁོར་སྐྱོང་མཁྱེན་པར་མཛོད་ཅིག །ཁྱོད་ནི་ཤིན་ཏུ་གཞོན་པས་བདེ་བ་བཞེད་པ་ལགས་ལ་ཞེས་བྱ་བ་ནས། བསོད་ནམས་དག་མཛོད་ཅིག་ཅེས་བྱ་བའི་བར་སྔ་མ་བཞིན་དུའོ། །དེས་དེ་སྐད་སྨྲས་ན་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ཅང་མི་སྨྲའོ། །དེ་ནས་གཞོན་
Vol. 2 · folio 102b
ནུ་དག་གིས་ཡུལ་འཁོར་སྐྱོང་གི་ཕ་དང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་སྲས་ཡུལ་འཁོར་སྐྱོང་འདི་གུམ་པས་ཅི་ཞིག་བགྱི། རབ་ཏུ་འབྱུང་དུ་གནོང་དང་། གལ་ཏེ་དགའ་བར་གྱུར་ན་འདི་གསོན་པོ་ཉིད་དུ་གཟིགས་པར་འགྱུར་ལ། གལ་ཏེ་མངོན་པར་མི་དགའ་
བར་གྱུར་ན་ཡང་བུའི་གནས་ཕ་མ་གཉིས་མ་ལགས་པ་གཞན་སུ་ཞིག་མཆིས། གཞོན་ནུ་དག་བདག་ཅག་ལ་གལ་ཏེ་རབ་ཏུ་བྱུང་ནས་ལྟ་བར་བྱེད་ན་དེ་བཞིན་དུ་གནང་བར་བྱའོ། །དེ་ནས་ཡུལ་འཁོར་སྐྱོང་གི་ནེའུ་ལྡངས་དག་གིས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་ལ་འདི་
སྐད་ཅེས་སྨྲས་ས། །དེས་པ་ཡུལ་འཁོར་སྐྱོང་མཁྱེན་པར་མཛོད་ཅིག །ཕ་དང་མས་གནང་སྟེ་འདི་སྐད་ཅེས་གལ་ཏེ་རབ་ཏུ་བྱུང་ནས་ལྟ་བར་བྱེད་ནའོ་ཞེས་ཀྱང་ཟེར་རོ། །ཤེས་ལྡན་དག་བལྟ་བར་བྱའོ། །དེ་ནས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་རིམ་གྱིས་ལུས་
ཀྱི་མཐུ་དང་སྟོབས་བསྐྱེད་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་
གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་ཕ་དང་མས་གནང་ལགས་ཀྱིས། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་
སྤྱོད་པ་སྤྱད་པར་བགྱིའོ། །ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་གིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་ཡུལ་འཁོར་སྐྱོང་རབ་ཏུ་ཕྱུང་བསྙེན་པར་རྫོགས་
པར་མཛད་ནས་བང་མཛོད་སྟུག་པོ་ཅན་དུ་ཇི་ཙམ་བཞེད་ཀྱི་བར་དུ་བཞུགས་ནས་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་ཏེ། རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །
Vol. 2 · folio 103a
དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བསྙེན་པར་རྫོགས་ཏེ་ལོ་བཅུ་ལོན་ནས་དགྲ་བཅོམ་པ་ཐོབ་སྟེ་རྣམ་པར་གྲོལ་བའི་དགའ་བ་དང་བདེ་བ་ཉམས་སུ་མྱོང་ནས་འདི་སྙམ་དུ་སེམས་ཏེ། སྔོན་བདག་ཁྱིམ་པར་གྱུར་པ་ན་ཕ་དང་མ་ལ་རབ་ཏུ་བྱུང་ནས་བལྟ་བར་བྱའོ་
ཞེས་ཁས་བླངས་པ་ཡོད་ཀྱིས། མ་ལ་བདག་གིས་ཁས་བླངས་པ་དེ་མཐར་དབྱུང་ངོ་སྙམ་ནས། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་ཕྱོགས་
གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སྔོན་བདག་ཁྱིམ་པར་གྱུར་པ་ན་ཕ་དང་མ་ལ་བལྟ་བར་བགྱིའོ་ཞེས་གཡར་གྱིས་བླངས་པས་བདག་གཡར་གྱིས་བླངས་པ་དེ་མཐར་
འབྱིན་དུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་སེམས་ཁྱབ་པར་མཛད་ཅིང་ཁྱབ་པར་མཛད་ནས་ཐུགས་ལ་མཛད་ཅིང་། ཐུགས་ལ་མཛད་ནས་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་ཡུལ་འཁོར་སྐྱོང་ནི་སླར་ཡང་ཁྱིམ་ན་
གནས་པའམ། སོགས་འཇོག་སྤྱོད་པས་འདོད་པ་དག་ལ་ལོངས་སྤྱོད་པའི་འོས་མ་ཡིན་ནོ་སྙམ་དུ་མཁྱེན་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་ཁྱོད་སོང་ལ་སེམས་ཅན་མ་རྒལ་བ་རྣམས་ནི་སྒྲོལ་ཅིག །མ་གྲོལ་བ་རྣམས་
ནི་གྲོལ་བར་གྱིས་ཤིག །དབུགས་མ་ཕྱིན་པ་རྣམས་ནི་དབུགས་ཕྱུང་ཤིག །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནི་ཡོངས་སུ་མྱ་ངན་ལས་ཟློས་ཤིག །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་ཡི་རངས་
ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་
Vol. 2 · folio 103b
ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་སྤྱད་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཟས་ཕྱི་མའི་བསོད་སྙོམས་ལས་སླར་ལོག་ནས་གནས་མལ་ཇི་ལྟར་སྤྱད་པ་མཁོས་སུ་ཕབ་སྟེ་ལྷུང་བཟེད་དང་ཆོས་གོས་བླངས་ནས་བང་མཛོད་སྟུག་པོ་ཅན་གང་ན་བ་དེར་སོང་སྟེ། རིམ་གྱིས་
སྤྱད་པ་སྤྱོད་ཅིང་རྒྱུ་བ་ན་བང་མཛོད་སྟུག་པོ་ཅན་དུ་ཕྱིན་ནས། བང་མཛོད་སྟུག་པོ་ཅན་གྱི་བང་མཛོད་སྟུག་པོའི་ཚལ་དུ་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དེ་ཉིད་ཀྱི་མཚན་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བང་མཛོད་
སྟུག་པོ་ཅན་དུ་བསོད་སྙོམས་ལ་ཞུགས་ནས། དེ་རིམ་གྱིས་བང་མཛོད་སྟུག་པོ་ཅན་ནས་བསོད་སྙོམས་ལ་རྒྱུ་བ་ན་རང་གི་ཁྱིམ་གང་ན་དེར་སོང་ནས། དེའི་ཚེ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕ་བར་སྒོའི་ཁྱམས་ན་སྐྱེས་པ་སྐྲ་མཁན་གྱིས་སྐྲ་དང་ཁ་སྤུ་འཆོས་པ་ན། ཚེ་དང་ལྡན་
པ་ཡུལ་འཁོར་སྐྱོང་གི་ཕས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྒོ་དྲུང་ན་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ཁ་ཟེར་བར་བྱེད་དེ། དགེ་སྦྱོང་མགོ་རེག་འོ་ནི་དག་གིས་ཁོ་བོའི་རིགས་ཀྱི་རྒྱུན་བཅད་དེ། འོ་ནི་དག་གིས་ཁོ་བོའི་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་བཟོད་པ་མི་
མཐུན་པ་མེད་པ་ཡུལ་འཁོར་སྐྱོང་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན། དགེ་སྦྱོང་མགོ་རེག་འོ་ནི་རྣམས་ལ་སུ་ཞིག་བསོད་སྙོམས་སྦྱིན་པར་བྱ་བར་སེམས། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་རང་གི་ཁྱིམ་ནས་རྒྱ་གག་མ་གཏོགས་པ་སྦྱིན་པ་ཡང་མ་ཐོབ།
བསྐྲད་ཀྱང་མ་བསྐྲད་པ་དང་མྱུར་བ་མྱུར་བར་ཕྱིར་བྱུང་ངོ་། །དེའི་ཚེ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་སྔོན་གྱི་བྲན་མོ་རྒན་མོ་ཞིག་ཟན་དྲོན་རུལ་པ་ཞག་ལོན་པ་ཞིག་དོར་བའི་ཕྱིར་ཐོགས་ཏེ་སྒོར་བྱུང་བ་དང་། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་སྔོན་གྱི་བྲན་མོ་རྒན་མོ་དེ་མཐོང་ངོ་། །
མཐོང་ནས་ཀྱང་བྲན་མོ་རྒན་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་གལ་ཏེ་ཟན་དྲོན་རུལ་པ་ཞག་ལོན་པ་འདོར་བ་ཡིན་ན་ཁོ་བོས་བཟས་ལྷུང་བཟེད་འདིར་ཆུག་ཤིག །འཕགས་པ་གསོལ་ཅིག །དེ་ནས་སྔོན་གྱི་བྲན་མོ་རྒན་མོ་དེས་ཟན་དྲོན་རུལ་པ་ཞིག་ལོན་པ་ལྷུང་བཟེད་དུ་འཇུག་
Vol. 2 · folio 104a
པ་ན་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ལག་པ་དང་། རྐང་པ་དང་། བཞིན་དང་། སྣ་དང་། སྨྲ་དངགས་དག་གི་མཚན་མ་ཤིན་ཏུ་ལེགས་པར་བཟུང་ནས་འདི་སྐད་ཅེས་ཀྱང་སྨྲས་སོ། །རྗེའི་སྲས་ཡུལ་འཁོར་སྐྱོང་ལགས་སམ། སྲིང་མོ་
ཁོ་བོ་སྐྱེ་བོ་དག་གིས་དེ་ལྟར་ཤེས་སོ། །དེ་ནས་སྔོན་གྱི་བྲན་མོ་རྒན་མོ་དེ་རིངས་པ་རིངས་པར་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕ་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་བོ་མཁྱེན་པར་མཛོད་ཅིག །སྲས་
ཡུལ་འཁོར་སྐྱོང་བང་མཛོད་སྟུག་པོ་ཅན་དུ་བྱོན་ནས་རིང་མོ་ཞིག་ལགས་ན་ཉིད་ཀྱི་ཁབ་ཏུ་ནི་བྱོན་མི་བཞེད་དོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕས་ལག་པ་གཡོན་པས་སྐྲ་བསྡུས་ནས་རས་ཡུག་གཅིག་གི་སྨད་གཡོགས་བགོས་བཞིན་དུ་ཚེ་དང་ལྡན་པ་ཡུལ་
འཁོར་སྐྱོང་གང་ན་བ་དེར་སོང་བ་དང་། དེའི་ཚེ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་རྩིག་དྲུང་ཞིག་ཏུ་འདུག་ནས་ཟན་དྲོན་རུལ་པ་ཞག་ལོན་པ་ཟ་བར་བྱེད་པ་དང་། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །ཡུལ་
འཁོར་སྐྱོང་ཁྱོད་བང་མཛོད་སྟུག་པོ་ཅན་དུ་ཕྱིན་ནས་རིང་མོ་ཞིག་ལོན་ན་ཅིའི་ཕྱིར་རང་གི་ཁྱིམ་དུ་འཇུག་པར་མི་འདོད། ཟན་དྲོན་རུལ་པ་ཞག་ལོན་པ་ཁྱོད་ཀྱི་གྲེ་བར་ཡང་ཇི་ལྟར་འགྲོར་བཏུབ། ཁྱིམ་བདག་ཁྱོད་ཀྱི་ཁྱིམ་དུ་འོངས་ན་རྒྱ་གག་མ་གཏོགས་པ་སྦྱིན་པ་ཡང་མ་ཐོབ། བསྐྲད་
ཀྱང་མ་བསྐྲད་པ་དང་མྱུར་བ་མྱུར་བར་བྱུང་ངོ་། །བུ་ཡུལ་འཁོར་སྐྱོང་ཡིན་པར་ཁོ་བོས་མི་ཤེས་མོད། གལ་ཏེ ཁོ་བོས་ཤེས་ན་དེ་སྐད་མི་སྨྲ་བ་ཞིག །བུ་ཡུལ་འཁོར་སྐྱོང་བཟོད་པར་གསོལ་ལོ། །ཁྱིམ་བདག་བཟོད་དོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕས་ཚེ་དང་ལྡན་པ་
ཡུལ་འཁོར་སྐྱོང་ལ་ཡན་ལག་ཐམས་ཅད་ཀྱིས་འཁྱུད་པ་བྱས་ནས་རང་གི་ཁྱིམ་དུ་སྟན་བཤམས་པ་ཉིད་ལ་འདུག་ཏུ་བཅུག་གོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕས་ཡུལ་འཁོར་སྐྱོང་གི་མ་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཡུན་རིང་ཞིག་ལོན་ནས་
Vol. 2 · folio 104b
ཁྱིམ་དུ་འོངས་ཀྱིས། ཀྱེ་རེ་ཞིག་ཁྱོད་བདག་ཉིད་ཀྱིས་སྣོད་དུ་ཚོས་ལ་སྟ་གོན་གྱིས་ཤིག་དང་དེ་ལ་བུ་ཡུལ་འཁོར་སྐྱོང་ལོངས་སྤྱོད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་མས་རང་ཉིད་ཀྱིས་སྣོད་དུ་བཙོས་ནས་སྟ་གོན་བྱས་སོ། །དེ་ནས་མི་ཞིག་གིས་ཚེ་དང་
ལྡན་པ་ཡུལ་འཁོར་སྐྱོང་གི་མདུན་དུ་གསེར་གྱི་ཕུང་པོ་ཆེན་པོ་གལ་ཏེ་མི་གཅིག་ཕ་རོལ་ན་འགྲེང་ན་མི་གཅིག་ཚུ་རོལ་ན་འདུག་པ་མི་མཐོང་ལ། མི་གཅིག་ཚུ་རོལ་ན་འདུག་ན་གཅིག་ཕ་རོལ་ན་འགྲེང་བ་མི་མཐོང་བ་སྤུངས་སོ། །ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་མས་ཚེ་དང་
ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །བུ་ཡུལ་འཁོར་སྐྱོང་ཁྱོད་ཀྱི་མ་ལ་བུད་མེད་རྣམས་ཀྱི་བུད་མེད་ཀྱི་ནོར་དང་། བུད་མེད་ཀྱི་བག་རྫོངས་དང་། བུད་མེད་ཀྱི་ཁུད་པ་ཞེས་བྱ་བ་གང་ཡིན་པ་ཡང་འདི་སྙེད་ཅིག་ཡོད་དོ། །གཞན་ཡང་ཁྱོད་ཀྱི་ཕའི་ནི་མཚན་མས་ཐེབས་
པའི་གསེར་དང་ས་ལེ་སྦྲམ་ཡང་བརྒྱ་ཕྲག་དུ་མ་དང་། སྟོང་ཕྲག་དུ་མ་དང་། བརྒྱ་སྟོང་ཕྲག་དུ་མ་ཡོད་ན་ཕལ་གཞན་ལྟ་སྨོས་ཀྱང་ཅི་དགོས། བུ་ཡུལ་འཁོར་སྐྱོང་ཚུར་ཁྱོད་འདུག་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཀྱང་ཐོང་ཤིག །བསོད་ནམས་དག་ཀྱང་
གྱིས་ཤིག །ཁྱིམ་བདག་གི་ཆུང་མ་ཁྱོད་གལ་ཏེ་ཁོ་བོའི་ཚིག་ལ་དད་པས་མཉན་པར་བྱ་བར་སེམས་པ་ལྟ་ན། བདག་གིས་གདམས་ཤིང་རྗེས་སུ་བསྟན་ཏོ། །བུ་ཡུལ་འཁོར་སྐྱོང་གདམས་ངག་སྩོལ་ཅིག །བུ་ཡུལ་འཁོར་སྐྱོང་རྗེས་སུ་སྟོན་ཅིག་དང་། ཁྱོད་ཀྱི་ཚིག་ལ་
བདག་དད་པས་མཉན་པར་བགྱིའོ་སྙམ་དུ་སེམས་སོ། །ཁྱིམ་བདག་གི་ཆུང་མ་ཚུར་ཁྱོད་ཀྱིས་ཤ་ནའི་རས་སྐྱེ་སར་པར་བྱོས་ལ། གསེར་དང་ས་ལེ་སྦྲམ་གྱིས་ཁོང་སྟེ་ཤིང་རྟའི་ནང་དུ་ཆུག་ལ་ཆུ་བོ་གང་གཱའི་རྒྱུན་ཤུགས་དྲག་ཅིང་གཏིང་ཟབ་པ་གང་ན་ཡོད་པ་དེར་འོར་ཅིག །གཞི་དེ་ལས་
ཁྱོད་ཀྱི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་སྐྱེ་བར་གྱུར་ཏ་རེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་མ་འདི་སྙམ་དུ་སེམས་ཏེ། བདག་གིས་དེ་ལྟ་བུའི་བྱ་བས་ཀྱང་བུ་ཡུལ་འཁོར་སྐྱོང་བཟློག་པར་བྱ་བ་མ་
Vol. 2 · folio 105a
ནུས་སོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་མས་མནའ་མ་ལ་བཅོལ་བ། ཀྱེ་བག་སར་རེ་ཞིག་ཇི་ལྟ་བུའི་མཉེ་བ་རྣམས་ཀྱིས་མཉེས་པ་དང་། ཁྲུས་རྣམས་ཀྱིས་བཀྲུས་པ་དང་། དྲི་རྣམས་ཀྱིས་བྱུགས་པ་དང་། གོས་རྣམས་བསྐོན་པ་
དང་། རྒྱན་རྣམས་ཀྱིས་བརྒྱན་པ་དང་། བདུག་པ་རྣམས་ཀྱིས་བདུགས་པ་དང་། ཕྱེ་མ་རྣམས་ཀྱིས་གཏོར་བས། བུ་ཡུལ་འཁོར་སྐྱོང་དེ་སྔོན་ཁྱིམ་པར་གྱུར་པ་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་བ་དེ་ལྟ་བུའི་མཉེ་བ་རྣམས་ཀྱིས་མཉེས་པ་དང་། ཁྲུས་རྣམས་ཀྱིས་ཁྲུས་དང་།
དྲི་རྣམས་ཀྱིས་བྱུགས་པ་དང་། གོས་རྣམས་བསྐོན་པ་དང་། རྒྱན་རྣམས་ཀྱིས་བརྒྱན་པ་དང་། བདུག་པ་རྣམས་ཀྱིས་བདུགས་པ་དང་། ཕྱེ་མ་རྣམས་ཀྱིས་གཏོར་བ་གྱིས་ལ་བུ་ཡུལ་འཁོར་སྐྱོང་གི་རྐང་པ་གཉིས་ལ་གཏུགས་ལ་འདི་སྐད་ཅེས། གང་གི་སླད་དུ་རྗེའི་སྲས་
བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་ལྷའི་བུ་མོ་ཇི་ལྟ་བུ་ཞིག་ཅེས་ཀྱང་སྨྲོས་ཤིག །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་སྔོན་གྱི་ཆུང་མས་ཇི་ལྟ་བུའི་མཉེ་བ་རྣམས་ཀྱིས་མཉེས་པ་དང་། ཁྲུས་རྣམས་ཀྱིས་བཀྲུས་པ་དང་། དྲི་རྣམས་ཀྱིས་བྱུགས་པ་དང་། གོས་
རྣམས་བསྐོན་པ་དང་། རྒྱན་རྣམས་ཀྱིས་བརྒྱན་པ་དང་། བདུག་པ་རྣམས་ཀྱིས་བདུགས་པ་དང་། ཕྱེ་མ་རྣམས་ཀྱིས་གཏོར་བས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྔོན་ཁྱིམ་པར་གྱུར་པ་ན་དགའ་བ་དང་ཡིད་དུ་འོང་བར་འགྱུར་བ་དེ་ལྟ་བུའི་མཉེ་བ་རྣམས་ཀྱིས་མཉེས་པ་དང་། ཁྲུས་
རྣམས་ཀྱིས་ཁྲུས་དང་། དྲི་རྣམས་ཀྱིས་བྱུགས་པ་དང་། གོས་རྣམས་བསྐོན་པ་དང་། རྒྱན་རྣམས་ཀྱིས་བརྒྱན་པ་དང་། བདུག་པ་རྣམས་ཀྱིས་བདུགས་པ་དང་། ཕྱེ་མ་རྣམས་ཀྱིས་གཏོར་བ་བྱས་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་རྐང་པ་གཉིས་ལ་གཏུགས་ཏེ་འདི་
སྐད་ཅེས་སྨྲས་སོ། །རྗེའི་སྲས་གང་གི་སླད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཚངས་པར་སྤྱད་པ་སྤྱོད་པ་ལྷའི་བུ་མོ་དེ་ཇི་ལྟ་བུ་ཞིག་ལགས། སྲིང་མོ་ཁོ་བོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་ནི་ལྷའི་བུ་མོའི་ཆེད་དུ་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་
Vol. 2 · folio 105b
སྐྱོང་གིས་སྔོན་གྱི་ཆུང་མ་ལ་སྲིང་མོ་ཞེས་ཚིག་ཏུ་སྨྲས་པས་བརྒྱལ་ནས་ས་ལ་འགྱེལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་ཕ་དང་མ་ལ་སྨྲས་པ། དེ་ཡབ་ཡུམ་གལ་ཏེ་ཁ་ཟས་བཏང་བ་ལགས་ན་ཅི་མི་སྩལ་ཏམ། བཏང་སྙོམས་སུ་བཞག་སྟེ་ཅི་མཐོ་
འཚམ་ལགས་སམ། བུ་ཡུལ་འཁོར་སྐྱོང་ལོངས་སྤྱོད་ཅིག །ཅེས་དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་ཕ་དང་མས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ། རྣམ་གྲངས་དུ་མར་གཙང་
ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་བསྟབས་ཤིང་ཚིམ་པར་བྱས་སོ། །ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་ཟོས་ནས་ལག་པ་བཀྲུས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཡུལ་
འཁོར་སྐྱོང་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ལྟོས་ཤིག་ལུས་ནི་ནོར་བུ་དང་། །རྣ་རྒྱན་གྱིས་ནི་བཀྲ་བྱས་པའང་། །ནད་དང་སླུ་བའི་ཆོས་ཅན་ཏེ། །བརྟན་པར་གནས་པ་ཡོད་མ་ཡིན། །སྐྲ་ཡི་ལན་བུ་བརྒྱད་ལྷས་ཤིང་། །མིག་ནི་མིག་སྨན་གྱིས་བསྐུས་པའང་། །
བྱིས་པ་རྨོངས་པར་བྱེད་ནུས་ཀྱི། །ཕ་རོལ་ཚོལ་བ་མ་ཡིན་ནོ། །དྲི་རྣམས་ཀྱིས་ནི་ལུས་བསྐུས་ལ། །རྐང་པ་བཙག་གིས་བྱུགས་པ་ཡང་། །བྱིས་པ་རྨོངས་པར་བྱེད་ནུས་ཀྱི། །ཕ་རོལ་ཚོལ་བ་མ་ཡིན་ནོ། །མིག་སྨན་གསེར་གྱིས་བཀྲ་བྱས་ཤིང་། །དུལ་བའི་ལུས་ནི་
བརྒྱན་པ་ཡང་། །བྱིས་པ་རྨོངས་པར་བྱེད་ནུས་ཀྱི། །ཕ་རོལ་ཚོལ་བ་མ་ཡིན་ནོ། །རི་དགས་འཆོར་བས་རྙི་བཙུགས་ནས། །རི་དགས་གཟུང་བར་མ་ནུས་ལྟར། །རྔོན་པ་འོ་དོད་འབོད་བཅུག་ལ། །ཟོས་ནས་གནས་སུ་འགྲོ་བར་བྱ། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་
སྐྱོང་གིས་ཕ་དང་མ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་དེ་ཉིད་ནས་སྟེང་གི་ནམ་མཁའ་ལ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་
Vol. 2 · folio 106a
བང་མཛོད་སྟུག་པོ་ཅན་གང་ན་བ་དེར་སོང་སྟེ་ཕྱིན་ནས་བ་རུ་རའི་ཤིང་ཞིག་གི་དྲུང་དུ་ཉིན་པར་གནས་པར་བྱ་བའི་ཕྱིར་འདུག་གོ། །དེའི་ཚེ་རྒྱལ་པོ་ཀཽ་རབ་བྱ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གི་སྙན་པ་ཡང་སྒྲོགས་ཤིང་གནས་ཏེ། ནམ་ཞིག་ན་བདག་ཤེས་
ལྡན་ཡུལ་འཁོར་སྐྱོང་མངོན་སུམ་དུ་མཐོང་བར་འགྱུར། ནམ་ཞིག་ན་གལ་ཏེ་ཞུ་བ་ལུང་བསྟན་པའི་ཕྱིར་སྐབས་ཕྱེ་ན་བདག་ཕྱོགས་འགའ་ཞིག་ཞུ་བར་འགྱུར་སྙམ་མོ། །དེ་ནས་རྒྱལ་པོ་ཀཽ་རབ་བྱས་ཚལ་སྲུང་བའི་མི་ལ་བསྒོ་བ། ཀྭའི་ནང་རྗེ་ཁྱོད་སོང་ལ་མྱུར་དུ་བང་མཛོད་སྟུག་པོ་ཅན་
གྱི་ཚལ་ཕྱག་དར་བྱོས་ཤིག །སང་ང་དེར་སྐྱེད་མོས་ཚལ་གྱི་སར་འགྲོའོ། །ལྷ་བཀའ་བཞིན་འཚལ་ཞེས་སྐྱེས་པ་དེས་རྒྱལ་པོ་ཀཽ་རབ་བྱའི་ལྟར་མཉན་ནས་བང་མཛོད་སྟུག་པོ་ཅན་གྱི་ཚལ་ཐམས་ཅད་ཕྱག་དར་བྱེད་པ་ན། མི་དེས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་བ་རུ་རའི་ཤིང་ཞིག་གི་
དྲུང་ན་ཉིན་པར་གནས་པར་བྱ་བའི་ཕྱིར་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། རྒྱལ་པོ་ཀཽ་རབ་བྱ་གང་གི་སྙན་པ་ཡང་དང་ཡང་དུ་སྒྲོགས་ཤིང་གནས་ཏེ། ནམ་ཞིག་ན་བདག་ཤེས་ལྡན་ཡུལ་འཁོར་སྐྱོང་མངོན་སུམ་དུ་མཐོང་བར་འགྱུར། ནམ་ཞིག་ན་
གལ་ཏེ་ཞུ་བ་ལུང་བསྟན་པའི་ཕྱིར་སྐབས་ཕྱེ་ན་བདག་ཕྱོགས་འགའ་ཞིག་ཞུ་བར་འགྱུར་སྙམ་པའི་ཤེས་ལྡན་ཡུལ་འཁོར་སྐྱོང་དེ་ནི་འདི་ཡིན་ཏེ། བང་མཛོད་སྟུག་པོ་ཅན་གྱི་འདི་ལྟ་བུ་ཞིག་ཏུ་ཕྱིན་གྱིས། མ་ལ་བདག་གིས་རྒྱལ་པོ་ཀཽ་རབ་བྱ་ལ་སྦྲན་པར་བྱའོ་སྙམ་ནས། དེ་ནས་སྐྱེས་པ་
དེས་རྒྱལ་པོ་ཀཽ་རབ་བྱ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ཀཽ་རབ་བྱ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་གང་གི་སྙན་པ་ཡང་དང་ཡང་དུ་སྒྲོགས་ཤིང་བཞུགས་ལ་ནམ་ཞིག་ན་བདག་ཤེས་ལྡན་ཡུལ་འཁོར་སྐྱོང་མངོན་སུམ་དུ་མཐོང་བར་འགྱུར། ནམ་ཞིག་ན་གལ་ཏེ་ཞུ་བ་ལུང་བསྟན་པའི་ཕྱིར་
སྐབས་ཕྱེ་ན་བདག་ཕྱོགས་འགའ་ཞིག་ཞུ་བར་འགྱུར་སྙམ་པའི་ཤེས་ལྡན་ཡུལ་འཁོར་སྐྱོང་དེ་ནི་དེ་ལགས་ཏེ། བང་མཛོད་སྟུག་པོ་ཅན་གྱི་འདི་ལྟ་བུ་ཞིག་ཏུ་མཆིས་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་རྒྱལ་པོ་ཀཽ་རབ་བྱས་མི་གཞན་ཞིག་ལ་བསྒོ་བ། ཀྭའི་ནང་
Vol. 2 · folio 106b
རྗེ་ཚུར་བཞོན་པ་བཟང་པོ་མྱུར་དུ་སྡོགས་ཤིག །དེ་ལ་ང་ཞོན་ནས་དེང་ཁོ་ན་ཤེས་ལྡན་ཡུལ་འཁོར་སྐྱོང་བལྟ་བའི་ཕྱིར་འགྲོའོ། །ལྷ་བཀའ་བཞིན་འཚལ་ཞེས་མི་དེས་རྒྱལ་པོ་ཀཽ་རབ་བྱའི་ལྟར་མཉན་ནས་བཞོན་པ་བཟང་པོ་མྱུར་དུ་བསྡོགས་ཏེ། རྒྱལ་པོ་ཀཽ་རབ་བྱ་གང་ན་བ་དེར་སོང་
ནས་ཕྱིན་པ་དང་། རྒྱལ་པོ་ཀཽ་རབ་བྱ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བཅིབས་པ་བཟང་པོ་བསྡོགས་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ། དེ་ནས་རྒྱལ་པོ་ཀཽ་རབ་བྱ་བཞོན་པ་བཟང་པོ་ལ་ཞོན་ནས་བང་མཛོད་སྟུག་པོ་ཅན་ནས་བྱུང་སྟེ། ཚེ་དང་ལྡན་པ་ཡུལ་
འཁོར་སྐྱོང་ལ་བལྟ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་སོང་ནས། དེ་ཇི་ཙམ་བཞོན་པའི་བར་དུ་བཞོན་པས་སོང་སྟེ། བཞོན་པ་ལས་བབས་ནས་རྐང་པ་ཁོ་ནས་ཀུན་དགའ་ར་བར་ཞུགས་སོ། །ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་རྒྱལ་པོ་ཀཽ་རབ་བྱ་རྒྱང་རིང་པོ་ཁོ་ན་ནས་འོངས་པ་
མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། རྒྱལ་པོ་ཆེན་པོ་བྱོན་པ་ལེགས་སོ་ཚུར་སྤྱོན། རྒྱལ་པོ་ཆེན་པོ་ཁྱོད་ཉིད་ཀྱི་ཡུལ་ལགས་པས་བཞེད་ན་བདག་ཀྱང་སྟན་ལ་གཡར་དྲོངས་ཤིག །ཀྱེ་ཡུལ་འཁོར་སྐྱོང་བདག་གི་ཡུལ་ལགས་མོད་ཀྱི། འོན་ཀྱང་
ཡུལ་འཁོར་སྐྱོང་གིས་བདག་སྟན་ལ་གཡར་དྲང་བར་འཚལ་ལོ། །རྒྱལ་པོ་ཆེན་པོ་གདན་མཆིས་ཀྱིས་གལ་ཏེ་བཞེད་ན་བཞུགས་ཤིག །དེ་ནས་རྒྱལ་པོ་ཀཽ་རབ་བྱ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་བ་དང་། མགུ་བར་འགྱུར་བའི་གཏམ་
རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་ཀཽ་རབ་བྱས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་ཡུལ་འཁོར་སྐྱོང་གལ་ཏེ་རིགས་དམན་པའམ། ལོངས་སྤྱོད་རྣམས་ཡོངས་སུ་ཟད་པའམ། གཏུགས་
པར་གྱུར་ན་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ཡོད་ན། བདག་ཅག་རིགས་ནི་ཀཽ་རབ་བྱ་ཡིན་ལ། ལོངས་སྤྱོད་ནི་རྒྱ་ཆེ་བ་ཡིན་གྱིས། འདི་ལྟར་ཁོ་བོས་ཤེས་ལྡན་ཡུལ་འཁོར་སྐྱོང་ལ་ལོངས་སྤྱོད་ཀྱི་སྐལ་
Vol. 2 · folio 107a
བ་དག་ལས་བགོ་བཤའ་བྱས། ཤེས་ལྡན་ཡུལ་འཁོར་སྐྱོང་ཚུར་ཁྱོད་འདུག་ལ་འདོད་པ་དག་ལ་ཡང་ཡོངས་སུ་སྤྱོད་ཅིག །སྦྱིན་པ་དག་ཐོང་ཤིག །བསོད་ནམས་དག་གྱིས་ཤིག །རྒྱལ་པོ་ཆེན་པོ་ཆ་མ་ལགས་པའི་མགྲོན་དུ་འབོད་པས་བདག་
མགྲོན་དུ་འབོད་ཀྱི་འཚམ་པས་ནི་མ་ལགས་སོ། །ཁྱོད་ལྟ་བུས་བདག་འདྲ་བའི་སྐྱེས་བུ་མཁས་པ་འདི་ལྟ་བུའི་མགྲོན་དུ་འབོད་པས་མགྲོན་དུ་ཡང་མ་འབོད་ཅིག །བདག་གིས་ཤེས་ལྡན་ཡུལ་འཁོར་སྐྱོང་དང་འཚམ་པའི་མགྲོན་དུ་འབོད་པས་མགྲོན་དུ་འབོད་པ་ཇི་ལྟ་བུ་ཞིག་ལགས།
རྒྱལ་པོ་ཆེན་པོ་ཚུར་སྤྱོན། ཁྱོད་ཀྱིས་འདི་སྐད་ཅེས་ཀྱེ་ཡུལ་འཁོར་སྐྱོང་ཁོ་བོའི་ཡུལ་འབྱོར་ཅིང་གནོད་པ་མེད་པ། སྡོ་བ་མེད་ཅིང་འཚེ་བ་མེད་ལ་སློང་བ་པོའི་བསོད་སྙོམས་རྙེད་སླ་བ་ཡིན་གྱིས། ཤེས་ལྡན་ཡུལ་འཁོར་སྐྱོང་བང་མཛོད་སྟུག་པོ་ཅན་འདིར་གནོས་ཤིག་དང་།
བདག་གིས་ཤེས་ལྡན་ཡུལ་འཁོར་སྐྱོང་ཆོས་བཞིན་གྱིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱའོ་ཞེས་བགྱི་བ་ལགས་ན། རྒྱལ་པོ་ཆེན་པོ་སེམས་མངོན་པར་དད་པ་གང་ལ་གང་ལགས་པ་དེ་ཙམ་གྱིས་བགྱིས་ལགས་ཏེ་འཚལ་ལོ། །གཞན་ཡང་གལ་ཏེ་ཞུས་པ་ལུང་བསྟན་
པའི་ཕྱིར་སྐབས་ཕྱེ་ན་ཤེས་ལྡན་ཡུལ་འཁོར་སྐྱོང་ལ་བདག་ཞུ་ལགས་སོ། །རྒྱལ་པོ་ཆེན་པོ་གསུངས་ཤིག །ཐོས་ནས་ཁྱོད་ལ་རིག་པར་བགྱིའོ། །ཀྱེ་ཡུལ་འཁོར་སྐྱོང་བཞི་པོ་འདི་དག་ནི་ཡོངས་སུ་ཉམས་པ་ལགས་ཏེ། དེ་དག་གིས་ཡོངས་སུ་ཉམས་པའི་རིགས་ཀྱི་བུ་དག་སྐྲ་དང་ཁ་སྤུ་
བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྒ་བས་ཡོངས་སུ་ཉམས་པ་དང་། ནད་ཀྱིས་ཡོངས་སུ་ཉམས་པ་དང་། ཉེ་དུས་ཡོངས་སུ་ཉམས་པ་དང་། ལོངས་སྤྱོད་ཀྱིས་
ཡོངས་སུ་ཉམས་པའོ། །ཀྱེ་ཡུལ་འཁོར་སྐྱོང་རྒ་བས་ཡོངས་སུ་ཉམས་པ་གང་ཞེ་ན། འདི་ལ་རིགས་ཀྱི་བུ་རྒས་འཁོགས་གཏུགས་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་རྒས་འཁོགས་གཏུགས་པས་བདག་གིས་རེ་ཞིག་འདོད་པ་དག་བདོག་ཀྱང་ལོངས་སྤྱད་པར་
Vol. 2 · folio 107b
སླ་བ་མ་ཡིན་ན་མི་བདོག་ན་ལྟ་སྨོས་ཀྱང་ཅི་དགོས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་ལ་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་ངོ་སྙམ་ནས། དེ་རྒ་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་
བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། འདི་ནི་རྒ་བའི་ཡོངས་སུ་ཉམས་པ་ཞེས་བྱའོ། །ཤེས་ལྡན་ཡུལ་འཁོར་སྐྱོང་རྒ་བའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་མ་ཡིན་ན་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་
པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ཅིའི་ཕྱིར་ཞེ་ན། ཤེས་ལྡན་ཡུལ་འཁོར་སྐྱོང་ནི་གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ། སྐྲ་གནག་པ། ན་ཚོད་དར་ལ་བབ་པ་དང་ལྡན་པ་ཡིན་ཏེ། གང་གི་ཚེ་རྩེད་མོ་དང་། དགའ་བ་དང་། མགུ་བ་དང་། ཆ་བ་དང་། བརྒྱན་པའི་
གནས་ལ་བརྩོན་པ་དང་ལྡན་པས་གནས་པར་བྱ་བ་དེའི་ཚེ་ཉེ་དུ་རྣམས་མཆི་མས་བརྣངས་ཤིང་ངུ་བཞིན་དང་བཅས་པས་མ་རངས་བཞིན་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། ཤེས་ལྡན་ཡུལ་འཁོར་སྐྱོང་
གིས་ཅི་ཞིག་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ལ་ནི་ཁོ་བོས་རངས་པ་མ་ཡིན་ཏེ་མི་བཟོད་དོ། །ཀྱེ་ཤེས་ལྡན་ཡུལ་འཁོར་སྐྱོང་ནད་ཀྱིས་ཡོངས་སུ་ཉམས་པ་གང་ཞེ་ན།
འདི་ལ་རིགས་ཀྱི་བུ་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་ནི་ན་བ་སྡུག་བསྔལ་བ་ནད་ཚབས་ཆེ་བས་བདག་གིས་རེ་ཞིག་འདོད་པ་དག་བདོག་ཀྱང་ལོངས་སྤྱད་པར་སླ་བ་མ་ཡིན་ན་མི་བདོག་ན་ལྟ་སྨོས་ཀྱང་ཅི་དགོས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་
ནས་གོས་ངུར་སྨྲིག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནད་ཀྱིས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་འབྱུང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་
Vol. 2 · folio 108a
ནད་ཀྱིས་ཡོངས་སུ་ཉམས་པ་ཞེས་བྱའོ། །ཤེས་ལྡན་ཡུལ་འཁོར་སྐྱོང་ནི་ནད་ཀྱིས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་མ་ཡིན་ནོ། །སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ཞེས་བྱ་
བའི་བར་གོང་མ་བཞིན་དུའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་ལྡན་ཡུལ་འཁོར་སྐྱོང་གནོད་པ་མེད་ཅིང་ནད་མེད་པའི་རང་བཞིན་ཅན་དང་། རན་པར་འཇུག་པའི་དྲོད་དང་ལྡན་པ་སྟེ། ཧ་ཅང་བསིལ་བ་མ་ཡིན་པ་དང་། ཧ་ཅང་ཚ་བ་མ་ཡིན་པ་དང་། ཁམས་སྙོམས་པས་གནོད་
པ་མེད་པ་དང་ལྡན་པས་ཁྱོད་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་ལེགས་པར་བདེ་བར་འཇུ་བར་འགྱུར་ན། ཤེས་ལྡན་ཡུལ་འཁོར་སྐྱོང་དེ་ལ་ཅི་ཞིག་ཤེས་མཐོང་ཞེས་བྱ་བ་ནས་རབ་ཏུ་འབྱུང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །
དེ་ལ་ནི་ཁོ་བོ་རངས་པ་མ་ཡིན་ཏེ་མི་བཟོད་དོ། །ཀྱེ་ཡུལ་འཁོར་སྐྱོང་ཉེ་དུས་ཡོངས་སུ་ཉམས་པ་གང་ཞེ་ན། འདི་ལ་རིགས་ཀྱི་བུའི་ཉེ་དུ་རྣམས་རབས་ཆད་ཉེ་དུ་རྣམས་ཁ་དག་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ཉེ་དུ་རྣམས་རབས་ཆད་ཉེ་དུ་རྣམས་ཁ་དག་པས་མ་ལ་བདག་སྐྲ་དང་ཁ་སྤུ་
བྲེགས་ནས་ཞེས་བྱ་བ་ནས་རབ་ཏུ་འབྱུང་བར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ཉེ་དུའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པས་སྐྲ་དང་ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནས་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་ཉེ་དུས་ཡོངས་སུ་ཉམས་པ་ཞེས་བྱའོ། །ཤེས་
ལྡན་ཡུལ་འཁོར་སྐྱོང་ནི་ཉེ་དུས་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་མ་ཡིན་ན། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཡུལ་འཁོར་སྐྱོང་གི་ཉེ་དུ་ནི་ཀཽ་རབ་བྱའི་རིགས་ནས་བཟུང་སྟེ་
བརྒྱུད་པ་བང་མཛོད་སྟུག་པོ་ཅན་འདི་ཉིད་ན་རྒྱས་པར་ཡོད་ན། ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ཞིག་ཤེས་མཐོང་ཞེས་བྱ་བ་ནས་རབ་ཏུ་བྱུང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ལ་ནི་ཁོ་བོས་རངས་པ་མ་ཡིན་ཏེ་མི་བཟོད་དོ། །ཀྱེ་ཡུལ་འཁོར་སྐྱོང་ལོངས་སྤྱོད་ཀྱིས་ཡོངས་སུ་ཉམས་
Vol. 2 · folio 108b
པ་གང་ཞེ་ན། འདི་ལ་རིགས་ཀྱི་བུའི་ལོངས་སྤྱོད་སྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གི་ལོངས་སྤྱོད་ནི་སྲབས་པ་དང་། ཡོངས་སུ་ཟད་པ་དང་། གཏུགས་པར་གྱུར་གྱིས། མ་ལ་བདག་སྐྲ་དང་ཁ་སྤུ་བྲེགས་
ནས་ཞེས་བྱ་བ་ནས་རབ་ཏུ་འབྱུང་ངོ་ཞེས་བྱ་བའི་བར་དུའོ། །དེ་ལོངས་སྤྱོད་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པས་སྐྲ་དང་ཁ་སྤུ་བྲེགས་ནས་ཞེས་བྱ་བ་ནས་རབ་ཏུ་འབྱུང་ངོ་། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །འདི་ནི་ལོངས་སྤྱོད་ཀྱིས་ཡོངས་སུ་ཉམས་པ་ཞེས་བྱའོ། །ཤེས་
ལྡན་ཡུལ་འཁོར་སྐྱོང་ནི་ལོངས་སྤྱོད་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་མ་ཡིན་ན། ཞེས་བྱ་བ་ནས་རབ་ཏུ་བྱུང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཤེས་ལྡན་ཡུལ་འཁོར་སྐྱོང་ནི་བང་མཛོད་སྟུག་པོ་ཅན་འདི་ན་རིགས་མཆོག་དང་རིགས་བཟང་པོ་ཡིན་པས་འདི་ལྟ་སྟེ། ལོངས་
སྤྱོད་ཆེན་པོ་དང་ལྡན་པ་ཡིན་ན། འདི་ལ་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ཞིག་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ལ་ནི་ཁོ་བོ་རངས་པ་མ་ཡིན་ཏེ་མི་བཟོད་དོ། །རྒྱལ་པོ་
ཆེན་པོ་བཞི་པོ་འདི་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་ཡིད་འབྱུང་བའི་ལམ་དུ་གསུངས་ཏེ། ཡིད་འབྱུང་བ་དེ་དག་གིས་ཡིད་བྱུང་ནས་རིགས་ཀྱི་བུ་རྣམས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་
ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་འཇིག་རྟེན་འདི་ཐམས་ཅད་ནི་རྒ་བས་ཉེ་བར་ཁྲིད་པ་ཡིན། འཇིག་རྟེན་འདི་ནི་རྗེས་སུ་འགྲོ་བ་མེད་པས་སྐྱབས་མེད་པ་ཡིན། འཇིག་རྟེན་འདི་ནི་ཐམས་ཅད་བོར་ཏེ་འགྲོ་བར་འགྱུར་བས་
བདོག་པ་མེད་པ་ཡིན། འཇིག་རྟེན་འདི་ནི་ངོམས་མི་ཤེས་ཏེ་སྲེད་པས་འཁོལ་བས་ཆོག་མི་ཤེས་པ་ཡིན་པར་བདག་གིས་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །བདག་གིས་མདོར་
Vol. 2 · folio 109a
བསྡུས་ཏེ་གསུངས་ཤིང་རྣམ་པར་མ་ཕྱེ་བ་འདིའི་དོན་རྒྱས་པར་འཚལ་བར་མི་འགྱུར་བས། ཤེས་ལྡན་ཡུལ་འཁོར་སྐྱོང་གིས་དོན་དེ་ཉིད་ཅི་ནས་བདག་གི་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་མདོར་བསྡུས་ཏེ་གསུངས་ཤིང་རྣམ་པར་མ་ཕྱེ་བ་འདིའི་དོན་རྒྱས་པར་འཚལ་བར་
འགྱུར་བར་རྒྱས་པར་བཤད་དུ་གསོལ། ཤེས་ལྡན་ཡུལ་འཁོར་སྐྱོང་གིས་འདི་སྐད་ཅེས་འཇིག་རྟེན་འདི་ཐམས་ཅད་ནི་རྒ་བས་ཉེ་བར་ཁྲིད་པ་ཡིན་ནོ། །ཞེས་གསུངས་པ་གང་ལགས་པ་དེ་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ལས་དགོངས་ཏེ་གསུངས། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ཉིད་
ལ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གང་གི་ཚེ་ཁྱོད་ལོ་ཉི་ཤུ་འམ་ལོ་ཉི་ཤུ་རྩ་ལྔ་ལོན་པར་གྱུར་པ་ན་ན་ཚོད་ཀྱིས་གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ། སྐྲ་གནག་པ། ཉམ་རྩལ་བདོ་བ་དང་ལྡན་པ་དེ་དང་ད་ལྟར་གྱི་ལུས་སུ་
འདི་ལྟ་སྟེ་ཚེ་འམ། ཁ་དོག་གམ། སྟོབས་སམ། ཤུགས་སམ། སྨྲ་དངགས་སམ། སྲིད་དུ་འམ། སྦོམས་སུ་མཉམ་ཞིང་མཚུངས་པར་མཐོང་ངམ། ཀྱེ་ཡུལ་འཁོར་སྐྱོང་གང་གི་ཚེ་བདག་ལོ་ཉི་ཤུ་འམ་ལོ་ཉི་ཤུ་རྩ་ལྔ་ལོན་པར་གྱུར་པ་ན་ན་ཚོད་ཀྱིས་གཞོན་ནུ་ཐོར་བུ་ལང་ཚོ་ལ་
བབ་པ། སྐྲ་གནག་པ། ཉམ་རྩལ་བདོ་བ་དང་ལྡན་པ་དེ་དང་ད་ལྟར་གྱི་ལུས་སུ་འདི་ལྟ་སྟེ་ཚེ་འམ། ཁ་དོག་གམ། སྟོབས་སམ། ཤུགས་སམ། སྲིད་དུ་འམ། སྦོམས་སུ་འམ། སྨྲ་དངགས་སུ་མཉམ་ཞིང་མཚུངས་པར་མ་མཐོང་སྟེ། ད་ནི་བདག་ན་ཚོད་ཀྱིས་ལོ་
བརྒྱད་བཅུ་ལོན་པས་རྒས་འཁོགས་གཏུགས་ཏེ་བར་འགའ་བདག་འདུག་པ་དང་ལངས་པ་ཡང་གཞན་གྱིས་བྱ་དགོས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་འདི་ལས་
དགོངས་ནས་འཇིག་རྟེན་འདི་ཐམས་ཅད་ནི་རྒ་བས་ཉེ་བར་ཁྲིད་པ་ཡིན་ནོ། །ཞེས་གསུངས་པ་དེ་བདག་གིས་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དེ་ལ་ནི་བདག་རངས་ཏེ་བཟོད་དོ། །
Vol. 2 · folio 109b
ཤེས་ལྡན་ཡུལ་འཁོར་སྐྱོང་གང་ལ་རངས་ཏེ་བཟོད་པ་དེ་ལ་བདག་ཀྱང་རངས་ཏེ་བཟོད་དོ། །གང་ཡང་ཤེས་ལྡན་ཡུལ་འཁོར་སྐྱོང་འདི་སྐད་ཅེས་འཇིག་རྟེན་འདི་ནི་རྗེས་སུ་འགྲོ་བ་མེད་པས་སྐྱབས་མེད་པ་ཡིན་ནོ་ཞེས་གསུངས་པ་བདག་ལ་ནི་བུ་དང་། ཆུང་མ་དང་། བྲན་དང་། ལས་
བགྱིད་པ་དང་། བཞད་གད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དང་། འདུལ་སྦྱོང་མཁན་དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་རྐྱ་དང་། ཤིང་རྟ་པ་དང་། བཤན་ཐོགས་དང་། གཞུ་འཛིན་པ་དང་། འདྲོལ་བུ་དང་། གོ་རེ་ལོང་བགྱིད་པ་དང་། བྲོ་གར་ལེན་པ་རྣམས་དང་།
རྒྱལ་པོའི་བུ་དཔའ་བརྟུལ་ཕོད་པ། རབ་ཏུ་གནོན་ཚན་པོ་ཆེ་ཆེན་པོ་དང་ལྡན་པ་གང་དག་བདག་གི་གཤེད་མ་ཕྱིར་རྒོལ་བ་མི་མཛའ་བ་དག་མཆིས་པ་སླར་འཇོམས་པར་བགྱིད་པ་མཆིས་ན། འོན་ཀྱང་ཤེས་ལྡན་ཡུལ་འཁོར་སྐྱོང་འདི་སྐད་ཅེས་འཇིག་རྟེན་འདི་ནི་རྗེས་སུ་འགྲོ་བ་མེད་པས་
སྐྱབས་མེད་པ་ཡིན་ནོ་ཞེས་གསུངས་པ་དེ་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ལས་དགོངས་ཏེ་གསུངས་རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །རྒྱལ་པོ་ཆེན་པོ་ད་ལྟར་ཁྱོད་ལ་ལུས་ཀྱིས་གནོད་པ་འགའ་མཆིས་སམ། ཀྱེ་ཡུལ་
འཁོར་སྐྱོང་བདག་ལ་མཆིས་ཏེ་ད་ལྟར་རླུང་གིས་རྒྱབ་ཏུ་གནོད་དོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་རླུང་གིས་རྒྱབ་ཏུ་གནོད་པར་གྱུར་པ་དེའི་ཚེ་བདག་གི་བུ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་དང་། བཞད་གད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དང་། འདུལ་སྦྱོང་མཁན་
དང་། གླང་པོ་ཆེ་ལ་ཞོན་པ་དང་། རྟ་རྐྱ་དང་། ཤིང་རྟ་པ་དང་། བཤན་ཐོགས་དང་། གཞུ་འཛིན་དང་། འདྲོལ་བུ་དང་། གོ་རེ་ལོང་བྱེད་པ་དང་། བྲོ་གར་ལེན་པ་དང་། རྒྱལ་པོའི་བུ་དཔའ་བ་རྟུལ་ཕོད་པ། རབ་ཏུ་གནོན་ཚན་པོ་ཆེ་ཆེན་པོ་དང་ལྡན་པ་གང་དག་ཡིན་པ་ཚུར། བདག་
ལ་སྐྱེས་ཤིང་བྱུང་བའི་སྡུག་བསྔལ་དྲག་པོ་རྩུབ་པ་ཚ་བ་མི་བཟོད་པ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་ཆོམས་ཤིག་ཅེས་བགྱིས་ན་འགྲུབ་བམ། ཀྱེ་ཡུལ་འཁོར་སྐྱོང་མ་ལགས་སོ། །གང་གི་ཚེ་རླུང་གིས་བདག་གི་རྒྱབ་ཏུ་གནོད་པར་གྱུར་པ་དེའི་ཚེ་བདག་གི་བུ་དང་། ཆུང་མ་དང་། བྲན་དང་། ལས་
Vol. 2 · folio 110a
བགྱིད་པ་དང་། བཞད་གད་པ་དང་། སྐྲ་མཁན་དང་། ཁྲུས་མཁན་དང་། འདུལ་སྦྱོང་མཁན་དང་། གླང་པོ་ཆེའི་གཉར་ཞོན་པ་དང་། རྟ་རྐྱ་དང་། ཤིང་རྟ་དང་། བཤན་ཐོགས་དང་། གཞུ་འཛིན་དང་། འདྲོལ་བུ་དང་། གོ་རེ་ལོང་བགྱིད་པ་དང་། བྲོ་གར་ལེན་པ་དང་།
རྒྱལ་པོའི་བུ་དཔའ་བ་རྟུལ་ཕོད་པ། རབ་ཏུ་གནོན་ཚན་པོ་ཆེ་ཆེན་པོ་དང་ལྡན་པ་གང་དག་ཡིན་པ་ཚུར། བདག་ལ་བྱུང་ཞིང་སྐྱེས་པའི་སྡུག་བསྔལ་དྲག་པོ་རྩུབ་པ་ཚ་བ་མི་བཟད་པ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་ཆོམས་ཤིག་ཅེས་བགྱིས་ཀྱང་མི་འགྲུབ་ཀྱི། དེའི་ཚེ་བདག་འབའ་ཞིག་སྡུག་བསྔལ་
དྲག་པོ་རྩུབ་པ་ཚ་བ་མི་བཟོད་པ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་ངོ་། །རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་འདི་ལས་དགོངས་ནས་འཇིག་རྟེན་འདི་ནི་རྗེས་སུ་འགྲོ་བ་མེད་དེ་སྐྱབས་མེད་པ་ཡིན་ནོ་ཞེས་གསུངས་
པ་དེ་བདག་གིས་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ལ་ནི་བདག་རངས་ཏེ་བཟོད་དོ། །ཤེས་ལྡན་ཡུལ་འཁོར་སྐྱོང་གང་ལ་རངས་ཏེ་བཟོད་པ་དེ་ལ་བདག་ཅག་ཀྱང་རངས་ཏེ་
བཟོད་དོ། །གང་ཡང་ཤེས་ལྡན་ཡུལ་འཁོར་སྐྱོང་འདི་སྐད་ཅེས་འཇིག་རྟེན་འདི་ནི་ཐམས་ཅད་བོར་ནས་འགྲོ་བར་འགྱུར་བས་བདོག་པ་མེད་པ་ཡིན་ནོ་ཞེས་གསུངས་པ། ཀྱེ་ཡུལ་འཁོར་སྐྱོང་བདག་ཅག་ལ་བུ་དང་། ཆུང་མ་དང་། བྲན་དང་། ལས་བགྱིད་པ་དང་། ཞེས་བྱ་བ་ནས། རྒྱལ་
པོའི་བུ་རྣམས་མཆིས་ཏེ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གང་དག་བདག་མཆི་ན་རྗེས་བཞིན་འབྲང་ལ། འགྲེང་ན་འགྲེང་བ་དང་། ཉལ་ན་ཞུགས་ཚེ་བགྱིད་པ་དག་མཆིས་ན། འོན་ཀྱང་ཤེས་ལྡན་ཡུལ་འཁོར་སྐྱོང་འདི་སྐད་ཅེས་འཇིག་རྟེན་འདི་ནི་ཐམས་ཅད་བོར་ཏེ་འགྲོ་བར་འགྱུར་བས་
བདོག་པ་མེད་པ་ཡིན་ནོ། །ཞེས་གསུང་བ་དེ་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ལས་དགོངས་ཏེ་གསུངས། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། གང་གི་ཚེ་སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་
Vol. 2 · folio 110b
མང་པོ་མི་འདོད་པ། སྐྱེ་བོ་མང་པོ་མི་དགའ་བ། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་འདི་ལྟ་སྟེ། འཆི་བ་ཞེས་བྱ་བའི་ཆོས་དེ་འོངས་པར་གྱུར་པ་དེའི་ཚེ་བདག་གི་བུ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་ཞེས་བྱ་བ་ནས་རྒྱལ་པོའི་བུ་དག་
ཚུར་ཞེས་བྱ་བའི་བར་དུའོ། །གང་དག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བའི་ཕྱི་བཞིན་ཤོག་ཤིག་ཅེས་བགྱིས་ན་འགྲུབ་བམ། ཀྱེ་ཡུལ་འཁོར་སྐྱོང་མ་ལགས་སོ། །ཀྱེ་ཡུལ་འཁོར་སྐྱོང་གང་གི་ཚེ་སྐྱེ་བོ་མང་པོ་ལ་མི་སྡུག་པ། སྐྱེ་བོ་མང་པོ་མི་འདོད་པ། སྐྱེ་བོ་མང་པོ་
མི་དགའ་བ། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་འདི་ལྟ་སྟེ། འཆི་བ་ཞེས་བྱ་བའི་ཆོས་དེ་འོངས་པར་གྱུར་པ་དེའི་ཚེ་བདག་གི་བུ་དང་། ཆུང་མ་དང་། བྲན་དང་། ལས་བགྱིད་པ་རྣམས་དང་ཞེས་བྱ་བ་ནས། རྒྱལ་པོའི་བུའི་བར་གང་དག་ཡིན་པ་ཚུར་
ཞེས་བྱ་བའི་བར་དུའོ། །བདག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བའི་ཕྱི་བཞིན་ཤོག་ཤིག་ཅེས་བགྱིས་ཀྱང་མི་འགྲུབ་སྟེ། བདག་འབའ་ཞིག་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མཆི་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་ཅིང་གཟིགས་པ་དེས་འདི་ལས་དགོངས་ནས་འཇིག་རྟེན་འདི་ནི་ཐམས་ཅད་བོར་ཏེ་འགྲོ་བར་འགྱུར་བས་བདོག་པ་མེད་པ་ཡིན་ནོ་ཞེས་གསུངས་པ་དེ་བདག་གིས་ཤེས་མཐོང་ཐོས་རྟོགས་ནས། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་
བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་ལ་ནི་བདག་རངས་ཏེ་བཟོད་དོ། །ཤེས་ལྡན་ཡུལ་འཁོར་སྐྱོང་གང་ལ་རངས་ཏེ་བཟོད་པ་དེ་ལ་བདག་ཀྱང་རངས་ཏེ་བཟོད་དོ། །ཤེས་ལྡན་ཡུལ་འཁོར་སྐྱོང་གང་ཡང་འདི་སྐད་ཅེས་འཇིག་རྟེན་འདི་ནི་ངོམས་
མི་ཤེས་ཤིང་སྲེད་པས་བཀོལ་བས་ཆོག་མི་ཤེས་པ་ཡིན་ནོ་ཞེས་གསུངས་པ། ཀྱེ་ཡུལ་འཁོར་སྐྱོང་བདག་སྒྲ་ངན་རྒྱས་པ་འདི་ཉིད་ལ་ཡོངས་སུ་སྤྱོད་ཅིང་བཙུན་མོ་མང་པོ་དང་། མཛོད་དང་། བང་མཛོད་རྒྱས་པ་ལ་ཡོངས་སུ་ལོངས་སྤྱོད་ན། འོན་ཀྱང་ཤེས་ལྡན་ཡུལ་འཁོར་སྐྱོང་འདི་སྐད་
Vol. 2 · folio 111a
སྐད་ཅེས་འཇིག་རྟེན་འདི་ནི་ངོམས་མི་ཤེས་ཤིང་སྲེད་པས་བཀོལ་བས་ཆོག་མི་ཤེས་པ་ཡིན་ནོ་ཞེས་གསུངས་པ་དེ་ཤེས་ལྡན་ཡུལ་འཁོར་སྐྱོང་གིས་ཅི་ལས་དགོངས་ཏེ་གསུངས། རྒྱལ་པོ་ཆེན་པོ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་
ཐོབ་ཤིག །རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཁྱོད་འདི་ན་སྒྲ་ངན་རྒྱས་པ་ལ་ཡོངས་སུ་སྤྱོད་ཅིང་བཙུན་མོ་མང་པོ་དང་། མཛོད་དང་། བང་མཛོད་རྒྱས་པ་ལ་ཡོངས་སུ་སྤྱོད་པ་ལས་ཤར་ཕྱོགས་ནས་མི་ཡིད་གཅུགས་པ། ཡིད་ཆེས་པ། བརྟན་པོ། འཇིག་རྟེན་
ལ་མི་སླུ་བ་ཞིག་འོངས་ནས་དེ་འདི་སྐད་ཅེས་ལྷ་བདག་ཤར་ཕྱོགས་ནས་འདིར་མཆི་བ་ན་དེ་ན་བདག་གིས་ལྗོངས་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་དག་ཅིག་མཐོང་སྟེ། ལྷ་ལྗོངས་དེ་དག་འདི་ལྟ་བུའི་དཔུང་
དང་འདི་ལྟ་བུའི་དབྱིག་དང་། འདི་ལྟ་བུའི་བཞོན་པས་དྲ་མ་དྲངས་ཏེ་གཞོམ་པ་དང་། ཆོམས་ནས་རྣལ་དུ་དགོད་པར་རུང་ངོ་། །ཞེས་སྨྲ་ན། རྒྱལ་པོ་ཆེན་པོ་ཇི་སྙམ་དུ་སེམས། ཁྱོད་ཡུལ་དེར་དྲ་མ་དྲང་ཞིང་དྲངས་ནས་བཅོམ་སྟེ། རྣལ་དུ་འགོད་དམ། ཁྱོད་ལྗོངས་དེ་དག་འདོད་
དམ། ཀྱེ་ཡུལ་འཁོར་སྐྱོང་གལ་ཏེ་བདག་གིས་ལྗོངས་དེ་དག་འདི་ལྟ་བུའི་དབྱིག་དང་། འདི་ལྟ་བུའི་དཔུང་དང་། འདི་ལྟ་བུའི་བཞོན་པས་དྲ་མ་དྲང་བ་དང་། དྲ་མ་དྲངས་ནས་ཆོམས་པ་དང་བཅོམ་ནས་རྣལ་དུ་དགོད་དུ་རུང་བར་ཤེས་ན། ལྗོངས་དེ་དག་ཏུ་དྲ་མ་དྲང་ཞིང་དྲ་མ་དྲངས་ནས་
བཅོམ་ལ། བཅོམ་ནས་རྣལ་དུ་དགོད་དོ། །བདག་ལྗོངས་དེ་དག་ཀྱང་འཚལ་ལོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་ལྔ་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་མཁྱེན་ཅིང་གཟིགས་
པ་དེས་དེ་ལས་དགོངས་ནས་འཇིག་རྟེན་འདི་ནི་ངོམས་མི་ཤེས་ཤིང་སྲེད་པས་བཀོལ་བས་ཆོག་མི་ཤེས་པ་ཡིན་ནོ། །ཞེས་གསུངས་པ་དེ་བདག་གིས་ཤེས་མཐོང་ཐོས་རྟོགས་ནས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་
Vol. 2 · folio 111b
ཏུ་བྱུང་སྟེ། དེ་ལ་ནི་བདག་རངས་ཏེ་བཟོད་དོ། །ཤེས་ལྡན་ཡུལ་འཁོར་སྐྱོང་ཁྱོད་གང་ལ་རངས་ཏེ་བཟོད་པ་དེ་ལ་བདག་ཀྱང་རངས་ཏེ་བཟོད་དོ། །ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་དེ་སྐད་ཅེས་སྨྲས་ནས་གནས་བརྟན་དགྲ་བཅོམ་པས་གཞན་ཡང་འདི་སྐད་ཅེས་སྨྲས་སོ། །
འཇིག་རྟེན་དག་ན་ནོར་དང་ལྡན་པའི་མི། །དེ་དག་ཆགས་དང་བཅས་པས་སོགས་བྱེད་ཅིང་། །ནོར་རྣམས་རྙེད་ནས་གཏོང་བར་མི་བྱེད་ལ། །ཕྱིར་ཞིང་འདོད་པ་དོན་དུ་གཉེར་བ་མཐོང་། །མི་དབང་རྒྱ་མཚོ་མཐའ་ཡིས་གཏུགས་པའི་ས། །ཐག་བཅུག་བཅོམ་སྟེ་ཆམ་དུ་ཕབ་ནས་ནི། །
རྒྱ་མཚོ་ཚུན་ཅད་ཀྱིས་ཀྱང་མི་ཆོག་སྟེ། །ཆགས་པས་ཕ་རོལ་དོན་དུ་གཉེར་བར་འབད། །མི་དབང་དེ་བཞིན་མི་གཞན་མང་པོ་དག །ཡོངས་སུ་བཟུང་ལ་ངོམས་པ་ཡོད་མིན་པས། །ཆོག་མི་ཤེས་པས་རང་གི་ལུས་བོར་ཏེ། །སྲེད་དང་མ་བྲལ་བར་ནི་འཆི་བར་འགྱུར། །སྲོག་ནི་ཐེར་
ཟུག་མ་ཡིན་ཚེ་ཐུང་སྟེ། །རྒ་བས་གཟིར་བ་ལ་ནི་སྐྱབས་ཡོད་མིན། །འཆི་བ་ལ་ནི་ནོར་རྗེས་འབྲང་མི་འགྱུར། །ཉེ་དུ་མ་ཡིན་གྲོགས་མིན་བུ་མ་ཡིན། །སྤུན་དང་སྲིང་མོ་དེ་བཞིན་གྲོགས་ཀུན་དང་། །སྙིང་དུ་སྡུག་པའི་ཚོགས་ནི་འདུས་ནས་ནི། །ཀྱེ་མ་ཀྱི་ཧུད་འདི་ནི་ལྷར་གྱུར་
ཅེས། །སྐྲ་བཤིག་མཆི་མ་ཅན་གྱི་གདོང་གིས་ངུ་། །དེ་ནི་རས་ཀྱིས་དཀྲིས་ཏེ་ཕྱུང་ནས་ནི། །མེ་སྦར་ནས་ནི་དེ་ནས་སྲེག་པར་བྱེད། །རང་གི་ལས་ཀྱིས་སེམས་ཅན་དེ་ཁྲིད་ནས། །དེ་ཡི་ནོར་རྣམས་བགོ་སྐལ་སྤྱོད་པས་ཕྲོགས། །འདི་ནི་སྐྱེ་བ་ན་ཡང་གཅིག་པུ་སྐྱེ། །འཆི་
བ་ན་ཡང་གཅིག་པུ་འཆི་འགྱུར་ཞིང་། །གཅིག་པུས་སྡུག་བསྔལ་ཉམས་སུ་འདིར་མྱོང་འགྱུར། །སྐྱེ་བོ་འཁོར་བར་གྲོགས་ཡོད་མ་ཡིན་ནོ། །ཕྱུག་པོའམ་ཡང་ན་བཀྲེས་པའམ་བརྟན་པོའམ། །བུས་པ་དེ་བཞིན་གཉིས་ཀས་རེག་མྱོང་ན། །བརྟན་པོ་དེ་ཡིས་ནམས་ཀྱང་གཡོས་མི་
འགྱུར། །བུས་པ་བུས་པ་ཡིན་ཕྱིར་རྟག་ཏུ་གཡོ། །བློ་ཆུང་མི་མཁས་རྗེས་སུ་སློབ་བྱེད་ཅིང་། །དེ་ནས་ལས་རྣམས་གསུམ་པོ་བྱེད་འགྱུར་ཞིང་། །མངལ་དང་འཇིག་རྟེན་ཕ་རོལ་འགྲོ་བར་འགྱུར། །ཁོན་དང་རྗེས་འབྲེལ་སྡུག་བསྔལ་ལས་མི་འགྲོལ། །ཤེས་རབ་ནོར་རྣམས་ཀུན་གྱི་
Vol. 2 · folio 112a
མཆོག་ཏུ་གསུངས། །དེ་ཡིས་བདག་ཉིད་ཤེས་པས་བདག་ཉིད་རིག །སྲིད་དང་སྲིད་མིན་བདག་ཉིད་མ་རྟོགས་པས། །བླུན་པོ་སྡིག་པའི་ལས་རྣམས་བྱེད་པ་ཡིན། །ཕྲན་ཚེགས་ཐབས་སམ་ཡང་ན་ཆོས་མིན་པའམ། །མཐུ་ཡིས་གཞན་དག་ལས་ནི་གང་འཕྲོག་
པ། །ཉེས་བྱས་ལས་བྱེད་འཁོར་བ་ལ་བརྟེན་ནས། །ཉིང་ཏོར་བརྒྱུད་པས་གྲོལ་བར་འགྱུར་མ་ཡིན། །ཇི་ལྟར་རྐུན་པོ་ཁྱིམ་འབིགས་བཟུངས་ནས་ནི། །སྡིག་པའི་ལས་ཅན་རང་གི་ལས་ཀྱིས་བཅོམ། །དེ་བཞིན་སྐྱེ་དགུ་ཉེས་བྱེད་འདི་དང་ནི། །འཇིག་རྟེན་ཕ་རོལ་རང་གི་ལས་
ཀྱིས་བཅོམ། །ཤིང་ལས་ཤིང་ཏོག་བཞིན་དུ་མི་རྣམས་ནི། །གཞོན་དང་བར་མ་རྒན་པོ་རྣམས་ཀྱང་ལྟུང་། །འདོད་པ་སྣ་ཚོགས་སྡུག་ཅིང་ཡིད་འོང་བ། །རང་བཞིན་དེ་ལྟ་བུ་ཡིས་སེམས་རབ་འཇོམས། །འདོད་པ་རྣམས་ཀྱིས་འདི་འཆིང་ཆགས་པར་འགྱུར། །འདོད་པ་ཡོད་ན་ཁོན་
དང་འཇིགས་པ་སྐྱེ། །དེ་ལྟས་རྒྱལ་པོ་འདི་ནས་རབ་བྱུང་སྟེ། །དགེ་སྦྱོང་ཉིད་ནི་ཉམས་པ་མེད་མཆོག་ཡིན། །དེ་ནས་རྒྱལ་པོ་ཀཽ་རབ་བྱ་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་གིས་སྨྲས་པ་ལ་མངོན་པར་དགའ་སྟེ་ཡི་རངས་ནས་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་སོང་
ངོ་། །བཅོམ་ལྡན་འདས་གླང་པོ་ཆེའི་གྲོང་རྡལ་དུ་བྱོན་པ་དང་། བྲམ་ཟེ་ཞིག་གིས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་
ཉི་མ་སྟོང་པས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་དེ་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ནས་ཚིགས་སུ་བཅད་པས་བསྟོད་པར་བརྩམས་པ། གསེར་གྱི་མདོག་ཅན་མིག་ཏུ་སྡུག་པ་དང་། །དགའ་བའི་འབྱུང་
གནས་ཡོན་ཏན་ཀུན་དང་ལྡན། །མི་འདུལ་ཁ་ལོ་སྒྱུར་བ་ལྷ་ཡི་ལྷ། །སྲིད་པའི་རྒྱ་མཚོའི་ཕ་རོལ་བྱོན་པ་ལགས། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་ན་ཞེས་བྱ་བ་ནས། མཛོད་སྤུར་ནུབ་
Vol. 2 · folio 112b
པར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་བ་བྱས་ནས་ཞུས་པ། ཁ་དོག་སྣ་ཚོགས་སྟོང་གིས་བཀྲ་བ་ཡི། །ཞེས་བྱ་བ་ནས་ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ་ཞེས་བྱ་བའི་བར་
གོང་མ་བཞིན་དུའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་བྲམ་ཟེས་དེ་བཞིན་གཤེགས་པ་ལ་ཚིགས་སུ་བཅད་པས་བསྟོད་པ་གང་ཡིན་པ་མཐོང་ངམ།
བཅོམ་ལྡན་འདས་མཐོང་ལགས་སོ། །འདི་དགེ་བའི་རྩ་བ་འདིས་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་ཏེ། འོན་ཀྱང་ལྷ་དང་མི་རྣམས་སུ་ཉིང་མཚམས་སྦྱར་ཅིང་འཁོར་ནས་སྲིད་པ་ཕྱི་མ་སྐྱེ་གནས་ཕྱི་མ་དང་། ལུས་ཕྱི་མ་དང་། བདག་གི་ངོ་བོ་ཐོབ་པ་ཕྱི་
མ་ལ་རང་སངས་རྒྱས་བསྟོད་འོས་ཞེས་བྱ་བར་འགྱུར་རོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དང་། བཅོམ་ལྡན་འདས་
ཀྱིས་རང་བྱང་ཆུབ་ཏུ་ལུང་བསྟན་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་ལྟར་འདིས་འདས་པའི་དུས་ན་ཡང་ང་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པས། ངས་གྲོང་མཆོག་ལྔ་བྱིན་པ་དེ་ལེགས་པར་རབ་ཏུ་
ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་བཱ་རཱ་ཎ་སཱི་གྲོང་ཁྱེར་དུ་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ལ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། དེ་ལྷག་པར་སྙན་དངགས་ལ་དགའ་
བར་གྱུར་ཏོ། །བཱ་རཱ་ཎ་སཱི་ན་བྲམ་ཟེ་སྙན་དངགས་མཁན་གཞན་ཞིག་ཡོད་པ་དེ་ལ་བྲམ་ཟེ་མོས་སྨྲས་པ། བྲམ་ཟེ་གྲང་བའི་དུས་ལ་བབ་ཀྱིས་རྒྱལ་པོ་དེའི་སྤྱན་སྔར་སོང་ལ་རྗེས་སུ་མཐུན་པའི་ལེགས་པར་སྨྲ་བ་འགའ་བྱོས་དང་། གལ་ཏེ་ན་གྲང་བའི་སྐྱབས་ཅུང་ཟད་འཐོབ་པར་འགྱུར་
Vol. 2 · folio 113a
རོ། །དེ་སོང་བ་ལས་ཇི་ཙམ་ན་རྒྱལ་པོ་གླང་པོ་ཆེ་ལ་ཞོན་ནས་བྱུང་ངོ་། །བྲམ་ཟེ་དེས་བསམས་པ། ཅི་བདག་གིས་རྒྱལ་པོ་ལ་བསྟོད་དམ། འོན་ཏེ་གླང་པོ་ཆེ་དམ་པ་ལ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། གླང་པོ་ཆེ་དམ་པ་འདི་ནི་འཇིག་རྟེན་
ཐམས་ཅད་ཀྱིས་སྡུག་ཅིང་ཡིད་དུ་འོང་བ་ཡིན་ལ་རྒྱལ་པོ་ལ་ནི་ཁྱད་པར་དུ་ཡིན་པས། རེ་ཞིག་གླང་པོ་ཆེ་དམ་པ་མངོན་པར་བསྟོད་པར་བྱའོ་སྙམ་ནས་དེས་ཚིགས་སུ་བཅད་དེ་སྨྲས་པ། ས་སྲུང་བུ་ཡི་ལུས་ཀྱི་ཤ་ཚུགས་ལྟར། །མཚན་མཆོག་ལྡན་པའི་གཟུགས་ནི་ཕུན་སུམ་
ཚོགས། །མདོག་དང་ཚད་ཀྱིས་ལུས་ཀྱི་གཟུགས་ལེགས་པ། །གླང་ཆེན་དབང་པོ་བཀྲ་ཤིས་རབ་ཏུ་བསྔགས། །དེ་ནས་རྒྱལ་པོ་མངོན་པར་དགའ་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁོ་བོའི་གླང་ཆེན་སྡུག་ཅིང་ཡིད་འོང་བ། །མི་རྣམས་མིག་འཕྲོག་དགའ་བ་སྐྱེད་པ་གང་། །
དེ་ལ་ཁྱོད་ཀྱིས་བསྟོད་པའི་ཚིག་སྨྲས་ཀྱིས། །ཁྱོད་ལ་གྲོང་གི་མཆོག་ནི་ལྔ་སྦྱིན་ནོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་གླང་པོ་ཆེ་དམ་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ཀྱི་བྲམ་ཟེ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ཏེ། དེ་ན་ཡང་ང་ལ་འདིས་ཚིགས་སུ་བཅད་པ་
གཅིག་གིས་བསྟོད་པས་ངས་འདི་ལ་གྲོང་མཆོག་ལྔ་བྱིན་ནོ། །ད་ལྟར་ཡང་ང་ལ་འདིས་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པས་ངས་ཡང་འདི་རང་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གྲོང་ཁྱེར་ཆེན་པོར་གཤེགས་ནས་གྲོང་ཁྱེར་ཆེན་པོར་སངས་རྒྱས་བཞིའི་གདན་ཞེས་བྱ་བའི་བར་རྒྱས་པར་གོང་
མ་བཞིན་དུའོ། །ཡུལ་སྲུག་ནར་གཤེགས་པ་དང་ཡུལ་སྲུག་ན་ན་བྲམ་ཟེ་དབང་པོ་ཞེས་བྱ་བ་གཟུགས་དང་ལང་ཚོ་དང་། ཐོས་པས་རྒྱགས་པར་གྱུར་ནས་བདག་དང་འདྲ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྒྲོགས་ཤིང་རྣམ་པར་སྒྲོགས་སོ། །བཅོམ་ལྡན་འདས་ཀྱང་ཕྱོགས་གཞན་ཞིག་
ན་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་ཏེ་ཆོས་འཆད་དོ། །བྲམ་ཟེ་དབང་པོ་ཞེས་བྱ་བས་དགེ་སྦྱོང་གཽ་ཏ་མ་ཡུལ་སྲུག་ནར་བྱོན་ཏོ་ཞེས་ཐོས་ནས་དེ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞེས་ཐོས་ཀྱིས། ཅི་བདག་
Vol. 2 · folio 113b
ལས་ལྷག་པར་གཟུགས་བཟང་བ་ཡིན་ནམ། འོན་ཏེ་མ་ཡིན་ལྟར་འགྲོའོ་སྙམ་ནས་དེ་བྱུང་བ་དང་། ཇི་ཙམ་ན་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་
བརྒྱན་པ་འོད་ཟེར་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་ནི་བདག་བས་གཟུགས་ལྷག་པར་བཟང་མོད་ཀྱི། ཚད་ནི་ལྷག་པར་རིང་བ་ནི་མ་ཡིན་ནོ་སྙམ་ནས། བཅོམ་
ལྡན་འདས་དེའི་གཙུག་ཏོར་བལྟ་བར་བརྩམས་པ་དང་། ཇི་ཙམ་ན་མ་མཐོང་ནས་དེ་ཕྱོགས་ཤིན་ཏུ་མཐོ་བ་ཞིག་ལ་འཛེགས་ན་འོན་ཀྱང་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དབང་པོ་ལ་བཀའ་སྩལ་པ། བྲམ་ཟེ་ཉོན་མོངས་ཀྱིས་ཐོང་ཤིག །གལ་ཏེ་རི་རབ་ཀྱི་རྩེ་
ལ་འཛེགས་ཏེ་བལྟས་ཀྱང་འོན་ཀྱང་ཆེས་ཉོན་མོངས་སུ་ཟད་ཀྱི་དེ་བཞིན་གཤེགས་པའི་གཙུག་ཏོར་ནི་མཐོང་བར་མི་འགྱུར་རོ། །གཞན་ཡང་ཁྱོད་ཀྱིས་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འགྲོ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཙུག་ཏོར་མི་མཐོང་ངོ་། །ཞེས་མ་ཐོས་སམ།
འོན་ཀྱང་གལ་ཏེ་དེ་བཞིན་གཤེགས་པའི་སྐུའི་ཚད་མཐོང་བར་འདོད་ན་ཁྱོད་ཀྱི་ཁྱིམ་ན་མེའི་སྦྱིན་སྲེག་བྱེད་པའི་འོག་ན་ཙན་དན་ས་མཆོག་ལས་བྱས་པའི་མཆོད་སྡོང་ཉིད་ཡོད་ཀྱིས་དེ་ཕྱུང་ལ་གཞོལ་ཅིག་དང་། དེ་བཞིན་གཤེགས་པའི་ཡབ་དང་། ཡུམ་ལས་འཁྲུངས་པའི་སྐུའི་ཚད་
ནི་དེ་ཡིན་ནོ། །བྲམ་ཟེ་དབང་པོས་བསམས་པ། དེ་ཡང་ངོ་མཚར་ཞིག་སྟེ་བདག་གིས་ལན་འགའ་ཡང་མ་ཐོས་ན་སོང་སྟེ་བལྟའོ་སྙམ་ནས་དེ་རིངས་པ་རིངས་པར་སོང་ནས་མེའི་སྦྱིན་སྲེག་བྱེད་པའི་ཐབ་ཀྱི་འོག་ཏུ་བརྐོ་བར་བརྩམས་པ་ལས་དེ་ཐམས་ཅད་དུ་དེ་བཞིན་དུ་གྱུར་ཏོ། །དེ་མངོན་
པར་དད་པར་གྱུར་ནས་བསམ་པ། དགེ་སྦྱོང་གཽ་ཏ་མ་ནི་གདོན་མི་ཟ་བར་ཐམས་ཅད་མཁྱེན་པ་ཡིན་གྱིས་སོང་ལ་བསྙེན་བཀུར་བྱའོ་སྙམ་ནས་དེ་དད་པ་སྐྱེས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་དག་པར་དགའ་བར་འགྱུར་
Vol. 2 · folio 114a
བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་ཐུགས་སུ་ཆུད་ནས་ཞེས་བྱ་བ་ནས་ཐོག་མ་མེད་
པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྨྲས་པ། བཅོམ་ལྡན་འདས་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བདག་
བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། བདག་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཅད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་བྲམ་ཟེ་དབང་པོ་སྟན་ལས་
ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་ཙན་དན་ས་མཆོག་གི་མཆོད་སྡོང་གི་དུས་མཆོད་བཤམས་ལགས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་གནང་གིས་སོང་ལ་ཤོམས་ཤིག །དེ་ནས་དེས་ས་ཕྱོགས་དབེན་པ་སྐབས་ཡོད་པ་ཞིག་ཏུ་རིམ་གྲོ་ཆེན་པོས་མཆོད་སྡོང་དེ་བསྒྲེངས་ནས་དུས་མཆོད་ཆེན་པོ་བཤམས་སོ། །བྲམ་ཟེ་དང་ཁྱིམ་བདག་གཞན་དག་གིས་ཀྱང་རྟེན་དགེ་བར་གྱུར་
ཅིག་ཅེས་བྱ་བར་རིག་ནས། རྩྭ་ཀུ་ཤ་བཏགས་ཏེ་བྲམ་ཟེ་དབང་པོས་མཆོད་སྡོང་གི་དུས་མཆོད་བཤམས་པས་ན་དབང་པོའི་དུས་མཆོད་ཅེས་བྱ་བར་གྲགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་ཅན་རྣམས་ནི་སྤ་བཀོང་། ལྷ་དང་མི་
རྣམས་ནི་དགའ་བར་མཛད། སྐྱེ་བོ་དམ་པ་རྣམས་ནི་ཡི་རངས་པར་མཛད་པ་དེའི་ཚེ་མུ་སྟེགས་ཅན་རྣམས་བྲོས་ནས་མཐའ་འཁོབ་ཏུ་གནས་ཤིང་ཁ་ཅིག་ནི་བྲམ་ཟེའི་གྲོང་ཞེས་བྱ་བར་དོང་ནས་གནས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་བྲམ་ཟེའི་གྲོང་དུ་གཤེགས་
Vol. 2 · folio 114b
སོ། །མུ་སྟེགས་ཅན་རྣམས་ཀྱིས་ནི་དགེ་སྦྱོང་གཽ་ཏ་མ་འོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་རིངས་པ་རིངས་པར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་དོང་སྟེ་ལྷགས་ནས་སྨྲས་པ། ཆོས་ཐོས་པར་གྱུར་ཅིག །ཆོས་ཐོབ་པར་གྱུར་ཅིག །དེ་རྣམས་ཀྱིས་སྨྲས་པ། འཕགས་
པ་དག་དེ་ཅི་ཞིག་ཁོ་བོ་ཅག་གིས་ཁྱེད་ཀྱི་ཕུན་སུམ་ཚོགས་པ་ནི་མཐོང་གིས། ཇི་སྲིད་རྒུད་པ་མ་མཐོང་བ་དེའི་བར་དུ་འགྲོ་བར་བྱའོ། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་བདག་ཅག་གི་རྒུད་པ་གང་ལགས། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་
དང་སྤུ་གྲིའི་སེར་བ་འབེབས་ཤིང་འོང་སྟེ། བུ་དང་བཅས་པ་དུམ་བུ་མེད་པར་བྱེད་པར་འགྱུར་རོ། །དེ་རྣམས་ཀྱིས་སྨྲས་པ། འཕགས་པ་དག་གང་གི་ཚེ་ཁོ་ན་བཞུགས་ཤིང་གྲོགས་བགྱི་བ་ལ་ཐུག་པ་དེ་ཁོ་ནའི་ཚེ་བཞུད་པ་ནི་བཟང་པོ་མ་ལགས་ཏེ། བདག་ཅག་རྣམ་པ་ཐམས་ཅད་དུ་མ་རུང་ངོ་། །
དེ་རྣམས་ཀྱིས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་དགེ་སྦྱོང་གཽ་ཏ་མ་གསོད་ན་ནི་འཁོད་པར་བྱའོ། །བཞུགས་ཤིག་གསད་པར་བགྱིའོ་ཞེས་དེ་རྣམས་ལག་ན་དབྱུག་པ་དང་གཞུ་ཐོགས། ཁུ་ཚུར་བཅངས། གོ་བགོས་ཏེ་བྱུང་བ་དང་། ལམ་གྱི་དབུས་ན་ཤཱཀྱ་རྒན་པོ་ཞིག་
འདུག་པས་མཐོང་ནས་སྨྲས་པ། ཤེས་ལྡན་དག་གང་དུ་འདོང་། དེ་རྣམས་ཀྱིས་སྨྲས་པ། དགྲ་བསད་པའི་ཕྱིར་རོ། །ཁྱེད་ཅག་གི་དགྲ་སུ་ཡིན། དགེ་སྦྱོང་གཽ་ཏ་མའོ། །ཤེས་ལྡན་དག་གལ་ཏེ་བཅོམ་ལྡན་འདས་དགྲ་ཡིན་ན་བྱམས་པ་གཞན་ཅི་འདྲ་བ་ཞིག་ཡིན། ཤེས་ལྡན་དག་
སླར་ལོག་ཤིག །དེ་རྣམས་ལྡོག་ཏུ་མ་བཏུབ་པ་དང་། དེས་བསམས་པ། འདི་དག་ནི་ཆོས་བཤད་པའི་འོས་སུ་འགྱུར་བ་མ་ཡིན་གྱིས། རྣམ་པ་ཐམས་ཅད་དུ་ཕ་རོལ་གནོན་པ་ཞིག་བྱའོ་སྙམ་ནས། དེས་རི་བྲགས་སུ་ཞུགས་ནས་མེ་བཏང་བ་དང་། རི་བྲགས་ཀུན་ཚིག་པས་ཅ་ཅོ་
དང་ཀུ་ཅོའི་སྒྲ་ཆེན་པོ་བྱུང་བ་དེ་རྣམས་ཀྱིས་ཐོས་ནས་སྡངས་ཏེ་སྨྲས་པ། ཤེས་ལྡན་དག་བདག་ཅག་དང་དགེ་སྦྱོང་གཽ་ཏ་མ་ནི་ཐག་རིང་པོ་ཁོ་ན་ཡིན་གྱི། རི་བྲགས་འདིར་ནི་ཕུང་བ་ཆེན་པོ་གཞན་འདི་བྱུང་སྟེ་རི་བྲགས་བསྲེགས་ཀྱིས་མེ་བསད་ཀྱིས་སླར་ལྡོག་གོ་ཞེས་དེ་རྣམས་ཀྱིས་བསད་པར་བརྩམས་
Vol. 2 · folio 115a
པ་དང་། བསད་པར་མ་ནུས་པ་དང་། བཅོམ་ལྡན་འདས་ཀྱང་དེ་ཉིད་དུ་བྱོན་ནས་བཀའ་སྩལ་པ། གནས་འཇོག་དག་འདི་ཅི་བྱེད། བཅོམ་ལྡན་འདས་རི་བྲགས་རྣམས་ཞུགས་ཀྱིས་ཚིག་ན་དགུམ་པར་རྔོ་མ་ཐོག་ལགས་སོ། །ངས་བསད་དམ། བཅོམ་
ལྡན་འདས་དགུམ་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུང་ཕྱུང་མ་ཐག་ཁོ་ནར་འདི་ལྟར་ཡང་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་མཐུ་དང་། ལྷ་རྣམས་ཀྱི་ལྷའི་མཐུས་མེ་དེ་ཞི་བར་གྱུར་ཏོ། །དེ་རྣམས་མངོན་པར་དད་པར་གྱུར་ནས་གསོལ་པ། བཅོམ་ལྡན་འདས་ཅི་ཞིག་གི་
སླད་དུ་གཤེགས་ལགས། ཁྱེད་ཅག་ཁོ་ན་རྗེས་སུ་གཟུང་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་འདྲ་བའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་
བཤད་པ་མཛད་དེ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་
ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཤཱཀྱ་རྒན་པོ་འདིས་ཉེ་དུ་ལ་ཆགས་པས་བསོད་ནམས་མ་ལགས་པ་མང་དུ་བསགས་ཏེ་རི་བྲགས་བསྲེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་
ཞིག་ཏུ་མ་ཟད་དེ། ཇི་ལྟར་འདིས་འདས་པའི་དུས་ན་ཡང་གཉེན་ལ་ཆགས་པས་བསོད་ནམས་མ་ཡིན་པ་མང་དུ་བསགས་ཏེ་རི་བྲགས་བསྲེགས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་སྔོན་བྱུང་བ་རི་བྲགས་ཞིག་ན་སྤྲེའུ་ལྔ་བརྒྱའི་ཚོགས་
གནས་པས་ལོ་ཐོག་སྐྱེས་ཤིང་སྐྱེས་པ་རྣམས་ཆུད་གསན་ཏོ། །རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་འདུས་ནས་ཕན་ཚུན་དུ་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་སྤྲེའུ་རྣམས་ཀྱིས་ལོ་ཐོག་ལ་གནོད་པ་བྱེད་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། གཞན་དག་གིས་སྨྲས་པ་སྤྲེའུ་
Vol. 2 · folio 115b
རྣམས་གསད་མོད། དེ་རྣམས་ཇི་ལྟར་གསད་པར་བྱ། རི་བྲགས་ཀྱི་ཉེན་ཀོར་གྱི་ཤིང་ཐམས་ཅད་བཅད་དེ་ཤིང་ཏིན་ཏུ་ཀ་གཅིག་པུ་ཞིག་བཞག་ལ་ཉེན་ཀོར་རྣམས་ཚེར་མས་བསྐོར་ཏང་དེ་ལ་བཟའ་བའི་ཕྱིར་སྤྲེའུ་རྣམས་འཛེག་པར་འགྱུར་ཏེ། དེ་ལྟར་གྱུར་ཏང་དེར་དེ་རྣམས་
གསད་པར་བྱའོ། །དེ་ནས་དེ་རྣམས་ཀྱིས་བྲགས་ཀྱི་ཉེན་ཀོར་གྱི་ཤིང་ཐམས་ཅད་བཅད་དེ་ཤིང་ཏིན་ཏུ་ཀ་གཅིག་པུ་བཞག་ནས་ཉེན་ཀོར་རྣམས་ཚེར་མའི་ར་བས་བསྐོར་ཏེ་སྲུང་མ་པའི་མི་བཞག་ནས་བསྒོ་བ། ཁྱོད་ཀྱིས་གང་གི་ཚེ་སྤྲེའུ་རྣམས་ཚོགས་པར་གྱུར་པ་དེའི་ཚེ་ཁོ་བོ་ཅག་ལ་སྦྲོན་
ཅིག །དེ་ནས་དུས་གཞན་ཞིག་ན་ཤིང་ཏིན་ཏུ་ཀའི་མེ་ཏོག་དང་འབྲས་བུ་ཆགས་ཏེ་སྨིན་པ་དང་། སྤྲེའུ་རྣམས་ཀྱིས་སྡེ་དཔོན་ལ་སྨྲས་པ། སྡེ་དཔོན་ཤིང་ཏིན་ཏུ་ཀ་སྨིན་ཅིང་མཆིས་ཀྱིས་གསོལ་དུ་གཤེགས་སོ། །དེ་ནས་སྡེ་དཔོན་འཁོར་ལྔ་བརྒྱ་དང་ཤིང་ཏིན་ཏུ་ཀ་ལ་འཛེགས་
ཏེ་ཤིང་ཏིན་ཏུ་ཀ་དེ་ལ་བཟའ་བར་བརྩམས་སོ། །དེ་ནས་སྲུང་མའི་མིས་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་ལ་སྨྲས་པ། ཤེས་ལྡན་དག་ཤིང་ཏིན་ཏུ་ཀ་ལ་སྤྲེའུ་ཐམས་ཅད་འཛེགས་ནས་ཟ་བར་བྱེད་ཀྱིས་ཁྱེད་ཅག་གི་བྱ་བའམ་བྱེད་པ་གང་ཡིན་པ་དེ་གྱིས་ཤིག །དེ་ནས་རི་བྲགས་
ན་གནས་པའི་སྐྱེ་བོའི་ཚོགས་ལག་ན་མདའ་གཞུ་དང་དགྲ་སྟ་ཐོགས། ཁུ་ཚུར་བཅངས་ཏེ་རིངས་པར་སོང་ནས་ཤིང་ཏིན་ཏུ་ཀ་བཅད་པར་བརྩམས་པ་དང་། དེ་ནས་སྤྲེའུ་དེ་རྣམས་བྲེད་དེ་མཆོང་རྒལ་ཞིང་ཤིང་ཀ་ཕན་ཚུན་རྒྱུ་བར་བྱེད་དོ། །སྡེ་དཔོན་ནི་སེམས་ལས་ཆུང་ངུས་ཟ་བར་བྱེད་པ་དང་།
སྤྲེའུ་དེ་རྣམས་ཀྱིས་དེ་ལ་སྨྲས་པ། སྡེ་དཔོན་བདག་ཅག་ནི་སྡུག་བསྔལ་མི་བཟད་པ་ཉམ་ང་བ་ཐོབ་ཅིང་མཆིས་ཏེ་ཕན་ཚུན་དུ་རྒྱུ་ལགས་ན། ཁྱོད་ཅིའི་སླད་དུ་ཐུགས་ཁྲལ་ཆུང་ངུས་བཞུགས་དེས་ཚིགས་སུ་བཅད་དེ་སྨྲས་པ། བྱ་བ་མང་པོའི་མི་རྣམས་ལ། །བྱ་བ་མིན་པའང་དེ་དང་འདྲ། །
ཤིང་གི་འཕྲོ་ནི་མང་ཡོད་པས། །སེམས་ལས་བསྐྱུངས་ཏེ་བཟའ་བར་གྱིས། །དེ་ནས་ཡང་སྡེ་དཔོན་གྱི་ཕྲུ་གུ་ཞིག་རི་བྲགས་དེ་ན་བཅིངས་ཏེ་འདུག་པ་དེ་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། ཇི་ཙམ་ན་སྤྲེའུ་བཟང་པོ་ཞིག་ཕྱོགས་དེར་འོངས་པ་དང་། དེ་སེམས་
Vol. 2 · folio 116a
ཁོང་དུ་ཆུད་པ་མཐོང་ནས་སྨྲས་པ། གྲོགས་པོ་ཅིའི་ཕྱིར་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད། དེས་སྨྲས་པ། ད་ལྟར་རི་བྲགས་ན་གནས་པའི་སྐྱེ་བོའི་ཚོགས་ཐམས་ཅད་ཁོ་བོའི་ཉེ་དུ་གསོད་དུ་དོང་ན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་པར་མི་འགྱུར། ཅིའི་ཕྱིར་ཁྱོད་
ཀྱིས་ཕ་རོལ་གནོན་པ་མ་བྱས། བཅིངས་ན་ཇི་ལྟར་ཕ་རོལ་གནོན་པ་བྱ། ཁོ་བོས་ཁྱོད་དགྲོལ་ལོ་ཞེས་དེས་དེ་བཀྲོལ་བ་དང་། དེ་ནས་དེས་རི་བྲགས་དེར་མེ་བཏང་སྟེ། རི་བྲགས་ཀུན་ཚིག་པས་ཅ་ཅོ་དང་ཀུ་ཅོའི་སྒྲ་ཆེན་པོ་བྱུང་བ་དེ་རྣམས་ཀྱིས་ཐོས་ནས་སྔངས་ཏེ་སྨྲས་པ། ཤེས་ལྡན་
དག་བདག་ཅག་དང་སྤྲེའུ་རྣམས་ནི་ཐག་རིང་པོ་ཁོ་ན་ཡིན་གྱི། ཕུང་བ་ཆེན་པོ་གཞན་འདི་བྱུང་སྟེ་རི་བྲགས་བསྲེགས་ཀྱིས་མེ་གསད་ཀྱིས་སླར་ལྡོག་གོ་ཞེས་དེ་རྣམས་མེ་གསད་པའི་ཕྱིར་བརྒྱུགས་པ་དང་། སྤྲེའུ་རྣམས་ཀྱང་ཤིང་ཏིན་ཏུ་ཀ་ལས་བབས་ནས་བྲོས་སོ། །དགེ་སློང་དག་ཇི་
སྙམ་དུ་སེམས། སྤྲེའུའི་ཕྲུ་གུ་གང་ཡིན་པ་དེ་ནི་ཤཱཀྱ་རྒན་པོ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདིས་ཉེ་དུ་ལ་ཆགས་པས་རི་བྲགས་བསྲེགས་ལ་ད་ལྟར་ཡང་འདིས་ཉེ་དུ་ལ་ཆགས་པས་རི་བྲགས་བསྲེགས་སོ། །ནག་པོའི་གྲོང་ཁྱེར་དུ་གཤེགས་ནས་ནག་པོའི་གྲོང་ཁྱེར་དུ་སངས་རྒྱས་བཞིའི་
གདན་ཞེས་བྱ་བ་རྒྱས་པར་གོང་མ་བཞིན་དུའོ། །རོ་ཧི་ཏ་ཀར་བྱོན་ནས་རོ་ཧི་ཏ་ཀ་ན་གནོད་སྦྱིན་གླང་ཆེན་སྟོབས་ཀྱི་གནས་ན་བཞུགས་སོ། །དེའི་ཚེ་གནོད་སྦྱིན་གླང་ཆེན་སྟོབས་གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་གྱི་འདུན་སར་སོང་བ་དང་། གནོད་སྦྱིན་གླང་ཆེན་སྟོབས་ཀྱིས། བཅོམ་ལྡན་འདས་
བསྐྱེད་པར་བྱོན་ནས་རོ་ཧི་ཏ་ཀ་ན་བདག་གི་གནས་ཁོ་ན་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་།
བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གླང་ཆེན་སྟོབས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད་ཅེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་
Vol. 2 · folio 116b
གནོད་སྦྱིན་གླང་ཆེན་སྟོབས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོ་མོད་བདག་གི་གནས་སུ་བཞུགས་པར་གནང་བར་མཛད་
དུ་གསོལ། བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གླང་ཆེན་སྟོབས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་གནོད་སྦྱིན་གླང་ཆེན་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་ལྔ་བརྒྱ་སྤྲུལ་ཏེ། སྟན་ནང་ཚངས་ཅན་དང་། སྔས་ནང་ཚངས་ཅན་དང་། གོར་བུ་ལྔ་བརྒྱ་
དང་། ཞུགས་ལིང་ལྔ་བརྒྱ་བཤམས་སོ། །དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་
གནོད་སྦྱིན་གླང་ཆེན་སྟོབས་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་གནོད་སྦྱིན་གླང་ཆེན་སྟོབས་ཀྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ་སོང་ནས་དེའི་ནེའུ་ཟླ་ཁ་ཆེ་ཡུལ་གྱི་གནོད་སྦྱིན་སྒྲ་སྒྲོགས་ཞེས་བྱ་བ་དེ་ལ་དེས་བསྒོ་བ། ཁོ་བོས་
སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་ཀྱིས་བྱང་ཕྱོགས་ཀྱི་འབྲས་བུ་རྣམས་སྐུར་ཅིག་ཅེས་དེས་དེ་ལ་ཕོ་ཉ་བཏང་ནས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས། ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་
ཆག་ཆག་དང་ཕྱག་དར་བྱས་ནས་གདན་བཤམས་ཏེ་ནོར་བུའི་ཆུ་སྣོད་བཞག་ནས། ཁང་སྐྱོང་གིས་གཎྜཱི་བརྡུངས་པ་དང་། གནོད་སྦྱིན་སྒྲ་སྒྲོགས་ཀྱིས་རྒུན་འབྲུམ་གྱིས་སྐོན་པ་བཀང་སྟེ་གནོད་སྦྱིན་རྣམས་ཀྱི་ལག་ཏུ་བསྐུར་ཏེ། དེ་དག་གིས་གཙུག་ལག་ཁང་གི་དབུས་སུ་ཕུང་པོར་
སྤུངས་ཏེ་བཞག་གོ། །དགེ་སློང་རྣམས་ཀྱིས་འབྲས་བུ་འདི་དག་ཅིའི་ཡིན་པ་དང་། ཇི་ལྟར་བརྟག་པར་བྱ་བ་མི་ཤེས་ནས། དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱང་ཕྱོགས་ཀྱི་ནགས་ཀྱི་འབྲས་བུ་རྒུན་
Vol. 2 · folio 117a
འབྲུམ་ཞེས་བྱ་སྟེ། མེས་བརྟག་པ་བྱོས་ལ་རིམ་ཤིག །དགེ་སློང་རྣམས་འབྲུམ་བུ་རེ་རེ་ནས་བྱེད་པ་ན་ཤིན་ཏུ་ཡུན་རིང་དུ་ཐོགས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་གཉིས་སམ་གསུམ་དུ་བྱོས་ལ་མེས་རེག་པར་བྱོས་ཤིག །དེ་ནས་
གནོད་སྦྱིན་གླང་ཆེན་སྟོབས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས། གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་ཞེས་བྱ་བ་ནས། སྟན་ཆེས་དམའ་བ་ཞིག་བླངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་
མཉན་པའི་ཕྱིར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གླང་ཆེན་སྟོབས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་
དགའ་བར་མཛད་ནས་གདན་ལས་བཞེངས་པ་དང་རྒུན་འབྲུམ་མང་དུ་ལྷག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒུན་འབྲུམ་རྣམས་མཉེས་ལ་ཁུ་བ་བྲིམ་པར་བྱའོ། །འོན་ཀྱང་ལྷག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲོ་འཇར་བྱས་ཏེ་བཞག་པ་
དང་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ནས་གཙུག་ལག་ཁང་དུ་ནང་དུ་ཡང་དག་འཇོག་གི་ཕྱིར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ང་ནི་ཚེ་ཐུང་ངུའི་
དུས་ལ་བྱུང་བས་མྱ་ངན་ལས་འདས་པའི་དུས་ལ་བབ་ན་གདུལ་བའི་དོན་བྱ་བ་ནི་རབ་ཏུ་མང་བས་གལ་ཏེ་ང་དགེ་སློང་ཀུན་དགའ་བོ་དང་ཐབས་ཅིག་ཏུ་བྱང་ཕྱོགས་སུ་གཤེགས་ན་ནི་གདུལ་བ་རྣམས་ཀྱི་དོན་བྱ་དཀའ་བར་འགྱུར་གྱིས། མ་ལ་ང་གནོད་སྦྱིན་ལག་ན་རྡོ་རྗེ་དང་ལྷན་ཅིག་གཤེགས་
པར་བྱའོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་བོས་པ། དྲན་དང་ལྡན་རྣམས་བཟང་པོར་ཤོག །དྲན་དང་ལྡན་རྣམས་རྟག་ཏུ་བཟང་། །ཞི་བ་ཐོབ་པའི་སེམས་ཀྱིས་ནི། །དྲན་དང་ལྡན་
Vol. 2 · folio 117b
པ་བདེ་བར་ཉལ། །དྲན་དང་ལྡན་རྣམས་བཟང་པོར་ཤོག །དྲན་དང་ལྡན་རྣམས་རྟག་ཏུ་བཟང་། །རྒྱལ་དང་ཕ་རོལ་རྒྱལ་སྤངས་ནས། །དྲན་དང་ལྡན་པ་བདེ་བར་ཉལ།། །།བར་སྡོམ་ལ། སྤུངས་པ་ཅན་ན་སངས་རྒྱས་སྟོབས། །རེ་ཏུ་ཀ་ན་ཆོས་སྟོབས་ཏེ། །སིན་
དུ་ན་ནི་ཕོར་ཆེན་ཞབས། །མགོ་རེག་སྤྱི་བླུགས་སོག་མ་མེད། །ཧུ་ལུ་ཀླུ་དང་དེ་བཞིན་ནགས། །གཉིད་འགྲོགས་དྲང་སྲོང་ཉམས་པ་དང་། །ཀན་ཐ་འབྲས་ཀྱི་གྲོང་ཁྱེར་དུ། །མཆོག་གི་མ་བཏུལ་དབང་ལྡན་རྫ། །གསིང་མའི་གནོད་སྦྱིན་ཆེན་པོ་དང་། །དེ་བཞིན་བརྩེགས་
སྐྱོང་དགའ་འཕེལ་དང་། །སྲིད་པའི་ལྷ་དང་གཏུམ་བྱེད་ཀྱི། །བུ་བདུན་རྣམས་ནི་བཏུལ་བ་དང་། །གནོད་སྦྱིན་ཕྱུགས་སྐྱོང་འགྲོ་མགྱོགས་དང་། །ནབ་སོའི་ཀླུ་ལ་གཟུགས་བརྙན་བཏང་། །སྦུ་བུ་ཅན་དང་སྦུབས་ཅན་བཏུལ། །མདུང་ཅན་གྱི་ནི་གྲོང་ཁྱེར་ན། །མདུང་ཅན་ཞེས་
བྱའི་གདོན་སྦྱིན་མོ། །འབྲ་གོ་ཅན་དང་རྡུལ་མཆོད་རྟེན། །སོག་མེད་ཚོགས་སུ་བསྡུས་ཏེ་བརྗོད། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཚུར་བྱང་ཕྱོགས་སུ་ཀླུ་སོག་མ་མེད་འདུལ་དུ་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་
ཞེས་གནོད་སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་གནོད་སྦྱིན་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་དེ་ཉིད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་པ་ན། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ཁོ་ན་ཞིག་ན་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་
གཟིགས་སོ། །གཟིགས་ནས་ཀྱང་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེ་ནི་ཨུ་ཤི་རའི་རི་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཞི་གནས་
དང་རྗེས་སུ་མཐུན་པ་རྣམས་ཀྱི་གནས་མལ་གྱི་མཆོག་ཏ་མ་སའི་ཚལ་ཞེས་བྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་སྤུངས་པ་ཅན་དུ་གཤེགས་སོ། །དེའི་ཚེ་སྤུངས་པ་ཅན་ན་གནོད་སྦྱིན་སངས་རྒྱས་སྟོབས་ཞེས་བྱ་བ་འདུག་པ་སྡིག་པའི་བསམ་པ་ཅན་ཞིག་གནས་པས་སྤུངས་
Vol. 2 · folio 118a
པ་ཅན་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་མགུ་བར་བྱས་ཀྱང་དེ་དུས་དུས་སུ་གནོད་པ་བྱེད་དོ། །སྤུངས་པ་ཅན་ན་གནས་པའི་སྐྱེ་བོའི་ཚོགས་ཀྱིས་བཅོམ་ལྡན་འདས་སྤུངས་པ་ཅན་དུ་གཤེགས་ནས་ཕྱོགས་ཆེ་གེ་མོ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་
ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་སྤུངས་པ་ཅན་ན་གནས་པའི་སྐྱེ་བོའི་ཚོགས་ལ་བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་
པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད་ཅེས་བྱ་བ་ནས་ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་སྤུངས་པ་ཅན་ན་
གནས་པའི་སྐྱེ་བོའི་ཚོགས་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གནོད་སྦྱིན་སངས་རྒྱས་སྟོབས་འདི་བདག་ཅག་ལ་ཡུན་རིང་མོ་ཞིག་
ནས་ཤ་ཁོན་མ་མཆིས་པར་ནི་ཤ་ཁོན་བགྱིད། འགྲན་ཟླ་མ་ལགས་པར་ནི་འགྲན་ཟླ་བགྱིད། གླགས་མ་བཙལ་བར་ནི་གླགས་ཚོལ་བར་བགྱིད་ལགས་ན། ཀྱེ་མའོ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་གནོད་སྦྱིན་སངས་རྒྱས་སྟོབས་གདུལ་བར་གསོལ།
དེའི་ཚེ་གནོད་སྦྱིན་སངས་རྒྱས་སྟོབས་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་སངས་རྒྱས་སྟོབས་ལ་བཀའ་སྩལ་པ། སངས་རྒྱས་སྟོབས་ཁྱོད་ཀྱིས་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ། །སངས་རྒྱས་
སྟོབས་ཁྱོད་ཀྱིས་ཐོས་སམ། བདེ་བར་གཤེགས་པ་བདག་གིས་ཐོས་ལགས་སོ། །དམ་པ་མ་ཡིན་པའི་ཆོས་སྡིག་པ་དེ་ལས་ལོག་ཤིག །བཅོམ་ལྡན་འདས་བདག་ལྡོག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་སངས་རྒྱས་སྟོབས་སྐྱབས་སུ་འགྲོ་བ་དང་བསླབ་པའི་
Vol. 2 · folio 118b
གཞི་རྣམས་ལ་བཞག་གོ། །དེ་ནས་དེས་སྤུངས་པ་ཅན་ཞེས་བྱ་བའི་གནས་མལ་བརྩིགས་སོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་ཀྱང་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་བརྩིགས་སོ། །བཅོམ་ལྡན་འདས་གཤེགས་པ་དང་གནོད་སྦྱིན་སངས་རྒྱས་སྟོབས་
ཞབས་འབྲིང་དུ་ཆས་པ་ལས་བཅོམ་ལྡན་འདས་ཀྱིས་སླར་བཟློག་ནས་བཀའ་སྩལ་པ། སྐྱེ་བོའི་ཚོགས་འདི་སྲུངས་ཤིག །ངས་ཀྱང་ང་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ཅི་ནས་སྤྱན་ལྡིངས་ཏེ་འབབ་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབ་པར་བྱའོ། །གཞན་དག་གིས་ཀྱང་ཕྱོགས་
དེར་མཆོད་རྟེན་བརྩིགས་པས་མཆོད་རྟེན་སྤུངས་པ་ཅན་ཞེས་བྱ་བར་གྲགས་སོ། །རེ་ཏུ་ཀར་བྱོན་ནས། རེ་ཏུ་ཀར་གནོད་སྦྱིན་ཆོས་སྟོབས་ཞེས་བྱ་བ་བཏུལ་ཏེ། དེས་རེ་ཏུ་ཀ་ཞེས་བྱ་བའི་གནས་མལ་བརྩིགས་སོ། །སིན་དུར་གཤེགས་པ་དང་། སིན་དུ་ན་མཉན་པ་གཞན་
ཞིག་ཡོད་པ་དེ་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་དད་པ་བསྐྱེད་དེ། དེ་ནས་དད་པ་སྐྱེས་ནས་བདེན་པ་རྣམས་ལ་བཞག་གོ། །གནོད་སྦྱིན་ཕོར་ཆེན་བཏུལ་ནས་ཞབས་ཀྱིས་བཅགས་པས་ཕོར་ཆེན་ཞབས་ཀྱིས་བཅགས་པ་ཞེས་བྱ་བར་གྲགས་སོ། །དེ་ནས་བཅོམ་
ལྡན་འདས་དྲང་སྲོང་རྣམས་ཀྱི་བསྟི་གནས་སུ་གཤེགས་ནས་དེར་དྲང་སྲོང་མགོ་རེག་དང་རིལ་བ་སྤྱི་བླུགས་ཅན་བཏུལ་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་གནས་མལ་རིལ་བ་སྤྱི་བླུགས་ཅན་ཞེས་བྱ་བ་བརྩིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་
བཀའ་སྩལ་པ། ལག་ན་རྡོ་རྗེ་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་གནོད་སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་བཅོམ་ལྡན་འདས་དང་། ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་སུ་གཤེགས་སོ། །
ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་བཅོམ་ལྡན་འདས་ཀྱི་གནས་སུ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཁྲོས་འཁྲུགས་རྔམ་ཡི་མ་རངས་ནས་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་སེར་བ་དང་རྡུལ་གྱི་ཆར་དབབ་པར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་ཀླུ་འཁྲུགས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words