No title in the text — opening words: སྨན་གྱི་གཞིའི་བསྡུས་པའི་སྡོམ་ལ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 2 · folio 119a

སོ་ཞེས་བྱམས་པ་ལ་སྙོམས་པར་ཞུགས་པ་དང་། ཆར་པ་དེ་དག་ཨ་ག་རུའི་ཕྱེ་མ་དང་། ཏ་མ་ལའི་ལོ་མའི་ཕྱེ་མར་གྱུར་ནས་འབབ་པར་བརྩམས་སོ། །དེ་ནས་འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པ་དང་། མདའ་བོ་ཆེ་དང་། མདུང་ཐུང་ལ་སོགས་ཏེ་

མཚོན་ཆ་རྣམས་དབབ་པར་བརྩམས་པ་དེ་དག་ཀྱང་ལྷའི་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བར་གྱུར་ནས་འབབ་པར་བརྩམས་སོ། །དེ་ནས་སོག་མ་མེད་ཀྱིས་ཁྲོ་བའི་མེས་དུ་བ་དབྱུང་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་

ཀྱང་རྫུ་འཕྲུལ་གྱིས་དུད་པ་དབྱུང་བར་བརྩམས་སོ། །དེ་ནས་དེ་སྤུངས་དང་། རྒྱགས་པ་དང་། ང་རྒྱལ་བཅོམ་པར་གྱུར་ནས་གནས་སུ་ཞུགས་ཏེ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཀླུ་གདུག་པ་རྣམས་འདུལ་བར་འགྱུར་བ་ནི་རྒྱུ་རྣམ་པ་གཉིས་ཀྱིས་ཏེ། འཇིགས་

པ་དང་། འཁྲུགས་པས་ཡིན་གྱིས། མ་ལ་ངས་འདི་འཇིགས་སུ་གཞུག་གོ་སྙམ་དུ་ཐུགས་སུ་ཆུད་ནས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཀླུའི་རྒྱལ་པོ་སོག་མ་མེད་འཇིགས་པར་གྱིས་ཤིག །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ལྟར་མཉན་

ཏེ། རྡོ་རྗེ་རིའི་རྩེ་ལ་འཕངས་ནས་རིའི་རྩེ་མོ་བཤིག་སྟེ་ལྷུང་བ་དེས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་ནོན་པར་གྱུར་ཏོ། །དེ་ནས་སོག་མ་མེད་སྔངས་སྐྲག་ཕོངས་ནས་འབྲོས་པར་བརྩམས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་མེའི་ཁམས་ལ་སྙོམས་པར་ཞུགས་ནས་

ཕྱོགས་ཐམས་ཅད་འབར་རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་ན་ཞི་ཞིང་བསིལ་བར་གྱུར་པ་མ་གཏོགས་པར་དེ་གང་དང་གང་དུ་སོང་བ་དེ་དང་དེ་ན་མི་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་

པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་གསོལ་པ། བཅོམ་ལྡན་འདས་ཅི་བདག་ལ་ཐོ་བཙམ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒ་བའི་ཆོས་ཅན་ཅི་ངས་ཐོ་བཙམས་སམ། གལ་ཏེ་ངས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་

Vol. 2 · folio 119b

དག་མ་ཐོབ་ན། ཁྱོད་ཀྱིས་ང་མིང་ལུས་པར་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པ་དང་། དྲ་བས་འབྲེལ་བ། བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ། འཇིགས་པ་རྣམས་དབུགས་འབྱིན་པར་

མཛད་པས་སྤྱི་བོ་ལ་རེག་པར་མཛད་ནས་བཀའ་སྩལ་པ། བཞིན་བཟངས་ཁྱོད་ཀྱིས་བུམ་པ་བཟང་པོ་ལྟ་བུའི་ཉན་ཐོས་ཆེན་པོ་བཞི་ལ་ཟན་བྱིན་ཏེ། སུམ་བཅུ་རྩ་གསུམ་གྱི་ལྷ་གྱ་ནོམ་པ་དག་གི་ནང་དུ་སྐྱེ་བར་འགྱུར་བ་ལས་ཁྱོད་ཀྱིས་སྨོན་ལམ་ལོག་པར་བཏབ་པས་དུད་འགྲོ་རྣམས་སུ་སྐྱེས་

ཏེ། རྡེག་པ་དང་གསོད་པ་ལ་ཞེན་ཅིང་ཕ་རོལ་གྱི་སྲོག་འཕྲོག་པ་དང་། ཕ་རོལ་གྱི་སྲོག་ལ་གནོད་པ་བྱེད་པས་འཚོ་བར་བྱེད་ན། འདི་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བ་མ་གཏོགས་པར་ཁྱོད་ཀྱི་འགྲོ་བ་ནི་གང་ཞིག་ཡིན། སྐྱེ་བ་ནི་གང་ཞིག་ཡིན། ཚེ་ཕྱི་མ་ནི་གང་ཞིག་ཡིན།

བཅོམ་ལྡན་འདས་བདག་གིས་ཅི་ཞིག་བགྱི་བ་བཀའ་སྩལ་དུ་གསོལ། བཞིན་བཟངས་ཚུར་ང་ལས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ཟུང་ལ། ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ལ་མི་འཇིགས་པ་བྱིན་ཅིག །བཙུན་པ་བདག་དེང་སླན་ཅད་བཅོམ་ལྡན་འདས་ཀྱི་

སྤྱན་སྔར་སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་རྣམས་མནོས་ནས་ཡུལ་མ་ག་དྷཱ་ན་གནས་པའི་སྐྱེ་བོའི་ཚོགས་ལ་ཡང་མི་འཇིགས་པ་སྩལ་བར་བགྱིའོ། །དེ་ནས་དེའི་ཆུང་མ་དང་། བུ་མོ་དང་མནའ་མ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་

བདག་ཅག་ཀྱང་སྐྱབས་སུ་མཆི་ཞིང་བསླབ་པའི་གཞི་རྣམས་ནོད་ལགས་སོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བྱིན་ནོ། །དེའི་བུ་རི་བོས་གསོལ་པ། བཅོམ་ལྡན་འདས་བདག་ཀྱང་སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་རྣམས་ནོད་

ལགས་སོ། །སོག་མ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་མི་མཛའ་བ་མང་བ་ལགས་ཀྱིས། རི་བོ་ལ་སྐྱབས་སུ་མཆི་བ་སྩལ་ཅིང་བསླབ་པའི་གཞི་རྣམས་ནི་མི་དཔོག་པར་གསོལ། འདིས་བདག་ཅག་བསྲུངས་པར་འགྱུར་ལགས་སོ། །བཅོམ་ལྡན་

Vol. 2 · folio 120a

འདས་ཀྱིས་དེ་ལ་སྐྱབས་སུ་འགྲོ་བ་བྱིན་ནོ། །དེ་ནས་གནོད་སྦྱིན་ལག་ན་རྡོ་རྗེས་སོག་མ་མེད་གྲོགས་པོ་དང་། གཉེན་འདབ་དང་། མཛའ་བཤེས་རྣམས་བཏུལ་བར་གྱུར་པ་མཐོང་ནས་ཡིད་རབ་ཏུ་དགའ་བས་གར་བྱས་ཏེ་སྨྲས་པ། ཁྲོས་པས་ལྕེ་བསྐྱོད་

མགོ་མང་བསྒུལ་ནས་མཚོན་ཆའི་འཁོར་ལོ་འབེབས། །རང་གནས་སྐྱེས་བུ་རང་ལ་ཕྱོགས་པ་རི་མཐོ་རྩེ་ལྟ་བུ། །དུ་མའི་ཚོགས་ལྷགས་ངལ་ཆད་དབུགས་བརྫགས་བཟུར་ཅིང་ལྟ་བྱེད་པ། །སྦྲུལ་བདག་སོག་མ་མེད་དེ་དྲང་སྲོང་བཀའ་བཙན་རྣམས་ཀྱིས་བཏུལ། །དེ་ནས་བཅོམ་

ལྡན་འདས་ཀྱིས་སོག་མ་མེད་འཁོར་དྲུག་ཁྲི་དང་བཅས་པ་བཏུལ་ནས་གདན་ལས་བཞེངས་ཏེ་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་གཟིགས་སོ། །གཟིགས་ནས་ཀྱང་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་

ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ལག་ན་རྡོ་རྗེ་དེ་ནི་ཁ་ཆེའི་ཡུལ་ཡིན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་ནས་དགེ་སློང་ཀུན་དགའ་བོའི་ལྷན་ཅིག་གནས་པ་དགེ་སློང་ཉི་མའི་གུང་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། །

དེས་ཀླུ་གདུག་པ་ཧུ་ལུ་དུ་བཏུལ་ནས་ཐབས་བཤམས་ཏེ་དེ་ལས་སྐྱིལ་མོ་ཀྲུང་ཤོང་བའི་ས་བླངས་ནས་ཁ་ཆེའི་ཡུལ་ཀུན་དུ་བསྟན་པ་འཇོག་པར་འགྱུར་རོ། །ངའི་ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ཁ་ཆེའི་ཡུལ་མཆོག་ཏུ་འགྱུར་ཏེ། གྲོང་ཁྱེར་དང་

གྲོང་རྡལ་དྲུག་ཁྲི་དང་། གྲོང་རྡལ་དྲུག་སྟོང་དང་། གྲོང་རྡལ་དྲུག་བཅུ་རྩ་གསུམ་པོ་འདི་རྣམས་ནི་ཁ་ཆེའི་ཡུལ་ཡིན་ནོ། །ཡུལ་གཉིད་འགྲོགས་སུ་དྲང་སྲོང་དང་གནོད་སྦྱིན་ཉམས་པ་འཁོར་དང་བཅས་པ་བཏུལ་ལོ། །ཡུལ་གན་ཐར་གནོད་སྦྱིན་མོ་འཁོར་དང་བཅས་པ་བཏུལ་ལོ། །འབྲས་

ཀྱི་གྲོང་ཁྱེར་དུ་བྱོན་ནས་འབྲས་ཀྱི་གྲོང་ཁྱེར་དུ་རྒྱལ་པོ་སྡེ་མཆོག་གི་མ་བདེན་པ་རྣམས་ལ་རབ་ཏུ་བཞག་གོ། །ཡུལ་དབང་ལྡན་དུ་བྱོན་ཏེ། དབང་ལྡན་ན་རྫ་མཁན་གཞན་ཞིག་ཡོད་པ་དེ་བཟོས་ཤིན་ཏུ་རྒྱགས་ཏེ་སྣོད་རྣམས་སྐམས་ནས་འཁོར་ལོ་ལས་འགོགས་པར་བྱེད་དོ། །བཅོམ་ལྡན་

Vol. 2 · folio 120b

འདས་ཀྱིས་དེ་གདུལ་བའི་དུས་མཁྱེན་ནས་རྫ་མཁན་གྱི་ཆ་བྱད་དུ་ཉིད་མངོན་པར་སྤྲུལ་ཏེ་དེ་དང་ལྷན་ཅིག་གཏམ་བྱ་བར་བརྩམས་པ། ཁྱོད་ཀྱིས་སྣོད་ཅི་འདྲ་བ་དག་ཅིག་འཁོར་ལོ་ལས་འབེབས་པར་བྱེད། དེས་གསོལ་པ། བསྐམས་ནས་འབེབས་སོ། །ང་ཡང་བསྐམས་

ནས་འབེབས་སོ། །ཁྱོད་དང་བདག་མཉམ་ལགས་སོ། །འདི་ཁོ་ནར་ཟད་དམ་ཅི། ང་ནི་སོ་བཏང་ནས་ཀྱང་འབེབས་སོ། །ཁྱོད་ལྷག་གོ། །སོ་གཏོང་བ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འོ་ན་ཅི་ཞེ་ན། གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། ཤེལ་གྱི་རང་བཞིན་དུ་ཡང་

བྱེད་དོ། །དེ་མངོན་པར་དད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫ་མཁན་གྱི་ཆ་བྱད་མི་སྣང་བར་མཛད་དེ་རང་བཞིན་གྱི་ཆ་བྱད་དུ་བཞུགས་ནས་དེ་འཁོར་གྱི་སྐྱེ་བོ་དང་བཅས་ཏེ་བདེན་པ་རྣམས་ལ་རབ་ཏུ་བཀོད་དོ། །གསིང་མ་ཅན་དུ་གཤེགས་ནས་གསིང་མ་ཅན་དུ་གནོད་སྦྱིན་

ཆེན་པོ་འཁོར་དང་བཅས་པ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་རབ་ཏུ་བཞག་གོ། །བརྩེགས་སྐྱོང་དུ་ཀླུ་བ་ལང་སྐྱོང་དང་། དགར་བ་གཉིས་སོ། །དགའ་འཕེལ་དུ་གཤེགས་ནས་དགའ་འཕེལ་དུ་རྒྱལ་པོ་སྲིད་པའི་ལྷ་འཁོར་དང་བཅས་པ་དང་། གཏུམ་བྱེད་ཀྱི་བུ་

བདུན་དང་། གནོད་སྦྱིན་ས་འཚོ་བདེན་པ་དག་ལ་རབ་ཏུ་བཀོད་དོ། །དེ་ན་མཚོ་ཆེན་པོ་ཡོད་པ་གང་ཡིན་པ་དེ་ན་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀླུའི་སྐྱེ་གནས་སུ་སྐྱེས་ཏེ་ལོ་བཅུ་གཉིས་འདས་ཤིང་སྟེང་དུ་བྱུང་སྟེ་འཁྲུགས་པས་འདི་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཆོས་

མ་བཤད་པས་དེས་ན་བདག་ཅག་རྣམ་པར་ལྟུང་བ་ཀླུའི་སྐྱེ་གནས་སུ་སྐྱེས་ཀྱིས་ཅི་ནས་བདག་ཅག་གིས་དེའི་བསྟན་པ་གཞིག་པར་བྱའོ་ཞེས་སྨྲའོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀླུ་འགྲོ་མགྱོགས་དང་ནབ་སོ་ནི་འདི་ལྟར་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཡིན་པས་ང་ཡོངས་སུ་

མྱ་ངན་ལས་འདས་ནས་ངའི་བསྟན་པ་ཐལ་བར་རླག་པར་འགྱུར་བ་གང་ཡིན་པའི་གནས་འདི་ཡོད་དོ་སྙམ་དུ་མཁྱེན་ནས། བཅོམ་ལྡན་འདས་ཀླུ་འགྲོ་མགྱོགས་དང་། ནབ་སོ་གཉིས་གང་ན་བ་དེར་གཤེགས་ཏེ་བྱོན་ནས་འགྲོ་མགྱོགས་དང་། ནབ་སོ་གཉིས་ལ་བཀའ་སྩལ་པ། འགྲོ་

Vol. 2 · folio 121a

མགྱོགས་དང་། ནབ་སོ་ཚིག་བཞི་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ཡོད་པ་བཤད་ཀྱིས་ཤེས་པར་བྱོས་ཤིག །བཙུན་པ་བདག་ཅག་དམ་པའི་ཆོས་འཚལ་བར་བགྱིད་པ་སུ་ཞིག་མཆིས་སྙམ་དུ་རིག་ནས། དེ་ཉིད་དུ་སླར་ཞུགས་ཏེ། དེ་གཉིས་

འདི་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་ནི་བདག་ཅག་ལ་ཆོས་བཤད་ན་བདག་ཅག་གིས་རྣམ་པར་མ་ཤེས་སོ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱོགས་དེར་སྐུའི་གཟུགས་བརྙན་བཏང་ནས་འགྲོ་མགྱོགས་དང་། ནབ་སོ་གཉིས་ཀྱིས་དེ་ལ་བལྟས་ཤིང་བལྟས་ཤིང་

བཅོམ་ལྡན་འདས་ད་དུང་བཞུགས་པ་ལྟ་ཞེས་སླར་ཡང་དང་ཡང་དུ་ཞུགས་སོ། །ཕྱོགས་དེ་ཉིད་དུ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མོ་སྦུ་བུ་ཅན་དང་། སྦུབས་ཅན་གཉིས་བཏུལ་ཏོ། །མདུང་ཅན་གྱི་གྲོང་ཁྱེར་དུ་གཤེགས་སོ། །མདུང་ཅན་གྱི་གྲོང་ཁྱེར་ན་གནོད་སྦྱིན་མོ་མདུང་

ཅན་ཞེས་བྱ་བ་ཁྲོ་ཞིང་གཏུམ་ལ་གཟུ་ལུམས་ཅན་ཞིག་གནས་པས་མདུང་ཅན་གྱི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་བུ་བཙས་ཤིང་བཙས་པ་དག་ཟ་བར་བྱེད་དོ། །མདུང་ཅན་གྱི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་བཅོམ་ལྡན་འདས་མདུང་ཅན་གྱི་གྲོང་ཁྱེར་དུ་

གཤེགས་ནས་ཕྱོགས་ཆེ་གེ་མོ་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང་ཁྱུ་ནས་ཁྱུར་ཕྲད་ཅིང་འདུས་ནས་མདུང་ཅན་གྱི་གྲོང་ཁྱེར་ནས་བྱུང་སྟེ། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་

ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་མདུང་ཅན་གྱི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་

བར་གོང་མ་བཞིན་དུའོ། །དེ་ནས་མདུང་ཅན་གྱི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། །།

Vol. 2 · folio 121b

འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་དྲུག་པ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་ཅག་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་ཞལ་ཟས་གསོལ་ཟིན་ནས་ཕྱག་བཅབས་ཏེ་

ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གསེར་གྱི་བྱ་མ་བུམ་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གསོལ་བ་གདབ་པའི་ཕྱིར་འཁོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་དེ་དང་དེ་རྣམས་ནི་

བཏུལ་ལགས་ན། བཙུན་པ་གནོད་སྦྱིན་མོ་མདུང་ཅན་ཞེས་བགྱི་བ་འདི་བདག་ཅག་ལ་ཡུན་རིང་མོ་ཞིག་ནས་ཤ་ཁོན་མ་མཆིས་པར་ནི་ཤ་ཁོན་དུ་བགྱིད། འགྲན་ཟླ་མ་ལགས་པར་ནི་འགྲན་ཟླ་བགྱིད། གླགས་མ་བཙལ་བར་ནི་གླགས་ཚོལ་བར་བགྱིད་དེ། བྱིས་པ་བཙས་ཤིང་

བཙས་པ་རྣམས་འཕྲོག་པར་བགྱིད་ལགས་ན། ཀྱེ་མའོ་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། གནོད་སྦྱིན་མོ་མདུང་ཅན་གདུལ་བར་གསོལ། དེའི་ཚེ་གནོད་སྦྱིན་མོ་མདུང་ཅན་འཁོར་དེ་ཉིད་དུ་འདུས་ཤིང་འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་

སྦྱིན་མོ་མདུང་ཅན་ལ་བཀའ་སྩལ་པ། མདུང་ཅན་ཁྱོད་ཀྱིས་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ། །མདུང་ཅན་ཁྱོད་ཀྱིས་ཐོས་སམ། བདེ་བར་གཤེགས་པ་བདག་གིས་ཐོས་ལགས་སོ། །དམ་པ་མ་ཡིན་པའི་ཆོས་སྡིག་པ་དེ་ལས་ལོག་ཤིག །བཙུན་

པ་དམ་ཞིག་བཅའ་སྟེ། གལ་ཏེ་འདི་དག་བདག་གི་སླད་དུ་གཙུག་ལག་ཁང་རྩིག་པར་བགྱིད་ན་བདག་ལྡོག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདུང་ཅན་གྱི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་ཁྱེད་ཀྱིས་ཐོས་སམ།

བཅོམ་ལྡན་འདས་ཐོས་ལགས་སོ། །ཁྱེད་ཅག་གིས་ཇི་ལྟར་བསྒྲུབ་པར་བྱ། བཅོམ་ལྡན་འདས་བརྩིག་ལགས་སོ། །བདེ་བར་གཤེགས་པ་བརྩིག་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མོ་མདུང་ཅན་འཁོར་དང་བཅས་ཏེ་བཏུལ་ནས་གཤེགས་སོ། །འབྲ་

Vol. 2 · folio 122a

གོ་ཅན་དུ་གཤེགས་པ་དང་འབྲ་གོ་ཅན་ན་བྱིས་པ་ཆུང་ངུ་དག་ཅིག་རྡུལ་གྱི་མཆོད་རྟེན་ལ་རྩེ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བྱིས་པ་ཆུང་ངུ་དག་རྡུལ་གྱི་མཆོད་རྟེན་ལ་རྩེ་བ་གཟིགས་སོ། །གཟིགས་ནས་ཀྱང་ཡང་གནོད་སྦྱིན་ལག་ན་རྡོ་རྗེ་ལ་བཀའ་སྩལ་

པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་བྱིས་པ་ཆུང་ངུ་རྡུལ་གྱི་མཆོད་རྟེན་ལ་རྩེ་བ་དག་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ལག་ན་རྡོ་རྗེ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་འདིར་ཀུ་ཤ་ནའི་རིགས་ཀྱི་རྒྱལ་པོ་ཀ་ནིས་ཀ་ཞེས་བྱ་བ་འབྱུང་བར་འགྱུར་བ་དེས་ཕྱོགས་

འདིར་མཆོད་རྟེན་རྩིག་པར་འགྱུར་ཏེ། དེའི་མིང་ཀ་ནིས་ཀའི་མཆོད་རྟེན་ཞེས་བྱ་བར་འགྱུར་ཞིང་ང་ཡོངས་སུ་མྱ་ངན་ལས་འདས་ན་ཡང་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རོ་ཧི་ཏ་ཀ་ནས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་ཀྱི་བར་དུ་སྲོག་

ཆགས་ས་ཡ་ཕྲག་བདུན་དང་འབུམ་ཕྲག་བདུན་བཏུལ་ནས་རོ་ཧི་ཏ་ཀར་གཤེགས་ཏེ་གཙུག་ལག་ཁང་དུ་ཞུགས་ནས་ནང་དུ་ཡང་དག་བཞག་གོ། །བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་

དགའ་བོ་དང་པོའི་རྒྱལ་སྲིད་གང་ན་བ་དེར་འདོང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་སྔར་ནི་འདི་སྐད་ཅེས་ཀུན་དགའ་བོ་བྱང་ཕྱོགས་སུ་ཀླུའི་རྒྱལ་པོ་སོག་མ་མེད་འདུལ་དུ་འདོང་ངོ་། །

བྱང་ཕྱོགས་ན་ནི་ཕན་ཡོན་རྣམ་པ་ལྔ་ཡོད་དོ་ཞེས་གསུངས་ལ། ད་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཀུན་དགའ་བོ་དང་པོའི་རྒྱལ་སྲིད་གང་ན་བ་དེར་འདོང་ངོ་ཞེས་གསུངས་ན་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ང་གནོད་སྦྱིན་

ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བྱང་ཕྱོགས་སུ་གཤེགས་ནས་ཏ་མ་སའི་ཚལ་རྣམས་ལུང་བསྟན་ཏོ་ཞེས་བྱ་བ་ནས་རྡུལ་གྱི་མཆོད་རྟེན་ལུང་བསྟན་ཏོ་ཞེས་བྱ་བའི་བར་དུའོ། །ཀུན་དགའ་བོ་རོ་ཧི་ཏ་ཀ་ནས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་གནས་ཀྱི་བར་དུ་དེ་བཞིན་གཤེགས་པས་སྲོག་ཆགས་

Vol. 2 · folio 122b

ས་ཡ་ཕྲག་བདུན་དང་འབུམ་ཕྲག་བདུན་བཏུལ་ཏེ། བྱང་ཕྱོགས་ན་ནི་ཉེས་དམིགས་ལྔ་ཡོད་དེ། མཐོན་དམན་ཅན་དང་། སྡོང་དུམ་དང་། ཚེར་མས་གང་བ་དང་། རྡོ་བ་དང་། གསེག་མ་དང་། གྱོ་མོ་མང་བ་དང་། ཁྱི་ཟ་བ་དང་། བུད་མེད་གནས་ངན་ལེན་ཀུན་དུ་སྤྱོད་

པའོ།། །།སྡོམ་ལ། དང་པོའི་རྒྱལ་སྲིད་རྟ་བཟངས་དང་། །བཅོམ་བརླག་དང་ནི་ཨོ་ཏ་ལའི། །ཀུན་དགའ་ར་བ་དགྲ་མཐའ་དང་། །ཚུགས་པར་དཀའ་དང་གང་གཱའི་ཆུ། །ཡི་དགས་དུས་དཔོག་ཕྱི་མ་ཡིན། །དེ་ནས་བཅོམ་ལྡན་འདས་ཡུལ་དཔའ་སྡེ་ནས་

ལྗོངས་རྒྱུ་ཞིང་གཤེགས་པ་ན་དང་པོའི་རྒྱལ་སྲིད་དུ་གཤེགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདིར་རྒྱལ་པོ་མང་པོས་བཀུར་བ་དང་པོ་རྒྱལ་སྲིད་ཀྱི་དབང་བསྐུར་བས་དབང་བསྐུར་བ་དེ་ནི་དང་པོའི་རྒྱལ་པོ་

ཡིན་ནོ། །དེའི་ཕྱིར་འདི་དང་པོའི་རྒྱལ་སྲིད་ཅེས་བྱ་བར་གྲགས་སོ། །རྟ་བཟངས་སུ་གཤེགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཕྱོགས་འདིར་རྒྱལ་པོ་མང་པོས་བཀུར་བའི་རྟ་བཟང་པོ་རིན་པོ་ཆེ་བྱུང་སྟེ། དེའི་

ཕྱིར་འདི་རྟ་བཟངས་ཞེས་བྱ་བར་གྲགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བཅོམ་བརླག་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་

མཉན་ཏེ། དེ་ནས་བཅོམ་ལྡན་འདས་བཅོམ་བརླག་ཏུ་གཤེགས་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱང་རིང་པོ་ཁོ་ན་ཞིག་ན་ཚལ་སྔོ་ཞིང་སྔོ་བ་བསྒྲེངས་པ་དག་གཟིགས་སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཚལ་སྔོ་

ཞིང་སྔོ་བ་བསྒྲེངས་པ་ཕ་བི་མཐོང་ངམ། བཙུན་པ་མཐོང་ལགས་སོ། །ཀུན་དགའ་བོ་དེ་ནི་རི་བོ་རྩེ་མཐོན་ཞེས་བྱ་སྟེ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་། བཅོམ་བརླག་ནས་གར་མཁན་དང་དཔའ་བོ་ཞེས་བྱ་བ་སྤུན་གཉིས་ཀྱིས་དེ་ལ་གཙུག་ལག་ཁང་རྩིག་

Vol. 2 · folio 123a

པར་འགྱུར་ཏེ། དེའི་མིང་གར་མཁན་དཔའ་བོ་ཞེས་བྱ་བར་འགྱུར་ཞིང་ལྷག་མཐོང་དང་ཞི་གནས་ཀྱི་རྗེས་སུ་མཐུན་པའི་གནས་མལ་རྣམས་ཀྱི་མཆོག་ཏུ་འགྱུར་རོ། །ཀུན་དགའ་བོ་བཅོམ་བརླག་འདིར་སྤོས་འཚོང་གི་ཁྱེའུ་སྦས་པ་ཞེས་བྱ་བ་འབྱུང་བར་

འགྱུར་ཏེ། དེའི་བུ་ཉེ་སྦས་ཞེས་བྱ་བ་སངས་རྒྱས་ཀྱི་མཚན་མེད་པ་ཞིག་འབྱུང་བ་དེ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་དང་བསྟན་པ་ལ་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །དགེ་སློང་ཀུན་དགའ་བོའི་ལྷན་ཅིག་གནས་པ་ཉི་མའི་གུང་ཞེས་བྱ་བས་ཉེ་

སྦས་དེ་རབ་ཏུ་འབྱིན་པར་འགྱུར་ཏེ། གདམས་ངག་སྟོན་པ་རྣམས་ཀྱི་ཕྱི་མ་ནི་ཉེ་སྦས་ཡིན་པར་འགྱུར་རོ། །གར་མཁན་དཔའ་བོ་དེ་ལ་ཕུག་སྲིད་དུ་ཁྲུ་བཅྭ་བརྒྱད་པ། ཞེང་དུ་ཁྲུ་བཅུ་གཉིས་པ། འཕང་དུ་ཁྲུ་བདུན་པ་ཞིག་ཡོད་པར་འགྱུར་ཏེ། དེས་གང་དང་གང་དག་ལ་གདམས་ངག་

བསྟན་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་པ་དེ་དང་དེ་རྣམས་ཀྱིས་ཐུར་མ་སོར་བཞི་ཙམ་པ་རེ་རེ་ཕུག་དེའི་ནང་དུ་འདོར་བར་འགྱུར་རོ། །གང་གི་ཚེ་ཕུག་དེ་དགྲ་བཅོམ་པའི་ཐུར་མས་གང་བར་གྱུར་པ་དེའི་ཚེ་ཉེ་སྦས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ཡོངས་སུ་མྱ་ངན་

ལས་འདས་ནས་དགྲ་བཅོམ་པའི་ཐུར་མ་དེ་དག་ཉིད་སྤུངས་ནས་དེ་རྣམས་ཀྱིས་སྲེག་པར་བྱེད་དོ། །དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་འོངས་པ་ན་སྐྱེ་བོ་མང་པོ་ལ་སྙིང་བརྩེ་བ་དང་

ཚེ་དང་ལྡན་པ་ཉེ་སྦས་ལུང་བསྟན་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེའི་ཚེར་མ་ཟད་ཇི་ལྟར་འདི་འདས་པའི་དུས་ན་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །དགེ་སློང་དག་སྔོན་བྱུང་

བ་རི་བོ་རྩེ་མཐོན་འདི་ཉིད་ཀྱི་ངོས་གསུམ་ལ་རང་སངས་རྒྱས་དང་དྲང་སྲོང་དང་། སྤྲེའུ་རྣམས་གནས་ཏེ། ངོས་གཅིག་ན་ནི་རང་སངས་རྒྱས་ལྔ་བརྒྱའོ། །གཉིས་པ་ལ་ནི་དྲང་སྲོང་ལྔ་བརྒྱའོ། །གསུམ་པ་ལ་ནི་སྤྲེའུ་ལྔ་བརྒྱའོ། །སྤྲེའུའི་སྡེ་དཔོན་གྱི་ཀུན་དུ་སྤྱོད་པ་ནི་སྤྲེའུའི་ཕྲུ་

Vol. 2 · folio 123b

གུ་བཙས་ཤིང་བཙས་པ་དག་གསོད་པར་བྱེད་པ་ཡིན་ནོ། །དེ་ནས་སྤྲ་མོ་དེ་དག་ཕྲུ་གུའི་མྱ་ངན་གྱིས་ནོན་པས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་སྤྲ་མོ་དག་ཉོན་ཅིག །བདག་ཅག་གི་ཕྲུ་གུ་བཙས་ཤིང་བཙས་པ་དག་སྡེ་དཔོན་འདིས་གསོད་པར་བྱེད་ཀྱིས་དེ་ལ་ཐབས་

ཤིག་བཤམ་པར་བྱ་སྟེ། བདག་ཅག་ལས་སྤྲ་མོ་གང་ཞིག་སྦྲུམ་པར་གྱུར་ན་དེས་སྡེ་དཔོན་ལ་བརྗོད་པར་མི་བྱའོ། །ཇི་ཙམ་དུས་གཞན་ཞིག་ན་སྤྲ་མོ་ཞིག་སྦྲུམ་པར་གྱུར་ནས་དེ་དེ་རྣམས་ཀྱིས་དབེན་པའི་ཕྱོགས་ཤིག་ཏུ་སྦས་ནས་རྩ་བ་དང་འབྲས་བུས་བསྙོད་དེ་སྤྲེའུའི་ཕྲུ་གུ་བྱུང་ནས་དེ་

ཡང་དེ་རྣམས་ཀྱིས་དབེན་པའི་ཕྱོགས་ཤིག་ཏུ་བསྣུན་གསོས་བསྐྱེད་དེ། དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་དེས་སྡེ་དཔོན་དེ་རང་གི་ཁྱུ་ནས་བསྐྲད་ནས་རི་བོ་རྩེ་མཐོན་ན་ཕན་ཚུན་དུ་འཁྱམ་པར་བརྩམས་སོ། །དེ་འཁྱམ་པ་ན་རང་སངས་རྒྱས་རྣམས་ཀྱི་སྒྲ་ཐོས་ནས་དེ་དེ་རྣམས་ཀྱི་

དྲུང་དུ་སོང་སྟེ། གང་གི་ཚེ་བག་ཕེབས་པར་གནས་པར་གྱུར་པ་དེའི་ཚེ་དེ་རྣམས་ལ་རྩ་བ་དང་། ལོ་མ་དང་མེ་ཏོག་དང་འབྲས་བུ་དང་སོ་ཤིང་དག་འབུལ་བར་བྱེད་དོ། །དེ་རྣམས་ཀྱིས་ཀྱང་དེ་ལ་ལྷུང་བཟེད་ཀྱི་ལྷག་མ་དག་འདོར་བར་བྱེད་དོ། །རང་སངས་རྒྱས་དེ་རྣམས་ཀྱི་ཀུན་

དུ་སྤྱོད་པ་ནི་ཟོས་ཤིང་ཟོས་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །སྤྲེའུ་དེས་ཀྱང་དེ་རྣམས་ཀྱི་སྤྱོད་ལམ་མཐོང་ནས་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་གོ། །ཇི་ཙམ་དུས་གཞན་ཞིག་ན་རང་སངས་རྒྱས་དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་གི་ལུས་རྣག་ཅན་འདིས་ཐོབ་པར་བྱ་བ་

གང་ཡིན་པ་ནི་ཐོབ་ཟིན་གྱིས། བདག་ཅག་ཞི་བ་མྱ་ངན་ལས་འདས་པའི་དབྱིངས་སུ་འཇུག་གོ་སྙམ་ནས། དེ་ནས་དེ་རྣམས་ཀྱིས་འབར་བ་དང་། གསལ་བ་དང་། ཆར་འབེབས་པ་དང་། གློག་འབྱིན་པའི་ཆོ་འཕྲུལ་དག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་

སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་རྣམས་ལྡང་བའི་དུས་གང་ཡིན་པ་དེའི་ཚེ་མི་ལྡང་ནས་སྤྲེའུ་དེས་དེ་རྣམས་མ་མཐོང་བས་མི་དགའ་བར་གྱུར་ཏོ། །ཇི་ཙམ་ན་སྤྲེའུ་དེ་ཕུག་ཏུ་ཞུགས་ནས་རང་སངས་རྒྱས་དེ་རྣམས་ཀྱི་ཆོས་གོས་རྣམས་ནས་གསིག་པར་བརྩམས་སོ། །དེ་ནས་ཕུག་

Vol. 2 · folio 124a

དེ་ན་གནས་པའི་ལྷ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། སྤྲེའུ་འདིས་རང་སངས་རྒྱས་རྣམས་ཀྱི་སྐུ་བཤིག་ན་མི་རུང་ངོ་སྙམ་ནས་རྡོ་ལེབ་ཆེན་པོས་སྒོ་བཅད་ནས་འདུག་གོ། །དེ་ནས་སྤྲེའུ་དེ་མྱ་ངན་དང་སྡུག་བསྔལ་བ་དང་། སྨྲེ་སྔགས་བཏོན་ཏེ་སོང་

ནས་རི་བོ་རྩེ་མཐོན་ལ་ཀུན་ནས་འཁྱམ་པ་ན་མི་རྣམས་འདོད་པས་མི་དགའ་བར་གྱུར་ཏེ། རྣ་བ་གཏོད་ཅིང་མིའི་སྒྲ་ཐོས་པར་འདོད་པ་ལས། དེས་དྲང་སྲོང་དེ་རྣམས་སྨྲ་བའི་སྒྲ་དག་ཐོས་ནས། དེ་འགྲོན་པ་ལམ་སྟོར་བ་བཞིན་དུ་རིངས་པ་རིངས་པར་དེ་རྣམས་ཀྱི་དྲུང་དུ་སོང་ངོ་། །

དྲང་སྲོང་དེ་དག་ཀྱང་དཀའ་ཐུབ་དྲག་པོས་གདུང་བར་བྱེད་དེ། ཁ་ཅིག་ནི་ལག་པ་བསྒྲེང་ནས་འདུག་གོ། །ཁ་ཅིག་ནི་རྐང་པ་ཡ་གཅིག་གིས་སོ། །ཁ་ཅིག་ནི་གདུང་བ་ལྔས་གདུང་བར་བྱེད་དོ། །གང་གི་ཚེ་སྤྲེའུ་དེ་དེ་རྣམས་དང་ལྷན་ཅིག་བག་ཕེབས་པར་གནས་པར་གྱུར་པ་

དེའི་ཚེ་དྲང་སྲོང་དེ་རྣམས་ལ་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་དག་སྦྱིན་པར་བྱེད་དོ། །དེ་རྣམས་ཀྱང་དེ་ལ་ཟས་ཀྱི་ལྷག་མ་དག་འདོར་བར་བྱེད་དོ། །དེས་དེ་རྣམས་ཀྱི་སྤྱོད་ལམ་དཀྲུགས་ཤིང་རང་སངས་རྒྱས་ཀྱི་སྤྱོད་ལམ་སྟོན་པར་བྱེད་དེ། །དེ་

ན་གང་དག་ལག་པ་སྒྲེང་བ་དེ་རྣམས་ཀྱི་ལག་པ་དག་ཕབ་ནས་སེ་གོལ་གྱི་སྒྲ་ཕྱུང་སྟེ། སྦྲན་ནས་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །གང་དག་རྐང་པ་ཡ་གཅིག་པ་དེ་རྣམས་ཀྱི་རྐང་པ་ཕབ་ནས་མདུན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། །གང་དག་གདུང་བ་ལྔས་གདུང་བར་བྱེད་པ་དེ་

རྣམས་ཀྱི་མེ་གསད་ནས་སེ་གོལ་གྱི་སྒྲ་ཕྱུང་སྟེ་མདུན་དུ་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ། །དེ་ནས་དྲང་སྲོང་དེ་རྣམས་ཀྱིས་གདམས་ངག་འབོགས་པ་ལ་སྨྲས་པ། མཁན་པོ་སྤྲེའུ་འདི་བདག་ཅག་གི་དཀའ་ཐུབ་ལ་བར་ཆད་བགྱིད་དོ་ཞེས་དེ་རྣམས་ཀྱིས་དེ་ལ་རྒྱས་པར་སྨྲས་པ་དང་། དེས་སྨྲས་

པ་ཤེས་ལྡན་དག་སྤྲེའུ་དེ་དག་ནི་དྲན་པ་དང་ལྡན་པ་ཡིན་ཏེ། གདོན་མི་ཟ་བར་འདིས་དྲང་སྲོང་ཁ་ཅིག་གི་སྤྱོད་ལམ་དེ་ལྟ་བུ་མཐོང་གིས་ཁྱེད་ཅག་གིས་ཀྱང་སྐྱིལ་མོ་ཀྲུང་ཆོས་ལ་འདུག་ཤིག །དེ་རྣམས་ཀྱིས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང་། དེ་རྣམས་ཀྱི་སྔོན་གྱི་དགེ་བའི་རྩ་བ་རྣམས་མངོན་

Vol. 2 · folio 124b

དུ་གྱུར་ནས་དེ་རྣམས་ཀྱིས་མཁན་པོ་དང་སློབ་དཔོན་མེད་པའི་ཤེས་པས་བྱང་ཆུབ་ཀྱི་ཕྱོགས་སུམ་བཅུ་རྩ་བདུན་དང་མཐུན་པའི་ཆོས་བསྐྱེད་ནས་རང་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེ་རྣམས་སྤྲེའུ་དེ་ལ་ཆོས་ལས་བྱུང་བའི་དད་པ་སྐྱེས་ནས། དེ་རྣམས་ཀྱིས་ལྗོངས་ནས་བསོད་

སྙོམས་ལོ་ཏོག་སར་པ་དང་འབྲས་བུ་སར་པ་དང་། དུས་གསར་གྱི་རྙེད་པ་གང་ཡིན་པ་དེ་རྣམས་ལས་དེ་ལ་ཐོག་མར་བྱིན་ནས་བདག་ཉིད་ལོངས་སྤྱོད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་སྤྲེའུ་དེ་དུས་ལས་འདས་སོ། །དེ་ནས་རང་བྱང་ཆུབ་དེ་རྣམས་ཀྱིས་ཡུལ་ཁམས་དང་

ཕྱོགས་སྣ་ཚོགས་ན་ཡོད་པའི་ཤིང་དྲི་ཞིམ་པོ་རྣམས་བླངས་ཏེ། ཤིང་དྲི་ཞིམ་པོ་ཐམས་ཅད་ཀྱིས་ཕུང་པོར་སྤུངས་ནས་བསྲེགས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། རང་བྱང་ཆུབ་རྣམས་དང་ལྷན་ཅིག་ཏུ་གནས་པའི་སྤྲེའུ་གང་ཡིན་པ་དེ་ནི་ཉེ་སྦས་འདི་ཉིད་ཡིན་ཏེ། འདི་

དེའི་ཚེ་ཡང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་སོ། །ད་ལྟར་ན་ཡང་ངས་འདི་སྐྱེ་བོ་མང་པོ་ལ་ཕན་པ་དང་སྙིང་རྗེ་བར་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དཔའ་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་ན་བཅོམ་བརླག་ཏུ་གཤེགས་པ་དང་། བཅོམ་བརླག་གི་བྲམ་ཟེ་རྣམས་

ཀྱིས་དགེ་སྦྱོང་གཽ་ཏ་མ་བཅོམ་བརླག་ཏུ་ཕྱིན་ནས་དེ་ཤིན་ཏུ་རིགས་བཞི་པོ་རྣམ་པར་དག་པར་འདོད་དེ་འཆད་པར་བྱེད་འདོགས་པར་བྱེད། རབ་ཏུ་འཇོག་པར་བྱེད། རྣམ་པར་འབྱེད་པར་བྱེད། བྱེ་བྲག་ཏུ་འབྱེད་པར་བྱེད། གསལ་བར་བྱེད། སྟོན་པར་བྱེད། ཡང་དག་པར་རབ་ཏུ་

སྟོན་པར་བྱེད་དོ་ཞེས་ཐོས་ནས། གལ་ཏེ་དེ་བཅོམ་བརླག་ཏུ་འདུག་ན་བདག་ཅག་གི་རྙེད་པ་དང་བཀུར་སྟིའི་བར་ཆད་དུ་འགྱུར་ལ་དེ་ནི་བཀུར་སྟི་མ་ཡིན་པས་སྐྲག་གོ་ཞེས་གྲག་གིས། གལ་ཏེ་དེ་ལ་འགའ་ཞིག་གིས་བཀུར་སྟི་མ་ཡིན་པ་བྱས་ནས་དེ་ལྟ་ན་དེ་བཅོམ་བརླག་ཏུ་འདུག་པར་མི་འགྱུར་

རོ། །གལ་ཏེ་དེ་ལ་མི་སྨད་རིགས་ཀྱིས་བཀུར་སྟི་མ་ཡིན་པ་བྱས་ན་ངོ་མཚར་དུ་མི་འཛིན་གྱི་གལ་ཏེ་དེ་ལ་སྐྱེས་བུ་གཙོ་བོ་འགའ་ཞིག་གིས་བཀུར་སྟི་མ་ཡིན་པ་བྱས་ན་དེས་ནི་ལེགས་པར་འགྱུར་ན། བདག་ཅག་གི་ནང་ན་སྐྱེས་བུ་གཙོ་བོ་སུ་ཞིག་ཡོད་སྙམ་མོ། །དེའི་ཚེ་བཅོམ་བརླག་ན་བྲམ་

Vol. 2 · folio 125a

ཟེ་སྔོར་གྱུར་ཅེས་བྱ་བ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་ཕྱིན་པ་རང་གི་སྨྲ་བ་གསལ་བར་བྱེད་པ། ཕ་རོལ་གྱི་རྒོལ་བ་ཚར་གཅོད་པར་ནུས་པ་དེའི་ཚིག་བདེན་པའི་རྗེས་སུ་འབྲང་བ་ཞིག་ཡོད་དོ། །དེ་ནས་བཅོམ་བརླག་གི་བྲམ་ཟེ་

རྣམས་འདུས་ཤིང་ཚོགས་ཏེ། སྔོར་གྱུར་གྱི་དྲུང་དུ་སོང་ནས་མཁན་པོ་འདིར་དགེ་སྦྱོང་གཽ་ཏ་མ་མཆིས་ནས། དེར་ཤིན་ཏུ་རིགས་བཞི་པོ་རྣམ་པར་དག་པ་ཞེས་བྱ་བ་ནས་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ་ཞེས་ཐོས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནི་བཀུར་སྟི་མ་ཡིན་པས་

སྐྲག་གོ་ཞེས་གདའ་ན། གལ་ཏེ་དེ་ལ་འགའ་ཞིག་གིས་བཀུར་སྟི་མ་ལགས་པ་བགྱིས་ན། དེ་ལྟ་ན་དེ་བཅོམ་བརླག་ཏུ་མཆིས་པར་མི་འགྱུར་རོ། །གལ་ཏེ་དེ་ལ་མི་སྨད་རིགས་ཀྱིས་བཀུར་སྟི་མ་ལགས་པ་བགྱིས་ན་ངོ་མཚར་དུ་མི་འཛིན་གྱི་གལ་ཏེ་དེ་ལ་སྐྱེས་བུ་གཙོ་བོ་འགའ་ཞིག་གིས་

བཀུར་སྟི་མ་ལགས་པ་བགྱིས་ན་ལེགས་པར་འགྱུར་ན། བདག་ཅག་གི་སྐྱེས་བུ་གཙོ་བོ་མཁན་པོ་མ་ལགས་པ་སུ་ཞིག་མཆིས། ཁྱོད་ཀྱིས་དེ་ལ་བཀུར་སྟི་མ་ལགས་པའི་ཚིག་གི་རྒྱ་ལྕག་གིས་སྤྱོ་བར་གསོལ། སྔོར་གྱུར་གྱིས་སྨྲས་པ། ཤེས་ལྡན་དག་བདག་གི་ལྕེ་འདི་ནི་བདེན་

པའི་རྗེས་སུ་འབྲང་བ་ཡིན་ཏེ། གལ་ཏེ་སྤྱོ་བར་འོས་པ་ཞིག་ན་སྤྱོའོ། །འོན་ཏེ་བསྟོད་པར་འོས་པ་ཞིག་ན་བསྟོད་དོ། །དེ་ནས་བྲམ་ཟེ་སྔོར་གྱུར་བཅོམ་བརླག་ན་གནས་པའི་བྲམ་ཟེ་རྒན་རབས་རྒན་རབས་རྣམས་ཀྱིས་མདུན་དུ་བདར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་བ་ན།

བྲམ་ཟེ་སྔོར་གྱུར་གྱིས་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་ལྷག་པ། རིན་པོ་ཆེའི་རི་བོ་

འགྲོ་བ་ལྟར་ཀུན་ནས་བཟང་བ་ཤིང་དྲུང་ཞིག་ན་རྟེན་ཅིང་ཞི་བའི་སྤྱོད་ལམ་གྱིས་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་ཡ་མཚན་སྐྱེས་ཏེ་མིག་བགྲད་དེ་བལྟས་ནས་བསྟོད་པར་བརྩམས་པ། ལུས་དང་ངག་དང་དབང་པོར་བཅས་པ་ཡི། །ཡིད་ཀྱིས་ཚུལ་བཞིན་རྩེ་གཅིག་བགྱིས་

Vol. 2 · folio 125b

ནས་ནི། །ཡོན་ཏན་རང་བཞིན་ཡོན་ཏན་རྒྱ་མཚོ་ཆེ། །ཁྱོད་ཀྱི་ཡོན་ཏན་ཕྱོགས་གཅིག་བརྗོད་པར་བགྱི། །སྨྲ་བ་རྣམས་ཀྱི་དམ་པ་རབ་མཆོག་ལགས། །སྐྱོན་མེད་དབང་པོ་ཤིན་ཏུ་མཉམ་པར་བཞག །ཕ་རོལ་རྒོལ་བ་བརྩོན་པ་ཐམས་ཅད་ཀྱིས། །དོན་དམ་

ཐུགས་སུ་ཆུད་ལ་བསྐྱོད་མི་ནུས། །ཁྱོད་ཀྱི་སྤྱོད་པ་ཤིན་ཏུ་རྫོགས་པ་ཉིད། །བརྟུལ་ཞུགས་བསྒྲུབས་པས་བརྟུལ་ཞུགས་ཤིན་ཏུ་རྫོགས། །སྟོབས་ལྡན་ཁྱོད་ཀྱི་ཏིང་འཛིན་ཟད་མེད་པས། །སྲེད་མེད་བུ་དང་རི་ཡི་རྒྱལ་པོ་བཞིན། །སྐྱེས་བུ་ཁྱུ་མཆོག་ཁྱོད་ལ་གནོད་མི་

མངའ། །མི་ཞུམ་བསྙེངས་པ་མི་མངའ་དུབ་མི་མངའ། །འབྱུང་པོ་རྣམས་ལའང་མི་བཟོད་འགའ་མི་མངའ། །ཁྱོད་ནི་མ་ཆགས་འཐབ་པ་ག་ལ་མངའ། །བརྟབས་པ་མེད་ཅིང་ཧ་ཅང་ཞུམ་མི་མངའ། །གདུང་བ་མེད་ཅིང་དགྱེས་པའང་ཡོང་མི་མངའ། །རི་ཡི་བདག་པོ་

ལྷུན་པོ་རབ་བརྟན་ལྟར། །ཁྱོད་ཀྱི་ཐུགས་ནི་རྟག་ཏུ་དགེ་བ་ཉིད། །ཐུབ་པ་སྐྱེས་མཆོག་ཁམས་རྣམས་ཐམས་ཅད་ནས། །ཁྱོད་ཀྱི་ཡེ་ཤེས་ཡངས་པ་སྒྲིབ་མི་མངའ། །སྐྱེ་མཆེད་རྣམ་པ་སྣ་ཚོགས་དག་ལ་ནི། །མ་ཐོགས་ཉམས་ཤིང་ཟད་པ་མེད་པར་འཇུག །ཐུབ་པ་

ཁྱོད་ལ་གང་ལའང་སོམ་ཉི་མེད། །ཡིད་གཉིས་ཡོད་མིན་ཐེ་ཚོམ་ཡོད་མ་ཡིན། །ཁྱོད་ཉིད་ཀྱིས་ནི་མཆོག་དང་མཆོག་མིན་པ། །རིག་པས་ཐུགས་སུ་ཆུད་ནས་ཐམས་ཅད་མཁྱེན། །མཐོང་ན་དགའ་བར་འགྱུར་ལ་མཐོང་ན་ལེགས། །མཐོང་ན་ལེགས་པས་མཐོང་ན་མཁས་

པ་དགའ། །ཁྱོད་ལ་དགའ་དང་མི་དགའ་མཉམ་པས་ན། །རྟག་ཏུ་དགའ་བའི་སྤྱོད་ལམ་དེ་བཞིན་མཛད། །ཁྱོད་ནི་སྙན་པའི་སྤོབས་པར་ལྡན་པ་ལགས། །འཛུམ་པའི་གསུང་དང་དྲན་ལྡན་བསྙེངས་པ་མེད། །མཁས་རྣམས་འདོད་པ་རབ་ཏུ་འཆད་པས་ན། །འཇིག་རྟེན་

གསུམ་དུ་ཁྱོད་ཀྱི་གྲགས་པ་འབྱུང་། །མི་དང་ལྷ་དང་ལྷ་མིན་གནོད་སྦྱིན་དང་། །སྲིན་པོ་མང་དང་འཇིག་རྟེན་འདིར་མཁས་དག །ཐུབ་པའི་དྲུང་དུ་ཡང་དང་ཡང་ལྷགས་ནས། །ཁྱོད་ལ་ཡང་དང་ཡང་ཞུ་མི་བཟོད་མེད། །ཁྱོད་ནི་སྙན་པའི་གསུང་གིས་དགའ་མཛད་པས། །མི་

Vol. 2 · folio 126a

དང་ལྷ་དང་ལྷ་མིན་གནོད་སྦྱིན་དང་། །སྲིན་པོ་ཡིད་གཉིས་བསལ་རྣམས་ཐུབ་པ་ཆེ། །ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་སླར་མཆིའོ། །བཞེངས་དང་བཞུགས་དང་གཤེགས་དང་བཞུད་པ་དང་། །མནལ་དང་མི་གསུང་ཡང་ན་གསུང་བའམ། །འོན་

ཏེ་ལྷུང་བཟེད་ཆོས་གོས་བསྣམས་པ་དག །གཽ་ཏམ་ཁྱོད་ཀྱི་ཐམས་ཅད་མཛེས་པ་ཉིད། །ཐོགས་པ་མེད་མངའ་མི་མྱུར་མཉམ་པས་ན། །གསུང་ནི་སྙན་པའི་ཡོན་ཏན་རྣམས་དང་ལྡན། །མི་ཡི་མཆོག་ནི་དུས་སུ་གསུང་བས་ན། །གསུང་གི་ཟློས་པ་རྣམ་པར་སྤངས་པ་

ལགས། །འཇིག་རྟེན་ན་ནི་སྟོབས་དང་ལྡན་པར་གྲགས། །སྐྱེས་བུ་མཁྱེན་པ་སྐྱེས་བུ་ཁྱུ་མཆོག་གཙོ། །འཇིག་རྟེན་ལྷར་བཅས་འདི་ནི་མཐའ་དག་ལ། །ང་རྒྱལ་མི་མངའ་ཁྱད་དུ་གསོད་མི་མཛད། །མཛའ་བ་དང་ནི་མཛའ་བ་མ་ལགས་དང་། །མཐུན་པ་དང་ནི་

མཐུན་པ་མ་ལགས་དང་། །གཡོ་དང་མི་གཡོ་རང་བཞིན་གནས་པ་ལ། །ངོ་མཚར་འཛིན་པ་ནམ་ཡང་མི་མངའོ། །སྨྲེ་སྔགས་འདོན་ཅིང་སྙིང་བརྩེར་སྨྲ་བ་དང་། །ཁ་ཆུ་འཛགས་པས་ཉམ་ཐག་སྐད་འབྱིན་དང་། །ཡོངས་སུ་གདུངས་དང་རྣམ་པར་གདུངས་ལྡན་དང་། །

འཇིགས་དང་རིམས་ནད་མྱ་ངན་གྱིས་ཉེན་པ། །སྡུག་བསྔལ་རྣམ་པ་བརྒྱ་ཡིས་གཙེས་པ་དང་། །ཡུན་རིང་ནས་ནི་མགོན་མེད་བདེ་བ་མེད། །སྲིད་པའི་སྲེད་པར་ཞུགས་ཤིང་མུན་བསྒྲིབས་པའི། །འགྲོ་བ་འཁྲུགས་པ་ལ་ནི་རབ་གཟིགས་ནས། །བདག་ཉིད་རྣམ་

པ་སྣ་ཚོགས་མཐུ་དག་གིས། །ཐུབ་པ་ཐུགས་རྗེ་ཆེན་པོ་འཇུག་མཛད་ཅིང་། །ཤཱཀྱ་སྐྱེས་ཀྱི་མཆོག་ནི་ཁྱོད་ཉིད་ཀྱིས། །ཕོངས་པར་གྱུར་རྣམས་དགྲོལ་ཕྱིར་བརྩོན་པར་མཛད། །སྲིད་པའི་སྡུག་བསྔལ་རྒྱུ་དང་བཅས་འདི་དང་། །སྲིད་པའི་སྡུག་བསྔལ་ཟད་པ་གང་ཡིན་

དང་། །སྲིད་པའི་སྡུག་བསྔལ་འགོག་པར་འགྲོ་བ་ཡི། །ལམ་ནི་མཚུངས་པ་མེད་པ་ཁྱོད་ཀྱིས་བཤད། །རྣམ་པར་འདྲེན་པ་ཆེན་པོ་བརྩོན་འགྲུས་ཆེ། །རབ་མཆོག་ཕ་རོལ་སྨྲ་བ་རྣམས་ཀྱི་མཆོག །འཇིག་རྟེན་གསུམ་ན་ཁྱོད་མཚུངས་མ་མཆིས་ན། །ཁྱོད་ལས་

Vol. 2 · folio 126b

ལྷག་པ་ལྟ་ཞིག་ག་ལ་མཆིས། །ཁྱོད་ལ་ཁོང་ཁྲོ་རྗེས་སུ་ཆགས་མི་མངའ། །ཐུབ་པ་ཁྱོད་ལ་ཡོངས་སུ་ཟག་མི་མངའ། །སྡུག་དང་འགལ་དང་རྩོད་པ་བརྟུལ་ཞུགས་བཟང་། །ཁྱོད་ལ་མི་མངའ་རྟག་ཏུ་མི་མངའ་ལགས། །ཐུབ་པ་སྡུག་དང་མི་སྡུག་བདེ་བ་དང་། །

སྡུག་བསྔལ་མཉམ་དང་དེ་བཞིན་མི་མཉམ་སྤངས། །དགའ་དང་མི་དགའ་བ་དག་བཟོད་མཛད་དེ། །ཡང་དག་བསྡམས་ཤིང་འདི་ན་ཉེར་ཞི་སྤྱོད། །སྨད་པ་བྱས་ཀྱང་གནོད་པ་མི་མངའ་ལ། །རབ་ཏུ་བསྔགས་པས་ཁེངས་པར་མི་འགྱུར་བས། །གྲགས་པ་གྲགས་

པ་མ་ཡིན་ཁྱོད་ལ་མཉམ། །གླང་ཆེན་མཆེ་བར་ལྡན་པ་གཡུལ་ངོ་རུ། །འདོར་བ་དྲག་ཏུ་འཕངས་པའི་མདའ་དག་ལྟར། །སྐྱེ་བོ་སྡིག་ཅན་རྣམས་ཀྱིས་སྨྲས་པ་ཡི། །ཚིག་ངན་ཚིག་རྩུབ་དག་ཀྱང་བཟོད་པར་མཛད། །དྲང་སྲོང་ཁྱོད་སྙན་གསུང་ཞིང་ཚིག་ཀྱང་

བཟོད། །ཤིན་ཏུ་ངན་དུ་སྨྲས་པའང་མི་བཟོད་མེད། །སྨད་པར་སྨྲས་སམ་དགེ་བར་སྨྲས་ཀྱང་རུང་། །ཐུབ་པ་མཉམ་པ་ཉིད་དུ་གནས་པ་ལགས། །མཆོད་འོས་རྟག་པར་མི་དང་ལྷ་དག་དང་། །ལྷ་མིན་གནོད་སྦྱིན་སྲིན་པོ་རྣམས་དང་ནི། །དྲང་སྲོང་བདག་ཉིད་ཆེན་

པོས་རྟག་མཆོད་ན། །ཁྱོད་ནི་ཐུགས་བརྟན་གཞན་དུ་འགྱུར་མི་མངའ། །འདི་བས་བདག་མཆོག་ཅེས་ཀྱང་རློམ་མི་མངའ། །འདི་བས་བདག་ཆུང་ཞེས་ཀྱང་རློམ་མི་མངའ། །བདག་ནི་འདི་དང་མཉམ་ཞེས་མི་རློམ་པས། །ཁྱོད་ལ་ང་རྒྱལ་རྣམ་པ་གསུམ་མི་མངའ། །

བརྟན་དང་ལྡན་ལ་བོང་བ་གསེར་དང་མཚུངས། །བཻ་ཌཱུརྱ་དང་གསེག་མ་གྱོ་མོར་མཚུངས། །ཐུབ་པ་ཆེན་པོ་ལྷ་དང་བཅས་པ་ཡི། །འགྲོ་བ་འདི་ནི་རྩྭ་ཤིང་འདྲ་བར་སྤྱོད། །ཟླ་བ་ཉི་མའི་འོད་ཟེར་དང་ཕྲད་ནས། །གྲང་དང་ཚ་བའི་རླུང་དག་ལངས་ན་ཡང་། །རི་ཡི་དབང་པོ་

ལྟ་བུར་བཟོད་མཛད་དེ། །ཐུགས་བརྟན་ཁྱོད་ལ་རབ་ཏུ་གནོད་མི་མངའ། །གཟིམས་ཆ་དང་ནི་སྩང་ནས་བཤོས་དང་ནི། །བླ་གོས་ཤམ་ཐབས་རྣམ་པ་སྣ་ཚོགས་དག །ཐུབ་པ་ཟག་མེད་སོ་སོར་བརྟགས་ནས་ནི། །དེ་ཡི་དོན་དུ་བསྟེན་པར་མཛད་པ་ལགས། །མགོན་པོ་

Vol. 2 · folio 127a

བདག་ལ་མེད་ཅེས་ཐུགས་ངན་མེད། །མ་བཅིངས་ལེགས་གསུང་བདག་གིར་འཛིན་མི་མངའ། །གནོད་པ་སྣ་ཚོགས་དག་ལས་ཡོངས་སུ་གྲོལ། །རྙེད་པ་བརྙེས་ནའང་དགྱེས་པར་མི་འགྱུར་ལ། །དེ་མ་བརྙེས་པས་ཀྱང་ནི་ཞུམ་མི་འགྱུར། །

ཁྱད་དུ་གསོད་པ་བཟོད་པ་མཛད་ཅིང་འདིར། །བཀུར་སྟི་དག་ལའང་ཆགས་པ་མི་མངའ་ལགས། །ལྷ་གནས་རི་ཡི་ངོས་ལས་འཁྲུངས་པ་ཡི། །ཁྲག་ལྟར་དམར་བའི་ཙན་དན་མཆོག་དག་དང་། །མདའ་དང་རལ་གྲི་རྣོན་པོས་ཁྱོད་ཀྱི་ཐུགས། །ལན་འགའ་ཡང་ནི་

འགྱུར་བ་མི་མངའ་ལགས། །དོན་མེད་གཏམ་ནི་གསུང་བར་མི་མཛད་གང་། །སྐྱེ་བོ་ངན་པས་བསྟེན་པའི་གཏམ་མ་ལགས། །རྙེད་པའི་གཏམ་མིན་ཟང་ཟིང་བཅས་གཏམ་མིན། །བདག་ཉིད་ཆེ་རྣམས་མི་འདོད་མ་ལགས་ཀྱི། །གཏམ་གང་རབ་དབེན་བདེ་བ་

སྐྱེད་བྱེད་ཅིང་། །རབ་ཏུ་ཞི་བ་འབའ་ཞིག་རབ་བརྗོད་པ། །ལྷ་ལས་འདས་པའི་གཏམ་ནི་གང་དག་ཅིག །གསུངས་ནས་སྡིག་པ་རྣམ་པར་འདུལ་བ་གསུངས། །སྙན་པ་རྣམས་དང་འབྲེལ་པ་རྣམས་དང་ནི། །ལེགས་པར་བཤད་དང་སྙིང་པོར་ལྡན་པ་ཡི། །

རྣམ་པར་ངེས་པའི་གཏམ་དག་ཐུབ་པ་ཆེ། །འགྲོ་བའི་དོན་སླད་རབ་ཏུ་གསུང་བར་མཛད། །མི་མཁས་དག་དང་ལོག་པར་ལྟ་རྣམས་དང་། །གཟུ་ལུམས་ཅན་དང་དགའ་བར་ལྡན་རྣམས་དང་། །ཕྲ་མ་ཅན་དང་ཚིག་རྩུབ་སྒྱུ་ཅན་གང་། །དེ་དང་ལྷན་ཅིག་བཅོམ་ལྡན་ཁྱོད་མི་རྐྱེན། །

མི་ནི་གང་དག་དྲང་ཞིང་སྒྱུ་མེད་ལ། །བདེན་ལ་དགའ་ཞིང་དབང་པོ་ཐུལ་བ་དང་། །རྟག་ཏུ་ལེགས་པར་བརྟགས་ནས་བྱེད་པ་ནི། །དེ་དང་ལྷན་ཅིག་བཅོམ་ལྡན་ཁྱོད་མི་རྐྱེན། །ཆོས་མཁྱེན་ལུགས་མཁྱེན་གང་ཟག་མཁྱེན་པ་དང་། །དྲུག་པོ་མངོན་མཁྱེན་ཁྱོད་ལ་རྟག་ཕྱག་འཚལ། །

ཐུབ་པ་ཞིང་མཁྱེན་མཆོག་དང་མཆོག་མིན་མཁྱེན། །ཚུལ་དང་ཚུལ་མིན་མཁྱེན་ཁྱོད་མགོས་ཕྱག་འཚལ། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་རྒྱ་ཆེན་ལེགས་མཐོང་ནས། །བདག་གིས་ཡོན་ཏན་ཕྱོགས་གཅིག་ཡོངས་སུ་བརྗོད་པར་བས། །འཕགས་པ་ཁྱོད་ཀྱི་ཡོན་ཏན་རྒྱ་མཚོའི་ཕ་

Vol. 2 · folio 127b

རོལ་ནི། །རྟོགས་པར་རྔོ་ཐོག་འགྲོ་བའི་ནང་ན་མི་མ་མཆིས། །དེ་ལྟ་བུ་ལ་སོགས་པ་བསྟོད་པ་ལྔ་བརྒྱས་བཅོམ་ལྡན་འདས་ལ་བསྟོད་ནས་དེ་ལྟར་མངོན་པར་དད་པར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་སྔོར་གྱུར་ཇི་ལྟར་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་

མཐོང་བར་འགྱུར་བའི་ཆོས་བཤད་པ་མཛད་དོ། །དེ་ནས་བྲམ་ཟེ་སྔོར་གྱུར་གྱིས་བཅོམ་ལྡན་འདས་ལ་བསྟོད་ནས་སོང་སྟེ་དེ་ལམ་དུ་ཞུགས་པ་ན། བཅོམ་བརླག་གི་བྲམ་ཟེ་རྣམས་ཀྱིས་ཚིག་གི་རྒྱ་ལྕག་གིས་པགས་པ་ལས་ཐལ་བ་ཙམ་དུ་བརྒྱད་དེ། མཁན་པོ་ཁྱོད་

ལ་ཁོ་བོ་ཅག་གིས་དགེ་སྦྱོང་གཽ་ཏ་མ་ལ་བཀུར་སྟི་མ་ཡིན་པ་བྱོས་ཤིག་ཅེས་སྨྲས་ན། ཁྱོད་ད་གཟོད་སླར་བསྟོད་དེ་འོང་ངམ། ཤེས་ལྡན་དག་ཁོ་བོས་སྔར་ཁོ་བོའི་ལྕེ་ནི་བདེན་པའི་རྗེས་སུ་འབྲང་བ་ཡིན་ཏེ། གལ་ཏེ་སྨད་པར་འོས་པ་ཞིག་ན་སྨོད་ལ། བསྟོད་པར་འོས་པ་

ཞིག་ན་བསྟོད་དོ་ཞེས་སྔར་མ་སྨྲས་སམ། དགེ་སྦྱོང་གཽ་ཏ་མ་ནི་བསྟོད་པར་འོས་པས་ཁོ་བོས་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ནས་བཅོམ་བརླག་ཏུ་བསོད་སྙོམས་ལ་ཞུགས་པ་དང་། དེའི་ཚེ་བཅོམ་

བརླག་ན་རྒྱུ་སྐར་གྱི་ནུབ་མོ་ལ་བབ་བོ། །དེ་ནས་བཅོམ་བརླག་ན་གནས་པའི་ལྷ་མོ་གང་ཡིན་པ་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་དགེ་སྦྱོང་གཽ་ཏ་མ་བཅོམ་བརླག་ཏུ་འོངས་ན་བདག་གི་རྒྱུ་སྐར་གྱི་ནུབ་མོ་ལ་བར་ཆད་བྱེད་པར་འགྱུར་རོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་ཀྱི་

སྤྱན་སྔར་སྒྲེན་མོར་བྱེད་ནས་འདུག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་རེ་ཞིག་བུད་མེད་ནི་ཤིན་ཏུ་བཀབ་ཀྱང་བཟང་བ་མ་ཡིན་ན་སྒྲེན་མོ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ལྷ་མོ་དེ་སྐྱེངས་ནས་ཕྱོགས་གཅིག་ཏུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་

ཀྱིས་ལམ་ལས་བཟུར་ཏེ་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བཅོམ་བརླག་ན་ནི་ཉེས་དམིགས་ལྔ་པོ་འདི་དག་ཡོད་དེ། ལྔ་གང་ཞེ་ན་མཐོན་དམན་

Vol. 2 · folio 128a

དང་སྡོང་དུམ་དང་ཚེར་མས་གང་བ་དང་། རྡོ་བ་དང་གསེག་མ་དང་གྱོ་མོ་མང་བ་དང་། དགོངས་ཀ་ཟ་བ་དང་བུད་མེད་མང་བ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་མ་གཤེགས་པར་བཅོམ་བརླག་གི་གནོད་སྦྱིན་བོང་བུའི་གནས་གང་ན་བ་དེ་ལོགས་སུ་

གཤེགས་ཏེ་བྱོན་ནས། གནོད་སྦྱིན་བོང་བུའི་གནས་བྱུལ་ཏེ་ཤིང་དྲུང་ཞིག་ཏུ་རྟེན་ཅིང་ཉིན་མོའི་གནས་པའི་ཕྱིར་བཞུགས་སོ། །དེའི་ཚེ་གནོད་སྦྱིན་བོང་བུ་བོང་བུའི་གཟུགས་སུ་བྱས་ནས་འཕྱན་པ་དང་དེ་ལ་ཁྱེའུ་དང་བུ་མོ་དག་ཞོན་པ་དང་། དེས་དེ་དག་རྩེར་བཅུག །དགའ་བར་

བྱེད་དུ་བཅུག་ནས་ནགས་ཐིབས་པོར་སོང་ནས་ཟ་བར་བྱེད་པས། དེའི་མིང་གནོད་སྦྱིན་བོང་བུ་གནོད་སྦྱིན་བོང་བུ་ཞེས་བྱ་བར་གྲགས་སོ། །བཅོམ་བརླག་གི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་བཅོམ་ལྡན་འདས་བསོད་སྙོམས་ལ་གཤེགས་པ་ལས་ལྷ་མོ་ཞིག་

གིས་ཐོ་བཙམས་པས། བཅོམ་བརླག་ཏུ་མ་གཤེགས་པར་གནོད་སྦྱིན་བོང་བུའི་གནས་སུ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སོ་སོ་ནས་སྣོད་དུ་བཙོས་ཤིང་བསྡོགས་ཏེ་ཤིང་རྟར་བཅུག་ནས་བཅོམ་ལྡན་འདས་གང་

ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཅོམ་བརླག་གི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ལ་ཆོས་དང་ལྡན་པའི་

གཏམ་གྱིས་ཞེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་

སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་སླད་དུ་འདིར་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་གིས་ཤིང་རྟ་བཀང་སྟེ་འཚལ་ཏེ་མཆིས་ན། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་

Vol. 2 · folio 128b

བར་བཟུང་སྟེ་དེ་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་གནོད་སྦྱིན་བོང་བུའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་སྡུས་ཤིག །

བསོད་སྙོམས་ཡོངས་སུ་ལོངས་སྤྱོད་དུ་གཞུག་གོ། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། གནོད་སྦྱིན་བོང་བུའི་གནས་ན། དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་གནས་པ་

དེ་དག་ཐམས་ཅད། རིམ་གྲོའི་གནས་སུ་བསོགས་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་

འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་གནོད་སྦྱིན་བོང་བུའི་གནས་ན་དགེ་སློང་ཇི་སྙེད་ཉེ་བར་རྟེན་ཅིང་མཆིས་པ་དེ་དག་ཐམས་ཅད་རིམ་གྲོའི་གནས་སུ་བསོགས་ལགས་ཏེ། བཅོམ་ལྡན་འདས་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ།

དེ་ནས་བཅོམ་ལྡན་འདས་རིམ་གྲོའི་གནས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་བཅོམ་བརླག་གི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་

འདུན་བདེ་བར་བཞུགས་པར་རིག་ནས་ཞེས་བྱ་བ་ནས། ཕྱག་གཉིས་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་གསོལ་བ་གདབ་པའི་ཕྱིར་འཁོད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་

འདས་ཀྱིས་ཀླུ་གདུག་པ་དང་། གནོད་སྦྱིན་གདུག་པ་དེ་དང་དེ་རྣམས་ནི་བཏུལ་ལགས་ན། བཙུན་པ་གནོད་སྦྱིན་བོང་བུ་འདི་བདག་ཅག་ལ་ཡུན་རིང་པོ་ཞིག་ནས་ཤ་ཁོན་མ་མཆིས་པར་ནི་ཤ་ཁོན་བགྱིད། འགྲན་ཟླ་མ་ལགས་པར་ནི་འགྲན་ཟླ་བགྱིད། གླགས་མ་བཙལ་

Vol. 2 · folio 129a

བར་ནི་གླགས་ཚོལ་བར་བགྱིད་དེ། བུས་པ་བཙས་ཤིང་བཙས་པ་རྣམས་འཕྲོག་པར་བགྱིད་ལགས་ན། ཀྱེ་མའོ་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་གནོད་སྦྱིན་བོང་བུ་གདུལ་བར་གསོལ། དེའི་ཚེ་གནོད་སྦྱིན་བོང་བུ་འཁོར་དེ་ཉིད་དུ་འདུས་ཤིང་

འདུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་བོང་བུ་ལ་བཀའ་སྩལ་པ། བོང་བུ་ཁྱོད་ཀྱིས་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ། །བོང་བུ་ཁྱོད་ཀྱིས་ཐོས་སམ། བདེ་བར་གཤེགས་པ་བདག་གིས་ཐོས་ལགས་སོ། །དམ་པ་མ་ཡིན་

པའི་ཆོས་སྡིག་པ་ལས་ལོག་ཤིག །བཅོམ་ལྡན་འདས་གལ་ཏེ་བདག་གི་སླད་དུ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་གཙུག་ལག་ཁང་རྩིག་པར་དམ་འཆའ་བར་བགྱིད་ན་བདག་ལྡོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཅོམ་བརླག་གི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་

ལ་བཀའ་སྩལ་པ། བྲམ་ཟེ་དང་ཁྱིམ་བདག་ཁྱེད་ཅག་གིས་ཐོས་སམ། བཅོམ་ལྡན་འདས་ཐོས་ལགས་ཏེ་བརྩིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་བོང་བུ་འཁོར་ལྔ་བརྒྱ་དང་བཏུལ་ཏོ། །བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་དེའི་ཆེད་དུ་གཙུག་

ལག་ཁང་ལྔ་བརྒྱ་བརྩིགས་སོ། །དེ་བཞིན་དུ་གནོད་སྦྱིན་མདའ་ཅན་དང་གནོད་སྦྱིན་ནགས་ལྡན་དང་གནོད་སྦྱིན་མོ་བསླང་རྙེད་མ་དང་མཆུ་རྣམས་བཏུལ་ཏོ། །དེ་ནས་བཅོམ་ལྡན་འདས་རྫུ་འཕྲུལ་གྱིས་བཅོམ་བརླག་ཏུ་ཞུགས་སོ། །ཞུགས་ནས་གནོད་སྦྱིན་མོ་འགྲན་ཟླ་མ་འཁོར་

ལྔ་བརྒྱ་དང་བཏུལ་ནས་དེའི་དོན་དུ་གཙུག་ལག་ཁང་ལྔ་བརྒྱ་བརྩིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཅོམ་བརླག་གི་ནང་དང་ཕྱི་རོལ་དུ་གནོད་སྦྱིན་ཉིས་སྟོང་ལྔ་བརྒྱ་བཏུལ་ནས་དེའི་ཆེད་དུ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་ཀྱིས་གཙུག་ལག་ཁང་ཉིས་སྟོང་ལྔ་བརྒྱ་བརྩིགས་

སོ། །དེ་ནས་བཅོམ་ལྡན་འདས་ཨོ་ཏ་ལར་གཤེགས་ཏེ། ཨོ་ཏ་ལར་ཨོ་ཏ་ལའི་ནགས་ཁྲོད་ན་བཞུགས་སོ། །དེ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཨོ་ཏ་ལའི་བུ་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་གནས་སོ་ཞེས་བྱ་བ་རྒྱས་པར་སྦྱར་རོ། །དེ་ནས་བཅོམ་ལྡན་

Vol. 2 · folio 129b

འདས་སྔ་དྲོ་ན་བཟའ་ཤམ་ཐབས་མནབས་ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་ཨོ་ཏ་ལར་བསོད་སྙོམས་ལ་ཞུགས་པ་དང་། ཕྱོགས་གཞན་ཞིག་ན་ཞིང་པ་ལྔ་བརྒྱ་ཙམ་མགོ་བོ་རྡུལ་གྱིས་ཡོག་ཅིང་ཤ་ནའི་རས་ཀྱིས་སྨད་གཡོགས་བགོས་ནས་ཞིང་རྨེད་པ་ལས་ཞིང་པ་དེ་རྣམས་ཀྱི་སངས་

རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། གཟི་བརྗིད་ཀྱིས་མཛེས་པར་མཐོང་ངོ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཆོས་བཤད་པས་ཞེས་བྱ་བ་ནས་མཆོད་པར་བྱ་བ་དང་རྗེད་པར་བྱ་བ་དང་།

མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ནས་རྨོན་པ་སྟོང་པོ་དེ་དག་གཉའ་ཤིང་དང་རུ་ཐག་བཅད་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཡོངས་སུ་བསྐོར་ཏེ་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་ཚིག་

གསུམ་གྱི་ཆོས་བཤད་པ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་ནས་ཞེས་བྱ་བ་ནས་བདེན་པ་མཐོང་ནས་རང་གི་གནས་སུ་དོང་ངོ་ཞེས་བྱ་བའི་བར་དུའོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ།

བཙུན་པ་ཞིང་པ་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཞིང་པ་རྣམས་སུ་གྱུར་ནས་དབུལ་པོའི་ཁྱིམ་རྣམས་སུ་སྐྱེས་ཤིང་འདི་རྣམས་ནི་རྨོན་པར་གྱུར་ལགས། དགེ་སློང་དག་འདི་རྣམས་ཀྱིས་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་སྦྱར་ཏེ།

འདི་རྣམས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་ཏེ། འདི་རྣམས་ཀྱིས་དེ་ན་ལེ་ལོས་དུས་འདས་པར་བྱས་པས་ལས་དེའི་རྣམ་པར་སྨིན་པས་ཞིང་པ་རྣམས་སུ་གྱུར་ཏོ། །རྨོན་པ་འདི་རྣམས་ཀྱིས་ཀྱང་དེ་ཉིད་ལ་རབ་ཏུ་བྱུང་ནས་བསླབ་པའི་གཞི་ཕྲ་མོ་ཕྲ་མོ་

རྣམས་ལ་གུས་པར་མ་བྱས་པས་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་སྐྱེས་སོ། །འདི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ང་ལས་བདེན་པ་མཐོང་བར་བྱས་སོ། །དགེ་སློང་དག་དེ་ལྟ་

Vol. 2 · folio 130a

བས་ན་གཅིག་ཏུ་གནག་པ་རྣམས་ཀྱི་ཞེས་བྱ་བ་རྒྱས་པར་སྦྱར་རོ། །བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཨོ་ཏ་ལའི་བུས་དགེ་སྦྱོང་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དེ་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དཔའ་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ཨོ་ཏ་ལར་བྱོན་ནས། ཨོ་ཏ་ལ་ན་ཨོ་ཏ་ལའི་ནགས་ཁྲོད་ན་བཞུགས་ཏེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་དེའི་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་

སུ་བཅད་པ་རྒྱ་ཆེན་པོ་འདི་ལྟ་བུ་འདི་དག་ཕྱོགས་དང་ཕྱོགས་མཚམས་སུ་གྲགས་པར་གྱུར་ཏེ། འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ།

སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དེ་འཇིག་རྟེན་ལྷ་དང་བཅས་བདུད་དང་བཅས། ཚངས་པ་དང་བཅས་པ་སྐྱེ་དགུ་དགེ་སྦྱོང་དང་བྲམ་ཟེར་བཅས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་རྣམས་ལ་རང་གི་མངོན་

པར་ཤེས་པས་མངོན་སུམ་དུ་བྱས་ཏེ་རྫོགས་པར་བྱས་ནས་བདག་གི་ཟག་པ་ཟད་དོ། །ཚངས་པར་སྤྱོད་པ་བསྟེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དེས་ཆོས་བཤད་པ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ།

དོན་བཟང་པོ། ཚིག་འབྲུ་བཟང་པོ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་རྣམ་པར་བྱང་བ་འབའ་ཞིག་སྟོན་ཏོ་ཞེས་ཐོས་ནས། དགེ་སྦྱོང་དང་བྲམ་ཟེ་དེ་ལྟ་བུ་ལྟ་བ་ནི་ལེགས་པ་ཡིན། ཉེ་བར་འགྲོ་བ་ནི་ལེགས་པ་ཡིན། བསྙེན་བཀུར་བྱེད་པ་ནི་ལེགས་པ་ཡིན་

ནོ་སྙམ་དུ་བསམས་ནས་ཤིང་རྟ་རྟ་རྒོད་མ་དང་ལྡན་པ་ཐམས་ཅད་ནས་དཀར་བའི་ནང་དུ་ཞུགས་ཏེ་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་བྲམ་ཟེའི་ཁྱེའུའི་ཚོགས་ཀྱིས་མདུན་གྱིས་བལྟས་ནས་གསེར་གྱི་ཁར་བ་དང་རིལ་བ་སྤྱི་བླུགས་ཐོགས་ཏེ་ཨོ་ཏ་ལ་ནས་བྱུང་ནས། བཅོམ་ལྡན་

Vol. 2 · folio 130b

འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེ་ཇི་ཙམ་བཞོན་པའི་སའི་བར་དུ་བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ་རྐང་པ་ཁོ་ནས་ཀུན་དགའ་ར་བའི་ནང་དུ་ཞུགས་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཨོ་ཏ་ལའི་བུ་

བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་ཡང་དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་

འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཨོ་ཏ་ལའི་བུས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ་དབང་པོ་ལྔ་པོ་སྤྱོད་ཡུལ་ཐ་དད་པ་དང་ཡུལ་ཐ་དད་པ་ཅན་རང་རང་གི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བར་འགྱུར་གྱི། གཞན་གྱིས་སྤྱོད་ཡུལ་དང་ཡུལ་གཞན་ཉམས་སུ་མྱོང་བར་མི་

འགྱུར་བ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་གང་དག་ལགས་པ་དེ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བར་བགྱིད་པ་ནི་གང་ལགས། དེ་རྣམས་ཀྱི་སྟོན་པ་ཡང་གང་ལགས།

བྲམ་ཟེ་དབང་པོ་ལྔ་པོ་སྤྱོད་ཡུལ་ཐ་དད་པ་དང་། ཡུལ་ཐ་དད་པ་ཅན་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་གང་དག་ཡིན་པ་དེ་རྣམས་ཀྱི་སྤྱོད་ཡུལ་དང་ཡུལ་ཉམས་སུ་མྱོང་བ་ནི་ཡིད་ཡིན་ནོ། །

དེ་རྣམས་ཀྱི་རྟོན་པ་ཡང་ཡིད་ཡིན་ནོ། །ཀྱེ་གཽ་ཏ་མ་ཡིད་ཀྱི་རྟོན་པ་གང་ལགས། བྲམ་ཟེ་ཡིད་ཀྱི་རྟོན་པ་ནི་དྲན་པ་ཡིན་ནོ། །ཀྱེ་གཽ་ཏ་མ་དྲན་པའི་རྟོན་པ་གང་ལགས། བྲམ་ཟེ་དྲན་པའི་རྟོན་པ་ནི་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ནོ། །ཀྱེ་གཽ་ཏ་མ་དྲན་པ་ཉེ་བར་གཞག་པ་བཞིའི་རྟོན་

པ་གང་ལགས། བྲམ་ཟེ་དྲན་པ་ཉེ་བར་གཞག་པ་བཞིའི་རྟོན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཡིན་ནོ། །ཀྱེ་གཽ་ཏ་མ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རྟོན་པ་གང་ལགས། བྲམ་ཟེ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རྟོན་པ་ནི་རིག་པ་དང་རྣམ་པར་གྲོལ་བ་ཡིན་ནོ། །ཀྱེ་གཽ་ཏ་མ་རིག་པ་དང་

Vol. 2 · folio 131a

རྣམ་པར་གྲོལ་བའི་རྟོན་པ་གང་ལགས། བྲམ་ཟེ་རིག་པ་དང་རྣམ་པར་གྲོལ་བའི་རྟོན་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ། །ཀྱེ་གཽ་ཏ་མ་མྱ་ངན་ལས་འདས་པའི་རྟོན་པ་གང་ལགས། བྲམ་ཟེ་ཧ་ཅང་ཐལ་ཆེས་སོ་ཧ་ཅང་ཐལ་ཆེས་སོ་དྲི་བ་རྣམས་ཀྱི་མཐའ་

གཟུང་བར་མི་ནུས་ཏེ། ངའི་དྲུང་དུ་ནི་ཡང་དག་པར་སྡུག་བསྔལ་ཟད་པར་བྱ་བ་དང་། སྡུག་བསྔལ་གྱི་མཐར་བྱ་བའི་ཕྱིར་ཚངས་པར་སྤྱོད་པ་མྱ་ངན་ལས་འདས་པར་ཉེ་བར་འགྲོ་བ་དང་། མྱ་ངན་ལས་འདས་པའི་མཐར་ཐུག་པ་ཅན་སྤྱོད་པར་བྱེད་དོ། །དེ་ནས་བྲམ་ཟེ་ཨོ་ཏ་ལའི་

བུ་འདི་སྙམ་དུ་སེམས་ཏེ། འདི་ལ་གནོད་པ་ཅི་ཞིག་བྱ་སྙམ་མོ། །དེས་ཀྱང་སྔོན་དགེ་སྦྱོང་གཽ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ་ནས་སྨོན་ལམ་བཏབ་ན་དེས་ཅི་བསམ་པ་དང་ཅི་གསོལ་པ་དེ་ཐམས་ཅད་སོ་སོར་འཐོབ་པར་འགྱུར་རོ་ཞེས་ཐོས་སོ། །དེ་ནས་

བྲམ་ཟེ་ཨོ་ཏ་ལའི་བུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་

གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ་ཞེས་བྱ་བ་ནས། གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །སྟན་ཆེས་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་སྨོན་ལམ་ལོག་པ་གདབ་

པར་བརྩམས་པ་བདག་གིས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཇི་སྙེད་ཅིག་བཤོས་གསོལ་བ་འདི་ཐམས་ཅད་བདག་གི་གླང་དུ་གྱུར་ཅིག་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་བྲམ་ཟེ་ཨོ་ཏ་ལའི་བུའི་བསམ་པ་མཁྱེན་ནས་བྲམ་ཟེ་ཨོ་ཏ་ལའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །

བྲམ་ཟེ་ཁྱོད་ཀྱིས་མི་རུང་བའི་སེམས་བསྐྱེད་པ་དེ་ནི་འགྲུབ་པར་མི་འགྱུར་ཏེ། འདི་ལྟར་དགེ་སློང་འདི་ཐམས་ཅད་ནི་ཡང་སྲིད་པ་ཟད་པ་ཡིན་གྱིས། སེམས་གཞན་སྐྱེད་ཅིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་ཡོན་བསྔོ་བ་མཛད་དེ་གཤེགས་སོ། །དེ་ནས་བཅོམ་ལྡན་

Vol. 2 · folio 131b

འདས་གཙུག་ལག་ཁང་དུ་གཤེགས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་ཨོ་ཏ་ལའི་བུས་སྨོན་ལམ་ལོག་པས་བསླང་བའི་སེམས་

སྡིག་པ་ཅན་བསྐྱེད་ཀྱིས། ཁྱོད་ཅག་གིས་ཟན་ཟོས་ནས་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་བརྗོད་ཅིག་དང་ལོག་པའི་སྨོན་ལམ་འགྲུབ་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་མཚན་མོ་འདས་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་

ཡུལ་ཨོ་ཏ་ལར་བསོད་སྙོམས་ལ་ཞུགས་པ་དང་། ཨོ་ཏ་ལ་ན་བྲན་མོ་རྒན་མོ་ཀ་ཙང་ག་ལ་ཞེས་བྱ་བ་ཞིག་གནས་ཏེ། དེ་བུམ་པ་ཐོགས་ནས་ཆུ་ཆུར་ཁྲོན་པའི་དྲུང་དུ་སོང་བ་དང་བཅོམ་ལྡན་འདས་ཀྱང་ཕྱོགས་དེར་གཤེགས་ཏེ། བཅོམ་ལྡན་འདས་ཀྱིས་དེའི་གདུལ་བའི་དུས་

མཁྱེན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་རྒན་མོ་ཕ་བི་ལ་བཅོམ་ལྡན་འདས་སྐྱེམས་ཀྱིས་ཆུ་ཕུལ་ཅིག་ཅེས་སྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། རྒན་མོ་

ཀ་ཙང་ག་ལ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་རྒན་མོ་ཀ་ཙང་ག་ལ་ལ་འདི་སྐད་ཅེས་སྨྲས་སོ། །ཀ་ཙང་ག་ལ་བཅོམ་ལྡན་འདས་སྐྱེམས་ཀྱིས་ཆུ་ཕུལ་ཅིག་དེས་སྨྲས་པ་འཕགས་པ་བདག་ཉིད་འཚལ་ཏེ་མཆིའོ། །དེ་ནས་ཀ་ཙང་ག་ལས་ཆུས་བུམ་པ་བཀང་ནས་རིངས་པ་རིངས་

པར་བཅོམ་ལྡན་འདས་གང་ན་བ་དེར་སོང་བ་དང་། ཀ་ཙང་ག་ལས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པ། འོད་ཟེར་ཉི་མ་སྟོང་བས་

ལྷག་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ནས་བཟང་བ་མཐོང་ངོ་། །མཐོང་མ་ཐག་ཏུ་ཡང་དེ་ལ་བུའི་སྡུག་པ་སྐྱེས་ནས་དེས་ལག་པ་བསྒྲེང་སྟེ་བུ་བུ་ཞེས་བཅོམ་ལྡན་འདས་ལ་འཁྱུད་པར་བརྩམས་པ་དང་། དགེ་སློང་རྣམས་ཀྱིས་དེ་བཟློག་གོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།

Vol. 2 · folio 132a

དགེ་སློང་དག་ཁྱེད་ཀྱིས་རྒན་མོ་འདི་མ་ཟློག་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཚེ་རབས་ལྔ་བརྒྱར་ཡང་། །རྟག་ཏུ་ང་ཡི་ཡུམ་གྱུར་པས། །ང་ཡི་སྐུ་ལ་རེག་པ་ལས། །གལ་ཏེ་འདི་ནི་བཟློག་བྱས་ན། །དེའུ་རེ་མོད་ལ་ཁྲག་དྲོན་དག །འདི་ཡི་ཁ་ནས་

སྐྱུག་པར་འགྱུར། །བུ་ལ་གདུང་བ་འདི་མཐོང་ནས། །བྱས་པ་གཟོ་བ་རྗེས་དགོངས་ཏེ། །ཐུགས་རྗེ་དང་ནི་ཐུགས་བརྩེ་བས། །སྐུ་ལ་རེག་ཏུ་གནང་བར་བྱ། །བཅོམ་ལྡན་འདས་ཀྱིས་དེ་ལ་མགུར་ནས་འཁྱུད་དུ་གནང་བས་དེ་བུ་ལ་ཆགས་པ་དང་བྲལ་ནས། བཅོམ་ལྡན་འདས་

ཀྱི་སྤྱན་སྔར་ཆོས་མཉན་པའི་ཕྱིར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་མཁྱེན་ནས་དེ་དང་མཐུན་པའི་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བའི་ཆོས་བཤད་པ་མཛད་དེ། དེ་ཐོས་ནས་

ཀ་ཙང་ག་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ལན་གསུམ་དུ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་པ། བཙུན་པ་འདི་ལྟ་བུ་ནི་བདག་ལ་ཕས་མ་བགྱིས་ཏེ་མས་མ་

ལགས་ཞེས་བྱ་བ་ནས་ཐོག་མ་མེད་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཚིགས་སུ་བཅད་པ་དག་གིས་ཀྱང་གསོལ་པ། མ་ལ་ལན་

དུ་ཕན་འདོགས་པའི། །བུ་མཆོག་གིས་ནི་བགྱི་བ་གང་། །ཐར་ལ་སེམས་གཞོལ་འགྱུར་བ་དེ། །ཁྱོད་ཀྱིས་དེ་རིང་བདག་ལ་མཛོད། །ཁྱོད་ཀྱིས་བདག་ནི་ངན་འགྲོ་ལས། །དྲངས་ཏེ་མཐོ་རིས་ཐར་ལ་བཞག །ཁྱོད་ནི་བརྩལ་བ་ཆེན་པོ་ཡིས། །དཀའ་བ་ལེགས་པར་མཛད་པ་

ལགས། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་དུས་གཞན་ཞིག་ན་ཀ་ཙང་ག་ལས་ཇོ་བོ་ལ་གསོལ་བ་བཏབ་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་

Vol. 2 · folio 132b

འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་

འཐོབ་པ་ལྟ་ན། བདག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏད་དོ། །དེ་ནས་དེས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ཏེ་གདམས་ངག་བྱིན་ནོ། །དེས་བརྩོན་འགྲུས་དང་འབད་པ་དང་། བརྩལ་

བ་བྱས་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དགྲ་བཅོམ་མར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས་རྗེད་པར་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ།། །།འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་

བདུན་པ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསྡུས་ཏེ་མདོར་བཀའ་སྩལ་ནས། གཙུག་ལག་ཁང་དུ་ནང་དུ་ཡང་དག་འཇོག་པའི་ཕྱིར་འཇུག་པར་མཛད་པ་དེའི་ཚེ་ཀ་ཙང་ག་ལས་དེ་རྒྱས་པར་ལུང་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་

བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་དགེ་སློང་མ་མདོ་སྡེ་རྣམ་པར་འབྱེད་པར་བྱེད་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། དགེ་སློང་མ་ཀ་ཙང་ག་ལ་འདི་མཆོག་ཡིན་ནོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་

པ་ཀ་ཙང་ག་ལས་ལས་ཅི་ཞིག་བགྱིས་ན་དེས་ན་རྒས་ནས་རབ་ཏུ་བྱུང་བར་གྱུར། ལས་ཅི་ཞིག་བགྱིས་ན་དེས་ན་དབུལ་བ་དང་བྲན་མོར་གྱུར། བཅོམ་ལྡན་འདས་ཀྱིས་སྲིད་པ་ཐ་མ་དེའི་མངལ་དུ་མ་བཟུང་བར་གྱུར། རབ་ཏུ་བྱུང་ནས་ཀྱང་དགྲ་བཅོམ་པ་མངོན་སུམ་དུ་བགྱིས་ཤིང་བཅོམ་ལྡན་

འདས་ཀྱིས་ཀྱང་མདོ་སྡེ་རྣམ་པར་འབྱེད་པར་བགྱིད་པ་རྣམས་ཀྱི་མཆོག་ཏུ་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་མ་ཀ་ཙང་ག་ལ་ཉིད་ཀྱིས་ལས་བྱས་ཤིང་ཚོགས་རྙེད་པ་དག་ཅེས་བྱ་བ་ནས། །ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་

Vol. 2 · folio 133a

གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་ང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་ན་འདི་ངའི་ཡུམ་དུ་གྱུར་ཏེ། གང་གི་ཚེ་ང་རབ་ཏུ་འབྱུང་བར་འདོད་པ་དེའི་ཚེ་འདིས་ང་བཟློག་པས་ལས་དེའི་རྣམ་པར་སྨིན་པས་རྒས་ནས་རབ་ཏུ་བྱུང་ངོ་། །ང་སྦྱིན་པ་

གཏོང་བ་ན་འདིས་བར་ཆད་བྱས་པས་དེས་ན་དབུལ་བར་གྱུར་ཏོ། །ཇི་ལྟར་སྒྱུ་འཕྲུལ་ཆེན་མོ་ལྟར་འདིས་བསོད་ནམས་དང་དབང་ཆེ་བར་གྲགས་པར་འགྱུར་བའི་ལས་མ་བྱས་ཏེ། དེས་ན་ངའི་སྲིད་པ་ཐ་མ་འདིས་མངལ་དུ་མ་བཟུང་ངོ་། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་

ལས་རབ་ཏུ་བྱུང་ནས་དགེ་སློང་མ་སློབ་པ་དང་མི་སློབ་པ་རྣམས་ལ་བྲན་མོ་ཞེས་ཚིག་ཏུ་བརྗོད་པས་དེས་ན་བྲན་མོར་གྱུར་ཏོ། །དེས་ན་འདིས་གང་དག་བཀླགས་ཤིང་བཏོན་པས་ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་

བར་འབྱུང་པ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱས་པས། དེས་ན་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །རབ་ཏུ་འབྱིན་པའི་མཁན་མོ་གང་ཡིན་པ་དེ་ཡང་དག་པར་རྫོགས་

པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་མདོ་སྡེ་རྣམ་པར་འབྱེད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དང་། དེས་ན་འདིས་ཀྱང་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཡོན་གནས་བླ་

ན་མེད་པ་ལ་ཚེ་ཇི་སྲིད་ཅིག་ཏུ་ཚངས་པར་སྤྱོད་པ་ལ་སྤྱད་ན་ཡོན་ཏན་གྱི་ཚོགས་འགའ་ཡང་མ་ཐོབ་ཀྱིས། དགེ་བའི་རྩ་བ་འདིས་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་གང་ཡིན་པ་དེ་ལ་བྲམ་ཟེའི་ཁྱེའུ་ཁྱོད་སྐྱེ་དགུའི་ཚེ་

ལོ་བརྒྱ་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་དེའི་བསྟན་པ་ལ་བདག་རབ་ཏུ་བྱུང་ནས། ཇི་ལྟར་བདག་གི་མཁན་མོ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་

Vol. 2 · folio 133b

གིས་མདོ་སྡེ་རྣམ་པར་འབྱེད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེས་མདོ་སྡེ་རྣམ་པར་འབྱེད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་ཏེ། དེའི་སྨོན་ལམ་གྱི་དབང་གིས་ངས་ད་ལྟར་མདོ་སྡེ་རྣམ་པར་

འབྱེད་པར་བྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས་བརྩོན་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། །དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་

དེ་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡུལ་དགྲ་མཐའ་གང་ན་བར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ། །དེ་ནས་

བཅོམ་ལྡན་འདས་གཤེགས་པ་དང་། ཇི་ཙམ་ན་ཀུན་དགའ་ར་བ་ཞིག་ན་བྲམ་ཟེ་ཞིག་ཁྲོན་པ་ནས་ཆུ་བཅུས་ཤིང་ཀུན་དགའ་ར་བ་བཅུ་བར་བརྩམས་སོ། །བྲམ་ཟེ་དེས་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བསམས་པ། གལ་ཏེ་དགེ་སྦྱོང་

གཽ་ཏ་མ་ཀུན་དགའ་ར་བར་ཞུགས་ན་ཀུན་དགའ་ར་བ་དང་ཆུ་མ་རུང་བར་འགྱུར་རོ་སྙམ་དུ་བསམས་ནས་སྒོ་བཅད་དེ་དཔྱང་ཐག་དང་ཆུ་སྣོད་སྦས་ནས་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱིས་ཀུན་དགའ་ར་བར་ཞུགས་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔ་ལེན་

གྱིས་ཁྲོན་པ་དེ་བཟུང་ནས་ཀུན་དགའ་ར་བ་དེ་ཐམས་ཅད་ཆུས་ཡོག་པར་བྱས་སོ། །དེ་ནས་བྲམ་ཟེ་དེ་དག་དགེ་སྦྱོང་གཽ་ཏ་མ་འདི་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །སྙམ་དུ་རིག་ནས་མངོན་པར་དད་པར་གྱུར་ཏེ་གསོལ་པ། ཤེས་ལྡན་གཽ་ཏ་མ་ཚུར་སྤྱོན། དཔྱང་ཐག་ནི་འདི་

ལགས། ཆབ་སྣོད་ནི་འདི་ལགས་ཀྱིས་ཆབ་ཅི་བདེར་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གལ་ཏེ་ཀུན་ན་ཆུ་ཡོད་ན། །ཁྲོན་པའི་ཆུས་ཀོ་ཅི་ཞིག་བྱ། །འདིར་ནི་སྲེད་པའི་རྩ་བཅད་ནས། །གང་ཞིག་ཡོངས་སུ་

Vol. 2 · folio 134a

བརྩལ་བར་སྤྱོད། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན་ཞེས་བྱ་བ་ནས། དགེ་

སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མདོ་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་

པར་གྱུར། །དེས་བརྩོན་འགྲུས་དང་། འབད་པ་དང་། བརྩལ་བར་བྱས་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས་མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ་ཞེས་

བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་དཔའ་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ཡུལ་དགྲ་མཐར་གཤེགས་ཏེ། དགྲ་མཐའ་ན་སྦུ་བུ་ཅན་གྱི་ཤིང་ནིམ་པའི་དྲུང་ན་བཞུགས་སོ། །དེའི་ཚེ་དགྲ་མཐའ་ན་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ཞེས་བྱ་བ་འབྱོར་བ་

དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་རབ་ཏུ་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་དགེ་སྦྱོང་གཽ་ཏ་མ་དཔའ་སྡེ་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་དགྲ་མཐར་བྱོན་ནས། དགྲ་མཐའ་ན་སྦུ་བུ་ཅན་

གྱི་ཤིང་ནིམ་པའི་དྲུང་ན་བཞུགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མ་ནི་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་བཀུར་སྟི་བྱས། བླ་མར་བྱས། རྗེད་པར་བྱས། མཆོད་པར་བྱས་ཏེ་དགྲ་བཅོམ་པར་བཀུར་ལ། གལ་ཏེ་བདག་གིས་དགེ་སྦྱོང་

གཽ་ཏ་མ་ལ་བཀུར་སྟི་མ་བྱས་ན་མཐའི་རྒྱལ་ཕྲན་རྣམས་ཤེས་ལྡན་དག་ཀྱེ་མ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ནི་བྱིས་པ་ཡིན་ཏེ། དེའི་གྲོང་དང་ཞིང་ན་དགེ་སྦྱོང་གཽ་ཏ་མ་ཉེ་བར་རྟེན་ཅིང་བཞུགས་ན་བསྙེན་བཀུར་མ་བྱས་སོ་ཞེས་སྨོད་པར་འགྱུར་གྱིས། མ་ལ་བདག་གིས་དགེ་སྦྱོང་གཽ་ཏ་མ་ཉན་

Vol. 2 · folio 134b

ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ་སྙམ་དུ་བསམས་ནས། རྒྱལ་པོ་ཆེན་པོའི་འབྱོར་པ་དང་། རྒྱལ་པོ་ཆེན་པོའི་མཐུས་དགྲ་མཐའ་ནས་བྱུང་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དང་ལྷན་ཅིག་མངོན་དུ་ཡང་

དག་པར་དགའ་བར་འགྱུར་བ་དང་། ཡང་དག་པར་མགུ་བར་འགྱུར་བའི་གཏམ་རྣམ་པ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཞེས་བྱ་བ་ནས་ཡང་དག་པར་རབ་

ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་

གསོལ་ཏོ། །ཤེས་ལྡན་གཽ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་ཐབས་ཅིག་ལ་དགུང་ཟླ་གསུམ་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་འབུལ་ཞིང་མཆིས་ན་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་

ལྡན་འདས་ཀྱིས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རངས་ནས་སྟན་ལས་ལངས་ཏེ་

སོང་ངོ་། །དེ་རང་གི་ཁྱིམ་དུ་སོང་ནས་བློན་པོ་རྣམས་ལ་བསྒོ་བ། ཉི་མ་རེ་རེ་ཞིང་ལྔ་བརྒྱའི་བཟའ་བ་དང་བཅའ་བ་སྣ་བཅྭ་བརྒྱད་དང་། སྲན་ཚོད་སྣ་ཚོགས་དང་། ཚོད་མ་རོ་དང་ལྡན་པ་དང་། འབྲས་ཆན་རབ་ཏུ་མང་པོར་ཚོས་ཤིག །དགྲ་མཐར་དྲིལ་སྒྲོགས་སུ་བཅུག་པ། དགེ་

སྦྱོང་གཽ་ཏ་མ་ཟླ་བ་གསུམ་དུ་གཞན་གྱིས་གདུགས་ཚོད་མ་གསོལ་ཅིག །གང་ཞིག་གིས་གདུགས་ཚོད་གསོལ་ན་དེ་ནི་ཆད་པར་གསད་དོ་ཞེས་དེས་དེ་སྐད་དུ་དྲིལ་བསྒྲགས་ནས་ནུབ་མོ་ཉལ་བ་དང་རྨི་ལམ་ན་བདག་གི་རྒྱུ་མས་དགྲ་མཐའི་གྲོང་ཁྱེར་ཐམས་ཅད་བསྐོར་བ་རྨིས་སོ། །རྨིས་ནས་ཀྱང་

Vol. 2 · folio 135a

སྔངས་སྐྲག་བྲེད་ཅིང་སྤུ་ཟིང་ཞེས་བྱེད་ནས་མྱུར་བ་མྱུར་བར་མལ་ཆེན་པོ་ནས་ལངས་ཏེ། ལག་པ་ལ་འགྲམ་པ་གཏད་ནས་གཞི་འདི་ལས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས་དེ་ནམ་

ནངས་ནས་བྲམ་ཟེ་མདུན་ན་འདོན་ལ་སྨྲས་པ། མཁན་པོ་བདག་གིས་འདི་འདྲ་བའི་རྨི་ལམ་ཞིག་མཐོང་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ། བྲམ་ཟེ་མདུན་ན་འདོན་གྱིས་བསམས་པ། འདི་ལྟར་ལྷས་རྨང་ལམ་བཟང་པོ་ཞིག་རྨིས་ཏེ་གལ་ཏེ་བདག་གིས་དེ་དང་མཐུན་པར་བསྙད་ན་འདི་ལྷག་པར་ཡང་

དགེ་སྦྱོང་གཽ་ཏ་མ་ལ་དད་པ་སྐྱེད་པར་འགྱུར་གྱི་མ་ལ་བདག་གིས་འདི་ངན་པར་བསྙད་དོ་སྙམ་དུ་བསམས་ནས་སྨྲས་པ། ལྷ་རྨང་ལམ་མི་བཟང་ལགས་སོ། །མཁན་པོ་འདིའི་འབྲས་བུ་ཅིར་འགྱུར། ལྷ་གདོན་མ་འཚལ་བར་རྒྱལ་སྲིད་ལས་ཉམས་པའམ་སྲོག་གི་བར་ཆད་དུ་འགྱུར་ལགས་

སོ། །རྒྱལ་པོས་བསམས་པ། ཨེ་མའོ་ཀྱི་ཧུད་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་གྲང་སྙམ་དུ་བསམས་ནས་བྲམ་ཟེ་མདུན་ན་འདོན་ལ་འདི་སྐད་ཅེས་སྨྲས་སོ། །གང་གིས་ན་ཁོ་བོ་རྒྱལ་སྲིད་ལས་ཉམས་པར་མི་འགྱུར་བ་དང་། སྲོག་གི་བར་

ཆད་དུ་མི་འགྱུར་བའི་ཐབས་བཟང་པོ་ཅི་ཡོད། དེས་སྨྲས་པ། ལྷ་གལ་ཏེ་མི་གདའ་བའི་ཕྱོགས་སུ་ཟླ་བ་གསུམ་བཞུགས་ན། དེས་ན་ལྷ་རྒྱལ་སྲིད་ལས་མི་ཉམས་ཤིང་སྲོག་གི་བར་ཆད་དུ་མི་འགྱུར་ལགས་སོ། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་བསམས་པ། གལ་ཏེ་དེ་ལྟ་

ན་དེ་བྱ་སླ་བས་དྲིལ་སྒྲོགས་སུ་གཞུག་གོ་སྙམ་ནས། དེས་ཡུལ་ཐམས་ཅད་དུ་དྲིལ་སྒྲོགས་སུ་བཅུག་པ། ང་ལ་ཟླ་བ་གསུམ་དུ་ལྟ་ཞིང་ཉེ་བར་སུ་ཡང་མ་འོང་ཤིག །གང་ཞིག་འོངས་ན་དེ་ནི་ཆད་པར་གསད་དོ་ཞེས་དྲིལ་སྒྲོགས་སུ་བཅུག་ནས་ཟླ་བ་གསུམ་དུ་མི་སྣང་བའི་ཕྱོགས་ཤིག་

ན་འདུག་གོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ནང་པར་སྔར་ལངས་ཏེ། རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱི་ཁྱིམ་གང་ན་བ་དེར་སོང་བ་ལས། ཇི་ཙམ་ན་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱི་ཞོ་ཤས་འཚོ་བ་རྣམས་སེམས་ལས་ཆུང་ངུས་འཁོད་པ་དག་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། ཤེས་ལྡན་

Vol. 2 · folio 135b

དག་ཅི་སེམས་ལས་ཆུང་ངུས་འཁོད་དམ། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཅི་ཞིག་བགྱིར་མཆིས། རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མ་བསྟབས་སམ། ཁྱེད་ཅག་སེམས་ལས་

ཆུང་ངུས་འཁོད་ནས་གདུགས་ཚོད་ཀྱང་སྟ་གོན་མི་བྱེད། གདན་ཡང་མི་ཤོམ་ན་ཅི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་གཅོད་དམ། དེ་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་བོ་ལྷས་ལྔ་བརྒྱ་རྣམས་ཀྱི་ཆེད་དུ་ཞལ་ཟས་བསོད་པ་མང་དུ་སྟ་གོན་བྱོས་ཤིག་

ཅེས་ནི་བཀའ་སྩལ་གྱི། ཆེ་གེ་མོ་ཞིག་གི་དོན་དུའོ་ཞེས་བཀའ་མ་སྩལ་ལགས་སོ། །ཤེས་ལྡན་དག་དེང་ལྷ་ལ་ཞུས་ཤིག །འཕགས་པ་ལྷས་དྲིལ་སྒྲོགས་སུ་སྩལ་བ། ང་ལ་ཟླ་བ་གསུམ་དུ་ལྟ་ཞིང་ཉེ་བར་སུ་ཡང་མ་འོང་ཤིག །གང་ཞིག་འོངས་ན་དེ་ཆད་པར་གསད་དོ་ཞེས་

བསྒྲགས་ན་ཅི་བདག་ཅག་ལ་མགོ་བོ་གཉིས་མཆིས་སམ། བདག་ཅག་ནི་མི་ཞུ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་སྐབས་དེ་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་

དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གཞན་ཞིག་དང་དགྲ་མཐའི་ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་ཤེས་ལྡན་དག་ཁྱེད་ཅག་ལས་གང་དག་སངས་རྒྱས་ལ་སོགས་པ་དགེ་སློང་

གི་དགེ་འདུན་ལ་ཟླ་བ་གསུམ་དུ་ཞལ་ཟས་གསོལ་བར་སྤྲོ་བ་དེས་ཞལ་ཟས་གསོལ་ཅིག་ཅེས་སྦྲོན་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་སྣམ་སྦྱར་ཐོགས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གཞན་ཞིག་དང་དགྲ་མཐའི་

ལམ་པོ་ཆེ་དང་། ཚོང་དུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བསྒོ་བ། ཤེས་ལྡན་དག་ཁྱེད་ཅག་ལས་གང་དག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་དུ་ཞལ་ཟས་གསོལ་བར་སྤྲོ་བ་དེས་ཞལ་ཟས་གསོལ་ཅིག །དགྲ་མཐའི་བྲམ་ཟེ་དང་

Vol. 2 · folio 136a

ཁྱིམ་བདག་རྣམས་ཀྱིས་སྨྲས་པ། འཕགས་པ་ཀུན་དགའ་བོ་བདག་ཅག་ལྟ་ཞིག་རེ་རེས་ཀྱང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཟླ་བ་གསུམ་དུ་ཞལ་ཟས་གསོལ་བར་སྤྲོ་ལགས་མོད་ཀྱི། རྒྱལ་པོ་སྡིག་ཅན་འདིས་དྲིལ་སྒྲོགས་སུ་སྩལ་བ།

གཞན་སུས་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་ཟླ་བ་གསུམ་དུ་ཞལ་ཟས་མ་གསོལ་ཅིག །གང་ཞིག་གིས་ཞལ་ཟས་གསོལ་ན་དེ་ནི་ཆད་པར་གསད་དོ་ཞེས་བསྒྲགས་ལགས་སོ། །ཇི་ཙམ་ན་བྱང་ཕྱོགས་ནས་དེད་དཔོན་ཞིག་རྟ་ལྔ་བརྒྱ་ལ་ཁལ་བཀལ་ཏེ་

དགྲ་མཐར་ཕྱིན་ནས་དེས་བསམས་པ། གལ་ཏེ་མོད་ལ་ཆས་ན་རྟ་རྣམས་ཀྱི་རྨིད་པ་དུབ་པས་འཐེང་བར་འགྱུར་ཞིང་ལོམ་པར་ཡང་མི་འགྱུར་བས་འདི་ཉིད་དུ་གནས་པར་བྱའོ་སྙམ་ནས། དེ་དེ་ཉིད་དུ་འདུག་ནས་དེས་རྟ་ཅང་ཤེས་ལ་ནི་ཆས་ནས་བྲེའུ་ཆུང་དོ། རྟ་ལྷག་མ་རྣམས་ལ་

ནི་བྲེའུ་ཆུང་རེ་རེར་ཐང་བཅད་དོ། །དེས་རྒྱལ་པོས་རྩིས་མགོ་འདི་དང་འདི་དག་བྱས་སོ་ཞེས་ཐོས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་སྐད་དུ་སྨྲས་པ་ཡང་ཐོས་ནས་དེས་བསམས་པ། བདག་ནི་རྒྱལ་པོ་འདིའི་ཡུལ་ན་གནས་པ་མ་ཡིན་པས་བདག་ལ་རྒྱལ་པོས་ཅི་བྱར་ཡོད་

སྙམ་དུ་རིག་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀུན་དགའ་བོ་བདག་གིས་རྟ་ཅང་ཤེས་ལ་ནི་ཆས་ནས་བྲེའུ་ཆུང་དོ། རྟ་ལྷག་མ་རྣམས་ལ་ནི་བྲེའུ་ཆུང་རེ་རེའི་ཐང་ལགས་ན། གལ་ཏེ་བཅོམ་ལྡན་འདས་ནས་གསོལ་བར་སྤྲོ་ན། བཅོམ་

ལྡན་འདས་ལ་ནི་བདག་གིས་ནས་བྲེའུ་ཆུང་དོ་དོ། དགེ་སློང་ལྷག་མ་རྣམས་ལ་ནི་བྲེའུ་ཆུང་རེ་རེ་དབུལ་བར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་སྐབས་དེ་རྒྱས་པར་གསོལ་པ་དང་། དེ་ནས་བཅོམ་ལྡན་

འདས་འདི་སྙམ་དུ་དགོངས་ཏེ། ང་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ། གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་ང་ཉིད་ཀྱིས་བྱས་ཤིང་བསགས་པས་ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་

Vol. 2 · folio 136b

སོ་སོར་མྱོང་བར་འགྱུར་ཏེ། ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཞེས་བྱ་བ་ནས། ལུས་ཅན་དག་ལ་འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་

ལ་དགེ་སློང་རྣམས་ལ་ཚུལ་ཤིང་བྲིམས་ཏེ། ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་དགྲ་མཐར་ཟླ་བ་གསུམ་དུ་ལོངས་སྤྱད་པར་སྤྲོ་བ་དེས་ཚུལ་ཤིང་ལོང་ཤིག་ཅེས་སྒོ་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་

མཉན་ནས་ཚུལ་ཤིང་བྲིམ་པར་བརྩམས་པ་ན། གང་ཡང་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱར་དགེ་སློང་གཉིས་ཀྱིས་མ་ཚང་བས་ཚུལ་ཤིང་བླངས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་ནི་བསེར་མའི་བྲོ་ནད་མཆིས་པས་དགུང་ཟླ་གསུམ་དུ་སྩང་ནས་ཀྱིས་

ལོངས་སྤྱད་པར་མི་སྤྲོ་ལགས་སོ། །ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་གསོལ་པ། བདག་ནི་འདིའི་བྲོ་གཡོག་ལགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱར་དགེ་སློང་གཉིས་ཀྱིས་མ་ཚང་བ་དང་ཐབས་ཅིག་ཏུ་དགྲ་མཐར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །

ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ནི་རི་བོ་རྩེ་གསུམ་གྱི་ཁར་སོང་སྟེ་དབྱར་གནས་པར་ཁས་བླངས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བདུད་རྩིས་བསྟབས་སོ། །དེ་ནས་དེད་དཔོན་གྱིས་བཅོམ་ལྡན་འདས་ལ་ནི་ནས་བྲེའུ་ཆུང་དོ་དོ་འབུལ་ལོ། །དགེ་སློང་གཞན་

རྣམས་ལ་བྲེའུ་ཆུང་རེ་རེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དེ་བཞིན་གཤེགས་པའི་ཆེད་དུ་ནས་ལ་ཅི་ལེགས་སུ་བྱོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་

ལྟར་མཉན་ནས། བཅོམ་ལྡན་འདས་ཀྱི་སྐུ་སྐལ་བླངས་ཏེ་བུད་མེད་རྒན་མོ་གཞན་ཞིག་གང་ན་ཡོད་པ་དེར་སོང་ནས་ཕྱིན་པ་དང་། བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་དེ་བཞིན་གཤེགས་པའི་ཆེད་དུ་ནས་ལ་ཅི་ལེགས་སུ་བྱ་ན་ཁྱོད་ནུས་སམ། དེས་སྨྲས་པ། འཕགས་

Vol. 2 · folio 137a

པ་བདག་རྒན་མོས་རྔོ་མི་ཐོག་སྟེ་འོན་ཀྱང་བུ་མོ་འདི་གཞོན་ལགས་ཀྱིས་འདི་ལ་སྩོལ་ཅིག་དང་། འདིས་ནི་ཅི་ལེགས་སུ་བགྱིད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་སྨྲས་པ། སྲིང་མོ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་ཆེད་

དུ་ནས་ལ་ཅི་ལེགས་སུ་བྱེད་ནུས་སམ། དེས་སྨྲས་པ། འཕགས་པ་བདག་དང་དམ་ཞིག་བཅའ་སྟེ། གལ་ཏེ་བདག་ལ་ཚིག་འགའ་གསུང་བ་ལྟ་ན་ཅི་ལེགས་སུ་བགྱིའོ། །དེས་སྨྲས་པ། བྱི་དོར་གྱིས་ཤིག་དང་སྨྲའོ། །དེ་ནས་འདྲུ་ཞིང་དྲིས་པ། འཕགས་པ་སངས་རྒྱས་ཞེས་བགྱི་

བ་འདི་ཅི་ལགས། ཚེ་དང་ལྡན་པ་ཀུན་དགའ་བོས་བསམས་པ། གལ་ཏེ་འདི་ལ་བདག་གིས་སངས་རྒྱས་ཀྱི་བསྔགས་པ་བརྗོད་ན། སངས་རྒྱས་ཀྱི་ཆོས་རྣམས་ནི་ཟབ་པ་ཡིན་པས་འདིས་ཤེས་པར་མི་འགྱུར་བའི་གནས་གང་ཡིན་པ་དེ་ཡོད་ཀྱིས། མ་ལ་བདག་གིས་འདི་ལ་འཁོར་

ལོས་སྒྱུར་བའི་བསྔགས་པ་བརྗོད་པར་བྱའོ་སྙམ་དུ་བསམས་ནས་སྨྲས་པ། སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རིན་པོ་ཆེ་སྣ་བདུན་ཡང་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བདུན་པོ་དེ་དག་གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་རིན་པོ་ཆེ་

དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་ནི་བློན་པོ་རིན་པོ་ཆེ་ཡིན་ནོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་འཁོར་ལོ་རིན་པོ་ཆེ་ཇི་ལྟ་བུ་ཞིག་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན།

སྲིང་མོ་འདི་ལ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་ལ་མགོ་ཁྲུས་བྱས་ཏེ་སྨྱུང་བ་བྱས་ནས། དེ་སྟེང་གི་ཁང་བཟངས་ཀྱི་གཞི་ལ་བློན་པོའི་ཚོགས་ཀྱིས་བསྐོར་ནས་འདུག་པ་ན། ཤར་ཕྱོགས་ནས་འཁོར་ལོ་རིན་པོ་ཆེ་ལྟེ་བ་དང་བཅས་པ། རྩིབས་སྟོང་

དང་ལྡན་པ། མྱུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ། མཛེས་པ། མཁན་བཟོས་མ་བྱས་པ། བཟང་པོ་ཐམས་ཅད་གསེར་ལས་བྱས་པ་ཞིག་འབྱུང་བར་འགྱུར་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གང་ཡིན་པ་འདིས་གསོ་སྦྱོང་བཅྭ་ལྔ་པ་དེ་ཉིད་

Vol. 2 · folio 137b

ཀྱི་ཚེ་ཞེས་བྱ་བ་ནས་ཐམས་ཅད་གསེར་ལས་བྱས་ཞེས་བྱ་བ་ནས་དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཐོས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བདག་ནི་གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏོ་སྙམ་ནས། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་འཁོར་ལོ་

རིན་པོ་ཆེ་དེ་བརྟག་པར་འདོད་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འཁོར་ལོ་རིན་པོ་ཆེ་དེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ་ལག་པ་གཡས་པས་སྤོར་ཅིང་། ཀྱེ་འཁོར་ལོ་རིན་པོ་ཆེ་

སྔོན་གྱི་འཁོར་ལོས་སྒྱུར་བ་འཕགས་པའི་ལམ་སྲོལ་གང་ཡིན་པར་རྣམ་པར་རྒྱལ་བར་གྱུར་ཅིག །རྣམ་པར་རྒྱལ་བར་གྱུར་ཅིག་ཅེས་སྨྲའོ། །དེ་ནས་འཁོར་ལོ་རིན་པོ་ཆེ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་སྤར་བ་དང་། སྟེང་གི་ནམ་མཁའ་ལ་འཕགས་ནས་ཤར་ཕྱོགས་སུ་སྔོན་གྱི་འཁོར་

ལོས་སྒྱུར་བ་འཕགས་པའི་ལམ་སྲོལ་གང་ཡིན་པ་ནས་འགྲོ་བར་འགྱུར་རོ། །འཁོར་ལོ་རིན་པོ་ཆེ་དེའི་རྗེས་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ། །ཕྱོགས་གང་དུ་འཁོར་ལོ་རིན་པོ་ཆེ་དེ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་

རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་གནས་འདེབས་པར་འགྱུར་ཞིང་། ཤར་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་ཕྲན་གང་དག་ཡིན་པ་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་ལྷ་ཚུར་གཤེགས།

ལྷ་བྱོན་པ་ལེགས་སོ། །ཡུལ་འཁོར་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་གང་ལགས་པ་འདི་ནི་ལྷའི་ལགས་ཀྱིས། ལྷས་རྗེས་སུ་བསྐྱང་དུ་གསོལ། བདག་ཅག་ནི་ལྷའི་བཀའ་བཞིན་བགྱིད་པ་ལགས་སོ་ཞེས་སྨྲས་པ་དང་།

དེའི་ཕྱིར་སྣ་བོ་དག་ཁྱེད་ཅག་རང་རང་གི་ཡུལ་འཁོར་ཆོས་ཀྱིས་རྗེས་སུ་བསྐྱང་བར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །འགའ་ཞིག་ཆོས་མ་ཡིན་པ་སྤྱོད་དམ་འདྲེན་མར་སྤྱོད་པ་ཞིག་ཡོད་ན། ཁྱེད་ཀྱིས་དེ་ཡུལ་འཁོར་དུ་མ་བཞག་ཅིག །དེ་ལྟ་ན་ཁྱེད་ཅག་ཁོ་བོའི་བཀའ་བཞིན་བྱེད་པ་ཡིན་

Vol. 2 · folio 138a

ནོ། །དེ་ནས་འཁོར་ལོ་རིན་པོ་ཆེ་དེ་ཤར་ཕྱོགས་མངོན་པར་ཕབ་ནས་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ནས་སླར་ལོག་སྟེ། ལྷོ་དང་། ནུབ་དང་། བྱང་ཕྱོགས་སུ་ཡང་སྔོན་གྱི་འཁོར་ལོས་སྒྱུར་བ་འཕགས་པའི་ལམ་སྲོལ་གང་ཡིན་པར་འགྲོ་བར་འགྱུར་བས།

དེ་ནས་འཁོར་ལོ་རིན་པོ་ཆེ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་སྤར་བ་དང་། སྟེང་གི་ནམ་མཁའ་ལ་འཕགས་ནས་བྱང་ཕྱོགས་སུ་སྔོན་གྱི་འཁོར་ལོས་སྒྱུར་བ་འཕགས་པའི་ལམ་སྲོལ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོ་རིན་པོ་ཆེ་དེའི་རྗེས་བཞིན་དུ་འཁོར་ལོས་སྒྱུར་བའི་རྒྱལ་

པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་འགྲོ་བར་འགྱུར་རོ། །ཕྱོགས་གང་དུ་འཁོར་ལོ་རིན་པོ་ཆེ་དེ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་གནས་འདེབས་པར་འགྱུར་ཞིང་། བྱང་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་ཕྲན་གང་

དག་ཡིན་པ་དེ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་ལྷ་ཚུར་གཤེགས། ལྷ་བྱོན་པ་ལེགས་སོ། །ཡུལ་འཁོར་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་

མང་པོས་གང་བ་གང་ལགས་པ་འདི་ནི་ལྷའི་ལགས་ཀྱིས། ལྷས་རྗེས་སུ་བསྐྱང་དུ་གསོལ། བདག་ཅག་ནི་ལྷའི་བཀའ་བཞིན་བགྱིད་པ་ལགས་སོ་ཞེས་སྨྲས་པ་དང་། དེའི་ཕྱིར་སྣ་བོ་དག་ཁྱེད་ཅག་རང་རང་གི་ཡུལ་རྣམས་ཆོས་ཀྱིས་རྗེས་སུ་བསྐྱང་བར་བྱའི་ཆོས་མ་ཡིན་པས་ནི་མ་ཡིན་

ནོ། །འགའ་ཞིག་ཆོས་མ་ཡིན་པ་སྤྱོད་དམ། འདྲེན་མར་སྤྱོད་ན་ཁྱེད་ཀྱིས་ཡུལ་འཁོར་དུ་མ་བཞག་ཅིག །དེ་ལྟ་ན་ཁྱེད་ཅག་ཁོ་བོའི་བཀའ་བཞིན་བྱེད་པ་ཡིན་ནོ། །དེ་ནས་འཁོར་ལོ་རིན་པོ་ཆེ་དེས་བྱང་ཕྱོགས་མངོན་པར་ཕབ་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ནས་སླར་ལོག་སྟེ། རྒྱལ་

པོའི་ཕོ་བྲང་དེ་ཉིད་དུ་ཕྱིན་ནས་དཀོར་ཁང་གི་སྟེང་དུ་སྲོག་ཤིང་བཙུགས་པ་བཞིན་དུ་གནས་སོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་འཁོར་ལོ་རིན་པོ་ཆེ་དེ་ལྟ་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་གླང་པོ་རིན་པོ་ཆེ་ཇི་ལྟ་བུ་

Vol. 2 · folio 138b

ཞིག་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། སྲིང་མོ་འདི་ལ་འཁོར་ལོས་སྒྱུར་བའི་གླང་པོ་ནི་ཐལ་ཀར་མེ་ཏོག་ཀུ་མུ་དའི་མདོག་ལྟ་བུ་ཡན་ལག་བདུན་ལེགས་པར་གནས་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཡིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་འདི་

མཐོང་ན་སེམས་མངོན་པར་དད་པར་གྱུར་ནས། ཀྱེ་མའོ་གླང་པོ་རིན་པོ་ཆེ་བཟང་པོ་ཞིག་ཡིན་གྱིས་མྱུར་དུ་དུལ་བར་འགྱུར་བར་བྱའོ་སྙམ་ནས། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་འདུལ་སྦྱོང་མཁན་མཁས་པ་ཕོ་ཉས་བཀུག་ནས་འདི་སྐད་ཅེས་སྨྲས་སོ། །དེས་

པ་ཁྱོད་ཀྱིས་གླང་པོ་རིན་པོ་ཆེ་འདི་མྱུར་བ་ཁོ་ནར་ལེགས་པར་དུལ་བར་བྱོས་ལ་ང་ལ་ཕུལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་གླང་པོ་འདུལ་སྦྱོང་མཁན་མཁས་པས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལྟར་མཉན་ནས། གླང་པོ་རིན་པོ་ཆེ་དེ་ལ་བསླབ་པ་ཐམས་ཅད་ཉིན་ཞག་གཅིག་ལ་སློབ་

པར་བྱེད་དེ། དེ་ལ་ཉིན་ཞག་གཅིག་ལ་བསླབ་པ་ཐམས་ཅད་སློབ་པ་ན་ཉིན་ཞག་གཅིག་གིས་བསླབ་པ་ཐམས་ཅད་ལོབས་པ་ནི་དཔེར་ན་གླང་པོ་ཆེ་གཞན་རྣམས་ལོ་དུ་མ་དང་། ལོ་ཁྱུད་སྐོར་དུ་མར་བསླབ་པ་ཐམས་ཅད་བསླབས་ནས་བསླབ་པ་ཐམས་ཅད་ལོབས་པ་དེ་བཞིན་དུ། གླང་པོ་རིན་པོ་ཆེ་དེ་ལ་ཉིན་ཞག་གཅིག་

ལ་བསླབ་པ་ཐམས་ཅད་བསླབས་པ་ན་ཉིན་ཞག་གཅིག་གིས་བསླབ་པ་ཐམས་ཅད་ལོབས་སོ། །དེ་དུལ་བར་རིག་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འབུལ་བར་བྱེད་དེ། ལྷ་གླང་པོ་རིན་པོ་ཆེ་བཟང་པོ་ནི་དུལ་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་འཁོར་

ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་དེ་བརྟག་པར་འདོད་ནས། ཉི་མ་འཆར་ཀའི་དུས་ཀྱི་ཚེ་གླང་པོ་རིན་པོ་ཆེ་དེ་ལ་ཞོན་ནས་རྒྱ་མཚོའི་མཐས་ཀླས་པའི་ས་ཆེན་པོ་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཕྱིན་པ་ན་ཞལ་ཚུས་ལ་འབབ་སྟེ། སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་

འཇིག་རྟེན་དུ་བྱུང་ན་གླང་པོ་རིན་པོ་ཆེ་དེ་ལྟ་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རྟ་རིན་པོ་ཆེ་ཇི་ལྟ་བུ་ཞིག་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། སྲིང་མོ་འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྟ་ནི་ཐམས་ཅད་སྔོ་བ་མགོ་གནག་ཅིང་རྔོག་

Vol. 2 · folio 139a

མཇུག་སྡུག་པ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོས་དེ་མཐོང་ནས་སེམས་མངོན་པར་དད་པར་གྱུར་ནས། ཀྱེ་མ་རྟ་རིན་པོ་ཆེ་བཟང་པོ་ཞིག་ཡིན་གྱིས་མྱུར་དུ་དུལ་བར་འགྱུར་བར་བྱའོ་སྙམ་ནས། དེ་

ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་མཁན་མཁས་པ་ཕོ་ཉས་བཀུག་སྟེ་འདི་སྐད་ཅེས་སྨྲས་སོ། །དེས་པ་ཁྱོད་ཀྱིས་རྟ་རིན་པོ་ཆེ་འདི་མྱུར་བ་ཁོ་ནས་ལེགས་པར་དུལ་བར་བྱོས་ལ་ང་ལ་ཕུལ་ཅིག །ལྷ་བཀའ་བཞིན་འཚལ་ཞེས་རྟ་མཁན་མཁས་པས་འཁོར་ལོས་སྒྱུར་བའི་རྒྱལ་

པོ་ལས་མཉན་ནས། རྟ་རིན་པོ་ཆེ་དེ་ལ་བསླབ་པ་ཐམས་ཅད་ཉིན་ཞག་གཅིག་ལ་སློབ་པར་བྱེད་དེ། དེ་ལ་བསླབ་པ་ཐམས་ཅད་ཉིན་ཞག་གཅིག་ལ་སློབ་པ་ན། ཉིན་ཞག་གཅིག་གིས་བསླབ་པ་ཐམས་ཅད་ལོབས་པ་ནི་དཔེར་ན་རྟ་གཞན་རྣམས་ལོ་དུ་མ་དང་། ལོ་ཁྱུད་སྐོར་

དུ་མར་བསླབ་པ་ཐམས་ཅད་བསླབས་ནས་བསླབ་པ་ཐམས་ཅད་ལོབས་པ་དེ་བཞིན་དུ། རྟ་རིན་པོ་ཆེ་དེ་ལ་ཉིན་ཞག་གཅིག་ལ་བསླབ་པ་ཐམས་ཅད་སློབ་པ་ན་ཉིན་ཞག་གཅིག་གིས་བསླབ་པ་ཐམས་ཅད་ལོབས་སོ། །དེ་དུལ་བར་རིག་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འབུལ་བར་

བྱེད་དེ། ལྷ་རྟ་རིན་པོ་ཆེ་བཟང་པོ་ནི་དུལ་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་མཁྱེན་པར་མཛད་དུ་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་བརྟག་པར་འདོད་ནས་ཉི་མ་འཆར་ཀའི་དུས་ཀྱི་ཚེ་རྟ་རིན་པོ་ཆེ་ལ་ཞོན་ནས་རྒྱ་མཚོའི་མཐས་ཀླས་པའི་ས་ཆེན་པོ་

བསྐོར་ཏེ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཕྱིན་པ་ན་ཞལ་ཚུས་ལ་འབབ་སྟེ། སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རྟ་རིན་པོ་ཆེ་དེ་ལྟ་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་ནོར་བུ་རིན་པོ་ཆེ་ཇི་ལྟ་བུ་ཞིག་འཇིག་རྟེན་དུ་

འབྱུང་བར་འགྱུར་ཞེ་ན། སྲིང་མོ་འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ནོར་བུ་ནི་ཟུར་བརྒྱད་ཡོད་པ། བཻ་ཌཱུརྱ་བཟང་པོའི་རིགས་ཅན། དང་བ། གསལ་བ། རྣམ་པར་དང་བ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་ན་མེ་མར་གྱི་བྱ་བ་ཐམས་ཅད་ནོར་བུ་དེའི་འོད་ཀྱིས་

Vol. 2 · folio 139b

བྱེད་དོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་བརྟག་པར་འདོད་ནས་མུན་གནག་སྨག་ཏུ་གྱུར་ལ། ལྷས་མཚན་མོ་ཆར་གྱི་རྒྱུན་དལ་བུ་དལ་བུས་འབེབས་ཤིང་། གློག་འགྱུ་བའི་དུས་སུ་ནོར་བུ་རིན་པོ་ཆེ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཞག་ནས་སྐྱེད་མོས་ཚལ་གྱི་ནང་དུ་

དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་དོང་བ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པོ་ཇི་སྙེད་པ་ཐམས་ཅད་དང་། རྒྱང་གྲགས་ཕྱེད་ཁོ་ར་ཁོར་ཡུག་ཏུ་ནོར་བུའི་འོད་ཀྱིས་གསལ་བར་འགྱུར་ཏེ། སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་

ན་ནོར་བུ་རིན་པོ་ཆེ་དེ་ལྟ་བུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྲིང་མོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་བཙུན་མོ་རིན་པོ་ཆེ་ཇི་ལྟ་བུ་ཞིག་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེ་ན། སྲིང་མོ་འདི་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་ནི་གཟུགས་བཟང་བ། མཛེས་པ།

བལྟ་ན་སྡུག་པ། ཧ་ཅང་མི་དཀར་བ། ཧ་ཅང་མི་སྔོ་བ། ཉ་ཁར་བ་ལྟར་པགས་པ་འཇམ་པ། ཧ་ཅང་མི་རིང་བ། ཧ་ཅང་མི་ཐུང་བ། བོང་རན་པ། ཧ་ཅང་མི་སྦོམ་པ། ཧ་ཅང་མི་སྐེམ་པ། ཧ་ཅང་མི་ཚོ་བ། ཤ་བྲེ་རན་པ་གང་ཡིན་པ་སྟེ། སྲིང་མོ་དེ་ནི་གྲང་བའི་ཚེ་

ལུས་ལ་རེག་ན་དྲོ་བ། ཚ་བའི་ཚེ་ལུས་ལ་རེག་ན་བསིལ་བ། ཡུལ་ཀ་ལིང་ཀའི་གོས་ལྟར་རེག་ན་འཇམ་པའོ། །སྲིང་མོ་དེའི་བ་སྤུའི་བུ་ག་ཐམས་ཅད་ནས་ནི་ཙན་དན་གྱི་དྲི་འབྱུང་ངོ་། །ཁ་ནས་ནི་ཨུཏྤ་ལ་སྔོན་པོའི་དྲི་འབྱུང་ངོ་། །ཇི་སྲིད་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་

མོ་རིན་པོ་ཆེའི་བར་དུ་བཤད་པ་དེ་སྲིད་ཀྱིས་བུ་མོ་དེས་ཀྱང་ནས་ཀྱི་བྱ་བ་ཟིན་ནས། དེས་རྐང་པ་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། འཕགས་པ་དགེ་བའི་རྩ་བ་འདིས་བདག་འཁོར་ལོས་སྒྱུར་བའི་བཙུན་མོ་རིན་པོ་ཆེར་གྱུར་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་

དགའ་བོས་ནས་བྱི་དོར་བྱས་པ་ཁྱེར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་

Vol. 2 · folio 140a

སྩལ་པ། ཀུན་དགའ་བོ་ནས་འདི་སུ་ཞིག་གིས་བྱི་དོར་བྱས། བཙུན་པ་བྲམ་ཟེའི་བུ་མོ་ཆེ་གེ་མོ་ཞིག་གིས་བགྱིས་ལགས་སོ། །ཀུན་དགའ་བོ་ཁྱོད་བྲམ་ཟེའི་བུ་མོ་དེ་དང་ལྷན་ཅིག་སྐབས་ཀྱི་གཏམ་དག་བྱས་སམ། བཅོམ་ལྡན་འདས་བགྱིས་ལགས་

སོ། །ཀུན་དགའ་བོ་དེས་ན་ཁྱོད་བྲམ་ཟེའི་བུ་མོ་དེ་དང་ལྷན་ཅིག་སྐབས་ཀྱི་གཏམ་ཇི་སྙེད་བྱས་པ་དེ་དག་ཐམས་ཅད་ང་ལ་རྒྱས་པར་གསོལ་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བྲམ་ཟེའི་བུ་མོ་དང་ལྷན་ཅིག་སྐབས་ཀྱི་གཏམ་ཇི་སྙེད་བྱས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་

ལ་རྒྱས་པར་གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་ཅིའི་ཕྱིར་བུ་མོ་དེ་ལ་སངས་རྒྱས་ཀྱི་བསྔགས་པ་མ་བརྗོད། བཙུན་པ་བདག་གིས་འདི་སྙམ་དུ་སངས་རྒྱས་ཀྱི་

ཆོས་ནི་ཟབ་པ་ལགས་པས་བུ་མོ་འདིས་རྟོགས་པར་མི་འགྱུར་བ་གང་ལགས་པའི་གནས་དེ་མཆིས་སོ་སྙམ་དུ་བསམས་ནས། དེའི་སླད་དུ་བདག་གིས་དེ་ལ་འཁོར་ལོས་སྒྱུར་བའི་བསྔགས་པ་བརྗོད་ལགས་སོ། །ཀུན་དགའ་བོ་ཁྱོད་ཀྱིས་མ་ལེགས་པ་ཞིག་བྱས་ཏེ། ཁྱོད་ཀྱིས་གལ་

ཏེ་དེ་ལ་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་བྱས་ན། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པར་འགྱུར་བ་གང་ཡིན་པའི་གནས་དེ་ཡོད་པ་ཞིག །ཀུན་དགའ་བོ་འོན་ཀྱང་བུ་མོ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་རིན་

པོ་ཆེར་འགྱུར་རོ། །ཀུན་དུ་བྲམ་ཟེའི་བུ་མོ་ཆེ་གེ་མོ་ཞིག་བཅོམ་ལྡན་འདས་ཀྱི་དོན་དུ་ནས་བྱི་དོར་བྱས་པས་བཅོམ་ལྡན་འདས་ཀྱིས་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་རིན་པོ་ཆེར་ལུང་བསྟན་ཏོ་ཞེས་སྒྲ་གྲགས་པ་དག་བུ་མོ་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་ཞིག་གིས་ཐོས་ནས། དགེ་

སློང་ལྔ་བརྒྱར་དགེ་སློང་གཉིས་ཀྱིས་མ་ཚང་བ་རྣམས་ཀྱི་ནས་བྱི་དོར་བྱས་ཏེ། དེ་རྣམས་ཀྱིས་ཀྱང་སྨོན་ལམ་བཏབ་པ། བདག་ཅག་དེའི་འཁོར་དུ་གྱུར་ཅིག །ཇི་ཙམ་ན་བཅོམ་ལྡན་འདས་ཀྱིས་ནས་ཀྱི་བཤོས་གསོལ་བར་བརྩམས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་ཡི་མུག་ནས།

Vol. 2 · folio 140b

བཅོམ་ལྡན་འདས་ཀྱི་སྐུ་ཚེ་བརྒྱུད་པ་དེ་དང་དེ་རྣམས་སུ་ཕྱག་དང་། ཞབས་དང་། དབུ་ལ་སོགས་པ་བཅད་ཅིང་སྦྱིན་པ་བཏང་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེས་པ་དེ་ད་ནི་ནས་རུལ་པའི་བཤོས་གསོལ་བ་ལྟ་ཞེས་མཆི་མ་དབྱུང་

བར་བརྩམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅིའི་ཕྱིར་མི་དགའ་ཞིང་མཆི་མ་གློག །བཙུན་པ་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རིགས་སུ་འཁྲུངས་ན་རྒྱལ་སྲིད་སྤངས་ནས་རབ་ཏུ་བྱུང་སྟེ། ཕྱག་

དང་། ཞབས་དང་། དབུ་ལ་སོགས་པ་བཀུམ་ཞིང་སྦྱིན་པ་བཏང་ནས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐམས་ཅད་མཁྱེན་པ་བརྙེས་པ་དེ་ད་ནི་སྩང་ནས་རུལ་པའི་བཤོས་གསོལ་བ་ལྟ་སྙམ་བགྱིད་ལགས་མོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་དེ་

བཞིན་གཤེགས་པའི་མཆེ་བའི་བར་ནས་ཕྱུང་བའི་ནས་ཀྱི་ཟན་ཟ་བར་འདོད་དམ། བཅོམ་ལྡན་འདས་འཚལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཆེ་བའི་བར་ནས་ནས་ཀྱི་ཟན་ཕྱུང་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཟའ་བར་བརྩམས་

སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྔོན་འདི་ལྟ་བུའི་རོ་མྱོང་བར་དྲན་ནམ། བཙུན་པ་བདག་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེས་ཤིང་འཁོར་ལོས་སྒྱུར་བའི་རིགས་ལས་ཆེན་པོར་གྱུར་ལགས་ན། ད་ལྟར་བཅོམ་ལྡན་འདས་ཀྱི་མཆེ་བའི་

བར་ནས་ཕྱུང་བའི་ནས་ཀྱི་བཤོས་འདི་ལྟ་བུའི་རོ་ནི་སྔོན་མྱོང་བར་མི་དྲན་ལགས་སོ། །ཀུན་དགའ་བོ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་ནི་རོ་བྲོ་བའི་མཆོག་ཅེས་བྱ་བ་རོ་རྣམས་འཕྲོག་པ་ཡོངས་སུ་དག་པ་ཡོད་དེ། གལ་ཏེ་དེ་བཞིན་གཤེགས་པས་ཁ་ཟས་ཕལ་པ་ལ་ལོངས་སྤྱད་ན་

དེ་ཡང་དེ་བཞིན་གཤེགས་པ་ལ་རོ་བརྒྱ་པར་འགྱུར་རོ། །ཀུན་དགའ་བོ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་མི་སྣང་བའི་ཕྱོགས་སུ་འདུག་ནས་བཅོམ་ལྡན་འདས་ནི་དགྲ་མཐའ་ན་ནས་གསོལ་ལོ་ཞེས་སྒྲ་བསྒྲགས་སོ། །

Vol. 2 · folio 141a

མཐའི་རྒྱལ་པོ་རྣམས་ཀྱིས་ཀྱང་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ། མི་སྣང་བའི་ཕྱོགས་སུ་འདུག་གོ། །བཅོམ་ལྡན་འདས་ནི་དགྲ་མཐའ་ན་ནས་གསོལ་ལོ་ཞེས་ཐོས་ནས། དེ་

རྣམས་ཀྱིས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ཕོ་ཉ་བཏང་བ་ལས་དེ་རྣམས་ནང་དུ་མ་ཆུད་དེ་སྒོ་ན་སྡོད་དོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས་འབྲས་སཱ་ལུ་སོག་མའི་སྦུ་བུར་སྨིན་པ་ཤིང་རྟ་ལྔ་བརྒྱ་ཙམ་བཀང་སྟེ་བསྐུར་རོ། །དེ་ནས་བདུད་སྡིག་ཅན་དེ་འདི་སྙམ་དུ་སེམས་ཏེ། དགེ་

སྦྱོང་གཽ་ཏ་མ་ལ་བདག་གིས་ལན་མང་པོ་ཞིག་ཐོབ་ཙམ་པར་བྱས་ན་ལན་འགའ་ཡང་སྐབས་མ་རྙེད་ཀྱིས། འདིར་ཡང་རེ་ཞིག་འདི་ལ་བརྒལ་བར་བྱའོ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་ཀུན་དགའ་བོར་བདག་ཉིད་མངོན་པར་སྤྲུལ་ཏེ། ཤིང་རྟ་ལྔ་བརྒྱ་པོ་དེ་རྣམས་ཀྱི་མདུན་དུ་འདུག་

ནས་སྨྲས་པ། ཤེས་ལྡན་དག་གར་འདོང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཀུན་དགའ་བོ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་མི་སྣང་བའི་ཕྱོགས་སུ་འདུག་ནས་བཅོམ་ལྡན་འདས་ནི་དགྲ་མཐའ་ན་

ནས་གསོལ་ལོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཐོས་ནས། བཅོམ་ལྡན་འདས་ཀྱི་དོན་དུ་འབྲས་སཱ་ལུ་སོག་མའི་སྦུ་བུར་སྨིན་པ་ཤིང་རྟ་ལྔ་བརྒྱ་པོ་འདི་བསྐུར་བ་ལགས་སོ། །དེས་སྨྲས་པ་ཤེས་ལྡན་དག །བཅོམ་ལྡན་འདས་ལ་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་

རྣམས་མངོན་པར་དད་དེ། གལ་ཏེ་ནམ་མཁའ་ལ་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་བཟེད་ན་དེར་ཡང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལྷའི་བདུད་རྩིས་འགེངས་པར་བྱེད་ན། བཅོམ་ལྡན་འདས་ཅིའི་ཕྱིར་ནས་གསོལ། སླར་ལོག་ཤིག །དེ་རྣམས་ཀྱིས་སྨྲས་པ།

འཕགས་པ་ཀུན་དགའ་བོ་བདག་ཅག་ཆས་ལགས་ན་ད་ཅི་སྟེ་ལྡོག་མཆིའོ། །བདུད་ཀྱིས་བསམས་པ། བདག་གིས་འདི་དག་བཟློག་པར་མ་ནུས་ཀྱིས་ཐབས་ཤིག་བཤམ་པར་བྱའོ་ཞེས་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་ཆར་པ་ཤིང་རྟའི་སྲོག་ཤིང་ཙམ་གྱི་རྒྱུན་དབབ་པར་

Vol. 2 · folio 141b

བརྩམས་ཏེ། དེས་རེ་ཞིག་ཤིང་རྟ་དེ་དག་གི་ལྟེ་བ་མན་ཆད་ནུབ་པ་དེ་ཙམ་གྱི་བར་དུ་ཆར་ཕབ་བོ། །དེ་ནས་ཤིང་རྟ་དེ་དག་གི་གླང་རྣམས་བཀྲོལ་ཏེ་དོང་ངོ་། །དེ་ན་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་དང་ཐབས་ཅིག་ཏུ་དགྲ་མཐའ་ན་ནས་གསོལ་ལོ། །ཚེ་དང་ལྡན་

པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ནི་རི་རྩེ་གསུམ་པ་ལ་དབྱར་གནས་པར་ཁས་བླངས་ནས་ལྷའི་བདུད་རྩི་ལ་ལོངས་སྤྱོད་དོ། །དེ་ནས་དེད་དཔོན་དེས་ཟླ་བ་གསུམ་འདས་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་སྐྱེད་མོས་ཚལ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་

དང་། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་ངོ་། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་རི་བོ་རྩེ་གསུམ་པ་ལ་དབྱར་གནས་པ་ཡང་འོངས་སོ། །དེ་ནས་དེད་དཔོན་གྱིས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་

བྱས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་གསོལ་ཟིན་ནས་ཕྱག་བཅབས་ཏེ་ལྷུང་བཟེད་གྱུ་བར་རིག་ནས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ་སྨོན་ལམ་གདབ་པར་བརྩམས་པ། དགེ་བའི་རྩ་བ་འདིས་བདག་འཁོར་ལོས་

སྒྱུར་བའི་རྒྱལ་པོར་གྱུར་ཅིག །རྟ་ཅང་ཤེས་ནི་བུ་རྒྱལ་ཚབ་ཏུ་གྱུར་ཅིག །རྟ་ལྔ་བརྒྱ་པོ་འདི་དག་ཀྱང་བུ་ལྔ་བརྒྱར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བུ་མོ་བཙུན་མོ་རིན་པོ་ཆེར་ལུང་བསྟན་པ་གང་ལགས་པ་དེ་ནི་བདག་གི་བཙུན་མོ་རིན་པོ་ཆེར་གྱུར་ཅིག །བུད་མེད་ལྔ་བརྒྱར་གཉིས་

ཀྱིས་མ་ཚང་བ་གང་ལགས་པ་དེ་ནི་དེའི་འཁོར་དུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེད་དཔོན་དེའི་བསམ་པ་ཐུགས་སུ་ཆུད་ནས་དེད་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེད་དཔོན་ཁྱོད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རྟ་ཅང་ཤེས་ནི་ཁྱོད་ཀྱི་བུ་རྒྱལ་

ཚབ་ཏུ་འགྱུར་རོ། །རྟ་ལྔ་བརྒྱ་པོ་དེ་དག་ཀྱང་བུ་ལྔ་བརྒྱར་འགྱུར་རོ། །བུ་མོ་དེ་ནི་བཙུན་མོ་རིན་པོ་ཆེར་འགྱུར་རོ། །བུད་མེད་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་དེ་དག་ཀྱང་དེའི་འཁོར་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་

Vol. 2 · folio 142a

པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱི་དྲུང་དུ་སོང་ལ་ནད་མེད་པར་གྱུར་ཅིག་ཅེས་བྱོས་ལ་འདི་སྐད་ཅེས་རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ཡུལ་དུ་ཁོ་བོས་ཟླ་བ་གསུམ་

གནས་ཟིན་ཏེ་འགྲོས་ཤེས་པར་གྱིས་ཤིག་ཅེས་ཀྱང་སྨྲོས་ཤིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱི་ཁྱིམ་གང་ན་བ་དེར་སོང་བ་དང་། དེའི་ཚེ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་

བཀྲ་ཤིས་འོང་བ་ལ་སྡོད་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྒོ་བའི་སྐྱེས་པ་ལ་སྨྲས་པ། ཀྱེ་ནང་རྗེ་ཚུར་ཁྱོད་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གང་ན་བ་དེར་སོང་ལ་ཕྱིན་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་འདི་སྐད་ཅེས་དགེ་སློང་ཀུན་དགའ་བོ་ལྷ་མཐོང་བར་འཚལ་ནས་

སྒོ་ན་སྡོད་ཅིང་མཆིས་སོ་ཞེས་སྨྲོས་ཤིག །འཕགས་པ་བཀའ་བཞིན་འཚལ་ཞེས་སྒོ་བའི་སྐྱེས་པས་ཚེ་དང་ལྡན་པ་ཀུན་དགའ་བོའི་ལྟར་མཉན་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དགེ་སློང་

འཕགས་པ་ཀུན་དགའ་བོ་ལྷའི་ཞལ་མཐོང་བར་འཚལ་ནས་སྒོ་ན་སྡོད་ཅིང་མཆིས་སོ། །དེས་སྨྲས་པ། ཀྱེ་སྐྱེས་བུ་ང་བཀྲ་ཤིས་འོང་བ་སྡོད་ཅིང་འདུག་གིས་དགེ་སློང་ཀུན་དགའ་བོ་ནི་བསོད་ནམས་ཀྱི་མཐུ་ཆེན་པོ་དང་ལྡན་པ་ཡིན་ཏེ། དེ་ཉིད་ངའི་བཀྲ་ཤིས་སུ་གྱུར་ཅིག །

དེ་ལ་ནི་བཟང་པོ་ལྔ་ཡོད་དེ། མིང་བཟང་བ་དང་། གཟུགས་བཟང་བ་དང་། ཁ་དོག་བཟང་བ་དང་། སྤོབས་པ་བཟང་བ་དང་། སྒྲུབ་པ་བཟང་བ་ཡིན་གྱིས་ནང་དུ་སྤྱོན་ཅིག །ཤེས་ལྡན་ཀུན་དགའ་བོ་ལ་སུ་ཞིག་འགོག །སྒོ་བས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དེ་བཞིན་དུ་

སྨྲས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ནང་དུ་ཞུགས་སོ། །མཐའི་རྒྱལ་ཕྲན་གྱི་ཕོ་ཉ་དེ་རྣམས་ཀྱང་དེ་ཉིད་དང་ལྷན་ཅིག་ནང་དུ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་

Vol. 2 · folio 142b

འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱོད་ནད་མེད་པར་གྱུར་ཅིག །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡུལ་དུ་ངས་ཟླ་བ་གསུམ་དུ་གནས་ཟིན་ཏེ་འགྲོས་ཤེས་པར་གྱིས་ཤིག་ཅེས་ཀྱང་བཀའ་

སྩལ་ཏོ། །འཕགས་པ་ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་དང་ཇི་ག་ཡུལ་དགྲ་མཐར་དབྱར་བདེ་བར་བཞུགས་སམ། བསོད་སྙོམས་ཀྱིས་འོ་བརྒྱལ་བར་མ་གྱུར་གྲང་། མཐའི་རྒྱལ་ཕྲན་གྱི་ཕོ་

ཉ་དེ་དག་གིས་སྨྲས་པ། ལྷ་ཁྱོད་ནི་རྒྱལ་སྲིད་ལ་མི་རྟོག་པ་ལགས་ཏེ། འདི་ལྟར་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་སྤྱན་དྲངས་ཏེ་མི་སྣང་བའི་ཕྱོགས་སུ་བཞུགས་ནས། བཅོམ་ལྡན་འདས་ནི་ཟླ་བ་གསུམ་དུ་ནས་རུལ་པའི་བཤོས་གསོལ་

ལགས་སོ། །དེས་སྨྲས་པ། འཕགས་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་དུ་ནས་རུལ་པའི་བཤོས་གསོལ་བ་མད་དམ། རྒྱལ་པོ་ཆེན་པོ་མད་ལགས་སོ། །དེ་བརྒྱལ་ནས་ས་ལ་འགྱེལ་བ་དང་། ཆུ་མང་པོ་ཞིག་གཏོར་ནས་དབུགས་སླར་བྱུང་བ་དང་།

བློན་པོ་རྣམས་བཀུག་སྟེ་སྨྲས་པ། ཤེས་ལྡན་དག་ངས་ཁྱེད་ཅག་རྣམས་ལ་ཉིན་རེ་ཞིང་ལྔ་བརྒྱའི་བཟའ་བ་དང་བཅའ་བ་བསོད་པ་རབ་ཏུ་མང་པོ་སྟ་གོན་གྱིས་ཤིག་པར་མ་བསྒོ་འམ། དེ་རྣམས་ཀྱིས་སྨྲས་པ། ལྷ་དེ་ཁོ་ན་སྐད་བཀའ་སྩལ་པ་མཆིས་ཀྱིས་ཆེ་གེ་མོ་ཞིག་ལ་སྩོལ་ཅིག་ཅེས་ནི་

ཁྱེད་ཀྱིས་བཀའ་མ་སྩལ་ཏེ། འོན་ཀྱང་ད་དུང་དུ་ཞལ་ཟས་སྟ་གོན་ཁོ་ན་བགྱིད་དོ། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་

ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་

Vol. 2 · folio 143a

གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོངས་ལགས་སོ། །བདེ་བར་གཤེགས་པ་ནོངས་ལགས་ཏེ། ཇི་ལྟར་ཡང་བུས་པ་ལགས། ཇི་ལྟར་ཡང་རྨོངས་

པ་ལགས། ཇི་ལྟར་ཡང་མི་གསལ་བ་ལགས། ཇི་ལྟར་ཡང་མི་མཁས་པ་ལགས་ཏེ། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དགུང་ཟླ་གསུམ་དུ་སྤྱན་དྲངས་ནས་མི་གདའ་བའི་ཕྱོགས་སུ་མཆིས་ལགས་སོ།། །།

འདུལ་བ་གཞི། བམ་པོ་སུམ་བཅུ་རྩ་བརྒྱད་པ། བཅོམ་ལྡན་འདས་བདག་གི་ནོངས་པ་དེ་གློ་བར་ཆུད་ཅིང་ནོངས་པར་མཐོང་ལགས་ན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ནོངས་པ་ལ་ནོངས་པར་གཟུང་དུ་གསོལ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཉེས་པ་ལ་ཉེས་པར་ཁས་བླངས་ན་བདེན་ཏེ།

ཇི་ལྟར་ན་ཡང་བུས་པ་ཡིན། ཇི་ལྟར་ན་ཡང་རྨོངས་པ་ཡིན། ཇི་ལྟར་ན་ཡང་མི་གསལ་བ་ཡིན། ཇི་ལྟར་ན་ཡང་མི་མཁས་པ་ཡིན་ཏེ། གང་ཡང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཟླ་བ་གསུམ་དུ་སྤྱན་དྲངས་ནས་མི་སྣང་བའི་ཕྱོགས་ན་འདུག་གམ། རྒྱལ་པོ་ཆེན་པོ་གང་

གི་ཕྱིར་ཁྱོད་ཀྱིས་ཉེས་པ་ཤེས་ཤིང་མཐོང་ལ་དེ་མཐོང་ནས་འཆགས་པར་བྱེད་ན། ཁྱོད་ཀྱི་དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་གྱི་འཕེལ་བ་ཁོ་ནར་ཤེས་པར་བྱའོ། །རྒྱལ་པོ་ཆེན་པོ་དེ་ཅིའི་ཕྱིར་ཞེ་ན། གང་ཡང་འགའ་ཞིག་ཉེས་པ་ཤེས་ཤིང་མཐོང་ལ་དེ་

མཐོང་ནས་འཆགས་ཤིང་ཕྱིར་སྡོམ་པར་བྱེད་ན། དགེ་བའི་ཆོས་རྣམས་ཉམས་པར་མི་འགྱུར་གྱི་འཕེལ་བ་ཁོ་ནར་ཤེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་།

ཐབས་ཅིག་ལ་བདག་གིས་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་སྦྱོར་ཞིང་མཆིས་ན་གནང་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་

Vol. 2 · folio 143b

པོ་དེ་བཞིན་གཤེགས་པ་ནི་ཚེ་ཐུང་ངུའི་དུས་སུ་བྱུང་ཞིང་གདུལ་བའི་དོན་བྱ་བ་ནི་རབ་ཏུ་མང་ལ་མྱ་ངན་ལས་འདའ་བའི་དུས་ལ་ཡང་འབབ་པས་མི་གནང་ངོ་། །གལ་ཏེ་དེ་ལྟ་ལགས་ན་བཅོམ་ལྡན་འདས་ལོ་བདུན་ནམ། ཟླ་བ་བདུན་ནམ། དགུང་བདུན་ཞིག་གནང་བར་མཛད་

དུ་གསོལ། བཅོམ་ལྡན་འདས་ཀྱིས་དེར་ཡང་མ་གནང་བ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་སྡུམ་པར་གདུགས་ཚོད་སྦྱོར་ཞིང་མཆིས་ན་གནང་

བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་གལ་ཏེ་འདིའི་ཟས་གཅིག་ཀྱང་གསོལ་བར་མ་གནང་ན་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ཁྲག་དྲོན་དུ་སྐྱུགས་ནས་དུས་ལས་འདའ་བར་འགྱུར་བ་གང་ཡིན་པ་དེའི་གནས་ཡོད་དོ་སྙམ་དུ་དགོངས་ནས། བཅོམ་ལྡན་

འདས་ཀྱིས་ཅང་མི་གསུང་བས་གནང་ངོ་། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆས་ཏེ་རང་གི་གནས་གང་ན་བ་དེར་སོང་ནས་ཕྱིན་པ་དང་།

བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་གང་གིས་ན་ཞལ་ཟས་འདི་ཐམས་ཅད་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གྱིས་ལོངས་སྤྱོད་པར་འགྱུར་བའི་ཐབས་བཟང་པོ་ཅི་ཡོད། དེ་རྣམས་ཀྱིས་སྨྲས་པ། ལྷ་ཞལ་ཟས་འདི་ཐམས་ཅད་དོགས་ལ་བཀྲམ་ལ་དགེ་སློང་རྣམས་ཀྱི་

ཞབས་ཀྱིས་བཅགས་ན་དེ་དེ་ལྟར་ན་ཡོངས་སུ་ལོངས་སྤྱད་པར་འགྱུར་ལགས་སོ། །དེས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་ཁ་ཟས་ཇི་སྙེད་ཡོད་པ་འདི་ཐམས་ཅད་ས་ལ་ཀུན་དུ་ཁྲོམ་ཤིག །དེ་རྣམས་ཀྱིས་ཐམས་ཅད་ཀུན་དུ་བཀྲམ་མོ། །དེ་ནས་རྒྱལ་པོ་བྲམ་ཟེ་

མེས་སྦྱིན་གྱིས་དེ་ཉིད་ཀྱི་མཚན་མོ་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་སྟ་གོན་བྱས་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཇི་ཙམ་ན་རྒན་ཞུགས་ཞིག་མི་བཟོད་

Vol. 2 · folio 144a

པ་སྐྱེས་ཏེ་བདག་ཅག་ཟླ་བ་གསུམ་དུ་ནས་རུལ་པ་ཟོས་ནས་ད་ནི་རྒྱལ་པོ་སྡིག་ཅན་འདིའི་འབྱོར་པ་སྟོན་ཏོ་སྙམ་དུ་བསམས་ནས་བཟའ་བ་དང་བཅའ་བ་ས་ལ་བཀྲམ་པའི་སྟེང་དུ་རྡོག་པས་བསྣུན་པ་དང་། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕགས་པ་རྣམས་ནི་བཟའ་བ་དང་

བཅའ་བ་ཁར་གཞུག་པའི་ཟས་ལ་རྐང་པས་རྫི་བར་བྱེད་དོ་ཞེས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ནི་

དགེ་སློང་དག་བཟའ་བ་དང་བཅའ་བ་ཁར་གཞུག་པའི་ཟས་ལ་རྐང་པས་རེག་པར་བྱེད་པ་ཡིན་ནོ་སྙམ་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དགེ་སློང་རྒན་ཞུགས་ཆེ་གེ་མོ་ཞིག་མི་བཟོད་པ་སྐྱེས་ནས་བཟའ་བ་དང་བཅའ་བ་ཁར་གཞུག་པའི་ཟས་ས་ལ་བཀྲམ་

པའི་སྟེང་དུ་རྡོག་པས་བསྣུན་པས་བྲམ་ཟེ་དང་ཁྱིམ་བདག་རྣམས་སྨོད་པར་བྱེད། ཕྱར་ཁ་གཏོང་བར་བྱེད། ཁ་ཟེར་བར་བྱེད་དོ། །དེ་ལྟ་བས་ན་དགེ་སློང་གིས་བཟའ་བ་དང་བཅའ་བ་ཁར་གཞུག་པའི་ཟས་ལ་རྐང་པས་བཅག་པར་མི་བྱའོ། །བཅགས་ན་འགལ་ཚབས་ཅན་དུ་

འགྱུར་རོ། །དེ་ནས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་གཙང་ཞིང་བསོད་པའི་བཟའ་བ་དང་བཅའ་བ་དག་རང་གི་ལག་ནས་སྟོབས་ཤིང་ཚིམ་པར་བྱེད་དེ་ཞེས་བྱ་བ་ནས། ཕྱག་བཅབས་ཏེ་ལྷུང་བཟེད་

གྱུ་བར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་བྲམ་ཟེ་མེས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་

དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་བསྟོད། ཡང་

Vol. 2 · folio 144b

དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དབྱར་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་

ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་རབ་ཏུ་མང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་ཡུལ་དགྲ་མཐའ་རྣམས་སུ་དགུང་ཟླ་གསུམ་མཆིས་

ལགས་ཀྱིས། བཙུན་པ་སྤྱིལ་བུ་གཞིག་ལགས་སོ། །དགེ་སློང་དག་ཁྱེད་ཀྱིས་སྤྱིལ་བུ་མ་གཞིག་ཤིག །སྤྱིལ་བུ་རྣམས་ཇི་སྲིད་དུ་ཡུན་རིང་དུ་གནས་པར་གྱུར་པ་དེ་སྲིད་དུ་སྦྱིན་བདག་གི་བསོད་ནམས་འཕེལ་བར་འགྱུར་བ་ཉིད་དང་། བསོད་ནམས་སྐྱེད་པར་འགྱུར་བ་

ཉིད་དོ། །བཞི་པོ་འདི་དག་ནི་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་ཡིན་པར་རིག་པར་བྱ་སྟེ། བཞི་གང་ཞེ་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ལ་གནས་པ་ཞིག་གང་གིས་གཙུག་ལག་

ཁང་ན་གནས་ཤིང་སེམས་ཀྱི་ཏིང་ངེ་འཛིན་ཚད་མེད་པ་ལུས་ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་ན་གཞི་དེ་ལས་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་དཔག་ཏུ་མེད་པར་རིག་པར་བྱའོ། །གཙུག་

ལག་ཁང་ཇི་ལྟ་བར་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ཡང་དེ་དང་འདྲ་སྟེ། བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་བཞི་པོ་འདི་དང་ལྡན་པའི་སྦྱིན་པ་པོ་དང་སྦྱིན་བདག་གི་བསོད་ནམས་ཀྱི་ཚད་རེ་ཞིག་བསོད་ནམས་སམ། བསོད་

ནམས་ཀྱི་འབྲས་བུའམ། བསོད་ནམས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་འདི་ཙམ་མོ་ཞེས་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་ཆེ་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །དཔེར་ན་ཆུ་བོ་ཆེན་པོ་ལྔ་པོ་འདི་ལྟ་སྟེ། གང་གཱ་དང་། ཡ་མུ་ན་དང་།

Vol. 2 · folio 145a

སར་ཡུ་དང་། གནས་ལྡན་དང་། ཆེན་པོ་ཞེས་བྱ་བ་དེ་དག་འབབ་ཅིང་འདྲེ་བར་འགྱུར་བ་དེ་ལ་ནི་ཆུའི་ཚད་ཆུའམ། ཆུ་བུམ་པའམ། ཆུ་བུམ་པ་བརྒྱའམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་བརྒྱ་སྟོང་འདི་སྙེད་ཅེས་གཟུང་བར་མི་ནུས་ཏེ། འོན་ཀྱང་ཆུ་མང་བའི་ཕྱིར་

ཆུའི་ཚོགས་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་བཞིན་དུ་བསོད་ནམས་ཀྱི་རྒྱུ་མཐུན་པ་དང་། དགེ་བའི་རྒྱུ་མཐུན་པ་དང་། བདེ་བའི་གཞི་བཞི་པོ་འདི་དག་དང་ལྡན་པའི་སྦྱིན་པ་པོ་དང་། སྦྱིན་བདག་གི་བསོད་ནམས་ཀྱི་ཚད་བསོད་ནམས་སམ། བསོད་ནམས་ཀྱི་འབྲས་བུའམ། བསོད་

ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་འདི་ཙམ་མོ་ཞེས་གཟུང་བར་མི་ནུས་ཏེ། འོན་ཀྱང་བསོད་ནམས་ཆེ་བའི་ཕྱིར་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཇི་ལྟར་རྒྱ་མཚོ་བཀྲ་ཤིས་གཙང་ལ་དག །ངོགས་བདེ་རིན་ཆེན་འབྱུང་གནས་མཚོ་མཆོག་དེར། །མི་

དང་རི་དགས་ཚོགས་ཀྱིས་བསྟེན་པ་ཡི། །ཆུ་བོ་སོ་སོ་ནས་འབབ་འདུ་བ་ལྟར། །དེ་བཞིན་གོས་དང་ཟས་སྐོམ་སྟེར་བའི་མི། །མལ་ཆ་སྟན་དང་གདིང་བ་སྦྱིན་བྱེད་ལ། །བསོད་ནམས་རྒྱུན་ནི་ཀུན་ནས་འདུ་འགྱུར་ཏེ། །དཔེར་ན་རྒྱ་མཚོར་ཆུ་ཀླུང་འབབ་པ་བཞིན། །དགེ་སློང་རྣམས་

ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་ཕྲིན་ལས་ཅི་ཞིག་མཛད་ན། གང་གིས་ན་ཕྱག་དང་། ཞབས་དང་། དབུ་ལ་སོགས་པ་བཀུམ་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་ཀྱིས་སློང་མོ་པའི་སྐྱེ་

བོ་ཚིམ་པར་མཛད་དེ། བསྐལ་པ་གྲངས་མ་མཆིས་པ་གསུམ་དུ་སེམས་ཅན་གྱི་དོན་གྱི་སླད་དུ་བདག་ཉིད་འོ་བརྒྱལ་ནས་མཛད་པ་ཐམས་ཅད་མཛད་ལགས་པ། ཡུལ་དགྲ་མཐའ་ན་དགེ་སློང་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་དང་ཐབས་ཅིག་ཏུ་ནས་རུལ་པ་གསོལ་ལ། ཚེ་དང་

ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ནི་བདུད་རྩི་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ཉིད་ཀྱིས་སྔོན་གྱི་ཚེ་རབས་གཞན་རྣམས་སུ་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་ནས། ལུས་ཅན་དག་ལ་

Vol. 2 · folio 145b

འབྲས་བུར་འགྱུར་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་སྔོན་བྱུང་བ་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་

མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་འཁོར་དགེ་སློང་བརྒྱད་ཁྲི་དང་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ཞེས་བྱ་བ་ན་ཉེ་བར་རྟེན་ཅིང་བཞུགས་སོ། །

དེའི་ཚེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་ན་ཚོགས་རྣམས་སློབ་པར་བྱེད་པའི་བྲམ་ཟེ་ཞིག་ལྔ་བརྒྱའི་ཚོགས་ལ་བྲམ་ཟེའི་གསང་ཚིག་འདོན་དུ་འཇུག་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ལྷག་པར་བཀུར་སྟི་བྱས། རིམ་གྲོར་བྱས། རྗེད་པར་བྱས། མཆོད་པར་བྱས་ཏེ་དགྲ་བཅོམ་

པར་བཀུར་རོ། །གང་ཁོ་ན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་གཤེགས་པ་དེ་ཁོ་ན་ནས་བཟུང་སྟེ། དེ་ལ་སུ་ཡང་བཀུར་སྟི་བྱ་བ་དང་། རིམ་གྲོར་བྱ་བ་དང་། རྗེད་པར་བྱ་བ་དང་། མཆོད་པར་བྱ་བ་མི་བྱེད་པ་དང་། དེ་

ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཤིན་ཏུ་ཕྲག་དོག་སྐྱེས་པར་གྱུར་ཏོ། །ཇི་ཙམ་ན་དགེ་སློང་སློབ་པ་དང་མི་སློབ་པ་རབ་ཏུ་མང་པོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྒྱལ་པོའི་ཕོ་བྲང་གཉེན་

ལྡན་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་ནས་ཚོད་མ་རོ་སྣ་ཚོགས་དང་ལྡན་པ་དང་འབྲས་ཆན་གྱིས་ལྷུང་བཟེད་བཀང་ནས་སླར་ལོག་པ་བྲམ་ཟེ་དེས་མཐོང་ནས་དྲིས་པ། ཀྱེ་དགེ་སློང་དག་ཇི་འདྲ་བའི་བསོད་སྙོམས་ཞིག་རྙེད་བལྟའོ། །དེ་དག་དྲང་པོའི་རང་བཞིན་ཅན་ཡིན་

པས་བསྟན་པ་དང་། དེ་ཕྲག་དོག་གི་རང་བཞིན་ཅན་ཞིག་མི་བཟོད་པ་སྐྱེས་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་བོས་ཏེ་སྨྲས་པ། དགེ་སྦྱོང་མགོ་རེག་འདི་དག་ནི་ཚོད་མ་རོ་སྣ་ཚོགས་དང་ལྡན་པ་དང་འབྲས་ཆན་ཟ་བར་འོས་པ་མ་ཡིན་གྱི་ནས་རུལ་པ་ཟ་བར་འོས་པ་ཡིན་ནོ། །དེ་རྣམས་

Vol. 2 · folio 146a

ཀྱིས་ཀྱང་རྗེས་སུ་ཡི་རངས་ནས་མཁན་པོ་དེ་དེ་ལྟ་ལགས་ཏེ། དགེ་སྦྱོང་མགོ་རེག་འདི་དག་ནི་ཚོད་མ་རོ་སྣ་ཚོགས་དང་ལྡན་པ་དང་འབྲས་ཆན་འཚལ་བར་འོས་པ་མ་ལགས་ཀྱི་ནས་རུལ་པ་འཚལ་བར་འོས་པ་ལགས་སོ། །དེ་ན་ཡང་བྲམ་ཟེའི་ཁྱེའུ་བཟང་པོ་དད་པ་ཅན་

དགེ་བའི་བསམ་པ་ཅན་གཉིས་ཤིག་འདུག་པ་དེ་དག་གིས་མཁན་པོ་དེ་སྐད་མ་གསུང་ཤིག །འདི་དག་ནི་བདག་ཉིད་ཆེན་པོ་སྟེ། ལྷའི་བདུད་རྩི་འཚལ་བར་འོས་པ་ལགས་ཀྱི། ནས་རུལ་པ་ནི་འོས་པ་མ་ལགས་སོ་ཞེས་སྨྲས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས།

དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་ཚོགས་རྣམས་ལ་སྨོད་པར་བྱེད་པ་གང་ཡིན་པ་དེ་ང་ཉིད་ཡིན་ནོ། །བྲམ་ཟེའི་ཁྱེའུ་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་གང་ཡིན་པ་དེ་དག་ནི་དགེ་སློང་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་འདི་དག་ཡིན་ནོ། །བྲམ་ཟེའི་ཁྱེའུ་བཟང་

པོ་དད་པ་ཅན་དགེ་བའི་བསམ་པ་ཅན་གཉིས་པོ་གང་ཡིན་པ་དེ་ནི་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་འདི་གཉིས་ཡིན་ཏེ། ངས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་ཉན་ཐོས་སློབ་པ་དང་མི་སློབ་པ་རྣམས་ལ་སེམས་གདུག་པས་ངག་གི་ལས་རྩུབ་མོ་ཕྱུང་བ་དང་།

བྲམ་ཟེའི་ཁྱེའུ་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བས་རྗེས་སུ་ཡི་རང་བ་དང་། གཉིས་ཀྱིས་རྗེས་སུ་ཡི་མ་རང་བ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས་དེའི་བར་ཡུལ་དགྲ་མཐར་དེ་བཞིན་གཤེགས་པ་དགེ་སློང་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བ་དང་ཐབས་ཅིག་ཏུ་ནས་རུལ་གསོལ་ཏོ། །

ཤཱ་རིའི་བུ་དང་མཽད་གལ་གྱི་བུ་གཉིས་ནི་ལྷའི་བདུད་རྩི་ལ་ལོངས་སྤྱོད་དོ། །དགེ་སློང་དག་དེ་ལྟ་བས་ན་གཅིག་ཏུ་གནག་པ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ་ཞེས་བྱ་བ་ནས། གཅིག་ཏུ་དཀར་བའི་ལས་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་

ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཚུགས་དཀའ་གང་ན་བ་དེར་འདོང་ངོ་། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་

Vol. 2 · folio 146b

བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། དེ་ནས་བཅོམ་ལྡན་འདས་ལྷོ་ཕྱོགས་ལྔ་ལེན་ནས་ལྗོངས་རྒྱུ་ཞིང་གཤེགས་པ་དང་ཚུགས་དཀར་གཤེགས་ནས། ཚུགས་དཀའི་ཆུ་བོ་གང་གཱའི་འགྲམ་ན་བཞུགས་སོ། །དེ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་

ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ལས་བདག་གིས་མདོར་བསྡུས་

པའི་ཆོས་ཐོས་ནས་གཅིག་ཏུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ་བདག་ཉིད་གཏོང་བར་གནས་སོ། །གཅིག་ཏུ་དབེན་པ་བག་ཡོད་པ། རྟུན་པ་དང་ལྡན་པ། བདག་ཉིད་གཏོང་བར་གནས་པ་ན། གང་གི་ཕྱིར་རིགས་ཀྱི་བུ་རྣམས་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་

སྨྲིག་བགོས་ཏེ། དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བགྱིད་པ་ཚངས་པར་སྤྱོད་པའི་མཐའ་བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བགྱིས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་ལ་

བསྟེན་ཏོ། །བྱ་བ་བྱས་སོ་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གོ་བར་བགྱིད་པའི་ཆོས་དེ་ལྟ་བུ་མདོར་བསྡུས་ཏེ་ལེགས་པར་བཤད་དུ་གསོལ་ཞེས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཆུ་བོ་གང་གཱ་གང་ན་བ་དེ་ལོགས་སུ་གཟིགས་པ་ལས་བཅོམ་ལྡན་

འདས་ཀྱིས་ཆུ་བོ་གང་གཱའི་རྒྱུན་གྱིས་ཤིང་སྡོང་ཆེན་པོ་ཞིག་ཁྱེར་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་དེ་ལ་བཀའ་སྩལ་པ། དགེ་སློང་ཁྱེད་ཀྱིས་ཆུ་བོ་གང་གཱའི་རྒྱུན་གྱིས་ཤིང་སྡོང་པོ་ཆེན་པོ་ཁྱེར་བ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །གལ་ཏེ་

འདི་ཚུ་རོལ་གྱི་འགྲམ་དུ་མ་ཆགས། ཕ་རོལ་གྱི་འགྲམ་དང་དབུས་སུ་མ་ཆགས། སྐམ་ལ་མ་ཕྱུང་། མི་དང་མི་མ་ཡིན་པས་མ་བཟུང་། ཀློང་དུ་མ་ནུབ། ཁོང་རུལ་བར་མ་གྱུར་ན་དགེ་སློང་ཤིང་སྡོང་པོ་ཆེན་པོ་དེ་ནི་རིམ་གྱིས་རྒྱ་མཚོར་གཞོལ་བར་འགྱུར། རྒྱ་མཚོར་འབབ་

Vol. 2 · folio 147a

པར་འགྱུར། །རྒྱ་མཚོར་བབ་པར་འགྱུར་བ་དེ་བཞིན་དུ། གལ་ཏེ་དགེ་སློང་ཁྱོད་ཀྱིས་ཚུ་རོལ་ལ་མ་ཆགས་ཞེས་བྱ་བ་ནས་ཁོང་རུལ་བར་མ་གྱུར་ན། དེ་ལྟ་ན་དགེ་སློང་ཁྱོད་རིམ་གྱིས་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར། མྱ་ངན་ལས་འདས་པ་ལ་འབབ་པར་

འགྱུར། མྱ་ངན་ལས་འདས་པ་ལ་བབ་པར་འགྱུར་རོ། །བཙུན་པ་བདག་གིས་མ་འཚལ་ན་ཚུ་རོལ་གྱི་འགྲམ་ནི་ཅི་ལགས། ཕ་རོལ་གྱི་འགྲམ་ནི་ཅི་ལགས། དབུས་སུ་ཐོགས་པ་ནི་ཅི་ལགས། སྐམ་ལ་ཕྱུང་བ་ནི་ཅི་ལགས། མིས་བཟུང་བ་ནི་ཅི་ལགས། མི་མ་ལགས་

པས་བཟུང་བ་ནི་ཅི་ལགས། ཀློང་དུ་ནུབ་པ་ནི་ཅི་ལགས། ཁོང་རུལ་བ་ནི་ཅི་ལགས། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ལས་བདག་གིས་མདོར་བསྡུས་པའི་ཆོས་ཐོས་ནས་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བགྱི་བའི་ཆོས་དེ་ལྟ་བུ་མདོར་བསྡུས་ཏེ།

ལེགས་པར་བདག་ལ་བཤད་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་ཚུ་རོལ་གྱི་འགྲམ་ཞེས་བྱ་བ་དེ་ནི་ནང་གི་སྐྱེ་མཆེད་དྲུག་གི་ཚིག་བླ་དགས་ཡིན་ནོ། །ཕ་རོལ་གྱི་འགྲམ་ཞེས་བྱ་བ་དེ་ནི་ཕྱིའི་སྐྱེ་མཆེད་དྲུག་གི་ཚིག་བླ་དགས་ཡིན་ནོ། །དབུས་སུ་ཐོགས་པ་ཞེས་བྱ་

བ་དེ་ནི་དགའ་བའི་འདོད་ཆགས་ཀྱི་ཚིག་བླ་དགས་ཡིན་ནོ། །སྐམ་ལ་ཕྱུང་བ་ཞེས་བྱ་བ་དེ་ནི་ངའོ་སྙམ་པའི་ང་རྒྱལ་གྱི་ཚིག་བླ་དགས་ཡིན་ནོ། །མིས་བཟུང་བ་ཞེས་བྱ་བ་ནི་འདི་ལྟར་འདི་ན་ལ་ལ་རབ་ཏུ་བྱུང་བ་དང་ཁྱིམ་པ་འདྲེས་པར་གནས་ཏེ། དགའ་བར་མཚུངས་པ་དང་བདེ་

བར་མཚུངས་པ་དག །བདེ་ན་བདེ་བ་དང་། སྡུག་བསྔལ་ན་སྡུག་བསྔལ་ཞིང་འཕྲལ་གྱི་བྱ་བ་བྱུང་ཞིང་བྱུང་བ་རྣམས་ཡང་དག་པར་བླངས་ཏེ་མཐར་འབྱིན་པར་བྱེད་པ་ལྟ་བུ་ཡིན་ནོ། །མི་མ་ཡིན་པས་ཟིན་པ་ཞེས་བྱ་བ་ནི་འདི་ལྟར་འདི་ན་ལ་ལ་ཚུལ་ཁྲིམས་སམ། བརྟུལ་ཞུགས་

སམ། དཀའ་ཐུབ་བམ། ཚངས་པར་སྤྱོད་པ་བསྟེན་པ་འདིས་བདག་ལྷའམ། ལྷ་གང་ཡང་རུང་བ་ཞིག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་ཚངས་པར་སྤྱད་པ་སྤྱོད་པ་ལྟ་བུའོ། །ཀློང་དུ་ནུབ་པ་ཞེས་བྱ་བ་ནི་ཇི་ལྟར་འདི་ནི་ལ་ལ་བསླབ་པ་ཕུལ་ནས་བབས་པ་ལྟ་བུ་ཡིན་ནོ། །

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words