No title in the text — opening words: འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 53 · folio 86a
རྒྱས་ནི་མྱ་ངན་ལས་འདས་པ་ཞེས་བྱའོ།། །།བམ་པོ་སུམ་ཅུ་དྲུག་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་སངས་རྒྱས་དང་། སངས་རྒྱས་
ཀྱི་རང་བཞིན་ཁྱད་པར་མ་མཆིས་ན་སེམས་ཅན་ཐམས་ཅད་ལམ་ལ་ནན་ཏན་བགྱིད་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དོན་དེ་དྲིས་པ་དེ་ནི་དེ་ལྟ་མ་ཡིན་ནོ། །སངས་རྒྱས་དང་། སངས་རྒྱས་ཀྱི་རང་བཞིན་ཁྱད་པར་མེད་མོད་ཀྱི། སེམས་
ཅན་རྣམས་དེ་དང་མི་ལྡན་ཏེ། རིགས་ཀྱི་བུ་དཔེར་ན་མི་ཞིག་ངན་སེམས་ཀྱིས་མ་བསད་དེ། བསད་ནས་འགྱོད་པ་སྐྱེས་པས་ལམ་གསུམ་དགེ་མོད་ཀྱི། སེམས་ཅན་དམྱལ་བ་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་དེ་གདོན་མི་ཟ་བར་སེམས་ཅན་དམྱལ་བར་ལྟུང་བའི་ཕྱིར་རོ། །མི་དེ་ལ་
སེམས་ཅན་དམྱལ་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་མེད་མོད་ཀྱི་འོན་ཀྱང་སེམས་ཅན་དམྱལ་བ་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་བས་ན་ངས་མདོ་སྡེ་ཀུན་ལས་གང་དགེ་བའི་ཆོས་སྤྱོད་པ་མཐོང་བ་ནི་ལྷ་མཐོང་བ་ཞེས་བྱ། མི་དགེ་བ་ལ་སྤྱོད་པ་མཐོང་བ་ནི་སེམས་ཅན་དམྱལ་བ་མཐོང་
བའོ་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པར་རྣམ་པར་སྨིན་པ་མྱོང་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱང་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་
ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་ཡང་དག་པར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་པས་དོན་དེའི་ཕྱིར་ངས་མདོ་སྡེ་འདི་ལས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐོག་མ་ཡོད་ལ་ད་ལྟར་མེད། །ཐོག་མ་མེད་ལ་ད་ལྟར་ཡོད། །དུས་གསུམ་
སྲིད་པའི་ཆོས་ཐམས་ཅད། །དེ་ལྟ་བུ་ཡི་གནས་མེད་དོ། །རིགས་ཀྱི་བུ་སྲིད་པ་ཞེས་བྱ་བ་ལ་རྣམ་པ་གསུམ་སྟེ། མ་འོངས་པའི་སྲིད་པ་དང་། ད་ལྟར་གྱི་སྲིད་པ་དང་། འདས་པའི་སྲིད་པའོ། །དེ་ལ་སེམས་ཅན་ཐམས་ཅད་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
Vol. 53 · folio 86b
ཡོད་པའི་ཕྱིར་སངས་རྒྱས་ཀྱི་རང་བཞིན་ཅེས་བྱའོ། །སེམས་ཅན་ཐམས་ཅད་ལ་ད་ལྟར་ཀུན་ནས་ཉོན་མོངས་པ་རྣམས་ཡོད་པས་དེའི་ཕྱིར་ད་ལྟར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མེད་དོ། །སེམས་ཅན་གང་འདས་པའི་དུས་ན་ཉོན་མོངས་པ་བཅད་པ་ཡོད་པའི་ཕྱིར་ད་ལྟར་
སངས་རྒྱས་ཀྱི་རང་བཞིན་མཐོང་སྟེ། དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་ནས་ལོག་སྲེད་ཅན་གྱི་བར་དུ་ཡང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །ལོག་སྲེད་ཅན་ལ་སོགས་པ་དགེ་བའི་ཆོས་མེད་ཀྱང་སངས་རྒྱས་ཀྱི་རང་བཞིན་ཉིད་དགེ་
བ་སྟེ། མ་འོངས་པའི་དུས་ན་ཡོད་པར་འགྱུར་བའི་ཕྱིར་ལོག་སྲེད་ཅན་ལ་སོགས་པ་ལའང་སངས་རྒྱས་ཀྱི་རང་བཞིན་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་རོ། །རིགས་ཀྱི་
བུ་དཔེར་ན་མི་ཞིག་གི་ཁྱིམ་ན་འོ་མ་དང་ཞོ་ཡོད་པ་ལས་ཡང་མི་གཅིག་གིས་ཁྱོད་ལ་མར་ཡོད་དམ་ཞེས་དྲིས་ན། དེས་སྨྲས་པ། བདག་ལ་ཡོད་དོ་ཞེས་སྨྲས་ཀྱང་འདི་ལྟར་ཞོ་ནི་ཡང་དག་པར་མར་མ་ཡིན་མོད་ཀྱི་ཐབས་མཁས་པས་གདོན་མི་ཟ་བར་འཐོབ་པར་འགྱུར་བའི་ཕྱིར་མར་ཡོད་དོ་ཞེས་
སྨྲའོ། །སེམས་ཅན་དག་ཀྱང་དེ་དང་འདྲ་སྟེ། ཀུན་ལ་སེམས་ཡོད་དོ། །གང་སེམས་ཡོད་པ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་
སོ། །རིགས་ཀྱི་བུ་མཐར་ཕྱིན་པ་ལ་རྣམ་པ་གཉིས་ཏེ། བཀོད་པའི་མཐར་ཕྱིན་པ་དང་། མཐར་ཕྱིན་པའི་མཐར་ཕྱིན་པའོ། །གཞན་ཡང་འཇིག་རྟེན་གྱི་མཐར་ཕྱིན་པ་དང་། འཇིག་རྟེན་ལས་འདས་པའི་མཐར་ཕྱིན་པའོ། །དེ་ལ་བཀོད་པའི་མཐར་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །མཐར་
ཕྱིན་པའི་མཐར་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཐེག་པ་གཅིག་པ་འཐོབ་པའོ། །དེ་ལ་ཐེག་པ་གཅིག་པ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། སེམས་ཅན་ཐམས་ཅད་ལ་ཐེག་པ་གཅིག་པ་ཡོད་ཀྱང་
Vol. 53 · folio 87a
མ་རིག་པས་ཁེབས་པས་མཐོང་བར་མ་གྱུར་ཏོ་ཞེས་གསུངས་སོ། །རིགས་ཀྱི་བུ་དཔེར་ན་བྱང་གི་སྒྲ་མི་སྙན་དང་སུམ་ཅུ་རྩ་གསུམ་གནམ་གྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བ་ལ་སྒྲིབ་པ་དང་བཅས་པའི་སེམས་ཅན་འདི་དག་གིས་མཐོང་བར་མི་ནུས་སོ། །སངས་རྒྱས་ཀྱི་རང་
བཞིན་ཡང་དེ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པས་བསྒྲིབས་པའི་ཕྱིར་སེམས་ཅན་གྱིས་མི་མཐོང་ངོ་། །གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། རང་བཞིན་མར་གྱི་སྙིང་ཁུ་དང་འདྲ་བས་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ། །དཔའ་བར་
འགྲོ་བའི་ཏིང་ངེ་འཛིན་གྱི་མཐུས་དེ་བཞིན་གཤེགས་པ་རྣམས་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོད་མོད་ཀྱི་མ་བསྒོམས་པའི་ཕྱིར་མི་མཐོང་སྟེ། དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མ་གྱུར་ཏོ། །རིགས་ཀྱི་བུ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་མིང་རྣམ་པ་ལྔ་ཡོད་དེ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཅེས་ཀྱང་བྱ། སེང་གེའི་སྒྲ་སྒྲོགས་པའི་ཏིང་ངེ་འཛིན་ཅེས་ཀྱང་བྱ།
སངས་རྒྱས་ཀྱི་རང་བཞིན་ཅེས་ཀྱང་བྱ་སྟེ། ཅི་དང་ཅིར་ལྡན་པ་དེ་དང་དེའི་སྐབས་སུ་མིང་འདོགས་སོ། །རིགས་ཀྱི་བུ་ཇི་ལྟར་ཏིང་ངེ་འཛིན་གཅིག་གིས་མིང་རྣམ་པ་སྣ་ཚོགས་ཐོབ་པ་ནི་འདི་ལྟར་བསམ་གཏན་གྱི་སྐབས་སུ་བསམ་གཏན་བཞི་ཞེས་བྱ་བ་དང་། དབང་པོའི་སྐབས་སུ་ཏིང་ངེ་འཛིན་གྱི་དབང་
པོ་ཞེས་བྱ་བ་དང་། སྟོབས་ཀྱི་སྐབས་སུ་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱ་བ་དང་། བྱང་ཆུབ་ཀྱི་ཡན་ལག་གི་སྐབས་སུ་ཏིང་ངེ་འཛིན་གྱི་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བ་དང་། འཕགས་པའི་ལམ་གྱི་སྐབས་སུ་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བ་དང་། སྐྱེས་བུས་རྟོག་པ་བརྒྱད་ཀྱི་སྐབས་སུ་
ཏིང་ངེ་འཛིན་གྱི་རྟོག་པ་ཞེས་བྱ་བ་དང་། འདྲ་བར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ནི་ཏིང་ངེ་འཛིན་རྣམ་པ་གསུམ་དང་ལྡན་ཏེ། གསུམ་གང་ཞེ་ན། རབ་དང་། འབྲིང་དང་། ཐ་མའོ། །དེ་ལ་རབ་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། དེའི་
Vol. 53 · folio 87b
ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བྱའོ། །འབྲིང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསམ་གཏན་དང་པོ་དང་ལྡན་ཏེ། རྐྱེན་དང་ཕྲད་ན་ཡོངས་སུ་སྒོམ་པར་འགྱུར་གྱི། གལ་ཏེ་རྐྱེན་དང་མ་ཕྲད་ན་ཡོངས་སུ་སྒོམ་པར་མི་འགྱུར་རོ། །རྒྱུ་རྐྱེན་ལ་རྣམ་པ་
གཉིས་ཏེ། མེའི་བསྐལ་པ་དང་། འདོད་པའི་ཁམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོངས་སུ་བཅོམ་པ་སྟེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་འབྲིང་དང་ལྡན་པ་ཞེས་བྱའོ། །ཏིང་ངེ་འཛིན་ཐ་མ་ནི་ས་ཆེན་པོ་བཅུ་ལས་སེམས་ལས་བྱུང་བའི་ཏིང་ངེ་འཛིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་
ཅད་ཏིང་ངེ་འཛིན་ཐ་མ་དང་ལྡན་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཉོན་མོངས་པས་ཡོངས་སུ་ཁེབས་པའི་ཕྱིར་མཐོང་བར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ཐེག་པ་གཅིག་པ་མཐོང་མོད་ཀྱི། དེ་བཞིན་གཤེགས་པ་རྟག་ཏུ་གནས་པའི་
ཆོས་ཅན་དུ་མི་ཤེས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །རིགས་ཀྱི་བུ་དཔའ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཐར་ཕྱིན་པའོ། །འགྲོ་བ་ཞེས་བྱ་བ་ནི་བརྟེན་པའོ། །ཐམས་ཅད་མཐར་བརྟེན་པའི་ཕྱིར་དཔའ་བར་
འགྲོ་བ་ཞེས་བྱའོ། །དེའི་ཕྱིར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ། །རིགས་ཀྱི་བུ་ངས་དུས་གཅིག་ན་ཆུ་བོ་དགའ་སྐྱེད་ཀྱི་འགྲམ་ན་བཞུགས་ཏེ་དགའ་བོ་ལ་བཀའ་སྩལ་པ། ང་དེང་ཁྲུས་མཛད་ཀྱིས་ངའི་གོས་ལོང་ལ་སྲན་ཕྱེ་ཡང་ལོང་ཞིག །དེ་ནས་
ཆུར་ཞུགས་པ་དང་། ནམ་མཁའ་ལ་འཕུར་བ་དང་། ཆུ་དང་། ས་ལ་འགྲོ་བ་ཐམས་ཅད་འོངས་ནས་ང་ལ་ལྟའོ། །དེའི་ཚེ་ན་ཀུན་དུ་རྒྱུ་ལྔ་བརྒྱ་སྙེད་ཆུ་བོའི་འགྲམ་དུ་ལྷགས་ནས། ངའི་དྲུང་དུ་ཕྱིན་པ་དང་། གཅིག་ལ་གཅིག་འདི་སྐད་དུ་ཇི་ལྟར་རྡོ་རྗེ་ལྟ་བུའི་ལུས་ཐོབ་པར་གྱུར། གལ་
ཏེ་གཽ་ཏ་མ་འདི་ཆད་པར་ལྟ་བ་མི་སྟོན་ན་བདག་ཅག་དེ་ལ་ལུང་དང་ཚུལ་ཁྲིམས་མནོད་དོ་ཞེས་སྨྲས་སོ། །རིགས་ཀྱི་བུ་ང་དེའི་ཚེ་གཞན་གྱི་སེམས་ཤེས་པའི་ཡེ་ཤེས་ཀྱིས་ཀུན་དུ་རྒྱུ་དེ་དག་གི་བསམ་པ་མཁྱེན་ནས་ཀུན་དུ་རྒྱུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅིའི་ཕྱིར་ང་ལ་ཆད་
Vol. 53 · folio 88a
པར་ལྟ་བ་སྟོན་པ་ཡིན་ནོ་སྙམ་དུ་སེམས། ཀུན་དུ་རྒྱུ་དེ་དག་གིས་གསོལ་པ། གཽ་ཏ་མ་ཁྱོད་ཀྱིས་མདོ་སྡེ་ཀུན་ལས་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བཤད་དེ། དེ་ལྟར་བདག་མེད་དོ་ཞེས་བཤད་ན་ཅིའི་ཕྱིར་ཆད་པར་ལྟ་བ་མ་ཡིན། གལ་ཏེ་བདག་མེད་ན་
གང་གིས་ཚུལ་ཁྲིམས་སྡོམ་ཞིང་གང་གིས་ཚུལ་ཁྲིམས་བཤིག་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ནི་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་མ་བཤད་དོ། །ངས་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་བཤད་ན། སངས་
རྒྱས་ཀྱི་རང་བཞིན་དེ་ཉིད་བདག་མ་ཡིན་ནམ། དོན་དེ་ལྟ་བས་ན་ང་ཆད་པར་ལྟ་བ་མི་སྟོན་ཏེ། སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བས་རྟག་པ་མེད་པ་དང་། བདག་མེད་པ་དང་། བདེ་བ་མེད་པ་དང་། ཡོངས་སུ་དག་པ་མེད་དེ། གང་དེ་སྐད་དུ་སྨྲ་བ་དེ་ནི་ཆད་པར་ལྟ་བ་སྟོན་
པ་ཞེས་བྱའོ། །དེའི་ཚེ་ཀུན་དུ་རྒྱུ་དེ་དག་སངས་རྒྱས་ཀྱི་རང་བཞིན་ཉིད་བདག་ཡིན་ནོ་ཞེས་བཤད་པ་ཐོས་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེའི་མོད་ལ་རབ་ཏུ་བྱུང་ནས་བྱང་ཆུབ་ཀྱི་ལམ་ལ་ནན་ཏན་བྱེད་པར་གྱུར་ཏོ། །ནམ་མཁའ་དང་། ཆུ་
དང་། སྐམ་སར་འགྲོ་བ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ལྟར་སེམས་བསྐྱེད་ནས་མོད་ལ་ལུས་དེ་ཉིད་བཏང་བར་གྱུར་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཡང་དག་པར་ན་བདག་མ་ཡིན་ཏེ། སེམས་ཅན་གྱི་ཕྱིར་བདག་ཅེས་བཤད་དོ། །རིགས་
ཀྱི་བུ་རྒྱུ་དང་རྐྱེན་ཡོད་པའི་ཕྱིར་དེ་བཞིན་གཤེགས་པས་བདག་མེད་པ་ལ་བདག་ཏུ་བཤད་མོད་ཀྱི་ཡང་དག་པར་ན་བདག་མེད་དོ། །དེ་ལྟར་བཤད་མོད་ཀྱི་བརྫུན་པ་ཡང་མ་ཡིན་ནོ། །རིགས་ཀྱི་བུ་ཡང་རྒྱུ་དང་རྐྱེན་ཡོད་པས་བདག་ལ་བདག་མེད་པར་འཆད་དེ་ཡང་དག་པར་ན་བདག་ཡོད་ཀྱང་
འཇིག་རྟེན་གྱི་ཕྱིར་བདག་མེད་པར་བཤད་མོད་ཀྱི་ཡང་བརྫུན་པ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་བདག་མེད་དེ། དེ་བཞིན་གཤེགས་པས་བདག་མེད་ཅེས་བཤད་པ་ནི་རྟག་པ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་བདག་ཡིན་ཏེ། བདག་མེད་པར་བཤད་པ་ནི་དབང་ཐོབ་པའི་
Vol. 53 · folio 88b
ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ན་དོན་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། རིགས་ཀྱི་བུ་དཔེར་ན་གཟུགས་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རིང་པོ་དང་། ཐུང་ངུ་ཐ་དད་དེ་ཐོགས་པ་ཡོད་ཀྱང་དམུས་ལོང་གིས་མི་མཐོང་ངོ་། །དེ་ལྟར་མི་མཐོང་མོད་ཀྱི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་ཐ་དད་པ་དང་།
དབྱིབས་རིང་ཐུང་མེད་ཅེས་བྱར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དམུས་ལོང་གིས་མི་མཐོང་ཡང་མིག་ཅན་གྱིས་མི་མཐོང་བ་མ་ཡིན་ནོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་མོད་ཀྱི་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཕྱོགས་ཙམ་ཞིག་མཐོང་
ལ། དེ་བཞིན་གཤེགས་པས་ནི་མ་ལུས་པར་གཟིགས་སོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ལ་མཚན་མོའི་གཟུགས་ལྟ་བུར་མཐོང་། དེ་བཞིན་གཤེགས་པས་ཉིན་པར་གྱི་གཟུགས་ལྟ་བུར་གཟིགས་སོ། །རིགས་ཀྱི་བུ་དཔེར་ན་ཞར་བས་ནི་གཟུགས་གསལ་
བར་མི་མཐོང་སྟེ། དེ་ལ་སྨན་པ་མཁས་པས་མིག་བཅོས་ན་སྨན་དེའི་སྟོབས་ཀྱིས་གསལ་བར་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །དེ་ལ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རབ་
ཏུ་གསལ་བར་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཆོས་ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་བ་དང་། ཆོས་མ་ཡིན་པ་ཐམས་ཅད་ལ་རྟག་པ་མེད་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་
པ་མེད་པར་མཐོང་བ་དེ་ནི་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ་། །དེ་ལ་ཐམས་ཅད་ཅེས་བྱ་བ་ནི་འཁོར་བའོ། །ཐམས་ཅད་མ་ཡིན་པ་ནི་དཀོན་མཆོག་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་
Vol. 53 · folio 89a
མཐོང་། ཆོས་མ་ཡིན་པ་ཐམས་ཅད་ལ་ཡང་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་མ་དག་པར་མཐོང་སྟེ། དོན་དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ས་བཅུ་པས་ནི་ཆོས་ཐམས་ཅད་ལ་མི་རྟག་པ།
བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་མཐོང་ལ། ཆོས་མ་ཡིན་པ་ཐམས་ཅད་ལ་ནི་རྟག་པ་དང་། བདག་དང་། བདེ་བ་དང་། ཡོངས་སུ་དག་པར་ཕྱོགས་ཙམ་ཞིག་མི་མཐོང་སྟེ། དོན་དེ་ལྟ་བས་ན་བཅུ་ཆ་གཅིག་ཙམ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་
ནི་ཆོས་ཐམས་ཅད་ལ་མི་རྟག་པ། བདག་མེད་པ། བདེ་བ་མེད་པ། ཡོངས་སུ་དག་པ་མེད་པར་གཟིགས་ལ། ཆོས་མ་ཡིན་པ་ཐམས་ཅད་ལ་རྟག་པ་དང་། བདག་དང་། བདེ་བ་དང་། ཡོངས་སུ་དག་པར་གཟིགས་ཏེ། དེ་ལྟ་བས་ན་སངས་རྒྱས་ཀྱི་རང་བཞིན་ལག་མཐིལ་དུ་སྐྱུ་རུ་རའི་
འབྲས་བུ་བཞག་པ་ལྟར་གཟིགས་སོ། །དོན་དེ་ལྟ་བས་ན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི་མཐར་ཐུག་པ་ཞེས་བྱའོ། །རིགས་ཀྱི་བུ་དཔེར་ན་ཟླ་བ་ཚེས་པ་ནི་མི་མཐོང་མོད་ཀྱི་མེད་ཅེས་བྱར་མི་རུང་ངོ་། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། བུས་པ་མ་རབས་ཐམས་ཅད་
ཀྱིས་མི་མཐོང་མོད་ཀྱི་དེ་ལ་སངས་རྒྱས་ཀྱི་རང་བཞིན་མེད་ཅེས་བྱར་མི་རུང་ངོ་། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་འདི་ལྟ་སྟེ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་གསུམ་སྟེ། སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་
པོ་ཡོད་པ་ཡང་ཉོན་མོངས་པ་ཡོངས་སུ་བཅོམ་ན་གདོད་མཐོང་བར་འགྱུར་རོ། །ལོག་སྲེད་ཅན་དག་ནི་ལོག་སྲེད་ཡོངས་སུ་བཅོམ་ན་གདོད་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། དྲན་པ་ཉེ་བར་གཞག་པ་གསུམ་ཐོབ་པར་འགྱུར་རོ། །དོན་དེ་ལྟ་བས་ན་ངས་རྟག་ཏུ་
སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་སོ། །རིགས་ཀྱི་བུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འདི་དག་ནི་སེམས་ཅན་ཐམས་ཅད་ལ་མཉམ་པར་ཡོད་དེ། ཕྱི་ནང་གཉིས་སོ། །བཅུ་གཉིས་པོ་གང་ཞེ་ན། འདས་པའི་ཉོན་མོངས་པ་ནི་མ་རིག་
Vol. 53 · folio 89b
པའོ། །འདས་པའི་ལས་ནི་འདུ་བྱེད་དོ། །ད་ལྟར་གྱི་དུས་ན་ཐོག་མ་མངལ་དུ་འཇུག་པ་ནི་རྣམ་པར་ཤེས་པའོ། །མངལ་དུ་ཞུགས་ནས་ཡན་ལག་ལྔ་དང་དབང་པོ་བཞི་མ་ཚང་བ་ནི་མིང་དང་གཟུགས་སོ། །དབང་པོ་བཞི་དང་ལྡན་ཏེ་རེག་པ་ཞེས་མི་བྱ་བ་ནི་སྐྱེ་མཆེད་དྲུག་ཅེས་བྱའོ། །སྡུག་
བསྔལ་དང་། བདེ་བ་བྱེ་བྲག་མི་ཕྱེད་པ་ནི་རེག་པ་ཞེས་བྱའོ། །སྲེད་པ་གཅིག་ལ་ཆགས་པ་ནི་ཚོར་བ་ཞེས་བྱའོ། །འདོད་པ་ལྔ་ལ་ཆགས་པ་ནི་སྲེད་པ་ཞེས་བྱའོ། །ནང་དང་ཕྱི་རོལ་ལ་འདོད་ཆགས་པ་ནི་ལེན་པའོ། །ནང་དང་ཕྱི་རོལ་གྱི་དངོས་པོས་ལུས་དང་། ངག་དང་། ཡིད་ཀྱིས་ལས་
སྐྱེད་པ་ནི་སྲིད་པའོ། །ད་ལྟར་གྱི་དུས་ཀྱི་རྣམ་པར་ཤེས་པ་ནི་མ་འོངས་པའི་སྐྱེ་བའོ། །ད་ལྟར་གྱི་དུས་ཀྱི་མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ནི་མ་འོངས་པའི་དུས་ཀྱི་རྒ་བ་དང་། ན་བ་དང་འཆི་བ་སྟེ། འདི་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཞེས་
བྱའོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་པོ་འདི་དག་ཡོད་མོད་ཀྱི་ཡོངས་སུ་མ་རྫོགས་ཏེ་ནུར་ནུར་པོར་འདུག་པའི་ཚེ་ཤི་བ་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་མེད་དོ། །ཐོག་མ་སྐྱེས་ནས་རྒ་ཤིའི་བར་དུ་ནི་བཅུ་གཉིས་པོ་དང་ལྡན་ནོ། །གཟུགས་
ཀྱི་ཁམས་ཀྱི་སེམས་ཅན་ལ་ཚོར་བ་རྣམ་པ་གསུམ་དང་། རེག་པ་རྣམ་པ་གསུམ་དང་། སྲེད་པ་རྣམས་དང་། རྒ་བ་དང་ཤི་བ་མེད་ཀྱང་རྣམ་པ་བཅུ་གཉིས་པོ་དང་ལྡན་པ་ཞེས་བྱའོ། །གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་དག་གཟུགས་མེད་པ་ནས་རྒ་ཤིའི་བར་དུ་མེད་ཀྱང་རྣམ་པ་བཅུ་
གཉིས་པོ་དང་ལྡན་པ་ཞེས་བྱ་སྟེ། དེ་ནི་ངེས་པར་འཐོབ་པར་འགྱུར་བའི་ཕྱིར་སེམས་ཅན་ཀུན་ལ་མཉམ་པར་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་ལྡན་པ་ཡོད་པ་ཞེས་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ངེས་པར་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བའི་ཕྱིར་དེ་བས་ན་ངས་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ་རི་ཁ་བ་ཅན་ལ་རྩྭ་བཟོད་པ་ཞེས་བྱ་བ་ཞིག་ཡོད་དེ། གལ་ཏེ་བས་ཟོས་ན་མར་གྱི་སྙིང་པོ་འབྱུང་ངོ་། །ཡང་རྩྭ་གཞན་ཞིག་ཡོད་དེ་གལ་ཏེ་བས་
Vol. 53 · folio 90a
ཟོས་ན་མར་གྱི་སྙིང་པོ་མེད་དོ། །དེ་ལྟར་མར་གྱི་སྙིང་པོ་མེད་མོད་ཀྱི་རི་ཁ་བ་ཅན་ལ་རྩྭ་བཟོད་པ་མེད་ཅེས་བྱར་མི་རུང་ངོ་། །དེ་བཞིན་དུ་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བཞིན་གཤེགས་པ་ནི་རི་ཁ་བ་ཅན་ལྟ་བུའོ། །ཡོངས་སུ་མྱ་ངན་ལས་
འདས་པ་ཆེན་པོ་ནི་རྩྭ་བཟོད་པ་ལྟ་བུའོ། །མདོ་སྡེ་སྡེ་བཅུ་གཉིས་ནི་རྩྭ་དེ་མ་ཡིན་པ་གཞན་ལྟ་བུ་སྟེ། སེམས་ཅན་གང་ཡོངས་སུ་མྱ་ངན་ལས་འདས་པ་འདི་ཉན་ཏམ། འཛིན་ཏམ་འདྲི་བར་བྱེད་ན་སངས་རྒྱས་ཀྱི་རང་བཞིན་མཐོང་ངོ་། །མདོ་སྡེ་སྡེ་བཅུ་གཉིས་ལས་སངས་རྒྱས་ཀྱི་
རང་བཞིན་ཡོད་པར་མ་ཐོས་མོད་ཀྱི་སངས་རྒྱས་ཀྱི་རང་བཞིན་ནི་མེད་ཅེས་བྱར་མི་རུང་ངོ་། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་གཟུགས་ཀྱང་ཡིན་ལ་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་ལ་གཟུགས་མ་ཡིན་པ་ཡང་མ་ཡིན་ནོ། །མཚན་མ་ཡིན་ལ་མཚན་མ་ཡང་མ་
ཡིན། མཚན་མ་མ་ཡིན་ལ་མཚན་མ་མ་ཡིན་པ་ཡང་མ་ཡིན་ནོ། །གཅིག་པ་ཡང་ཡིན་ལ་གཅིག་པ་ཡང་མ་ཡིན། གཅིག་པ་མ་ཡིན་ལ་གཅིག་པ་མ་ཡིན་པ་ཡང་མ་ཡིན་ནོ། །རྟག་པ་མ་ཡིན་ཆད་པ་མ་ཡིན། རྟག་པ་མ་ཡིན་པ་ཡང་མ་ཡིན་ལ་ཆད་པ་མ་ཡིན་པ་ཡང་མ་ཡིན་ནོ། །
ཡོད་པ་ཡང་ཡིན་ལ་མེད་པ་ཡང་ཡིན། ཡོད་པ་ཡང་མ་ཡིན་ལ་མེད་པ་མ་ཡིན་པ་ཡང་མ་ཡིན་ནོ། །ཟད་པ་ཡང་ཡིན་ལ་ཟད་པ་ཡང་མ་ཡིན། ཟད་པ་ཡང་མ་ཡིན་ལ་ཟད་པ་ཡང་མ་ཡིན་པ་ཡང་མ་ཡིན་ནོ། །རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན། རྒྱུ་ཡང་མ་ཡིན་ལ་འབྲས་བུ་མ་
ཡིན་པ་ཡང་མ་ཡིན་ནོ། །དོན་ཡང་མ་ཡིན། དོན་མ་ཡིན་ལ་དོན་མ་ཡིན་པ་ཡང་མ་ཡིན་ནོ། །ཡི་གེ་ཡང་ཡིན་ལ་ཡི་གེ་ཡང་མ་ཡིན། ཡི་གེ་མ་ཡིན་ལ་ཡི་གེ་མ་ཡིན་པ་ཡང་མ་ཡིན་ནོ། །དེ་ལ་ཇི་ལྟར་གཟུགས་ཞེས་བྱ་བ་གང་ཞེ་ན། རྡོ་རྗེ་ལྟ་བུའི་སྐུའོ། །གཟུགས་མ་ཡིན་པ་གང་
ཞེ་ན། གཟུགས་མ་ཡིན་པའི་ཆོས་མ་འདྲེས་པ་བཅྭ་བརྒྱད་དོ། །གཟུགས་མ་ཡིན་གཟུགས་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། གཟུགས་དང་གཟུགས་མ་ཡིན་པ་ལ་ངེས་པའི་མཚན་ཉིད་མེད་པའོ། །དེ་ལ་ཇི་ལྟར་ན་མཚན་ཞེས་བྱ་ཞེ་ན། མཚན་སུམ་ཅུ་རྩ་གཉིས་སོ། །མཚན་
Vol. 53 · folio 90b
མ་ཡིན་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་མཚན་མངོན་དུ་མི་སྣང་བའོ། །མཚན་མ་ཡིན་མཚན་མ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། མཚན་དང་མཚན་མ་ཡིན་པ་ངེས་པ་མ་ཡིན་པའོ། །དེ་ལ་ཇི་ལྟར་ན་གཅིག་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ཐེག་པ་གཅིག་པའོ། །གཅིག་
པ་མ་ཡིན་པ་གང་ཞེ་ན། ཐེག་པ་གསུམ་བཤད་པའོ། །གཅིག་པ་ཡང་མ་ཡིན་གཅིག་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། ཆོས་གྲངས་མེད་པའོ། །རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་གྱུར་པའོ། །ཆད་པ་མ་ཡིན་པ་གང་ཞེ་ན། ཆད་པར་ལྟ་བ་དང་
བྲལ་བའོ། །རྟག་པ་མ་ཡིན་པ་ཡང་མ་ཡིན། ཆད་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། ཐོག་མ་དང་ཐ་མའི་མཐའ་མེད་པའོ། །ཡོད་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོད་པའོ། །མེད་པ་གང་ཞེ་ན། ཐབས་མཁས་པས་མཐོང་བར་གྱུར་པའོ། །ཡོད་པ་ཡང་མ་
ཡིན་མེད་པ་ཡང་མ་ཡིན་པ་གང་ཞེ་ན། ནམ་མཁའི་མཚན་ཉིད་དོ། །ཟད་པ་གང་ཞེ་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མཐུ་ཐོབ་པའོ། །ཟད་པ་མ་ཡིན་པ་གང་ཞེ་ན། རྟག་པ་མ་ཡིན་པའོ། །ཟད་པ་ཡང་མ་ཡིན་ཟད་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན།
ཐམས་ཅད་ཟད་པའི་མཚན་ཉིད་དུ་ཆད་པར་གྱུར་པའོ། །རྒྱུ་གང་ཞེ་ན། རྒྱུ་རབ་ཏུ་རྟོགས་པའོ། །འབྲས་བུ་གང་ཞེ་ན། འབྲས་བུ་གདོན་མི་ཟ་བར་འགྱུར་བའོ། །རྒྱུ་མ་ཡིན་འབྲས་བུ་མ་ཡིན་པ་གང་ཞེ་ན་རྟག་པའོ། །དོན་གང་ཞེ་ན། དོན་ཐམས་ཅད་སྡུད་པ་ལ་ཐོགས་
པ་མེད་པའོ། །དོན་མ་ཡིན་པ་གང་ཞེ་ན། བཤད་དུ་མེད་པའོ། །དོན་མ་ཡིན་དོན་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན་མཐར་སྟོང་པར་འགྱུར་བའོ། །ཡི་གེ་ཞེས་བྱ་བ་གང་ཞེ་ན། མིང་དུ་བཏགས་པ་ཡོད་པའོ། །ཡི་གེ་མ་ཡིན་པ་གང་ཞེ་ན་མིང་དུ་བཏགས་པ་མེད་པའོ། །
ཡི་གེ་མ་ཡིན་ཡི་གེ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། ཡི་གེ་ཐམས་ཅད་བཅད་པའོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་གང་ཞེ་ན། ཚོར་བ་ཐམས་ཅད་བཅད་པའོ། །བདག་མ་ཡིན་པ་གང་ཞེ་ན། དབང་བརྒྱད་དང་ལྡན་པར་མ་གྱུར་པའོ། །བདག་མ་ཡིན་
Vol. 53 · folio 91a
པའང་མ་ཡིན་པ་གང་ཞེ་ན་རྟག་པའོ། །བདག་མ་ཡིན་བདག་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། བྱས་པ་མེད་པ་མྱོང་བ་མེད་པའོ། །སྟོང་པ་ཞེས་བྱ་བ་གང་ཞེ་ན། དོན་དམ་པ་སྟོང་པའོ། །སྟོང་པ་མ་ཡིན་པ་གང་ཞེ་ན། རྟག་པའོ། །སྟོང་པ་མ་ཡིན་
སྟོང་པ་མ་ཡིན་པ་ཡང་མ་ཡིན་པ་གང་ཞེ་ན། དགེ་བའི་ཆོས་ཀྱི་འབྲས་བུར་གྱུར་པའོ། །རིགས་ཀྱི་བུ་གལ་ཏེ་གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོའི་དོན་འདི་དག་ཡིད་ལ་བྱས་ཏེ་རྟོགས་ནས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཡིན་པར་རིག་པར་བྱའོ། །སངས་རྒྱས་
ཀྱི་རང་བཞིན་ནི་བསམ་གྱིས་མི་ཁྱབ་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་རང་བཞིན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་མ་ཡིན། ཐོག་མ་མེད་ལ་ད་ཡོད་པ་མ་
ཡིན། ཡོད་པར་གྱུར་ནས་ཕྱིས་མེད་པར་འགྱུར་བ་མ་ཡིན་ཏེ། དགེ་བའི་རྒྱུ་དང་རྐྱེན་ལས་སེམས་ཅན་གྱིས་མཐོང་བར་འགྱུར་རོ། །དཔེར་ན་ལྕགས་ནག་པོ་མེར་བསྲེགས་ན་དམར་པོར་འགྱུར་ལ། ཕྱུང་སྟེ་གྲངས་ན་ཕྱིར་ཡང་ནག་པོར་འགྱུར་ཏེ། ཁ་དོག་ནག་པོ་ཡང་ནང་
ན་མ་ཡིན། ཕྱི་རོལ་ན་མ་ཡིན་ཏེ། རྒྱུ་རྐྱེན་ལས་གྱུར་ཏོ། །སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་མེ་མེད་པར་གྱུར་ན་མཐོང་ཞིང་ཐོས་པར་འགྱུར་རོ། །རིགས་ཀྱི་བུ་ཇི་ལྟར་ས་བོན་འགགས་པར་གྱུར་ན་མྱུ་གུ་སྐྱེ་བར་འགྱུར་ཏེ། མྱུ་
གུའི་མཚན་ཉིད་དེ་ནང་ན་མ་ཡིན་ཕྱི་རོལ་ན་མ་ཡིན་པ་ནས་མེ་ཏོག་དང་འབྲས་བུའི་བར་དུ་ཡང་དེ་བཞིན་ཏེ། རྐྱེན་ལས་ཡོད་པར་གྱུར་ཏོ། །རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཡིན་ཏེ། སངས་རྒྱས་ཀྱི་རང་བཞིན་
ཡང་དེ་དང་འདྲ་བར་ཡོན་ཏན་ཚད་མེད་གྲངས་མེད་པ་དང་ལྡན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ལ་གསལ་བར་མ་གྱུར།
Vol. 53 · folio 91b
སངས་རྒྱས་བཅོམ་ལྡན་འདས་ནི་ཆོས་དུ་དང་ལྡན་ན་མངོན་པར་གསལ་བར་གཟིགས་པར་གྱུར། བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་མི་གསལ་ལོ། །བཅུ་གང་ཞེ་ན། འདོད་པ་ཉུང་བ་དང་། ཆོག་
ཤེས་པ་དང་། རབ་ཏུ་ཞི་བ་དང་། བརྩོན་འགྲུས་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་དང་། ཡང་དག་པའི་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་ལས་བསྔགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་སེམས་ཅན་སྨིན་པར་བྱེད་
པའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་འདོད་པ་ཉུང་བ་དང་། ཆོག་ཤེས་པ་ལ་ཁྱད་པར་ཅི་མཆིས། བཀའ་སྩལ་པ། རིགས་ཀྱི་བུ་འདོད་པ་ཉུང་བ་ནི་མི་ཚོལ་མི་ལེན་པའོ། །ཆོག་ཤེས་པ་ནི་ཉུང་ངུ་རྙེད་ཀྱང་འགྱོད་ཅིང་ཞེ་ལ་གནོད་པའི་སེམས་
མེད་དོ། །འདོད་པ་ཉུང་བ་ནི་འདོད་པ་ཆུང་བའོ། །ཆོག་ཤེས་པ་ནི་ཆོས་ཀྱི་དོན་གྱི་ཕྱིར་མྱ་ངན་གྱིས་གདུངས་པའི་སེམས་མེད་པའོ། །རིགས་ཀྱི་བུ་འདོད་པ་ལ་རྣམ་པ་གསུམ་སྟེ། འདོད་པ་ངན་པ་དང་། འདོད་པ་ཆེན་པོ་དང་། འདོད་པས་འདོད་པའོ། །དེ་ལ་འདོད་པ་ངན་པ་ནི་གལ་
ཏེ་དགེ་སློང་ཞིག་འདོད་པའི་སེམས་འདི་ལྟ་བུ་དག་སྐྱེད་པའོ། །བདག་ཇི་ལྟར་ན་འཁོར་མང་པོ་ཐམས་ཅད་ཀྱི་གཙོ་བོར་འགྱུར་ཞིང་། དགེ་སློང་གི་དགེ་འདུན་ཐམས་ཅད་བདག་གི་འཁོར་དུ་འགྱུར་བ་དང་། འཁོར་རྣམ་པ་བཞིས་བདག་ལ་མཆོད་པ་དང་། རིམ་གྲོ་དང་བཀུར་སྟི་དང་བསྟོད་
ཅིང་བསྔགས་པར་འགྱུར་བ་དང་། བདག་གིས་སྔར་འཁོར་རྣམ་པ་བཞི་ལ་ཆོས་བཤད་པ་ཐམས་ཅད་ཀྱིས་བདག་གི་ཚིག་ལ་ཡིད་ཆེས་ཤིང་འཛིན་པ་དང་། རྒྱལ་པོ་དང་། བློན་པོ་དང་། ཁྱིམ་བདག་ཀུན་གྱིས་ཀྱང་བདག་ལ་བཀུར་སྟི་བྱེད་པར་འགྱུར་བ་དང་། བདག་གིས་ཆོས་གོས་དང་།
བསོད་སྙོམས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་སྨན་དང་། གནས་ཁང་དམ་པ་ལ་སོགས་པ་མང་དུ་འཐོབ་པར་འགྱུར་སྙམ་དུ་སེམས་པ་ནི་འཁོར་བའི་འདོད་པ་སྟེ་འདོད་པ་ངན་པ་ཞེས་བྱའོ། །འདོད་པ་ཆེན་པོ་ཞེས་བྱ་བ་གང་ཞེ་ན། གལ་ཏེ་དགེ་སློང་གང་ཞིག་རྙེད་པ་དང་གྲགས་པའི་ཕྱིར་འདོད་
Vol. 53 · folio 92a
པའི་སེམས་ཀྱིས་ཇི་ལྟར་འཁོར་རྣམ་བཞིས་བདག་ས་དང་པོ་ཐོབ་པ་ནས་ས་བཅུ་པའི་བར་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ནས་རྒྱུན་དུ་ཞུགས་པའི་འབྲས་བུའི་བར་དུ་ཐོབ་པ་དང་། བསམ་གཏན་
བཞི་ཐོབ་པ་ནས་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་བར་དུ་ཐོབ་པར་ཤེས་པར་འདོད་པ་ནི་འདོད་པ་ཆེན་པོ་ཞེས་བྱའོ། །འདོད་པའི་འདོད་པ་ཞེས་བྱ་བ་གང་ཞེ་ན། གལ་ཏེ་དགེ་སློང་གང་རྙེད་པ་དང་གྲགས་པའི་ཕྱིར་ཚངས་པའི་ལྷར་སྐྱེ་བར་འདོད་པ་དང་། བདུད་ཀྱི་རིས་དང་། དབང་ཕྱུག་ཆེན་
པོ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་རིགས་དང་། བྲམ་ཟེར་སྐྱེ་ཞིང་དབང་ཐོབ་པར་འདོད་པ་ནི་འདོད་པའི་འདོད་པ་ཞེས་བྱའོ། །གང་འདོད་པ་ངན་པ་གསུམ་པོ་དེས་མི་འཚོ་བ་ནི་འདོད་པ་ཉུང་བ་ཞེས་བྱའོ། །འདོད་པ་ཞེས་བྱ་བ་ནི་སྲིད་པ་ཉི་ཤུ་རྩ་ལྔ་སྟེ། སྲིད་པ་ཉི་ཤུ་རྩ་
ལྔ་པོ་དེ་དག་མེད་པ་ནི་འདོད་པ་ཉུང་བ་ཞེས་བྱའོ། །མ་འོངས་པའི་འདོད་པའི་དངོས་པོ་མི་ཚོལ་བ་ནི་འདོད་པ་ཉུང་བ་སྟེ། རྙེད་ནས་མི་ཆགས་པ་ནི་ཆོག་ཤེས་པ་ཞེས་བྱའོ། །རྙེད་པ་དང་གྲགས་པ་མི་ཚོལ་བ་ནི་འདོད་པ་ཉུང་བའོ། །རྙེད་ནས་མི་སོགས་པ་ནི་ཆོག་ཤེས་པའོ། །རིགས་
ཀྱི་བུ་ཡང་འདོད་པ་ཉུང་བ་ལ་ཆོག་ཤེས་པ་ཞེས་མི་བྱ་བ་ཡོད་དོ། །ཆོག་ཤེས་ལ་འདོད་པ་ཉུང་བ་ཞེས་མི་བྱ་བ་ཡོད་དོ། །འདོད་པ་ཡང་ཉུང་ལ་ཆོག་ཀྱང་ཤེས་པ་ཡོད་དོ། །ཆོག་ཀྱང་མི་ཤེས་ལ་འདོད་པ་ཡང་མང་བ་ཡོད་དེ། དེ་ལ་འདོད་པ་ཉུང་བ་ནི་རྒྱུན་དུ་ཞུགས་པའོ། །ཆོག་ཤེས་པ་
ནི་རང་སངས་རྒྱས་སོ། །འདོད་པ་ཉུང་ཞིང་ཆོག་ཤེས་པ་ནི་དགྲ་བཅོམ་པའོ། །འདོད་པ་ཉུང་བ་ཡང་མ་ཡིན་ལ་ཆོག་ཀྱང་མི་ཤེས་པ་ནི་བྱང་ཆུབ་སེམས་དཔའ་དག་གོ། །རིགས་ཀྱི་བུ་འདོད་པ་ཉུང་ཞིང་ཆོག་ཤེས་པ་ལ་ཡང་རྣམ་པ་གཉིས་ཏེ། དགེ་བ་དང་། མི་དགེ་བའོ། །དེ་ལ་མི་དགེ་
བ་ནི་བུས་པ་སོ་སོའི་སྐྱེ་བོ་རྣམས་སོ། །དགེ་བ་ནི་འཕགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འཕགས་པ་ཐམས་ཅད་ནི་ལམ་དང་འབྲས་བུ་ཐོབ་ཀྱང་བདག་འཐོབ་པོ་ཞེས་མི་བརྗོད་དོ། །དེ་ལྟར་མི་བརྗོད་པའི་ཕྱིར་སེམས་མི་འཁྲུག་སྟེ། དེ་ནི་ཆོག་ཤེས་པ་ཞེས་བྱའོ། །རིགས་
Vol. 53 · folio 92b
ཀྱི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྒོམ་ཞིང་སངས་རྒྱས་ཀྱི་རང་བཞིན་མཐོང་བར་འདོད་ན། འདོད་པ་ཉུང་བ་དང་ཆོག་ཤེས་པ་ལ་ནན་ཏན་བྱའོ། །དེ་ལ་རབ་ཏུ་ཞི་བ་གང་ཞེ་ན། ཞི་བ་ལ་རྣམ་པ་གཉིས་ཏེ། སེམས་
ཞི་བ་དང་། ལུས་ཞི་བའོ། །དེ་ལ་ལུས་ཞི་བ་ནི་ནམས་ཀྱང་ལུས་ཀྱི་མི་དགེ་བ་རྣམ་པ་གསུམ་མི་བྱེད་པའོ། །སེམས་ཞི་བ་ནི་ཡིད་ཀྱི་མི་དགེ་བ་རྣམ་པ་གསུམ་མི་བྱེད་པ་སྟེ། དེ་ནི་ལུས་དང་སེམས་ཞི་བ་ཞེས་བྱའོ། །ཡང་ལུས་ཞི་བ་ཞེས་བྱ་བ་ནི་འཁོར་རྣམ་བཞི་ལ་མི་སྟེན་ཏེ། འཁོར་རྣམ་
བཞིས་བྱེད་པའི་ལས་ཀྱི་དངོས་པོ་ལ་མི་ཆགས་པའོ། །སེམས་ཞི་བ་ནི་ནམ་དུ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་མི་གོས་པ་སྟེ། དེ་ནི་ལུས་དང་སེམས་ཞི་བ་ཞེས་བྱའོ། །དགེ་སློང་ལ་ལ་ནི་ལུས་ཞི་ཡང་སེམས་མ་ཞི། ལ་ལ་ནི་སེམས་ཞི་ཡང་ལུས་མ་ཞི། ལ་
ལ་ནི་ལུས་དང་སེམས་གཉིས་ཀ་ཞི། ལ་ལ་ནི་ལུས་དང་སེམས་གཉིས་ཀ་མ་ཞི་བ་ཡང་ཡོད་དོ། །དེ་ལ་ལུས་ཞི་ལ་སེམས་མ་ཞི་བ་ནི་དགེ་སློང་གང་ཞིག་བས་མཐར་བསམ་གཏན་བྱེད་དེ། འཁོར་རྣམ་བཞི་སྤངས་ཀྱང་། སེམས་ནི་རྟག་ཏུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་
སེམས་པ་ནི་ལུས་ཞི་ལ་སེམས་མ་ཞི་བ་ཞེས་བྱའོ། །དེ་ལ་ལུས་མ་ཞི་ལ་སེམས་ཞི་བ་ཞེས་བྱ་བ་ནི་དགེ་སློང་གང་ཞིག་འཁོར་རྣམ་བཞི་དང་རྒྱལ་པོ་དང་བློན་པོ་ལ་བསྙེན་ཅིང་བརྟེན་ཀྱང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཡོངས་སུ་བཅད་པ་ནི་སེམས་ཞི་ལ་ལུས་མ་
ཞི་བ་ཞེས་བྱའོ། །དེ་ལ་ལུས་དང་སེམས་གཉིས་ཀ་ཞི་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ལུས་དང་སེམས་གཉིས་ཀ་མ་ཞི་བ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་རྣམས་སོ། །དེ་ཅིའི་ཕྱིར་ཞེ་ན། བུས་པ་མ་རབས་སོ་སོའི་སྐྱེ་བོ་ནི་ལུས་དང་སེམས་ཞི་ཡང་མི་རྟག་པ་
དང་། བདེ་བ་མེད་པ་དང་། བདག་མེད་པ་དང་། ཡོངས་སུ་དག་པ་མེད་པ་ལ་ཤིན་ཏུ་རྟོག་མི་ནུས་ཏེ། དོན་དེ་བས་ན་བུས་པ་མ་རབས་སོ་སོའི་སྐྱེ་བོ་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྤྱོད་མི་ནུས་སོ། །ལོག་སྲེད་ཅན་དང་། རྩ་བ་བཞི་ཉམས་པ་དང་། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་
Vol. 53 · folio 93a
བ་བྱས་པ་དེ་ལྟ་བུ་དག་ཀྱང་ལུས་དང་སེམས་ཞི་བ་ཞེས་མི་བྱའོ། །དེ་ལ་བརྩོན་འགྲུས་ཞེས་བྱ་བ་གང་ཞེ་ན། དགེ་སློང་གང་ཞིག་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པར་འདོད་པས་མི་དགེ་བའི་ལས་ཐམས་ཅད་སྤོང་ཞིང་དགེ་བའི་ལས་ཐམས་ཅད་སྒོམ་པ་ནི་
བརྩོན་འགྲུས་ཞེས་བྱ་སྟེ། དེ་ལྟར་བརྩོན་འགྲུས་དེ་ཡང་དྲན་པ་ཉེ་བར་གཞག་པ་དྲུག་ལ་གནས་སོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། སྦྱིན་པ་དང་། ལྷ་དྲན་པ་སྟེ། དེ་ནི་ཡང་དག་པའི་དྲན་པ་ཉེ་བར་གཞག་
པའོ། །ཡང་དག་པའི་དྲན་པ་ཉེ་བར་གཞག་པ་དང་ལྡན་པས་ཏིང་ངེ་འཛིན་ཐོབ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །ཡང་དག་པའི་ཏིང་ངེ་འཛིན་ཐོབ་པ་དེས་ཆོས་ཐམས་ཅད་ལ་ནི་ནམ་མཁའ་བཞིན་དུ་རྟོགས་པ་ནི་ཡང་དག་པའི་ཤེས་རབ་ཅེས་བྱའོ། །ཡང་དག་པའི་ཤེས་རབ་
དང་ལྡན་པས་ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །རྣམ་པར་གྲོལ་བ་ཐོབ་པ་དེས་སེམས་ཅན་ཐམས་ཅད་ལ་རྣམ་པར་གྲོལ་བའི་ཡོན་ཏན་བསྔགས་ཤིང་རྣམ་པར་གྲོལ་བ་ནི་རྟག་པ་མི་འགྱུར་མི་འཕོ་བའོ། །ཞེས་བརྗོད་པ་ནི་རྣམ་པར་གྲོལ་བའི་ཡོན་ཏན་
བསྔགས་པ་ཞེས་བྱ་སྟེ། རྣམ་པར་གྲོལ་བ་ནི་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །ཡང་མྱ་ངན་ལས་འདས་པ་ཆེན་པོ་ནི་ཀུན་ནས་ཉོན་མོངས་པའི་མེ་ཞི་བར་བྱེད་པའོ། །ཡང་མྱ་ངན་ལས་འདས་པ་ནི་རྟེན་དང་གནས་ཞེས་ཀྱང་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་
པའི་རླུང་དྲག་པོ་དང་ཆར་པའི་སྐྱབས་སུ་གྱུར་པའི་ཕྱིར་རོ། །ཡང་མྱ་ངན་ལས་འདས་པ་ནི་མགོན་དང་སྐྱབས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིགས་པ་ཐམས་ཅད་ལས་འདའ་བར་བྱེད་པའི་ཕྱིར་རོ། །ཡང་མྱ་ངན་ལས་འདས་པ་ནི་གླིང་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འོད་པ་ཆེན་
པོ་བཞིས་གཡེང་མི་ནུས་པའི་ཕྱིར་རོ། །འོད་པ་བཞི་གང་ཞེ་ན། འདོད་པའི་འོད་པ་དང་། སྲིད་པའི་འོད་པ་དང་། ལྟ་བའི་འོད་པ་དང་། མ་རིག་པའི་འོད་པ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་ལ་གླིང་ཞེས་བྱའོ། །ཡང་མྱ་ངན་ལས་འདས་པ་ནི་མཐར་སྐྱབས་སུ་འགྲོ་བ་ཞེས་བྱའོ། །
Vol. 53 · folio 93b
དེ་ཅིའི་ཕྱིར་ཞེ་ན། མཐར་བདེ་བ་ཐམས་ཅད་འཐོབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཆོས་རྣམ་པ་དེ་བཅུ་དང་ལྡན་ཡང་སངས་རྒྱས་ཀྱི་རང་བཞིན་གསལ་བར་མི་མཐོང་ངོ་། །གཞན་ཡང་རིགས་ཀྱི་བུ་རབ་ཏུ་བྱུང་བ་ལ་རྣམ་པ་བཞི་ཡོད་པས་དགེ་
སྦྱོང་གི་འབྲས་བུ་རྣམ་པ་བཞི་མི་འཐོབ་བོ། །བཞི་གང་ཞེ་ན། འདོད་པ་ངན་པ་བཞི་སྟེ། གོས་ཀྱི་འདོད་པ་དང་། ཟས་ཀྱི་འདོད་པ་དང་། མལ་ཆའི་འདོད་པ་དང་། སྲིད་པའི་འདོད་པ་དང་། དེ་ནི་འདོད་པ་ངན་པ་བཞི་སྟེ། རབ་ཏུ་བྱུང་བའི་ནད་དོ། །དེ་ལ་སྨན་བཟང་པོ་རྣམ་པ་བཞིས་
ནད་དེ་གསོ་ནུས་སོ། །གང་ཞེ་ན། གོས་ཕྱག་དར་ཁྲོད་པས་ནི་དགེ་སློང་གི་གོས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། །བསོད་སྙོམས་ཀྱིས་ནི་ཟས་ཀྱི་འདོད་པ་ངན་པ་གསོ་བར་བྱེད་དོ། །ཤིང་དྲུང་བས་ནི་མལ་ཆའི་འདོད་པ་ངན་པ་གསོ་བར་བྱེད་དོ། །ལུས་དང་སེམས་ཞི་བས་ནི་དགེ་སློང་
གི་སྲིད་པའི་འདོད་པ་ངན་པ་གསོ་བར་བྱེད་དོ། །སྨན་རྣམ་པ་དེ་བཞིས་ནད་རྣམ་པ་དེ་བཞི་མེད་པར་བྱེད་པས་དེ་ནི་འཕགས་པའི་སྤྱོད་པ་ཞེས་བྱའོ། །དེ་ལྟར་འཕགས་པའི་སྤྱོད་པ་ནི་འདོད་པ་ཉུང་ཞིང་ཆོག་ཤེས་པ་ཞེས་བྱའོ། །ཞི་བ་ལ་བདེ་བ་རྣམ་བཞི་ཡོད་དོ། །བཞི་གང་ཞེ་ན། རབ་ཏུ་
བྱུང་བའི་བདེ་བ་དང་། ཞི་བའི་བདེ་བ་དང་། འགོག་པའི་བདེ་བ་དང་། མཐར་ཕྱིན་པའི་བདེ་བའོ། །བདེ་བ་རྣམ་པ་འདི་བཞི་ཐོབ་པ་ནི་ཞི་བ་ཞེས་བྱའོ། །བརྩོན་འགྲུས་བཞི་དང་ལྡན་པའི་ཕྱིར་བརྩོན་འགྲུས་ཞེས་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་དང་ལྡན་པའི་ཕྱིར་ཡང་དག་པའི་
ཕྱིར་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ། །བསམ་གཏན་བཞི་དང་ལྡན་པའི་ཕྱིར་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ། །འཕགས་པའི་བདེན་པ་བཞི་མཐོང་བའི་ཕྱིར་ཡང་དག་པའི་ཤེས་རབ་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཅད་པའི་ཕྱིར་རྣམ་པར་གྲོལ་བ་ཞེས་
བྱའོ། །ཉོན་མོངས་པའི་སྐྱོན་ཐམས་ཅད་སྨོད་པའི་ཕྱིར་རྣམ་པར་གྲོལ་བ་བསྔགས་པ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཅུ་པོ་དང་ལྡན་ཏེ་དེ་ལ་གནས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །གཞན་ཡང་རིགས་
Vol. 53 · folio 94a
ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མདོ་སྡེ་འདི་ཐོས་ནས་ཉེ་བར་བསྙེན་ཅིང་ནན་ཏན་བྱེད་དེ། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་སྤོང་བ་ནི་འདོད་པ་ཉུང་བ་ཞེས་བྱའོ། །རབ་ཏུ་བྱུང་ནས་འགྱོད་པའི་སེམས་མི་སྐྱེ་བ་ནི་ཆོག་ཤེས་པ་ཞེས་བྱའོ། །ཆོག་
ཤེས་ནས་དབེན་པར་གནས་ཏེ་འདུ་འཛི་སྤོང་བ་ནི་ཞི་བ་ཞེས་བྱའོ། །ཆོག་མི་ཤེས་པ་ནི་དབེན་པ་ལ་མི་དགའོ། །ཆོག་ཤེས་པ་ནི་རྟག་ཏུ་དབེན་པ་ཞི་བ་ལ་དགའ་སྟེ། དབེན་པ་ཞི་བའི་གནས་སུ་རྟག་ཏུ་འདི་སྙམ་དུ་འཇིག་རྟེན་པ་ཐམས་ཅད་ཀྱིས་བདག་དགེ་སྦྱོང་གི་འབྲས་བུ་ཐོབ་པ་
ཡིན་པར་འཛིན་ཏེ། བདག་གིས་ནི་ཡང་དག་པར་མ་ཐོབ་ན་བདག་གིས་ཅིའི་ཕྱིར་གཞན་ལ་སླུ་བར་བྱེད་སྙམ་སེམས་སོ། །དེ་སྙམ་དུ་བསམས་ནས་བརྩོན་འགྲུས་སུ་དགེ་སྦྱོང་གི་ལམ་གྱི་འབྲས་བུ་སྒོམ་པ་ནི་བརྩོན་འགྲུས་ཞེས་བྱའོ། །མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་ཅིང་
སྒོམ་པ་ནི་ཡང་དག་པའི་དྲན་པ་ཉེ་བར་གཞག་པའོ། །ལྷའི་སྤྱོད་པ་དང་གཞོལ་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་དེ་ལ་གནས་ནས་ཡང་དག་པར་མཐོང་ཞིང་ཡང་དག་པ་ཤེས་པ་ནི་ཡང་དག་པའི་ཤེས་རབ་བོ། །ཡང་དག་པ་མཐོང་ཞིང་ཤེས་པས་ཀུན་ནས་
ཉོན་མོངས་པས་བཅིངས་པ་དང་བྲལ་བར་གྱུར་པ་ནི་རྣམ་པར་གྲོལ་བའོ། །ས་བཅུ་པའི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཕྱིར་མྱ་ངན་ལས་འདས་པའི་ཡོན་ཏན་སྒྲོགས་པ་ནི་རྣམ་པར་གྲོལ་བ་བསྔགས་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
ཆོས་བཅུ་པོ་དེ་ལ་གནས་པ་དེ་དང་ལྡན་ཏེ། སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །གཞན་ཡང་རིགས་ཀྱི་བུ་འདོད་པ་ཉུང་བ་ནི་གལ་ཏེ་དགེ་སློང་གང་དབེན་པར་གནས་ཏེ་ཅོག་པུར་འདུག་ཅིང་མི་ཉལ་ལམ། ཤིང་དྲུང་ན་གནས་སམ། དུར་ཁྲོད་ན་གནས་
སམ། བླ་གབ་མེད་པའི་གནས་སུ་གནས་སམ། གང་ན་རྩྭ་ཡོད་པའི་སྟེང་དུ་འདུག་ཅིང་བསོད་སྙོམས་བྱེད་དེ། ཅི་སྙེད་པས་ཆོག་པར་འཛིན་ཏམ། སྟན་གཅིག་པའམ། ཟས་གཅིག་ལས་མི་འདའ་བའམ། ཆོས་གོས་གསུམ་པའམ། ཕྱག་དར་ཁྲོད་པ་འབའ་ཞིག་འཆང་
Vol. 53 · folio 94b
པ་ནི་འདོད་པ་ཉུང་བའོ། །དེ་ལྟར་སྤྱད་པ་སྤྱོད་པ་ན་འགྱོད་པའི་སེམས་མི་སྐྱེ་བ་ནི་ཆོག་ཤེས་པའོ། །དབེན་པར་ཏིང་ངེ་འཛིན་སྒོམ་པ་ནི་ཞི་བའོ། །འབྲས་བུ་བཞི་པ་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མ་བཏང་བ་ནི་བརྩོན་འགྲུས་སོ། །སེམས་
རྩེ་གཅིག་ཏུ་དེ་བཞིན་གཤེགས་པ་རྟག་པ་མི་འགྱུར་མི་འཕོ་བ་ཡིད་ལ་བྱེད་པ་ནི་ཡང་དག་པའི་དྲན་པ་ཉེ་བར་གཞག་པའོ། །རྣམ་པར་གྲོལ་བ་བརྒྱད་སྒོམ་པ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །སོ་སོ་ཡང་དག་པར་ཤེས་པ་བཞི་ཐོབ་པ་ནི་ཡང་དག་པའི་ཤེས་རབ་བོ། །ཟབ་པ་བདུན་
དང་བྲལ་བ་ནི་རྣམ་པར་གྲོལ་བའོ། །མྱ་ངན་ལས་འདས་པ་ལ་མཚན་མ་བཅུ་མེད་དོ་ཞེས་ཡོན་ཏན་བསྔགས་པ་ནི་རྣམ་པར་གྲོལ་བ་བསྔགས་པའོ། །མཚན་ཉིད་བཅུ་གང་ཞེ་ན། འདི་ལྟ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། གཟུགས་དང་། སྒྲ་དང་། དྲི་དང་།
རོ་དང་། རེག་བྱ་དང་། མི་རྟག་པ་སྟེ། མཚན་ཉིད་བཅུ་པོ་འདི་དག་དང་བྲལ་བ་ནི་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཆོས་བཅུ་པོ་དང་ལྡན་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །གཞན་ཡང་
རིགས་ཀྱི་བུ་རྙེད་པ་དང་གྲགས་པ་མང་དུ་འདོད་པས་ནི་རྒྱལ་པོ་དང་། བློན་པོ་དང་། རྒྱལ་རིགས་དང་། བྲམ་ཟེ་དང་། གདོལ་རིགས་དང་། རྗེའུ་རིགས་ལ་བསྙེན་ཅིང་འདི་སྐད་དུ་བདག་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་བོ་ཞེས་སྨྲ་བ་དང་། རྙེད་
པ་དང་གྲགས་པའི་ཕྱིར་སྤྱོད་ལམ་བཞི་དང་། བཤང་གཅི་ཆེ་ཆུང་གི་བར་དུ་གལ་ཏེ་ཡོན་བདག་མཐོང་ན། བསྟི་སྟང་བྱེད་ཅིང་བསུ་བ་དང་། གཏམ་བྱེད་དེ། འདོད་པ་ངན་པ་བཅོམ་པ་ནི་འདོད་པ་ཉུང་བའོ། །ཀུན་ནས་ཉོན་མོངས་པ་རྣམས་མ་བྱང་མོད་ཀྱི། དེ་བཞིན་གཤེགས་པའི་
མཛད་པའི་རྗེས་སུ་འཐུན་པར་བྱེད་པ་ནི་ཆོག་ཤེས་པའོ། །རིགས་ཀྱི་བུ་ཆོས་རྣམ་པ་དེ་གཉིས་ནི་དྲན་པ་དང་ཏིང་ངེ་འཛིན་གྱི་ཉེ་བའི་རྒྱུ་དང་རྐྱེན་ཡིན་ནོ། །དེ་ལ་མཁན་པོ་དང་སློབ་དཔོན་གཅིག་པ་རྣམས་ཀྱིས་རྟག་ཏུ་བསྔགས་པར་འགྱུར་རོ། །ངས་ཀྱང་རྟག་ཏུ་མདོ་སྡེ་ཀུན་ལས་ཆོས་
Vol. 53 · folio 95a
རྣམ་པ་དེ་གཉིས་ཀྱི་ཡོན་ཏན་ཡོངས་སུ་བསྔགས་སོ། །དེ་ལ་གང་ཆོས་རྣམ་པ་དེ་གཉིས་དང་ལྡན་པ་ནི་མྱ་ངན་ལས་འདས་པ་ཆེན་པོའི་སྒོ་དང་། བདེ་བ་རྣམ་པ་ལྔ་དང་ཉེ་བར་གྱུར་པ་ཡིན་ཏེ། དེ་ནི་ཞི་བའོ། །ཚུལ་ཁྲིམས་སྡོམ་པ་ནི་བརྩོན་འགྲུས་སོ། །
ཁྲེལ་བ་དང་འཛེམ་པ་ཡོད་པ་ནི་ཡང་དག་པའི་དྲན་པའོ། །སེམས་ཀྱི་མཚན་ཉིད་མི་མཐོང་བ་ནི་ཡང་དག་པའི་ཏིང་ངེ་འཛིན་ཏོ། །ཆོས་རྣམས་ཀྱི་རང་བཞིན་དང་མཚན་ཉིད་ཀྱི་རྒྱུ་མི་ཚོལ་བ་ནི་ཡང་དག་པའི་ཤེས་རབ་བོ། །མཚན་ཉིད་མེད་པས་ཉོན་མོངས་པ་ཡོངས་སུ་ཆོད་པ་ནི་རྣམ་
པར་གྲོལ་བའོ། །ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་བསྔགས་པ་ནི་རྣམ་པར་གྲོལ་བ་ལ་བསྟོད་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པ་བཅུ་པོ་དེ་ལ་གནས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ཏོ། །
རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་དྲིས་པ་ལྟར་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཇི་ལྟ་བུའི་མིག་གིས་སངས་རྒྱས་ཀྱི་རང་བཞིན་མཐོང་མོད་ཀྱི་གསལ་བར་མ་གྱུར་ལ། སངས་རྒྱས་བཅོམ་ལྡན་འདས་ནི་ཇི་ལྟ་བུའི་སྤྱན་གྱིས་གསལ་བར་གཟིགས་པར་གྱུར་ཅེས་བྱ་བ་ནི་རིགས་ཀྱི་བུ་ཤེས་རབ་ཀྱི་
མིག་གིས་མཐོང་བ་ནི་མི་གསལ་བའོ། །སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ནི་གསལ་བའོ། །བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ནི་མི་གསལ་བའོ། །སྤྱོད་པ་མེད་པ་ནི་གསལ་བའོ། །ས་བཅུ་ལ་གནས་པའི་ཕྱིར་མཐོང་མོད་ཀྱི་མི་གསལ་བའོ། །མི་གནས་མི་འགྲོ་བའི་ཕྱིར་གསལ་བར་གྱུར་ཏོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་རྐྱེན་གྱིས་མཐོང་བ་ནི་མི་གསལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྒྱུ་དང་འབྲས་བུ་བཅད་པས་གསལ་བར་གཟིགས་ཏེ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ས་བཅུ་པ་ནི་ཐམས་
ཅད་མཁྱེན་པ་ཞེས་མི་བྱ་བས་མཐོང་ཡང་གསལ་བར་མ་གྱུར་ཏོ། །རིགས་ཀྱི་བུ་མཐོང་བ་ལ་རྣམ་པ་གཉིས་ཏེ། མིག་གིས་མཐོང་བ་དང་ཐོས་པས་མཐོང་བའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སངས་རྒྱས་ཀྱི་རང་བཞིན་སྤྱན་གྱིས་གཟིགས་ཏེ། ཇི་ལྟར་ལག་མཐིལ་ན་ཨ་མྲའི་འབྲས་
Vol. 53 · folio 95b
བུ་ལྟ་བ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ས་བཅུ་པས་སངས་རྒྱས་ཀྱི་རང་བཞིན་ཐོས་པས་མཐོང་བའི་ཕྱིར་གསལ་བར་མ་གྱུར་ཏེ། བྱང་ཆུབ་སེམས་དཔའ་ས་བཅུ་པས་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤེས་མོད་ཀྱི། སེམས་ཅན་ཐམས་
ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་ཤེས་སོ། །རིགས་ཀྱི་བུ་གཞན་ཡང་མིག་གིས་མཐོང་བ་ནི་སངས་རྒྱས་བཅོམ་ལྡན་འདས་དང་། ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བའོ། །གཞན་ཡང་ཐོས་པས་མཐོང་བ་ནི་སེམས་ཅན་
ཐམས་ཅད་དང་ས་དགུ་པ་མན་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་མཐོང་བ་སྟེ། བྱང་ཆུབ་སེམས་དཔས་གལ་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཐོས་ནས་དད་པའི་སེམས་མི་སྐྱེ་ན་དེ་ནི་ཐོས་པས་མཐོང་བ་ཞེས་མི་བྱའོ། །རིགས་ཀྱི་བུ་གལ་ཏེ་རིགས་ཀྱི་བུ་
འམ་རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་མཐོང་བར་འདོད་ན་མདོ་སྡེ་བཅུ་གཉིས་འཆང་བ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། བྲི་བ་དང་། དགྲོལ་ཞིང་འཆད་པ་དང་། ཡོངས་སུ་སྒོམ་པར་བྱེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་
སྒྲས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་སེམས་ཀྱི་མཚན་ཉིད་མི་འཚལ་ན་ཇི་ལྟར་བརྟགས་པས་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱིས་ཡང་དག་པར་དེ་བཞིན་
གཤེགས་པའི་སེམས་ཀྱི་མཚན་ཉིད་མི་ཤེས་པ་གལ་ཏེ་རྟོགས་ཤིང་ཤེས་པར་འདོད་ན་དེ་ལ་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ཤེས་པར་འགྱུར་རོ། །གང་ཞེ་ན། མིག་གིས་མཐོང་བ་དང་། ཐོས་པས་མཐོང་བའོ། །དེ་ལ་དེ་བཞིན་གཤེགས་པའི་སྐུའི་ལས་ཇི་སྙེད་པ་ཐམས་ཅད་
མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་ཏེ་མིག་གིས་མཐོང་བ་ཞེས་བྱའོ། །གལ་ཏེ་དེ་བཞིན་གཤེགས་པའི་ངག་གི་ལས་རྟོགས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བ་ཞེས་བྱའོ། །གང་གཟུགས་དང་དབྱིབས་སེམས་ཅན་ཐམས་ཅད་དང་
Vol. 53 · folio 96a
མཚུངས་པ་མེད་པར་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བའོ། །གང་གསུང་དབྱངས་དམ་པ་མཆོག་ཏུ་འགྱུར་བ་སེམས་ཅན་གྱི་སྒྲ་དབྱངས་དང་མི་མཚུངས་པ་ཐོས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་
སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་དེ་བཞིན་གཤེགས་པས་རྫུ་འཕྲུལ་མཛད་པ་རྣམས་སེམས་ཅན་གྱི་ཕྱིར་རམ། རྙེད་པ་དང་གྲགས་པའི་ཕྱིར་མཛད་སྙམ་བརྟགས་ཏེ། དེ་ནི་སེམས་ཅན་གྱི་ཕྱིར་མཛད་ཀྱི། རྙེད་པ་དང་གྲགས་པའི་ཕྱིར་མ་ཡིན་པར་མཐོང་བ་ནི་དེ་བཞིན་གཤེགས་པ་
ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བའོ། །གང་དེ་བཞིན་གཤེགས་པའི་གཞན་གྱི་སེམས་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་ལ་དགོངས་པ་ན་རྙེད་པ་དང་གྲགས་པའི་ཕྱིར་ཆོས་སྟོན་ཏམ། སེམས་ཅན་གྱི་ཕྱིར་ཆོས་སྟོན་སྙམ་དུ་བརྟགས་ཏེ། དེ་ནི་སེམས་ཅན་གྱི་
ཕྱིར་ཡིན་གྱི་རྙེད་པ་དང་གྲགས་པའི་ཕྱིར་མ་ཡིན་པར་མཐོང་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་དེ་བཞིན་གཤེགས་པས་ཇི་ལྟར་སྐུ་འདི་མངའ་བར་གྱུར། ཅིའི་ཕྱིར་སྐུ་འདི་བཞེས་པར་གྱུར། སུའི་ཕྱིར་སྐུ་འདི་བཞེས་པ་རྟོགས་པ་ནི་མིག་
གིས་མཐོང་བའོ། །གང་དེ་བཞིན་གཤེགས་པ་ཇི་ལྟར་ཆོས་འཆད། ཅིའི་ཕྱིར་ཆོས་འཆད། སུ་ལ་ཆོས་འཆད་པ་རྟོགས་པ་ནི་ཐོས་པས་མཐོང་བའོ། །ལུས་ཀྱི་ལས་མི་དགེ་བས་རྣམ་པར་གཙེས་ཀྱང་མི་ཁྲོ་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་
བའོ། །ངག་གི་ལས་མི་དགེ་བས་རྣམ་པར་གཙེས་ཀྱང་མི་ཁྲོ་བ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱ་སྟེ། དེ་ནི་ཐོས་པས་མཐོང་བའོ། །གང་གི་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་ནས་ཕྱོགས་བཅུར་གོམ་པ་བདུན་བདུན་བོར་ཏེ། གནོད་སྦྱིན་གྱི་རྒྱལ་པོ་མ་ནི་བར་ཏ་ན་
དང་། པུར་ན་བར་ཏ་ཞེས་བྱ་བས་གདུགས་དང་བ་དན་དག་ཐོགས་ཏེ་མཆོད་པ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་མཐའ་ཡས་པ་སྙེད་བསྐུལ་ནས་གསེར་ལྟ་བུའི་འོད་ལྷང་ངེ་ལྷམ་མེར་ནམ་མཁའ་སྟོང་པར་གང་བ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་བསྙེན་དགའ་བོས་རྫུ་འཕྲུལ་གྱི་
Vol. 53 · folio 96b
སྟོབས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་བསིལ་བ་དང་། འཇིག་རྟེན་གྱི་ལྷའི་གཟུགས་རྣམས་ཀྱིས་བསུས་ཤིང་ཕྱག་བྱས་པ་དང་། དྲང་སྲོང་ཨ་སི་ཏས་ཐལ་མོ་སྦྱར་ཏེ། བསྟི་སྟང་བྱས་པ་དང་། གཞོན་དར་ལ་བབ་པར་འདོད་པ་མཆིལ་མ་བཞིན་དུ་སྤངས་པ་དང་། འཇིག་
རྟེན་གྱི་དགའ་བས་བསླུ་བར་མ་གྱུར་པ་དང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་བས་མཐར་ལམ་སྒོམ་པ་ལ་དགའ་བ་དང་། ངན་པར་ལྟ་བ་གཞིག་པའི་ཕྱིར་ལོ་དྲུག་དཀའ་བ་སྤྱད་པ་དང་། སེམས་ཅན་ཐམས་ཅད་ལ་གཉིས་སུ་མེད་པར་མཉམ་ཞིང་སྙོམས་པ་དང་། སེམས་རྟག་
ཏུ་ཏིང་ངེ་འཛིན་ལ་གནས་ཏེ་ཐོག་མ་ནས་མ་འཁྲུགས་པ་དང་། གཡེང་བ་མེད་པ་དང་། མཚན་དང་དཔེ་བྱད་བཟང་པོས་སྐུ་རབ་ཏུ་བརྒྱན་པ་དང་། གང་ནས་གང་དུ་གཤེགས་པའི་གནས་ན་ཤང་ཤོང་དང་། གྲག་གྲོག་མཉམ་པོར་གྱུར་པ་དང་། སྐུ་ལ་ན་བཟའ་སོར་བཞིས་མ་རེག་ཀྱང་མི་ལྟུང་
བ་དང་། གཤེགས་པ་ན་སྤྱན་ཐད་ཀར་གཟིགས་ཏེ་གཡས་གཡོན་དུ་མི་གཟིགས་པ་དང་། ཞལ་དུ་གསོལ་བའི་རྣམས་རྩིང་པོར་མི་མིད་པ་དང་། བཞུགས་པ་ལས་བཞེངས་པའི་གནས་ཀྱི་རྩྭ་མི་འགུལ་མི་འཁྲུག་པ་དང་། སེམས་ཅན་གདུལ་བའི་ཕྱིར་ཆོས་སྟོན་དུ་གཤེགས་
ཀྱང་དྲེགས་པའི་སེམས་མེད་པར་མཐོང་བ་ནི་མིག་གིས་མཐོང་བའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་གོམ་པ་བདུན་བོར་ནས་འདི་སྐད་དུ་བདག་གི་ལུས་འདི་ནི་ནང་གི་ཐ་མའོ་ཞེས་སྨྲས་པ་དང་། དྲང་སྲོང་ཨ་སི་ཏས་ཐལ་མོ་སྦྱར་ཏེ། འདི་སྐད་དུ་རྒྱལ་པོ་ཆེན་པོ་འདི་ལྟར་རིག་པར་གྱིས་ཤིག །
རྒྱལ་བུ་དོན་གྲུབ་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་གྱི་ཁྱིམ་ན་གནས་ཤིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མཚན་གསལ་བའི་ཕྱིར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་མཚན་ནི་གསལ་བ་མ་ཡིན་ཏེ།
རྒྱལ་བུ་དོན་གྲུབ་ཀྱི་མཚན་ནི་ཤིན་ཏུ་གསལ་བས་ན་གདོན་མི་འཚལ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ་ཞེས་སྨྲ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་མཐོང་ནས་ཡང་འདི་སྐད་དུ་སེམས་ཅན་ཐམས་ཅད་ནི་ཤིན་ཏུ་བརྩེ་བ་ཅན་ཏེ། རྟག་ཏུ་སྐྱེ་
Vol. 53 · folio 97a
བ་དང་། རྒ་བ་དང་། ན་བ་དང་། འཆི་བ་འདི་ལྟ་བུ་དང་འགྲོགས་ཏེ་མ་རྟོགས་པས་རྟག་ཏུ་སྡུག་བསྔལ་སྤྱོད་དེ། ངས་བཅད་པར་བྱའོ་ཞེས་དྲང་སྲོང་ཨ་ལ་ལ་ཞེས་བྱ་བ་ལྔ་མངོན་པར་ཤེས་པ་ལས་འདུ་ཤེས་མེད་པའི་བསམ་གཏན་བསླབས་ཏེ་གྲུབ་ནས་ཕྱིས་
སྐྱོན་དུ་མཐོང་ངོ་། །དེ་ནས་ཡང་དྲང་སྲོང་ཨུ་ད་ཀ་ཞེས་བྱ་བ་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བསམ་གཏན་བསླབས་ཏེ་གྲུབ་ནས་དེ་ཡང་མྱ་ངན་ལས་འདས་པ་མ་ཡིན་གྱི་འཁོར་བའི་ཆོས་སུ་རྟོགས་ནས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་ཀྱང་ཅི་ཡང་ཐོབ་པ་མེད་པས་འདི་སྐད་དུ་དཀའ་
བ་འདི་སྤྱད་ཀྱང་དོན་མེད་དེ། ཅི་ཡང་ཐོབ་པ་མེད་དོ། །གལ་ཏེ་ཡང་དག་པ་ཞིག་ཡིན་ན་བདག་གིས་ཐོབ་པའི་རིགས་ན། ཡང་དག་པ་མ་ཡིན་པས་བདག་གིས་ཅི་ཡང་མ་ཐོབ་པ་ལས་བལྟས་ན་འདི་ནི་ལོག་པར་ལྟ་བའི་ལམ་ཡིན་གྱི། ཡང་དག་པའི་ལམ་མ་ཡིན་ནོ་ཞེས་སྨྲས་པ་དང་།
མངོན་པར་བྱང་ཆུབ་ནས་ཚངས་པའི་རྒྱལ་པོས་འདི་སྐད་ཅེས་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་བླ་ན་མེད་པའི་ཟིལ་དངར་གྱིས་ཆོས་ཀྱི་སྒོ་མོ་རྒྱས་པར་དབྱེ་བར་ཅི་གནང་ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
སེམས་ཅན་ཐམས་ཅད་ནི་ཉོན་མོངས་པའི་སྒྲིབ་པས་རྟག་ཏུ་བསྒྲིབས་པའི་ཕྱིར་ངའི་དམ་པའི་ཆོས་ཀྱི་ཚིག་འཛིན་མི་ནུས་སོ། །ཚངས་པའི་རྒྱལ་པོས་ཡང་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་རྣམ་པ་གསུམ་སྟེ། དབང་པོ་རྣོ་བ་དང་། དབང་པོ་འབྲིང་དང་། དབང་པོ་རྟུལ་པོ་
སྟེ། དབང་པོ་རྣོན་པོ་རྣམས་ཀྱིས་རྗེས་སུ་འཛིན་ནུས་ཀྱིས་བསྟན་ཅིང་བཤད་པར་སྨོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཤིན་ཏུ་ཡིད་ལ་བྱས་ཏེ་རྟག་པར་ཉོན་ཅིག་དང་ངས་སེམས་ཅན་ཐམས་ཅད་ལ་ཟིལ་དངར་གྱི་སྒོ་དབྱེ་བར་བྱའོ་ཞེས་བཀའ་སྩལ་ནས་ཡུལ་བཱ་
རཱ་ཎ་སཱིར་དམ་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ་དབུ་མའི་ལམ་བསྟན་ཏོ། །གང་ཞེ་ན། སེམས་ཅན་ཐམས་ཅད་ཀུན་ནས་ཉོན་མོངས་པ་རྣམས་མ་བཅོམ་པ་གཞོམ་མི་ནུས་པ་ཡང་མ་ཡིན། བཅོམ་པ་ཡང་མ་ཡིན། མ་བཅོམ་པ་ཡང་མ་ཡིན་པ་ནི་ལམ་དབུ་མའོ། །སེམས་ཅན་
Vol. 53 · folio 97b
གང་ཡང་མ་བསྒྲལ་ཏེ་མི་སྒྲོལ་བ་ཡང་མ་ཡིན་པ་ནི་ལམ་དབུ་མའོ། །ཐམས་ཅད་འགྲུབ་པ་ཡང་མ་ཡིན། མི་འགྲུབ་པ་ཡང་མ་ཡིན་པ་ནི་ལམ་དབུ་མའོ། །ཅི་དང་ཅི་སྟོན་ཀྱང་བདག་ཉིད་མཁན་པོར་མི་འཛིན་སློབ་མར་མི་འཛིན་པ་ནི་ལམ་དབུ་མའོ། །རྙེད་པའི་ཕྱིར་སྟོན་པ་མ་ཡིན་
ཡང་འབྲས་བུ་མི་འཐོབ་པ་ཡང་མ་ཡིན་པ་ནི་ལམ་དབུ་མའོ། །ཡང་དག་པའི་ཚིག་དང་། བདེན་པའི་ཚིག་དང་། དུས་ལ་བབ་པའི་ཚིག་དང་། དྲང་པོའི་ཚིག་དང་། སྨྲ་བ་ཐམས་ཅད་དོན་མེད་པར་མི་སྨྲ་བ་དེ་ལྟ་བུའི་ཆོས་མཆོག་དམ་པ་རྟོགས་པ་ནི་ཐོས་པས་མཐོང་བའོ། །རིགས་
ཀྱི་བུ་དེ་བཞིན་གཤེགས་པའི་སེམས་ཀྱི་མཚན་ཉིད་ནི་མཐོང་བ་མ་ཡིན་ནོ། །གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པ་མཐོང་བར་འདོད་ན་རྒྱུ་དང་རྐྱེན་རྣམ་པ་གཉིས་ལ་གནས་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་
སྒྲས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལྟར་གོང་དུ་སྐྱེས་བུ་རྣམ་པ་བཞི་ནི་ཨ་མྲའི་འབྲས་བུ་དཔེར་གསུངས་པ་དེ་ལ། གང་ཟག་ལ་ལ་ནི་སྤྱོད་པ་ཕྲ་ལ་སེམས་བདེན་པ་མ་ལགས། ལ་ལ་ནི་སེམས་ཕྲ་ལ་སྤྱོད་པ་བདེན་པ་མ་ལགས། ལ་ལ་ནི་
སེམས་ཕྲ་ལ་སྤྱོད་པ་ཡང་བདེན། ལ་ལ་ནི་སེམས་མི་ཕྲ་ལ་སྤྱོད་པ་ཡང་བདེན་པ་མ་ལགས་ན་དེ་ལ་དང་པོའི་གཉིས་པོ་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་རྣམ་པ་དེ་གཉིས་ལ་གནས་ཀྱང་ཤེས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཨ་མྲའི་འབྲས་བུའི་དཔེ་ལྟར་གང་ཟག་རྣམ་པ་དེ་གཉིས་ནི་ཡང་དག་པར་ན་ཤེས་པར་དཀའོ། །དེ་ལྟར་ཤེས་པར་དཀའ་བའི་ཕྱིར་ངས་མདོ་སྡེ་ལས་ལྷན་ཅིག་གནས་པར་བྱའོ་ཞེས་བཤད་དོ། །ལྷན་ཅིག་གནས་ཀྱང་མི་ཤེས་ན་ཡུན་རིང་དུ་
འགྲོགས་པར་བྱའོ། །ཡུན་དུ་འགྲོགས་ཀྱང་མི་ཤེས་ན་ཤེས་རབ་ཀྱིས་བརྟག་གོ། །ཤེས་རབ་ཀྱིས་ཀྱང་མི་རྟོགས་ན་ཤིན་ཏུ་བརྟག་གོ། །ཤིན་ཏུ་བརྟགས་ན་ཚུལ་ཁྲིམས་འཛིན་པ་དང་། ཚུལ་ཁྲིམས་ཉམས་པ་ཤེས་པར་འགྱུར་རོ། །རིགས་ཀྱི་བུ་ལྷན་ཅིག་གནས་པ་དང་། ཡུན་རིང་དུ་
Vol. 53 · folio 98a
འགྲོགས་པ་དང་། ཤེས་རབ་དང་། རབ་ཏུ་བརྟགས་པ་དང་། རྣམ་པ་དེ་བཞི་དང་ལྡན་ན་ཚུལ་ཁྲིམས་འཛིན་པ་དང་ཚུལ་ཁྲིམས་ཉམས་པར་ཤེས་པར་འགྱུར་རོ། །རིགས་ཀྱི་བུ་ཚུལ་ཁྲིམས་རྣམ་པ་གཉིས་ཏེ། བསྲུང་བ་ལ་ཡང་རྣམ་པ་གཉིས་སོ། །
གང་ཞེ་ན། མཐར་ཕྱིན་པའི་ཚུལ་ཁྲིམས་དང་། མཐར་ཕྱིན་པ་མ་ཡིན་པའོ། །རྒྱུ་དང་རྐྱེན་གྱིས་ཚུལ་ཁྲིམས་འཛིན་པ་ཡང་ཡོད་པས་ན་མཁས་པ་ཤེས་རབ་ཅན་གྱིས་ཚུལ་ཁྲིམས་སྡོམ་པ་དེ་ལ་རྙེད་པ་དང་གྲགས་པའི་ཕྱིར་མཐར་ཕྱིན་པའི་ཚུལ་ཁྲིམས་འཛིན་པར་བརྟག་གོ། །རིགས་
ཀྱི་བུ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ནི་རྒྱུ་དང་རྐྱེན་མེད་པའི་ཕྱིར་མཐར་ཕྱིན་པའི་ཚུལ་ཁྲིམས་ཞེས་བྱའོ། །དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལ་མི་དགེ་བའི་སེམས་ཅན་རྣམས་ཀྱིས་འཚེ་ཞིང་གནོད་པར་བྱེད་ཀྱང་ཞེ་སྡང་གིས་ཐོགས་པར་འགྱུར་བའི་སེམས་མི་སྐྱེ་སྟེ།
དེ་བས་ན་དེ་བཞིན་གཤེགས་པ་ནི་མཐར་ཕྱིན་པའི་ཚུལ་ཁྲིམས་འཛིན་པ་དང་ལྡན་པ་ཞེས་བྱའོ། །རིགས་ཀྱི་བུ་ང་སྔོན་དུས་གཅིག་ན་ཤཱ་རིའི་བུ་ལ་སོགས་པ་ཉེ་གནས་ལྔ་བརྒྱ་དང་བཅས་ཏེ། ཡུལ་དབུས་གྱུར་འཆང་ན་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན་བཞུགས་པ་ལས་ཁྲ་ཞིག་
གིས་ཕུག་རོན་གཅིག་བདས་པ་ལས་ཕུག་རོན་དེ་རབ་ཏུ་སྐྲག་ནས། ཤཱ་རིའི་བུའི་ཕག་ཏུ་གྲིབ་མ་ལ་འདུག་པ་ལས་འོན་ཀྱང་ཆུ་ཤིང་ལྟར་འདར་རོ། །ངའི་གྲིབ་མར་ཕྱིན་པ་དང་ལུས་དང་སེམས་བདེ་བར་གྱུར་ཏེ། འཇིགས་པ་མེད་པར་གྱུར་ཏོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་
འདས་ཀྱི་གྲིབ་མ་ལ་ཡང་དེ་ལྟར་མཐུ་ཡོད་པ་ལས་ན་མཐར་ཕྱིན་པའི་ཚུལ་ཁྲིམས་འཛིན་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་མཐར་ཕྱིན་པ་མ་ཡིན་པའི་ཚུལ་ཁྲིམས་ཀྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱང་མི་ཐོབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས།
གཞན་ཡང་རྣམ་པ་གཉིས་ཏེ། རྙེད་པའི་ཕྱིར་དང་། དམ་པའི་ཆོས་ཀྱི་ཕྱིར་རོ། །དེ་ལ་རྙེད་པའི་ཕྱིར་ཚུལ་ཁྲིམས་དེ་འཛིན་པ་ནི་ཚུལ་ཁྲིམས་དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་ནི་མི་མཐོང་བར་རིག་པར་བྱའོ། །དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་
Vol. 53 · folio 98b
པའི་མཚན་ཐོས་མོད་ཀྱི། ཐོས་པས་མཐོང་བ་ཞེས་མི་བྱའོ། །གང་དམ་པའི་ཆོས་ཀྱི་ཕྱིར་ཚུལ་ཁྲིམས་དེ་འཛིན་པ་ནི་ཚུལ་ཁྲིམས་དེས་སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་མཐོང་བར་རིག་པར་བྱ་སྟེ། དེ་ནི་མིག་གིས་མཐོང་བ་ཞེས་ཀྱང་བྱ་ཐོས་པས་མཐོང་བ་ཞེས་
ཀྱང་བྱའོ། །གཞན་ཡང་རྣམ་པ་གཉིས་ཏེ། རྩ་བ་ཟབ་པས་གདོན་དཀའ་བ་དང་། རྩ་བ་མི་ཟབ་པས་བསྒུལ་སླ་བའོ། །གང་གིས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་སྒོམ་པ་ནི་རྩ་བ་ཟབ་པས་གདོན་དཀའ་ཞེས་བྱའོ། །གང་ཏིང་ངེ་འཛིན་རྣམ་པ་གསུམ་
པོ་ལ་ནན་ཏན་མི་བྱེད་ན་སྒོམ་ཞིང་སྤྱད་དུ་ཟིན་ཀྱང་སྲིད་པ་ཉི་ཤུ་རྩ་ལྔར་འགྱུར་ཏེ། རྩ་བ་བསྒུལ་སླ་བ་ཞེས་བྱའོ།། །།བམ་པོ་སུམ་ཅུ་བདུན་པ། གཞན་ཡང་རྣམ་པ་གཉིས་ཏེ། བདག་གི་ཕྱིར་དང་། སེམས་ཅན་གྱི་ཕྱིར་རོ། །དེ་ལ་སེམས་ཅན་གྱི་ཕྱིར་བྱེད་པ་ནི་
སངས་རྒྱས་ཀྱི་རང་བཞིན་དང་དེ་བཞིན་གཤེགས་པ་མཐོང་ངོ་། །ཚུལ་ཁྲིམས་སྡོམ་པ་ལ་ཡང་རྣམ་པ་གཉིས་ཏེ། རང་བཞིན་གྱིས་སྡོམ་པ་དང་། གཞན་གྱི་རྐྱེན་གྱིས་སྡོམ་པའོ། །དེ་ལ་གང་ཚུལ་ཁྲིམས་མནོས་ནས་སྐྱེ་བ་ཚད་མེད་པའི་བར་དུ་ཉམས་པར་མ་གྱུར་ཏེ། འདི་ལྟར་
ཡུལ་འཁྲུགས་སམ། མི་དགེ་བའི་བཤེས་གཉེན་དང་ཕྲད་དམ། དུས་ངན་པ་དང་ཕྲད་དེ་ཆོས་ངན་པ་ལོག་པ་ཐོས་སམ། ངན་པར་ལྟ་བ་དང་ལྷན་ཅིག་གནས་ཀྱང་དེའི་ཚེ་ཚུལ་ཁྲིམས་མནོས་པའི་ཆོ་ག་མེད་མོད་ཀྱི་ཐོག་མ་ཇི་ལྟར་མནོས་པ་བཞིན་དུ་སྡོམ་ཞིང་ཉམས་པ་མེད་
པ་ནི་རང་བཞིན་གྱིས་སྡོམ་པ་ཞེས་བྱའོ། །གང་མཁན་པོ་དང་དགེ་འདུན་དང་ཕྲད་ནས་གསོལ་བ་དང་བཞིའི་ལས་བྱས་ཏེ་ཚུལ་ཁྲིམས་ཐོབ་པ་ནི། ཚུལ་ཁྲིམས་ཐོབ་པ་དེ་ཡང་མཁན་པོ་དང་། སློབ་དཔོན་དང་། སློབ་པ་གཅིག་པ་དང་། དགེ་བའི་བཤེས་གཉེན་གྱིས་
བཅོས་ཤིང་བསྟན་པའི་རྐྱེན་གྱིས་བྱ་བ་དང་མི་བྱ་བ་ཤེས་ཏེ། ཆོས་མཉན་པ་དང་། འཆད་པ་དང་། ཚུལ་ཐམས་ཅད་དང་ལྡན་པ་ཤེས་པ་ནི་གཞན་གྱི་རྐྱེན་གྱིས་ཚུལ་ཁྲིམས་སྡོམ་པ་ཞེས་བྱའོ། །རིགས་ཀྱི་བུ་རང་བཞིན་གྱིས་སྡོམ་པ་ནི་མིག་གིས་སངས་རྒྱས་ཀྱི་རང་བཞིན་
Vol. 53 · folio 99a
དང་དེ་བཞིན་གཤེགས་པ་མཐོང་སྟེ་ཐོས་པས་མཐོང་བ་ཞེས་ཀྱང་བྱའོ། །ཚུལ་ཁྲིམས་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སོ། །དེ་ལ་ཐོག་མ་སེམས་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཞེས་བྱའོ། །གང་ཀེང་རུས་ལ་རྟོག་པ་ནས་དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་པ་ནི་ཉན་ཐོས་ཀྱི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ལ་གང་ཉན་ཐོས་ཀྱི་ཚུལ་ཁྲིམས་སྲུང་བ་ནི་འདི་ལྟར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་
རང་བཞིན་དང་དེ་བཞིན་གཤེགས་པ་མི་མཐོང་ངོ་། །གང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་སྲུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་དང་། སངས་རྒྱས་ཀྱི་རང་བཞིན་དང་། དེ་བཞིན་གཤེགས་པ་དང་། མྱ་ངན་ལས་འདས་པ་མཐོང་བར་རིག་པར་བྱའོ། །
བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ཚུལ་ཁྲིམས་མནོད་ཅིང་སྡོམ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་མི་འགྱོད་པར་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་མི་འགྱོད་ཅེ་ན། བདེ་བ་མྱོང་བའི་ཕྱིར་རོ། །ཅིའི་
ཕྱིར་བདེ་བ་མྱོང་ཞེ་ན། ཡོངས་སུ་སྤང་བའི་ཕྱིར་རོ། །ཅིའི་ཕྱིར་ཡོངས་སུ་སྤང་ཞེ་ན། རབ་ཏུ་བདེ་བའི་ཕྱིར་རོ། །ཅིའི་ཕྱིར་རབ་ཏུ་བདེ་ཞེ་ན། བསམ་གཏན་ལ་རྣལ་འབྱོར་པའི་ཕྱིར་རོ། །ཅིའི་ཕྱིར་བསམ་གཏན་ལ་རྣལ་འབྱོར་ཅེ་ན། ཡང་དག་པ་ཤེས་ཤིང་མཐོང་བའི་ཕྱིར་རོ། །ཅིའི་
ཕྱིར་ཡང་དག་པ་ཤེས་ཤིང་མཐོང་ཞེ་ན། འཁོར་བའི་སྐྱོན་རྣམས་མཐོང་བའི་ཕྱིར་རོ། །ཅིའི་ཕྱིར་འཁོར་བའི་སྐྱོན་རྣམས་མཐོང་ཞེ་ན། སེམས་མ་ཆགས་པའི་ཕྱིར་རོ། །ཅིའི་ཕྱིར་སེམས་མ་ཆགས་ཞེ་ན། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་གྲོལ་བ་ཞེ་ན།
བླ་ན་མེད་པའི་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་ཅེ་ན། རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ཞེ་ན། མི་སྐྱེ་མི་འགོག་
Vol. 53 · folio 99b
པ་ཐོབ་པའི་ཕྱིར་རོ། །ཅིའི་ཕྱིར་མི་སྐྱེ་མི་འགོག་ཅེ་ན། སངས་རྒྱས་ཀྱི་རང་བཞིན་མཐོང་བའི་ཕྱིར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་ཚུལ་ཁྲིམས་རྣམ་པར་དག་པ་མཐར་ཕྱིན་པ་སྲུང་ངོ་། །རིགས་ཀྱི་བུ་ཚུལ་ཁྲིམས་སྡོམ་པའི་དགེ་སློང་དག་མི་འགྱོད་པའི་
སེམས་ཆེད་དུ་མི་ཚོལ་མི་སྨོན་མོད་ཀྱི་མི་འགྱོད་པའི་སེམས་རང་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཀྱིས་དེ་ལྟ་བུར་འགྱུར་བའི་ཕྱིར་རོ། །བདེ་བ་དང་། ཡོངས་སུ་སྤང་བ་དང་། རབ་ཏུ་བདེ་བ་དང་། ཡང་དག་པར་ཤེས་ཤིང་མཐོང་བ་དང་། འཁོར་བའི་སྐྱོན་མཐོང་བ་
དང་། སེམས་མ་ཆགས་པ་དང་། རྣམ་པར་གྲོལ་བ་དང་། མྱ་ངན་ལས་འདས་པ་དང་། རྟག་པ་དང་། བདེ་བ་དང་། བདག་དང་། ཡོངས་སུ་དག་པ་དང་། མི་སྐྱེ་མི་འགོག་པ་དང་། སངས་རྒྱས་ཀྱི་རང་བཞིན་མཐོང་བར་ཆེད་དུ་མི་ཚོལ་མོད་ཀྱི་རང་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་
ཞེ་ན། ཆོས་ཉིད་ཀྱིས་དེ་ལྟ་བུར་འགྱུར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཚུལ་ཁྲིམས་སྡོམ་པའི་རྒྱུ་ལས་མི་འགྱོད་པའི་འབྲས་བུ་ཐོབ་ལ། རྣམ་པར་གྲོལ་བའི་རྒྱུ་ལས་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པ་ལགས་ན།
ཚུལ་ཁྲིམས་ལ་ཡང་རྒྱུ་མ་མཆིས་ན་མྱ་ངན་ལས་འདས་པ་ལ་ཡང་འབྲས་བུ་མ་མཆིས་སོ། །གང་རྒྱུ་མ་མཆིས་པ་ནི་རྟག་པ་ཞེས་བགྱི་སྟེ། མྱ་ངན་ལས་འདས་པ་ལ་རྒྱུ་མ་མཆིས་ན་ལྟ་མི་རྟག་གོ། །གལ་ཏེ་དེ་ལྟ་བུ་ལགས་ན་མྱ་ངན་ལས་འདས་པ་ནི་ཐོག་མ་མ་མཆིས་པ་ལས་གདོད་
མཆིས་པར་གྱུར་ཏོ། །གལ་ཏེ་ཐོག་མ་མ་མཆིས་པ་ལས་གདོད་མཆིས་པ་ཞིག་ལགས་ན་མི་རྟག་པར་འགྱུར་ཏེ་ཇི་ལྟར་མེ་མར་དང་འདྲ་བར་གྱུར་ཏོ། །གལ་ཏེ་མྱ་ངན་ལས་འདས་པ་དེ་ལྟ་བུ་ཞིག་ལགས་ན་ཅིའི་སླད་དུ་བདག་དང་། བདེ་བ་དང་། ཡོངས་སུ་དག་པ་ཞེས་གདགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཁྱོད་སྔོན་ཚད་མེད་པའི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྲུན་པས་དེ་བཞིན་གཤེགས་པ་ལ་དོན་ཟབ་མོ་འདི་དག་འདྲི་བར་སྤོབས་སོ། །རིགས་ཀྱི་བུ་སྔོན་གྱི་དྲན་པ་མ་སྟོར་བས་འདི་ལྟར་དྲིས་པར་གྱུར་ཏོ། །ངས་སྔོན་
Vol. 53 · folio 100a
དུ་དྲན་པ་སྔོན་བསྐལ་པ་ཚད་མེད་པ་འདས་པ་ན་ཡུལ་སེར་སྐྱར་དེ་བཞིན་གཤེགས་པ་ལེགས་ཐོབ་ཅེས་བྱ་བ་འཇིག་རྟེན་དུ་མངོན་པར་བྱུང་སྟེ། དེའི་ཚེ་དེ་བཞིན་གཤེགས་པ་དེས་ལོ་བྱེ་བ་གསུམ་གྱི་བར་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་བསྟན་ཏེ་ང་དང་
ཁྱོད་ཀྱང་འཁོར་དེར་འདུས་པར་གྱུར་ཏོ། །ངས་དངོས་པོ་དེས་བཅོམ་ལྡན་འདས་དེ་ལ་ཞུས་ན་དེའི་ཚེ་བཅོམ་ལྡན་འདས་དེ་སེམས་ཅན་གྱི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དོན་དེ་མ་བཤད་དོ། །ལེགས་སོ་སྐྱེས་བུ་ཆེན་པོ་སྔོན་གྱི་དངོས་པོ་དེ་ལྟ་བུ་དྲན་པ་ལེགས་ཀྱིས་ཤིན་ཏུ་
ཡིད་ལ་བྱས་ཏེ་རྟག་པར་ཉོན་ཅིག་དང་ཁྱོད་ལ་ཡོངས་སུ་བསྟན་པར་བྱའོ། །ཚུལ་ཁྲིམས་ལ་ཡང་རྒྱུ་ཡོད་དོ། །གང་ཞེ་ན། དམ་པའི་ཆོས་མཉན་པའོ། །དམ་པའི་ཆོས་མཉན་པ་ལ་ཡང་རྒྱུ་ཡོད་དེ། གང་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྙེན་པའོ། །དགེ་བའི་བཤེས་གཉེན་
ལ་བསྙེན་པ་ལ་ཡང་རྒྱུ་ཡོད་དེ། དེ་འདི་ལྟར་དད་པའི་སེམས་སོ། །དད་པའི་སེམས་ལ་ཡང་རྒྱུ་ཡོད་དེ། རྒྱུ་ལ་རྣམ་པ་གཉིས་ཏེ། འདི་ལྟར་ཆོས་མཉན་པ་དང་དོན་ཡིད་ལ་བྱེད་པའོ། །རིགས་ཀྱི་བུ་དད་པའི་སེམས་ནི་ཆོས་མཉན་པའི་རྒྱུ་ལས་བྱུང་ངོ་། །ཆོས་མཉན་པ་ཡང་དད་
པའི་སེམས་ཀྱི་རྒྱུ་ལས་བྱུང་སྟེ། ཆོས་རྣམ་པ་གཉིས་ནི་རྒྱུར་ཡང་འགྱུར་ལ། རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་རོ། །རིགས་ཀྱི་བུ་དཔེར་ན་གཅེར་བུ་པས་ཤིང་བུ་གསུམ་གྱི་སྟེང་དུ་བུམ་པ་བཞག་པ་ལྟར་གཅིག་གི་རྒྱུ་
ཡང་གཅིག་ཡིན་ལ། གཅིག་གི་འབྲས་བུ་ཡང་གཅིག་ཡིན་ཏེ་སོ་སོར་དབྲལ་དུ་མི་རུང་ངོ་། །རིགས་ཀྱི་བུ་ཇི་ལྟར་མ་རིག་པའི་རྐྱེན་ཀྱང་འདུ་བྱེད་ཡིན་ལ། འདུ་བྱེད་ཀྱི་རྐྱེན་ཀྱང་མ་རིག་པ་སྟེ། མ་རིག་པ་དང་འདུ་བྱེད་ནི་རྒྱུར་ཡང་འགྱུར་ལ། རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་
འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་བ་ནས་དེ་བཞིན་དུ་སྐྱེ་བའི་རྐྱེན་ཀྱང་རྒ་ཤིའི་བར་དུ་ཡིན་ལ། རྒ་ཤིའི་རྐྱེན་ཀྱང་སྐྱེ་བ་ཡིན་ཏེ། སྐྱེ་བ་དང་རྒ་ཤི་ནི་རྒྱུར་འགྱུར་ལ་རྒྱུའི་རྒྱུར་ཡང་འགྱུར་ཏེ། འབྲས་བུར་ཡང་འགྱུར་ལ། འབྲས་བུའི་འབྲས་བུར་ཡང་འགྱུར་རོ། །རིགས་
Vol. 53 · folio 100b
ཀྱི་བུ་སྐྱེ་བ་དང་བསྐྱེད་པའི་ཆོས་ནི་རང་སྐྱེ་མི་ནུས་ཏེ། རང་མི་སྐྱེ་བས་ན་སྐྱེ་བ་སྐྱེད་པས་སྐྱེའོ། །སྐྱེ་བ་རང་མི་སྐྱེ་སྟེ། བསྐྱེད་པའི་དབང་གིས་སྐྱེའོ། །དེ་བས་ན་སྐྱེ་བ་གཉིས་ཀྱང་རྒྱུར་ཡང་འགྱུར་ལ་རྒྱུའི་རྒྱུར་ཡང་འགྱུར་རོ། །འབྲས་བུར་ཡང་འགྱུར་ལ་འབྲས་བུའི་འབྲས་བུར་ཡང་
འགྱུར་རོ། །རིགས་ཀྱི་བུ་དད་པའི་སེམས་དང་། ཆོས་མཉན་པ་ཡང་དེ་དང་འདྲའོ། །རིགས་ཀྱི་བུ་འབྲས་བུ་ཡིན་ལ་རྒྱུ་ཡང་མ་ཡིན་པ་ནི་མྱ་ངན་ལས་འདས་པ་ཆེན་པོའོ། །ཅིའི་ཕྱིར་འབྲས་བུ་ཞེས་བྱ་ཞེ་ན། བླ་ན་མེད་པའི་འབྲས་བུ་དང་དགེ་སྦྱོང་དང་བྲམ་ཟེའི་འབྲས་བུ་ཡིན་པའི་
ཕྱིར་རོ། །འཁོར་བ་གཅོད་པའི་ཕྱིར། ཉོན་མོངས་པ་བཅོམ་པའི་ཕྱིར་འབྲས་བུ་ཞེས་བྱའོ། །ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་སྨོད་པའི་ཕྱིར་མྱ་ངན་ལས་འདས་པ་ནི་འབྲས་བུ་ཞེས་བྱའོ། །ཉོན་མོངས་པ་ནི་སྐྱོན་དང་བཅས་པ་ཞེས་བྱའོ། །རིགས་ཀྱི་བུ་མྱ་ངན་ལས་འདས་
པ་ལ་རྒྱུ་མེད་དེ། ངོ་བོ་ཉིད་ནི་འབྲས་བུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་དང་འགོག་པ་མེད་པ། བྱེད་པ་མེད་པ། འདུས་བྱས་མ་ཡིན་པ། འདུས་མ་བྱས་མ་ཡིན་པ། རྟག་པ་མི་འགྱུར་བ། གནས་མེད་པ། ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་གལ་ཏེ་
མྱ་ངན་ལས་འདས་པ་ལ་རྒྱུ་ཡོད་ན་མྱ་ངན་ལས་འདས་པ་ཞེས་མི་བྱའོ། །ཡོངས་སུ་ཞེས་བྱ་བ་ནི་རྒྱུའོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་མེད་པ་སྟེ། རྒྱུ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། ཇི་ལྟར་
བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་མྱ་ངན་ལས་འདས་པ་ལ་རྒྱུ་མ་མཆིས་ཞེས་བཀའ་སྩལ་པའི་དོན་དེ་ལྟ་མ་ལགས་སོ། །མ་མཆིས་ཞེས་བགྱིར་ནི་དོན་འདི་དྲུག་དང་འབྱོར་པར་འགྱུར་རོ། །གང་ཞེ་ན། ཡོང་གིས་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། ཆོས་ཐམས་ཅད་
ལ་བདག་དང་བདག་གི་བ་མ་མཆིས་པ་ལྟ་བུ་དང་། བར་འགའ་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། འཇིག་རྟེན་པ་དག་མཚོའི་ནང་ན་ཆུ་མེད་ཅེའམ་ཉི་ཟླ་མེད་ཅེས་མཆི་བ་ལྟ་བུ་དང་། ཉུང་བའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། འཇིག་རྟེན་པ་དག་ཁ་ཟས་ཚྭ་མི་བྲོ་བས་ཚ་
Vol. 53 · folio 101a
མེད་ཅེའམ། ཁུ་བ་མངར་བ་ལ་མངར་བའི་རོ་ཆུང་བས་མངར་བ་མེད་ཅེས་མཆི་བ་ལྟ་བུ་དང་། མ་མྱོང་བའི་ཕྱིར་མ་མཆིས་ཞེས་བགྱི་སྟེ་རིགས་ངན་གྱིས་བྲམ་ཟེའི་ཆོས་མི་མྱོང་བས་བྲམ་ཟེའི་ཆོས་མེད་པ་ལྟ་བུ་དང་། ཆོས་ངན་པ་མི་དགེ་བ་འཛིན་པའི་ཕྱིར་མ་མཆིས་ཞེས་
བགྱི་སྟེ། འཇིག་རྟེན་པས་སྡིག་པ་མི་དགེ་བའི་ཆོས་འཛིན་པ་ལ་དགེ་སྦྱོང་དང་བྲམ་ཟེ་ཞེས་མི་བྱ་སྟེ། དགེ་སྦྱོང་དང་བྲམ་ཟེ་མ་མཆིས་ཞེས་མཆི་བ་ལྟ་བུ་དང་། ཟླ་མ་མཆིས་པའི་ཕྱིར་མ་མཆིས་ཞེས་བགྱི་སྟེ། དཀར་པོ་མ་མཆིས་པའི་ཕྱིར་ནག་པོ་ཞེའམ། སྣང་བ་མ་མཆིས་པའི་ཕྱིར་སྣང་
བ་མ་མཆིས་སོ་ཞེས་མཆི་བ་ལྟ་བུ་སྟེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཡང་དེ་དང་མཚུངས་ཏེ། བར་འགའ་ནི་མཆིས་ལ་རྒྱུ་མ་མཆིས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པ་དྲུག་ཏུ་སྨྲས་ན་མྱ་ངན་ལས་འདའ་
བའི་དཔེ་ཡོང་གིས་མེད་པ་ལ་མི་བླང་བར་བར་འགའ་མེད་པ་ལ་དཔེར་ལེན། རིགས་ཀྱི་བུ་མྱ་ངན་ལས་འདའི་ངོ་བོ་ཉིད་ནི་ཡོང་གིས་མེད་དེ། དཔེར་ན་བདག་དང་བདག་གི་མེད་པ་དང་འདྲའོ། །རིགས་ཀྱི་བུ་འཇིག་རྟེན་པའི་ཆོས་ནི་མྱ་ངན་ལས་འདའ་བ་དང་བཟླར་མི་རུང་བས་དེའི་ཕྱིར་དངོས་པོ་དྲུག་གི་
དཔེར་བྱར་མི་རུང་ངོ་། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་བདག་མེད་དེ། མྱ་ངན་ལས་འདའ་བ་འདི་ནི་ཡང་དག་པར་བདག་ཡོད་དོ། །དོན་དེ་ལྟ་བས་ན་མྱ་ངན་ལས་འདའ་བ་ལ་རྒྱུ་མེད་ཀྱང་ངོ་བོ་ཉིད་ནི་འབྲས་བུའོ། །རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ཅེས་བྱ་སྟེ། རྒྱུ་ལས་
སྐྱེས་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་ཡིན་ལ་འབྲས་བུ་མ་ཡིན་པ་ནི་དགེ་སློང་གི་འབྲས་བུ་མ་ཡིན་པའི་ཕྱིར་འབྲས་བུ་མ་ཡིན་ཞེས་བྱའོ། །རྒྱུ་ཞེས་བྱ་བ་ནི་རྒྱུ་གསལ་བར་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་རྒྱུ་ལ་རྣམ་པ་གཉིས་ཏེ་སྐྱེ་བའི་རྒྱུ་དང་། གསལ་བའི་རྒྱུའོ། །དེ་ལ་ཆོས་སྐྱེ་བར་བྱེད་པ་ནི་
སྐྱེ་བའི་རྒྱུའོ། །སྒྲོན་མས་རྫས་སྣང་བར་བྱེད་པའི་ཕྱིར་གསལ་བའི་རྒྱུ་ཞེས་བྱའོ། །ཀུན་ནས་ཉོན་མོངས་པ་ནི་སྐྱེ་བའི་རྒྱུའོ། །སེམས་ཅན་གྱི་ཕ་མ་ནི་གསལ་བའི་རྒྱུའོ། །ས་བོན་ལ་སོགས་པ་ནི་སྐྱེ་བའི་རྒྱུའོ། །ས་དང་ཆུ་དང་སྨྲེད་པ་ལ་སོགས་པ་ནི་གསལ་བའི་རྒྱུའོ། །ཡང་སྐྱེ་བའི་རྒྱུ་
Vol. 53 · folio 101b
ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ། །ཡང་སྣང་བའི་རྒྱུ་ནི་འདི་ལྟར་སངས་རྒྱས་ཀྱི་རང་བཞིན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའོ། །གཞན་ཡང་སྣང་བའི་རྒྱུ་ནི་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་།
སངས་རྒྱས་ཀྱི་རང་བཞིན་ནོ། །གཞན་ཡང་སྐྱེ་བའི་རྒྱུ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡང་སྣང་བའི་རྒྱུ་ནི་འདི་ལྟར་འཕགས་པའི་ལམ་བརྒྱད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡང་སྐྱེ་བའི་
རྒྱུ་ནི་འདི་ལྟར་དད་པའི་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་དེ་བཞིན་གཤེགས་པ་མཐོང་བ་དང་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཞེས་བགྱི་བའི་དོན་ཇི་ལྟ་བུ་
ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་ནི་མཚན་དང་དབྱིབས་མ་མཆིས་ལ། རིང་པོ་མ་ལགས། ཐུང་ངུ་མ་ལགས། དཀར་པོ་མ་ལགས། ནག་པོ་མ་ལགས། ཕྱོགས་མཚམས་མ་མཆིས། ཁམས་གསུམ་ན་མི་གནས་འདུས་བྱས་ཀྱི་མཚན་ཉིད་མ་
ལགས། མིག་གི་རྣམ་པར་ཤེས་པས་ཤེས་པ་མ་ལགས་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་མཚུངས་ན། ཇི་ལྟར་མཐོང་བར་རུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སངས་རྒྱས་ཀྱི་སྐུ་ལ་རྣམ་པ་གཉིས་ཏེ། རྟག་པ་དང་མི་རྟག་པའོ། །དེ་ལ་མི་
རྟག་པ་ནི་སེམས་ཅན་ཐམས་ཅད་སྒྲོལ་བའི་ཕྱིར་ཐབས་ཀྱིས་སྟོན་པ་ནི་མིག་གིས་མཐོང་བ་ཞེས་བྱའོ། །རྟག་པ་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་སྐུ་མིག་གིས་མཐོང་བ་ཞེས་ཀྱང་བྱ། ཐོས་པས་མཐོང་བ་ཞེས་ཀྱང་བྱའོ། །སངས་རྒྱས་ཀྱི་རང་བཞིན་ཡང་རྣམ་པ་གཉིས་ཏེ།
མཐོང་བ་དང་མི་མཐོང་བའོ། །དེ་ལ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་དང་། སངས་རྒྱས་བཅོམ་ལྡན་འདས་སོ། །མི་མཐོང་བ་ནི་སེམས་ཅན་ཐམས་ཅད་དོ། །མིག་གིས་མཐོང་བ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་གྱིས་
Vol. 53 · folio 102a
སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་གཟིགས་པའོ། །ཐོས་པས་མཐོང་བ་ནི་སེམས་ཅན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་དགུ་པ་རྣམས་ཀྱིས་སངས་རྒྱས་ཀྱི་རང་བཞིན་དང་། དེ་བཞིན་གཤེགས་པའི་སྐུ་ཡོད་པར་ཐོས་པའོ། །དེ་ལ་ཡང་
རྣམ་པ་གཉིས་ཏེ། གཟུགས་དང་གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའོ། །གཟུགས་མ་ཡིན་པ་ནི་དེ་བཞིན་གཤེགས་པས་གཟུགས་དང་མཚན་ཉིད་ཐམས་ཅད་ཡོངས་སུ་བཅད་པའོ། །སངས་རྒྱས་ཀྱི་རང་བཞིན་ལ་ཡང་རྣམ་
པ་གཉིས་ཏེ། གཟུགས་དང་གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཟུགས་མ་ཡིན་པ་ནི་བུས་པ་མ་རབས་སོ་སོའི་སྐྱེ་བོ་ནས་བྱང་ཆུབ་སེམས་དཔའ་ས་བཅུ་པའི་བར་དུ་སྐྱེ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུ་པས་གསལ་
བར་མི་མཐོང་བའི་ཕྱིར་གཟུགས་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་སངས་རྒྱས་ཀྱི་རང་བཞིན་ལ་རྣམ་པ་གཉིས་ཏེ། གཟུགས་དང་གཟུགས་མ་ཡིན་པའོ། །དེ་ལ་གཟུགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའོ། །གཟུགས་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་དེ།
མིག་གིས་མཐོང་བ་ནི་གཟུགས་སོ། །ཐོས་པས་མཐོང་བ་ནི་གཟུགས་མ་ཡིན་པའོ། །ནང་མ་ཡིན་ཕྱི་རོལ་མ་ཡིན་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །ནང་དང་ཕྱི་རོལ་མ་ཡིན་མོད་ཀྱི་འཇིག་པ་དང་སྟོང་པ་མ་ཡིན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་
བྱའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་འོ་མའི་ནང་ན་ཞོ་མཆིས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་རྡོ་རྗེ་མཐུ་བོ་ཆེ་ལྟ་བུ་མཆིས་ཏེ། སངས་རྒྱས་ཀྱི་རང་བཞིན་ནི་
མར་གྱི་སྙིང་པོ་ཡོངས་སུ་དག་པ་དང་མཚུངས་སོ་ཞེས་བཀའ་སྩལ་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་རང་བཞིན་ནི་ཕྱི་རོལ་མ་ཡིན་ནང་མ་ཡིན་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་འོ་མའི་ནང་ན་ཞོ་ཡོད་དོ་ཞེས་མ་གསུངས་
Vol. 53 · folio 102b
ཀྱི་འོ་མ་ལས་ཞོ་འབྱུང་བའི་ཕྱིར་ཞོ་ཡོད་ཅེས་བྱས་སོ། །གསོལ་པ། བཅོམ་ལྡན་འདས་སྐྱེ་བའི་ཆོས་ཐམས་ཅད་སོ་སོ་ནས་དུས་མཆིས་སམ། བཀའ་སྩལ་པ། རིགས་ཀྱི་བུ་འོ་མའི་ཚེ་ན་ཞོ་མེད་པ་དང་། མར་དང་། ཞུན་མར་དང་། སྙིང་ཁུ་ཡང་མེད་དེ། སེམས་ཅན་
ཐམས་ཅད་ཀྱང་འོ་མར་འཛིན་པས་ངས་འོ་མའི་ནང་ན་ཞོ་མེད་ཅེས་གསུངས་སོ། །ཇི་སྟེ་ཡོད་པ་ཞིག་ན་ཅིའི་ཕྱིར་རྣམ་པ་འདི་གཉིས་ལ་མཁས་པ་ལ་གསེར་དང་ལྕགས་མགར་ཞེས་བྱ་བ་བཞིན་དུ་མིང་གཉིས་སུ་མ་བཏགས། དེ་བས་ན་ཞོའི་ཚེ་ནི་འོ་མ་དང་། མར་དང་། ཞུན་མར་དང་།
སྙིང་ཁུའི་བར་དུ་མེད་པས་སེམས་ཅན་གྱིས་ཀྱང་ཞོ་ནི་འོ་མ་མ་ཡིན་པས་ན་མར་དང་། ཞུན་མར་དང་། མར་གྱི་སྙིང་ཁུའི་བར་དུ་མེད་པར་འཛིན་ཏེ། མར་གྱི་སྙིང་ཁུའི་བར་དུ་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ་རྒྱུ་ལ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང་། རྐྱེན་
གྱི་རྒྱུའོ། །དེ་ལ་བདེན་པའི་རྒྱུ་ནི་ཇི་ལྟར་འོ་མ་ལས་ཞོ་བྱུང་བའོ། །རྐྱེན་གྱི་རྒྱུ་ནི་དྲོད་དང་དྲི་མ་ལ་སོགས་པའི་རྐྱེན་གྱིས་འོ་མ་ལས་ཞོ་འབྱུང་བའི་ཕྱིར་འོ་མ་ལ་ཞོའི་རང་བཞིན་ཡོད་ཅེས་སྨྲའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་སྟེ་འོ་མ་ལ་
ཞོའི་རང་བཞིན་མ་མཆིས་ན་རྭ་ལ་ཡང་མ་མཆིས་པར་འདྲ་ན་ཅིའི་སླད་དུ་རྭ་ལས་ཞོ་མི་འབྱུང་། བཀའ་སྩལ་པ། རིགས་ཀྱི་བུ་རྭ་ལ་ཡང་ཞོ་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ངས་རྐྱེན་གྱི་རྒྱུ་ལ་རྣམ་པ་གཉིས་སུ་གསུངས་ཏེ། དྲི་མ་དང་དྲོད་དོ། །རྭའི་རང་བཞིན་ནི་དྲི་མའི་
ཕྱིར་ཞོར་འགྱུར་བར་བྱེད་དོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཅི་སྟེ་རྭ་ལས་ཞོ་འབྱུང་ན་ཞོ་ཚོལ་བ་དག་ཅིའི་སླད་དུ་འོ་མ་ནི་འདོད་ལ་རྭ་ནི་མི་འདོད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་ངས་བདེན་པའི་རྒྱུ་དང་། རྐྱེན་གྱི་རྒྱུ་བཤད་པ་
ཡིན་ནོ། །སེང་གེ་སྒྲས་གསོལ་པ། གལ་ཏེ་འོ་མའི་ནང་ན་ཞོའི་རང་བཞིན་ཐོག་མ་ནས་མ་མཆིས་ལ། ད་མཆིས་པ་ཞིག་ལགས་ན་འོ་མའི་ནང་ནས་ཐོག་མ་ནས་ཨ་མྲའི་ཤིང་མ་མཆིས་པས་གཉིས་ཀ་མ་མཆིས་པར་མཚུངས་ན་ཅིའི་སླད་དུ་ཨ་མྲའི་འབྲས་བུ་མི་འབྱུང་།
Vol. 53 · folio 103a
རིགས་ཀྱི་བུ་འོ་མ་ལས་ཀྱང་ཨ་མྲའི་ཤིང་སྐྱེ་བར་འགྱུར་རོ། །གལ་ཏེ་འོ་མ་ཤིང་དྲུང་དུ་བླུགས་ན་ནུབ་གཅིག་ཏུ་ཁྲུ་ལྔ་སྐྱེ་བར་འགྱུར་ཏེ། དོན་དེ་ལྟ་བས་ན་ངས་རྒྱུ་རྣམ་པ་གཉིས་བཤད་པ་ཡིན་ནོ། །རིགས་ཀྱི་བུ་གལ་ཏེ་ཆོས་ཐམས་ཅད་རྒྱུ་གཅིག་གིས་
སྐྱེ་བ་ཞིག་ཡིན་ན་ཅིའི་ཕྱིར་འོ་མའི་ནང་ན་ཨ་མྲའི་ཤིང་མི་འབྱུང་ཞེས་བརྒལ་ཀྱང་རུང་ངོ་། །རིགས་ཀྱི་བུ་དཔེར་ན་ཆེན་པོ་བཞི་ནི་གཟུགས་ཐམས་ཅད་ཀྱི་རྒྱུ་དང་། རྐྱེན་དུ་འགྱུར་ཡང་གཟུགས་ཀྱི་མཚན་ཉིད་དང་མི་འཐུན་ཏེ་སོ་སོར་ཐ་དད་དོ། །དོན་དེ་ལྟ་བས་ན་འོ་མ་ལས་ཨ་
མྲའི་ཤིང་མི་སྐྱེའོ། །གསོལ་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུ་སྟེ། རྒྱུ་རྣམ་པ་གཉིས་ལ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་གྱི་རྒྱུ་གང་ལགས། རིགས་ཀྱི་བུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་རྒྱུ་རྣམ་
པ་གཉིས་ཏེ། བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུའོ། །དེ་ལ་བདེན་པའི་རྒྱུ་ནི་སེམས་ཅན་རྣམས་སོ། །རྐྱེན་གྱི་རྒྱུ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་བདག་གིས་འོ་མའི་ནང་ན་ཞོའི་རང་བཞིན་ངེས་པར་མཆིས་པར་
འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་འཇིག་རྟེན་ན་ཞོ་ཚོལ་བའི་རྣམས་འོ་མ་ཚོལ་ཏེ། ནམས་ཀྱང་ཆབ་མི་ཚོལ་བས་དེ་བས་ན་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དྲིས་པའི་
དོན་དེ་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཔེར་ན་ལ་ལ་ཞིག་ངོའི་གཟུགས་བརྙན་མཐོང་བར་འདོད་པའི་ཕྱིར་རལ་གྲི་ལ་ལྟའོ། །སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་དོན་དེ་ལྟ་བས་ན་འོ་མ་ལ་ཞོའི་རང་བཞིན་མཆིས་སོ། །གལ་ཏེ་རལ་གྲིའི་ནང་ན་ངོའི་གཟུགས་
བརྙན་མ་མཆིས་པ་ཞིག་ལགས་ན་ཅིའི་སླད་དུ་རལ་གྲི་ལ་ལྟ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་རལ་གྲིའི་ནང་ན་ངེས་པར་ངོའི་གཟུགས་བརྙན་ཡོད་ན་ཇི་སྟེ་བསྒྲེང་ན་ནི་ཆུ་རིང་བར་མཐོང་ལ་ཐད་ཀར་བསྙལ་ན་ཞེང་ཆེ་བར་མཐོང་། གལ་ཏེ་བདག་གི་ངོ་
Vol. 53 · folio 103b
ཡིན་ན་ཅིའི་ཕྱིར་རིང་པོར་མཐོང་། གལ་ཏེ་གཞན་ཞིག་གི་ངོ་ཡིན་ན་བདག་གི་ངོའི་གཟུགས་བརྙན་ཞེས་བརྗོད། གལ་ཏེ་བདག་གི་ངོའི་རྐྱེན་གྱིས་གཞན་གྱི་ངོ་མཐོང་བར་འགྱུར་བ་ཞིག་ཡིན་ན་ཇི་སྟེ་རྟའམ་བོང་བུའི་ངོའི་གཟུགས་བརྙན་མི་མཐོང་། སེང་གེ་སྒྲས་གསོལ་
པ། བཅོམ་ལྡན་འདས་མིག་གི་སྣང་བ་དེར་ཕྱིན་པའི་ཕྱིར་ངོ་ཆུ་རིང་པོར་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མིག་གི་སྣང་བ་ནི། ཡང་དག་པར་ན་དེར་ཕྱིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉེ་བ་དང་རིང་བ་དུས་གཅིག་ཏུ་ཅིག་
ཅར་མཐོང་ཡང་དེའི་བར་ན་དངོས་པོ་ཅི་ཡང་མི་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུ་གལ་ཏེ་མིག་གི་སྣང་བ་དེར་ཕྱིན་པས་མཐོང་བར་གྱུར་པ་ཞིག་ཡིན་ན་སེམས་ཅན་ཐམས་ཅད་ཀྱིས་མི་མཐོང་བ་ན་ཇི་སྟེ་ཚིག་པར་མ་གྱུར། ཇི་སྟེ་གཅིག་གིས་རྒྱང་རིང་པོ་ནས་རྫས་དཀར་པོ་
ཞིག་མཐོང་ན་ངང་པའམ། བ་དན་ནམ། མིའམ། ཤིང་ཞེས་ཐེ་ཙོམ་ཟ་བའི་མི་རིགས་སོ། །གལ་ཏེ་མིག་གི་སྣང་བ་དེར་ཕྱིན་པ་ཞིག་ཡིན་ན་ཅིའི་ཕྱིར་ཆུ་ཤེལ་གྱི་ནང་གི་དངོས་པོ་དང་། ཆུ་མིག་གི་ནང་གི་ཉ་དང་། རྡོ་ལ་སོགས་པ་མཐོང་བར་གྱུར། གལ་ཏེ་མ་ཕྱིན་
པས་མཐོང་བ་ཞིག་ཡིན་ན་ཅིའི་ཕྱིར་ཆུ་ཤེལ་གྱི་ནང་ན་དངོས་པོ་ནི་མཐོང་ལ་རྩིག་པའི་ཕྱི་རོལ་གྱི་གཟུགས་མཐོང་བར་མ་གྱུར། དེ་ལྟ་བས་ན་མིག་གི་སྣང་བ་དེར་ཕྱིན་པས་རིང་པོར་མཐོང་ཞེས་བྱ་བའི་དོན་དེ་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་ལྟར་འོ་མ་ལ་ཞོ་
ཡོད་ན་ཅིའི་ཕྱིར་འོ་མ་འཚོང་བ་དག་འོ་མའི་རིན་འབའ་ཞིག་ལེན་ཏེ་ཞོའི་རིན་མི་ལེན། རྒོད་མ་འཚོང་བ་དེས་རྒོད་མའི་རིན་འབའ་ཞིག་ལེན་ཏེ། རྟེའུའི་རིན་མི་ལེན། རིགས་ཀྱི་བུ་འཇིག་རྟེན་པ་དག་བུ་མེད་པའི་ཕྱིར་ཆུང་མ་ལེན་ཏེ། གལ་ཏེ་ཆུང་མ་སྦྲུམ་ན་བུ་མོ་ཞེས་མི་བྱའོ། །
གལ་ཏེ་བུ་མོ་ལ་བུའི་རང་བཞིན་ཡོད་པའི་ཕྱིར་ཆུང་མ་ལེན་ནོ་ཞེས་བྱ་བ་དེ་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་བུའི་རང་བཞིན་ཡོད་ན་ཚ་བོ་ཡང་ཡོད་པའི་རིགས་སོ། །གལ་ཏེ་ཚ་བོ་ཡོད་ན་དེ་སྤུན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྟོ་གཅིག་ནས་བྱུང་བའི་ཕྱིར་ཏེ། དེ་བས་ན་ངས་
Vol. 53 · folio 104a
བུ་མོ་ལ་བུའི་རང་བཞིན་མེད་ཅེས་གསུངས་སོ། །གལ་ཏེ་འོ་མ་ལ་ཞོའི་རང་བཞིན་ཡོད་ན་ཇི་སྟེ་དུས་གཅིག་ཏུ་རོ་རྣམ་པ་ལྔ་དང་ལྡན་པར་མ་གྱུར། གལ་ཏེ་ཤིང་གི་ས་བོན་ལ་ནྱ་གྲོ་དྷ་འདོམ་ལྔར་སྐྱེ་བའི་མཚན་ཉིད་ཡོད་ན་ཇི་སྟེ་དུས་གཅིག་ན་མྱུ་གུ་དང་། སྡོང་
བུ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པའི་དབྱིབས་དང་གཟུགས་ཐ་དད་པར་སྣང་བར་མ་གྱུར། རིགས་ཀྱི་བུ་འོ་མའི་གཟུགས་ཀྱི་ཚེ་ན་ཐ་དད་ལ་རོ་ཐ་དད་འབྲས་བུ་ཐ་དད་པ་ནས་མར་གྱི་སྙིང་ཁུའི་བར་དུ་ཐ་དད་ན་ཇི་ལྟར་འོ་མ་ལ་ཞོའི་རང་
བཞིན་ཡོད་པར་བཤད། རིགས་ཀྱི་བུ་དཔེར་ན་མི་ཞིག་སང་ལྟ་བུར་མར་བཏུང་བར་བྱས་པ་ལས་དེང་ནས་མནམ་མོ་ཞེས་ཟེར་བ་དང་འདྲ་བར་གང་འོ་མ་ལ་ངེས་པར་ཞོའི་རང་བཞིན་ཡོད་དོ་ཞེས་ཟེར་བ་ཡང་དེ་དང་འདྲའོ། །རིགས་ཀྱི་བུ་དཔེར་ན་མི་ཞིག་སྨྱུ་གུ་དང་། ཤོག་ཤོག་
དང་། སྣག་ཚ་ལ་སོགས་པ་ཡི་གེར་འགྱུར་ཏེ། ཤོག་ཤོག་ལས་ཀྱང་ཐོག་མ་ནས་ཡི་གེ་མེད་དོ། །ཐོག་མ་ནས་མེད་པའི་ཕྱིར་རྐྱེན་ལ་རག་ལུས་པས་གྲུབ་པར་གྱུར་ཏོ། །གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན་རྒྱུ་རྐྱེན་མང་པོ་ཡང་མི་དགོས་པར་འགྱུར་རོ། །དཔེར་ན་ཚོན་
སྔོན་པོ་དང་སེར་པོར་སྦྱར་ན་ཚོན་ལྗང་ཁུར་འགྱུར་ཏེ། ཚོན་དེ་གཉིས་ལ་ཡང་ཐོག་མ་ནས་ལྗང་ཁུའི་རང་བཞིན་མེད་དོ། །གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན་སྦྱར་ཡང་ཅི་དགོས། རིགས་ཀྱི་བུ་དཔེར་ན་སེམས་ཅན་ནི་ཟས་ཀྱི་རྒྱུས་འཚོ་བར་འགྱུར་ཏེ། ཡང་དག་པར་ན་ཟས་ཀྱི་
ནང་ན་འཚོ་བ་མེད་དོ། །གལ་ཏེ་འཚོ་བ་ཡོང་གིས་ཡོད་པ་ཞིག་ཡིན་ན་ཟས་མ་ཟོས་པའི་ཚེ་ཟས་ཉིད་འཚོ་བའི་རིགས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཡོང་གིས་རང་བཞིན་མེད་པའི་ཕྱིར་དོན་དེ་ལ་གཟིགས་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཐོག་མ་མེད་ལ་ད་
ལྟར་ཡོད། །ཐོག་མ་ཡོད་ལ་ད་ལྟར་མེད། །དུས་གསུམ་སྲིད་པའི་ཆོས་ཐམས་ཅད། །དེ་འདྲ་བ་ཡི་གནས་མེད་དོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་གྱིས་སྐྱེ་ལ། རྒྱུ་དང་རྐྱེན་གྱིས་འགོག་གོ། །རིགས་ཀྱི་བུ་གལ་ཏེ་སེམས་ཅན་གྱི་ནང་ན་སངས་རྒྱས་ཀྱི་རང་བཞིན་
Vol. 53 · folio 104b
ཡོད་ན་སེམས་ཅན་ཐམས་ཅད་ད་ལྟར་ང་དང་འདྲ་བར་སངས་རྒྱས་ཀྱི་སྐུ་ཡོད་པའི་རིགས་སོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་མི་འཆག །མི་འཇིག །བཀྲིར་མི་རུང་། གཟུང་དུ་མི་རུང་། བཅིང་དུ་མི་རུང་། གདགས་སུ་མི་རུང་སྟེ། ཇི་ལྟར་སེམས་ཅན་ལ་ནམ་
མཁའ་སྟོང་པ་ཡོད་པ་བཞིན་ནོ། །ཐོགས་པ་མེད་པའི་ཕྱིར་ན་སེམས་ཅན་ཐམས་ཅད་ལ་ནམ་མཁའ་སྟོང་པ་ཡོད་ཀྱང་སོ་སོ་ནས་བདག་ཉིད་ཀྱི་ནམ་མཁའ་སྟོང་པ་མི་མཐོང་ངོ་། །གལ་ཏེ་སེམས་ཅན་ལ་ནམ་མཁའ་སྟོང་པ་མེད་ན་སོང་བ་དང་འོང་བ་དང་། འགྲོ་བ་དང་། སྡོད་པ་དང་།
འདུག་པ་དང་ཉལ་བ་མེད་ལ། མི་སྐྱེ་མི་འཕེལ་ལོ། །དོན་དེ་ལྟ་བས་ན་ངས་མདོ་སྡེ་ལས་སེམས་ཅན་ཐམས་ཅད་ལ་ནམ་མཁའི་དབྱིངས་ཡོད་དོ་ཞེས་གསུངས་སོ། །ནམ་མཁའི་དབྱིངས་དེ་ཉིད་ནམ་མཁའ་སྟོང་པ་ཞེས་བྱ་སྟེ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་
བས་ཇི་ལྟར་ནོར་བུ་རིན་པོ་ཆེ་ལྟར་བྱང་ཆུབ་སེམས་དཔའ་ས་བཅུ་པས་ཅུང་ཟད་ཅིག་མཐོང་ངོ་། །རིགས་ཀྱི་བུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་པ་མ་ཡིན་ནོ། །སེམས་ཅན་ཐམས་
ཅད་སངས་རྒྱས་ཀྱི་རང་བཞིན་མི་མཐོང་བའི་ཕྱིར་རྟག་ཏུ་ཉོན་མོངས་པས་ཀུན་དུ་གླགས་ནས་འཁོར་བ་ན་འཁོར་བར་གྱུར་ཏོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བས་ནི་ཀུན་ནས་ཉོན་མོངས་པས་བཅིང་བར་མི་འགྱུར་ཏེ། འཁོར་བ་ལས་རྣམ་པར་གྲོལ་ཞིང་མྱ་ངན་ལས་འདས་པ་ཆེན་
པོ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པ་ནི་ཇི་ལྟར་འོ་མའི་ནང་ན་ཞོའི་རང་བཞིན་མཆིས་པ་དང་མཚུངས་སོ། །གལ་ཏེ་འོ་མ་ལ་ཞོའི་རང་བཞིན་མ་མཆིས་ན་ཅིའི་སླད་དུ་
བཅོམ་ལྡན་འདས་ཀྱིས་རྒྱུ་རྣམ་པ་གཉིས་ཏེ། བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུ་གསུངས། རྐྱེན་གྱི་རྒྱུ་ནི་དྲི་མ་དང་དྲོད་དེ། ནམ་མཁའ་སྟོང་པ་ནི་རང་བཞིན་མ་མཆིས་པས་རྐྱེན་གྱི་རྒྱུ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་འོ་མའི་ནང་ན་ངེས་པར་
Vol. 53 · folio 105a
མར་གྱི་རང་བཞིན་ཡོད་ན་རྐྱེན་གྱི་རྒྱུ་ཅི་དགོས། བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་རང་བཞིན་མཆིས་པའི་སླད་དུ་རྐྱེན་གྱི་རྒྱུ་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། མངོན་པར་མཐོང་བར་བགྱི་བའི་སླད་དུའོ། །རྐྱེན་གྱི་རྒྱུ་ནི་གསལ་
བའི་རྒྱུ་ལགས་སོ། །བཅོམ་ལྡན་འདས་དཔེར་ན་མུན་པའི་ནང་ན་སྔར་རྫས་དག་མཆིས་པས་མཐོང་བར་འདོད་པའི་ཕྱིར་སྒྲོན་མ་གསལ་བར་བགྱིད་དོ། །གལ་ཏེ་ཐོག་མ་ནས་མ་མཆིས་ན་སྒྲོན་མས་ཅི་ཞིག་སྣང་བར་བགྱི། ཇི་ལྟར་ས་ལ་རྫ་མ་མཆིས་པའི་ཕྱིར་མི་དང་། ཆབ་དང་།
འཁོར་ལོ་དང་། ཐག་གུ་དང་། དབྱུག་གུ་ལ་སོགས་པ་ནི་གསལ་བའི་རྒྱུའོ། །ཤིང་ནྱ་གྲོ་དྷའི་འབྲས་བུ་ཡང་ས་དང་། ཆུ་དང་། སྨྲེད་ནི་གསལ་བའི་རྒྱུའོ། །དེ་བཞིན་དུ་འོ་མའི་ཡང་དྲོད་དང་དྲི་མ་ནི་གསལ་བའི་རྒྱུར་འགྱུར་རོ། །དེ་བས་ན་རང་བཞིན་ཐོག་མ་ནས་མཆིས་
ཀྱང་གསལ་བའི་རྒྱུ་ལ་རག་ལུས་ཏེ། དེས་མཐོང་བར་འགྱུར་རོ། །དོན་དེ་ལྟ་བས་ན་འོ་མའི་ནང་ན་ཐོག་མ་ནས་ཞོ་མཆིས་པར་མངོན་ནོ། །བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་འོ་མའི་ནང་ན་ངེས་པར་ཞོའི་རང་བཞིན་ཡོད་པ་ཞིག་ཡིན་ན་དེ་ཉིད་གསལ་བའི་རྒྱུར་འགྱུར་རོ། །གལ་
ཏེ་གསལ་བའི་རྒྱུ་ཡིན་ན་གདོད་གསལ་བར་བྱ་ཡང་ཅི་དགོས། རིགས་ཀྱི་བུ་གལ་ཏེ་གསལ་བའི་རྒྱུ་དེ་རང་བཞིན་གྱིས་གསལ་བ་ཡིན་ན་རྟག་ཏུ་བདག་གསལ་བར་བྱེད་པའི་རིགས་སོ། །གལ་ཏེ་བདག་གསལ་བར་མི་བྱེད་ན་གཞན་གསལ་བར་བྱེད་མི་ནུས་སོ། །གལ་ཏེ་གསལ་བའི་རྒྱུ་ལ་རང་
བཞིན་རྣམ་པ་གཉིས་ཏེ། བདག་གསལ་བར་བྱེད་པ་དང་། གཞན་གསལ་བར་བྱེད་པའོ་ཞེས་བྱ་བ་ནི་དོན་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གསལ་བའི་རྒྱུ་གཅིག་ལ་ཇི་ལྟར་གཉིས་སུ་འགྱུར། གལ་ཏེ་གཉིས་སུ་འགྱུར་ན་འོ་མ་ཡང་གཉིས་སུ་འགྱུར་རོ། །གལ་ཏེ་འོ་མ་ལ་
རང་བཞིན་གཉིས་སུ་མེད་ན་ཅིའི་ཕྱིར་དེ་གསལ་བའི་རྒྱུ་འབའ་ཞིག་གཉིས་སུ་འགྱུར། སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཇིག་རྟེན་པས་བདག་དང་མི་བརྒྱད་ཅེས་མཆི་བ་བཞིན་དུ་གསལ་བའི་རྒྱུ་ཡང་དེ་དང་འདྲ་སྟེ། བདག་དང་གཞན་གསལ་བར་བགྱིད་དོ། །བཅོམ་
Vol. 53 · folio 105b
ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་གསལ་བའི་རྒྱུ་དེ་ལྟ་ན་གསལ་བའི་རྒྱུ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གྲངས་ནི་བདག་དང་གཞན་གྱི་གཟུགས་བགྲང་ནུས་པས་བརྒྱད་ཅེས་བྱ་སྟེ། གཟུགས་ཀྱི་ངོ་བོ་ཉིད་དེ། བདག་ལ་གསལ་བའི་རྒྱུ་མཚན་ཉིད་
མེད་དོ། །གསལ་བའི་མཚན་ཉིད་མེད་པས་ན་ཤེས་རབ་ཀྱི་རང་བཞིན་གྱི་དབང་གིས་བདག་དང་གཞན་བགྲང་བར་འགྱུར་བས་ན་དེའི་ཕྱིར་གསལ་བའི་རྒྱུས་བདག་གསལ་བར་མི་ནུས་ཏེ། གཞན་ཡང་གསལ་བར་མི་ནུས་སོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་
ཡོད་ན་ཅིའི་ཕྱིར་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསྒྲུབ་དགོས་པར་འགྱུར། གལ་ཏེ་སྒྲུབ་པ་དེ་གསལ་བའི་རྒྱུ་ཡིན་ན་ཞོ་འཇིག་པར་གྱུར་པ་དང་འཐུན་ནོ། །གལ་ཏེ་རྒྱུ་ལ་ངེས་པར་འབྲས་བུ་ཡོད་དོ་ཞེས་བྱར་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྐྱེ་ཞིང་འཕེལ་
བར་མི་འགྱུར་རོ། །ངས་ནི་འཇིག་རྟེན་པ་དག་སྔན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་མེད་པ་ལས་མཁན་པོ་ལས་མནོས་ནས་གདོད་ཁད་ཀྱིས་སྐྱེ་ཞིང་འཕེལ་བར་གཟིགས་སོ། །གལ་ཏེ་མཁན་པོས་བསྟན་པ་གསལ་བའི་རྒྱུ་ཡིན་ནོ་ཞེས་བྱར་ནི་མཁན་པོས་བསྟན་པའི་ཚེ་མནོད་པ་
ལ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་མེད་དོ། །གལ་ཏེ་གསལ་བ་ཞིག་ཡིན་ན་མེད་པའི་དུས་ན་གསལ་བར་འགྱུར་བའི་རིགས་ན་ཅིའི་ཕྱིར་གསལ་བར་བྱས་པའི་འོག་ཏུ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་སྐྱེ་ཞིང་འཕེལ་བར་འགྱུར། སེང་གེ་སྒྲས་
གསོལ་པ། བཅོམ་ལྡན་འདས་གལ་ཏེ་གསལ་བའི་རྒྱུ་མ་མཆིས་ན་ཅིའི་སླད་དུ་འོ་མ་དང་ཞོ་ཞེས་མིང་གདགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཇིག་རྟེན་ན་རྒོལ་བའི་ལན་བཏབ་པ་ལ་རྣམ་པ་གསུམ་སྟེ། འདི་ལྟར་འགྱུར་བའི་ལན་བཏབ་པ་སྟེ།
ཇི་ལྟར་སྔར་བཤད་པ་ལས་ཇི་ལྟར་ན་ཚུལ་ཁྲིམས་ཞེ་ན། འགྱོད་པ་མེད་པ་ནས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་འཐོབ་པར་འགྱུར་རོ་ཞེས་བྱ་བ་དང་། ཅང་མི་སྨྲ་བའི་ལན་བཏབ་སྟེ། ཇི་ལྟར་ཀུན་དུ་རྒྱུ་ཞིག་འོངས་ནས་ང་ལ་འདི་སྐད་དུ་བདག་ཅེས་བྱ་བ་རྟག་པ་ཡིན་ནམ་ཞེས་
Vol. 53 · folio 106a
དྲིས་པ་ལས་ངས་དེའི་ཚེ་ཅང་མི་སྨྲ་བ་དང་། ཐེ་ཚོམ་གྱི་ལན་བཏབ་པ་སྟེ། ཇི་ལྟར་མདོ་སྡེ་འདི་ལས་གལ་ཏེ་གསལ་བའི་རྒྱུ་གཉིས་སུ་འགྱུར་ན་ཅིའི་ཕྱིར་འོ་མ་ལ་གཉིས་སུ་མེད་ཅེས་དྲིས་པ་དང་གསུམ་མོ། །རིགས་ཀྱི་བུ་ངས་ད་འགྱུར་བའི་ལན་བཏབ་སྟེ་ཇི་ལྟར་
འཇིག་རྟེན་པས་འདི་སྐད་དུ་འོ་མ་ཡོད་ན་གདོན་མི་ཟ་བར་ཞོ་ཡོད་པས་དེའི་ཕྱིར་འོ་མ་དང་ཞོ་ཡོད་དོ། །ཞེས་བཏགས་ཏེ། སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་བར་སེམས་ཅན་ཡོད་ན་སངས་རྒྱས་ཀྱི་རང་བཞིན་ཡོད་དེ། ཕྱིས་མཐོང་བར་འགྱུར་བའི་ཕྱིར་རོ། །སེང་
གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདས་པ་ནི་འགགས། མ་འོངས་པ་ནི་མ་ཕྱིན་ན་མཆིས་ཞེས་ཇི་སྐད་བགྱི། གལ་ཏེ་མ་འོངས་པ་ལ་མཆིས་པ་ཞེས་བགྱི་ན་དོན་
དེ་ཡང་མི་རུང་བ་སྟེ། ཇི་ལྟར་འཇིག་རྟེན་པ་དག་བུ་མེད་པར་མཐོང་ནས། བུ་མེད་དོ་ཞེས་མཆི་བ་དང་མཚུངས་ཏེ། སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་པར་ཅིའི་སླད་དུ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་གསུངས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདས་པ་ནི་ཡོད་པ་ཞེས་བྱའོ། །དཔེར་ན་སྐྱུར་རྩི་རྨོ་བའི་མྱུ་གུ་སྐྱེས་ནས་འབྲས་བུ་འགོག་སྟེ། མྱུ་གུ་ཡང་མངར་བ་ནས། འབྲས་བུ་སྐྱེ་བའི་བར་དུ་ཡང་དེ་བཞིན་ཏེ་སྨིན་ནས་སྐྱུར་བར་འགྱུར་རོ། །རིགས་ཀྱི་བུ་རོ་སྐྱུར་བ་ནི་ས་
བོན་དང་། མྱུ་གུ་དང་། འབྲས་བུ་སྐྱེ་བའི་བར་དུ་མེད་དེ། སྨན་པའི་དབྱིབས་དང་། ཁ་དོག་དང་། གཟུགས་ལས་སྐྱུར་བའི་རོ་སྐྱེའོ། །དེ་ལྟར་སྐྱུར་བའི་རོ་དེ་ནི་ཐོག་མ་ནས་མེད་ད་གཟོད་ཡོད་པར་གྱུར་ཏོ། །དེ་ལྟར་ཐོག་མ་ནས་མེད་ལ་ད་ཡོད་པར་འགྱུར་མོད་ཀྱི་ཐོག་མའི་རྒྱུ་
མ་ཡིན་པ་མ་ཡིན་ནོ། །དེ་ལྟར་ཐོག་མའི་ས་བོན་འདས་པ་ཡིན་མོད་ཀྱི་ཡོད་པ་ཞེས་བྱ་སྟེ། དོན་དེ་ལྟ་བས་ན་འདས་པ་ཡང་ཡོད་པ་ཞེས་བྱའོ། །ཡང་ཇི་ལྟར་ན་མ་འོངས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། དཔེར་ན་མིས་ཏིལ་རྨོས་པ་ལས་ཡང་མི་གཅིག་གིས་འདི་རྨོས་ཏེ་ཅི་དགོས་
Vol. 53 · folio 106b
ཞེས་དྲིས་པ་དང་། དེ་ལ་ལན་བཏབ་པ་མར་ཡོད་དོ་ཞེས་སྨྲས་སོ། །ཡང་དག་པར་མར་མེད་མོད་ཀྱི་ཏིལ་སྨིན་ནས་འབྲུ་བསྡུས་ཏེ་བརྔོ་ཞིང་བརྡུངས་ལ་བཙིར་ན་གདོད་མར་དུ་འབྱུང་བར་འགྱུར་ཏེ། དེ་བས་ན་མི་དེ་བརྫུན་ཟེར་བ་མ་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་མ་
འོངས་པ་ཡང་ཡོད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ན་འདས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། རིགས་ཀྱི་བུ་དཔེར་ན་མི་གཅིག་གིས་ལྐོག་ཏུ་རྒྱལ་པོ་ལ་ཁ་ཚས་བྱས་པ་ལས་ལོ་མང་ཞིག་ལོན་པ་དང་། རྒྱལ་པོས་ཐོས་པར་གྱུར་ཏེ་ཐོས་ནས་དེ་ལ་ཅིའི་ཕྱིར་ང་ལ་ཁ་ཟེར་ཞེས་དྲིས་པ་
དང་། དེས་ལན་བཏབ་པ། རྒྱལ་པོ་ཆེན་པོ་བདག་གིས་ཁ་ཚས་མ་བགྱིས་སོ། །དེ་ཅིའི་སླད་དུ་ཞེ་ན། ཁ་ཚས་བགྱིས་པའང་འགགས་ལགས་སོ། །རྒྱལ་པོས་སྨྲས་པ། ང་དང་ཁ་ཚས་བྱས་པ་གཉིས་ཀ་འདུག་བཞིན་དུ་ཅིའི་ཕྱིར་འགགས་ཞེས་སྨྲ། །དེའི་རྒྱུ་དེའི་རྐྱེན་གྱིས་
ལུས་དང་སྲོག་ཡལ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་གཉིས་ནི་ཡང་དག་པར་མེད་ཀྱང་འབྲས་བུ་མེད་པར་མ་གྱུར་ཏོ། །དེ་བས་ན་འདས་པ་ལ་ཡོད་ཅེས་བྱའོ། །གཞན་ཡང་ཇི་ལྟར་ན་མ་འོངས་པ་ལ་ཡོད་པ་ཞེས་བྱ་ཞེ་ན། དཔེར་ན་མི་ཞིག་རྫ་མཁན་གྱི་དེར་སོང་ནས་རྫ་མ་ཡོད་
དམ་ཞེས་དྲིས་པ་དང་། རྫ་མ་ཡོད་དོ་ཞེས་སྨྲས་ཏེ། རྫ་མཁན་དེ་ལ་ཡང་དག་པར་ད་ལྟར་རྫ་མ་མེད་དེ། འཇིམ་པ་ཡོད་པས་རྫ་མ་ཡོད་ཅེས་བྱས་ཀྱང་དེ་ལྟར་མི་དེ་བརྫུན་ཟེར་བ་མ་ཡིན་པར་རིག་པར་བྱའོ། །དེ་བས་ན་འོ་མའི་ནང་ན་ཞོ་ཡོད་པ་དང་། སེམས་ཅན་ལ་སངས་
རྒྱས་ཀྱི་རང་བཞིན་ཡོད་པ་ཡང་དེ་དང་འདྲའོ། །སངས་རྒྱས་ཀྱི་རང་བཞིན་མཐོང་བར་འདོད་ན། དུས་དང་། ཚོད་དང་། དབྱིབས་དང་། གཟུགས་ལ་ཤིན་ཏུ་བརྟག་གོ། །དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་དོ་ཞེས་གསུངས་པ་ཡང་མི་
བདེན་པ་མ་ཡིན་ནོ། །སེང་གེ་སྒྲས་གསོལ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟར་འཐོབ་པར་འགྱུར། བདེན་པའི་རྒྱུས་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
Vol. 53 · folio 107a
འཐོབ་པར་འགྱུར་ན་བདེན་པའི་རྒྱུ་ནི་འདི་ལྟ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །བཅོམ་ལྡན་འདས་གལ་ཏེ་ནྱ་གྲོ་དྷའི་འབྲས་བུ་ལ་ནྱ་གྲོ་དྷའི་ཤིང་མ་མཆིས་ན་ཅིའི་སླད་དུ་ནྱ་གྲོ་དྷའི་འབྲས་བུ་ཞེས་བཏགས་ལ། ཁ་ཏེ་རའི་འབྲས་བུ་ཞེས་མ་བཏགས། བཅོམ་ལྡན་
འདས་དཔེར་ན་གཽ་ཏ་མའི་རིགས་ནི་ཨ་ཏེ་ཡའི་རིགས་ཞེས་གདགས་སུ་མི་རུང་ལ། དེ་བཞིན་དུ་ཨ་ཏེ་ཡའི་རིགས་ཀྱང་གཽ་ཏ་མའི་རིགས་ཞེས་གདགས་སུ་མི་རུང་། དེ་བཞིན་དུ་ནྱ་གྲོ་དྷའི་འབྲས་བུ་ཡང་ཁ་ཏེ་རའི་འབྲས་བུ་ཞེས་གདགས་སུ་མི་རུང་། ཁ་ཏེ་རའི་འབྲས་བུ་ཡང་ནྱ་གྲོ་དྷའི་འབྲས་
བུ་ཞེས་བགྱིར་མི་རུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ནི་གཽ་ཏ་མའི་རིགས་ལས་གཞན་མ་ལགས་པ་ལྟར་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་ལྟ་བས་ན་སེམས་ཅན་ཀུན་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རིགས་ཀྱི་བུ་གང་འབྲས་བུ་ལ་ནྱ་གྲོ་དྷ་ཡོད་ཅེས་བྱ་བའི་དོན་དེ་མི་རུང་ངོ་། །གལ་ཏེ་ཡོད་པ་ཞིག་ཡིན་ན་ཅིའི་ཕྱིར་མི་མཐོང་། རིགས་ཀྱི་བུ་དཔེར་ན་འཇིག་རྟེན་གྱི་རྫས་ནི་རྒྱུ་རྐྱེན་ཡོད་པའི་ཕྱིར་ལྟར་མེད་དོ། །རྒྱུ་རྐྱེན་གང་ཞེ་ན། འདི་ལྟ་སྟེ། རིང་བས་མི་
མཐོང་བ་སྟེ། ནམ་མཁའི་བྱ་རྗེས་དང་། ཉེ་བས་མི་མཐོང་བ་སྟེ། མིག་གིས་རྫི་མ་དང་། ཞིག་པས་མི་མཐོང་བ་སྟེ། རྩ་བ་རུལ་བ་དང་། འདུ་ཤེས་འཁྲུགས་པས་མི་མཐོང་བ་སྟེ། སེམས་རྩེ་གཅིག་པ་མ་ཡིན་པ་དང་། ཕྲ་བས་མི་མཐོང་བ་སྟེ། རྡུལ་ཕྲ་མོ་
དང་། བསྒྲིབས་པས་མི་མཐོང་བ་སྟེ། སྤྲིན་གྱིས་སྐར་མ་བསྒྲིབས་པ་དང་། མང་བས་མི་མཐོང་བ་སྟེ། འབྲས་ཀྱི་ཕུང་པོའི་ནང་ན་ཏིལ་ཡོད་པ་དང་འདྲ་བ་དང་། འདྲེས་པས་མི་མཐོང་བ་སྟེ་སྲན་མའི་ཕུང་པོར་སྲན་མ་བཞག་པ་དང་འདྲ་སྟེ། ནྱ་གྲོ་དྷའི་ཤིང་ནི་དེ་ལྟ་བུའི་རྒྱུ་རྐྱེན་རྣམ་
པ་བརྒྱད་པོ་དང་མི་འདྲ་ན། གལ་ཏེ་ཡོད་པ་ཞིག་ཡིན་ན་ཅིའི་ཕྱིར་མི་མཐོང་། གལ་ཏེ་ཕྲ་བ་དང་བསྒྲིབས་པའི་ཕྱིར་མི་མཐོང་ཞེས་བྱར་ནི་དོན་དེ་ཡང་དེ་ལྟར་མི་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤིང་གི་མཚན་ཉིད་སྦོམ་པའི་ཕྱིར་རོ། །གལ་ཏེ་རང་བཞིན་གྱིས་ཕྲ་ན་ཇི་ལྟར་སྐྱེ་བར་འགྱུར།
Vol. 53 · folio 107b
ཇི་སྟེ་བསྒྲིབས་པའི་ཕྱིར་མི་མཐོང་བ་ཞིག་ཡིན་ན་རྟག་ཏུ་མི་མཐོང་བའི་རིགས་ཏེ། སྔོན་སྦོམ་པའི་རང་བཞིན་མེད་པར་ད་སྦོམ་པར་མཐོང་བས་ན། །སྦོམ་པ་དེ་ཐོག་མ་ནས་རང་བཞིན་མེད་དོ། །སྔོན་མཐོང་བའི་རང་བཞིན་མེད་པ་ལས་ད་མཐོང་བར་གྱུར་ན་མཐོང་བ་དེ་ཡང་ཐོག་མའི་རང་
བཞིན་མེད་དེ། འབྲས་བུ་ཡང་དེ་དང་འདྲ་བར་ཐོག་མ་ནས་ཤིང་མེད་དེ། ད་ཡོད་པར་གྱུར་པ་ལ་ཉེས་པ་ཅི་ཞིག་ཡོད། སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་བདེན་པའི་རྒྱུ་དང་གསལ་བའི་རྒྱུ་རྣམ་པ་གཉིས་སུ་གསུངས་ཏེ། དེ་ལ་ས་དང་ཆུ་དང་།
སྨྲེད་པ་ནི་ནྱ་གྲོ་དྷའི་འབྲས་བུ་གསལ་བའི་རྒྱུར་གྱུར་པས་ཕྲ་མོ་ལས་སྦོམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གལ་ཏེ་ཐོག་མ་ནས་ཡོད་པ་ཞིག་ཡིན་ན། གསལ་བའི་རྒྱུ་ཅི་དགོས། གལ་ཏེ་ཐོག་མ་ནས་རང་བཞིན་མེད་ན་གསལ་བ་ཅི་ཞིག་གསལ་བར་བྱ།
གལ་ཏེ་ནྱ་གྲོ་དྷ་ལ་ཐོག་མ་ནས་སྦོམ་པའི་རང་བཞིན་མེད་ལ། གསལ་བའི་རྒྱུས་སྦོམ་པར་སྐྱེ་བར་འགྱུར་ན་ལྟ། གཉི་ག་མེད་པར་འདྲ་ན་ཅིའི་ཕྱིར་ཤིང་ཁ་ཏེ་ར་མི་སྐྱེ་སྟེ། རིགས་ཀྱི་བུ་གལ་ཏེ་ཕྲ་བས་མི་མཐོང་ན་སྦོམ་པོ་མཐོང་བའི་རིགས་ཏེ་དཔེར་ན་རྡུལ་གཅིག་པུ་མི་མཐོང་ན་རྡུལ་
མང་པོ་འདུས་ན་མཐོང་བར་འགྱུར་བ་བཞིན་དུ་འབྲས་བུ་སྦོམ་པོ་ཡང་མཐོང་བའི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་མྱུ་གུ་དང་། སྡོང་བུ་དང་། མེ་ཏོག་དང་། འབྲས་བུ་ཡང་ཡོད་ལ། འབྲས་བུ་རེ་རེའི་ནང་ན་ཡང་ས་བོན་ཚད་མེད་པ་ཡོད་དེ། ས་བོན་རེ་རེ་ལ་ཡང་ཤིང་ཚད་མེད་
པ་ཡོད་པས་དེ་བས་ན་སྦོམ་པ་ཞེས་བྱ་སྟེ། དེ་ལྟར་སྦོམ་པར་གྱུར་པས་ན་མཐོང་བར་གྱུར་པའི་རིགས་སོ། །རིགས་ཀྱི་བུ་གལ་ཏེ་ནྱ་གྲོ་དྷའི་ས་བོན་ལ་ནྱ་གྲོ་དྷའི་ས་བོན་གྱི་རང་བཞིན་ཡོད་པས་ཤིང་སྐྱེ་བ་ཞིག་ཡིན་ན་མིག་གིས་ས་བོན་དེ་ཚིག་པར་མཐོང་ངོ་། །དེ་ལྟར་ཚིག་པའི་རང་བཞིན་
ཡང་ཐོག་མ་ནས་ཡོད་པའི་རིགས་སོ། །ཇི་སྟེ་ཐོག་མ་ནས་ཚིག་པ་ཡོད་པ་ཡིན་ན་ཤིང་ཡང་སྐྱེ་བར་མི་རིགས་སོ། །གལ་ཏེ་ཆོས་ཐམས་ཅད་ཐོག་མ་ནས་སྐྱེ་བ་དང་འགོག་པ་ཡིན་ན་ཅིའི་ཕྱིར་དེ་སྔར་སྐྱེས་ལ། ཕྱིས་འགོག་སྟེ་དུས་གཅིག་ཏུ་མ་གྱུར། དོན་དེ་ལྟ་བས་ན་རང་བཞིན་
Vol. 53 · folio 108a
མེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ནྱ་གྲོ་དྷའི་འབྲས་བུ་ལ་ཐོག་མ་ནས་ཤིང་གི་རང་བཞིན་མ་མཆིས་པར་ཤིང་སྐྱེ་བར་འགྱུར་བ་ལགས་ན་གཉིས་ཀ་མ་མཆིས་པར་འདྲ་ན་ཅིའི་སླད་དུ་འབྲས་བུ་
དེ་ལས་མར་མི་འབྱུང་། རིགས་ཀྱི་བུ་འབྲས་བུ་དེ་ལས་མར་ཡང་འབྱུང་བར་འགྱུར་ཏེ། ཐོག་མའི་རང་བཞིན་མེད་མོད་ཀྱི། རྒྱུ་དང་རྐྱེན་གྱིས་ཡོད་པར་འགྱུར་རོ། །སེང་གེ་སྒྲས་གསོལ་པ། ཅིའི་སླད་དུ་ཏིལ་གྱི་མར་ཞེས་མི་བགྱི། རིགས་ཀྱི་བུ་ཏིལ་མ་ཡིན་པའི་ཕྱིར་རོ། །
རིགས་ཀྱི་བུ་དཔེར་ན་མེའི་རྐྱེན་གྱིས་མེ་འབྱུང་ལ། ཆུའི་རྐྱེན་གྱིས་ཆུ་འབྱུང་སྟེ། གཉིས་ཀ་རྐྱེན་ལས་སྐྱེས་མོད་ཀྱི་གཅིག་གིས་གཅིག་ཡོད་པར་མི་ནུས་ཏེ། ནྱ་གྲོ་དྷའི་འབྲས་བུ་དང་ཏིལ་མར་ཡང་དེ་དང་འདྲ་སྟེ། གཉིས་ཀ་རྐྱེན་ལས་སྐྱེས་མོད་ཀྱི་གཅིག་གིས་གཅིག་སྐྱེད་པ་
མ་ཡིན་ནོ། །ནྱ་གྲོ་དྷའི་འབྲས་བུའི་རང་བཞིན་ནི་བད་ཀན་གྱི་ནད་ལ་ཕན་པར་བྱེད། ཏིལ་མར་གྱི་རང་བཞིན་ནི་རླུང་ལ་ཕན་པར་བྱེད་དོ། །རིགས་ཀྱི་བུ་དཔེར་ན་བུ་རམ་གྱི་ཤིང་གི་རྒྱུ་རྐྱེན་གྱིས་ཤ་ཁ་ར་དང་བུ་རམ་ནག་པོ་འབྱུང་སྟེ། དེ་ལྟར་རྒྱུ་གཅིག་མོད་ཀྱི། ཁ་
དོག་དང་དབང་པོ་སོ་སོ་སྟེ། ཤ་ཁ་ར་ནི་མཁྲིས་པའི་ནད་ལ་ཕན་པར་བྱེད་དོ། །བུ་རམ་ནག་པོས་ནི་བད་ཀན་གྱི་ནད་ལ་ཕན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འོ་མ་ལ་ཞོའི་རང་བཞིན་མ་མཆིས་ལ། ཏིལ་
ལ་མར་གྱི་རང་བཞིན་ཡང་མ་མཆིས། ནྱ་གྲོ་དྷའི་འབྲས་བུ་ལ་ཤིང་གི་རང་བཞིན་ཡང་མ་མཆིས། འཇི་བ་ལ་རྫའི་རང་བཞིན་ཡང་མ་མཆིས་པ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་ན་སྔར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་སེམས་
ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བགྱི་བ་དེ་མི་རུང་ངོ་། །དེ་ཅིའི་སླད་དུ་ཞེ་ན། ལྷ་དང་མི་ལ་རང་བཞིན་མ་མཆིས་ཏེ་རང་བཞིན་མ་མཆིས་པས་ན་མི་ཡང་ལྷར་འགྱུར་ལ་ལྷ་ཡང་མིར་
Vol. 53 · folio 108b
འགྱུར་ཏེ། དེ་ཡང་ལས་ཀྱི་རྐྱེན་གྱིས་འགྱུར་གྱི་རང་བཞིན་གྱིས་འགྱུར་བ་མ་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལས་ཀྱི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ། །གལ་ཏེ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་
མཆིས་ན་ཅིའི་རྒྱུ་ཅིའི་རྐྱེན་གྱིས་ལོག་སྲེད་ཅན་དག་དགེ་བའི་རྩ་བ་རྣམས་བཅད་པས་སེམས་ཅན་དམྱལ་བར་ལྟུང་། གལ་ཏེ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རང་བཞིན་ལགས་ན་ལོག་སྲེད་ཅན་གྱིས་གཅོད་མི་ནུས་པའི་རིགས་སོ། །གལ་ཏེ་གཅོད་དུ་རུང་བ་ཞིག་ལགས་ན་སངས་རྒྱས་
ཀྱི་རང་བཞིན་རྟག་ཅེས་བགྱིར་མི་རུང་ངོ་། །གལ་ཏེ་རྟག་པ་མ་ལགས་ན་སངས་རྒྱས་ཀྱི་རང་བཞིན་ཞེས་མི་བགྱིའོ། །གལ་ཏེ་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ན་ཅིའི་སླད་དུ་ཐོག་མ་སེམས་བསྐྱེད་པ་དང་། ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་ཞེས་བགྱི།
གང་ཕྱིར་ལྡོག་པ་དེ་ནི་སངས་རྒྱས་ཀྱི་རང་བཞིན་མ་མཆིས་པར་འཚལ་ལོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འབབ་པ་ནི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོས་སྐྱེ་བ་
དང་། རྒ་བ་དང་། འཆི་བའི་ཉོན་མོངས་པའི་སྐྱོན་མཐོང་ནས་མྱ་ངན་ལས་འདས་པ་ཆེན་པོ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བའི་ཉོན་མོངས་པ་རྣམས་ཀྱི་སྐྱོན་མེད་པར་བརྟགས་ཏེ། དཀོན་མཆོག་གསུམ་དང་། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ་ཡིད་ཆེས་པས་ཚུལ་ཁྲིམས་
སྡོམ་པ་ལ་སོགས་པའི་ཆོས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བགྱིའོ། །གལ་ཏེ་ཆོས་འདིའི་ཕ་རོལ་ན་སངས་རྒྱས་ཀྱི་རང་བཞིན་མཆིས་ན་ཆོས་དེས་རྒྱུ་དང་རྐྱེན་བགྱི་ཡང་ཅི་འཚལ། བཅོམ་ལྡན་འདས་འོ་མ་ནི་རྐྱེན་མི་དགོས་པར་ཞོ་དང་མར་དུ་འགྱུར་བའི་ཆོས་མ་མཆིས་ཏེ། རྒྱུ་
དང་རྐྱེན་ལ་རག་ལུས་པ་ནི་འདི་ལྟར་མིས་ལས་སུ་བྱ་བ་དང་། ཆུ་དང་། རྫ་མ་དང་། སྲུབ་ཤིང་དང་ཐག་གུའོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། རྒྱུ་དང་རྐྱེན་སྤངས་པའི་ཕ་རོལ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་མི་རིགས་སོ། །
Vol. 53 · folio 109a
གལ་ཏེ་ངེས་པར་མཆིས་ན་རྣལ་འབྱོར་ཅན་དག་ཅིའི་སླད་དུ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པ་ངན་སོང་གསུམ་གྱི་སྡུག་བསྔལ་མཐོང་ནས་ཕྱིར་ལྡོག་པའི་སེམས་སྐྱེ། གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་མི་འཚལ་བར་བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་རིགས་ཏེ། འོ་མ་ཡང་རྐྱེན་མ་མཆིས་པར་ཞོར་མི་འགྱུར་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྒྱུ་མ་ལགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་མ་མཆིས་སོ། །དོན་དེ་ལྟ་བས་ན་སེམས་ཅན་རྣམས་ལ་
སངས་རྒྱས་ཀྱི་རང་བཞིན་མ་མཆིས་སོ། །ཇི་ལྟར་བཅོམ་ལྡན་འདས་ཀྱི་སྔར་གསུངས་པ་ལ་དགེ་འདུན་དཀོན་མཆོག་ནི་རྟག་གོ། །གལ་ཏེ་རྟག་པ་ལགས་ན་མི་རྟག་པ་མ་ལགས་སོ། །མི་རྟག་པ་མ་ལགས་ན་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་
འགྱུར། དགེ་འདུན་རྟག་པ་ལགས་ན་ཡང་ཅི་སྟེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མཆིས་ཞེས་གསུངས། བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ལ་ཐོག་མ་ནས་བྱང་ཆུབ་ཀྱི་སེམས་ཀྱང་མ་མཆིས་ལ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཀྱི་སེམས་ཀྱང་མ་མཆིས་ཏེ། །ཕྱིས་གདོད་མཆིས་པ་ཞིག་ལགས་ན་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། ཐོག་མ་མ་མཆིས་པ་ལས་ཕྱིས་མཆིས་པར་འགྱུར་རོ། །དོན་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མ་མཆིས་སོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་རང་བཞིན་གྱི་དོན་ཤེས་ནས་རིང་ཞིག་ལོན་ཏེ། ད་སེམས་ཅན་གྱི་ཕྱིར་དེ་ལྟར་དྲིས་པ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཡང་དག་པར་སངས་རྒྱས་ཀྱི་རང་
བཞིན་ཡོད་དོ། །ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཐོག་མ་སེམས་བསྐྱེད་པ་ཡོད་པའི་མི་རིགས་སོ། །ཞེས་བྱ་བ་ནི། རིགས་ཀྱི་བུ་སེམས་ནི་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ནི་མི་རྟག་པ་ཡིན་ལ།
Vol. 53 · folio 109b
སངས་རྒྱས་ཀྱི་རང་བཞིན་ནི་རྟག་པ་ཡིན་པའི་ཕྱིར་རོ། །ཁྱེད་ཀྱིས་འདི་སྐད་དུ་ཅིའི་ཕྱིར་ཕྱིར་ལྡོག་པའི་སེམས་ཡོད་ཅེས་བྱ་བ་ནི་ཡང་དག་པར་སེམས་ལ་ཕྱིར་ལྡོག་པ་མེད་དོ། །གལ་ཏེ་སེམས་ལ་སེམས་ཕྱིར་ལྡོག་པ་ཡོད་ན་ནམས་ཀྱང་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་འཐོབ་པར་མི་འགྱུར་ཏེ། ཐོབ་པ་བུལ་བའི་ཕྱིར་ཕྱིར་མི་ལྡོག་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་ཡང་དག་པར་ན་སངས་རྒྱས་ཀྱི་རང་བཞིན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་དག་དགེ་བའི་རྩ་བ་བཅད་པས་སེམས་ཅན་
དམྱལ་བར་ལྟུང་བའི་ཕྱིར་རོ། །གལ་ཏེ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཀྱི་རང་བཞིན་ཡིན་ན་ནི་ལོག་སྲེད་ཅན་དག་ལོག་སྲེད་ཅན་ཞེས་བྱ་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ཀྱང་མི་རྟག་པ་ཞེས་བྱར་མི་རུང་སྟེ། དེ་བས་ན་ངེས་པར་བྱང་ཆུབ་ཀྱི་སེམས་ནི་
ཡང་དག་པར་སངས་རྒྱས་ཀྱི་རང་བཞིན་མ་ཡིན་པར་ཤེས་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་ལྟར་རྐྱེན་ལ་རག་ལུས་སོ་ཞེས་བྱ་བ་དེ་ཡང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་
རྣམ་པ་ལྔས་མར་དུ་འགྱུར་བ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དཔེར་ན་རྡོ་ལ་ནི་གསེར་ཡོད། དངུལ་ཡང་ཡོད། ཟངས་ཀྱང་ཡོད། ལྕགས་ཀྱང་ཡོད་དེ། དེ་དག་ཆེན་པོ་བཞི་ལ་གནས་པར་འདྲ་ཡང་མིང་གཅིག་སྙིང་པོ་གཅིག་ལས་འབྱུང་བ་
སོ་སོ་སྟེ། རྒྱུ་དང་རྐྱེན་མང་པོ་དགོས་སོ། །དེ་ཡང་སེམས་ཅན་གྱི་བསོད་ནམས་དང་། མིས་ལས་སུ་བྱས་པ་ལས་གདོད་འབྱུང་བར་འགྱུར་ཏེ། དེ་བས་ན་ཐོག་མ་ནས་གསེར་གྱི་རང་བཞིན་མེད་པར་རིག་པར་བྱའོ། །སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་སངས་
རྒྱས་ཞེས་མི་བྱ་སྟེ། བསོད་ནམས་མང་པོའི་རྒྱུ་དང་རྐྱེན་འདུས་པས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ན་གདོད་སངས་རྒྱས་འཐོབ་པར་འགྱུར་རོ། །ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ན་ཅིའི་ཕྱིར་མི་འཐོབ་ཞེས་བྱ་བའི་དོན་
Vol. 53 · folio 110a
དེ་ཡང་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་མ་འདུས་པའི་ཕྱིར་རོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་ངས་བདེན་པའི་རྒྱུ་དང་རྐྱེན་གྱི་རྒྱུ་རྣམ་པ་གཉིས་སུ་གསུངས་ཏེ། དེ་ལ་བདེན་པའི་རྒྱུ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །རྐྱེན་གྱི་རྒྱུ་ནི་བྱང་
ཆུབ་ཏུ་སེམས་བསྐྱེད་པ་སྟེ། རྒྱུ་དང་རྐྱེན་དེ་གཉིས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པ་ནི་ཇི་ལྟར་རྡོ་ལ་གསེར་འབྱུང་བ་བཞིན་ནོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་དགེ་འདུན་ནི་རྟག་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མེད་དོ་
ཞེས་བྱ་བ་ནི་རིགས་ཀྱི་བུ་དགེ་འདུན་ཞེས་བྱ་བ་ནི་འདུམ་པ་སྟེ། འདུམ་པ་ལ་རྣམ་པ་གཉིས་སོ། །འདི་ལྟར་ཀུན་རྫོབ་ཏུ་འདུམ་པ་དང་། དོན་དམ་པ་ལ་འདུམ་པའོ། །དེ་ལ་ཀུན་རྫོབ་ཏུ་འདུམ་པ་ནི་ཉན་ཐོས་ཀྱི་དགེ་འདུན་ནོ། །དོན་དམ་པ་ལ་འདུམ་པ་ནི་བྱང་ཆུབ་སེམས་དཔའི་
དགེ་འདུན་ནོ། །ཀུན་རྫོབ་ཀྱི་དགེ་འདུན་ནི་མི་རྟག་པ་སྟེ། སངས་རྒྱས་ཀྱི་རང་བཞིན་ནི་རྟག་པའོ། །ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་རྟག་པ་ལྟར་དོན་དམ་པའི་དགེ་འདུན་ཡང་དེ་དང་འདྲའོ། །གཞན་ཡང་དགེ་འདུན་ལ་འདི་ལྟ་སྟེ། ཆོས་དང་འདུམ་པའོ། །ཆོས་དང་འདུམ་པ་
ནི་འདི་ལྟ་སྟེ། མདོ་སྡེ་སྡེ་བཅུ་གཉིས་སོ། །མདོ་སྡེ་སྡེ་བཅུ་གཉིས་རྟག་པས་ན་དེའི་ཕྱིར་ངས་ཆོས་དང་དགེ་འདུན་ནི་རྟག་པའོ་ཞེས་གསུངས་སོ། །རིགས་ཀྱི་བུ་དགེ་འདུན་ནི་འདུམ་པ་ཞེས་བྱ་སྟེ། གང་འདུམ་པ་དེ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་སོ། །རྟེན་ཅིང་འབྲེལ་ཏེ་
འབྱུང་བ་བཅུ་གཉིས་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྟག་པ་ལྟར་སངས་རྒྱས་ཀྱི་རང་བཞིན་ཡང་དེ་དང་འདྲ་སྟེ། དེ་བས་ན་ངས་དགེ་འདུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །ཡང་དགེ་འདུན་ཞེས་བྱ་བ་ནི་
སངས་རྒྱས་ཐམས་ཅད་འདུམ་པ་སྟེ། དེ་བས་ན་ངས་དགེ་འདུན་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་ཅེས་གསུངས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་སེམས་ཅན་ལ་གལ་ཏེ་སངས་རྒྱས་ཀྱི་རང་བཞིན་ཡོད་ན། ཅི་སྟེ་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་ཡོད་ཅེས་དྲིས་པ་ཤིན་
Vol. 53 · folio 110b
ཏུ་ཡིད་ལ་བྱས་ཏེ། རྟག་པར་ཉོན་ཅིག་དང་། ངས་རྣམ་པར་དགྲོལ་ཞིང་བསྟན་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པ་བཅུ་གསུམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། །བཅུ་གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། མ་དད་པའི་སེམས་དང་།
ནན་ཏན་མི་བྱེད་པའི་སེམས་དང་། ཐེ་ཚོམ་གྱི་སེམས་དང་། ལུས་དང་ཟང་ཟིང་ལ་ཆགས་ཤིང་སེར་སྣ་བྱེད་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ལ་འཇིགས་པ་ཆེན་པོ་སྐྱེད་དེ་ཇི་ལྟར་སེམས་ཅན་དག་ཡོངས་སུ་མྱ་ངན་ལས་བཟླ་སྙམ་པ་དང་། བཟོད་པའི་སེམས་མེད་པ་
དང་། མ་དུལ་བའི་སེམས་དང་། མྱ་ངན་གྱིས་གདུངས་པའི་སེམས་དང་། མི་བདེན་པ་དང་། བག་མེད་པ་དང་། བདག་གི་ལུས་ལ་བརྙས་པ་དང་། ཉོན་མོངས་པ་གཞིག་མི་ནུས་པར་ལྟ་བ་དང་། བྱང་ཆུབ་ཀྱི་ཆོས་ལ་འཇུག་པར་མི་མོས་པ་སྟེ། རིགས་ཀྱི་བུ་ཆོས་རྣམ་པ་
བཅུ་གསུམ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ལས་ཕྱིར་ལྡོག་པར་བྱེད་དོ། །ཡང་ཆོས་རྣམ་པ་དྲུག་པོ་འདིས་བྱང་ཆུབ་ཀྱི་སེམས་འཇིག་པར་བྱེད་དོ། །དྲུག་གང་ཞེ་ན། འདི་ལྟ་སྟེ། ཆོས་ལ་སེར་སྣ་བྱེད་པ་དང་། སེམས་ཅན་རྣམས་ལ་མི་དགེ་བའི་སེམས་སྐྱེད་
པ་དང་། མི་དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། བརྩོན་འགྲུས་མི་རྩོམ་པ་དང་། བདག་སྟོད་ཅིང་ང་རྒྱལ་བྱེད་པ་དང་། འཇིག་རྟེན་གྱི་ལས་བྱེད་པ་སྟེ། ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་ཀྱི་སེམས་འཇིག་པར་བྱེད་པའོ། །རིགས་ཀྱི་བུ་ལ་ལ་ཞིག་གིས་སངས་རྒྱས་བཅོམ་
ལྡན་འདས་ནི་ལྷ་དང་མིའི་སྟོན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ནང་ན་གཙོ་བོར་གྱུར་པ། བསྒྲུན་དུ་མེད་པ། ཉན་ཐོས་དང་རང་སངས་རྒྱས་ལས་འཕགས་པ། ཆོས་ཀྱི་སྤྱན་རབ་ཏུ་གསལ་བས་ཆོས་ལ་ཐོགས་པ་མེད་པར་གཟིགས་པ། སེམས་ཅན་ཐམས་ཅད་ཉོན་མོངས་པའི་རྒྱ་
མཚོ་ལས་སྒྲོལ་བའོ་ཞེས་ཐོས་ནས། སྨོན་ལམ་དང་ཡི་དམ་ཆེན་པོ་བསྐྱེད་དེ། དེ་ལྟར་འཇིག་རྟེན་ན་དེ་ལྟ་བུའི་སྐྱེས་བུ་ཡོད་ན་བདག་ཀྱང་འཐོབ་པར་འགྱུར་རོ་སྙམ་དུ་བསམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡང་
Vol. 53 · folio 111a
ན་གཞན་གྱིས་བསྟན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཡང་ན་བྱང་ཆུབ་སེམས་དཔའ་བསྐལ་པ་གྲངས་མེད་པའི་བར་དུ་དཀའ་བ་སྤྱད་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ་ཞེས་ཐོས་ཏེ། ཐོས་ནས་འདི་སྙམ་དུ་བདག་
ནི་དེ་ལྟར་དཀའ་བ་སྤྱོད་མི་ནུས་ན། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་སྙམ་སྟེ། དེའི་ཕྱིར་ཕྱིར་ལྡོག་པར་འགྱུར་རོ།། །།བམ་པོ་སུམ་ཅུ་བརྒྱད་པ། རིགས་ཀྱི་བུ་གཞན་ཡང་ཆོས་རྣམ་པ་འདི་ལྔས་བྱང་ཆུབ་ཀྱི་སེམས་
ལས་ཕྱིར་ལྡོག་པར་འགྱུར་རོ། །ལྔ་གང་ཞེ་ན་འདི་ལྟ་སྟེ། མུ་སྟེགས་ཅན་གྱི་ཆོས་ལ་རབ་ཏུ་འབྱུང་བར་དགའ་བ་དང་། བྱམས་པ་ཆེན་པོའི་སེམས་མི་སྒོམ་པ་དང་། ཆོས་སྨྲ་བ་ལ་སྐྱོན་ཚོལ་བར་དགའ་བ་དང་། རྟག་ཏུ་འཁོར་བ་ལ་དགའ་བ་དང་། མདོ་སྡེ་སྡེ་བཅུ་གཉིས་འཛིན་
པ་དང་། ཀློག་པ་དང་། འདོན་པ་དང་། ཡི་གེར་འདྲི་བ་དང་། དགྲོལ་ཞིང་འཆད་པར་མི་མོས་པ་སྟེ། དེ་ནི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པའི་ཆོས་ལྔའོ། །ཡང་ཆོས་རྣམ་པ་འདི་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་བྱེད་དོ། །གཉིས་གང་ཞེ་ན། འདི་ལྟ་སྟེ།
འདོད་པ་ལྔ་ལ་ཆགས་ཤིང་ཞེན་པ་དང་། དཀོན་མཆོག་གསུམ་ལ་བསྟི་སྟང་དང་རིམ་གྲོ་དང་བཀུར་སྟི་མི་བྱེད་པ་སྟེ། དེ་ལྟ་བུ་ལ་སོགས་པའི་རྐྱེན་མང་པོས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལྡོག་པར་འགྱུར་རོ། །ཡང་ཇི་ལྟར་ན་ཕྱིར་མི་ལྡོག་པའི་སེམས་ཞེས་བྱ་ཞེ་ན། ལ་ལ་ཞིག་དེ་
བཞིན་གཤེགས་པས་སེམས་ཅན་རྣམས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་ལས་སྒྲོལ་བར་མཛད་དེ། གཞན་ལ་རག་མ་ལུས་པར་ནན་ཏན་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་བོ་ཞེས་ཐོས་ནས་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐོབ་པ་ཞིག་ཡིན་ན། བདག་ཀྱང་ཤིན་
ཏུ་ནན་ཏན་བྱས་ཏེ་གདོན་མི་ཟ་བར་འཐོབ་པར་བྱའོ་སྙམ་དུ་བསམས་ནས། དེའི་རྒྱུ་དེའི་རྐྱེན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བསོད་ནམས་མང་དུ་བྱས་ཀྱང་རུང་། ཉུང་ཡང་རུང་། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས་ཡི་དམ་འདི་སྐད་
Vol. 53 · folio 111b
བཅས་ཏེ། བདག་རྟག་ཏུ་སངས་རྒྱས་དང་སངས་རྒྱས་ཀྱི་ཉེ་གནས་ལ་བསྙེན་བཀུར་བྱེད་པར་གྱུར་ནས་རྟག་ཏུ་ཆོས་ཟབ་མོ་ཐོས་ཤིང་དབང་པོ་ལྔ་དང་ལྡན་པར་གྱུར་ཏེ་གལ་ཏེ་སྡུག་བསྔལ་གྱིས་རབ་ཏུ་གདུངས་ཀྱང་སེམས་དེ་མ་སྟོར་བར་ཤོག་ཤིག་ཅེས་སྨོན་ལམ་འདེབས་པ་དང་། ཡང་
སངས་རྒྱས་དང་སངས་རྒྱས་ཀྱི་ཉེ་གནས་ཀྱིས་རྟག་ཏུ་བདག་ལ་དགོངས་པའི་ཐུགས་བསྐྱེད་དེ། དགེ་བའི་རྩ་བ་རྣམ་པ་ལྔ་དང་ལྡན་པར་གྱུར་ནས་གལ་ཏེ་སེམས་ཅན་དག་བདག་གི་ལུས་བཅད་དམ། རྐང་ལག་དང་། མགོ་དང་། མིག་དང་། ཡན་ལག་ཐམས་ཅད་གཏུབས་ཀྱང་དེ་
དག་ལ་བྱམས་པ་ཆེན་པོའི་སེམས་བསྐྱེད་ཅིང་བདག་རབ་ཏུ་དགའ་སྟེ། སྐྱེས་བུ་དེས་ནི་བདག་གི་བྱང་ཆུབ་ཀྱི་རྒྱུ་སྐྱེ་ཞིང་འཕེལ་བར་བྱས་སོ། །གལ་ཏེ་དེ་དག་མེད་ན་བདག་ཅིའི་རྐྱེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་སྙམ་སྟེ་
སྨོན་ལམ་ཆེན་པོ་འདེབས་པ་དང་། ཡང་འདི་སྐད་དུ་བདག་མཚན་མེད་པ་དང་། མཚན་གཉིས་པ་དང་། བུད་མེད་ཀྱི་ལུས་སུ་མ་གྱུར་ཅིག །གཞན་གྱིས་དབང་བྱེད་པར་མ་གྱུར་ཅིག །རྗེ་བོ་ངན་པ་དང་མ་ཕྲད་ཅིག །རྒྱལ་པོ་ངན་པས་དབང་བར་མ་གྱུར་ཅིག །ཡུལ་ངན་
པར་མ་སྐྱེ་ཤིག །གལ་ཏེ་ལུས་བྱད་བཟང་པོ་ཐོབ་ན་ཡང་ཆོ་རིགས་བཙུན་པ་དང་། ནོར་དང་རིན་པོ་ཆེ་མང་པོ་བདོག་པ་དང་། བདོག་ནས་ཀྱང་དྲེགས་པར་མ་གྱུར་ཅིག །བདག་གིས་རྟག་ཏུ་མདོ་སྡེ་སྡེ་བཅུ་གཉིས་ཐོས་ནས་གཟུངས་སུ་འཛིན་པ་དང་། ཀློག་པ་དང་། འདོན་པ་
དང་། ཡི་གེར་འདྲི་བ་དང་། དགྲོལ་ཞིང་འཆད་པར་གྱུར་ཅིག །གལ་ཏེ་སེམས་ཅན་ལ་དགྲོལ་ཞིང་འཆད་ན་ཕ་རོལ་པོས་ཡིད་ཆེས་ཤིང་འཛིན་པ་དང་། རབ་ཏུ་དང་ནས་ཐེ་ཚོམ་མེད་པར་གྱུར་ཏེ། རྟག་ཏུ་བདག་ལ་ངན་སེམས་མི་སྐྱེ་བར་གྱུར་ཅིག །ཉུང་ངུ་ཐོས་པ་ལ་མང་དུ་
ཤེས་པར་གྱུར་ཅིག །མང་དུ་ཐོས་ལ་དོན་མི་ཤེས་པར་མ་གྱུར་ཅིག །སེམས་ཀྱིས་སྟོན་པར་གྱུར་ཏེ། མི་སྟོན་པའི་སེམས་སུ་མ་གྱུར་ཅིག །ལུས་དང་ངག་དང་ཡིད་ཀྱི་ལས་སྡིག་པ་མི་དགེ་བ་དང་འདྲེས་པར་མ་གྱུར་ཅིག །སེམས་ཅན་ཐམས་ཅད་ལ་བདེ་བ་བྱིན་པར་གྱུར་ཅིག །
Vol. 53 · folio 112a
ལུས་ཀྱི་ཚུལ་ཁྲིམས་དང་། སེམས་ཀྱི་ཤེས་རབ་རི་དང་འདྲ་བར་མི་གཡོ་བར་གྱུར་ཅིག །བླ་ན་མེད་པའི་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཕྱིར་ལུས་དང་སྲོག་དང་ཟང་ཟིང་ལ་འཇུངས་པར་མ་གྱུར་ཅིག །མ་བརྟགས་པའི་རྫས་ཀྱིས་བསོད་ནམས་ཀྱི་ལས་བྱེད་པར་མ་
གྱུར་ཅིག །ཡང་དག་པའི་འཚོ་བས་གསོ་ཞིང་གཡོ་སྒྱུའི་སེམས་མེད་པར་གྱུར་ཅིག །རྟག་ཏུ་དྲིན་དྲན་ཞིང་དྲིན་ཆུང་ངུ་ཡང་ཆེར་ལན་ལོན་པར་གྱུར་ཅིག །འཇིག་རྟེན་གྱི་རྩལ་གྱི་དངོས་པོ་ལ་མཁས་པར་གྱུར་ཅིག །སེམས་ཅན་གྱི་ཕྱོགས་ཀུན་གྱི་སྐད་ལ་མཁས་པར་གྱུར་
ཅིག །མདོ་སྡེ་སྡེ་བཅུ་གཉིས་ཀློག་གམ། འདོན་ཏམ། ཡི་གེར་འདྲི་ན་ལེ་ལོ་དང་སྙོམ་ལས་བྱེད་པར་མ་གྱུར་ཅིག །གལ་ཏེ་སེམས་ཅན་གང་ཐོས་པར་མི་དགའ་ན་ཐམས་ཅད་ཀྱིས་ཐོས་པར་དགའ་བར་བྱེད་པར་གྱུར་ཅིག །སྨྲ་བ་མཉེན་ལ་དེས་ཤིང་མི་དགེ་བའི་ངག་བརྗོད་པར་མ་
གྱུར་ཅིག །མི་འདུམ་པའི་སྡུམས་བྱེད་པར་གྱུར་ཅིག །མྱ་ངན་དང་འཇིགས་པར་གྱུར་པ་མྱ་ངན་དང་འཇིགས་པ་སྤོང་བར་གྱུར་ཅིག །མུ་གེ་བྱུང་བའི་དུས་སུ་ཆོག་ཅིང་འགྲངས་པར་གྱུར་ཅིག །ནད་དང་གོར་བྱུང་བའི་དུས་སུ་སྨན་པའི་རྒྱལ་པོར་གྱུར་ཏེ། ནད་ཀྱི་རྐྱེན་སྨན་དང་། ནོར་
དང་། རིན་པོ་ཆེ་ཅི་དང་ཅི་དགོས་པ་ཡིད་བཞིན་དུ་སྦྱིན་པར་གྱུར་ཏེ་ནད་རྣམས་བསལ་བར་གྱུར་ཅིག །མཚོན་གྱི་བསྐལ་པའི་ཚེ་མཐུ་སྟོབས་ཆེན་པོ་ཡོད་པར་གྱུར་ཏེ། གནོད་པ་དང་། འཚེ་བ་ངེས་པར་ཆོད་པར་གྱུར་ཅིག །སེམས་ཅན་གྱི་འཇིགས་པ་རྣམ་པ་སྣ་ཚོགས་གཅོད་
པར་གྱུར་པ་ནི་འདི་ལྟ་སྟེ། འཆི་བ་དང་། འཆིང་བའམ། རྡེག་པའམ། ཆུའམ། མེའམ། རྒྱལ་པོའམ། རྐུན་པོའམ། དབུལ་བའམ། ཁྲིམས་འཇིག་པའམ། མི་སྙན་པའམ། ངན་སོང་ངམ། དེ་ལྟ་བུ་ལ་སོགས་པའི་འཇིགས་པ་ཀུན་ཡོངས་སུ་གཅོད་པར་གྱུར་
ཅིག །ཕ་མ་དང་མཁན་པོ་དང་བླ་མ་ལ་ཤིན་ཏུ་བཀུར་སྟི་བྱེད་པར་གྱུར་ཅིག །འཁོན་པ་དང་སྡང་བ་ལ་བྱམས་པ་ཆེན་པོའི་སེམས་སྐྱེ་བར་གྱུར་ཅིག །རྟག་ཏུ་དྲན་པ་ཉེ་བར་གཞག་པ་དྲུག་དང་། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་
Vol. 53 · folio 112b
གཉིས་དང་། སྐྱེ་ཞིང་འགོག་པ་ལ་སོགས་པའི་ལྷག་མཐོང་དང་། དབུགས་ཕྱི་ནང་བགྲང་བ་དང་། ལྷའི་སྤྱོད་པ་དང་། ཚངས་པའི་སྤྱོད་པ་དང་། འཕགས་པའི་སྤྱོད་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་སྒོམ་པར་གྱུར་ཅིག །
དཀོན་མཆོག་གསུམ་མེད་པའི་གནས་སུ་བདག་ཉིད་ཀྱིས་རབ་ཏུ་ཞི་བའི་སེམས་ཐོབ་ཅིང་གལ་ཏེ་ལུས་དང་སེམས་ཉོན་མོངས་པ་ཆེན་པོ་མྱོང་ན་ཡང་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྟོར་བར་མ་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་ཀྱིས་ཆོག་པར་མ་གྱུར་ཅིག །དཀོན་
མཆོག་གསུམ་མེད་པའི་གནས་སུ་རྟག་ཏུ་མུ་སྟེགས་ཅན་གྱི་ཆོས་ལ་རབ་ཏུ་བྱུང་སྟེ་ངན་པར་ལྟ་བ་འཇིག་ཅིང་དེའི་ཆོས་ལ་གོམས་པར་མི་བྱེད་པར་ཆོས་ཀྱི་དབང་དང་། སེམས་ཀྱི་དབང་ཐོབ་པར་གྱུར་ཅིག །འདུས་བྱས་ཀྱི་ཆོས་ཀྱི་སྐྱོན་གསལ་བར་མཐོང་བར་གྱུར་ཅིག །ཇི་ལྟར་
སྲོག་ཕངས་པ་ལུས་གཏོང་བ་ལ་འཇིགས་པ་ལྟར་བདག་དང་ཐེག་པ་གཉིས་ཀྱི་ལམ་གྱི་འབྲས་བུ་ལ་འཇིགས་པར་གྱུར་ཅིག །ཇི་ལྟར་སེམས་ཅན་རྣམས་སུམ་ཅུ་རྩ་གསུམ་གནམ་གྱི་བདེ་ལ་མོས་པ་ལྟར་སེམས་ཅན་གྱི་ཕྱིར་ངན་སོང་གསུམ་ལ་མོས་པར་གྱུར་ཅིག །སེམས་ཅན་
གཅིག་གི་ཕྱིར་ཡང་བསྐལ་པ་ཚད་མེད་པའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ཡང་འགྱོད་པའི་སེམས་མི་སྐྱེ་བར་གྱུར་ཅིག །གཞན་གྱིས་རྙེད་པ་མཐོང་ན་ཕྲག་དོག་མི་སྐྱེད་ཅིང་ཇི་ལྟར་བདག་བདེ་བ་ཐོབ་པ་ལྟར་རྟག་ཏུ་དགའ་བར་གྱུར་ཅིག །གལ་ཏེ་དཀོན་
མཆོག་གསུམ་དང་ཕྲད་ན་ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། གནས་ཁང་དང་། སྙུན་གྱི་རྐྱེན་སྨན་དང་། མར་མེ་དང་། མེ་ཏོག་དང་། སྤོས་དང་། རོལ་མོ་དང་། གདུགས་དང་། བ་དན་དང་། རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་མཆོད་པར་གྱུར་ཅིག །
གལ་ཏེ་སངས་རྒྱས་ཀྱི་ཚུལ་ཁྲིམས་མནོས་ན་ཤིན་ཏུ་བརྟེན་པར་བསྲུངས་ཏེ། ནམས་ཀྱང་འཇིག་པའི་མཚན་ཉིད་མ་སྐྱེད་ཅིག །གལ་ཏེ་བྱང་ཆུབ་སེམས་དཔའི་དཀའ་བ་སྤྱོད་པ་ཐོས་ན་རབ་ཏུ་དགའ་མོས་ཏེ་འགྱོད་པའི་སེམས་མ་སྐྱེད་ཅིག །བདག་གི་སྔོན་གནས་ཀྱི་དངོས་
Vol. 53 · folio 113a
པོ་དྲན་ཞིང་ནམས་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་བྱེད་པར་མ་གྱུར་ཅིག །འབྲས་བུ་སྨིན་པ་ལ་རེ་བའི་ཕྱིར་རྒྱུ་རྐྱེན་སོག་པར་མ་གྱུར་ཅིག །ད་ལྟར་གྱི་བདེ་བ་ལ་ཆགས་ཤིང་ཞེན་པར་མ་གྱུར་ཅིག་ཅེས་ཡི་དམ་འཆའོ། །རིགས་ཀྱི་བུ་
གང་འདི་ལྟ་བུའི་ཡི་དམ་འཆའ་བ་ནི་བྱང་ཆུབ་སེམས་དཔའ་ནམས་ཀྱང་བྱང་ཆུབ་ཀྱི་སེམས་ལས་མི་ལྡོག་མི་སྟོར་བ་ཞེས་ཀྱང་བྱ། སྦྱིན་པའི་བདག་པོ་དེ་བཞིན་གཤེགས་པ་དང་སངས་རྒྱས་ཀྱི་རང་བཞིན་མངོན་པར་མཐོང་བ། སེམས་ཅན་གདུལ་མཁས་པ། འཁོར་བ་ལས་སྒྲོལ་
བ་བླ་ན་མེད་པའི་ཆོས་ཤིན་ཏུ་འཛིན་ཅིང་སྲུང་བ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་ཀྱང་བྱའོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་ཕྱིར་མི་ལྡོག་པའི་སེམས་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་མི་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཕྱིར་མི་ལྡོག་པའི་སེམས་ཡོད་པའི་ཕྱིར་སེམས་ཅན་
ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་མེད་དོ་ཞེས་བྱར་མི་རུང་སྟེ། དཔེར་ན་མི་གཉིས་ཤིག་འདི་སྐད་དུ་ཕྱོགས་གཞན་ཞིག་ན་རིན་པོ་ཆེ་སྣ་བདུན་གྱི་རི་ཡོད་དེ། རི་དེ་ལ་ཆུ་མིག་བཟང་པོ་རོ་དང་ལྡན་པ་ཡང་ཡོད་དོ། །གང་གིས་དེར་ཕྱིན་ན་དབུལ་ཞིང་ཕོངས་པ་མེད་པར་འགྱུར་
ལ། ཆུ་དེ་འཐུངས་ན་ཚེ་རིང་ཞིང་ལོ་བརྒྱ་ཕྲག་སྟོང་ཐུབ་པར་འགྱུར་ཏེ། ཉེན་དུ་ལམ་རིང་ཞིང་ཉམ་ང་བ་དང་བགེགས་མང་ངོ་ཞེས་ཐོས་ནས་དེ་ནས་མི་དེ་གཉིས་ཀ་འགྲོ་བར་གཟས་ནས་གཅིག་གིས་ནི་ལམ་དུ་འགྲོ་བའི་ཡོ་བྱད་ཐམས་ཅད་བཤམས་ནས་ཆས་སོ། །གཅིག་ནི་
སྟོང་པ་ཅི་ཡང་མེད་པར་ཆས་ཏེ། འགྲོགས་ཤིང་ལམ་དུ་སོང་སོང་བ་ལས་རིན་པོ་ཆེ་སྣ་བདུན་མང་པོ་ཐོགས་པའི་མི་ཞིག་དང་ཕྲད་དོ། །དེ་ནས་མི་དེ་གཉིས་ཀྱིས་དྲིས་པ། ཀྱེ་སྐྱེས་བུ་ཆེན་པོ་ཡུལ་དེ་ན་ཡང་དག་པར་རིན་པོ་ཆེ་སྣ་བདུན་གྱི་རི་ཡོད་དམ། དེས་སྨྲས་པ། ཡང་དག་
པར་ཡོད་དེ་མི་བརྫུན་པས་ན་བདག་གིས་རིན་པོ་ཆེ་ཡང་ཐོབ་ལ་ཆུ་ཡང་འཐུངས་ཏེ། ཉེན་དུ་ལམ་ཉམ་ང་ཞིང་འདི་ལ་རྐུན་པོ་དང་ཆོམ་པོ་རྒོད་དེ། མྱ་ངན་དང་ཚེར་མ་ནི་མང་གི་ཆུ་དང་རྩྭ་ནི་མེད་པས་བརྒྱ་ཕྲག་སྟོང་ཙམ་སོང་ཡང་ཕྱིན་པ་ནི་ཤིན་ཏུ་ཉུང་ངོ་། །དེས་སྐད་ཅེས་སྨྲས་པ་ཐོས་
Vol. 53 · folio 113b
ནས་གཅིག་ནི་འགྱོད་པ་སྐྱེས་ཏེ་འདི་སྐད་དུ་ལམ་རིང་ལ། བགེགས་ཤིན་ཏུ་མང་བས་སོང་བ་གྲངས་མེད་ཀྱང་ཕྱིན་པ་ནི་གཅིག་གམ་གཉིས་ལས་མེད་ན། བདག་གིས་ཇི་ལྟར་དེར་ཕྱིན་པར་འགྱུར། བདག་གི་འཚོ་བ་ནི་དེ་ལྟར་བདག་སྤྱོད་པ་ཙམ་ཆོག་ན། གལ་ཏེ་ལམ་དུ་ཞུགས་ཏེ་
སོང་བ་ལས་མ་སྟེས་ན། ལུས་དང་སྲོག་ཡལ་བར་འགྱུར་རོ། །ལུས་དང་སྲོག་མེད་པར་གྱུར་ན་ཚེ་རིང་ཞིང་བདེ་བ་དེ་ག་ལ་ཡོད་ཅེས་སྨྲས་སོ། །གཅིག་ནི་འདི་སྐད་དུ་གཞན་དག་ཕྱིན་པར་གྱུར། བདག་ཡོད་ན་བདག་ཀྱང་ཕྱིན་པར་བྱའོ། །གལ་ཏེ་ཕ་རོལ་ཏུ་ཕྱིན་པར་གྱུར་ན་ཡིད་
བཞིན་དུ་རིན་པོ་ཆེ་བླང་ཞིང་ཆུ་མིག་བཟང་པོ་ཡང་བཏུང་ངོ་། །ཇི་སྟེ་མ་ཐར་ན་སྲོག་གིས་འཇལ་ལོ་ཞེས་སྨྲས་སོ། །དེ་ནས་མི་གཉིས་གཅིག་ནི་འགྱོད་དེ་ཕྱིར་ལོག་གོ། །གཅིག་ནི་ཆས་ཏེ་སོང་ངོ་། །ཆས་པ་དེ་རི་དེར་ཕྱིན་ནས་རིན་པོ་ཆེ་མང་པོ་བླངས་ཏེ་ཡིད་བཞིན་དུ་ཆུ་ཡང་འཐུངས་
ནས་རིན་པོ་ཆེ་མང་པོ་དང་ཕྱིར་ལོག་ནས། ཕ་མ་ལ་དབུལ་ཞིང་གཉེན་བཤེས་ཐམས་ཅད་ལ་ཡང་ཆོག་པར་བྱིན་ནོ། །དེའི་ཚེ་འགྱོད་དེ་ཕྱིར་ལོག་པ་དེས་དེ་ལྟ་བུའི་དངོས་པོ་དག་མཐོང་ནས་སེམས་ལ་རབ་ཏུ་གདུང་བ་སྐྱེས་ཏེ། དེས་སོང་བ་ལས་ཀྱང་ཕྱིར་ལོག་ན། བདག་ད་ཅིའི་ཕྱིར་
འདུག་ཅེས་སྨྲས་ནས་ཆས་ཏེ་སོང་ངོ་། །དེ་ལ་རིན་པོ་ཆེ་སྣ་བདུན་གྱི་རི་ནི་མྱ་ངན་ལས་འདས་པ་ཆེན་པོ་ལྟ་བུའོ། །ཆུ་ཞིམ་པོ་ནི་སངས་རྒྱས་ཀྱི་རང་བཞིན་ལྟ་བུའོ། །མི་གཉིས་པོ་ནི་ཐོག་མ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་གཉིས་ལྟ་བུའོ། །ལམ་ཉམ་ང་བ་ནི་འཁོར་
བ་ལྟ་བུའོ། །ལམ་དུ་ཕྲད་པའི་མི་ནི་སངས་རྒྱས་བཅོམ་ལྡན་འདས་ལྟ་བུའོ། །ཆོམ་ཤོད་རྒོད་པ་ནི་བདུད་བཞི་ལྟ་བུའོ། །མྱ་ངན་དང་ཚེར་མ་ནི་ཉོན་མོངས་པ་རྣམས་ལྟ་བུའོ། །ཆུ་དང་རྩྭ་མེད་པ་ནི་བྱང་ཆུབ་ཀྱི་ལམ་མི་སྒོམ་པ་ལྟ་བུའོ། །གཅིག་ཕྱིར་ལྡོག་པ་ནི་བྱང་ཆུབ་སེམས་
དཔའ་ཕྱིར་ལྡོག་པ་ལྟ་བུའོ། །ཆས་ཏེ་སོང་བ་ནི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ལྟ་བུའི་དཔེར་རིག་པར་བྱའོ། །རིགས་ཀྱི་བུ་སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ནི་རྟག་ཏུ་གནས་ཤིང་མི་འགྱུར་བ་སྟེ། ལམ་ཉམ་ང་བའི་ཕྱིར་འགྱོད་དེ་ཕྱིར་ལྡོག་པས་ལམ་མི་རྟག་གོ་ཞེས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words