འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ

Sanskrit title (Tibetan script, as in the text) ཨཱརྱ་ཨ་ཛཱ་ཏ་ཤ་ཏྲུ་ཀཽ་ཀྲྀཏྟྱ་བི་ནོ་ད་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 62 · folio 211b

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཛཱ་ཏ་ཤ་ཏྲུ་ཀཽ་ཀྲྀཏྟྱ་བི་ནོ་ད་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་

བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་རི་བྱ་རྒོད་ཀྱི་ཕུང་པོ་ལ། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་

གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ལྷགས་པ་བརྒྱད་ཁྲི་བཞི་སྟོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། མི་སྐྱེ་བའི་ཆོས་ལ་

བཟོད་པ་ཐོབ་པ། ཏིང་ངེ་འཛིན་དང་གཟུངས་སྒྲུབ་པ་ཤེས་ཤིང་མཁས་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཇི་ལྟར་མོས་པ་བཞིན་དུ་ཆོས་སྟོན་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་། དེ་མ་ཡིན་

པ་གཞན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བརྒྱ་སྟོང་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །ཡང་དེའི་ཚེ་དེའི་དུས་ན་འཇམ་དཔལ་གཞོན་ནུར་གྱུར་པ་རི་ཞིག་གི་བང་རིམ་གྱི་

ངོས་ལ་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་ཏུ་གནས་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀླུ་དཔལ་དང་། ཀླུས་བྱིན་དང་། དཔལ་འབྱུང་དང་། དཔལ་གྱི་སྙིང་པོ་དང་། པད་མ་བླ་མའི་དཔལ་དང་། པད་མ་དཔལ་འབྱུང་དང་། སྐྱེ་བོ་འཛིན་དང་། ས་འཛིན་དང་། ལག་

Vol. 62 · folio 212a

ན་རིན་ཆེན་དང་། ལག་ན་རིན་ཆེན་ཕྱག་རྒྱ་དང་། སེང་གེའི་བློ་གྲོས་དང་། སེང་གེའི་འགྲོས་བསྒྲགས་དབྱངས་དང་། ནམ་མཁའ་མཛོད་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོས་སྒྱུར་བ་དང་། ཚིག་གི་རབ་ཏུ་ཐ་དད་པ་ཐམས་ཅད་ལ་སྤོབས་པ་དང་། སྤོབས་

པའི་ཕུང་པོ་དང་། བློ་གྲོས་རྒྱ་མཚོ་དང་། ལྷུན་པོ་ཆེན་པོ་དང་། མཐོང་ན་དགའ་བ་དང་། རབ་ཏུ་དགའ་བའི་རྒྱལ་པོ་དང་། མཐའ་ཡས་མཐོང་བ་དང་། མཐའ་ཡས་དམིགས་པར་གནས་པ་དང་། བདུད་ཀྱི་ལྟ་བ་ཡང་དག་པར་འཇོམས་པ་དང་། མྱ་ངན་མེད་སྦྱིན་དང་། དོན་ཐམས་ཅད་གྲུབ་

པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་པོ་དེ་དག་དང་ལྷན་ཅིག་ཏུ་གནས་སོ། །དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་བཞི་ཡང་ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲང་བར་གྱུར་ཏེ། ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་བ་དང་།

ལྷའི་བུ་མེ་ཏོག་འོད་ཟེར་ཅན་ཞེས་བྱ་བ་དང་། ལྷའི་བུ་མེ་ཏོག་མན་དཱ་ར་བའི་དྲི་ཞེས་བྱ་བ་དང་། ལྷའི་བུ་ཆོས་ལ་གནས་པར་རྟག་ཏུ་བརྩོན་པ་ཞེས་བྱ་བ་དེ་དག་དང་། ལྷའི་བུ་མང་པོ་གཞན་དག་ཀྱང་འདི་ལྟ་སྟེ། ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲང་བར་

གྱུར་ཏོ། །འདི་ལྟ་སྟེ། སྐྱེས་བུ་དམ་པ་དེ་དག་དང་། ལྷའི་བུ་དེ་དག་ཚོགས་ཤིང་འཁོད་པ་ལས་བར་སྐབས་སུ་ཀྱེ་གྲོགས་པོ་དག་སངས་རྒྱས་ཀྱི་ཡེ་ཤེས་ནི་རྒྱ་ཆེ་བ། དཔག་ཏུ་མེད་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། མི་རྟོགས་

པ། མི་མཉམ་པ་དང་མཉམ་པ། བླ་ན་མེད་པ་ཡིན་ཏེ། དེ་ནི་གོ་ཆ་དམ་པ་མ་ཡིན་པས་རྟོགས་པར་མི་ནུས་ན་གོ་ཆ་ཇི་ཙམ་ཞིག་བགོས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་ཞེས་དེ་ལྟ་བུའི་གཏམ་རྗོད་པར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་ཀླུ་དཔལ་

གྱིས་སྨྲས་པ། དགེ་བའི་རྩ་བའི་ཚོགས་བསགས་པ་བསྔོ་བ་ལ་ཆོག་མི་ཤེས་པའི་དགེ་བའི་རྩ་བ་ལ་གཞོག་པར་གནས་ཤིང་མི་བརྗེད་པའི་གོ་ཆ་བགོས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ཀླུས་བྱིན་གྱིས་སྨྲས་པ། སེམས་སྙོམས་པ་དང་། སེམས་

Vol. 62 · folio 212b

དུལ་བ་དང་། སེམས་འཇམ་པ་དང་། སེམས་དྲང་བ་དང་། སེམས་མཉེན་པ་དང་། སེམས་ཅང་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡི་དམ་བརྟན་པོ་སྙིང་པོ་ལ་གནས་པའི་གོ་ཆ་བགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས། ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་

ཆུབ་སེམས་དཔའ་དཔལ་འབྱུང་གིས་སྨྲས་པ། ཀྱེ་གྲོགས་པོ་དག་བསྐལ་པའི་གྲངས་ཀྱིས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། བསྐལ་པ་དཔག་ཏུ་མེད་པར་གོ་ཆ་བགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་དཔལ་གྱི་

སྙིང་པོས་སྨྲས་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདག་གི་བདེ་བ་ལ་ཆགས་ཤིང་གནས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། བདག་གི་བདེ་བ་ལ་མ་ཆགས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་ཏེ། གང་ཟང་ཟིང་མེད་པ་ལན་དུ་བྱ་བ་མ་ཡིན་པའི་བདེ་

བ་དེ་སེམས་ཅན་ཐམས་ཅད་ལ་བསྟབས་སོ་ཞེས་སེམས་ཅན་ཐམས་ཅད་བདེ་ཞིང་བདེ་བ་དང་ལྡན་པ་ལ་གཞོག་པར་བྱེད་པ་དེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་པད་མ་བླ་མའི་དཔལ་གྱིས་སྨྲས་པ། བདག་ཉིད་མ་དུལ། མ་བསྲུངས།

མ་བྱང་བ་དེས་ཕ་རོལ་མ་དུལ་མ་བསྲུངས། མ་བྱང་བ་དུལ་བར་བྱ་བ་དང་། ཞི་བར་བྱ་བའི་གནས་དེ་ནི་མེད་ཀྱིས། བདག་ཉིད་ཤིན་ཏུ་དུལ། ཤིན་ཏུ་བསྲུངས། ཤིན་ཏུ་བྱང་བ་དེས་ཕ་རོལ་མ་དུལ། མ་བསྲུངས། མ་བྱང་བ། དུལ་བར་བྱ་བ་དང་། ཞི་བར་བྱ་བའི་གནས་དེ་ནི་ཡོད་དོ་ཞེས་

བཅོམ་ལྡན་འདས་ཀྱིས་ཀྱང་དེ་སྐད་གསུངས་ཏེ། དེ་བས་ན་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་ཞུགས་ཤིང་ཕ་རོལ་དུལ་བ་དང་། ཞི་གནས་དང་འཐུན་པར་བྱ་བ་ལ་མཁས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་པད་མ་དཔལ་འབྱུང་གིས་སྨྲས་པ།

ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཆོས་དང་འབྲེལ་པས་འཇིག་རྟེན་ལས་འདའ་བར་མི་ནུས་ཀྱི། གང་འཇིག་རྟེན་གྱི་ཆོས་དང་མ་འབྲེལ་བ་དེ་ནི་འཇིག་རྟེན་ལས་འདའ་བར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་གང་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་།

Vol. 62 · folio 213a

བསྟོད་པ་དང་། སྨད་པ་དང་། བདེ་བ་དང་སྡུག་བསྔལ་བས་མི་འཕྲོགས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཁེངས་པ། མ་དུད་པ་དེས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་སླའོ། །བྱང་ཆུབ་སེམས་དཔའ་སྐྱེ་བོ་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་གཞན་

ལ་ཀླན་ཀ་ཚོལ་བས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། གཅིག་པུ་གཉིས་སུ་མེད་ལ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པས་སེམས་ཅན་ཐམས་ཅད་ཀྱི་གང་ཅི་ཡང་རུང་། ཡོངས་སུ་ཐོབ་པར་བྱ་བ་དེ་ཐམས་ཅད་བདག་

གིས་ཡོངས་སུ་ཐོབ་པར་བྱའོ་ཞེས། དགེ་བའི་རྩ་བ་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སེམས་བསྐྱེད་དེ། ཡུད་ཙམ་དུ་ཡང་བརྩོན་འགྲུས་མི་གཏོང་ཞིང་དེ་ལྟར་བརྩོན་འགྲུས་ལ་གནས་པའི་བྱང་ཆུབ་

སེམས་དཔས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ས་འཛིན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འདི་ལྟ་སྟེ། དཔེར་ན་ས་ནི་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་ཀྱི་གནས་ཡིན་ཏེ། དེ་ལ་གནས་ཤིང་རྩྭ་དང་། ཤིང་

གེལ་པ་དང་། སྨན་དང་། ནགས་ཚལ་གྱི་ས་བོན་ཐམས་ཅད་སྐྱེ་བར་འགྱུར་མོད་ཀྱི་ས་ཆེན་པོ་དེ་ནི་ལན་རེ་བ་ཡང་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་ས་ཆེན་པོ་ལས་འཚོ་མོད་ཀྱི། ས་ཆེན་པོ་ནི་སྐྱོ་བར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆགས་པ་དང་།

ཞེ་སྡང་བའི་སེམས་དང་བྲལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་དང་ལན་རེ་བ་མེད་པའི་ཕྱིར་ས་དང་འདྲ་བར་སེམས་བསྐྱེད་ན་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་གྱིས་སྨྲས་པ། ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག་འདི་ནི་གོ་

ཆ་ཆེན་པོ་ཡིན་ཏེ། དམན་པ་ལ་མོས་པས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི། གང་གཉིད་ལོག་པའི་རྨི་ལམ་ན་ཡང་ཐེག་པ་གཉིས་ལ་སེམས་མི་འཇུག་ཅིང་རིན་པོ་ཆེའི་སེམས་ཐམས་ཅད་མཁྱེན་པའི་སེམས་དེ་ཕ་རོལ་དག་ཀྱང་འདོད་པར་བྱེད་དུ་འཇུག་ལ་རིན་པོ་ཆེའི་

Vol. 62 · folio 213b

སེམས་དེ་ལ་སེར་སྣ་མི་བྱེད་ཀྱི། སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་གོ་ཆ་དེ་སྐོན་པར་བྱེད་ཅིང་སེམས་མཉམ་པ་མེད་པ་དེ་འང་གང་བའམ་བྲི་བར་ཡང་མི་མཐོང་ཞིང་། དེ་ལྟར་སེར་སྣ་མེད་པའི་སེམས་ཀྱིས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ལག་ན་

རིན་ཆེན་ཕྱག་རྒྱས་སྨྲས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འགྲོ་བ་དྲུག་ཏུ་ལྷུང་གིས། དེ་དང་དེ་དག་ཏུ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་ཕྱག་རྒྱ་རིན་པོ་ཆེའི་ཕྱག་རྒྱ་གསུམ་གྱིས་བཏབ་པ་སྦྱིན་པར་བྱ་སྟེ། སེམས་ཅན་ཐོས་པ་ཉུང་བ་རྣམས་ལ་ནི་

ཐོས་པའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་སེར་སྣ་ཅན་རྣམས་ལ་ནི་གཏོང་བའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་ངང་ཚུལ་ངན་པ་ཅན་རྣམས་ལ་ནི་ཚུལ་ཁྲིམས་ཀྱི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་གནོད་སེམས་ཅན་རྣམས་ལ་ནི་བཟོད་པའི་ལག་པ་སྦྱིན་པར་

བྱའོ། །སེམས་ཅན་ལེ་ལོ་ཅན་རྣམས་ལ་ནི་བརྩོན་འགྲུས་ཀྱི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་དྲན་པ་ཉམས་པ་རྣམས་ལ་ནི་བསམ་གཏན་ཐོབ་པའི་ལག་པ་སྦྱིན་པར་བྱའོ། །སེམས་ཅན་ཤེས་རབ་འཆལ་པ་རྣམས་ལ་ནི་ཤེས་རབ་ཀྱི་ལག་པ་སྦྱིན་པར་བྱ་སྟེ། སེམས་

ཅན་དག་ཆོས་དཀར་པོ་གང་དང་གང་དག་ལས་བྲལ་བར་གྱུར་པའི་ཆོས་དེ་དང་དེ་དག་ཉིད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལག་པ་སྦྱིན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བའི་ལག་པ་ཡང་རིན་པོ་ཆེའི་ཕྱག་རྒྱ་གསུམ་གྱིས་གདབ་པར་བྱའོ། །གསུམ་གང་

དག་ཡིན་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བསྔོ་བ་རིན་པོ་ཆེའི་ཕྱག་རྒྱས་གདབ་པར་བྱ་བ་དང་། བདག་གི་དགེ་བའི་རྩ་བ་ཡོངས་སུ་འགྲུབ་པ་རིན་པོ་ཆེའི་ཕྱག་རྒྱས་གདབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་

ནམ་མཁའི་རང་བཞིན་གྱི་ཕྱག་རྒྱས་གདབ་པར་བྱ་བ་སྟེ། རིགས་ཀྱི་བུ་དེ་འདྲ་བའི་གནས་ལ་གནས་པས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་སེང་གེའི་བློ་གྲོས་ཀྱིས་སྨྲས་པ། ཀྱེ་མའོ་གྲོགས་པོ་དག་འདི་ནི་མི་འཇིགས་

Vol. 62 · folio 214a

པའི་གོ་ཆའོ། །འདི་ནི་མི་སྐྲག་པའི་གོ་ཆའོ། །འདི་ནི་མ་ཞུམ་པའི་གོ་ཆའོ། །འདི་ནི་ལེ་ལོ་མེད་པའི་གོ་ཆའོ། །ཀྱེ་གྲོགས་པོ་དག་དེ་བས་ན་མི་འཇིགས་པ་དང་། སེམས་མི་སྐྲག་པ་དང་། མ་ཞུམ་པ་དང་། ལེ་ལོ་མེད་པ་དང་། འཇིགས་ཤིང་སྐྲག་པ་སྐྱི་བུང་ཞེས་བྱེད་པ་

དང་བྲལ་བ་དང་། འཁོར་བའི་ཉེས་པ་མི་སྐྱེད་པ་དང་། མྱ་ངན་ལས་འདའ་བའི་ཡོན་ཏན་ཡང་དག་པར་མཐོང་བ་དང་། བདེ་བ་དང་སྡུག་བསྔལ་བའི་ཆོས་ལ་སྙོམས་པར་གནས་པ་དང་། མི་གཉིས་པ་ལ་གནས་པ་དང་ལྡན་པས་ཐམས་ཅད་མཁྱེན་པ་རྟོགས་པར་སླའོ། །བྱང་ཆུབ་སེམས་

དཔའ་སེང་གེའི་འགྲོས་བསྒྲགས་དབྱངས་ཀྱིས་སྨྲས་པ། ཀྱེ་གྲོགས་པོ་དག་འགྲོས་དེ་ནི་སྐྱེས་བུ་ངན་པའི་མ་ཡིན་གྱི། དེ་ནི་སྐྱེས་བུ་དམ་པའི་འགྲོས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་དག་ནི་སྡིག་པའི་ལྟ་བ་དང་བྲལ་བས་ཡང་དག་པ་ལ་ཞུགས་པ་ཡིན་ནོ། །སྐྱེས་བུ་དམ་པ་

དག་ནི་རྟག་པར་དྲང་བའི་རང་བཞིན་དང་ལྡན་པས་གཡོ་མེད་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་བླ་མ་ལ་རིམ་གྲོ་སྐྱེས་པས་ང་རྒྱལ་བཅོམ་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་བསྟན་ན་འཐུན་པར་ལེན་པས་ཚིག་བཟང་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཡང་དག་པའི་འཚོ་བ་ལ་གནས་པས་ལས་

ཀྱི་མཐའ་གྲགས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་སྐྱོ་བ་དང་བྲལ་བས་འདོད་ཆགས་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཁོང་ཁྲོ་བ་དང་བྲལ་བས་ཞེ་སྡང་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཞི་བ་རབ་ཏུ་ཞི་བ་ཉེ་བར་ཞི་བས་མུན་པ་མུན་ནག་དང་བྲལ་བ་ཡིན་ནོ། །སྐྱེས་བུ་དམ་པ་

དག་ནི་སྡུག་བསྔལ་བ་དང་དབུལ་པོ་ལ་སྙིང་རྗེ་བར་གྱུར་པས་འཇམ་པ་རྣམས་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་ཡོངས་སུ་དག་པས་འཛེམ་པ་དང་བཅས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དེ་དག་བྱ་བ་ལ་ཡང་དག་པར་ཞུགས་པས་ཇི་སྐད་སྨྲས་

པ་བཞིན་དུ་བྱེད་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་རྟག་ཏུ་བརྟུལ་བ་བརྟན་པས་ལྷག་པའི་བསམ་པ་དང་ལྡན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ལོག་པའི་ཆོས་དང་བྲལ་བས་བདེན་པ་ལ་གནས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཆོས་ཀྱི་དགའ་བས་དགའ་ཞིང་མགུ་བས་ཆོས་འདོད་པ་ཡིན་

Vol. 62 · folio 214b

ནོ། །སྐྱེས་བུ་དམ་པ་དག་ནི་ལུས་དང་སྲོག་གཏོང་བས་དམ་པའི་ཆོས་ཡོངས་སུ་འཛིན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་སེམས་ཅན་ཐམས་ཅད་དང་འབྲེལ་བས་མི་གཏོང་བ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དོན་དམ་པའི་རྗེས་སུ་འཇུག་པས་ཉེས་པ་མཐོང་བ་ཡིན་ནོ། །སྐྱེས་བུ་དམ་པ་

དག་ནི་སྡིག་པའི་ཆོས་རྣམ་པར་སྤངས་པས་དགེ་བའི་ཆོས་ལ་ཞུགས་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་དབུལ་པོ་རྣམས་ཀྱི་གཏེར་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ནད་པ་རྣམས་ཀྱི་སྨན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་འཇིགས་པ་རྣམས་ཀྱི་མགོན་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་

དཔུང་གཉེན་མེད་པ་རྣམས་ཀྱི་སྐྱབས་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་འཁོར་བའི་རྒྱ་མཚོར་ཞུགས་པ་རྣམས་ཀྱི་གནས་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་རྟེན་མེད་པ་རྣམས་ཀྱི་རྟེན་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་མུན་པ་མུན་ནག་ཏུ་ཞུགས་པ་རྣམས་ཀྱི་སྣང་བར་བྱེད་པ་ཡིན་ནོ། །སྐྱེས་བུ་

དམ་པ་དག་ནི་ལམ་ངན་པར་ཞུགས་པ་རྣམས་ཀྱི་འདྲེན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་ཆོས་སྨྲ་བ་རྣམས་ཀྱི་ཡོངས་སུ་འདྲེན་པ་ཡིན་ནོ། །སྐྱེས་བུ་དམ་པ་དག་ནི་བཟོད་པ་དང་དུལ་བའི་རྣལ་འབྱོར་དང་ལྡན་པས་ཐ་བའི་ཉེས་པ་དང་། གནོད་སེམས་དང་། གནོང་བ་འཆབ་པ་དང་། ཁྲོ་

བའི་ཡོངས་སུ་གདུང་བ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་ལྟ་བས་ན་སྐྱེས་བུ་དམ་པ་དག་དེ་འདྲ་བའི་ཆོས་ལ་གནས་པས་ནི་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སྨྲས་པ། ནམ་མཁའ་དཔག་ཏུ་མེད་པ་བཞིན་དུ་བྱམས་པ་སྒོམ་པའི་

རྣལ་འབྱོར་དང་ལྡན་པ། སྙིང་རྗེ་ཆེན་པོ་ལ་གནས་པ་རྒྱུན་མི་འཆད་པ། དབང་པོ་རྟག་ཏུ་དགའ་ཞིང་དགོད་པ། འདོད་པའི་དགའ་བ་ཐམས་ཅད་ལ་བཏང་སྙོམས་སུ་གཏོང་བ། སྦྱིན་པ་ནམ་མཁའ་དང་མཚུངས་པ། ཚུལ་ཁྲིམས་ནམ་མཁའ་དང་མཚུངས་པ། བཟོད་པ་ནམ་མཁའ་

དང་མཚུངས་པ། བརྩོན་འགྲུས་ནམ་མཁའ་དང་མཚུངས་པ། བསམ་གཏན་ནམ་མཁའ་དང་མཚུངས་པ། ཤེས་རབ་ནམ་མཁའ་དང་མཚུངས་པས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོས་སྒྱུར་བས་

Vol. 62 · folio 215a

སྨྲས་པ། སེམས་བསྐྱེད་པ་གང་ལས་བདུད་སྡིག་ཅན་གྱིས་གླགས་རྙེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་མཉེས་པར་མི་འགྱུར་བ་དང་། ལྷ་མི་དགའ་བར་འགྱུར་བ་དང་། བདག་གི་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར་འགྱུར་བའི་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་

སེམས་དཔས་མི་བསྐྱེད་པར་བྱའི། སེམས་བསྐྱེད་པ་གང་ལས་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དང་། དེ་བཞིན་གཤེགས་པ་མཉེས་པར་འགྱུར་བ་དང་། ལྷ་དག་དགའ་བར་འགྱུར་བ་དང་། བདག་གི་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར་མི་འགྱུར་བའི་སེམས་བསྐྱེད་པ་

དེ་དག་ནི་བསྐྱེད་པར་བྱ་སྟེ། དེ་དེ་ལྟར་ཞུགས་ན་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བྱང་ཆུབ་སེམས་དཔའ་དེས་སེམས་བསྐྱེད་མ་ཐག་ཏུ་རྒྱུ་དང་དམིགས་པའི་རྐྱེན་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དང་། དེ་བཞིན་

གཤེགས་པའི་བྱང་ཆུབ་ཀྱང་མ་སྐྱེས་པ་ལས་རྟོགས་པར་འགྱུར་ལ། བྱང་ཆུབ་ཇི་ལྟ་བར་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཡང་དེ་བཞིན་དུ་ཤེས་ཏེ། སེམས་ཀྱི་བསམ་པའི་གོ་ཆ་དེ་དག་གིས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ཚིག་གི་རབ་ཏུ་ཐ་དད་པ་ཐམས་

ཅད་ལ་སྤོབས་པས་སྨྲས་པ། སྐྱེས་བུ་དམ་པ་དག་བྱང་ཆུབ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཀུན་ནས་ཉོན་མོངས་པའི་རྗེས་སུ་སོང་བ། རྣམ་པར་བྱང་བའི་རྗེས་སུ་སོང་བ། འདུས་བྱས་ཀྱི་རྗེས་སུ་སོང་བ། འདུས་མ་བྱས་ཀྱི་རྗེས་སུ་སོང་བ། ཟག་པ་དང་བཅས་པའི་རྗེས་སུ་སོང་

བ། ཟག་པ་མེད་པའི་རྗེས་སུ་སོང་བ། ཁ་ན་མ་ཐོ་བ་དང་བཅས་པའི་རྗེས་སུ་སོང་བ། ཁ་ན་མ་ཐོ་བ་མེད་པའི་རྗེས་སུ་སོང་བ། དགེ་བའི་རྩ་བའི་རྗེས་སུ་སོང་བ། མི་དགེ་བའི་རྩ་བའི་རྗེས་སུ་སོང་བ། འཇིག་རྟེན་གྱི་ཆོས་ཀྱི་རྗེས་སུ་སོང་བ། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྗེས་

སུ་སོང་བ། འཁོར་བའི་རྗེས་སུ་སོང་བ། མྱ་ངན་ལས་འདས་པའི་རྗེས་སུ་སོང་བ། ཆད་པ་དང་རྟག་པའི་རྗེས་སུ་སོང་བ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རྗེས་སུ་སོང་བ་སྟེ། སྐྱེས་བུ་དམ་པ་དག་བྱང་ཆུབ་ནི་ས་དང་ཆུ་དང་། མེ་དང་། རླུང་དང་། ནམ་མཁའི་རྗེས་

Vol. 62 · folio 215b

སུ་སོང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་འདི་ལྟ་བུའི་རང་བཞིན་ཏེ། རང་བཞིན་སྟོང་པ་ཉིད་དོ། །དེ་དག་ནི་བརྗོད་པ་གང་དང་གང་གིས་བརྗོད་པར་བྱ་བའི་རྣམ་པ་དེ་ཐམས་ཅད་སྟོང་པ་ཉིད་སྨོས་པར་བྱེད་པའོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའི་དབྱིངས་ནི་ཐམས་

ཅད་ཀྱི་རྗེས་སུ་སོང་ངོ་། །དེ་བཞིན་དུ་བྱང་ཆུབ་ཀྱང་ཐམས་ཅད་ཀྱི་རྗེས་སུ་སོང་སྟེ། སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་ཡེ་ཤེས་ལ་མོས་པ་ནི་དམིགས་པ་ཐམས་ཅད་ལ་སྤོབས་པ་འབྱུང་ཞིང་དེ་ནི་ཚིག་གི་རབ་ཏུ་ཐ་དད་པ་ཤེས་པ་ཐམས་ཅད་ཀྱང་འཐོབ་པར་

འགྱུར་ཏེ། ཚུལ་གཅིག་ལ་འཇུག་པ་དེས་ཐམས་ཅད་མཁྱེན་པ་རྟོགས་སོ། །བྱང་ཆུབ་སེམས་དཔའ་སྤོབས་པའི་ཕུང་པོས་སྨྲས་པ། ཀྱེ་གྲོགས་པོ་དག་བརྗོད་པ་ཐམས་ཅད་ནི་བརྗོད་དུ་མེད་པ་སྟེ། སྒྲ་ཐམས་ཅད་བསྙད་དུ་མེད་པའོ། །བྱང་ཆུབ་སེམས་དཔའ་ཡེ་

ཤེས་དེ་ལ་མོས་པ་ནི་སེམས་མི་གཡོ་བར་འདུག་པ་ཡིན་ཏེ། སྙན་པར་སྨྲས་པ་དང་། མི་སྙན་པར་སྨྲས་པ་ལ་དགའ་བ་དང་ཞུམ་པ་མེད་དོ། །འདི་ལྟ་སྟེ། དཔེར་ན་རི་ལྷུན་པོའི་ཕུང་པོ་ལ་རླུང་བབ་པ་ལས་སླར་ལོག་ན་རི་ལྷུན་པོ་ནི་གཡོ་བའང་མེད། རབ་ཏུ་གཡོ་བའང་མེད་དོ། །

རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་འདྲ་བའི་ཡེ་ཤེས་རྟོགས་པས་ཐམས་ཅད་ཀྱི་སྒྲ་དང་བརྗོད་པ་ཀུན་བཟོད་དེ། གཡོ་བར་མི་བྱེད། རབ་ཏུ་གཡོ་བར་མི་བྱེད་ཅིང་ཕ་རོལ་མུ་སྟེགས་ཅན་གྱི་སྨྲ་བ་གང་ལ་ཡང་ཆགས་པར་མི་འགྱུར། དེ་བཞིན་གཤེགས་པའི་བཀའ་དང་། མུ་

སྟེགས་ཅན་གྱི་ཚིག་ཀྱང་ཆོས་མཉམ་པ་ཉིད་དུ་མཐོང་། མཉམ་པ་ཉིད་ལའང་འགལ་བར་མི་བྱེད། མུ་སྟེགས་ཅན་ཐམས་ཅད་ཀྱི་སྤོབས་པ་ཐམས་ཅད་ཀྱང་ཟད་པའི་ཆོས་སུ་མཐོང་། ཟད་པའི་ཆོས་ཀྱི་ཆོས་ལ་ང་རྒྱལ་ཆེན་པོར་ཡང་མི་བྱེད་དེ། སྐྱེས་བུ་དམ་པ་དག་བྱང་ཆུབ་

སེམས་དཔའ་དེ་འདྲ་བའི་ཡེ་ཤེས་ལ་མོས་པ་ནི་མྱུར་དུ་ཐམས་ཅད་མཁྱེན་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་སྨྲས་པ། སྐྱེས་བུ་དམ་པ་དག་བྱང་ཆུབ་སེམས་དཔས་ཐོས་པ་ཐམས་ཅད་གཟུང་བའི་ཕྱིར་བློ་གྲོས་རྒྱ་མཚོ་ལ་སེམས་འཇུག་པ་རྟོགས་པར་

Vol. 62 · folio 216a

བྱའོ། །ཆོས་ཉིད་ལ་སྣ་ཚོགས་མེད་པའི་ཕྱིར་དེས་ཆོས་རོ་གཅིག་པ་ལ་མོས་པར་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བའི་ཕྱིར་དེས་ཆོས་ཉིད་ལ་བརྟག་པར་བྱའོ། །ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་མ་བྲི་བ་དང་མ་འཕེལ་བར་བྱའོ། །

བསོད་ནམས་མི་ཟད་པའི་ཕྱིར་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ། །ཆད་པ་དང་རྟག་པ་ལས་དབེན་པའི་ཕྱིར་དེས་མཐའ་གཉིས་རྟོགས་པར་བྱའོ། །སེམས་ཀྱི་སྒོམ་པ་ཚད་མེད་པའི་ཕྱིར་དེས་ཆོས་ཐམས་ཅད་ལ་བརྟག་པར་བྱའོ། །ཆོས་ཡང་དག་

པར་མི་བརྗེད་པའི་ཕྱིར་བདག་གི་དྲན་པའི་སྟོབས་བསྐྱེད་པ་ཡང་ཡོངས་སུ་གཞག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་སྙོམས་པར་ཆོས་འཆད་པའི་ཕྱིར་དེས་སྙེམས་པ་ཐམས་ཅད་ཡང་དག་པར་བཅོམ་པ་ཡོངས་སུ་རྫོགས་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྷུར་

བྱེད་པའི་ཕྱིར་མི་དགེ་བའི་ཆོས་ཐམས་ཅད་དང་མི་འགྲོགས་པར་བྱའོ། །སྐྱེས་བུ་དམ་པ་དག་དྲན་པའི་ཡེ་ཤེས་ཀྱི་གོ་ཆ་དེས་ནི་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་ལྷུན་པོ་ཆེན་པོས་སྨྲས་པ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཡེ་ཤེས་དེ་ནི་འཇིག་རྟེན་ཐམས་

ཅད་ལས་མངོན་པར་འཕགས་པའི་ཡེ་ཤེས་ཏེ། དེ་ནི་ཚད་ཡོད་པའི་སྤྱོད་པས་རྟོགས་པར་མི་ནུས་སོ། །དེ་བས་ན་བསམ་པ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། ཐོས་པ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། དད་པ་འཇིག་རྟེན་ཐམས་ཅད་

ལས་མངོན་པར་འཕགས་པ་དང་། སྦྱིན་པ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་དང་། བསོད་

ནམས་རི་རབ་ལྷུན་པོ་བཞིན་དུ་མངོན་པར་འཕགས་པས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བས་སྨྲས་པ། སྐྱེས་བུ་དམ་པ་དག་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་བདག་གི་གཟུགས་ཀྱི་སེམས་ཡོངས་སུ་དག་པས་གཟུགས་སུ་

Vol. 62 · folio 216b

སྣང་བ་ཡིད་དུ་མི་འོང་བ་གང་ཡང་མིག་གིས་མཐོང་ཞིང་སྣང་བར་མི་འགྱུར། བདག་གི་རྣ་བའི་སེམས་ཡོངས་སུ་དག་པས་སྒྲ་ཡིད་དུ་མི་འོང་བ་གང་ཡང་རྣ་བས་ཐོས་ཤིང་གྲག་པར་མི་འགྱུར། དེ་བཞིན་དུ་དྲི་ཡང་མ་ཡིན། རོ་ཡང་མ་ཡིན། རེག་ཀྱང་མ་ཡིན། རང་གི་ཡུལ་གྱི་སེམས་

ཡོངས་སུ་དག་པས་ཆོས་ཡིད་དུ་མི་འོང་བ་གང་ཡང་ཡིད་ལ་སྣང་བར་མི་འགྱུར། རང་གི་སེམས་ཡོངས་སུ་དག་པས་ཡིད་དགའ་བ་དང་། མི་དགའ་བ་དང་། མ་འབྲེལ་ཅིང་སེམས་ཅན་གང་ཡང་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་མ་ཡིན་པར་མ་མཐོང་སྟེ། གང་ལོག་པར་ངེས་པ་དེ་དག་

ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་སྣོད་དུ་འགྱུར་བར་མཐོང་ཞིང་། གང་བདག་ཤིན་ཏུ་དགའ་བར་གྱུར་པའི་དངོས་པོ་དེ་དགའ་ཞིང་ཡོངས་སུ་གཏོང་ལ་བྱིན་ནས་ཀྱང་མི་འགྱོད་པ་ཡིན་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་

སེམས་དཔའ་རབ་དུ་དགའ་བའི་རྒྱལ་པོས་སྨྲས་པ། གང་གི་ཚེ་ན་སྤྱོས་པ་དང་། བརྒྱད་པ་དང་། སྨད་པ་དང་། བརྙས་པ་དང་། བརྡེགས་པ་དང་། ཚར་བཅད་ན་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་སྐྱེད་ཅིང་གང་ཟག་དེ་ལ་ཡང་དགེ་བའི་བཤེས་གཉེན་དུ་འདུ་ཤེས་

སྐྱེད་ལ། བཟོད་པར་བྱེད། བཟོད་པའི་མཐུ་སྟོན་ཅིང་རབ་ཏུ་དགའ་བ་སྐྱེས་ནས་སྤྱོ་བར་བྱེད་པ་འདི་སུ། གང་ལ་སྤྱོ་བར་བྱ་ཞེས་དེ་ཆོས་ཉིད་ཀྱི་རྗེས་སུ་འཇུག་པར་བྱེད། ནང་གི་སྟོང་པ་ཉིད་ལ་མོས་ཤིང་ཕྱིའི་སྟོང་པ་ཉིད་ལ་ཐེ་ཙོམ་མེད་པས་བདག་ཏུ་ལྟ་བའང་མི་སྐྱེད་ཅིང་བཟོད་ལ།

རྐང་པ་དང་ལག་པ་ཡོངས་སུ་གཏོང་བ་དང་། མིག་དང་མགོ་ཡོངས་སུ་གཏོང་བ་དང་། ཆུང་མ་དང་། བུ་ཕོ་དང་བུ་མོ་ཡོངས་སུ་གཏོང་བ་དང་། རྒྱལ་སྲིད་ཡོངས་སུ་གཏོང་བས་རབ་ཏུ་དགའ་བ་ཡིན། ལུས་དང་སྲོག་ཡོངས་སུ་གཏོང་བས་དགའ་བ་ཡིན་ཏེ། འཁོར་ལོས་

སྒྱུར་བའི་རྒྱལ་སྲིད་ཐོབ་པས་དགའ་བ་མ་ཡིན་གྱི། ལེགས་པར་བཤད་པ་ཚིགས་སུ་བཅད་པ་གཅིག་ཐོས་པས་ཤིན་ཏུ་དགའ་བ་ཡིན། བརྒྱ་བྱིན་ཐོབ་པས་དགའ་བ་མ་ཡིན་གྱི། གཞན་ཆོས་འཆད་པ་ལ་ཤིན་ཏུ་དགའ་བ་ཡིན། ཚངས་པ་ཐོབ་པས་དགའ་བ་མ་ཡིན་གྱི།

Vol. 62 · folio 217a

སེམས་ཅན་གཅིག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་རབ་ཏུ་དགའ་བ་ཡིན། སྟོང་གསུམ་རིན་པོ་ཆེས་བཀང་བས་དགའ་བ་མ་ཡིན་གྱི། དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དགའ་བ་ཡིན་ཏེ། དེ་ནི་གཞར་ཡང་དབང་པོ་ཉམས་པར་མི་འགྱུར་

ཞིང་དགའ་བར་གྱུར་ནས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དགའ་ཞིང་མགུ་བའི་སྤྱོད་པ་འདིས་སྒྲུབ་པར་བྱེད་པ་ནི་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་མཐའ་ཡས་མཐོང་བས་སྨྲས་པ། སྐྱེས་བུ་དམ་པ་དག་གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་

ཅད་མཐོང་མོད་ཀྱི། བདག་ཏུ་ལྟ་བར་ཡང་མི་ལྟུང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤེས་མོད་ཀྱི། རྣམ་པར་རྟོག་པ་སྤྱོད་པ་ཡང་མ་ཡིན། སངས་རྒྱས་ཐམས་ཅད་མཐོང་མོད་ཀྱི། གཟུགས་ལ་དམིགས་པའི་འདུ་ཤེས་ཀྱང་མི་སྐྱེད། སེམས་ཅན་ཐམས་ཅད་མཐོང་མོད་ཀྱི་སེམས་

ཅན་དུ་འདུ་ཤེས་ཀྱང་མི་སྐྱེད། ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པའི་ཕྱིར་ཤའི་མིག་གསལ་བར་གྱུར་པ་ཡིན། མངོན་པར་ཤེས་པ་ཐོབ་པས་ལྷའི་མིག་དང་ལྡན་པ་ཡིན། ཉོན་མོངས་པ་ཐམས་ཅད་དང་བྲལ་བས་ཤེས་རབ་ཀྱི་མིག་རྟོགས་པར་ཁོང་དུ་ཆུད་པ་ཡིན། སངས་

རྒྱས་ཀྱི་ཆོས་མ་འདྲེས་པ་སྒྲུབ་པས་སངས་རྒྱས་ཀྱི་སྤྱན་ལ་མོས་པ་ཡིན། སྟོབས་བཅུ་ཡོངས་སུ་རྫོགས་པས་ཆོས་ཀྱི་སྤྱན་སྣང་བ་ཐོབ་པ་ཡིན་ཏེ། རིགས་ཀྱི་བུ་དེ་འདྲ་བའི་ཡེ་ཤེས་མཐོང་བ་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ། །བྱང་ཆུབ་སེམས་དཔའ་

མཐའ་ཡས་དམིགས་པར་གནས་པས་སྨྲས་པ། བྱང་ཆུབ་ནི་ཐམས་ཅད་དམིགས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ཐམས་ཅད་ནི་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། དབུས་ན་ཡང་མི་གནས་པར་བརྟག་པར་བྱའོ། །

བྱང་ཆུབ་སེམས་དཔའ་དམིགས་པ་ལ་མི་གནས་པ་ནི་ཉོན་མོངས་པ་ལ་དམིགས་པ་དང་། ལས་ལ་དམིགས་པ་དང་། བདུད་ལ་དམིགས་པས་ཉམས་པར་མི་འགྱུར་ཏེ། ལས་དང་། ཉོན་མོངས་པ་དང་། བདུད་ལ་དམིགས་པ་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་རྟོགས་

Vol. 62 · folio 217b

སོ། །བྱང་ཆུབ་སེམས་དཔའ་བདུད་ཀྱི་ལྟ་བ་ཡང་དག་པར་འཇོམས་པས་སྨྲས་པ། རིགས་ཀྱི་བུ་བདག་ཏུ་ལྟ་བ་ནི་བདག་ཏུ་ལྟ་བ་ལས་ལྡང་ཞིང་བྱུང་བ་ཡིན། བདུད་ཀྱི་ལས་ནི་ལྟ་བ་ལས་ལྡང་ཞིང་བྱུང་བ་སྟེ། བདག་ཏུ་ལྟ་བ་ཡོངས་སུ་ཤེས་ན་ལྟ་བ་འབྱུང་བར་མི་བྱེད་དོ། །ལྟ་བ་ཡོངས་སུ་ཤེས་ན་ཕུང་

པོ་འབྱུང་བར་མི་བྱེད་དོ། །ཕུང་པོ་ཡོངས་སུ་ཤེས་ན་བདུད་མི་མཐོང་ངོ་། །བདུད་ཀྱི་ཡུལ་ལས་འདའ་བར་བྱ་བའི་ཕྱིར་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་རེག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་ན་ཐམས་ཅད་མཁྱེན་པ་རྟོགས་སོ། །བྱང་ཆུབ་

སེམས་དཔའ་མྱ་ངན་མེད་སྦྱིན་གྱིས་སྨྲས་པ། ལས་ཉེས་པ་བྱེད་པ་ནི་ཕྱིས་འགྱོད་པར་འགྱུར། ལས་ལེགས་པར་བྱེད་པ་ནི་ཕྱིས་མྱ་ངན་བྱེད་པར་མི་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔས་ལས་ལེགས་པ་བྱེད་པ། ལས་མི་སྨད་པ་བྱེད་པ། ལས་མི་འགྱོད་པ་བྱེད་པ། ལས་

ཁ་ན་མ་ཐོ་བ་མེད་པ་བྱེད་པར་བྱའོ། །སེམས་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པ་རྣམས་ཀྱང་མྱ་ངན་ཞི་བར་བྱ་བ་དང་། ཟུག་རྔུ་དང་བྲལ་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་མཁྱེན་པ་རྟོགས་སོ། །བྱང་ཆུབ་སེམས་དཔའ་དོན་

ཐམས་ཅད་གྲུབ་པས་སྨྲས་པ། རིགས་ཀྱི་བུ་དག་སྐྱེས་བུ་གང་ཟག་ཚུལ་ཁྲིམས་དང་ལྡན་པའི་སེམས་ཀྱི་སྨོན་པ་འགྲུབ། སྨོན་ལམ་འགྲུབ་པར་འགྱུར་ལ། ཚུལ་ཁྲིམས་ཀྱི་རྩ་བ་ལ་ཡང་བག་བྱེད་པ་རྟེན། བག་བྱེད་པའི་རྩ་བ་ལ་ཡང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་རྟེན།

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་རྩ་བ་ལ་ཡང་ཐམས་ཅད་མཁྱེན་པ་རྟེན་ཏོ། །དེ་བས་ན་བྱང་ཆུབ་སེམས་དཔའ་བག་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་རྟེན་པ་ནི་ཐམས་ཅད་མཁྱེན་པ་རྟོགས་སོ། །ལྷའི་བུ་ཀུན་ནས་མེ་ཏོག་གིས་སྨྲས་པ། རིགས་ཀྱི་བུ་དག་འདི་ལྟ་སྟེ།

དཔེར་ན་ཤིང་མེ་ཏོག་གིས་བརྒྱན་པ་ནི་འགྲོ་བ་མང་པོའི་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་ཆོས་ཀྱི་མེ་ཏོག་རྒྱས་པ་ནི་འགྲོ་བ་མང་པོའི་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་

Vol. 62 · folio 218a

ན་ལྷ་རྣམས་ཀྱི་ཤིང་པ་རི་ཡ་ཏྲ་ཀ་ཀོ་བ་དི་ར་མེ་ཏོག་རྒྱས་ན་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་མངོན་པར་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་ཆོས་ཀྱི་མེ་ཏོག་རྒྱས་ན་ལྷ་དང་བཅས་པའི་འཇིག་རྟེན་

མངོན་པར་འདུ་བར་འགྱུར་རོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ལྷའི་ནོར་བུ་རིན་པོ་ཆེ་སྐྱོན་ཐམས་ཅད་དང་བྲལ་ལ་ཡོན་ཏན་ཐམས་ཅད་དང་ལྡན་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བསམ་པ་ཡོངས་སུ་དག་པ་སྐྱོན་ཐམས་ཅད་དང་བྲལ་ལ་ཡོན་ཏན་ཐམས་ཅད་དང་

ལྡན་པས་ཐམས་ཅད་མཁྱེན་པ་རྟོགས་སོ། །ལྷའི་བུ་མེ་ཏོག་འོད་ཟེར་ཅན་གྱིས་སྨྲས་པ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཉི་མའི་འོད་ཟེར་བཏང་ན་མུན་པ་བསལ་ཅིང་གཟུགས་ཀྱི་རྣམ་པ་ཐམས་ཅད་སྣང་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཤེས་

རབ་ཀྱི་སྣང་བའི་འོད་ཟེར་དང་ལྡན་པ་ཡང་གང་གི་ཚེ་ན་ཆོས་ཀྱི་སྣང་བ་གཏོང་བ་དེའི་ཚེ། མ་རིག་པ་དང་གླེན་པའི་མུན་པས་བསྒྲིབས་པའི་སེམས་ཅན་རྣམས་ལ་སྣང་བ་ཆེན་པོ་བྱེད་ཅིང་ཆོས་ཀྱི་རང་བཞིན་ཡང་སྟོན་ཏེ། མུན་པས་ནི་སྣང་བ་ཟིལ་གྱིས་ནོན་པར་མི་འགྱུར་གྱི། སྣང་

བས་ནི་ལམ་རྟོགས་པར་ནུས་པས་བྱང་ཆུབ་སེམས་དཔའ་ལམ་ལ་གནས་ན་སེམས་ཅན་ལམ་ངན་པར་ཞུགས་པའི་རྣམས་ལ་ཡང་དག་པའི་ལམ་སྟོན་ཏེ། བྱང་ཆུབ་སེམས་དཔའ་ལམ་ལ་གནས་ན་ཐམས་ཅད་མཁྱེན་པ་རྟོགས་སོ། །ལྷའི་བུ་མེ་ཏོག་མན་དཱ་ར་བའི་དྲིས་སྨྲས་པ། །

རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན། མེ་ཏོག་མན་དཱ་ར་བའི་ཁོ་ར་ཁོར་ཡུག་དཔག་ཚད་གཅིག་ཏུ་དྲིས་ཁྱབ་པར་བྱེད་དེ། དྲི་དེ་ཡང་རྣམ་པར་རྟོག་པ་མེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཏོང་བ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་

དང་། ཤེས་རབ་ལ་གནས་པ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དྲིས་ཁྱབ་པར་བྱེད་དེ། དྲི་དེ་ཡང་ཉོན་མོངས་པའི་ནད་ཐམས་ཅད་སེལ་བར་བྱེད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དྲི་དང་ལྡན་ན་ཐམས་ཅད་མཁྱེན་པ་རྟོགས་སོ། །ལྷའི་བུ་ཆོས་ལ་གནས་

Vol. 62 · folio 218b

པ་རྟག་ཏུ་བརྩོན་པས་སྨྲས་པ། ཀྱེ་གྲོགས་པོ་དག་བྱང་ཆུབ་སེམས་དཔའ་བརྩོན་པས་བྱང་ཆུབ་པར་འགྱུར་གྱི། མི་བརྩོན་པས་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྟག་པར་བརྩོན་ཞིང་དགེ་བའི་རྩ་བ་ལ་ཆོག་མི་ཤེས་པར་བྱའོ། །དེས་ཆོས་བརྒྱད་ལ་བརྩོན་པར་བྱའོ། །བརྒྱད་པོ་གང་

ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྦྱོར་བ་ལ་བརྩོན་པར་བྱ་བ་དང་ཚངས་པའི་གནས་བཞི་བསྒྲུབ་པ་ལ་མངོན་པར་ཤེས་པ་ལྔ་ཤེས་ཤིང་རྟོགས་པར་ཁོང་དུ་ཆུད་པའི་ཡེ་ཤེས་དང་། བསྡུ་བའི་དངོས་པོ་བཞིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཞི་པོ་གང་ཞེ་ན། སྦྱིན་པ་དང་།

ཚིག་འཇམ་པོ་དང་། དོན་སྤྱད་པ་དང་། དོན་མཚུངས་པར་བྱ་བ་དག་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་བཟོད་པ་ཐོབ་པ་དང་། གཞན་སངས་རྒྱས་ཀྱི་ཆོས་ལ་གཞོག་པ་དང་། བདག་བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཐབས་མཁས་པས་སྔོ་བར་བྱེད་པ་དང་། གུས་པར་བྱས་ཤིང་དམ་

པའི་ཆོས་ཡོངས་སུ་འཛིན་པ་སྟེ། ཆོས་བརྒྱད་པོ་དེ་དག་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་ཐམས་ཅད་མཁྱེན་པ་རྟོགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྐྱེས་བུ་དམ་པ་དེ་དག་དང་། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་གྲོགས་པོ་དག་བྱང་ཆུབ་སེམས་

དཔའ་གང་མ་འབྲེལ་པ་དང་། མི་བརྩོན་པ་དེས་ཐམས་ཅད་མཁྱེན་པ་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་འབྲེལ་ཅེས་བྱ་བ་ནི་ཁམས་གསུམ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ནང་

དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཕྱི་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ཉན་ཐོས་ཀྱི་ས་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་རང་སངས་རྒྱས་ཀྱི་ས་ལའོ། །མ་འབྲེལ་ཅེས་བྱ་བ་ནི་འཁོར་བ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་བྱིས་པ་ལྟ་བུ་སོ་

སོའི་སྐྱེ་བོའི་ཆོས་ཐམས་ཅད་ལའོ། །མ་འབྲེལ་ཅེས་བྱ་བ་ནི་མིང་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་གཟུགས་ལའོ། །མ་འབྲེལ་ཅེས་བྱ་བ་ནི་རྒྱུ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་འབྲས་བུ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ལྟ་བའི་རྣམ་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ལྟ་བ་དང་

Vol. 62 · folio 219a

བྲལ་བ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ཆགས་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཁོང་ཁྲོ་བ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ངར་འཛིན་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་བདག་གིར་འཛིན་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་སེར་སྣ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་སྦྱིན་

པའི་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ངང་ཚུལ་ངན་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཚུལ་ཁྲིམས་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་གནོད་སེམས་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་བཟོད་པའི་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ལེ་ལོ་དང་ངོ་། །མི་བརྩོན་ཞེས་

བྱ་བ་ནི་བརྩོན་འགྲུས་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་དྲན་པ་ཉམས་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་བསམ་གཏན་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ཤེས་རབ་འཆལ་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཤེས་རབ་སྙེམས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་དགེ་

བ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་དགེ་བའི་རྩ་བ་སྒྲོ་འདོགས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་འཇིག་རྟེན་གྱི་ཆོས་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཆོས་མངོན་པར་བྱ་བར་ཆགས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་འདུས་བྱས་དང་ངོ་། །མི་བརྩོན་ཞེས་

བྱ་བ་ནི་འདུས་མ་བྱས་པའི་ཆོས་ལ་ཡོངས་སུ་རྟོག་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ཁ་ན་མ་ཐོ་བ་དང་བཅས་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པའི་ཆོས་སྒྲོ་འདོགས་པ་ལའོ། །མ་འབྲེལ་ཅེས་བྱ་བ་ནི་ཟག་པ་དང་བཅས་པ་དང་ངོ་། །མི་བརྩོན་ཞེས་བྱ་བ་ནི་ཟག་པ་

མེད་པའི་ཟད་པའི་ཆོས་སུ་སྙེམས་པ་ལའོ། །ཀྱེ་གྲོགས་པོ་དག་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འབྲེལ་པ་དང་། མ་འབྲེལ་པར་ལྟ་བ་དང་བྲལ་བས་ཐམས་ཅད་མཁྱེན་པ་རྟོགས་མོད་ཀྱི། ཡང་ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་ནི་མི་རྟོགས་

སོ། །དེ་ཅིའི་ཕྱིར་ཞེ་ན། བྱེད་པས་ཐམས་ཅད་མཁྱེན་པ་རྟོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱེད་པ་དང་བྲལ་བ་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། ཐམས་ཅད་མཁྱེན་པ་ལ་རྟོགས་པར་བྱེད་པ་སུ་ཡང་མེད་དོ། །ཐམས་ཅད་མཁྱེན་པ་ནི་གཟུགས་ཀྱིས་ཀྱང་མི་རྟོགས་

Vol. 62 · folio 219b

ཚོར་བས་མ་ཡིན་འདུ་ཤེས་ཀྱིས་ཀྱང་མ་ཡིན། འདུ་བྱེད་ཀྱིས་ཀྱང་མ་ཡིན། རྣམ་པར་ཤེས་པས་མི་རྟོགས་སོ། །ཐམས་ཅད་མཁྱེན་པ་ནི་ཆོས་ཀྱིས་ཀྱང་མི་རྟོགས། ཆོས་མ་ཡིན་པས་ཀྱང་མི་རྟོགས་སོ། །ཐམས་ཅད་མཁྱེན་པ་ནི་སྦྱིན་པས་ཀྱང་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན།

སྦྱིན་པ་ཉིད་ཐམས་ཅད་མཁྱེན་པའོ། །ཐམས་ཅད་མཁྱེན་པ་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་ཀྱང་མི་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཉིད་ཐམས་ཅད་མཁྱེན་པའོ། །ཡང་ཀྱེ་གྲོགས་པོ་དག་

ཐམས་ཅད་མཁྱེན་པ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་ནི་དུས་གསུམ་ལས་འདས་པའི་ཕྱིར་རོ། །ཡང་ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་ནི་མིག་གི་རྣམ་པར་ཤེས་པས་

རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་ནི་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་ནི་ཡུལ་ཐམས་ཅད་

ལས་འདས་པའོ། །ཀྱེ་གྲོགས་པོ་དག་ཐམས་ཅད་མཁྱེན་པ་རྟོགས་པར་འདོད་པས་ཐམས་ཅད་མཁྱེན་པ་ཇི་ལྟར་གནས་པ་དེ་བཞིན་དུ་གནས་པར་བྱའོ། །སྨྲས་པ། ཐམས་ཅད་མཁྱེན་པ་ཇི་ལྟར་གནས་པ་ལགས། སྨྲས་པ། གང་ཆོས་ཐམས་ཅད་ལ་མི་གནས་པ་དེ་

ནི་ཐམས་ཅད་མཁྱེན་པའོ། །ཆོས་ཐམས་ཅད་ལ་མཉམ་པ་ཉིད་དེ་ནི་ཐམས་ཅད་མཁྱེན་པ་སྟེ། སོ་སོའི་སྐྱེ་བོའི་ས་མཉམ་པ་ཉིད་དང་། སངས་རྒྱས་ཀྱི་ཆོས་སུ་མཉམ་ཞིང་དེ་ལྟར་ཆོས་ཐམས་ཅད་མཉམ་པ་དེ་ནི་ཐམས་ཅད་མཁྱེན་པའོ། །བྱང་ཆུབ་སེམས་དཔས་འབྱུང་བ་ཆེན་

པོ་བཞི་ལས་བྱུང་བའི་ལུས་དེ་ཉིད་མ་གཏོགས་པར་གཞན་དུ་ཐམས་ཅད་མཁྱེན་པ་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ལུས་དེ་ནི་དངོས་པོ་མེད་པའོ། །ལུས་ཞེས་བྱ་བ་དེ་ནི་དགེ་བ་དང་མི་དགེ་བའི་ཆོས་ལ་ལྷུན་གྱིས་གྲུབ་པའོ། །ལུས་ཞེས་བྱ་བ་དེ་ནི་བདག་མ་ཡིན་པ་དང་

Vol. 62 · folio 220a

བདག་མེད་པའོ། །ལུས་ཞེས་བྱ་བ་དེ་ནི་མ་བྱུང་བ་ཡང་དག་པར་མ་བྱུང་བ་སྟེ། དེ་ལ་གདགས་པ་མེད་དོ། །གང་དེ་ལ་གདགས་པ་དེ་ཡང་མ་བྱུང་བའོ། །གང་དེ་མཐོང་བ་དེའང་མ་བྱུང་བའོ། །གང་མ་བྱུང་བ་དེ་ནི་ཡང་དག་པར་མ་བྱུང་བའོ། །གང་ཡང་དག་པར་

མ་བྱུང་བ་དེ་ནི་མི་ཤེས་པ་དང་མི་རྟོགས་པའོ། །གང་མི་ཤེས་པ་དང་མི་རྟོགས་པ་དེ་ནི་ཐམས་ཅད་མཁྱེན་པའོ། །བསྟན་པ་འདི་བསྟན་པའི་ཚེ་ལྷའི་བུ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་

ཏུ་སེམས་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་ཕུང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཚུར་སྤྱོན། དེ་བཞིན་གཤེགས་པའི་སྤྱན་སྔར་དོང་ལ། བྱང་ཆུབ་སེམས་དཔས་ཇི་ལྟ་བུར་བྱ་བ་དེ་བཞིན་

གཤེགས་པ་ལ། མངོན་སུམ་དུ་ཞུའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སའི་ཕྱོགས་དེ་ཉིད་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁ་དོག་དང་། དབྱིབས་དང་། ཆུ་ཞེང་འདྲ་བའི་དེ་བཞིན་གཤེགས་པ་ཞིག་མངོན་པར་སྤྲུལ་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་

པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་ཕུང་པོ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཇི་ལྟ་བུར་བྱ་བ་དེ་བཞིན་གཤེགས་པ་མངོན་དུ་བཞུགས་པ་འདི་ལ་ཞུས་ཤིག །དེ་ནས་སྤྲུལ་པའི་དེ་བཞིན་གཤེགས་པ་དེ་ལ་བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་ཕུང་པོས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཇི་ལྟ་བུར་བགྱི་ཞེས་དེ་སྐད་གསོལ་པ་དང་། དེས་བཀའ་སྩལ་པ། ང་ཅི་འདྲ་བ་ལྟར་བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་བྱའོ། །གསོལ་པ། འོ་ན་བཅོམ་ལྡན་འདས་ཇི་འདྲ།

བཅོམ་ལྡན་འདས་དེས་བཀའ་སྩལ་པ། སྦྱིན་པ་མ་སྤྱད། ཚུལ་ཁྲིམས་མ་སྤྱད། བཟོད་པ་མ་སྤྱད། བརྩོན་འགྲུས་མ་སྤྱད། བསམ་གཏན་མ་སྤྱད། ཤེས་རབ་མ་སྤྱད། འདོད་པའི་ཁམས་སུ་མ་སྤྱད། གཟུགས་ཀྱི་ཁམས་སུ་མ་སྤྱད། གཟུགས་མེད་པའི་ཁམས་སུ་མ་སྤྱད། ལུས་ཀྱིས་མ་

Vol. 62 · folio 220b

སྤྱད། ངག་གིས་མ་སྤྱད། ཡིད་ཀྱིས་མ་སྤྱད་པ་སྟེ། ཐམས་ཅད་དུ་མ་སྤྱད་ཅིང་མ་ཞུགས་པའོ། །རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཇི་སྤྲུལ་པས་སྤྱད་དམ། གསོལ་པ། བཅོམ་ལྡན་འདས་སྤྲུལ་པས་མ་སྤྱད་དོ། །བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་དེ་ལྟར་བྱའོ། །

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་ཕུང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་འདི་སྤྲུལ་པ་མ་ཡིན་གྲང་། དེས་སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྤྲུལ་པའི་རང་བཞིན་དུ་ངེས་ཏེ།

སྒྱུ་མའི་མཚན་ཉིད་ལས་མི་ལྡོག་གོ། །སྨྲས་པ། འཇམ་དཔལ་དེ་བཞིན་ནོ། །ཆོས་ཐམས་ཅད་ནི་སྤྲུལ་པའི་རང་བཞིན་ཅན་ཏེ། སྒྱུ་མའི་མཚན་ཉིད་ལས་མི་ལྡོག་གོ། །སྨྲས་པ། ཆོས་ཐམས་ཅད་སྤྲུལ་པའི་རང་བཞིན་ཅན་ཡིན་ན། ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པ་འདི་སྤྲུལ་པ་མ་ཡིན་

གྲང་སྙམ་དུ་བྱེད་པར་གྱུར། སྨྲས་པ། སུས་སྤྲུལ། སྨྲས་པ། བདག་གིས་ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པས་སྤྲུལ་གྱིས། འདི་ལ་རང་བཞིན་གྱིས་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་དག་སངས་རྒྱས་སུ་གནས་པའམ། སོ་སོའི་སྐྱེ་བོར་

གནས་པ་ནི་མ་ཡིན་ནོ། །དེ་ནས་དེ་བཞིན་གཤེགས་པའི་སྐུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་ཕུང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་ལ་བསླབས་ནས་བྱང་ཆུབ་ཐོབ་པར་གྱུར། བཀའ་སྩལ་པ། རིགས་ཀྱི་བུ་མི་སློབ་པ་ནི་

བྱང་ཆུབ་སེམས་དཔའི་སློབ་པའོ། །མི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་སློབ་པའོ། །མི་འཇིགས་པ་ནི་བྱང་ཆུབ་སེམས་དཔའི་སློབ་པའོ། །མི་རྟོག་པ་ནི་བྱང་ཆུབ་སེམས་དཔའི་སློབ་པའོ། །མི་དཔྱོད་པ་ནི་བྱང་ཆུབ་སེམས་དཔའི་སློབ་པའོ། །རིགས་ཀྱི་བུ་གནས་མེད་པ་དང་།

མི་སྙེམས་པ་དང་། མ་སྤྲོས་པ་དང་། མི་ལེན་པ་དང་། མི་གཏོང་བ་དང་། མི་རྒྱུ་བ་དང་། ཡི་གེ་མེད་པ་དང་། མི་སྐྱེ་བ་དང་། མི་འགག་པ་དང་། མ་འོངས་པ་དང་། མ་སོང་བ་དང་། མི་གནས་པ་དང་། མཚན་མ་མེད་པ་དང་། དངོས་པོ་མེད་པ་དང་། མི་དམིགས་

Vol. 62 · folio 221a

དང་། འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སློབ་པ་སྟེ། གང་དེ་ལྟར་སློབ་པ་དེ་དག་ནི་ཡང་དག་པར་སློབ་པའོ། །གང་དེ་ལྟར་སློབ་པ་དེ་དག་ནི་གང་ལའང་ཞེ་སྡང་བ་མེད་དོ། །གང་དེ་ལྟར་སློབ་པ་དེ་དག་ནི་གང་དུའང་

ཆགས་པ་མེད་དོ། །གང་དེ་ལྟར་སློབ་པ་དེ་དག་ནི་གང་དུ་ཡང་ཞེན་པ་མེད་དོ། །གང་ལས་ཀྱང་གྲོལ་བ་མེད་དོ། །གང་དེ་ལྟར་སློབ་པ་དེ་དག་ནི་གང་དུ་ཡང་འདོད་ཆགས་པ་མེད་དོ། །གང་ནས་ཀྱང་འདོད་ཆགས་དང་བྲལ་བ་མེད་དོ། །ཞེ་སྡང་མེད་དོ། །གཏི་མུག་མེད་དོ། །གང་དེ་ལྟར་

སློབ་པ་དེ་དག་ནི་སློབ་འདོད་པ་ཞེས་བྱའོ། །གང་སློབ་འདོད་པ་དེ་དག་ནི་འགྲོ་བ་གང་དུ་ཡང་མི་འགྲོའོ། །མི་འོང་ངོ་། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ང་ཇི་ལྟ་

བ་བཞིན་དུ་འཁོར་བ་ཡང་མེད། མྱ་ངན་ལས་འདའ་བ་ཡང་མེད། གཏོང་བ་ཡང་མེད། ལེན་པ་ཡང་མེད། ཚུལ་ཁྲིམས་ཀྱང་མེད། ངང་ཚུལ་ངན་པ་ཡང་མེད། བཟོད་པ་ཡང་མེད། གནོད་སེམས་ཀྱང་མེད། བརྩོན་འགྲུས་ཀྱང་མེད། ལེ་ལོ་ཡང་མེད། བསམ་

གཏན་ཡང་མེད། གཡེང་བ་ཡང་མེད། ཤེས་རབ་ཀྱང་མེད། ཤེས་རབ་འཆལ་པ་ཡང་མེད། སློབ་པ་ཡང་མེད། མི་སློབ་པ་ཡང་མེད། སྤྱོད་པ་ཡང་མེད། མི་སྤྱོད་པ་ཡང་མེད་ཅིང་། ང་ཇི་ལྟ་བ་བཞིན་དུ་ཐོབ་པ་ཡང་མེད། མ་ཐོབ་པ་ཡང་མེད། མངོན་པར་བྱ་བ་ཡང་

མེད། བྱང་ཆུབ་ཀྱང་མེད། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མེད། བདག་ཏུ་འདུ་ཤེས་པ་ཡང་མེད། སེམས་ཅན་དུ་འདུ་ཤེས་པ་ཡང་མེད། སྲོག་ཏུ་འདུ་ཤེས་པ་ཡང་མེད། གང་ཟག་ཏུ་འདུ་ཤེས་པ་ཡང་མེད། ཆོས་སུ་འདུ་ཤེས་པ་ཡང་མེད། འདུ་ཤེས་པ་ཉིད་ཀྱང་མེད། འདུ་ཤེས་

མེད་པའང་མ་ཡིན་པར་ངའི་རྗེས་སུ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་ཡིན་པ་དང་། ཐ་དད་པར་གྱུར་པ་མེད་པས་མི་འགྱུར་བའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་སོ་སོ་ཐ་དད་པ་མེད་པས་གཉིས་སུ་མེད་པའོ།

Vol. 62 · folio 221b

རིགས་ཀྱི་བུ་ཆོས་ཐམས་ཅད་ནི་མིག་གི་ལམ་ལས་འདས་པས་བལྟར་མི་སྣང་བའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ཁྱད་པར་མེད་པའི་ཕྱིར་མཉམ་པའོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་གཡོ་བ་མེད་ཅིང་བྱེད་པ་མེད་པའི་ཕྱིར་གླེན་པ་སྟེ། དེ་དག་ལ་གདགས་པ་མེད་དོ། །གདགས་པ་

མེད་པའི་ཆོས་རྣམས་ནི་ཤིན་ཏུ་མ་སྐྱེས་པའོ། །གང་དེ་ལྟར་མོས་པ་དེ་དག་ནི་གྲོལ་བས་མི་སྙེམས། སྤྱོད་པས་མི་སྙེམས། བྱང་ཆུབ་ཀྱིས་མི་སྙེམས་སོ། །རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་འདྲ་བའི་སློབ་པ་དང་། སྤྱོད་པ་བཤད་པའི་

ཚེ་མི་འཇིགས། མི་དངང་། སྐྲག་པར་མི་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་དབྱིངས་ནི་མེས་མི་འཇིགས། རླུང་གིས་མི་འཇིགས། ཆར་པས་མི་འཇིགས། ཐན་པས་མི་འཇིགས། རྡུལ་གྱིས་མི་འཇིགས།

དུ་བས་མི་འཇིགས། སྤྲིན་གྱི་ཕུང་པོས་མི་འཇིགས། གློག་གིས་མི་འཇིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་དབྱིངས་ནི་གཟུང་དུ་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཐམས་ཅད་ཀྱིས་མི་འཇིགས་པར་བྱའོ། །བདེ་བ་དང་

སྡུག་བསྔལ་བ་ཐམས་ཅད་ལ་མི་བསམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་ནམ་མཁའ་དང་མཚུངས་པས་བདུད་ཀྱི་སྡེ་ལས་རྒྱལ་བར་ནུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་སོ། །སེམས་ཅན་རྣམས་

ཀྱི་དོན་བྱེད་ནུས་སོ། །དེ་ནས་དེ་བཞིན་གཤེགས་པ་སྤྲུལ་པ་དེས་དེ་སྐད་གསུངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤོབས་པའི་ཕུང་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དེ་བཞིན་གཤེགས་པ་

དེ་གར་གཤེགས། སྨྲས་པ། གང་ནས་གཤེགས་པར་རོ། །སྨྲས་པ། འོ་ན་དེ་གང་ནས་གཤེགས། སྨྲས་པ། གང་དུ་གཤེགས་པ་ནས་སོ། །སྨྲས་པ། འཇམ་དཔལ་སྤྲུལ་པ་ནི་སོང་བ་ཡང་མེད། འོང་བ་ཡང་མེད་དོ། །སྨྲས་པ། རིགས་ཀྱི་བུ་ཇི་ལྟར་སྤྲུལ་པ་སོང་

Vol. 62 · folio 222a

བ་ཡང་མེད། འོང་བ་ཡང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེའི་འགྲོས་ཅན་ཉིད་དོ། །སེམས་ཅན་ཐམས་ཅད་ཀྱང་དེའི་འགྲོས་ཅན་ཉིད་དོ། །སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ཇི་ལྟ་བུའི་འགྲོས་ཅན་ལགས། སྨྲས་པ། རང་བཞིན་གནས་པའི་འགྲོས་ཅན་ནོ། །

སྨྲས་པ། ཡང་སེམས་ཅན་ཐམས་ཅད་ཇི་ལྟ་བུའི་འགྲོས་ཅན་ལགས། སྨྲས་པ། ལས་ཀྱི་རྣམ་པར་སྨིན་པ་ཇི་ལྟ་བུའི་འགྲོས་ཅན་པ་དེ་བཞིན་ནོ། །སྨྲས་པ། འཇམ་དཔལ་འོ་ན་ཆོས་ཐམས་ཅད་ལས་ཀྱི་རྣམ་པར་སྨིན་པ་མ་མཆིས་པ་མ་ལགས་སམ། སྨྲས་པ། རིགས་ཀྱི་བུ་ཆོས་ཉིད་

ལ་ནི་ལས་ཀྱི་རྣམ་པར་སྨིན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ཆོས་ཉིད་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །སྨྲས་པ། འོ་ན་ཇི་ལྟར་ན་ལས་ཀྱི་རྣམ་པར་སྨིན་པ་ཇི་ལྟ་བུའི་འགྲོས་ཅན་པ་དེ་བཞིན་པ་ལགས། སྨྲས་པ། ལས་དེ་ཇི་ལྟ་བ་རྣམ་པར་སྨིན་པ་ཡང་དེ་བཞིན། དེའི་

འགྲོ་བ་ཡང་དེ་བཞིན་ནོ། །སྨྲས་པ། འཇམ་དཔལ་ལས་ཇི་ལྟ་བུ་ལགས། རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། འགྲོ་བ་ཇི་ལྟ་བུ་ལགས། སྨྲས་པ། དེ་བཞིན་ཉིད་ཇི་ལྟ་བར་ལས་ཀྱང་དེ་བཞིན། རྣམ་པར་སྨིན་པ་ཡང་དེ་བཞིན། འགྲོ་བ་ཡང་དེ་བཞིན་ནོ། །སྨྲས་པ།

འཇམ་དཔལ་དེ་བཞིན་ཉིད་ལ་ནི་ལས་ཀྱང་མ་མཆིས། རྣམ་པར་སྨིན་པ་ཡང་མ་མཆིས། འགྲོ་བ་ཡང་མ་མཆིས་སོ། །སྨྲས་པ། རིགས་ཀྱི་བུ་ཇི་ལྟར་དེ་བཞིན་ཉིད་ལ་ལས་ཀྱང་མེད། རྣམ་པར་སྨིན་པ་ཡང་མེད། འགྲོ་བ་ཡང་མེད་པ་ལྟར་ལས་ཀྱི་རྣམ་པར་སྨིན་པའི་འགྲོ་བ་

ཡང་དེ་བཞིན་དུ་ཤེས་པར་བྱའོ། །ལས་ཀྱི་རྣམ་པར་སྨིན་པའི་འགྲོ་བ་ནི་འོང་བ་མེད་པ་ཅན་འགྲོ་བ་མེད་པ་ཅན་ཡིན་ཏེ། དེ་ནི་དེ་བཞིན་ཉིད་ཀྱི་འགྲོས་ལས་འདའ་བར་མི་འགྱུར་རོ། །བསྟན་པ་འདི་བསྟན་པའི་ཚེ་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་

པ་དགའ་བོ་དང་། ཉན་ཐོས་ཆེན་པོ་གཞན་དག་ཀྱང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔ་ན་བསྟན་པ་འདི་ལ་ཉན་ཏོ།། །།བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཉིད་ནི་

Vol. 62 · folio 222b

གཅིག་པ་ཁོ་ན་ལགས་ན། སྐྱེས་བུ་དམ་པ་སྐྱེས་བུ་ཆེན་པོ་དེ་དག་བརྗོད་པ་སྣ་ཚོགས་ཀྱིས་སྟོན་ཀྱང་ཆོས་ཉིད་དང་ཡང་མི་འགལ་བར་བགྱིད་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེ་བར་འགྱུར། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་དེ་ལྟར་མ་ཆགས་པའི་སློབ་པ་ལ་སློབ་ཅིང་མི་ཆགས་བཞིན་དུ་སྟོན་ཏེ། ཤཱ་རིའི་བུ་ས་བོན་ཇི་ལྟ་བ་བཞིན་སྐྱེད་ཀྱང་དེ་བཞིན་ནོ། །ཤཱ་རིའི་བུ་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཇི་ལྟ་བ་དེ་

བཞིན་དུ་དེ་དག་གི་ཡེ་ཤེས་སོ། །དེ་བཞིན་དུ་དེ་དག་གི་སྟོན་པའོ། །ཤཱ་རིའི་བུ་ཁྱོད་ཀྱིས་བསླབ་པ་ཇི་ལྟ་བུ་ལ་བསླབས་པ་ཁྱོད་ཀྱི་ཡེ་ཤེས་ཀྱང་དེ་བཞིན་ནོ། །སྤོབས་པ་ཡང་དེ་དང་འདྲ་བར་ཁྱོད་ཀྱིས་ཐོབ་བོ། །བྱང་ཆུབ་སེམས་དཔའ་འོད་བཀོད་པས་གསོལ་པ། བཅོམ་ལྡན་འདས་

ཉན་ཐོས་ཀྱི་བསླབ་པ་ཇི་ལྟ་བུ་ལགས། བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉན་ཐོས་ཀྱི་བསླབ་པ་ནི་ཚད་ཡོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཚད་མེད་པ་སྟེ། རིགས་ཀྱི་བུ་ཇི་ལྟར་ཉན་ཐོས་ཀྱི་

བསླབ་པ་ཚད་ཡོད་ལ་ཆགས་པ་དང་བཅས་པ་དེ་བཞིན་དུ་དེའི་ཡེ་ཤེས་ཀྱང་ཚད་ཡོད་ལ་ཆགས་པ་དང་བཅས་པའོ། །རིགས་ཀྱི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའི་བསླབ་པ་ཚད་མེད་ལ་ཆགས་པ་མེད་པ་དེ་བཞིན་དུ་དེའི་ཡེ་ཤེས་ཀྱང་ཚད་མེད་ལ་ཆགས་པ་མེད་པའོ། །དེ་ནས་བཅོམ་

ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདི་ནས་སུ་ཡང་ཆོས་ཉན་པ་མི་སྤོང་བར་བགྱི་ན། སྐྱེས་བུ་དམ་པ་དེ་དག་འདིར་མཆི་བར་མཚན་མ་ཞིག་མཛད་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན།

འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཟབ་མོ་ལ་མོས་པས་དེའི་ཆོས་བཤད་པ་ཡང་ཟབ་མོ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་འོང་བར་བྱ་བའི་ཕྱིར་མཚན་མ་མཛད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་པོ་

Vol. 62 · folio 223a

དེ་དག་དང་འགྲོགས། ལྷའི་འཁོར་དེ་དག་དང་འགྲོགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་པས་འཇམ་

དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཅིའི་ཕྱིར་དེ་བཞིན་གཤེགས་པའི་འཁོར་ནས་བྱུང་ལ་ཕྱོགས་གཅིག་ཏུ་སོང་སྟེ་ཆོས་སྟོན། སྨྲས་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་དག་ནི་མཉེས་པར་དཀའ་སྟེ། གཏམ་ཐམས་ཅད་ཀྱིས་མཉེས་པར་མི་

ནུས་སོ། །སྨྲས་པ། འཇམ་དཔལ་གཏམ་ཇི་ལྟ་བུས་དེ་བཞིན་གཤེགས་པ་མཉེས་པར་འགྱུར། སྨྲས་པ། བཅོམ་ལྡན་འདས་ཉིད་མཁྱེན་ཏེ་ཐུགས་སུ་ཆུད་མོད་ཀྱི། བདག་ཇི་ལྟར་སྤོབས་པ་དེ་བཞིན་དུ་སྟོན་ཏོ། །རིགས་ཀྱི་བུ་གཏམ་གང་ཆོས་ཀྱི་དབྱིངས་དང་ཡང་མི་འགལ། དེ་བཞིན་

ཉིད་དང་ཡང་མི་འགལ། ཡང་དག་པའི་མཐའ་དང་ཡང་མི་འགལ་བ་དེ་འདྲ་བའི་གཏམ་གྱིས་དེ་བཞིན་གཤེགས་པ་མཉེས་པར་འགྱུར་རོ། །གཏམ་གང་འཐབ་པ་མེད་པ། རྩོད་པ་མེད་པ། རྩོམ་པ་མེད་པ། ཀླན་ཀ་མེད་པ། སྒྲོ་འདོགས་པ་མེད་པ། དེ་འདྲ་བའི་གཏམ་གྱིས་དེ་བཞིན་

གཤེགས་པ་མཉེས་པར་འགྱུར་རོ། །གཏམ་གང་བདག་ལ་སྒྲོ་མི་འདོགས། གཞན་ལ་སྒྲོ་མི་འདོགས། ཆོས་ལ་སྒྲོ་མི་འདོགས། ཆོས་མ་ཡིན་པ་ལ་སྒྲོ་མི་འདོགས། འཁོར་བ་ལ་སྒྲོ་མི་འདོགས། མྱ་ངན་ལས་འདའ་བ་ལ་སྒྲོ་མི་འདོགས་པ་དེ་འདྲ་བའི་གཏམ་གྱིས་དེ་བཞིན་གཤེགས་

པ་མཉེས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱི་ཚིག་འདི་ལེགས་པར་བཤད་པ་ཡིན་ཏེ། འདི་འདྲ་བའི་གཏམ་གྱིས་དེ་བཞིན་གཤེགས་པ་མཉེས་པར་འགྱུར་

མོད་ཀྱི། འཇམ་དཔལ་གཏམ་གང་སྤྲོས་པ་ཐམས་ཅད་ལས་འདས་པ། ཧ་ཅང་ཡང་མི་ཞིབ་པ། ཧ་ཅང་ཡང་མི་རྩིང་བ། མཚན་མ་མེད་པའི་གཏམ་དེ་བརྗོད་ན་ཏིང་ངེ་འཛིན་ཀྱང་མི་གཏོང་། རྟག་ཏུ་ཤིན་ཏུ་སེམས་མཉམ་པར་ཡང་གཞོག་ཅིང་སྟོན་པར་བྱེད་ལ་ཆོས་གང་ཡང་འཕེལ་བའམ།

Vol. 62 · folio 223b

འབྲི་བར་ཡང་མི་མཐོང་བ་དེ་འདྲ་བའི་གཏམ་གྱིས་དེ་བཞིན་གཤེགས་པ་མཉེས་པར་འགྱུར་རོ། །སྟོན་པ་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །འཁོར་དེ་ནས་ལྷའི་བུ་སྔོན་སྤྱོད་པ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་རབ་ཏུ་སྟོར་བ་ཉིས་

བརྒྱ་འདི་སྙམ་དུ་གྱུར་ཏེ། སངས་རྒྱས་ཀྱི་ཆོས་ཀྱང་དེ་ལྟར་ཚད་མེད་པ་བྱང་ཆུབ་སེམས་དཔའི་བསླབ་པ་ཡང་དེ་ལྟར་ཤིན་ཏུ་བསླབ་དཀའ་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དེ་ཙམ་དུ་བསྒྲུབ་དཀའ་བ་ཡིན་ན་བདག་ཅག་གིས་སློབ་པ་འདི་བསླབ་མི་ནུས་ཀྱིས། གང་བདག་ཅག་ནི་ཉན་

ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་གི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ཀྱེ་མའོ་ལྷའི་བུ་འདི་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བའི་

སྐལ་བ་ཡོད་དོ་ཞེས་ལྷའི་བུ་དེ་དག་གདུལ་བའི་དབང་གི་ཕྱིར་འཁོར་གྱི་ཕྱི་རོལ་དུ་ཁྱིམ་བདག་གཅིག་མངོན་པར་སྤྲུལ་ནས་ཁྱིམ་བདག་དེས་ལྷུང་བཟེད་ཁ་ཟས་རོ་བརྒྱས་གང་བ་ཞིག་ལག་པ་གཡས་པ་ན་ཐོགས་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་

ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལྷུང་བཟེད་ཁ་ཟས་ཀྱིས་བཀང་བ་དེ་བཅོམ་ལྡན་འདས་ལ་ཕུལ་ནས། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་ཞལ་ཟས་འདི་བཞེས་པར་གསོལ་ཞེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷུང་

བཟེད་ཟས་ཀྱིས་བཀང་བ་དེ་བཞེས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཞལ་ཟས་འདི་ལས་བདག་ལ་མ་སྩལ་བར་གསོལ་ན་ནི་

བཅོམ་ལྡན་འདས་བྱས་པ་གཟོ་བ་མི་མཛད་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྙམ་དུ་གྱུར་ཏེ། ཀྱེ་མའོ་འཇམ་དཔལ་གཞོན་ནུར་གྱུར་པས་སྔོན་བཅོམ་ལྡན་འདས་ལ་ཇི་ལྟ་བུ་ཞིག་ཏུ་ཕན་བཏགས་ན་དེའི་ཕྱིར་ད་བྱས་པ་གཟོ་བ་མེད་པས་རྒོལ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་

Vol. 62 · folio 224a

ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སེམས་ཀྱི་རྟོག་པ་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དུས་མཁྱེན་ཏེ། ཁྱོད་ལ་བཀའ་སྩོལ་གྱིས་སྡོད་ཅིག །དེས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དེ་ས་ཆེན་པོའི་ནང་དུ་བཏང་བ་

དང་། བཏང་མ་ཐག་ཏུ་འོག་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་དང་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་གཞེས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྤྱན་སྔར་ལྷུང་བཟེད་དེ་སོང་ངོ་། །དེ་ནས་ལྷུང་བཟེད་དེ་འོག་གི་ཕྱོགས་ཀྱི་ཆ་སངས་རྒྱས་ཀྱི་ཞིང་གང་གཱའི་

ཀླུང་གི་བྱེ་མ་སྙེད་འདས་ནས་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་བཞུགས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ལྷུང་བཟེད་དེ་མ་བཟུང་བར་བར་སྣང་ལ་འདུག་པར་གྱུར་ཏོ། །སངས་

རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་བདག་བདག་གི་བསྙེན་བཀུར་བྱེད་པ་དག་གིས་བཅོམ་ལྡན་འདས་ལྷུང་བཟེད་འདི་ག་ལས་མཆིས་ཞེས་ཞུས་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་སྟེང་གི་ཕྱོགས་ཀྱི་ཆ་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་ནས་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དྲུང་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་གཞན་དག་གདུལ་བའི་ཕྱིར་བཏང་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་

རིའི་བུ་ལྷུང་བཟེད་དེ་ཕྱུང་ཤིག །གང་ན་འདུག་པ་ག་ལ་ན་འདུག་པ་དེའང་ཚོལ་ཅིག །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་ཞུགས་ནས། བདག་གི་ཤེས་རབ་ཀྱི་སྟོབས་དང་། སངས་རྒྱས་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུར་སོང་ཡང་ལྷུང་བཟེད་དེའི་

གནས་སམ་གཞི་ཡང་མ་མཐོང་ནས་དེ་སླར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལྷུང་བཟེད་དེའི་གནས་སམ་གཞི་ཡང་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོ་ལ་འདི་

Vol. 62 · folio 224b

སྐད་ཅེས་བཀའ་སྩལ་ཏོ། །མཽང་གལ་གྱི་བུ་ཁྱོད་ཀྱིས་ལྷུང་བཟེད་དེ་ཚོལ་ཅིག །དེ་ནས་ཚེ་དང་ལྡན་པ་མཽང་གལ་གྱི་བུ་ཆེན་པོས་ཏིང་ངེ་འཛིན་སྟོང་ཕྲག་བཅུ་ལ་ཞུགས་ནས་སངས་རྒྱས་ཀྱི་མཐུ་དང་། བདག་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོག་གི་ཕྱོགས་ཀྱི་ཆ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུར་

སོང་ཡང་ལྷུང་བཟེད་དེའི་གནས་སམ་གཞིའང་མ་མཐོང་ནས་དེ་སླར་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལྷུང་བཟེད་དེའི་གནས་སམ་གཞིའང་མ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་

ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་ལྷུང་བཟེད་དེ་ཚོལ་ཅིག །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཏིང་ངེ་འཛིན་སྟོང་ཕྲག་བཅུ་གཉིས་ལ་ཞུགས་ནས་སངས་རྒྱས་ཀྱི་མཐུ་དང་། བདག་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་འོག་གི་ཕྱོགས་ཀྱི་ཆ་སངས་རྒྱས་ཀྱི་ཞིང་

སྟོང་ཕྲག་བཅུ་གཉིས་སུ་སོང་ཡང་ལྷུང་བཟེད་དེ་མ་མཐོང་ནས་དེ་སླར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ལྷུང་བཟེད་དེའི་གནས་སམ་གཞིའང་མ་མཐོང་ངོ་། །དེ་བཞིན་ཉིད་དུ་ཉན་ཐོས་ཆེན་པོ་ལྔ་

བརྒྱ་ཙམ་བདག་བདག་གི་རྫུ་འཕྲུལ་གྱི་སྟོབས་དང་། ལྷའི་མིག་གིས་ལྷུང་བཟེད་དེ་བཙལ་ཀྱང་མ་རྙེད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་

པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་ལུང་བསྟན་ན། ལྷུང་བཟེད་དེ་གང་ན་འདུག་གལ་ན་འདུག་ཚོལ་ཅིག་ཅེས་དེ་སྐད་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་རབ་འབྱོར་བདག་ནི་དེ་བཞིན་

གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐྱེ་བ་གཅིག་གིས་ཐོགས་པར་ལུང་བསྟན་མོད་ཀྱི། བདག་གིས་ནི་ཏིང་ངེ་འཛིན་དེ་དག་གི་མིང་ཡང་མ་འཚལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཏིང་ངེ་འཛིན་དེ་དག་ལ་མཉམ་པར་ཡང་གཞོག །ལྡང་བར་ཡང་བགྱིད་དོ། །ཡང་བཙུན་པ་རབ་

Vol. 62 · folio 225a

འབྱོར་བདག་གིས་བྱང་ཆུབ་ཐོབ་པ་ན་འཇམ་དཔལ་གཞོན་ནུར་གྱུར་པ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་བཞིན་གཤེགས་པ་ཇི་ལྟར་གོམ་པ་འདོར། ཇི་ལྟར་འཇོག་པར་མཛད་ཅེས་གོམ་པ་གཅིག་འདོར་ཞིང་འཇོག་པ་ཡང་མི་ཤེས་པའི་དུས་དང་ཚེ་ཡང་མཆིས་པར་

འགྱུར་རོ། །དེ་བས་ན་བཙུན་པ་རབ་འབྱོར་འཇམ་དཔལ་ཉིད་ལ་གསོལ་ཅིག་དང་། དེས་ནི་ལྷུང་བཟེད་དེ་ཚོར་བ་དང་འབྱིན་པར་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཅི་ནས་ཀྱང་ལྷུང་བཟེད་དེ་ཕྱུང་

སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དབུལ་བར་བསྒོར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ལྷུང་བཟེད་དེ་ཕྱུང་ཤིག །ལྷུང་བཟེད་དེ་གང་ན་འདུག་པ་དང་། ག་ལ་ན་འདུག་པ་ཡང་ཤེས་པར་གྱིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་

གྱུར་པ་འདི་སྙམ་དུ་གྱུར་ཏེ། གང་བདག་ནི་སྟན་ལས་ཀྱང་མི་ལྡང་ཞིང་འཁོར་འདི་ནས་མི་སྣང་བར་ཡང་མ་གྱུར་པར་ལྷུང་བཟེད་དེ་དབྱུང་ངོ་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཀུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། འོག་གི་ས་ཆེན་པོ་ལ་ལག་པ་གཡས་པ་བརྐྱང་ངོ་། །དེ་ནས་

འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་དེ་སངས་རྒྱས་ཀྱི་ཞིང་གང་དང་གང་དག་ན། སངས་རྒྱས་བཅོམ་ལྡན་འདས་མངོན་དུ་གྱུར་པ་དེ་དང་དེ་དག་ཏུ་ལག་པ་དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ཞིང་སོང་ནས། ལག་པ་དེ་ལས་བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ཏམ། བཞེངས་པ་ཡང་ངམ། སོ་བཞིན་ནམ། མཐུ་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུང་ངོ་ཞེས་ཟེར་བའི་སྒྲ་ཕྱུང་ངོ་། །དེ་ནས་ལག་པའི་སྤུའི་ཁུང་བུ་ཐམས་ཅད་ནས་འོད་

ཟེར་བྱེ་བ་བརྒྱ་སྟོང་བྱུང་སྟེ། འོད་ཟེར་ཐམས་ཅད་ལས་མེ་ཏོག་པད་མ་བརྒྱ་སྟོང་བྱུང་ཞིང་པད་མ་དེ་ཐམས་ཅད་ཀྱི་སྙིང་པོ་དག་ལ་དེ་བཞིན་གཤེགས་པའི་སྐུ་དག་བཞུགས་པར་སྣང་ངོ་། །དེ་བཞིན་གཤེགས་པའི་སྐུ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྔགས་

Vol. 62 · folio 225b

པ་བརྗོད་དོ། །ལག་པ་དེ་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་བའི་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་གདུགས་དང་། རྒྱལ་མཚན་དང་།

བ་དན་གྱིས་ཀྱང་བརྒྱན་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་གཡས་པ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་ཐམས་ཅད་ལས་འདས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་ཞིང་སྙུང་བ་ཆུང་ངམ་ཞེས་བྱ་བའི་

སྒྲ་འབྱིན་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་སྣང་བ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སུ་ཕྱིན་པར་གྱུར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེའི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་བཅོམ་ལྡན་

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ཏམ། བཞེངས་པ་ཡང་ངམ། སོ་བཞིན་ནམ། མཐུ་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུང་ངོ་ཞེས་སྒྲ་ཕྱུང་ངོ་། །ལག་པ་དེ་ལས་ཀྱང་འོད་ཟེར་བརྒྱ་སྟོང་

བྱུང་ངོ་། །མེ་ཏོག་པད་མ་བརྒྱ་སྟོང་ཡང་བྱུང་བར་གྱུར་ཏེ། འོད་ཟེར་དེ་དག་དེ་བཞིན་གཤེགས་པའི་འོད་ཟེར་དེ་དག་དང་ཡང་མ་འདྲེས་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་ལ་བསྙེན་བཀུར་བྱེད་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཔལ་ཞེས་བྱ་བ་དེས་དེ་

བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལག་པ་དེ་ལས་འོད་ཟེར་བྱེ་བ་བརྒྱ་སྟོང་འདི་དག་ཀྱང་བྱུང་ཞིང་མེ་ཏོག་པད་མ་བརྒྱ་སྟོང་ཡང་བྱུང་བར་གྱུར་ལ། པད་མ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྐུ་དག་བཞུགས་ཤིང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྔགས་པ་རྗོད་

པར་གྱུར་པའི་ལག་པ་འདི་ལྟར་བལྟ་ན་སྡུག་པ། འདི་ལྟར་དགའ་བར་བགྱིད་པ་དེ་སུའི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འོད་ཀྱི་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་ཀྱི་དཔལ་སྟེང་གི་ཕྱོགས་ཀྱི་ཆ་སངས་རྒྱས་ཀྱི་ཞིང་འདི་ནས་

Vol. 62 · folio 226a

སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་འདས་པ་ན་འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ་འཚོ་གཞེས་སོ། །དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་གོ་ཆ་བགོས་པ། མངོན་པར་ཤེས་པ་དང་། སྟོབས་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐོབ་པ་ཞིག་ཡོད་དེ། འཇམ་དཔལ་གཞོན་ནུར་གྱུར་པ་དེས་ལྷུང་བཟེད་འདི་བླང་བའི་ཕྱིར་སྟན་ལས་མ་ལངས་བཞིན་དུ་ལག་པ་འདི་བཏང་ངོ་། །དེ་ནས་

དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་སྐོམ་པར་གྱུར་ནས། བཅོམ་ལྡན་འདས་བདག་ཅག་ནི་འཇིག་རྟེན་གྱི་ཁམས་མི་མཇེད་པ་དེ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དེ་བལྟ་བར་འཚལ་

ལོ་ཞེས་དེ་སྐད་གསོལ་ཏོ། །དེ་ནས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཕྱུང་ནས། འོད་དེས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་བརྟོལ་ཏེ། ཐམས་ཅད་ཡོད་པའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་ཁྱབ་

པར་གྱུར་ཏོ། །སེམས་ཅན་གང་དག་གི་ལུས་ལ་འོད་དེས་ཕོག་པར་གྱུར་པ་དེ་དག་ཐམས་ཅད་ནི་འཁོར་ལོས་སྒྱུར་བའི་བདེ་བ་དང་ལྡན་པར་གྱུར་ཏོ། །རྣལ་འབྱོར་སྤྱོད་པ་གང་དག་གི་ལུས་ལ་འོད་དེས་ཕོག་པར་གྱུར་པ་དེ་དག་ཐམས་ཅད་ནི་འབྲས་བུ་ཐོབ་པར་གྱུར་ཏོ། །སློབ་པ་གང་དག་གི་ལུས་ལ་འོད་དེས་ཕོག་པར་

གྱུར་པ་དེ་དག་ཐམས་ཅད་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པའི་དགྲ་བཅོམ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་གང་དག་གི་ལུས་ལ་འོད་དེས་ཕོག་པར་གྱུར་པ་དེ་དག་ཐམས་ཅད་ནི་ཏིང་ངེ་འཛིན་ཉི་མ་ལྟ་བུའི་སྒྲོན་མ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་

ཟེར་གྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདི་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཐམས་ཅད་མཐོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་

Vol. 62 · folio 226b

དཔའ་སེམས་དཔའ་ཆེན་པོ་འོད་ཀྱི་དཔལ་གྱིས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདི་མཐོང་ནས་ངུ་ཞིང་མཆི་མ་ཕྱུང་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་རིན་ཐང་མ་མཆིས་པའི་ནོར་བུ་རིན་པོ་ཆེ་བཻ་དཱུརྱ་འདམ་དུ་སྩལ་བར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་

འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཁམས་མི་མཇེད་པར་སྐྱེས་པ་དེ་དག་ལ་བལྟ་བར་བགྱིའོ། །དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། གང་འཇིག་རྟེན་གྱི་ཁམས་འདིར་

བསྐལ་པ་བཅུར་བསམ་གཏན་ལ་གནས་ཤིང་སྤྱོད་པ་བས་གང་འཇིག་རྟེན་གྱི་ཁམས་མི་མཇེད་པར་སྔ་དྲོ་གཅིག་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་དེ་བས་འདིའི་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་གང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་དམ་པའི་ཆོས་སྲུང་བ་དེ་དག་ནི་ལས་ཀྱི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་ནས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདི་ན་བྱང་ཆུབ་སེམས་དཔའ་གང་དག་འོད་དེས་རེག་པར་གྱུར་པ་དེ་དག་གིས་བཅོམ་

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དགའ་ཞིང་རབ་ཏུ་མགུ་བར་བགྱིད་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་སྤོང་བར་བགྱིད་པའི་འོད་ཟེར་འདི་སུའི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་

ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འོག་གི་ཕྱོགས་ཀྱི་ཆ་འདི་ནས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་འདས་པ་དང་། འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་གཞེས་པ་ཞིག་ཡོད་དེ། དེ་བཞིན་གཤེགས་པ་དེས་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་བཏང་བ་དང་། འོད་དེས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདི་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་

Vol. 62 · folio 227a

སེམས་དཔའ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་དེ་དང་། དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་བལྟ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཞབས་ཀྱི་

མཐིལ་འཁོར་ལོའི་རྩིབས་སྟོང་ཡོད་པ་གཉིས་ལས་འོད་ཟེར་གང་གིས་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་བདུན་ཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་ལས་འདས་ཤིང་བརྟོལ་ནས་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་དེ་ཐམས་ཅད་འོད་ཟེར་དེ་དག་གིས་ཁྱབ་པར་འགྱུར་བ་དེ་འདྲ་བའི་

འོད་ཟེར་འོག་ཏུ་བཏང་ནས་བྱང་ཆུབ་སེམས་དཔའ་གང་དག་གི་ལུས་ལ་འོད་ཟེར་དེས་ཕོག་པར་གྱུར་པ་དེ་ཐམས་ཅད་ཏིང་ངེ་འཛིན་རི་རབ་ལྷུན་པོ་ལྟ་བུའི་སྒྲོན་མ་ཞེས་བྱ་བ་ཐོབ་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་ཡང་སངས་རྒྱས་ཀྱི་ཞིང་འདི་ནས་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་

འདི་ཡང་སངས་རྒྱས་ཀྱི་ཞིང་དེ་ནས་སྣང་བར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན་འཛམ་བུའི་གླིང་འདི་ནས་ཉི་མ་དང་ཟླ་བ་སྣང་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མཐོང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འདི་དག་གིས་ཀྱང་བཅོམ་

ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་དེ་མཐོང་བར་གྱུར་ཏོ། །འདི་ལྟ་སྟེ། དཔེར་ན་ལྷའི་བུ་དག་རི་རབ་ལྷུན་པོའི་སྤྱི་བོ་ལ་གནས་ཤིང་འཛམ་བུའི་གླིང་དུ་ལྟ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དག་འཇིག་རྟེན་གྱི་ཁམས་འདི་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

འོད་ཟེར་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་བགོས་པ་དེ་དག་མཐོང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་གཡས་པ་དེས་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་

པ་དེ་ནས་ནམ་མཁའི་སྟེང་གི་ལམ་ལས་ལྷུང་བཟེད་དེ་བཟུང་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ཏེ་སྟེང་དུ་ཕྱུང་བར་གྱུར་ཏོ། །གང་དང་གང་དག་ནས་ལག་པ་དེ་ཕྱུང་བར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་འོད་ཟེར་དེ་དག་

Vol. 62 · folio 227b

ནུབ་པར་གྱུར་ཏོ། །མེ་ཏོག་པད་མ་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། །འདི་ལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་གཡས་པ་དེས་ལྷུང་བཟེད་དེ་བླངས་ནས་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདིར་ཕྱིན་པར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྔར་ལྷུང་བཟེད་དེ་

ནམ་མཁའ་ལ་འཕངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷུང་བཟེད་བླངས་པ་འདི་ལགས་ཀྱིས་དེ་བཞིན་གཤེགས་པས་བཞེས་སུ་གསོལ། བཅོམ་

ལྡན་འདས་ཀྱིས་ཀྱང་ལྷུང་བཟེད་དེ་བཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་གང་འཇམ་དཔལ་གཞོན་ནུར་གྱུར་པའི་ལག་པ་དང་ལྷན་ཅིག་ཏུ་འཇིག་རྟེན་གྱི་ཁམས་མི་མཇེད་པ་འདིར་འོངས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བདག་བདག་གི་དེ་བཞིན་

གཤེགས་པའི་མཚན་ནས་བརྗོད་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞིག་བཅོམ་ལྡན་འདས་ལ་སྙུང་བ་མ་མཆིས་སམ། འོ་མ་བརྒྱལ་ཏམ། བཞེངས་པ་ཡང་ངམ། སོ་བཞིན་ནམ། མཐུ་མངའ་འམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསུང་ངོ་ཞེས་དེ་སྐད་

གསོལ་ཏེ། སངས་རྒྱས་ཀྱིས་གནང་ནས་བདག་བདག་གི་སྟན་ལ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། དེ་བས་ན་ཤཱ་རིའི་བུ་ང་ལ་སྔོན་འཇམ་དཔལ་གཞོན་ནུར་གྱུར་པས་གང་ཕན་བཏགས་པ་དེའི་ཕྱིར་ད་བྱས་པ་མི་གཟོ་བས་རྒོལ་བར་གྱུར་

པ་བཤད་ཀྱིས་ཉོན་ཅིག། ཤཱ་རིའི་བུ་སྔོན་འདས་པའི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དེའི་ཕ་རོལ་གྱིའང་ཕ་རོལ་དུ་གྱུར་པ་དེའི་ཚེ། དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་འཇིག་རྟེན་

གྱི་ཁམས་མི་སྨོད་པ་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་དུ་སྐྱེས་པར་གྱུར་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་ཚོགས་ནི་བརྒྱད་ཁྲི་བཞི་སྟོང་བྱང་ཆུབ་སེམས་དཔའ་ནི་ཁྲི་ཉིས་སྟོང་དུ་གྱུར་ཏེ། དེ་བཞིན་གཤེགས་པ་དེ་ཐེག་པ་གསུམ་པོ་ཉིད་ལས་བརྩམས་ཏེ་ཆོས་འཆད་ཅིང་།

Vol. 62 · folio 228a

ཐེག་པ་གསུམ་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཐབས་མཁས་པ་བཤད་པའི་ཕྱིར་དེ་བཞིན་གཤེགས་པ་དེ་སྐྱེས་པར་གྱུར་ཏོ། །ཤཱ་རིའི་བུ་ཡང་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་ནང་པར་ཤམ་ཐབས་

བགོས། ཆོས་གོས་དང་། ལྷུང་བཟེད་ཁྱེར་ཏེ་བསོད་སྙོམས་ཀྱི་ཕྱིར་རྒྱལ་པོའི་ཕོ་བྲང་རྒྱ་ཆེན་པོ་དང་ལྡན་པ་ཞེས་བྱ་བར་སོང་བ་ལས། དེ་དེ་ནས་ཟས་རོ་བརྒྱ་དང་ལྡན་པའི་བཟའ་བ་མང་པོ་ཁྱེར་ཏེ་བྱུང་བར་གྱུར་ཏོ། །ཡང་དེའི་ཚེ་ན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བ་མ་

མའི་པང་པ་ན་འདུག་པར་གྱུར་པ་ལས་ཁྱེའུ་དེས་དགེ་སློང་དེ་རྒྱང་མ་ནས་འོང་བ་མཐོང་ངོ་མཐོང་ནས་མ་མའི་པང་པ་ནས་བབས་ཏེ། དགེ་སློང་དེ་ག་ལ་བ་དེར་བརྒྱུགས་ནས་བཟའ་བ་བསླངས་པ་ལས། དགེ་སློང་དེས་དེ་ལ་མོད་ཀ་གཅིག་བྱིན་པ་དང་། དེ་བཟའ་བ་དེས་བརྙོགས་ནས་དགེ་སློང་

དེའི་ཕྱི་བཞིན་དུ་འབྲང་བར་གྱུར་པ་ལས། དེ་རིམ་གྱིས་དེ་བཞིན་གཤེགས་པ་མི་ཐུབ་པའི་རྒྱལ་མཚན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་གོ། །དེ་ནས་དགེ་སློང་ཡེ་ཤེས་རྒྱལ་པོས་བསོད་སྙོམས་ཅི་རྙེད་པ་ཁྱེའུ་དེ་ལ་

བྱིན་ནས། ཀྱེ་ཁྱེའུ་བསོད་སྙོམས་འདི་དེ་བཞིན་གཤེགས་པ་ལ་གསོལ་ཅིག་ཅེས་བྱས་སོ། །དེ་ནས་ཁྱེའུ་དེས་བསོད་སྙོམས་དེ་བླངས་ཏེ། བཅོམ་ལྡན་འདས་དེའི་ལྷུང་བཟེད་བཀང་ཡང་བསོད་སྙོམས་དེ་ཡོངས་སུ་ཟད་པར་མ་གྱུར་ཏོ། །ཤཱ་རིའི་བུ་འདི་ལྟ་སྟེ་བསོད་སྙོམས་གཅིག་པོ་

དེ་ལས་ཁྱེའུ་དེས་ཉན་ཐོས་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་པོ་དེ་དག་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མི་ཐུབ་པའི་རྒྱལ་མཚན་དེ་ཞོས་པར་བྱས་ཤིང་བསྟབས་ཀྱང་བསོད་སྙོམས་དེ་ཡོངས་སུ་ཟད་པར་མ་གྱུར་ཏོ། །དེ་ནས་ཁྱེའུ་

དེ་དགའ་མགུ་རངས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །དགེ་སློང་དགེ་འདུན་ཞོས་བྱས་ཀྱང་། །ལྷུང་བཟེད་ནམ་ཡང་མ་ཟད་པས། །སྦྱིན་གནས་བསོད་ནམས་ཞིང་གྱུར་པ། །

Vol. 62 · folio 228b

བདག་གིས་ངེས་པར་མཆོད་པར་གྱུར། །འཇིག་རྟེན་མགོན་པོ་ཞོས་བྱས་ཀྱང་། །འབྲས་ཅན་ཟད་པར་མ་གྱུར་པས། །སངས་རྒྱས་ལ་ནི་ཕུལ་གྱུར་ན། །སྦྱིན་པ་མི་ཟད་ཐེ་ཙོམ་མེད། །ཇི་ལྟར་འབྲས་ཅན་མི་ཟད་ཅིང་། །ཕྱི་ཕྱིར་འཕེལ་བར་འགྱུར་བ་ལྟར། །སངས་རྒྱས་

དག་ལ་གང་གུས་པའི། །དགེ་བ་དག་ནི་དེ་བཞིན་འཕེལ། །ཤཱ་རིའི་བུ་དེ་ལྟ་སྟེ། ཁྱེའུ་དེས་བསོད་སྙོམས་གཅིག་པོ་དེ་ལས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཉི་མ་བདུན་དུ་ཞོས་པར་གསོལ་ནས་སངས་རྒྱས་ཀྱི་མཐུ་དང་། ཁྱེའུ་དེའི་སེམས་ཀྱི་བསམ་པ་

དད་པས་ཟས་དེ་ཡོངས་སུ་ཟད་པར་མ་གྱུར་ཏོ། །དེ་ནས་དགེ་སློང་ཡེ་ཤེས་རྒྱལ་པོས་ཁྱེའུ་དེ་སངས་རྒྱས་ལ་སྐྱབས་སུ་བཏང་། ཆོས་ལ་སྐྱབས་སུ་བཏང་། དགེ་འདུན་ལ་སྐྱབས་སུ་བཏང་ངོ་། །ཁྲིམས་ཀྱང་ཕོག་གོ། །ཉེས་པ་ཡང་མཐོལ་དུ་བཅུག་གོ། །རྗེས་སུ་ཡི་རང་བར་

བྱ་བ་དག་ཀྱང་རྗེས་སུ་ཡི་རང་བར་བྱེད་དུ་བཅུག་གོ། །གསོལ་བ་གདབ་པར་བྱ་བ་དག་ཀྱང་གསོལ་བ་འདེབས་སུ་བཅུག་ནས་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་གོ། །ཤཱ་རིའི་བུ་དེ་ལྟ་སྟེ། ཁྱེའུ་དེའི་ཕ་དང་མ་ཁྱེའུ་དེ་ཚོལ་ཞིང་དེ་བཞིན་

གཤེགས་པ་མི་ཐུབ་པའི་རྒྱལ་མཚན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་གོ། །དེ་ནས་ཁྱེའུ་དེས་ཕ་མ་དེ་དག་གི་རྐང་པ་ལ་ཕྱག་འཚལ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལུས་ཅན་ཀུན་ལ་བདེ་བའི་

ཕྱིར། །བདག་ནི་བྱང་ཆུབ་རབ་ཞུགས་ཀྱིས། །ཁྱེད་ཀྱང་ལེགས་པར་གནས་པར་གྱིས། །དལ་འབྱོར་ཤིན་ཏུ་དཀོན་པའོ། །སངས་རྒྱས་སྐུ་ནི་འབར་བ་དང་། །མཚན་དག་གིས་ཀྱང་བརྒྱན་ལ་ལྟོས། །ཡེ་ཤེས་ཀྱིས་ནི་ཕ་རོལ་ཕྱིན། །བྱང་ཆུབ་དེ་ལ་སུ་མི་སྨོན། །

དེ་བཞིན་གཤེགས་པ་ཤིན་ཏུ་དཀོན། །བདག་ནི་ཁྱིམ་ནས་ཁྱིམ་མེད་པར། །འདི་ཉིད་དུ་ནི་རབ་ཏུ་འབྱུང་། །ཁྱེད་ཅག་གཉིས་ཀྱིས་གནང་བར་མཛོད། །ཕ་དང་མས་སྨྲས་པ། བདག་ཅག་གཉིས་ནི་ཁྱོད་འདོད་ཀྱིས། །བྱང་ཆུབ་རབ་ལ་སྨོན་པར་བགྱིད། །རབ་ཏུ་

Vol. 62 · folio 229a

འབྱུང་བར་བགྱི་བའི་ཕྱིར། །བུ་ཁྱོད་ཀྱི་ནི་རྗེས་སུ་སློབ། །ཤཱ་རིའི་བུ་དེ་ལྟ་སྟེ། ཁྱེའུ་དེ་དང་། ཁྱེའུ་དེའི་ཕ་མ་དང་། གང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྲོག་ཆགས་ལྔ་བརྒྱ་ཙམ་པོ་དེ་དག་ཐམས་ཅད་རབ་ཏུ་བྱུང་ངོ་། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་དགེ་སློང་

ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བ་དེ་གཞན་ཡིན་སྙམ་དུ་ཤཱ་རིའི་བུ་ཁྱོད་དེ་ལྟར་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་དྲི་མ་

མེད་པའི་དཔུང་པ་ཞེས་བྱ་བ་དེ་གཞན་ཡིན་པ་སྙམ་དུ་ཐེ་ཙོམ་མམ། ཡིད་གཉིས་སམ། སོམ་ཉི་ཟ་ན། ཤཱ་རིའི་བུ་ཁྱོད་དེ་ལྟར་མ་ལྟ་ཤིག །དེ་ཅིའི་ཕྱིར་ཞེ་ན། ང་ནི་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་དྲི་མ་མེད་པའི་དཔུང་པ་ཞེས་བྱ་བ་དེར་གྱུར་ཏེ། ཤཱ་རིའི་བུ་འཇམ་དཔལ་གཞོན་

ནུར་གྱུར་པས་ང་ལ་བསོད་སྙོམས་བྱིན་ནས་བྱང་ཆུབ་ཏུ་སེམས་སྐྱེད་དུ་བཅུག་སྟེ། དེ་ནི་ངས་བྱང་ཆུབ་ཀྱི་ཕྱིར་ཐོག་མ་སེམས་བསྐྱེད་པ་ཡིན་ཏེ། ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆེ་བ་ཉིད་དང་། སྟོབས་བཅུ་དང་།

མི་འཇིགས་པ་དང་། ཡེ་ཤེས་ཆགས་པ་མེད་པ་དང་། ཅིའང་རུང་སྟེ། དེ་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པས་བྱེད་དུ་བཅུག་པ་ལས་གྱུར་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་བསྐྱེད་པ་དེ་ལས་ཐམས་ཅད་མཁྱེན་པ་ཐོབ་པའི་ཕྱིར་རོ། །ཤཱ་རིའི་བུ་ངས་ནི་

ཕྱོགས་བཅུ་ན་ང་བདག་ཅི་ལྟ་བ་དེ་དང་འདྲ་བའི་དེ་བཞིན་གཤེགས་པ་གང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ལ་བཞག་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་དཔག་ཏུ་མེད་གྲངས་མེད་པ་དང་། དེ་བཞིན་དུ་ཏི་ཤ་ཞེས་བྱ་བ་དང་། རྒྱལ་བ་ཞེས་བྱ་བ་དང་། གཙུག་ལྡན་ཞེས་

བྱ་བ་དང་། མར་མེ་མཛད་ཅེས་བྱ་བ་དག་མཐོང་སྟེ། གང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་ལ་བཞག་ནས་ད་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་ཀྱང་བསྐལ་པའམ། བསྐལ་པའི་ལྷག་མ་མ་ལུས་པར་བརྗོད་པར་གྱུར་ན་གང་

Vol. 62 · folio 229b

བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དག་ལྟ་ཅི་སྨོས། གང་དགའ་ལྡན་གྱི་གནས་ན་གནས་པ་དག་ལྟ་ཅི་སྨོས། གང་སྐྱེ་བ་དག་ལྟ་ཅི་སྨོས། གང་ཁྱིམ་ནས་འབྱུང་བ་དག་ལྟ་ཅི་སྨོས། གང་དཀའ་བ་སྤྱོད་པ་དག་ལྟ་ཅི་སྨོས། གང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དག་ལྟ་ཅི་སྨོས་ཏེ། ཤཱ་རིའི་

བུ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མའོ། །སྐྱེད་པའོ། །ཐུགས་རྗེ་བའོ། །བྱེད་དུ་འཇུག་པའོ་ཞེས་ཡང་དག་པར་སྨྲ་ཞིང་སྟོན་པ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་ལ་དེ་དག་སྨྲ་ཞིང་སྟོན་ཏེ། ཤཱ་རིའི་བུ་རྒྱུ་དེ་དང་རྐྱེན་དེ་ཡིན་ཏེ།

སྔོན་ཕན་བཏགས་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པ་ང་ལ་བྱས་པ་མི་གཟོ་བས་རྒོལ་ལོ། །དེ་ནས་ལྷའི་བུ་ཉིས་བརྒྱ་པོ་དག་འདི་སྙམ་དུ་གྱུར་ཏེ། ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འགྲོ་བའོ། །རྐྱེན་ལ་རག་ལས་པའོ། །སྲེད་པའི་རྩ་བ་ཅན་ནོ། །སྨོན་ལམ་གྱིས་ཐོག་དྲངས་པ་ཅན་

ཡིན་ཏེ། བཅོམ་ལྡན་འདས་འདི་ཡང་གཞན་གྱིས་བྱེད་དུ་བཅུག་པ་ཡིན་ན་དེ་བཞིན་གཤེགས་པ་མངོན་པར་བཞུགས་བཞིན་དུ་བདག་ཅག་དམན་པ་ལ་སེམས་པ་དེ་ནི་མི་རིགས་སོ་སྙམ་མོ། །དེ་ནས་ལྷའི་བུ་ཉིས་བརྒྱ་པོ་དེ་དག་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འདིར་ལག་པ་བརྐྱང་ཞིང་རྫུ་འཕྲུལ་བསྟན་པའི་ཆོ་འཕྲུལ་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་ཅིང་ལྷུང་བཟེད་བླངས་པ་དང་། འདི་ལ་སྔོན་བྱུང་བའི་ཆོས་བསྟན་པ་བསྟན་པའི་ཚེ་འོག་གི་སངས་རྒྱས་ཀྱི་ཞིང་དང་། འདི་ནས་སེམས་ཅན་

གྲངས་ལས་འདས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ནས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱ་བ་དང་། ཆོས་ཀྱི་གཡོག་བྱ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རིན་པོ་ཆེའི་གདུགས་བསྐུར་བར་གྱུར་ཏེ།

རིན་པོ་ཆེའི་གདུགས་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་འདི་ཁེབས་པར་གྱུར་ཏོ། །རིན་པོ་ཆེའི་གདུགས་དེ་ལས་ཀྱང་དེ་བཞིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་བཞིན་ཏེ། བདག་ཅག་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་

Vol. 62 · folio 230a

ལ་བཀོད་དོ་ཞེས་དེ་སྐད་ཟེར་བའི་སྒྲ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་མྱུར་དུ་མྱ་ངན་ལས་འདའ་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ཅིའི་

ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་གང་འཁོར་བས་སྐྲག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་ལ་གནས་ལ་ཉན་ཐོས་སུ་འགྱུར་བར་བྱའོ་སྙམ་དུ་སེམས་པ་དེ་དག་ནི་ད་དུང་དུའང་འཁོར་བ་ན་འཁོར་བར་གྱུར་ལ། བྱང་ཆུབ་

སེམས་དཔའ་གཞན་བརྩོན་འགྲུས་དང་ལྡན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པ་དག་གིས་ནི་ཐམས་ཅད་མཁྱེན་པ་ཐོབ་པར་ངས་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། །ཤཱ་རིའི་བུ་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་

ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་རིག་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། ཤཱ་རིའི་

བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ནི་བྱེ་བ་ཕྲག་བརྒྱ་ཡོད་པར་གྱུར་ཏོ། །ཚེའི་ཚད་ནི་ལོ་འབུམ་ཐུབ་པར་གྱུར་ཏོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་མཆོག་ཤེས་རབ་དང་ལྡན་པ་ནི་དགེ་སློང་མངོན་པར་འཕགས་པ་ཞེས་བྱ་བ་ཞིག་བྱུང་ངོ་། །ཉན་ཐོས་ཀྱི་མཆོག་

གཉིས་པ་རྫུ་འཕྲུལ་དང་ལྡན་པའི་མཆོག་ནི་ཤུགས་ཆེན་པོ་ཞེས་བྱ་བ་ཞིག་བྱུང་ངོ་། །དེ་ལྟ་སྟེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་མནབས་ཆོས་གོས་དང་། ལྷུང་བཟེད་བསྣམས་ཏེ། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་རྒྱལ་པོའི་

ཕོ་བྲང་གྲགས་ལྡན་ཞེས་བྱ་བར་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ། །དེའི་ཚེ་ན་དེ་བཞིན་གཤེགས་པའི་གཡས་ཕྱོགས་ནས་ནི་ཉན་ཐོས་ཤེས་རབ་དང་ལྡན་པའི་མཆོག་འགྲོའོ། །གཡོན་ཕྱོགས་ནས་ནི་ཉན་ཐོས་རྫུ་འཕྲུལ་དང་ལྡན་པའི་མཆོག་འགྲོའོ། །རྒྱབ་ནས་ནི་

Vol. 62 · folio 230b

མང་དུ་ཐོས་པ་འགྲོའོ། །མདུན་ནས་ནི་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་འགྲོ་སྟེ། ལ་ལ་ནི་ཚངས་པའི་གཟུགས། ལ་ལ་ནི་བརྒྱ་བྱིན་གྱི་གཟུགས། ལ་ལ་ནི་རྒྱལ་པོ་ཆེན་པོ་བཞིའི་གཟུགས། ལ་ལ་ནི་ལྷའི་གཟུགས་ཀྱིས་ལམ་གྱི་བྱི་དོར་བྱེད་ཅིང་འགྲོ་སྟེ། ཤཱ་རིའི་བུ་དེའི་ཚེ་ན་དེ་བཞིན་གཤེགས་

པ་དེ་རྒྱལ་པོའི་ཕོ་བྲང་དེར་གཤེགས་པ་དང་། བྱིས་པ་རྒྱན་བཟང་པོས་བརྒྱན་པ་གསུམ་ཞིག་ལམ་གྱི་བར་ན་རྩེ་ཞིང་འདུག་པ་ལས་བྱིས་པ་དེ་དག་གིས་དེ་བཞིན་གཤེགས་པ་བཟང་བ། སེམས་དད་པར་འགྱུར་བ། དབང་པོ་ཞི་བ། ཡིད་ཞི་བ། དུལ་བ་དང་ཞི་གནས་མཆོག་དམ་པའི་ཕ་

རོལ་ཏུ་སོན་པ། སྐྱོན་མེད་པ། དབང་པོ་ཐུལ་བ། རྫིང་བཞིན་དུ་དང་ལ་གསལ་ཞིང་རྙོག་པ་མེད་པ། མཆོད་སྦྱིན་གྱི་ཤིང་གསེར་ལས་བྱས་པ་ལྟར་མངོན་པར་འཕགས་པ་འབར་བ་མཛེས་པ། ལྷམ་མེ་ལྷན་ནེར་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་

ཀུན་ནས་བརྒྱན་པ་དེ་རྒྱང་མ་ནས་གཤེགས་པ་མཐོང་ངོ་། །མཐོང་ནས་ཁྱེའུ་གཅིག་གིས་ཁྱེའུ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེའུ་ཁྱེད་ཅག་གིས་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ཀྱི་མཆོག་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ལྷ་དང་མིའི་འཇིག་རྟེན་དུ་བཅས་པའི་སྦྱིན་

པའི་གནས་དེ་གཤེགས་པ་མཐོང་ངམ། ཚུར་ཤོག་དེ་ལ་མཆོད་པ་བྱའོ། །འདི་ལ་ཕུལ་ན་འབྲས་བུ་ཆེན་པོར་འགྱུར་རོ། །དེ་ནས་དེའི་ཚེ་ཁྱེའུ་དེས་ཚིགས་སུ་བཅད་པ་འདི་སྨྲས་སོ། །འདི་ནི་སེམས་ཅན་ཀུན་གྱི་མཆོག །སྦྱིན་གནས་བླ་ན་མེད་པ་སྟེ། །དེ་བས་འདི་

ལ་མཆོད་པར་བྱ། །འདི་མཆོད་འབྲས་བུ་ཆེན་པོར་འགྱུར། །ཁྱེའུ་གཉིས་པོས་སྨྲས་པ། བདག་ཅག་ལ་ནི་མེ་ཏོག་དང་། །དྲི་དང་ཕྱེ་མ་བྱུག་མ་མཆིས། །འཇིག་རྟེན་གང་ཟག་ཟླ་མེད་པ། །འདི་ལ་ཅིས་ནི་མཆོད་པར་བགྱི། །དེ་ནས་ཁྱེའུ་དེས་མུ་ཏིག་གི་སེ་མོ་དོ་རིན་བརྒྱ་སྟོང་

རི་བ་ལག་པ་གཡས་པས་མགུལ་ནས་བཀྲོལ་ཏེ་ཚིགས་སུ་བཅད་པ་འདི་སྨྲས་སོ། །བསོད་ནམས་ཞིང་ནི་བླ་ན་མེད། །དེ་ལ་འདིས་ནི་མཆོད་པར་བགྱི། །འདི་མཐོང་ནས་ནི་མཁས་པ་དག །དངོས་པོ་དག་ལ་སུ་ཞིག་ཆགས། །དེ་ནས་ཤཱ་རིའི་བུ་ཁྱེའུ་གཉིས་པོ་དེ་དག་ཁྱེའུ་དེའི་

Vol. 62 · folio 231a

རྗེས་སུ་སློབ་པར་གྱུར་ནས་བདག་བདག་གི་མགུལ་ནས་མུ་ཏིག་གི་སེ་མོ་དོ་བཀྲོལ་ཏེ། ཚིགས་སུ་བཅད་པ་འདི་སྨྲས་སོ། །ཡང་དག་རྫོགས་པ་འོད་པ་རྒལ། །མྱ་ངན་སྤངས་པ་སེམས་གྲོལ་བ། །སྡིག་མེད་ཡང་དག་ཆོས་གནས་ལ། །བདག་ཅག་གཉིས་ནི་མཆོད་པ་

བགྱིད། །དེ་ནས་ཁྱེའུ་དེས་ཁྱེའུ་གཉིས་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེའུ་ཁྱེད་གཉིས་སྦྱིན་པའི་ཆོས་འདིས་ཅིར་སྨོན། དེ་ནས་ཁྱེའུ་གཅིག་གིས་སྨྲས་པ། བདག་ནི་བཅོམ་ལྡན་འདས་འདིའི་གཡས་ཕྱོགས་ན་ཤེས་རབ་དང་ལྡན་པའི་མཆོག་དེ་ཇི་ལྟ་བ་བཞིན་དུ་གྱུར་ཅིག །ཁྱེའུ་

གཉིས་པས་སྨྲས་པ། བདག་ནི་བཅོམ་ལྡན་འདས་འདིའི་གཡོན་ཕྱོགས་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་དེ་ཇི་ལྟ་བ་བཞིན་དུ་གྱུར་ཅིག །དེ་ནས་ཁྱེའུ་དེས་སྨྲས་པ། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཐམས་

ཅད་གཟིགས་པ། ཕྱོགས་ཐམས་ཅད་དུ་སྣང་བར་མཛད་པ། སེང་གེའི་འགྲོས་སུ་གཤེགས་པ། འདི་ཇི་ལྟ་བ་དེ་བཞིན་དུ་གྱུར་ཅིག་ཅེས་ཤཱ་རིའི་བུ་ཁྱེའུ་དེས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་བར་སྣང་ལས་ལྷའི་བུ་བརྒྱད་སྟོང་གིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་

སོ། །སྐྱེས་བུ་དམ་པ་ཁྱོད་ཀྱིས་ཚིག་དེ་ལེགས་པར་སྨྲས་སོ། །ལྷ་དང་འཇིག་རྟེན་དུ་བཅས་པའི་རྟེན་དུ་སེམས་བསྐྱེད་དོ། །དེ་ནས་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པས་བསྙེན་བཀུར་བྱེད་པ་བློ་གྲོས་རྒྱ་མཚོ་ཞེས་བྱ་བ་ལ་བཀའ་སྩལ་པ། དགེ་

སློང་ཁྱོད་ཀྱིས་ཁྱེའུ་མུ་ཏིག་གི་སེ་མོ་དོ་ཐོགས་ཏེ། འོང་བ་འདི་གསུམ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེའུ་བར་མ་ཚུར་འོང་བ་འདི་ནི་འདི་འདྲ་བའི་བསམ་པས་འོང་སྟེ། གོམ་པ་འདོར་བ་དང་།

འཇོག་པ་ཐམས་ཅད་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བརྒྱ་སྟོང་གི་དགེ་བའི་རྩ་བ་ཡོངས་སུ་ལེན་ཏོ། །དེ་བཞིན་དུ་བརྒྱ་བྱིན་འཐོབ་པ་དང་། ཚངས་པ་འཐོབ་པ་བརྒྱ་སྟོང་ཡོངས་སུ་ལེན་ཏོ། །གོམ་པ་ཐམས་ཅད་ལ་སངས་རྒྱས་བརྒྱ་སྟོང་མངོན་པར་མཐོང་བའི་དགེ་བའི་རྩ་བ་ཡོངས་སུ་ལེན་ཏོ། །

Vol. 62 · folio 231b

ཤཱ་རིའི་བུ་དེ་ནས་ཁྱེའུ་གསུམ་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་མུ་ཏིག་གི་སེ་མོ་དོ་དེ་བཅོམ་ལྡན་འདས་ཀྱི་སྐུ་ལ་གཏོར་ཏོ། །ཤཱ་རིའི་བུ་དེའི་ཚེ་

གང་ཉན་ཐོས་ཀྱི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་གཏོར་བར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པ་དེའི་ཕྲག་པ་གཉིས་ལ་འདུག་པར་གྱུར་ཏོ། །གང་ཁྱེའུ་དེས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་གཏོར་བར་གྱུར་པ་དེ་ནི་དེ་བཞིན་གཤེགས་པ་དེའི་དབུའི་གཙུག་གི་སྟེང་ན་མུ་

ཏིག་གི་སེ་མོ་དོའི་ཁང་པ་བརྩེགས་མ་རྣམ་པ་སྣ་ཚོགས་བལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་ཟུག་པ། ཀུན་ནས་རྣམ་པར་ཕྱེ་བར་གྱུར་ཅིང་། ཁང་པ་བརྩེགས་མ་དེ་ན་དེ་བཞིན་གཤེགས་པའི་སྐུ་སྐྱིལ་མོ་ཀྲུང་བཅས་ཤིང་བཞུགས་པར་ཡང་སྣང་ངོ་། །དེ་ནས་དེ་བཞིན་གཤེགས་

པ་དེ་འཛུམ་པ་མཛད་དེ། ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནམ་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་པ་དུ་མ་དེ་བཞིན་གཤེགས་པའི་ཞལ་ནས་འབྱུང་སྟེ། འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཇ་

གོང་དང་། ཤེལ་དང་། དངུལ་གྱི་ཁ་དོག་དག་གོ། །དེ་དག་གི་སྣང་བས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཉི་མ་དང་ཟླ་བའི་འོད་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་

ལན་གསུམ་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣང་བར་སོང་ངོ་། །དེ་ནས་བཅོམ་ལྡན་འདས་དེ་ལ་བཅོམ་ལྡན་འདས་ཀྱི་བསྙེན་བཀུར་བྱེད་པ་དགེ་སློང་བློ་གྲོས་རྒྱ་མཚོས་ཞུས་པ། དེ་བཞིན་གཤེགས་པ་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་ནི་འཛུམ་པ་མི་མཛད་ན། བཅོམ་ལྡན་

འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད་ཅེས་དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱེད་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱེའུ་འདི་གཉིས་ཀྱིས་ཉན་ཐོས་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་མུ་ཏིག་གི་སེ་མོ་དོ་གཉིས་

Vol. 62 · folio 232a

གཏོར་བ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེའུ་འདི་གཉིས་ནི་འཁོར་བས་འཇིགས་སྐྲག་ནས་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་པར་བདག་ཅག་ནི་མྱུར་དུ་མྱ་ངན་ལས་འདས་པར་

བྱའོ་སྙམ་དུ་དེ་ལྟར་སེམས་སོ། །དགེ་སློང་ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །གང་གི་ཚེ་ན་ཁྱེའུ་གསུམ་པ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བ་དེའི་ཚེ། ཁྱེའུ་འདི་གཉིས་ནི་དེའི་ཉན་ཐོས་ཀྱི་མཆོག་ཏུ་འགྱུར་

ཏེ། གཅིག་ནི་ཤེས་རབ་དང་ལྡན་པའི་མཆོག །གཉིས་པ་ནི་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་འགྱུར་རོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་ཁྱེའུ་བར་མར་གྱུར་ཅིང་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་དེ་ནི་གཞན་ནོ་སྙམ་དུ་ཐེ་ཙོམ་མམ། ཡིད་གཉིས་སུ་གྱུར་པར་ཤཱ་རིའི་བུ་དེ་

ལྟར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་ཁྱེའུ་བར་མ་དེར་གྱུར་ཏོ། །ཤཱ་རིའི་བུ་དེའི་ཚེ་དེའི་དུས་ན་གཡས་ཕྱོགས་ཀྱི་ཁྱེའུར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་དེ་ལྟར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་ཁྱེའུ་དེར་གྱུར་ཏོ། །དགེ་སློང་

མཽང་གལ་གྱི་བུ་ནི་ཁྱེའུ་གཡོན་ཕྱོགས་པར་གྱུར་ཏོ། །ཤཱ་རིའི་བུ་ལྟོས་དགེ་བའི་རྩ་བ་མཉམ་པ་ལས་ཁྱེད་གཉིས་འཁོར་བས་འཇིགས་སྐྲག་ནས་བྱང་ཆུབ་ཏུ་སེམས་མ་བསྐྱེད་དེ་སེམས་ཞུམ་པས་ཅི་ནས་ཀྱང་བདག་ཅག་གིས་མྱུར་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་བྱེད་མོད་ཀྱི་ཁྱེད་གཉིས་ཀྱིས་

ང་ལས་ཐལ་བར་མ་ནུས་སོ། །ཤཱ་རིའི་བུ་ལྟོས་ངས་ཐམས་ཅད་མཁྱེན་པ་རྟོགས་ནས་ཁྱེད་གཉིས་ནི་ངས་ཆོས་བསྟན་པས་རྣམ་པར་གྲོལ་ལོ། །ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་ཤེས་པར་བྱ་སྟེ་ཅི་ནས་ཀྱང་མྱུར་དུ་མྱ་ངན་ལས་འདའ་བར་འདོད་ན་ཐམས་ཅད་མཁྱེན་པར་སེམས་

བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མྱུར་བའི་ཐེག་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ། །མི་སླུ་བའི་ཐེག་པ་ཞེས་བྱ་བ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཐེག་པ་ཞེས་བྱ་བ། འབར་བའི་ཐེག་པ་ཞེས་བྱ་བ། ཐེག་པའི་མཆོག་

Vol. 62 · folio 232b

ཅེས་བྱ་བ། ཐེག་པའི་གཙོ་བོ་ཞེས་བྱ་བ། ཐེག་པ་རབ་མཆོག་ཅེས་བྱ་བ། བླ་ན་མེད་པའི་ཐེག་པ་ཞེས་བྱ་བ། མ་ཆགས་པའི་ཐེག་པ་ཞེས་བྱ་བ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་པའི་ཐེག་པ་ཞེས་བྱ་བ་ནི་ཤཱ་རིའི་བུ་ཐམས་ཅད་མཁྱེན་པའི་ཚིག་བླ་དགས་སོ། །སྔོན་

བྱུང་བའི་གཏམ་འདི་དང་། ཐམས་ཅད་མཁྱེན་པ་སྟོན་པ་འདི་བསྟན་པའི་ཚེ་སྲོག་ཆགས་ཁྲིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་དང་། རེ་བ་ཏི་དང་། མ་འགགས་པ་དང་། ཨུ་པ་

ལི་དང་། བྱམས་མའི་བུ་གང་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས་གུས་པར་བགྱིས་ཏེ། དགེ་བའི་རྩ་བ་བསྐྱེད་པར་བགྱིའོ། །

རྒྱ་ཆེན་པོ་ལ་ཡང་མོས་པར་བགྱིའོ། །སྨོན་ལམ་རྒྱ་ཆེན་པོ་ཡང་གདབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ལ་སངས་རྒྱས་བརྒྱ་སྟོང་གིས་ཐམས་ཅད་མཁྱེན་པ་དང་ལྡན་པའི་གཏམ་བརྗོད་ཅིང་བདག་ཅག་ལ་ཆོས་བསྟན་ཀྱང་བཅོམ་ལྡན་འདས་བདག་ཅག་ནི་མ་

ཆགས་པའི་ཡེ་ཤེས་རྟོགས་པར་འགྱུར་བའི་སྐལ་བ་མ་མཆིས་སོ། །བཅོམ་ལྡན་འདས་བདག་ཅག་ནི་མཚམས་མ་མཆིས་པ་ལྔ་དང་ལྡན་ན་ལེགས་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པར་འགྱུར་བ་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་

ལྡན་འདས་བདག་ཅག་མཚམས་མ་མཆིས་པ་ལྔ་དང་ལྡན་ན་ནི་སེམས་ཅན་དམྱལ་བར་སྡུག་བསྔལ་སྦྱངས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཆགས་པ་འདི་དང་མི་འབྲལ་བར་འགྱུར་ན་བཅོམ་ལྡན་འདས་བདག་ཅག་ནི་བསམ་པའི་རྒྱུད་ཚིག་པ། དབང་པོ་ཉམས་པ། ཐམས་

ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྣོད་མ་ལགས་པར་གྱུར་ན་ད་ཇི་ལྟར་བགྱི། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་གུམ་སྟེ་དུས་འདས་པར་གྱུར་ན་གཉེན་རྣམས་ཀྱིས་ཉེ་བར་འཚོ་བར་མི་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་ཉན་ཐོས་ཀྱི་ཐེག་པ་ལ་མོས་ན་ལྷ་དང་འཇིག་རྟེན་

Vol. 62 · folio 233a

དུ་བཅས་པ་ལ་སྨན་མི་ཐོགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ས་ཆེན་པོ་འདི་རྐང་གཉིས་པ་དང་། རྐང་བཞི་པ་རྣམས་ལ་སྨན་འདོགས་པར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་འདས་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་

པར་གྱུར་པ་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་སྨན་འདོགས་པར་གྱུར་པའོ།། །།བམ་པོ་གསུམ་པ། གཏམ་འདི་བརྗོད་པའི་རྗེས་ལ་རྒྱལ་པོ་མ་སྐྱེས་དགྲ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་

ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་

ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཅི་ལ་གནས། ཅིའི་མཐུས་ན་སྡིག་པའི་ལས་མངོན་པར་རྩོམ་ཞིང་བགྱིད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་སེམས་

ཅན་རྣམས་ནི་བདག་དང་སེམས་ཅན་དང་། སྲོག་དང་། གང་ཟག་ལ་གནས་སོ། །རྒྱལ་པོ་ཆེན་པོ་སེམས་ཅན་རྣམས་ནི་འཇིག་ཚོགས་སུ་ལྟ་བ་ལ་རྟེན་ཅིང་ཕྱིན་ཅི་ལོག་ཏུ་མངོན་དུ་གྱུར་པ་ལ་གནས་ནས་སྡིག་པའི་ལས་མངོན་པར་རྩོམ་ཞིང་བྱེད་པར་འགྱུར་རོ། །གསོལ་པ། བཅོམ་

ལྡན་འདས་འཇིག་ཚོགས་སུ་ལྟ་བའི་རྩ་བ་གང་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འཇིག་ཚོགས་སུ་ལྟ་བ་ནི་མ་རིག་པའི་རྩ་བ་ལས་བྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་མ་རིག་པའི་རྩ་བ་གང་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་རིག་པ་ནི་

ཚུལ་བཞིན་ཡིད་ལ་མི་བྱེད་པ་ལས་བྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་ཚུལ་བཞིན་ཡིད་ལ་མི་བགྱིད་པའི་རྩ་བ་གང་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཚུལ་བཞིན་ཡིད་ལ་མི་བྱེད་པ་ནི་མེད་པ་ལ་སྒྲོ་འདོགས་པའི་རྩ་བ་ལས་བྱུང་ངོ་། །གསོལ་པ།

Vol. 62 · folio 233b

བཅོམ་ལྡན་འདས་མ་མཆིས་པ་ལ་སྒྲོ་འདོགས་པ་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མེད་པ་ལ་སྒྲོ་འདོགས་པ་ཞེས་བྱ་བ་ནི་མ་བྱུང་བ་ལ་ཡོངས་སུ་རྟོག་པའི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་མ་བྱུང་བ་ལ་ཡོངས་སུ་རྟོག་པ་ཞེས་བགྱི་

བའི་རྩ་བ་གང་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་མ་བྱུང་བ་ལ་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་འདུས་ཏེ་མ་བྱུང་བའི་ཚིག་བླ་དགས་སོ། །གསོལ་པ། བཅོམ་ལྡན་འདས་འདུས་ཏེ་མ་བྱུང་བ་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདུས་ཏེ་མ་བྱུང་བ་ཞེས་བྱ་བ་ནི་གང་གི་ཕྱིར་

མ་སྐྱེས་མ་བྱུང་བས་དེའི་ཕྱིར་འདུས་ཏེ་མ་བྱུང་བ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་གང་མི་འབྱུང་བ་དེ་ཅི་ཞིག་བགྲང་འཚལ། བཀའ་སྩལ་པ། གང་མི་འབྱུང་བ་དེ་ལ་བགྲང་བ་ཆུང་ཟད་ཀྱང་མེད་དོ། །གསོལ་པ། བཅོམ་ལྡན་འདས་འགྱོད་པ་ཅི་ལ་

དམིགས་པ་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འགྱོད་པ་ནི་ཐེ་ཙོམ་ལ་དམིགས་པའོ། །གསོལ་པ། བཅོམ་ལྡན་འདས་ཐེ་ཙོམ་ཞེས་བགྱི་བ་ཅི་ལགས། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཐེ་ཙོམ་ཞེས་བྱ་བ་ནི་གང་འཕགས་པ་ཡང་དག་པར་སྨྲ་བ་དག་གིས་

བཤད་པ་ལ་ཐེ་ཙོམ་ཟ་བ་སྟེ་དེ་ནི་ཐེ་ཙོམ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་འཕགས་པ་གང་ལགས། ཡང་དག་པར་སྨྲ་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྡུལ་དང་ལྟ་བ་ཐམས་ཅད་དང་བྲལ་བའི་ཕྱིར་འཕགས་པ་

ཞེས་བྱའོ། །རྒྱལ་པོ་ཆེན་པོ་གང་དག་གིས་ཆོས་ཐམས་ཅད་འདུས་ཏེ་བྱུང་བ་མ་ཡིན་པར་རྟོགས་པ་ནི་ཡང་དག་པར་སྨྲ་བ་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

འཇིག་རྟེན་གནས་པ་ནི་བདག་གི་བསམ་པའི་རྒྱུད་ཀྱི་ཉོན་མོངས་པས་བསྒྲིབས་པ་སྟེ། དེ་ནི་འཕགས་པ་ཡང་དག་པར་སྨྲ་བ་དག་གིས་བཤད་པ་ལ་ཡིད་མ་ཆེས་ནས་སྡིག་པའི་ལས་རྣམ་པ་དུ་མ་དག་རྩོལ་ཞིང་བགྱིད་པ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །དེ་ནི་བདེ་

Vol. 62 · folio 234a

བར་གཤེགས་པ་རྨད་དུ་གྱུར་པའོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྡིག་པའི་གྲོགས་པོའི་དབང་དུ་མཆིས་པ་དང་། རྒྱལ་སྲིད་དང་། ལོངས་སྤྱོད་དང་། དབང་དང་། ནོར་གྱིས་རྒྱགས་ཤིང་དྲེགས་པས་ཕས་མ་ནོངས་པར་སྲོག་བཀུམ་ནས། བཅོམ་

ལྡན་འདས་བདག་ནི་ཐེ་ཙོམ་དེ་མེད་པར་བསལ་མི་ནུས་ཏེ། ཟས་འཚལ་བ་དང་། སྐོམ་འཚལ་བ་དང་། རྩེ་བ་དང་། དགའ་བར་བགྱིད་པ་དང་། ཡོངས་སུ་སྤྱོད་པ་དང་། དོན་སྒྲུབ་ཅིང་མཆིས་པ་དང་། སླས་ཀྱི་ནང་དུ་མཆིས་པ་དང་། གཅིག་པུ་མཆིས་པ་དང་། འགྲོ་

བ་མང་པོའི་ནང་དུ་མཆིས་པ་དང་། ནུབ་མོ་དང་གདུགས་ལ་ཡང་ཐེ་ཙོམ་དེ་བསལ་མ་ནུས་ནས། བཅོམ་ལྡན་འདས་བདག་ནི་གཡར་ཟས་ཀྱི་རོ་ཡང་མི་བྲོ། བཅོམ་ལྡན་འདས་བདག་ནི་ཕྱག་ལ་སྐོམ་པར་ཡང་མི་འགྱུར། བཅོམ་ལྡན་འདས་བདག་ནི་གཉིད་ཀྱང་མི་མཆི། བཅོམ་

ལྡན་འདས་བདག་ནི་མདངས་གསལ་བ་ཡང་མ་མཆིས། བཅོམ་ལྡན་འདས་བདག་ནི་རྟག་ཏུ་རྒྱུན་མི་ཆད་པར་སྐྲག་པ་འབྱུང་ཞིང་མཇུག་ཏུ་བདག་སེམས་ཅན་དམྱལ་བ་པར་འགྱུར་བ་ཡང་སེམས་ཏེ། བཅོམ་ལྡན་འདས་ཁྱོད་ནི་འཇིག་རྟེན་ལོང་བར་གྱུར་པའི་ནི་མིག །ཆབ་ཀྱིས་

དེད་པ་རྣམས་ཀྱི་ནི་འདྲེན་པ། རྒལ་འཚལ་བ་རྣམས་ཀྱི་ནི་ཟམ་པ། སྡུག་བསྔལ་བ་རྣམས་ལ་ནི་བདེ་བ་སྩོལ་བ། དབུལ་པོ་རྣམས་ཀྱི་ནི་གཏེར། ལམ་ངན་པར་ཞུགས་པ་རྣམས་ལ་ནི་ལམ་སྟོན་པ། ཐུགས་རྗེ་ཆེ་བ། ཐུགས་མི་སྐྱོ་བ། སེམས་ཅན་ཐམས་

ཅད་ལ་སྙོམས་པར་དགོངས་པ། ཤིན་ཏུ་བྱམས་པ། བརྟན་པ། བདེ་བ་དང་སྡུག་བསྔལ་བས་མི་བསྐྱོད་པ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ནི་སེམས་ཅན་གང་ཡང་མ་བཏང་ན། བཅོམ་ལྡན་འདས་བདག་འཇིགས་པ་ལ་མི་འཇིགས་པ་སྩོལ་ཅིག །མགོན་མ་མཆིས་

པའི་མགོན་དུ་གྱུར་ཅིག །སྐྱབས་མ་མཆིས་པའི་སྐྱབས་སུ་གྱུར་ཅིག །ལོང་བའི་ནི་མིག་ཏུ་གྱུར་ཅིག །བདག་ཆབ་ཀྱིས་འཚལ་བ་ལ་ནི་ཕྱག་གིས་དྲང་བར་མཛོད་ཅིག །བཅོམ་ལྡན་འདས་བདག་མནར་མ་མཆིས་པའི་འཇིགས་པ་དང་སྐྲག་པ་ཆེན་པོར་ལྟུང་བ་ལ། ཅི་

Vol. 62 · folio 234b

ནས་ཀྱང་ཐེ་ཙོམ་དེ་བསལ་ནས་ཀུན་དུ་དཀྲིས་པ་མ་མཆིས་པར་འགུམ་པའི་དུས་བགྱིད་པ་དང་། བདག་གི་སུག་ལས་དེ་ཡང་མྱོང་བ་ཆུང་ངུ་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མའོ་རྒྱལ་པོ་མ་སྐྱེས་དགྲ་འདི་ནི་སྲེད་པ་ལ་

སྤྱོད་པ། ཆོས་ཟབ་མོ་ལ་དད་པ་ཡིན་གྱིས། འཇམ་དཔལ་གཞོན་ནུར་གྱུར་པ་མ་གཏོགས་པར་གཞན་སུས་ཀྱང་འདིའི་ཐེ་ཙོམ་ལྷག་མ་མ་ལུས་པར་སེལ་མི་ནུས་སྙམ་དགོངས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རིའི་བུས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་

སོ། །རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་སང་བཤོས་ལ་སྤྱན་དྲོངས་ཤིག་དང་། དེས་ཁྱོད་ཀྱི་ཐེ་ཙོམ་ངན་པ་དེའང་བསལ་བར་འགྱུར། ཁྱིམ་ཡང་སྤྱད་པར་འགྱུར། ཁྱོད་ཀྱི་ནང་གི་འགྲོ་བ་དེ་ཐམས་ཅད་ཀྱིས་ཀྱང་དགེ་བའི་རྩ་བ་བསྐྱེད་པར་འགྱུར། རྒྱལ་པོའི་

ཁབ་ཀྱི་གྲོང་ཁྱེར་ཆེན་པོར་ཡང་སེམས་ཅན་ཚད་མེད་པ་དག་གི་དོན་བྱས་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་བདག་ལ་ཐུགས་བརྩེ་བའི་སླད་དུ་སང་བཤོས་ལ་

གཤེགས་པར་དགོངས་ཤིག །དེ་སྐད་ཅེས་གསོལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བྱས་པ་དང་། མཆོད་པས་ཆོག་གིས་འདི་ལྟ་སྟེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་

གོས་ལེན་པའམ། ལྷུང་བཟེད་ལེན་པའམ། ཟས་ལེན་པ་དེ་ནི་ཐུགས་བརྩེ་བ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་ཁྱོད་གང་གི་ཚེ་ཟབ་མོའི་དོན་དམ་པ་བདག་མེད་པ་ལ་ཐེ་ཙོམ་མེད་པའམ། ནེམ་ནུར་མེད་པར་གྱུར་ན། དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །

རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཁྱོད་ཆོས་གང་ལ་ཡང་རྟོག་པར་ཡང་མ་གྱུར། རྣམ་པར་རྟོག་པར་ཡང་མ་གྱུར་ན་དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཁྱོད་སེམས་འདས་པ་དང་། མ་འོངས་པ་དང་། ད་ལྟར་དུ་རྟོག་པའང་

Vol. 62 · folio 235a

མེད། རྣམ་པར་རྟོག་པ་ཡང་མེད་ན་དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་ན། ཁྱོད་ལྟ་བ་ཆུང་ངུ་ཡང་སྐྱེད་པར་ཡང་མི་བྱེད། འགོག་པར་ཡང་མི་བྱེད་ན་དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །དེ་སྐད་

ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཆོས་ཀྱི་ཆོས་ཉིད་ནི་དེ་ལྟ་ལགས་མོད་ཀྱི། འོན་ཀྱང་བདག་ལ་ཐུགས་བརྩེ་བའི་སླད་དུ་སང་འཁོར་དང་བཅས་ཏེ། བདག་གི་མཆིས་བྲང་དུ་

བཤོས་ལ་གཤེགས་ཤིག །དེ་སྐད་ཅེས་གསོལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་ནི་གོས་ལེན་པའམ། ལྷུང་བཟེད་ལེན་

པའམ། ཟས་ལེན་པ་དེ་ཐུགས་བརྩེ་བ་མ་ཡིན་གྱི། རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཁྱོད་བདག་ཏུ་མི་འཛིན། སེམས་ཅན་དུ་མི་འཛིན། སྲོག་ཏུ་མི་འཛིན། གང་ཟག་ཏུ་མི་འཛིན་པ་དེའི་ཚེ་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཁྱོད་བདག་

ཏུ་བཟུང་བ་དང་། གཞན་དུ་བཟུང་བ་མི་འཛིན་པར་གྱུར་ན་དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཁྱོད་སེམས་སུ་མི་འཛིན། དམིགས་པར་མི་འཛིན། ཕུང་པོར་མི་འཛིན། ཁམས་སུ་མི་འཛིན། སྐྱེ་མཆེད་དུ་མི་འཛིན།

ནང་དུ་མི་འཛིན། ཕྱིར་མི་འཛིན། ཁམས་གསུམ་དུ་མི་འཛིན། ཁམས་གསུམ་ལས་འདས་པར་མི་འཛིན། དགེ་བར་མི་འཛིན། མི་དགེ་བར་མི་འཛིན། ཁ་ན་མ་ཐོ་བ་དང་བཅས་པར་མི་འཛིན། ཁ་ན་མ་ཐོ་བ་མེད་པར་མི་འཛིན། འཇིག་རྟེན་པར་མི་འཛིན།

འཇིག་རྟེན་ལས་འདས་པར་མི་འཛིན། ཟག་པ་དང་བཅས་པར་མི་འཛིན། ཟག་པ་མེད་པར་མི་འཛིན། འདུས་བྱས་སུ་མི་འཛིན། འདུས་མ་བྱས་སུ་མི་འཛིན། ཉོན་མོངས་པར་མི་འཛིན། རྣམ་པར་བྱང་བར་མི་འཛིན། འཁོར་བར་མི་འཛིན། མྱ་ངན་ལས་

Vol. 62 · folio 235b

འདས་པར་མི་འཛིན་ན་དེ་ལྟ་བུ་ནི་ཁྱོད་ལ་ཐུགས་བརྩེ་བར་བྱས་པ་ཡིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་བདག་ལ་ཐུགས་བརྩེ་བའི་སླད་དུ་དགོངས་སུ་གསོལ། འཇམ་དཔལ་གྱིས་སྨྲས་པ། རྒྱལ་

པོ་ཆེན་པོ་འདི་ལྟ་སྟེ། ཆོས་གང་ལ་ཡང་མངོན་པར་ཆགས་པའམ། ཡོངས་སུ་ལེན་པ་དེ་ནི་ཕན་པའམ་བདེ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་དུ་ཡང་གཡོ་བའམ། སེམས་པ་ནི་ཕན་པའམ་བདེ་བ་མ་ཡིན་གྱི། གང་གཡོ་བ་དང་སེམས་པ་ཡོངས་སུ་མི་འཛིན་ཅིང་མངོན་པར་

ཆགས་པ་སྤོང་བ་དེ་ནི་ཕན་པ་དང་བདེ་བའོ། །རྒྱལ་པོ་ཆེན་པོ་གང་མི་འཁྲུག་པ་དེ་ནི་ཕན་པ་དང་བདེ་བའོ། །རྒྱལ་པོ་ཆེན་པོ་གང་སླར་འཁྲུག་པ་དེ་ནི་ཕན་པ་དང་བདེ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ་གང་མཐར་གཏུགས་པ་དེ་ནི་ཕན་པ་དང་བདེ་བའོ། །གང་སླར་ཡང་བྱ་བར་འགྱུར་

བ་དེ་ནི་ཕན་པ་དང་བདེ་བ་མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་གང་འགྱུར་བ་མ་མཆིས་པའི་ཆོས་དེ་གང་ལགས། སྨྲས་པ། རྒྱལ་པོ་ཆེན་པོ་སྟོང་པ་ཉིད་ནི་བྱ་བ་ཡང་མེད།

འགྱུར་བ་ཡང་མེད་དོ། །དེ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་ནི་བྱ་བ་ཡང་མེད། འགྱུར་བ་ཡང་མེད་དོ། །རྒྱལ་པོ་ཆེན་པོ་ཇི་སྲིད་དུ་ལུས་དང་ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱ་བ་མེད་པ་དེ་སྲིད་དུ་བྱ་བ་ཡང་མེད། འགྱུར་བ་

ཡང་མེད་དོ། །རྒྱལ་པོ་ཆེན་པོ་གང་གི་ཚེ་ལུས་དང་། ངག་དང་། ཡིད་ཀྱིས་མི་བྱ། མངོན་པར་མི་བྱ་བ་དེ་ལ་ནི་བྱ་བ་ཡང་མེད། འགྱུར་བ་ཡང་མེད་དོ། །རྒྱལ་པོ་ཆེན་པོ་དེ་བས་ན་ཆོས་ཐམས་ཅད་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། གང་མངོན་པར་འདུ་མི་

བྱེད་པ་དེ་ཡང་དེའི་མཚན་ཉིད་མ་ཡིན་ནོ། །གསོལ་པ། འཇམ་དཔལ་ཇི་ལྟར་ན་མངོན་པར་འདུས་བྱས་པ་ལ་མངོན་པར་འདུས་མ་བྱས་པར་མོས་པ་ལགས། སྨྲས་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་ན་འདས་པ་ལ་ཟད་པར་མི་སེམས། མ་འོངས་པ་ལ་མ་ཕྱིན་པར་མི་

Vol. 62 · folio 236a

འདོད། ད་ལྟར་ལ་མི་རྟོག་པའི་ཕྱིར་ཐོག་མ་ནས་མ་སྐྱེས་པར་མོས་ཤིང་ལྷག་པར་ཡང་མི་བྱེད། བྲི་བར་ཡང་མི་བྱེད་པ་དེ་ཙམ་གྱིས་ན་རྒྱལ་པོ་ཆེན་པོ་མངོན་པར་འདུ་བྱེད་པ་ལ་མངོན་པར་འདུ་མི་བྱེད་པར་མོས་པ་ཡིན་ནོ། །གསོལ་པ། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་

པ་དང་ལམ་འགྲོགས་པར་འགྱུར། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཉི་མའི་འོད་ཟེར་མུན་པ་དང་ལྷན་ཅིག་ཏུ་གནས་སམ། གསོལ་པ། འཇམ་དཔལ་དེ་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མུན་པ་ནི་གདུགས་ཀྱི་འོད་ཟེར་གྱིས་གསལ་བར་

འགྱུར་རོ། །སྨྲས་པ། རྒྱལ་པོ་ཆེན་པོ་འོ་ན་ཅི་མུན་པ་དེ་ཕུང་པོའམ། ཕྱོགས་སུ་འགྲོ་བར་འགྱུར་རམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་ལམ་གྱི་ཡེ་ཤེས་སྐྱེས་ན་ཉོན་མོངས་པ་རྣམས་མི་འབྱུང་བར་འགྱུར་གྱི། ཉོན་

མོངས་པ་རྣམས་ཕུང་པོར་ཡང་མི་འགྱུར། ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས་ཏེ། རྒྱལ་པོ་ཆེན་པོ་ཉོན་མོངས་པ་མཉམ་པ་ཉིད་ཀྱི་ཕྱིར་ལམ་མཉམ་པ་ཉིད་དོ། །ལམ་མཉམ་པ་ཉིད་ཀྱི་ཕྱིར་ཉོན་མོངས་པ་མཉམ་པ་ཉིད་དོ། །ཉོན་མོངས་

པ་མཉམ་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་དེ། རྒྱལ་པོ་ཆེན་པོ་གང་དག་གིས་དེ་ལྟར་རྟོགས་པ་ནི་ཉོན་མོངས་པ་ཉིད་དེ་དག་གི་ལམ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཉོན་མོངས་པ་ཚོལ་བའི་ཕྱིར་ཉོན་མོངས་པ་མི་འབྱུང་བར་འགྱུར་རོ། །ཡང་གང་ཉོན་

མོངས་པ་ཚོལ་བ་དེ་ནི་ལམ་ཡིན་ནོ། །རྒྱལ་པོས་གསོལ་པ། འཇམ་དཔལ་ཇི་ལྟར་ན་ཉོན་མོངས་པ་བཙལ་ན་ཉོན་མོངས་པ་ཉིད་ལམ་ལགས། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་གི་ཚེ་ན་ཉོན་མོངས་པ་ཚོལ་བས་གཉིས་སུ་སེམས་མི་འགྲོ་བ་དེ་ལྟ་

བུ་ནི་ཉོན་མོངས་པ་དག་བཙལ་ན་ཉོན་མོངས་པ་ཉིད་ལམ་ཡིན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཉོན་མོངས་པ་ཉིད་ལམ་ཡིན་ནོ། །གསོལ་པ། འཇམ་དཔལ་ཇི་ལྟར་ན་ལམ་སྒོམ་པ་ལགས། སྨྲས་པ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་སྒོམ་པ་ནི་ལམ་སྒོམ་པ་

Vol. 62 · folio 236b

ཡིན་ནོ། །གསོལ་པ། འཇམ་དཔལ་དེ་ལྟར་ལམ་བསྒོམས་ན་གར་མཆི་བར་འགྱུར། སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟར་ལམ་བསྒོམས་ན་གར་ཡང་མི་འགྲོ་བར་འགྱུར་རོ། །རྒྱལ་པོས་གསོལ་པ། འཇམ་དཔལ་ལམ་ནི་མྱ་ངན་ལས་འདའ་བར་མཆི་བ་མ་ལགས་སམ། འཇམ་

དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཅི་མྱ་ངན་ལས་འདའ་བ་ལ་ཆོས་གང་གི་ཡང་ལམ་ཡོད་དམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་འཕགས་པ་རྣམས་ཀྱི་ལམ་བསྒོམ་པ་ནི་འགྲོ་བས་འགྲོ་

བར་བྱ་བ་མ་ཡིན་ནོ། །གསོལ་པ། འཇམ་དཔལ་གང་ལ་གནས་ན་འཕགས་པ་དག་ལམ་སྒོམ་པ་ལགས། སྨྲས་པ། རྒྱལ་པོ་ཆེན་པོ་གནས་མེད་པ་ལ་གནས་ན་འཕགས་པ་དག་ལམ་སྒོམ་པ་ཡིན་ནོ། །གསོལ་པ། འཇམ་དཔལ་ཚུལ་ཁྲིམས་དང་།

ཤེས་རབ་དང་། ཏིང་ངེ་འཛིན་ལ་གནས་ན་འཕགས་པ་དག་ལམ་སྒོམ་པ་མ་ལགས་སམ། སྨྲས་པ། རྒྱལ་པོ་ཆེན་པོ་འཕགས་པ་རྣམས་ཀྱི་ཚུལ་ཁྲིམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་འཕགས་པ་རྣམས་ཀྱི་ཏིང་ངེ་འཛིན་ནི་རྣམ་པར་

མི་རྟོག་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་འཕགས་པ་རྣམས་ཀྱི་ཤེས་རབ་ནི་མ་སྤྲོས་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། མངོན་པར་འདུ་མི་བྱེད་པའམ། མ་སྤྲོས་པ་ལ་གནས་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་

ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། འཕགས་པ་དག་ནི་གནས་མེད་པ་ལ་གནས་ཏེ་ལམ་སྒོམ་མོ། །གསོལ་པ། འཇམ་དཔལ་ཇི་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལམ་

ལ་ཞུགས་པ་ལགས། སྨྲས་པ། རྒྱལ་པོ་ཆེན་པོ་ནམ་ཚོལ་བ་ན་ཆོས་གང་ཡང་མ་དམིགས་ཏེ། རྟག་པའམ། མི་རྟག་པའམ། ཆོས་གང་ཡང་སྡུག་པའམ། མི་སྡུག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ་

Vol. 62 · folio 237a

བདག་མེད་པའམ། ཡང་གང་འཁོར་བའམ། མྱ་ངན་ལས་འདའ་བའི་ཆོས་གང་ཡང་མ་དམིགས་ཏེ། དེ་ལྟར་ཞུགས་ན་རྒྱལ་པོ་ཆེན་པོ་ལམ་ལ་ཞུགས་པ་ཞེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་

ཏོ། །འཇམ་དཔལ་བདག་གི་འགྱོད་པ་ངན་པ་སྦྱང་བའི་སླད་དུ་སང་འཁོར་དང་བཅས་ཏེ་བཤོས་ལ་གཤེགས་ན་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གང་མེད་པ་དེ་ནི་གཞར་ཡང་མེད་དོ། །མེད་པས་ན་ཡོངས་སུ་གྲོལ་བ་ཡང་མེད་དོ། །གང་

ཡོངས་སུ་གྲོལ་བ་དེ་དག་ཀྱང་མེད་པས་ཡོངས་སུ་གྲོལ་ལོ། །མེད་པ་དེ་ཡང་གང་ལས་ཀྱང་ཡོངས་སུ་གྲོལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་གྲོལ་བའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་

དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཁྱོད་རྒྱལ་པོ་མ་སྐྱེས་དགྲའི་དེར་ཟན་ལ་སོང་ཤིག །དེ་ན་འདི་ལ་སོགས་ཏེ་འགྲོ་བ་མང་པོའི་དོན་དུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་

གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཀའ་བཞིན་འཚལ། བདག་ནི་དེ་བཞིན་གཤེགས་པའི་བཀའ་མི་གཅོག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནང་བར་རྒྱལ་པོ་མ་སྐྱེས་དགྲས་ཤེས་ནས། དགའ་མགུ་

རངས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ཞབས་ལ་ཡང་མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་

ཤཱ་རིའི་བུ་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པའི་གཡོག་ཇི་སྙེད་ཅིག་མཆིས། ཤཱ་རིའི་བུས་སྨྲས་པ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དག་དང་ཐབས་ཅིག་ཏུ་བཤོས་གསོལ་ལོ། །

Vol. 62 · folio 237b

དེ་ནས་རྒྱལ་པོ་མ་སྐྱེས་དགྲས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ག་ལ་བ་དང་། བདག་གི་ཁང་པ་གང་ན་བར་སོང་སྟེ། དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་པ་བཟང་ཞིང་མང་བ་སྦྱར་དུ་བཅུག་གོ། །ཟས་རོ་བརྒྱ་པ་ཡང་སྦྱོར་དུ་བཅུག་གོ །བདག་

གནས་པའི་ཁང་པར་ཡང་དར་གྱི་ལྡ་ལྡི་བྲེས་ཤིང་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ཀུན་ཏུ་བརྒྱན་ཏོ། །དར་གྱི་བླ་རེས་ཡང་བྲེས། སྤོས་ཤིན་ཏུ་སྙིང་པོར་གྱུར་པས་ཀྱང་བདུག་ཏུ་བཅུག་གོ། །གནས་ཁང་དེར་ཁྲི་གོས་དུ་མས་གཡོགས་པ། རིན་པོ་ཆེ་

རྣམ་པ་སྣ་ཚོགས་དུ་མས་སྤྲས་པ་ལྔ་བརྒྱ་ཡང་བཙུགས་སོ། །དེའི་ཕྱོགས་ཐམས་ཅད་བྱི་དོར་ལེགས་པར་བྱས། ཞལ་ཞལ་ལེགས་པར་བྱུགས་ཤིང་། བདུག་པས་བདུགས་ནས་མེ་ཏོག་གི་སིལ་མས་ཀྱང་གང་བར་གཏོར་དུ་བཅུག་གོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་

འཕོངས་དང་། ལམ་གྱི་སུམ་མདོ་དང་། འཕྲང་དང་། ཚོང་འདུས་ཐམས་ཅད་དུ་ཡང་ཆག་ཆག་ལེགས་པར་བཏབ། ཞལ་ཞལ་ལེགས་པར་བྱས། བདུག་པས་བདུགས་ཤིང་མེ་ཏོག་སིལ་མས་གང་བར་གཏོར་དུ་བཅུག་གོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་འགྲོ་

བ་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱེད་པར་བསྐོས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བདག་གི་གཙུག་ལག་ཁང་ན་གནས་པ་ལས་ནུབ་མོ་ཐུན་དང་པོ་ལ་འདི་སྙམ་དུ་གྱུར་ཏེ། གང་བདག་ནི་འཁོར་ཉུང་ངུ་དང་། རྒྱལ་

པོ་མ་སྐྱེས་དགྲའི་ཁབ་ཏུ་ཟས་བཟའ་བའི་མི་རིགས་ཀྱི། གང་བདག་གིས་སངས་རྒྱས་ཀྱི་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་དག་གཉེར་ལ། དེ་དག་ཐེ་ཙོམ་གཅོད་པའི་ཆོས་ཀྱང་ཉན། རྒྱལ་པོ་མ་སྐྱེས་དགྲའི་ཟས་ཀྱང་བཟའ་བར་བྱའོ་སྙམ་མོ། །དེ་ནས་འཇམ་

དཔལ་གཞོན་ནུར་གྱུར་པས་འདི་ལྟ་སྟེ། སྐྱེས་བུ་སྟོབས་པོ་ཆེའི་ལག་པ་བསྐུམ་པ་ལས་རྐྱོང་བའམ། བརྐྱང་པ་ལས་སྐུམ་པ་ཙམ་དུ་དེའི་སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་བདག་གི་གཙུག་ལག་ཁང་དུ་མི་སྣང་བར་གྱུར་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་

Vol. 62 · folio 238a

སྟོང་ཕྲག་བརྒྱད་ཅུ་འདས་ནས་འཇིག་རྟེན་གྱི་ཁམས་རྟག་ཏུ་སྒྲ་སྒྲོགས་ཞེས་བྱ་བར་ཕྱིན་པར་གྱུར་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྒྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། །འཚོའོ་གཞེས་སོ། །བྱང་ཆུབ་

སེམས་དཔའ་འབའ་ཞིག་ལ་ཆོས་ཀྱང་སྟོན་ཏོ། །དེ་ན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་གཅིག་ཀྱང་བསྐོར་ཏོ། །ཡང་འཇིག་རྟེན་གྱི་ཁམས་དེ་ན་རྒྱུ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཤིང་མེ་ཏོག་དང་འབྲས་བུ་སྣ་ཚོགས་དང་ལྡན་པ་དག་ཡོད་དེ། རིན་པོ་ཆེའི་ཤིང་དེ་དག་རླུང་

གིས་བཏབ་པ་ལས་སངས་རྒྱས་ཀྱི་སྒྲ་སྐད་འབྱུང་། ཆོས་ཀྱི་སྒྲ་སྐད་འབྱུང་། བྱང་ཆུབ་སེམས་དཔའི་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་སྒྲ་སྐད་འབྱུང་ངོ་། །འདི་ལྟ་སྟེ་འཇིག་རྟེན་གྱི་ཁམས་རྟག་ཏུ་སྒྲ་སྒྲོགས་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་དེར་དཀོན་མཆོག་གསུམ་གྱི་སྒྲ་དང་

མི་འབྲལ་བས་ན་རྟག་ཏུ་སྒྲ་སྒྲོགས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྒྲགས་པའི་དཔལ་དེའི་ཞབས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྒྲགས་པའི་དཔལ་ལ་འདི་སྐད་ཅེས་

གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཏུ་བདག་དང་ལྷན་ཅིག་ཏུ་མཆོད་སྟོན་འཚལ་བར་བཀའ་སྩལ་དུ་གསོལ།

དེ་ནས་དེ་བཞིན་གཤེགས་པ་བསྒྲགས་པའི་དཔལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་ལས་གང་འདོད་པ་རྣམས་འཇམ་དཔལ་གཞོན་ནུར་གྱུར་པ་དང་འགྲོགས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་དེང་

ཤིག། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་དེ་དག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་ཁྲི་ཉིས་སྟོང་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་བདག་ཅག་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཏུ་འཇམ་དཔལ་

Vol. 62 · folio 238b

གཞོན་ནུར་གྱུར་པ་དང་མཆོད་སྟོན་འཚལ་དུ་མཆིའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ཉིད་ཀྱི་ཐང་ཅིག་སྐད་ཅིག་ཡུད་ཙམ་ལ་བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཉིས་སྟོང་པོ་དེ་དག་དང་འགྲོགས་ཏེ། འཇིག་རྟེན་གྱི་ཁམས་རྟག་ཏུ་སྒྲ་སྒྲོགས་ནས་མི་སྣང་བར་གྱུར་ཏེ་བདག་

གི་གཙུག་ལག་ཁང་དུ་འདུག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དེ་ལྟར་ཚོགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་གཟུགས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་དོ། །དེ་ལ་གཟུངས་གང་ཞེ་ན། གཟུངས་ཞེས་བྱ་བ་ནི་འདི་ལྟ་སྟེ། དྲན་པ་མ་ཉམས་

པ། རྟོགས་པ་མ་གཡེངས་པ། བློ་གྲོས་མ་རྨོངས་པ། ཤེས་རབ་མངོན་དུ་བྱེད་པ། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་བསྟན་པས་ལམ་བསྟན་པ་ཤེས་པ། འབྲས་བུ་ཐོབ་ནས་སྲུང་བར་བྱེད་པ། ལམ་སྐྱོན་མེད་པ་ལ་འཇུག་ཤེས་པ། ཆོས་ཐམས་ཅད་ཀྱི་ཚིག་རབ་

ཏུ་ཐ་དད་པ་ཤེས་པ། གཟུངས་ཀྱིས་འཕགས་པའི་རིགས་མི་གཅོད་པ། སངས་རྒྱས་ཀྱི་རིགས་འཛིན་པ། ཆོས་ཀྱི་རིགས་སྡུད་པ། དགེ་འདུན་གྱི་རིགས་ཆོས་ཀྱི་རྗེས་སུ་ཤེས་པ། དྲི་བ་ལུང་བསྟན་པ་ལ་མ་རྨོངས་པ། འཁོར་ཐམས་ཅད་དུ་མ་ཞུམ་པ།

འཁོར་ཐམས་ཅད་དུ་མི་འཇིགས་པ། ལྷའི་སྐད་དུ་སྟོན་པ་ཤེས་པ། ཀླུའི་སྐད་དུ་སྟོན་པ་ཤེས་པ། གནོད་སྦྱིན་གྱི་སྐད་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། བརྒྱ་

བྱིན་དང་། ཚངས་པའི་སྐད་དུ་སྟོན་པ་ཤེས་པ། སྐད་ཡང་དག་པ་དང་དབང་པོ་ཤེས་པ། ལོག་པར་ལྟ་བ་ཡོངས་སུ་ཤེས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་རྟོག་པ། སེམས་ས་དང་མཚུངས་པར་གཞོག་པ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་

བསྐྱོད་པ། ཆོས་དཀར་པོ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ། ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཇི་ལྟ་བ་བཞིན་དུ་སྟོན་པ། སེམས་ཅན་ཐམས་ཅད་ཀྱི་ཉེ་བའི་འཚོ་བར་རྩོལ་བ། ཚུལ་ཁྲིམས་ཀྱི་གཞི་སེམས་ཅན་ཐམས་ཅད་ལ་གནས་པ། ཡེ་ཤེས་ཐམས་

Vol. 62 · folio 239a

ཅད་ཀྱི་རྗེས་སུ་སོང་བ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཁུར་ཁྱེར་ཡང་སེམས་སྐྱོ་ཞིང་དམུས་བྱུང་བ་མེད་པ། ཆོས་ཀྱི་རང་བཞིན་ཤེས་པ། རང་བཞིན་སྟོན་ཅིང་རྗོད་པ། ཆོས་ཀྱི་སྦྱིན་པས་སྤྲོ་བར་བྱེད་ཀྱི་སེམས་སྐྱོ་བར་མི་བྱེད་པ། དགེ་བའི་རྩ་བའི་ཚོགས་

བསགས་པ་ཐམས་ཅད་ལ་རྣམ་པར་སྨིན་པར་མི་འདོད་པ། ཐམས་ཅད་མཁྱེན་པའི་སེམས་ཀྱི་རྩ་བ་དང་ཐ་མི་དད་པ། དེའི་རྩ་བ་ལ་འཇོག་པའི་བརྩོན་འགྲུས་ཅན། སྦྱིན་པས་ཆོག་མི་ཤེས་ལ་དེ་ཡང་ཐམས་ཅད་མཁྱེན་པའི་སེམས་ཀྱིས་བསྔོ་བ། ཚུལ་ཁྲིམས་ཀྱིས་ཆོག་མི་ཤེས་ལ་

དེ་ཡང་སེམས་ཅན་ཐམས་ཅད་ལ་བསྔོ་བ། བཟོད་པས་ཆོག་མི་ཤེས་ལ་དེ་ཡང་སངས་རྒྱས་ཀྱི་གཟུགས་ཚོལ་བ། བརྩོན་འགྲུས་ཀྱིས་ཆོག་མི་ཤེས་ལ་དེ་ཡང་དགེ་བའི་རྩ་བ་སྡུད་པར་བྱེད་པ། བསམ་གཏན་གྱིས་ཆོག་མི་ཤེས་ལ་དེ་ཡང་མི་དམིགས་པའི་ཚུལ་དུ་བྱེད་པ། ཤེས་

རབ་ཀྱིས་ཆོག་མི་ཤེས་ལ་དེ་ཡང་ཐམས་ཅད་དུ་དཔྱོད་པར་བྱེད་པ། ཆོས་ཀྱི་ལོངས་སྤྱོད་ཀྱིས་འཚོ་ལ་དེ་ཡང་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པ་སྟེ། རིགས་ཀྱི་བུ་གཟུངས་གཟུངས་ཞེས་བྱ་བ་ནི་ཆོས་དེ་དག་ལ་ཆོས་ཀྱི་རྗེས་སུ་སོང་བའི་ནན་ཏན་ཡིན་ཏེ། དེ་བས་ན་གཟུངས་ཞེས་བྱའོ། །

རིགས་ཀྱི་བུ་གཞན་ཡང་གཟུངས་ནི་ཆོས་ཐམས་ཅད་འཛིན་པར་བྱེད་དོ། །ཇི་ལྟར་ན་གཟུངས་ཆོས་ཐམས་ཅད་འཛིན་པར་བྱེད་ཅེ་ན། སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་འཛིན་པར་བྱེད། མཚན་མ་མེད་པ་དང་། སྨོན་པ་མེད་པས་ཆོས་ཐམས་ཅད་འཛིན་པར་བྱེད་པ། འདོད་

ཆགས་དང་བྲལ་བ། དབེན་པ། དངོས་པོ་མེད་པ། ཐ་མི་དད་པ། གནས་མེད་པ། མ་སྐྱེས་པ། མི་སྐྱེ་བ། མི་འོང་བ། མི་འགྲོ་བ། མི་གནས་པ། ཡང་དག་པར་མ་བྱུང་བ། མ་འཕོས་པ། མི་འཇིགས་པ། མི་བླང་བ། མི་དོར་བ། རང་བཞིན་མེད་པ། དངོས་པོ་མེད་

པ། རྟོག་པ་མེད་པ། རྣམ་པར་རྟོག་པ་མེད་པ། སྒྲུབ་པ་མེད་པ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། སྤྲོས་པ་མེད་པ། གཟུང་བ་མེད་པ། སྦྱོར་བ་མེད་པ། མ་བྱུང་བ། མ་མཐོང་བ། མ་ཐོས་པ། མ་མནམས་པ། མ་མྱངས་པ། མ་

Vol. 62 · folio 239b

རེག་པ། མི་དམིགས་པས་ཆོས་ཐམས་ཅད་འཛིན་པས་ན་དེའི་ཕྱིར་གཟུངས་ཞེས་བྱའོ། །རིགས་ཀྱི་བུ་དག་གཞན་ཡང་གཟུངས་ནི་སྒྱུ་མའི་རང་བཞིན་གྱིས་ཆོས་ཐམས་ཅད་འཛིན་ཏོ། །རྨི་ལམ་གྱི་རང་བཞིན་དང་། དབུ་བའི་རང་བཞིན་གྱིས་ཆོས་ཐམས་ཅད་འཛིན་ཏོ། །སྨིག་

རྒྱུའི་རང་བཞིན་དང་། གཟུགས་བརྙན་གྱི་རང་བཞིན་དང་། སྒྲ་བརྙན་གྱི་རང་བཞིན་དང་། ནམ་མཁའི་རང་བཞིན་གྱིས་ཆོས་ཐམས་ཅད་འཛིན་ཏེ་དེ་བས་ན་གཟུངས་ཞེས་བྱའོ། །རིགས་ཀྱི་བུ་དག་གཞན་ཡང་གཟུངས་ནི་མི་རྟག་པས་ཆོས་ཐམས་ཅད་འཛིན་ཏོ། །དེ་བཞིན་དུ་སྡུག་

བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་དང་། རང་བཞིན་གྱིས་མི་རྒྱུ་བ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། ཐོབ་པ་མེད་པ་དང་། མངོན་པར་བྱས་པ་མེད་པས་ཆོས་ཐམས་ཅད་འཛིན་ཏེ། དེ་བས་ན་གཟུངས་ཞེས་བྱའོ། །རིགས་

ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་འདི་ནི་སྐྱེ་བོ་ཐམས་ཅད་འཛིན་མོད་ཀྱི་འགས་པར་ཡང་མི་འགྱུར། སྐྱོ་བར་ཡང་མི་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཐོབ་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྐལ་པ་གྲངས་

མེད་པར་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་དགེ་བའི་རྩ་བ་བསྡུས་པ་འཛིན་ཀྱང་འགས་པའང་མེད། སྐྱོ་བའང་མེད་དོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་

སེམས་དཔའ་གཟུངས་ཐོབ་པ་ཡང་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་ཡིན་ནོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ལ་གནས་ན་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་ཐམས་ཅད་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་

དཔའ་གཟུངས་ལ་གནས་པའི་དགེ་བའི་ཆོས་ཐམས་ཅད་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ནི་ཆགས་པར་ཡང་མི་བྱེད། ཞེ་སྡང་བར་ཡང་མི་བྱེད། ཁེངས་པར་ཡང་མི་བྱེད། དུད་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words