འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Sanskrit title (Tibetan script, as in the text) ཨཱརྱ་ཨ་ཛཱ་ཏ་ཤ་ཏྲུ་ཀཽ་ཀྲྀཏྟྱ་བི་ནོ་ད་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 62 · folio 240a
གཟུངས་ལ་གནས་པ་ཡང་ཆགས་པར་ཡང་མི་བྱེད། ཞེ་སྡང་བར་ཡང་མི་བྱེད། ཁེངས་པར་ཡང་མི་བྱེད། དུད་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ནི་ཆར་པའི་རྒྱུན་ཐམས་ཅད་ལེན་ཏེ། ཆོག་མི་ཤེས་པར་བྱེད་དོ། །རིགས་
ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གཟུངས་ལ་གནས་པ་ཡང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་དག་དང་། ཡང་དག་པར་སོང་བ་དག་དང་། ཡང་དག་པར་ཞུགས་པ་དག་ལ་ཆོས་ཐམས་ཅད་ཉན་ན་ཡང་ཆོག་མི་ཤེས། འཆད་ན་ཡང་ཆོག་མི་ཤེས་སོ། །
རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ནི་ས་བོན་ཐམས་ཅད་འཛིན་མོད་ཀྱི། དུས་ལ་མ་བབ་དྲོད་ལ་མ་བབ་པར་ལྗང་བུ་མི་སྐྱེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཐོབ་པ་ཡང་དགེ་བའི་རྩ་བའི་ས་བོན་ཐམས་ཅད་འཛིན་མོད་
ཀྱི། དུས་མ་ཡིན། ཚོད་མ་ཡིན་ཞིང་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་རྫོགས་པར་བྱང་ཆུབ་ཀྱི་སྙིང་པོ་ལ་མི་འདུག་གོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་དཔའ་བོ་ནི་ས་ལ་གནས་ན་ཕ་རོལ་གྱི་སྡེ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ཐོབ་པ་ཡང་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ན་བདུད་ཀྱི་སྡེ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ནི་ནམ་མཁའ་ལ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། སྡུག་
པའམ། མི་སྡུག་པའམ། བདག་གམ། བདག་མེད་པའམ། སེམས་ཅན་ནམ། སེམས་ཅན་མེད་པའམ། སྲོག་གམ། སྲོག་མེད་པའམ། གང་ཟག་གམ། གང་ཟག་མེད་པར་མི་འཛིན་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གཟུངས་ཀྱང་ཆོས་ཐམས་ཅད་མི་འཛིན་ཏོ། །དེ་
ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གཟུངས་ནི་གཉིས་དང་བྲལ་བའི་ཕྱིར་རོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ས་ནི་ནམ་མཁའ་མི་འཛིན་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གཟུངས་ཀྱང་ཆོས་ཐམས་ཅད་མི་འཛིན་ཏོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་སྟོང་པ་ཉིད་ནི་ལྟ་
Vol. 62 · folio 240b
བའི་རྣམ་པ་ཐམས་ཅད་མི་འཛིན་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གཟུངས་ཀྱང་ཆོས་ཐམས་ཅད་མི་འཛིན་ཏོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་རང་བཞིན་ནི་ཉེ་བའི་ཉོན་མོངས་པ་ཐམས་ཅད་མི་འཛིན་ཏོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གཟུངས་ཀྱང་ཆོས་ཐམས་
ཅད་མི་འཛིན་ཏོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ལམ་སྐྱོན་མེད་པར་གྱུར་པ་ནི་ཆོས་ཐམས་ཅད་ལ་བྱེད་པ་མེད་འཛིན་པ་མེད་དོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གཟུངས་ཀྱང་ཆོས་ཐམས་ཅད་མི་འཛིན་ཏོ། །དེ་ལྟ་བས་ན་རིགས་ཀྱི་བུ་དག་གང་གཟུངས་དེ་ནི་མི་ཟད་པའོ། །
གང་མི་ཟད་པ་དེ་ནི་ཚད་མེད་པའོ། །གང་ཚད་མེད་པ་དེ་ནི་ཀུན་གྱི་རྗེས་སུ་སོང་བའོ། །གང་ཀུན་གྱི་རྗེས་སུ་སོང་བ་དེ་ནི་ནམ་མཁའི་དབྱིངས་སོ། །དེ་ལྟ་སྟེ། རིགས་ཀྱི་བུ་དག་ནམ་མཁའི་དབྱིངས་དང་གཟུངས་དེ་གཉིས་ནི་རྣམ་པ་གཉིས་སུ་མེད་དོ། །འཇམ་དཔལ་
གཞོན་ནུར་གྱུར་པས་གཟུངས་འདི་སྟོན་པ་བསྟན་པའི་ཚེ་འཁོར་དེ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱས་གཟུངས་ཐོབ་པར་གྱུར་ཏོ། །གཞན་ཡང་ཐུན་དབུ་མ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་པོ་དེ་དག་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་
བྱ་བའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བཤད་དེ། དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འཇུག་པ་གང་ཞེ་ན། ཆོས་གང་འཇིག་རྟེན་པ་དང་། གང་འཇིག་རྟེན་ལས་འདས་པ་དང་། ཆོས་གང་འདུས་བྱས་པ་དང་། གང་འདུས་མ་བྱས་པ་དང་། ཆོས་གང་དགེ་བ་དང་། གང་མི་
དགེ་བ་དང་། གང་ཁ་ན་མ་ཐོ་བ་དང་བཅས་པ་དང་། གང་ཁ་ན་མ་ཐོ་བ་མེད་པ་དང་། གང་ཟག་པ་དང་བཅས་པ་དང་། གང་ཟག་པ་མེད་པའི་ཆོས་གང་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་སུ་མ་ཞུགས་པ་མེད་དེ། དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་
སུ་ཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཆོས་ཐམས་ཅད་རྟོགས་པ་ཡིན་ནོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་།
Vol. 62 · folio 241a
ཉི་མ་དང་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། རི་རབ་རིའི་རྒྱལ་པོ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་མཆིང་རྣམ་ཆེན་པོ་བྱེ་བ་ཕྲག་བརྒྱ་ཡོད་པ་དེ་དག་ཐམས་ཅད་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་འདུས་ཤིང་འུབ་བོ། །རིགས་ཀྱི་བུ་དག་དེ་བཞིན་དུ་གང་སོ་
སོའི་སྐྱེ་བོའི་ཆོས་རྣམས་དང་། གང་སློབ་པའི་ཆོས་རྣམས་དང་། གང་སློབ་པ་མེད་པའི་ཆོས་རྣམས་དང་། གང་ཉན་ཐོས་ཀྱི་ཆོས་རྣམས་དང་། གང་རང་སངས་རྒྱས་ཀྱི་ཆོས་རྣམས་དང་། གང་བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། གང་སངས་རྒྱས་ཀྱི་ཆོས་རྣམས་དང་། དེ་
དག་ཐམས་ཅད་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་ནང་དུ་འདུས་ཤིང་འུབ་བོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་ཉན་ཐོས་ཀྱི་ཐེག་པར་བསྡུ་བ་དང་། རང་སངས་རྒྱས་ཀྱི་ཐེག་པར་བསྡུ་བ་དང་། ཐེག་པ་ཆེན་པོར་བསྡུ་བ་དང་། ཐེག་པ་ཐམས་ཅད་དུ་འདུས་པ་
ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་སོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ཤིང་གི་རྩ་བ་བཟུང་བ་ན་ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་འདུས་པར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་
བྱང་ཆུབ་སེམས་དཔའི་སྡེ་སྣོད་བཟུང་ན་ཐེག་པ་ཐམས་ཅད་འདུས་པར་འགྱུར་རོ། །རིགས་ཀྱི་བུ་དག་དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་ཞེ་ན། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ནི་སྣོད་ཚད་མེད་པ་ཡིན་ནོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་
ན་རྒྱ་མཚོ་མཆིང་རྣམ་ཆེན་པོ་ཚད་མེད་པའི་ཆུ་ནི་ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་ཚད་མེད་པ་དག་གི་སྣོད་ཡིན་ནོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱང་ཐོས་
པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། ཡེ་ཤེས་མཐོང་བ་ཚད་མེད་པའི་སྣོད་ཡིན་ནོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་སེམས་ཅན་གང་དག་རྒྱ་མཚོ་མཆིང་རྣམ་ཆེན་པོའི་ནང་དུ་སྐྱེས་པ་ནི་རྒྱ་མཚོ་མཆིང་རྣམ་ཆེན་པོ་མ་གཏོགས་པར་ཆུ་
Vol. 62 · folio 241b
གཞན་རྣམས་མི་འཐུང་ངོ་། །རིགས་ཀྱི་བུ་དག་དེ་བཞིན་དུ་གང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་ལ་སྤྱོད་པ་དེ་དག་ནི་ཐམས་ཅད་མཁྱེན་པའི་རོ་མ་གཏོགས་པར་ཆོས་གཞན་གྱི་རོ་མི་འཐུང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱའོ། །ཡང་
རིགས་ཀྱི་བུ་དག་འདི་གསུམ་ནི་སྡེ་སྣོད་ཡིན་ནོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་སྡེ་སྣོད་དང་། རང་སངས་རྒྱས་ཀྱི་སྡེ་སྣོད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དོ། །རིགས་ཀྱི་བུ་དག་དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་ནི་ཕ་རོལ་གྱི་སྒྲའི་རྗེས་སུ་འབྲང་བས་ཐོབ་
པའོ། །རང་སངས་རྒྱས་ཀྱི་སྡེ་སྣོད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པའི་ཕྱིར་རྒྱུ་ཟད་པར་རྟོགས་པའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཆོས་ཚད་མེད་པ་རྟོགས་ཤིང་རང་བྱུང་བའི་ཡེ་ཤེས་དང་འཐུན་པའོ། །ཡང་རིགས་ཀྱི་བུ་དག་ཉན་ཐོས་སམ།
རང་སངས་རྒྱས་དག་ནི་གང་ཡང་སྡེ་སྣོད་གསུམ་པ་མ་ཡིན་གྱི། རིགས་ཀྱི་བུ་དག་གང་གི་ཆོས་བཤད་པ་ལས་སེམས་ཅན་དག་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཐེག་པ་གསུམ་གྱིས་འབྱུང་བ་དེ་ལ་ནི་སྡེ་སྣོད་གསུམ་
པའོ་ཞེས་བདག་སྨྲའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ནི་ཆོས་འཆད་ན་སེམས་ཅན་དག་ཐེག་པ་གསུམ་གྱིས་འབྱུང་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྡེ་སྣོད་གསུམ་པ་ཞེས་བྱའོ། །རིགས་ཀྱི་བུ་དག་གཞན་ཡང་བསླབ་པ་ནི་གསུམ་མོ། །གསུམ་གང་ཞེ་
ན། ཉན་ཐོས་ཀྱི་བསླབ་པ་དང་། རང་སངས་རྒྱས་ཀྱི་བསླབ་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པའོ། །རིགས་ཀྱི་བུ་དག་དེ་ལ་ཉན་ཐོས་ཀྱི་བསླབ་པ་ནི་ཕྱོགས་གཅིག་པ་བདག་གི་བསམ་པའི་རྒྱུད་སྣང་བའི་མཚན་ཉིད་དོ། །རང་སངས་རྒྱས་ཀྱི་བསླབ་པ་ནི་ནན་ཏན་
བར་མ་དང་ལྡན་ཞིང་སྙིང་རྗེ་ཆེན་པོ་དང་བྲལ་བའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་བསླབ་པ་ནི་ཚད་མེད་པའི་རྗེས་སུ་སོང་བ། སྙིང་རྗེ་ཆེན་པོས་ཟིན་པའོ། །ཉན་ཐོས་ཀྱི་ཐེག་པ་ལ་གནས་པ་ནི་རང་སངས་རྒྱས་ཀྱི་བསླབ་པ་ལ་མི་སློབ་ཅིང་མི་ཤེས་སོ། །རང་སངས་
Vol. 62 · folio 242a
རྒྱས་ཀྱི་ཐེག་པ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་ཅིང་མི་ཤེས་སོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་བསླབ་པ་ལ་ཡང་སློབ་ཅིང་ཤེས་མོད་ཀྱི་ཉན་ཐོས་ཀྱི་ཐེག་པ་འདོད་པར་ཡང་མི་བྱེད། ཐེག་པ་དེས་འབྱུང་བར་
ཡང་མི་བྱེད། རང་སངས་རྒྱས་ཀྱི་བསླབ་པ་ལ་ཡང་སློབ་ཅིང་ཤེས་མོད་ཀྱི། རང་སངས་རྒྱས་ཀྱི་ཐེག་པ་འདོད་པར་ཡང་མི་བྱེད། ཐེག་པ་དེས་འབྱུང་བར་ཡང་མི་བྱེད་དེ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་ཅིང་ཤེས་ལ་ཐེག་པ་ཆེན་པོ་དེས་འབྱུང་བར་བྱེད་དེ། བྱུང་
ནས་ཀྱང་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ཡང་སྟོན། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཡང་སྟོན། བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བ་ཡང་སྟོན་ཏོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། གང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་པ་དེ་ལྟ་བུ་ཡོངས་སུ་རྫོགས་པ་དེ་
ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱའོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ། དཔེར་ན་ནོར་བུ་བཻ་དཱུརྱའི་སྣོད་ཀྱི་ནང་དུ་ཅི་དང་ཅི་བཅུག་པ་དེ་ཐམས་ཅད་དེའི་རང་བཞིན་ཉིད་དུ་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་སུ་ཞུགས་པའི་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་འཚལ་བ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཀྱི་རང་བཞིན་ཉིད་རྗོད་པར་བྱེད་དོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་རྗེས་སུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གང་སངས་རྒྱས་
ཀྱི་ཆོས་མ་ཡིན་པ་དེ་དག་མི་མཐོང་ངོ་། །གང་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་པ་དེ་དག་མི་མཐོང་ངོ་། །གང་དག་གིས་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་བྱ་བ་མ་ཡིན་པའི་ཆོས་དེ་དག་མི་མཐོང་ངོ་། །གང་ཚུལ་བཞིན་མ་ཡིན་པའི་ཆོས་དེ་དག་ཀྱང་མི་
མཐོང་སྟེ། ཆོས་ཐམས་ཅད་ཚུལ་བཞིན་དུ་མཐོང་བས་ཆོས་གང་ཡང་སངས་རྒྱས་ཀྱི་ཆོས་སུ་མི་རྗོད་པ་མེད་དོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཡི་གེས་བཤད་པ་མཐའ་ཡས་ཏེ། ཡི་གེའི་འབྲུ་གཞག་པ་ཚད་མེད་པ་ཡིན་ནོ། །སྣང་བས་གསལ་བ་བསམ་
Vol. 62 · folio 242b
གྱིས་མི་ཁྱབ་པ་ཡིན་ནོ། །དེ་ལྟར་མོས་པ་ནི་སེམས་ཅན་རྣམས་ལ་མཉམ་པ་ཉིད་དུ་གཞུག་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའོ། །གང་དག་བསླབ་པ་དེ་ལ་སློབ་ཅིང་སློབ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་འདི་ཉིད་ཀྱི་
རྗེས་སུ་ཞུགས་པས་ཐེག་པ་ཆེན་པོ་དེ་རྟོགས་པར་འགྱུར་ཏེ། དེ་ཡང་བྱེད་པ་མེད་པར་རྟོགས་སོ། །དེ་ལྟ་སྟེ་འཇམ་དཔལ་གཞོན་ནུར་གྱུར་པས་མཚན་མོའི་ཐུན་བར་མའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་བཤད་དོ། །
དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་མཚན་མོ་ཐུན་ཐ་མའི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ལ་ཕྱིར་མི་ལྡོག་པའི་འཁོར་ལོ་རྡོ་རྗེའི་ཚིག་ལ་འཇུག་པའི་དོན་རྒྱ་ཆེར་བཤད་པ། རིགས་ཀྱི་བུ་དག་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དེ་ཆོས་འཆད་
པ་ལས་སེམས་ཅན་གང་དག་གིས་ཆོས་འཆད་པ་དེ་མཉན་ནས་དེ་དག་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་ཆོས་ཉིད་རྟོགས་ཤིང་། ཕྱིར་མི་ལྡོག་པའི་འཁོར་ལོ་བཤད་པ་ལས་སླར་མི་ལྡོག་པའོ། །རིགས་ཀྱི་བུ་དག་ཕྱིར་མི་ལྡོག་པའི་འཁོར་ལོ་ལ་མོས་པའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྣ་ཚོགས་སུ་མི་སྤྱོད། ཆོས་སྣ་ཚོགས་སུ་མི་སྤྱོད། ཐེག་པ་སྣ་ཚོགས་སུ་མི་སྤྱོད། སངས་རྒྱས་ཀྱི་ཞིང་སྣ་ཚོགས་སུ་མི་སྤྱོད། སངས་རྒྱས་སྣ་ཚོགས་སུ་མི་སྤྱོད་ཅིང་། ཆོས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་ནི་ཐམས་
ཅད་ཀྱི་རྗེས་སུ་ཞུགས་པར་མཐོང་སྟེ། ཆོས་ཀྱི་དབྱིངས་ཐ་དད་པར་ཡང་ཆོས་ཀྱི་འཁོར་ལོ་དེ་མི་བསྐོར་ཏེ། དེ་བས་ན་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱའོ། །འཁོར་ལོ་དེ་ནི་ཡོངས་སུ་མ་ཆད་པའི་འཁོར་ལོའོ། །གཉིས་སུ་མེད་པའི་འཁོར་ལོའོ། །ཇི་ལྟ་བ་བཞིན་དུ་
བརྗོད་པའི་འཁོར་ལོའོ། །རང་བྱུང་བའི་ཡེ་ཤེས་རྟོགས་པའི་འཁོར་ལོའོ། །འཁོར་ལོ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའོ། །རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་མཚན་མ་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་འཁོར་ལོ་འདི་
Vol. 62 · folio 243a
ལ་མོས་པར་འགྱུར་བ་དང་མོས་པར་བྱེད་པ་དང་། མོས་པར་འགྱུར་བ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར་གྲོལ་བར་འགྱུར་ཏེ་རྣམ་པར་གྲོལ་བ་ནི་གཉིས་སུ་ཡང་མི་སྟོན་ཏོ། །དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་
མཚན་ཉིད་གང་ཡིན་པ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱང་དེ་ཡིན་ཏེ། དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བ་ནི་མཚན་ཉིད་མེད་པའོ། །ཆོས་ཐམས་ཅད་ཀྱང་རྣམ་པར་གྲོལ་བའི་མཚན་ཉིད་དང་བྲལ་བ་ཡིན་ཏེ། ཆོས་གང་མཚན་ཉིད་མེད་པ་དེ་ནི་རྣམ་པར་གྲོལ་བ་ཡང་མེད་མོད་
ཀྱི། གཉིས་སུ་མེད་པ། སེམས་དང་། ལུས་དང་བྲལ་བ་དེ་ནི་རྣམ་པར་གྲོལ་བའོ། །གང་སེམས་དང་། གང་ལུས་དེ་ནི་རྣམ་པར་གྲོལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་གྲོལ་བ་དེ་སེམས་དང་ལུས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་ཡེ་
ཤེས་དེ་གཞན་ལ་རག་མ་ལས་པའི་ཕྱིར། ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱའོ། །རིགས་ཀྱི་བུ་དག་གཞན་ཡང་ཕྱིར་མི་ལྡོག་པའི་འཁོར་ལོ་ནི་སླར་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་གཟུགས་ཀྱི་རང་བཞིན་ལས་མི་ལྡོག་གོ། །དེ་བཞིན་དུ་ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་རྣམ་པར་ཤེས་པའི་རང་བཞིན་ལས་མི་ལྡོག་གོ། །རིགས་ཀྱི་བུ་དག་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་དེ་ལས་མི་ལྡོག་སྟེ། ཆོས་ཀྱི་དབྱིངས་དེ་ནི་ཇི་ལྟ་བ་བཞིན་ཡིན་པས་ན་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱའོ། །འཁོར་
ལོ་དེ་ནི་དབུས་སུ་འཇུག་པ་ཡང་མེད་དེ་འཁོར་ལོ་དེ་ནི་ཆད་པ་མེད་པ། རྟག་པ་མེད་པའོ། །དེ་ལ་ནི་སྒོ་ཆུང་ཟད་ཀྱང་མེད་དེ། དེ་ནི་གཉིས་སུ་མེད་པའི་སྒོའི་འཁོར་ལོའོ། །འཁོར་ལོ་དེ་ནི་སྐོར་བ་མེད་དེ། མི་སྐོར་བའི་འཁོར་ལོའོ། །འཁོར་ལོ་དེ་ནི་སྟོན་པ་ཆུང་ཟད་ཀྱང་མེད་དེ་མི་རྗོད་པའི་
འཁོར་ལོའོ། །འཁོར་ལོ་དེ་ནི་སྒྲོགས་པ་ཆུང་ཟད་ཀྱང་མེད་དེ་བརྗོད་དུ་མེད་པའི་འཁོར་ལོའོ། །ཡང་ཕྱིར་མི་ལྡོག་པའི་འཁོར་ལོ་དེ་ནི་སྟོང་པ་ཉིད་ཀྱི་སྒོ་ལ་གནས་པས་མཚན་མ་མེད་པའོ། །རྣམ་པར་གྲོལ་བའི་སྒོ་ལ་གནས་པས་མཚན་ཉིད་མེད་པའོ། །ཐམས་ཅད་ཀྱི་རྗེས་སུ་སོང་བའི་ནམ་
Vol. 62 · folio 243b
མཁའི་མཚན་ཉིད་དོ། །དེ་ཡང་དེའི་རྗེས་སུ་ཡང་དག་པར་སོང་བའི་རང་བཞིན་གྱི་མཚན་ཉིད་དེ། དེ་བས་ན་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱའོ། །རིགས་ཀྱི་བུ་དག་རྡོ་རྗེའི་ཚིག་ནི་གང་ཆོས་ཐམས་ཅད་ངེས་པར་རྟོགས་པའོ། །ཡང་ཆོས་ཐམས་ཅད་ངེས་པར་རྟོགས་པ་
གང་ཞེ་ན། རིགས་ཀྱི་བུ་དག་སྟོང་པ་ཉིད་ནི་རྡོ་རྗེའི་ཚིག་སྟེ། ལྟ་བའི་རྣམ་པ་ཐམས་ཅད་ངེས་པར་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ་དག་མཚན་མ་མེད་པ་ནི་རྡོ་རྗེའི་ཚིག་སྟེ། རྣམ་པར་རྟོག་པ་ཐམས་ཅད་ལས་འདའ་བར་འགྱུར་རོ། །རིགས་ཀྱི་བུ་དག་སྨོན་པ་མེད་པ་ནི་རྡོ་རྗེའི་
ཚིག་སྟེ། འགྲོ་བ་ཐམས་ཅད་ལས་འདའ་བར་འགྱུར་རོ། །རིགས་ཀྱི་བུ་དག་ཆོས་ཀྱི་དབྱིངས་ནི་རྡོ་རྗེའི་ཚིག་སྟེ། སྣ་ཚོགས་ལས་འདའ་བར་འགྱུར་རོ། །རིགས་ཀྱི་བུ་དག་དེ་བཞིན་ཉིད་ནི་རྡོ་རྗེའི་ཚིག་སྟེ། བདག་མེད་པར་འགྱུར་རོ། །རིགས་ཀྱི་བུ་དག་འདོད་ཆགས་དང་བྲལ་བ་
ནི་རྡོ་རྗེའི་ཚིག་སྟེ། འདོད་ཆགས་ཀྱི་རང་བཞིན་མེད་པར་འགྱུར་རོ། །རིགས་ཀྱི་བུ་དག་མྱ་ངན་ལས་འདས་པ་ནི་རྡོ་རྗེའི་ཚིག་སྟེ། ཆོས་རྣམས་དེའི་རང་བཞིན་དུ་སྟོན་ཏོ་ཞེས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་དེ་དག་ལ་མཚན་ཐོག་ཐག་ཏུ་ཆོས་རྒྱ་ཆེར་བཤད་པ་
དང་། དེ་ན་བྱང་ཆུབ་སེམས་དཔའ་ཁ་ཅིག་ཏིང་ངེ་འཛིན་འོད་ཟེར་གྱི་མེ་ཏོག་ཅེས་བྱ་བ་མངོན་དུ་གྲུབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ལ་གནས་ནས་བ་སྤུའི་ཁུང་བུའི་འོད་ཟེར་རེ་རེ་ལས་ཀྱང་སངས་རྒྱས་བརྒྱ་སྟོང་སྟོན་ཅིང་། སངས་རྒྱས་བཅོམ་ལྡན་འདས་དེ་
དག་ཀྱང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱ་བ་བྱེད་པར་མངོན་དུ་ཞུགས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འཇམ་དཔལ་དུས་ལ་བབ་བོ། །འཇམ་དཔལ་མན་ལ་བབ་བོ། །བཤོས་ལགས་
ཀྱིས་དེའི་དུས་ལ་བབ་པར་མཁྱེན་པར་མཛོད་ཅིག་ཅེས་ཕོ་ཉ་གདུགས་ཚོད་ལ་སྤྱན་འདྲེན་དུ་བཅུག་གོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཁྱེར་ཏེ། དགེ་སློང་ལྔ་བརྒྱ་དང་འགྲོགས་ནས་བསོད་སྙོམས་ཀྱི་ཕྱིར་
Vol. 62 · folio 244a
རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་སོང་བ་ལས། དེ་ལམ་གྱི་ཚིགས་སུ་ཕྱིན་པ་དང་འདི་སྙམ་དུ་གྱུར་ཏེ། གྲོང་ཁྱེར་ཆེན་པོར་འགྲོ་བ་ཧ་ཅང་སྔ་ཆེས་ཀྱིས། གང་བདག་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་གཙུག་ལག་ཁང་ག་ལ་བ་དེར་སོང་དང་། དེ་ན་གཏམ་
གྱི་རྒྱུན་ཅིག་ཡོད་པར་འགྱུར་རོ་སྙམ་མོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོ་དགེ་སློང་ལྔ་བརྒྱ་ཙམ་པོ་དེ་དག་དང་། འཇམ་དཔལ་གཞོན་ནུར་གྱུར་པའི་གཙུག་ལག་ཁང་ག་ལ་བ་དེར་སོང་སྟེ་ཕྱིན་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། དགའ་བ་དང་། མགུ་བའི་གཏམ་
རྣམ་པ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་བརྟན་འོད་སྲུང་ཆེན་པོ་ཕྱོགས་གཅིག་ཏུ་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཅིའི་ཕྱིར་ན་ནང་པར་སྔར་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་
བཟེད་ཁྱེར་ཏེ་འགྲོ། སྨྲས་པ། འཇམ་དཔལ་བདག་ནི་བསོད་སྙོམས་ཀྱི་སླད་དུ་རྒྱལ་པོའི་ཁབ་ཏུ་མཆི་བར་འཚལ་ལོ། །འཇམ་དཔལ་གྱིས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་དང་བཅས་པ་ལ་བདག་གིས་བཤོས་གསོལ་གྱིས་དགོངས་ཤིག །སྨྲས་པ། འཇམ་
དཔལ་བགྱིས་ཤིང་མཆོད་པར་འཚལ་ཏེ། བདག་ནི་ཆོས་འཚལ་གྱི། ཟང་ཟིང་འཚལ་བ་མ་ལགས་སོ། །སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བདག་ལ་དགོངས་ཤིག་དང་ཟང་ཟིང་གིས་བསྡུ་བ་དང་། ཆོས་ཀྱིས་བསྡུ་བ་གཉི་ག་ཁྱོད་ལ་འདུ་བར་མཆིའོ། །འོད་སྲུང་ཆེན་
པོས་སྨྲས་པ། འཇམ་དཔལ་བདག་ནི་འཚལ་མ་ཆད་ཀྱང་ཁྱོད་ཀྱི་སླད་བཞིན་དུ་འབྲང་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་སྟོན་པ་དེ་ནི་ཇི་ལྟར་ཁྱོད་ཀྱི་དྲུང་ནས་ཐོས་པ་འདྲ་བར་གཞན་ལས་མི་ཐོས་སོ། །འཇམ་དཔལ་དེ་རིང་སེམས་ཅན་ཆེན་པོ་དེ་དག་དང་གང་དུ་བཤོས་གསོལ།
འཇམ་དཔལ་གྱིས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་གང་གི་ཚེ་བདག་ཅག་ལ་སྦྱིན་པ་སྦྱིན་ནས་འཁོར་བ་ལས་ཀྱང་མི་སྐྱོད། མྱ་ངན་ལས་འདས་པ་ཡང་རྟོགས་པར་མི་བྱེད། སོ་སོའི་སྐྱེ་བོའི་ས་ལས་ཀྱང་མི་འདའ། འཕགས་པའི་ཆོས་མངོན་པར་ཡང་མི་བྱེད་པ་དེའི་
Vol. 62 · folio 244b
ཟས་དེ་རིང་འཚལ་ལོ། །ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་གང་གིས་བདག་ཅག་ལ་སྦྱིན་པ་བྱིན་ནས་འབྲི་བར་ཡང་མི་འགྱུར་འཕེལ་བར་ཡང་མི་འགྱུར། ཆོས་གང་ཡང་སྐྱེད་པར་ཡང་མི་བགྱིད། འགག་པར་ཡང་མི་བགྱིད། ཆོས་གང་གཏོང་བར་ཡང་མི་བགྱིད། ཐོབ་པར་ཡང་
མི་བགྱིད་པ་དེའི་ཟས་དེ་རིང་འཚལ་ལོ། །གནས་བརྟན་གྱིས་སྨྲས་པ། འཇམ་དཔལ་དེ་ལྟར་སྦྱིན་པར་བགྱིད་པ་དེ་དང་དེ་དག་ནི་སྦྱིན་བདག་ཆེན་པོ་ལགས་ཀྱིས་མཆིའོ།། །།བམ་པོ་བཞི་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་སྙམ་དུ་གྱུར་ཏེ། བདག་
ནི་སངས་རྒྱས་ཀྱི་རྣམ་པར་རོལ་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་འགྲོའོ་སྙམ་མོ། །ཡང་དེའི་ཚེ་ན་ཏིང་ངེ་འཛིན་རྫུ་འཕྲུལ་ཐམས་ཅད་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་གོ། །འཇམ་དཔལ་གཞོན་ནུར་གྱུར་པ་རྫུ་འཕྲུལ་ཐམས་ཅད་རྣམ་པར་འཕྲུལ་པའི་ཏིང་ངེ་
འཛིན་ལ་མཉམ་པར་བཞག་མ་ཐག་ཏུ་དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་སྣང་བ་ཆེན་པོས་སྣང་བར་གྱུར་ཏོ། །སེམས་ཅན་དམྱལ་བ་པའི་
སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡང་རྒྱུན་ཆད་དོ། །བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཡང་རྒྱུན་ཆད་དོ། །སེམས་ཅན་གང་ཡང་འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གམ། ང་འམ།
གཡོའམ། ཁྲོ་བའམ། གནོང་འཆབ་པར་གྱུར་པ་མེད་དོ། །དེའི་ཚེ་སེམས་ཅན་ཐམས་ཅད་གཅིག་ལ་གཅིག་ཕ་དང་མར་འདུ་ཤེས་ཤིང་བྱམས་པ་ལ་གནས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །འདོད་
པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པར་བྱ་བའི་ལས་ལ་བརྩོན་པར་གྱུར་ཏོ། །སིལ་སྙན་བརྒྱ་སྟོང་ཡང་དཀྲོལ་བར་གྱུར་ཏོ། །མེ་ཏོག་དྲི་ཞིམ་པོའི་ཆར་ཀྱང་མངོན་པར་བབ་བོ། །ལམ་གྱི་བྱི་དོར་ཡང་བྱས་
Vol. 62 · folio 245a
སོ། །འཇམ་དཔལ་གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་གཙུག་ལག་ཁང་དེའི་སྒོ་ནས་བཟུང་སྟེ། གྲོང་ཁྱེར་གྱི་སྒོའི་བར་དུ་དེའི་བར་གྱི་ལམ་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཏོ། །རིན་པོ་ཆེ་དུ་མ་ནི་
བསྩགས། རིན་པོ་ཆེ་དུ་མས་ནི་སྤྲས། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ཞེང་དུ་ཤིང་རྟ་བདུན་ཙམ་དུ་མེ་ཏོག་པད་མ་དམར་པོ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀས་ནི་གང་། སྟེང་ནས་ནི་རིན་པོ་ཆེའི་དྲ་བས་གཡོགས། དར་གྱི་ལྡ་ལྡི་མང་པོ་ནི་བྲེས། གདུགས་དང་།
རྒྱལ་མཚན་དང་། བ་དན་དང་། རུ་མཚོན་ནི་བསྒྲེང་བར་གྱུར་ཏོ། །རིན་པོ་ཆེའི་སྟེགས་བུ་གཉིས་ཀྱི་གཡས་གཡོན་དུ་མདའ་རྒྱང་རེ་རེ་ཙམ་ན་རིན་པོ་ཆེའི་ཤིང་ཡོད་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་ཐམས་ཅད་ལས་རིན་པོ་ཆེའི་ཤིང་གཉིས་པ། རིན་པོ་ཆེའི་སྲད་བུས་སྦྲེལ་
བར་གྱུར་ཏོ། །རིན་པོ་ཆེའི་ཤིང་རེ་རེ་ལས་ཀྱང་གང་དྲི་བྱུང་བར་གྱུར་པའི་དྲི་དེས་ནི་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་ཁྱབ་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་གཉིས་ཀྱི་བར་ན་རྫིང་བུ་སྤྲུལ་པར་གྱུར་ཏེ། གསེར་གྱི་བྱེ་མ་ནི་བཀྲམ། རིན་པོ་ཆེའི་སྟེགས་བུས་ནི་བསྐོར། ནོར་བུ་བཻ་
དཱུརྱའི་སྐས་ནི་ཟུག །མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་རཱི་ཀས་ནི་བཀབ། བྱ་ངུར་པ་ནི་སྐད་འབྱིན། ཆུ་ཡན་ལག་བརྒྱད་དང་ལྡན་པས་ནི་ཡོངས་སུ་གང་བར་གྱུར་ཏོ། །ཤིང་ཐམས་ཅད་ལ་རིན་པོ་ཆེ་དང་གསེར་གྱི་དྲ་བ་ནི་བྲེས་པར་གྱུར་
ཏོ། །རིན་པོ་ཆེའི་ཤིང་ཐམས་ཅད་ཀྱི་བར་ན་རིན་པོ་ཆེའི་པོག་ཕོར་ནས་སྤོས་ཀྱིས་ནི་བདུགས་པར་གྱུར་ཏོ། །རིན་པོ་ཆེའི་ཤིང་ཐམས་ཅད་ཀྱི་དྲུང་ན་ལྷའི་བུ་མོ་ཉི་ཤུ་རྩ་ལྔ་ལྔ་སྤྲུལ་ཡོད་པ་ནས་བྱུང་བའི་ཙན་དན་གྱི་སྙིང་པོའི་ཕྱེ་མ་ཐོགས་ཏེ་འདུག་པར་གྱུར་ཏོ། །འཇམ་དཔལ་
གཞོན་ནུར་གྱུར་པས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་དེའི་ཚེ་ངོ་མཚར་དང་རྨད་དུ་བྱུང་བ་འདི་དག་དང་གཞན་དག་ཀྱང་སྣང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཤམ་ཐབས་བགོས་ཏེ། གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །
Vol. 62 · folio 245b
ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཁྱོད་ནི་མདུན་དུ་བཞུད་ཅིག །བདག་ནི་ཁྱོད་ཀྱི་སླད་བཞིན་དུ་མཆིའོ། །དེ་ཅིའི་ཕྱིར་ཞེ་ན། གནས་བརྟན་འོད་སྲུང་ཆེན་པོ་ནི་བགྲེས་ལ་རབ་ཏུ་བྱུང་ནས་ཀྱང་ཡུན་རིང་སྟེ། དེ་བཞིན་གཤེགས་པ་མ་མཐོང་བར་རབ་ཏུ་བྱུང་ཞིང་། གང་འཇིག་རྟེན་
ན་དགྲ་བཅོམ་པ་དེའི་རྗེས་སུ་རབ་ཏུ་བྱུང་བས་དེ་བས་ན། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཁྱོད་ནི་མདུན་དུ་བཞུད་ཅིག །དེ་སྐད་ཅེས་སྨྲས་པ་དང་། འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ལེགས་པར་གསུངས་པའི་
ཆོས་འདུལ་བ་ལས་ནི་སུ་ཡང་ནས་རྒན་པ་དང་། ལོ་གྲངས་ཀྱིས་རྒན་པ་ཞེས་མི་བགྱིའི། འཇམ་དཔལ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་ནི། ཤེས་རབ་ཀྱིས་རྒན་པ་དང་། ཐོས་པས་རྒན་པ་དང་། སྤོབས་པས་རྒན་པ་དང་། དབང་པོ་ཤིན་
ཏུ་རྣམ་པར་ཕྱེ་བ་ལ་རྒན་པ་ཞེས་བགྱི་ལ། འཇམ་དཔལ་ཁྱོད་ཀྱང་ཤེས་རབ་ཀྱིས་བགྲེས། གསན་པས་བགྲེས། སྤོབས་པས་བགྲེས། དབང་པོ་དམ་པ་དང་། དམ་པ་མ་ལགས་པར་མཁྱེན་པ་ལ་མཁས་པས་དེའི་སླད་དུ་ཁྱོད་ཉིད་ཐུ་བོ་བགྲེས་པ་ལགས་ཀྱིས་
མདུན་དུ་བཞུད་ཅིག །བདག་ནི་ཁྱོད་ཀྱི་སླད་བཞིན་དུ་མཆིའོ། །ཡང་འཇམ་དཔལ་དོན་འདི་ཉིད་ཤིན་ཏུ་བཤད་པའི་སླད་དུ་སྐབས་འདིར་བདག་གིས་དཔེ་ཙམ་ཞིག་བཤད་པར་སྤོབས་སོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་སེང་གེའི་ཕྲུ་གུ་བྱུང་ནས་རིང་པོ་མ་ལོན་པ་ནི་
བདག་གི་སྟོབས་ཀྱི་ཤུགས་མ་རྫོགས་མོད་ཀྱི། སེང་གེའི་ཕྲུ་གུ་དེའི་དྲི་རླུང་གིས་གང་དང་གང་དུ་ཁྱེར་བ་དེ་དང་དེ་དག་ཏུ་རི་དགས་ཐམས་ཅད་དྲི་དེ་མི་བཟོད་ནས་འབྲོས་པར་བགྱིད་དེ། བལ་གླང་གླང་པོ་ཆེན་པོ་ལོ་དྲུག་ཅུ་ལོན་པ། ལིག་རི་སྲ་བས་དམ་དུ་བཅིངས་པ་དེ་དག་ཀྱང་
སེང་གེའི་ཕྲུ་གུ་དེའི་དྲིས་ཕོག་པ་དང་། འཇིགས་སྐྲག་ནས་ལིག་རིས་བཅིངས་པ་དེ་དག་བཅད་དེ་ཕྱོགས་ཕྱོགས་སུ་འབྲོས་སོ། །ཕུག་ན་གནས་པ་ནི་ཕུག་ཏུ། ཁུང་ན་གནས་པ་ནི་ཁུང་དུ་འཇུག །ཆུ་ན་གནས་པ་ནི་ཆུར་འཇུག །བྱ་ནི་ནམ་མཁའ་ལ་འཕུར་
Vol. 62 · folio 246a
རོ། །འཇམ་དཔལ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཐོག་མ་བསྐྱེད་པ་ཡང་ཤེས་རབ་དང་། ཡེ་ཤེས་ཀྱི་སྟོབས་བསྐྱེད་པ་མ་ཐོབ་མོད་ཀྱི། སེམས་བསྐྱེད་མ་ཐག་ཏུ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་
ཟིལ་གྱིས་གནོན་པར་འགྱུར། བདུད་ཐམས་ཅད་ཀྱང་འཇིགས་པར་འགྱུར་ཞིང་སྐྲག་ནས། བདག་གི་ཁང་པ་ན་མི་དགའ་བར་འགྱུར་རོ། །ཡང་འཇམ་དཔལ་སེང་གེའི་ཕྲུ་གུ་དེས་སེང་གེའི་སྟོབས་དང་། ཤུགས་ཐོབ་པ་གཞན་དག་སེང་གེའི་སྐད་འབྱིན་
པའི་སྒྲ་ཐོས་ན་ཡང་འཇིགས་དངངས་སྐྲག་པར་མི་འགྱུར་གྱི། སྟེང་དུ་བདག་ཀྱང་རིང་པོ་མི་ཐོགས་པར་སེང་གེའི་སྐད་འབྱིན་ཏོ་སྙམ་དུ་སེམས་པར་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། སངས་རྒྱས་ཀྱི་
སེང་གེའི་སྐད་ཐོས་ནས། མི་འཇིགས། མི་དངངས། སྐྲག་པར་མི་འགྱུར་གྱི། སྟེང་དུ་བདག་ཀྱང་རིང་པོ་མི་ཐོགས་པར་དེ་བཞིན་དུ་བྱང་ཆུབ་ཐོབ་ནས། དེ་དང་འདྲ་བར་སེང་གེའི་སྐད་ཡང་དག་པར་འབྱིན་པར་བྱའོ་སྙམ་དུ་སེམས་པར་འགྱུར་རོ། །འཇམ་
དཔལ་དེ་ལྟ་བས་ན། གང་དག་ཉན་ཐོས་ཀྱི་ནང་ན་གང་བགྲེས། རང་སངས་རྒྱས་ཀྱི་ནང་ན་གང་བགྲེས། དེ་བཞིན་གཤེགས་པའི་ནང་ན་གང་བགྲེས་ཞེས་སྨྲ་ཞིང་། ཡང་དག་པར་རྗོད་པ་དེ་དག་ནི་འཇམ་དཔལ་བྱང་ཆུབ་ཀྱི་སེམས་ལ་སྨྲ་ཞིང་། ཡང་དག་
པར་རྗོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འཇམ་དཔལ་དགེ་བའི་ཆོས་དེ་དག་ཐམས་ཅད་ནི་དེ་ལས་བྱུང་ངོ་། །དེའི་སླད་དུ་ཡང་འཇམ་དཔལ་ཁྱོད་ནི་ཐུ་བོ་བགྲེས་པོ་ལགས་ཀྱིས་སྔོན་དུ་བཞུད་ཅིག །བདག་ནི་ཁྱོད་ཀྱི་སླད་བཞིན་དུ་མཆིའོ། །དེ་
ནས་འཇམ་དཔལ་གཞོན་ནུར་གྱུར་པ་མདུན་དུ་སོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ཀྱང་། དེའི་ཕྱི་བཞིན་དུ་དོང་ངོ་། །འཇམ་དཔལ་གཞོན་ནུར་གྱུར་པ་རིན་པོ་ཆེའི་ལམ་དེར་སོང་མ་ཐག་ཏུ་
Vol. 62 · folio 246b
དེ་ནས་དེའི་ཚེ་སྟེང་གི་བར་སྣང་ལས། མེ་ཏོག་གི་ཆར་ཆེན་པོ་ཡང་མངོན་པར་བབ་བོ། །སིལ་སྙན་བརྒྱ་སྟོང་གི་སྒྲ་ཡང་བྱུང་ངོ་། །ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །འཇིག་རྟེན་ཡང་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་ནས་འཇམ་
དཔལ་གཞོན་ནུར་གྱུར་པ་དེ་འདྲ་བའི་བཀོད་པ་དང་ལྡན་ནས། ལུས་ལས་འོད་ཟེར་བརྒྱ་སྟོང་ནི་བྱུང་། མེ་ཏོག་པད་མའི་ཆར་ནི་འབབ་བཞིན་དུ། གྲོང་ཁྱེར་ཆེན་པོར་སོང་བ་དང་། རྒྱལ་པོ་མ་སྐྱེས་དགྲས་འཇམ་དཔལ་གཞོན་ནུར་གྱུར་པ། བྱང་
ཆུབ་སེམས་དཔའ་བརྒྱད་ཁྲི་ཉིས་སྟོང་དང་། ཉན་ཐོས་ལྔ་བརྒྱ་ཙམ་གྱིས་བསྐོར་ཅིང་མདུན་དུ་བདར་ཏེ་འོང་ངོ་ཞེས་ཐོས་ནས་འདི་སྙམ་དུ་གྱུར་ཏེ། འདིར་ནི་ལྔ་བརྒྱའི་བཤོས་སྦྱར་ལ་ད་འདི་སྙེད་ཀྱི་མང་པོ་ཞིག་གཤེགས་པར་གྱུར་ན་གང་དུ་བཞུགས་ཅི་གསོལ་
སྙམ་སྟེ། དེ་ལྟར་བདག་ནི་འཇམ་དཔལ་གཞོན་ནུར་གྱུར་པས་བསླུས་སོ་སྙམ་དུ། རྒྱལ་པོ་མ་སྐྱེས་དགྲ་དེ་ལྟར་སེམས་སྐྱེས་མ་ཐག་ཏུ་དེ་ནས་དེའི་མོད་ལ་རྒྱལ་པོ་ཆེན་པོ་ངལ་བསོ་པོ་དང་། གནོད་སྦྱིན་གྱི་བདག་པོ་ཀུ་བེ་རས། བདག་ཅག་གི་
ལུས་ཆེ་བ་བསྟན་ནས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་མི་དགར་མ་བྱེད་ཅིག །འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཤེས་རབ་ཆེ་བ། ཤེས་རབ་ཀྱི་གཟི་བརྗིད་དང་ལྡན་པ། རྫུ་འཕྲུལ་གྱི་བྱིན་གྱིས་རློབ་པ་ལ་མཁས་
པ་ཡིན་ཏེ། དེ་ནི་འདོད་ན་ཟན་ཆང་གཅིག་གིས་ཀྱང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་འགྲངས་པར་བྱེད་མཁས་ན་བརྒྱད་ཁྲི་ཉིས་སྟོང་ལ་ལྟ་ཅི་སྨོས་ཏེ། རྒྱལ་པོ་ཆེན་པོ་མི་དགར་མ་བྱེད་ཅིག །ཐམས་
ཅད་ལ་ཁྱེད་པར་འོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་སྦྱིན་པའི་ཐབས་ནི་ཟད་མི་ཤེས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཚིག་དེ་ཐོས་པ་དང་། དགའ་མགུ་རངས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་
Vol. 62 · folio 247a
ཡང་ཤིན་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྟོན་པའི་འདུ་ཤེས་ཀྱིས་བཀུར་སྟི་བྱེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་བདག་གི་འགྲོ་བ་དང་འཁོར་དང་བཅས་ཏེ། མེ་ཏོག་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་
མ་ཐོགས་ནས་གཡོག་དང་བཅས་པས་འཇམ་དཔལ་གཞོན་ནུར་གྱུར་པ་བསུ་བའི་ཕྱིར་ཕྱི་རོལ་དུ་བྱུང་ནས། དེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་ཏེ། སླར་བདག་གི་ཁྱིམ་དུ་སོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དང་བཅས་
ཏེ། རྒྱལ་པོ་མ་སྐྱེས་དགྲའི་ཁང་པ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་ནང་དུ་དོང་ངོ་། །ནང་དུ་ཕྱིན་པ་དང་། གྲོང་ཁྱེར་ན་གནས་པ་ཐམས་ཅད་ཀྱང་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །ཡང་དེའི་ཚེ་ན་བྱང་ཆུབ་སེམས་དཔའི་འཁོར་དེར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་པ་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་འཁོར་གྱི་གནས་བཀོད་
པ་བྱའོ། །དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་གཟིགས་པས་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཀྱི་གཡས་གཡོན་དུ་བལྟས་པ་དང་། བལྟས་མ་ཐག་ཏུ་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཏུ་འཁོར་
གྱི་གནས་བྱུང་སྟེ། དར་གྱི་ལྡ་ལྡི་མང་པོ་ནི་བཏགས། བླ་རེ་ནི་བྲེས། གདུགས་དང་། རྒྱལ་མཚན་དང་བ་དན་ནི་བསྒྲེང་། མེ་ཏོག་སིལ་མས་ནི་བཀང་ཞིང་ལག་མཐིལ་བཞིན་དུ་མཉམ་པ་དང་། ཡངས་ཤིང་རྒྱ་ཆེ་བར་གྱུར་ཏོ། །ཡང་དེའི་ཚེ་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལས་མངོན་པར་འཕགས་པ་ཞེས་བྱ་བ་ཞིག །བྱང་ཆུབ་སེམས་དཔའི་འཁོར་དེར་འདུས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བྱང་ཆུབ་སེམས་དཔའ་ཆོས་ལས་མངོན་པར་འཕགས་
Vol. 62 · folio 247b
པ་བོས་ཏེ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྟན་གདིང་བར་གྱིས་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལས་མངོན་པར་འཕགས་པས་དེའི་ཚེ་སེ་གོལ་གྱི་སྒྲ་བྱས་པ་དང་། དེ་ནས་དེའི་ཚེ་འཁོར་གྱི་གནས་
དེ་ནས་སྟན་རྣམ་པ་སྣ་ཚོགས་པ་བལྟ་ན་སྡུག་པ། གོས་དུ་མས་གཡོགས་པ་བཞི་ཁྲི་ཉིས་སྟོང་མངོན་པར་བྱུང་བར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་བཏིང་བ་དེ་ལ་འདུག་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་
དང་། ཉན་ཐོས་ཆེན་པོ་དེ་དག་ཀྱང་སྟན་དེ་དག་ལ་ཅི་རིགས་པར་འཁོད་དོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལ་འདུག་པར་ཤེས་ནས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་འབྲས་ཆན་སླད་མ་གྲོལ་གྱི་བར་དུ་ཅུང་ཟད་
ཅིག་གཞེས་ཤིག །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཐམས་ཅད་ལ་ཆོག་པར་འགྱུར་གྱིས་བྱ་བ་ཉུང་ངུ་གྱིས་ཤིག །དེ་ནས་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་འཁོར་དང་བཅས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པའི་མཆོད་པའི་ལས་ལ་
བརྩོན་པར་གྱུར་ཏོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་ཆུང་མ་དང་། ལྷའི་བུ་མོ་དང་། དེ་མ་ཡིན་པའི་ལྷ་དང་། ལྷ་མ་ཡིན་གྱི་བུ་མོ་དག་དང་བཅས་ཏེ། ཨ་ཀ་རུ་དང་། ཙན་དན་གྱི་ཕྱེ་མས་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་ཐམས་
ཅད་ལ་གཏོར་ཀྱང་སྐྱེས་བུ་དམ་པ་དེ་དག་ནི་སྤོས་ཀྱི་འདུ་ཤེས་དང་། ལྷའི་བུ་མོའི་འདུ་ཤེས་སུ་སྐྱེད་པ་མི་བྱེད་དོ། །ཚངས་པ་མི་མཇེད་ཀྱི་བདག་པོ་ཡང་ཁྱེའུའི་གཟུགས་སུ་བསྒྱུར་ཏེ། གཡག་རྔའི་རྡུལ་ཡབ་ཐོགས་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་
གཡས་ལོགས་ན་གཡོབ་ཅིང་འདུག་པར་གྱུར་ཏོ། །ཚངས་པའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཡས་ཕྱོགས་ན་འདུག་ཅིང་། གཡག་རྔའི་རྡུལ་ཡབ་ཐོགས་ཏེ་གཡོབ་པར་གྱུར་ཏོ། །ཀླུའི་རྒྱལ་པོ་མ་དྲོས་པ་ཡང་བདག་གི་ལུས་
Vol. 62 · folio 248a
མི་སྣང་བར་བྱས་ཏེ། སྟེང་གི་བར་སྣང་ལས་མེ་ཏོག་གི་སེ་མོ་དོ་འཕྱང་བར་བྱས་སོ། །མེ་ཏོག་གི་སེ་མོ་དོ་དེ་ལས་ཀྱང་ཆུ་ཡན་ལག་བརྒྱད་དང་ལྡན་པ་འབྱུང་བར་བྱེད་དེ། ཆུ་དེས་ཀྱང་ཆུའི་བྱ་བ་བྱས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་
དཔའ་ཐམས་ཅད་སོ་སོ་དང་། དེ་བཞིན་དུ་ཉན་ཐོས་རྣམས་ཀྱི་མདུན་དུ་ཡང་། མུ་ཏིག་གི་སེ་མོ་དོ་འཕྱང་དུ་བཅུག་སྟེ། དེ་དག་གིས་ཆུའི་བྱ་བ་བྱས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་འདི་དག་ལ་ལྷུང་བཟེད་མི་མངའ་
ན། དེ་དག་ཅི་ལས་གསོལ་བར་འགྱུར་སྙམ་མོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པའི་སེམས་ཀྱིས་རྒྱལ་པོ་མ་སྐྱེས་དགྲའི་སེམས་ཀྱི་ཡོངས་སུ་རྟོག་པ་ཤེས་ནས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འདི་
དག་ནི་ལྷུང་བཟེད་ཁྱེར་ཏེ་མི་འོང་གི །སངས་རྒྱས་ཀྱི་ཞིང་གང་དང་གང་དག་ཏུ་ཟས་ཟ་བ་དེ་དང་དེ་དག་ཏུ་འདི་དག་འཁོད་མ་ཐག་ཏུ། སྔོན་གྱི་བྱིན་གྱི་རླབས་ཀྱིས་ཟས་ཀྱི་སྔ་ལོགས་སུ་བདག་བདག་གི་སངས་རྒྱས་ཀྱི་ཞིང་ནས་ལྷུང་བཟེད་རྣམས་བར་སྣང་ལས་འོང་
སྟེ་ལག་པ་ན་འདུག་པར་བྱེད་དོ། །རྒྱལ་པོས་གསོལ་པ། འཇམ་དཔལ་འོ་ན་སྐྱེས་བུ་དམ་པ་འདི་དག་སངས་རྒྱས་ཀྱི་ཞིང་གང་ནས་མཆིས། དེ་ན་དེ་བཞིན་གཤེགས་པའི་མཚན་ཅི་ལགས། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འཇིག་
རྟེན་གྱི་ཁམས་ནི་རྟག་ཏུ་སྒྲ་བསྒྲགས་ཞེས་བགྱིའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྒྲགས་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་སོ། །འཚོའོ། །གཞེས་སོ། །ཆོས་ཀྱང་སྟོན་ཏོ། །སངས་
རྒྱས་ཀྱི་ཞིང་དེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ཁྱོད་ཀྱི་བཤོས་གསོལ་བ་དང་། ཁྱོད་ཀྱི་འགྱོད་པ་ངན་པ་དེ་མཉན་པའི་ཕྱིར་འདིར་ལྷགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས། སེམས་བསྐྱེད་མ་ཐག་ཏུ།
Vol. 62 · folio 248b
འཇིག་རྟེན་གྱི་ཁམས་རྟག་ཏུ་སྒྲ་བསྒྲགས་དེ་ནས་ལྷུང་བཟེད་དེ་དག་བྱང་ཆུབ་སེམས་དཔའ་དེ་དག་གི་བྱིན་གྱི་རླབས་དང་། དེ་བཞིན་གཤེགས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་སྟེང་གི་བར་སྣང་ལས་སོང་སྟེ། མཚོ་མ་དྲོས་པ་ཆེན་པོར་བབས་ཏེ། དེ་དག་ཆུ་
ཡན་ལག་བརྒྱད་དང་ལྡན་པས་བཀྲུས་ནས། མེ་ཏོག་པད་མའི་འདབ་མའི་སྟེང་དུ་བཞག་སྟེ། ཀླུའི་བུ་མོ་བརྒྱད་ཁྲི་ཉིས་སྟོང་གིས་ཁྱེར་ནས། བྱང་ཆུབ་སེམས་དཔའ་དེ་དག་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་ཤིན་ཏུ་ཆེར་དགའ་མགུ་
རངས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ཞིང་འདུག་པར་གྱུར་པ་དང་། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་མཆོད་སྟོན་དྲོངས་ཤིག །དེའི་དུས་ལ་བབ་པར་ཤེས་
པར་གྱིས་ཤིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་མཆོད་སྟོན་ཇི་ལྟར་སྦྱར་བ་རྣམས་དྲངས་ཏེ། བཟའ་བའམ། བཅའ་བའམ། བལྡག་པ་གང་དང་གང་དྲངས་པ་དེ་དང་དེ་གཞོན་པའི་མཐའི་བར་དུ་ཟད་མི་ཤེས་པར་གྱུར་ཏོ། །དེ་ལྟ་སྟེ། རྒྱལ་
པོ་མ་སྐྱེས་དགྲས་ལྔ་བརྒྱ་པའི་མཆོད་སྟོན་སྦྱར་བ་དེ་ལས། བྱང་ཆུབ་སེམས་དཔའ་བརྒྱད་ཁྲི་ཉིས་སྟོང་པོ་དེ་དག་དང་། ཉན་ཐོས་ལྔ་བརྒྱ་ཙམ་དེ་དག་ཆོག་པར་བྱས་ཀྱང་། མཆོད་སྟོན་དེ་ཡོངས་སུ་ཟད་ཅིང་གཏུགས་པར་མ་གྱུར་ཏོ། །དེ་ནས་རྒྱལ་པོ་
མ་སྐྱེས་དགྲས་གསོལ་པ། འཇམ་དཔལ་མཆོད་སྟོན་འདི་མ་བྱས་པ་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཇི་ལྟར་འགྱོད་པ་ངན་པ་དེ་མི་ཟད་པ་དེ་བཞིན་དུ་མཆོད་སྟོན་འདི་མི་ཟད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེ་དག་གིས་ཟས་ཟོས་ནས་ལྷུང་བཟེད་རྣམས་ནམ་མཁའ་ལ་འཕངས་པ་དང་། དེ་དག་མ་བཟུང་བཞིན་དུ་བར་སྣང་ལ་འདུག་པར་གྱུར་ཏེ་མ་ལྷུང་ངོ་། །དེ་ནས་རྒྱལ་པོས་གསོལ་པ། འཇམ་དཔལ་ལྷུང་བཟེད་འདི་དག་ཅི་ལ་གནས། སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ངན་པ་
Vol. 62 · folio 249a
དེ་ཅི་ལ་གནས་པ་དེ་ཉིད་ལ་ལྷུང་བཟེད་འདི་དག་གནས་སོ། །རྒྱལ་པོས་གསོལ་པ། འཇམ་དཔལ་ལྷུང་བཟེད་འདི་དག་ནི་མི་གནས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་ངན་པ་དེ་ཡང་མི་གནས་སོ། །རྒྱལ་པོ་ཆེན་པོ་འདི་ལྟ་
སྟེ། དཔེར་ན་ལྷུང་བཟེད་འདི་དག་མི་གནས་ཀྱང་མི་ལྟུང་བ་དེ་བཞིན་དུ་རྒྱལ་པོ་ཆོས་ཐམས་ཅད་ཀྱང་མི་ཆགས་མི་གནས་ཤིང་ཆོས་གང་ལ་ཡང་མི་ལྟུང་ངོ་། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ལག་པ་དང་ལྷུང་བཟེད་
བཀྲུས་པར་ཤེས་ཏེ། ཆོས་མཉན་པའི་ཕྱིར་འཇམ་དཔལ་གཞོན་ནུར་གྱུར་པའི་མདུན་དུ་འདུག་ནས་འཕགས་པ་འཇམ་དཔལ་བདག་གི་འགྱོད་པ་དེ་བསལ་དུ་གསོལ་ཞེས་བྱས་པ་དང་། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་དེ་ནི་ཡང་དག་པར་རྫོགས་པའི་
སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་བསལ་མི་ནུས་སོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བདག་མགོན་མེད་པར་ཤེས་ནས་ཤིང་བཅད་པ་བཞིན་དུ་ས་ཆེན་པོ་འདི་ལ་འགྱེལ་བར་གྱུར་ཏོ། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་
སོ། །རྒྱལ་པོ་ཆེན་པོ་མ་འཇིགས་མ་སྐྲག་ཅིག །འཇམ་དཔལ་གཞོན་ནུར་གྱུར་པ་ནི་དགོངས་པ་འཆད་པ་ལ་མཁས་པ་ཡིན་གྱིས། འདི་ཉིད་ལ་ཁྱོད་ཀྱིས་ཅི་ལས་དགོངས་ཏེ་ཁྱོད་ཀྱི་འགྱོད་པ་ངན་པ་དེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་བསལ་
མི་ནུས་སོ་ཞེས་དེ་སྐད་དུ་སྟོན་ཅེས་ཞུས་ཤིག །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་སའི་སྟེང་ནས་སླར་ལངས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཅི་ལ་དགོངས་ཏེ་ཁྱོད་ཀྱི་འགྱོད་པ་དེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བསལ་མི་ནུས་ཞེས་དེ་སྐད་དུ་སྟོན། འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། སངས་རྒྱས་བཅོམ་ལྡན་འདས་སེམས་ཀྱི་དམིགས་པས་བསྐྱེད་པ་ཡིན་ནམ། གསོལ་
Vol. 62 · folio 249b
པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། སེམས་བསྐྱེད་པས་བསྐྱེད་པ་ཡིན་ནམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། སེམས་འགགས་པས་བསྐྱེད་པ་ཡིན་ནམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། འདུས་མ་བྱས་པས་
བསྐྱེད་པ་ཡིན་ནམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། འདུས་བྱས་ཀྱིས་བསྐྱེད་པ་ཡིན་ནམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཆོས་གང་ཆོས་གང་གིས་ཀྱང་བསྐྱེད་པར་མི་འགྱུར་བའི་
ཆོས་དེས་ཆོས་གང་ཡང་བསལ་བར་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ངས་དེ་ལ་དགོངས་ཏེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་ཁྱོད་ཀྱི་འགྱོད་པ་དེ་བསལ་བར་མི་
ནུས་སོ་ཞེས་དེ་སྐད་སྨྲས་སོ། །རྒྱལ་པོ་ཆེན་པོ་གཞན་ཡང་བར་སྣང་གི་ནམ་མཁའ་འདི་ལ་གང་ལ་ལ་ཞིག་རྡུལ་ལམ། དུ་བའམ། མུན་པས་ཀུན་ནས་ཉོན་མོངས་པར་བྱེད་པར་འདོད་ན་རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། བར་སྣང་གི་ནམ་མཁའ་ཀུན་ནས་
ཉོན་མོངས་པར་བྱ་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་ངས་བར་སྣང་གི་ནམ་མཁའ་རྣམ་པར་སྦྱང་ངོ་ཞེས་དེ་སྐད་ཟེར་ན་བར་སྣང་གི་ནམ་མཁའ་རྣམ་པར་སྦྱང་བར་ནུས་སམ། གསོལ་པ། འཇམ་
དཔལ་དེ་མ་ལགས་སོ། །སྨྲས་པ། དེ་བཞིན་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ། རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཆོས་གང་ཡང་ཉོན་མོངས་པའམ་བྱང་བར་མ་
གཟིགས་ན་དེ་དག་གིས་ཇི་ཞིག་བསལ་བར་མཛད། རྒྱལ་པོ་ཆེན་པོ་ངས་ནི་དེ་ལ་ཡང་དགོངས་ཏེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་ཁྱོད་ཀྱི་འགྱོད་པ་དེ་བསལ་མི་ནུས་སོ་ཞེས་དེ་སྐད་སྨྲའོ། །རྒྱལ་པོ་ཆེན་པོ་གཞན་ཡང་སངས་རྒྱས་
Vol. 62 · folio 250a
བཅོམ་ལྡན་འདས་རྣམས་ཀྱིས་ནི་གང་སེམས་ལྡང་བ་དེ་ནང་དུ་ཡང་མ་དམིགས། གང་སེམས་ལྡང་བ་དེ་ཕྱི་རོལ་དུ་ཡང་མ་དམིགས་སོ། །དེ་བས་ན་རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་མི་ལྡང་སྟེ། རང་བཞིན་གང་ཡིན་པ་དེ་ནི་མི་ལྡང་
བའོ། །གང་མི་ལྡང་བ་དེ་ནི་ལྡང་བའི་གནས་དང་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་དབེན་པའི་ཕྱིར་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཡོངས་སུ་མ་རྫོགས་པའི་ཕྱིར་རང་བཞིན་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་
ཐམས་ཅད་ནི་མ་འདྲེས་པའི་ཕྱིར་ཡོངས་སུ་མ་རྫོགས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མ་བྱུང་བའི་ཕྱིར་མ་འདྲེས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་དངོས་པོ་དང་བྲལ་བའི་ཕྱིར་མ་བྱུང་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བྱེད་མི་ནུས་པའི་ཕྱིར་
དངོས་པོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་གླེན་པའི་ཕྱིར་བྱེད་མི་ནུས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མི་འགྱུར་བའི་ཕྱིར་གླེན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མི་སྐྱེ་བའི་ཕྱིར་མི་འགྱུར་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་
འབྲེལ་པ་མེད་པའི་ཕྱིར་མི་སྐྱེ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་འབྲེལ་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་དག་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བླ་གབ་མེད་
པ་དང་འདྲ་བའི་ཕྱིར་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་གཉེན་པོ་མེད་པའི་ཕྱིར་བླ་གབ་མེད་པ་དང་འདྲ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའི་ཕྱིར་གཉེན་པོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མཐའ་སྤངས་པའི་ཕྱིར་གཉིས་སུ་
མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མཐའ་ཡས་པའི་ཕྱིར་མཐའ་སྤངས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མུ་མེད་པའི་ཕྱིར་མཐའ་ཡས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མཐའ་མ་མེད་པའི་ཕྱིར་མུ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་
Vol. 62 · folio 250b
ཅད་ནི་དམིགས་པ་མེད་པའི་ཕྱིར་མཐའ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཕྱིན་ཅི་ལོག་ལ་མངོན་དུ་གནས་པའི་ཕྱིར་དམིགས་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྟག་པ་དང་སྡུག་པ་དང་། བདེ་བ་དང་བདག་མི་དམིགས་པའི་ཕྱིར་ཕྱིན་ཅི་མ་ལོག་པའོ། །
རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་འགྲོ་བ་མེད་པའི་ཚུལ་གྱིས་རྟག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་སྡུག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའི་ཕྱིར་བདེ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་
ཅད་ནི་བདག་མེད་པ་བསྟན་པའི་ཚུལ་གྱིས་བདག་གི་རང་བཞིན་ནོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ནང་ཞི་བའི་ཕྱིར་འགྱོད་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་དོན་དམ་པའི་བདེན་པ་ལ་གནས་པས་བརྫུན་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་
རབ་ཏུ་ཞི་བའི་མཚན་ཉིད་པས་ཞི་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བདག་གིར་བྱ་བ་དང་བྲལ་བས་བདག་གིར་བྱ་བ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་མཚན་ཉིད་ཡིན་པས་རོ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་
ནི་ངར་བྱེད་པ་མེད་པས་སྐྱོན་མེད་པའི་ལམ་དང་བྲལ་བའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་པ་སྣ་ཚོགས་དང་བྲལ་བས་ཐ་མི་དད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་པར་གྲོལ་བའི་རྗེས་སུ་འཇུག་པས་རོ་གཅིག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་
ཅད་ནི་མཚན་མ་མེད་པའི་མཐའ་ཡིན་པས་དབེན་པའི་མཚན་ཉིད་དོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ལྟ་བའི་རྣམ་པ་ཐམས་ཅད་དང་བྲལ་བས་སྟོང་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་འཇུག་པ་མེད་ཅིང་དམིགས་པ་རྣམ་པར་དག་པས་མཚན་མ་མེད་པའོ། །
རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་དུས་གསུམ་ལས་འདས་པའི་ཕྱིར་སྨོན་པ་མེད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་དང་མ་འབྲེལ་བའི་ཕྱིར་དུས་གསུམ་ཡོངས་སུ་ཆད་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཤིན་ཏུ་
Vol. 62 · folio 251a
མ་སྐྱེས་པའི་ཕྱིར་མྱ་ངན་ལས་འདས་པའི་རྗེས་སུ་འབྲང་བའོ། །རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས། ཆོས་གང་མ་སྐྱེས་མ་བྱུང་བ་དེ་ཉོན་མོངས་པར་བྱ་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། ཅི་དེ་བསལ་བར་ནུས་
སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་པར་མཁྱེན་ཏོ། །དེ་བས་ན་ཁྱོད་ཀྱི་འགྱོད་པ་དེ་ནི་བསལ་མི་ནུས་ཏེ། དེའི་ཕྱིར་རྒྱལ་པོ་ཆེན་
པོ་ཁྱོད་ནི་སེམས་ཕྱིན་ཅི་མ་ལོག་པ་དང་ཚུལ་བཞིན་དང་ལྡན་པར་གྱིས་ཤིག །ཡང་ཁྱོད་ཀྱིས་ཡང་དག་པར་བརྟག་པར་བྱ་སྟེ། ཇི་ལྟར་རྟོག་པ་དེ་ཆོས་གང་ཡང་མི་ལེན་པ་དང་། མི་གཏོང་བ་དང་། ཆོས་གང་དང་ཡང་མི་འགྲོགས་པ་དེ་ལྟར་ཁྱོད་ཀྱིས་བརྟག་པར་བྱའོ། །གང་ཆོས་
ཐམས་ཅད་དང་མི་འགྲོགས་པ་དེ་ནི་སྦྱངས་པའོ། །གང་སྦྱངས་པ་དེ་ནི་རབ་ཏུ་ཞི་བའོ། །གང་རབ་ཏུ་ཞི་བ་དེ་ནི་རང་བཞིན་ནོ། །རང་བཞིན་གང་ཡིན་པ་དེ་ནི་མ་བྱས་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་བདག་པོ་མེད་པའི་ཕྱིར་མ་བྱས་པའོ། །དེ་ལ་ཁྱོད་ཀྱིས་བཟོད་པར་གྱིས་ཤིག་
ཆོས་གང་ཡང་མི་བྱ་ཞིག །རྒྱལ་པོ་ཆེན་པོ་དེ་བས་ན་མི་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། དེ་ན་ནི་ཆོས་གང་ཡང་བྱ་བའམ་བསྒྱུར་བ་མེད་དེ། གང་བྱ་བ་དང་བསྒྱུར་བ་མེད་པ་དེ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་གང་དེ་ལྟར་མོས་པ་དེ་དག་ནི་ཡང་དག་པར་གྲོལ་
བའོ། །གང་ཡང་དག་པར་གྲོལ་བ་དེ་དག་གིས་ནི་ཆོས་གང་ཡང་མ་རྟོགས་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་བྱེད་པ་མེད་པའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་གཞན་ཡང་དེ་བཞིན་ཉིད་མ་ཡིན་པར་མི་འགྱུར་རོ། །དེ་བཞིན་ཉིད་དེ་ཡང་དེ་
བཞིན་ཉིད་མ་ཡིན་ནོ། །གཞན་ཡང་མ་ཡིན་ནོ། །དེ་བས་ན་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །རྒྱལ་པོ་ཆེན་པོ་དེ་བཞིན་ཉིད་ལ་མོས་ན་འགྱོད་པ་ཐམས་ཅད་མེད་པར་འགྱུར་མོད་ཀྱི། རྒྱལ་པོ་ཆེན་པོ་མིག་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་
Vol. 62 · folio 251b
པར་ཡང་མི་འགྱུར་ཏེ། མིག་གི་རང་བཞིན་ཡང་དེ་བཞིན་ཉིད་ཡིན་ནོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཡང་མིག་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་པར་ཡང་མི་འགྱུར་ཏེ། ཡིད་
ཀྱི་རང་བཞིན་ཡང་དེ་བཞིན་ཉིད་ཡིན་ནོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཡང་ཡིད་ཡིན་ནོ། །རྒྱལ་པོ་ཆེན་པོ་གཟུགས་ཀྱང་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་པར་ཡང་མི་འགྱུར་ཏེ། གཟུགས་ཀྱི་རང་བཞིན་ཡང་དེ་བཞིན་ཉིད་ཡིན་ནོ། །དེ་བཞིན་ཉིད་ཀྱི་རང་བཞིན་ཡང་
གཟུགས་ཡིན་ནོ། །རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་དག་པར་ཡང་མི་འགྱུར་ཏེ། རྣམ་པར་ཤེས་པའི་རང་བཞིན་ཡང་དེ་བཞིན་ཉིད་ཡིན་ནོ། །དེ་བཞིན་ཉིད་ཀྱི་རང་བཞིན་
ཡང་རྣམ་པར་ཤེས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པར་ཡང་མི་འགྱུར། རྣམ་པར་དག་པར་ཡང་མི་འགྱུར། འདོད་ཆགས་པར་ཡང་མི་འགྱུར། ཞེ་སྡང་བར་ཡང་མི་འགྱུར། གཏི་མུག་པར་ཡང་མི་འགྱུར། ཆགས་པར་ཡང་མི་འགྱུར།
ཁོང་ཁྲོ་བར་ཡང་མི་འགྱུར་བ་ཡིན་གྱིས་དེ་ལ་ཁྱོད་ཀྱིས་རྟོག་པ་ངན་པ་མི་བྱའོ། །རྒྱལ་པོ་ཆེན་པོ་བྱིས་པ་ལྟ་བུ་སོ་སོའི་སྐྱེ་བོ་རྣམས་ནི་མེད་པ་ལ་ཡོངས་སུ་རྟོག་པས་ཉོན་མོངས་པ་བྱུང་གིས་དེ་ལ་ཁྱོད་ཀྱིས་མེད་པ་ལ་འདུ་ཤེས་བསྐྱེད་པར་མི་བྱའོ། །གང་མ་བྱུང་བ་དེ་ནི་གཞར་ཡང་
འབྱུང་བ་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་མེད་པ་ལས་བྱུང་བས་མེད་པའོ། །དེ་ལ་ཁྱོད་ཀྱིས་ཡོད་པར་འདུ་ཤེས་མ་བྱེད་ཅིག །རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་ནི་གཟུགས་མེད་པ། བལྟར་མི་སྣང་བ། གཟུང་དུ་མེད་པ་མི་དམིགས་པ་ཡིན་ཏེ།
སྐྱེས་བུ་ལ་ལ་ཞིག་བདག་གིས་ནམ་མཁའ་གཟུགས་མེད་པ། བལྟར་མི་སྣང་བ། གཟུང་དུ་མེད་པ། མི་དམིགས་པ་འདི་རྡུལ་ཕྲན་ནམ། རྡུལ་ཏམ། དུ་བའམ། སྟུག་པོའམ། སྤྲིན་གྱིས་ཀུན་ནས་ཉོན་མོངས་པར་བྱའོ་ཞེས་དེ་སྐད་ཟེར་ན། རྒྱལ་པོ་ཆེན་པོ་དེས་ཇི་ག་ནམ་
Vol. 62 · folio 252a
མཁའ་གཟུགས་མེད་པ། བལྟར་མི་སྣང་བ། གཟུང་དུ་མེད་པ། མི་དམིགས་པ་འདི་ལ་རྡུལ་ཕྲན་ནམ། རྡུལ་ཏམ། དུ་བའམ། སྟུག་པོའམ། སྤྲིན་གྱིས་ཀུན་ནས་ཉོན་མོངས་པར་བྱ་ནུས་སམ། གསོལ་པ། འཇམ་དཔལ་དེ་མ་ལགས་སོ། །འཇམ་
དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ནི་ཆོས་ཉིད་ཀྱི་རྗེས་སུ་བརྟགས་ན་འགྱོད་པ་ཐམས་ཅད་དང་བྲལ་བར་འགྱུར་མོད་ཀྱི། ཆོས་ཉིད་ནི་ཆོས་གང་དང་ཡང་བྲལ་བ་མ་ཡིན་ཏེ། གང་འགྱོད་པ་དང་བྲལ་བ་དེ་ཡང་ཆོས་ཉིད་དང་མཉམ་པ་ཉིད་ཡིན་ནོ། །དེ་
བས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་མོད་ཀྱི། ཆོས་ཉིད་ལ་ནི་ཆོས་གང་ཡང་རྗེས་སུ་འབྲང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཉིད་ཆོས་ཀྱི་དབྱིངས་ཡིན་ཏེ། ཆོས་ཀྱི་དབྱིངས་གང་དང་མཉམ་པ་ཆོས་ཐམས་ཅད་ཀྱང་དེ་དང་
མཉམ་མོ། །དེ་བས་ན་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འབྲང་ཞེས་བྱའོ། །སྟོན་པ་འདི་བསྟན་པའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་སྟོང་པ་ཉིད་ཀྱི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་པར་གྱུར་ནས། དེ་དགའ་མགུ་རངས་རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་
ནས་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ལེགས་པར་གསུངས་སོ། །བདག་གི་འགྱོད་པ་དེ་བསལ་ཏོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ཡིན་ན། བདག་གི་འགྱོད་པ་བསལ་ཏོ་ཞེས་
གང་ཁྱོད་དེ་སྐད་ཟེར་བ་དེ་ཉིད་དམིགས་པ་ཆེན་པོ་ཡིན་ནོ། །རྒྱལ་པོས་གསོལ་པ། འཇམ་དཔལ་བདག་གི་སྒྲིབ་པ་ཐམས་ཅད་བྱང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་སེམས་ཀྱི་རང་བཞིན་གྱིས་དང་བ་དེ་ནི་འདོད་ཆགས་སམ་ཞེ་སྡང་ངམ། གཏི་མུག་གིས་ཀུན་ནས་ཉོན་
མོངས་པར་བགྱི་མི་ནུས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལ་རྡུལ་ཕྲན་ནམ། རྡུལ་ཏམ། དུ་བའམ། མུན་པའམ། སྟུག་པོའམ། སྤྲིན་དག་སྣང་མོད་ཀྱི། ནམ་མཁའ་ནི་དེ་དག་གིས་ཀུན་ནས་ཉོན་མོངས་པར་བྱས་པ་མེད་དོ། །
Vol. 62 · folio 252b
རྒྱལ་པོ་ཆེན་པོ་དེ་བཞིན་དུ་བདག་དང་བདག་གིར་བྱ་བའི་ལྟ་བའི་བག་ལ་ཉལ་བ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་འབྱུང་མོད་ཀྱི། སེམས་ཀྱི་ཆོས་ཉིད་ཀུན་ནས་ཉོན་མོངས་པར་མི་བྱེད་དོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལ་འགྱོད་པར་མི་བྱ་སྟེ།
རྒྱལ་པོ་ཆེན་པོ་སེམས་ནི་ཐོག་མའི་མཐའ་ནས་ཀྱང་མ་འཕོས་སོ། །རྒྱལ་པོ་ཆེན་པོ་སེམས་ནི་ཐ་མའི་མཐར་ཡང་མི་འཕོའོ། །རྒྱལ་པོ་ཆེན་པོ་སེམས་ནི་ད་ལྟར་ཡང་མི་གནས་སོ། །དེ་ལ་མཁས་པ་དག་ནི་ཆོས་ཐམས་ཅད་མ་འཕོས་པ། མི་འཕོ་བ། མི་གནས་པར་
རྟོགས་ཏེ། དེས་དེ་ལྟར་ཤེས་ནས་ལྟ་བ་ལ་མངོན་པར་ཆགས་པར་ཡང་མི་བྱེད་དོ། །རྒྱལ་པོ་ཆེན་པོ་མངོན་པར་མ་ཆགས་ན་དག་པའོ། །རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རྣམ་པར་དག་པའི་མཚན་ཉིད་དང་ལྡན་པ། དྲི་མ་མེད་པ། ཀུན་དུ་སྣང་བ་ཡིན་ཏེ། རྒྱལ་པོ་ཆེན་
པོ་ཆོས་མེད་ན་གདགས་པ་ཡང་མེད་དེ། གདགས་པ་མེད་པར་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གང་ལམ་སྐྱོན་མེད་པ་དེ་ལ་ཡང་ཆོས་གང་ཡང་གདགས་པ་མེད་དོ། །རྒྱལ་པོ་ཆེན་པོ་གང་འདོགས་པའི་རྗེས་སུ་འབྲང་བ་དེ་དག་ནི་སྒྲིབ་པ་དང་བཅས་པ། རྡུལ་
དང་བཅས་པ་ཡིན་ནོ། །གསོལ་པ། འཇམ་དཔལ་བདག་ནི་སྒྲིབ་པ་ཐམས་ཅད་བྱང་ལགས་ཏེ། གལ་ཏེ་འདིའི་བར་སྐབས་ཤིག་ཏུ་འགུམ་པའི་དུས་བགྱིས་སུ་ལགས་ན་བདག་ནི་སླར་མཚམས་སྦྱོར་བར་མི་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཆོས་
ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདའ་བར་རྟོག་པ་དེ་ཉིད་ཁྱོད་ཀྱི་དམིགས་པ་ཆེན་པོ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་ཤིན་ཏུ་མྱ་ངན་ལས་འདས་པ། རང་བཞིན་གྱིས་མ་སྐྱེས་པའོ། །དེ་ནས་རྒྱལ་པོ་མ་སྐྱེས་
དགྲས་རིན་བརྒྱ་སྟོང་རི་བའི་རས་ཟུང་གཅིག་ཁྱེར་ཏེ་སྟན་ལས་ལངས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་རས་ཟུང་གཅིག་པོ་དེ་ཕུལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་ལ་རས་ཟུང་གཅིག་པོ་དེ་ཕུལ་མ་ཐག་ཏུ་དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་
Vol. 62 · folio 253a
བདག་གི་ལུས་མི་སྣང་བར་བྱས་པ་དང་། རྒྱལ་པོ་མ་སྐྱེས་དགྲས་སླར་འཇམ་དཔལ་གཞོན་ནུར་གྱུར་པ་མ་མཐོང་ནས་སྟེང་གི་བར་སྣང་ལས་རྒྱལ་པོ་ཆེན་པོ་ཇི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པའི་ལུས་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ལ་ལྟོས་ཤིག །འགྱོད་པ་དེ་
ཇི་ལྟར་མཐོང་བ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ལྟོས་ཤིག །ཆོས་ཐམས་ཅད་ཇི་ལྟར་མཐོང་བ་དེ་བཞིན་དུ་རས་དེ་ལ་ལྟོས་ཤིག །གང་གིས་མ་མཐོང་བ་དེ་ལ་ཡང་དེ་བཞིན་དུ་བལྟ་བར་བྱ་མོད་ཀྱི། རྒྱལ་པོ་ཆེན་པོ་གང་གི་ལུས་མཐོང་བ་དེ་ལ་རས་ཟུང་གཅིག་པོ་འདི་ཕུལ་ཅིག་ཅེས་
ཟེར་བའི་སྒྲ་ཐོས་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པའི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་ཞེས་བྱ་བ་ཞིག་འདུག་པར་གྱུར་ནས། རྒྱལ་པོ་མ་སྐྱེས་དགྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་ལ་རས་ཟུང་
གཅིག་པོ་དེ་ཕུལ་བ་དང་དེས་མ་བླངས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་ནི་ཐར་བར་འདོད་པ་ལས་ཀྱང་མི་ལེན། ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ལས་ཀྱང་མི་ལེན་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་སོ་སོའི་སྐྱེ་བོ་ལས་ཀྱང་མི་ལེན། སོ་སོའི་སྐྱེ་བོའི་ཆོས་
དང་ལྡན་པ་ལས་ཀྱང་མི་ལེན། སློབ་པ་ལས་ཀྱང་མི་ལེན། སློབ་པའི་ཆོས་དང་ལྡན་པ་ལས་ཀྱང་མི་ལེན། དགྲ་བཅོམ་པ་ལས་ཀྱང་མི་ལེན། དགྲ་བཅོམ་པའི་ཆོས་དང་ལྡན་པ་ལས་ཀྱང་མི་ལེན། རང་སངས་རྒྱས་ལས་ཀྱང་མི་ལེན། རང་སངས་རྒྱས་ཀྱི་ཆོས་དང་
ལྡན་པ་ལས་ཀྱང་མི་ལེན་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་དེ་བཞིན་གཤེགས་པ་ལས་ཀྱང་མི་ལེན། དེ་བཞིན་གཤེགས་པའི་ཆོས་དང་ལྡན་པ་ལས་ཀྱང་མི་ལེན་ཏེ། རྒྱལ་པོ་ཆེན་པོ་བདག་ནི་གང་ཆོས་འདི་དག་དང་ལྡན་པ་ཡང་མ་ཡིན་ལ་དེ་དག་ལས་ལོག་པར་ཡང་མ་ཡིན་པ་དེ་དག་
ལས་ལེན་ཅིང་། དེ་དག་ཇི་ལྟར་སྦྱིན་པར་བྱེད་པ་དེ་བཞིན་དུ་ལེན་ཏེ། རྒྱལ་པོ་ཆེན་པོ་སྦྱིན་པ་འདི་ནི་གཉིས་ལས་ཡོངས་སུ་དག་པའོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་གྱི་ལུས་ལ་རས་ཟུང་གཅིག་པོ་དེ་ཕུལ་བ་དང་། དེ་
Vol. 62 · folio 253b
ནས་སྟན་དེ་ལ་དེའི་ལུས་ཀྱང་མ་མཐོང་བར་གྱུར་ནས་བར་སྣང་ལས་རྒྱལ་པོ་ཆེན་པོ་གང་གི་ལུས་མཐོང་བ་དེ་ལ་ཕུལ་ཅིག་ཅེས་ཟེར་བའི་སྒྲ་ཐོས་ནས། དེ་ན་བྱང་ཆུབ་སེམས་དཔའ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་གྱི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བ་ལ་
མོས་པ་ཞེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་ཡང་རྒྱལ་པོས་རས་ཟུང་གཅིག་པོ་ཕུལ་བ་དང་། དེས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་བདག་ཏུ་ལྟ་བ་ལས་ཀྱང་མི་ལེན། གཞན་དུ་ལྟ་བ་ལས་ཀྱང་མི་ལེན་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་ཉོན་མོངས་པ་དང་བཅས་པ་ལས་
ཀྱང་མི་ལེན། ཉོན་མོངས་པ་མེད་པ་ལས་ཀྱང་མི་ལེན་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་སེམས་རྩེ་གཅིག་པ་ལས་ཀྱང་མི་ལེན། སེམས་གཡེངས་པ་ལས་ཀྱང་མི་ལེན། ཡེ་ཤེས་དང་ལྡན་པ་ལས་ཀྱང་མི་ལེན། ཡེ་ཤེས་དང་མི་ལྡན་པ་ལས་ཀྱང་མི་ལེན་ཏོ་ཞེས་དེ་སྐད་སྨྲས་པ་
དང་། རྒྱལ་པོས་དེའི་ལུས་ལ་ཡང་གོས་དེ་ཕུལ་བ་དང་། སྟན་དེ་ལ་དེའི་ལུས་ཀྱང་མ་མཐོང་ནས་བར་སྣང་ལས་རྒྱལ་པོ་ཆེན་པོ་གང་གི་ལུས་མཐོང་བ་དེ་ལ་ཕུལ་ཅིག་ཅེས་ཟེར་བའི་སྒྲ་ཐོས་ནས། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་ཞི་བ་ལ་མོས་པའི་དྲུང་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བ་ཡིད་ལ་བྱེད་ཅེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་གོས་དེ་ཕུལ་པ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལུས་ལ་གནས་པ་ལས་ཀྱང་མི་ལེན། ངག་ལ་གནས་པ་ལས་ཀྱང་མི་ལེན།
སེམས་ལ་གནས་པ་ལས་ཀྱང་མི་ལེན། དོན་ལ་གནས་པ་ལས་ཀྱང་མི་ལེན། ཕུང་པོ་ལ་གནས་པ་ལས་ཀྱང་མི་ལེན། ཁམས་ལ་གནས་པ་ལས་ཀྱང་མི་ལེན། སྐྱེ་མཆེད་ལ་གནས་པ་ལས་ཀྱང་མི་ལེན། སེམས་ལ་གནས་པ་ལས་ཀྱང་མི་ལེན། སངས་རྒྱས་ཀྱི་
ཡོན་ཏན་ལ་གནས་པ་ལས་ཀྱང་མི་ལེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་རབ་ཏུ་མི་གཡོ་བའི་ཚུལ་གྱིས་མི་གནས་པའོ། །དེའི་ལུས་ལ་ཡང་རྒྱལ་པོས་གོས་དེ་ཕུལ་བ་དང་། དེའི་ལུས་ཀྱང་མི་སྣང་བར་གྱུར་ནས་བར་སྣང་ལས། རྒྱལ་པོ་
Vol. 62 · folio 254a
ཆེན་པོ་གང་གི་ལུས་སྣང་བ་དེ་ལ་ཕུལ་ཅིག་ཅེས་དེ་སྐད་ཟེར་བའི་སྒྲ་ཐོས་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་མི་གཡོ་བ་ཡིད་ལ་བྱེད་པའི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཆོག་ཅེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་གོས་དེ་
ཕུལ་བ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་དམན་པ་ལ་མོས་པ་ལས་མི་ལེན་ཏེ། གལ་ཏེ་རྒྱལ་པོ་ཆེན་པོ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་སེམས་མཉམ་པ་ཉིད་ཀྱི་ཕྱིར་བྱང་ཆུབ་མཉམ་པ་ཉིད་དང་། བྱང་ཆུབ་མཉམ་
པ་ཉིད་ཀྱི་ཕྱིར་སེམས་མཉམ་པ་ཉིད་དང་། སེམས་མཉམ་པ་ཉིད་ཀྱི་ཕྱིར་ཆོས་མཉམ་པ་ཉིད་དུ་མོས་པར་བྱེད་ཅིང་། དེ་བཞིན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དོ་ཞེས་ལེན་པར་མི་བྱེད། གཏོང་བར་མི་བྱེད། ཆོས་གང་ལ་ཡང་མཉམ་པར་ཡང་མི་བྱེད། ཆོས་
ཐམས་ཅད་བདག་གིར་བྱ་བ་མེད་པར་ཤེས་ནས་བདག་གིར་མི་འཛིན་ཏེ། དེ་ལྟར་བྱེད་ན་བདག་ནི་ཁྱོད་ལ་ལེན་མོད་ཀྱི། རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་རས་ཟུང་གཅིག་པོ་འདི་ཕུལ་ཅིག་ཅེས་དེ་སྐད་སྨྲས་ནས་དེ་ཡང་མེད་དེ་མི་སྣང་བར་གྱུར་པ་དང་། དེའི་ཚེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཆོག་གི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་དྲི་མེ་ཏོག་ཅེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་གོས་དེ་ཕུལ་བ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་ཏིང་ངེ་འཛིན་ཐམས་
ཅད་ཀྱིས་ཀྱང་སྤྱོད་ལ། ཏིང་ངེ་འཛིན་ཐ་དད་པར་ཡང་མི་བྱེད་ཅིང་། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞོག་པར་མོས་པར་བྱེད་ན་བདག་ཁྱོད་ལས་ལེན་མོད་ཀྱི། རྒྱལ་པོ་ཆེན་པོ་གང་གིས་ལུས་མཐོང་བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་སྨྲས་
ནས་དེ་ཡང་མེད་དེ་མི་སྣང་བར་གྱུར་པ་དང་། དེའི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྗོད་དུ་མེད་པ་ཞེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་རས་ཟུང་གཅིག་པོ་དེ་ཕུལ་བ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་ཡི་གེའི་སྒྲ་མཉམ་པ་
Vol. 62 · folio 254b
ཉིད་ཀྱི་ཕྱིར་སྐད་ཐམས་ཅད་ཀྱི་བློས་བརྗོད་པ་ཐམས་ཅད་བརྗོད་དུ་མེད་པར་ཤེས་ནས་བརྗོད་དུ་མེད་པའི་དོན་ལ་རྟེན་གྱི། ཡི་གེའི་འབྲུ་ལ་མི་རྟེན་ན་བདག་ཁྱོད་ལས་རས་ཟུང་གཅིག་པོ་ལེན་མོད་ཀྱི། རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་ཕུལ་ཅིག་ཅེས་དེ་སྐད་སྨྲས་ནས་དེ་ཡང་
མེད་དེ་མི་སྣང་བར་གྱུར་པ་དང་། དེའི་དྲུང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་གསུམ་ཡོངས་སུ་སྦྱང་བ་ཞེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་རས་ཟུང་གཅིག་པོ་དེ་ཕུལ་བ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་བདག་ཏུ་ཡང་
མི་དམིགས། ལེན་པར་ཡང་མི་དམིགས། རྣམ་པར་སྨིན་པ་ཡང་མི་འདོད་ན། བདག་ཁྱོད་ལས་ལེན་མོད་ཀྱི། རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་སྨྲས་ནས་དེ་ཡང་མེད་དེ་མི་སྣང་བར་གྱུར་པ་དང་། དེའི་དྲུང་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ཞིག་འདུག་པར་གྱུར་པ་དེ་ལ་རྒྱལ་པོས་རས་ཟུང་གཅིག་པོ་དེ་ཕུལ་བ་དང་། དེས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་ཉན་ཐོས་ཀྱི་མྱ་ངན་ལས་འདའ་བ་ཡང་སྟོན་ལ་ཡོངས་སུ་མྱ་ངན་
ལས་འདའ་བར་ཡང་མི་བྱེད། རང་སངས་རྒྱས་ཀྱི་མྱ་ངན་ལས་འདའ་བ་ཡང་སྟོན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་མྱ་ངན་ལས་འདའ་བ་ཡང་སྟོན་ལ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད། འཁོར་བའི་
ཆོས་ཅན་ཡང་མ་ཡིན། མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་མ་ཡིན་ན་བདག་གིས་ཁྱོད་ལས་བླང་ངོ་ཞེས་དེ་སྐད་སྨྲས་ནས་དེ་མེད་དེ་མི་སྣང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཡང་ཐོས་སོ། །དེ་ལྟ་
སྟེ་རྒྱལ་པོ་མ་སྐྱེས་དགྲས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རས་ཟུང་གཅིག་པོ་དེ་ཕུལ་ན་ཐམས་ཅད་ཀྱིས་ཀྱང་བདག་བདག་གི་བསྟན་པར་བྱ་བ་བསྟན་ནས་མེད་ཅིང་མི་སྣང་བར་གྱུར་ཏོ། །སྟན་ཐམས་ཅད་ཀྱང་སྟོང་པར་སྣང་ངོ་། །རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་
Vol. 62 · folio 255a
བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཡང་ཐོས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་གནས་བརྟན་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་འོད་སྲུང་ཆེན་པོ་བཙུན་པ་ནི་བཅོམ་ལྡན་འདས་ཀྱིས་སྦྱངས་པའི་ཡོན་
ཏན་སྨྲ་བའི་ནང་ན་མཆོག་ཏུ་བཀའ་སྩལ་གྱིས་རས་ཟུང་གཅིག་པོ་འདི་བཞེས་ཤིག །འོད་སྲུང་ཆེན་པོས་ཀྱང་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་འདོད་ཆགས་མ་སྤངས། ཞེ་སྡང་མ་སྤངས། གཏི་མུག་མ་སྤངས་ཏེ། བདག་གིས་འདི་བླང་བའི་མི་རིགས་སོ། །རྒྱལ་
པོ་ཆེན་པོ་བདག་གིས་ནི་མ་རིག་པ་མ་སྤངས། སྲིད་པའི་སྲེད་པ་ཡང་མ་སྤངས་སོ། །རྒྱལ་པོ་ཆེན་པོ་བདག་གིས་ནི་སྡུག་བསྔལ་ཡང་ཡོངས་སུ་མ་ཤེས་སོ། །བདག་གིས་ནི་འདུས་པ་ཡང་མ་སྤངས། བདག་གིས་ནི་འགོག་པ་ཡང་མངོན་དུ་མ་བགྱིས། བདག་གིས་ནི་ལམ་
ཡང་མ་བསྒོམས། རྒྱལ་པོ་ཆེན་པོ་བདག་གིས་ནི་དེ་བཞིན་གཤེགས་པ་མ་མཐོང་ཆོས་མ་ཐོས། དགེ་འདུན་གྱི་རྗེས་སུ་མ་ཞུགས་སོ། །རྒྱལ་པོ་ཆེན་པོ་བདག་གིས་ནི་ཉོན་མོངས་པ་རྣམས་མ་སྤངས་སོ། །རྒྱལ་པོ་ཆེན་པོ་བདག་གིས་ཡེ་ཤེས་མངོན་དུ་མ་བགྱིས་
སོ། །རྒྱལ་པོ་ཆེན་པོ་བདག་ནི་མིག་རྣམ་པར་དག་པ་མ་ལགས་སོ། །བདག་ནི་ཡེ་ཤེས་ཀྱི་བྱ་བ་ཆུང་ཟད་ཀྱང་མི་བྱེད་དོ། །བདག་ལ་སྦྱིན་པ་བྱིན་པས་འབྲས་བུ་ཆེན་པོར་ཡང་མི་འགྱུར། འབྲས་བུ་ཆུང་ངུར་ཡང་མི་འགྱུར་རོ། །བདག་ནི་འཁོར་བའི་ཆོས་ཅན་ཡང་མ་ལགས།
མྱ་ངན་ལས་འདའ་བའི་ཆོས་ཅན་ཡང་མ་ལགས་སོ། །བདག་ལ་སྦྱིན་པ་བྱིན་པས་དག་པར་ཡང་མི་འགྱུར་རོ། །རྒྱལ་པོ་ཆེན་པོ་ཁྱོད་གལ་ཏེ་དེ་འདྲ་བའི་ཆོས་དང་ལྡན་པར་གྱུར་ན། བདག་ཁྱོད་ལས་རས་ཟུང་གཅིག་པོ་ལེན་ཏོ་ཞེས་དེ་སྐད་སྨྲས་ནས། གོས་དེ་ལུས་ལ་ཕུལ་
མ་ཐག་ཏུ་དེ་ཡང་མེད་དེ་སླར་མི་སྣང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཡང་ཐོས་པར་གྱུར་ཏོ། །དེ་ལྟ་སྟེ་དགེ་སློང་ལྔ་བརྒྱ་པོ་དེ་དག་ཀྱང་མེད་དེ་མི་སྣང་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་གང་གི་ལུས་སྣང་བ་དེ་ལ་
Vol. 62 · folio 255b
རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཡང་ཐོས་པར་གྱུར་ནས། དེ་འདི་སྙམ་དུ་སེམས་ཏེ། གང་བདག་གིས་རས་ཟུང་གཅིག་པོ་འདི་བཙུན་མོ་དམ་པ་ལ་སྦྱིན་ནོ་སྙམ་སྟེ་དེ་སོང་བ་དང་། དེ་ཡང་མ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ་བདག་གིས་བུད་མེད་གཞན་དག་ལ་སྦྱིན་ནོ་
སྙམ་པ་དང་། དེས་བུད་མེད་ཀྱི་གཡོག་ཐམས་ཅད་མ་མཐོང་བར་གྱུར་ཏེ། དེ་ལ་འདི་འདྲ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་དེ་ལྟར་དེ་མིག་གིས་ཀྱང་གཟུགས་ཆུང་ཟད་ཀྱང་མ་མཐོང་ཞིང་སྣང་བ་མེད་དེ་སྐྱེས་པ་མི་མཐོང་། བུད་མེད་མི་མཐོང་། ཁྱེའུ་མི་མཐོང་། བུ་མོ་མི་མཐོང་།
རྩིག་པ་མི་མཐོང་། ཤིང་མི་མཐོང་སྟེ། གཞན་དུ་ན་བདག་གི་ལུས་ཀྱི་འདུ་ཤེས་འབའ་ཞིག་འཇུག་གོ། །རྒྱལ་པོ་ཆེན་པོ་གང་གི་ལུས་མཐོང་བ་དེ་ལ་རས་ཟུང་གཅིག་པོ་དེ་ཕུལ་ཅིག་ཅེས་དེ་སྐད་ཀྱི་སྒྲ་ཡང་ཐོས་པར་གྱུར་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་རང་ཉིད་བགོའོ་སྙམ་པ་དང་།
དེ་ནས་བདག་གི་ལུས་ཀྱང་མ་མཐོང་སྟེ། དེ་གཟུགས་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་ནས་རྒྱལ་པོ་ཆེན་པོ་ཇི་ལྟར་རགས་པ་ཡང་རུང་། ཕྲ་མོ་ཡང་རུང་། གཟུགས་ཆུང་ཟད་ཀྱང་མ་མཐོང་བ་དེ་བཞིན་དུ་ཁྱོད་ཀྱི་འགྱོད་པ་ལ་ལྟོས་ཤིག །ཁྱོད་ཀྱི་འགྱོད་པ་ཇི་ལྟར་མཐོང་བ་དེ་
བཞིན་དུ་ཆོས་ཐམས་ཅད་ལ་ལྟོས་ཤིག །གང་གིས་མཐོང་བ་དེ་ལ་ཡང་དེ་བཞིན་དུ་ལྟོས་ཤིག །ཇི་ལྟར་གང་མཐོང་བ་དང་། གང་གིས་མཐོང་བ་དེ་མི་མཐོང་བ་དང་། རྣམ་པར་མི་མཐོང་བ་དེ་ལྟར་ལྟོས་ཤིག །རྒྱལ་པོ་ཆེན་པོ་དེ་ནི་ཆོས་ཐམས་ཅད་ལ་ཡང་དག་པར་
མཐོང་བ་སྟེ། རྒྱལ་པོ་ཆེན་པོ་མ་མཐོང་བ་ནི་ཡང་དག་པར་མཐོང་བའོ།། །།བམ་པོ་ལྔ་པ་སྟེ་ཐ་མ། དེ་ནས་རྒྱལ་པོ་མ་སྐྱེས་དགྲ་འདུ་ཤེས་དད་སེམས་པའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ནས་ཏིང་ངེ་འཛིན་དེ་ལས་ལངས་མ་ཐག་ཏུ་འཁོར་དེ་དང་།
བདག་གི་ལུས་དང་། བདག་གི་ཁང་པ་དང་། བདག་གི་གཡོག་སྔ་མཁོ་བཞིན་དུ་མཐོང་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་བདག་གིས་འཁོར་འདི་སྔར་མ་མཐོང་ན་གར་མཆིས་པར་གྱུར། འཇམ་དཔལ་གྱིས་སྨྲས་
Vol. 62 · folio 256a
པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་དེ་གང་ན་བར་གྱུར་པ་འཁོར་འདི་ཡང་དེར་སོང་བར་གྱུར་ཏོ། །ཡང་རྒྱལ་པོ་ཆེན་པོ་འཁོར་འདི་དག་མཐོང་ངམ། གསོལ་པ། འཇམ་དཔལ་མཐོང་ངོ་། །སྨྲས་པ་ཇི་ལྟར་མཐོང་། གསོལ་པ། འགྱོད་པ་དེ་ཇི་ལྟར་མཐོང་
བ་དེ་བཞིན་དུ་འཁོར་འདི་མཐོང་ངོ་། །སྨྲས་པ། རྒྱལ་པོ་ཆེན་པོ་འགྱོད་པ་དེ་ཇི་ལྟར་མཐོང་། གསོལ་པ། ཇི་ལྟར་འཁོར་འདི་སྔར་མིག་གིས་མ་མཐོང་བ་དེ་བཞིན་དུ་འགྱོད་པ་དེ་ནང་དུ་ཡང་མ་མཐོང་། ཕྱི་རོལ་དུ་ཡང་མ་མཐོང་། གཉི་ག་མ་གཏོགས་པར་ཡང་མ་མཐོང་ངོ་། །འཇམ་
དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པས་མཚམས་མེད་པ་བྱེད་པ་ནི་དེ་མ་ཐག་ཏུ་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན། ཅི་རྒྱལ་པོ་ཆེན་པོ་ཁྱོད་སེམས་ཅན་དམྱལ་བར་འགྲོའམ། དེ་སྐད་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་རྒྱལ་པོ་མ་
སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ། །འཇམ་དཔལ་ཇི་དེ་བཞིན་གཤེགས་པས་འདི་ནི་ངན་སོང་དུ་འགྲོ་བའོ། །འདི་ནི་མཐོ་རིས་སུ་འགྲོ་བའོ། །འདི་ནི་མྱ་ངན་ལས་འདའ་བར་འགྲོ་བའོ་ཞེས་ཆོས་གང་ཡང་མངོན་པར་རྫོགས་པར་སངས་རྒྱས་སམ། སྨྲས་པ། རྒྱལ་པོ་ཆེན་པོ་དེ་
མ་ཡིན་ནོ། །གསོལ་པ། འཇམ་དཔལ་ཆོས་ཐམས་ཅད་ལ་དེ་བཞིན་དུ་མངོན་པར་རྫོགས་པར་སངས་མ་རྒྱས་ན་ཆོས་གང་སེམས་ཅན་དམྱལ་བར་མཆི་བའམ། ལྷར་མཆི་བའམ། མྱ་ངན་ལས་འདའ་བར་འགྱུར་བའི་ཆོས་དེ་བདག་གིས་མ་མཐོང་སྟེ། འཇམ་དཔལ་ཆོས་
ཐམས་ཅད་ནི་སྟོང་པ་ཉིད་དུ་མཆི་བ་ལས་ཀྱང་མ་འདས་ལ་སྟོང་པ་ཉིད་ནི་ངན་སོང་དུ་མཆི་བ་ཡང་མ་ལགས། མཐོ་རིས་སུ་མཆི་བ་ཡང་མ་ལགས། མྱ་ངན་ལས་འདའ་བར་མཆི་བ་ཡང་མ་ལགས་སོ། །འཇམ་དཔལ་ཆོས་ཀྱི་དབྱིངས་ནི་མ་འདྲེས་པའོ། །ཆོས་ཐམས་ཅད་ཀྱང་
ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཏེ། ཆོས་ཀྱི་དབྱིངས་ནི་ངན་སོང་དུ་ཡང་མི་མཆི། མཐོ་རིས་སུ་ཡང་མི་མཆི། མྱ་ངན་ལས་འདའ་བར་ཡང་མི་མཆིའོ། །འཇམ་དཔལ་མཚམས་མེད་པ་ཞེས་བགྱི་བ་ནི་ཆོས་ཀྱི་དབྱིངས་སུ་མཚམས་མ་མཆིས་པའི་ཚིག་བླ་དགས་སོ། །
Vol. 62 · folio 256b
འཇམ་དཔལ་མཚམས་མ་མཆིས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཏེ། མཚམས་མ་མཆིས་པ་གང་གི་རང་བཞིན་པ། ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ནོ། །འཇམ་དཔལ་དེ་བས་ན་ཆོས་ཐམས་ཅད་ནི་འགྲོ་བ་མ་མཆིས་པ་སྟེ། དེའི་སླད་དུ་བདག་ནི་ངན་སོང་དུ་
ཡང་མི་མཆི། མཐོ་རིས་སུ་ཡང་མི་མཆི། མྱ་ངན་ལས་འདའ་བར་ཡང་མི་མཆིའོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་དེ་སྐད་སྨྲ་ན། སྟོན་པའི་བཀའ་དང་འགལ་བར་བྱེད་དམ། གསོལ་པ། འཇམ་དཔལ་བདག་ནི་སྟོན་པའི་བཀའ་དང་འགལ་བར་
མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་བདག་མེད་པའི་མཐའ་ནི་ཡང་དག་པའི་མཐར་གསུངས་ཏེ། གང་བདག་མེད་པའི་མཐའ་དེ་ལ་ནི་སེམས་ཅན་གང་ཡང་མ་མཆིས་སོ། །སེམས་ཅན་མ་མཆིས་ན་གང་དེ་ནི་མངོན་པར་འདུ་བྱེད་པ་གང་ཡང་མ་མཆིས་སོ། །
གང་ཚོར་བར་བགྱིད་པ་གང་ཡང་མ་མཆིས་སོ། །སྨྲས་པ། རྒྱལ་པོ་ཆེན་པོ་འགྱོད་པ་དེ་བསལ་ཏམ། གསོལ་པ། ཆོས་ཐམས་ཅད་རབ་ཏུ་བསལ་བའི་སླད་དུའོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཐེ་ཙོམ་སྤངས་སམ། གསོལ་པ། ཆོས་
ཐམས་ཅད་ཤིན་ཏུ་སྤངས་པའི་སླད་དུའོ། །འཇམ་དཔལ་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ལ་འཁོར་འདི་དག་མཚམས་མེད་པ་བྱེད་པར་རམ། འོན་ཏེ་མ་ཡིན་པར་རམ། ཇི་ལྟར་འཛིན་པར་འགྱུར། གསོལ་པ། འཇམ་དཔལ་མཚམས་མ་མཆིས་པ་གང་གིས་མི་
བསྐྱོད་པའི་རྣམ་པར་གྲོལ་བ་རྟོགས་པར་གྱུར་པའི་མཚམས་མ་མཆིས་པ་དེ་ལ་བདག་གནས་པར་འཛིན་པར་འགྱུར་རོ། །མཚམས་མ་མཆིས་པ་གང་གིས་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པར་བགྱིད་པའི་མཚམས་མ་མཆིས་པ་དེ་ལ་བདག་གནས་པར་འཛིན་པར་
འགྱུར་རོ། །འཇམ་དཔལ་མཚམས་མ་མཆིས་པ་ཞེས་བགྱི་བ་ནི་གང་ན་མཐའ་ཡང་མ་མཆིས། དབུས་ཀྱང་མ་མཆིས་པ་སྟེ། གང་ན་མཐའ་ཡང་མ་མཆིས། དབུས་ཀྱང་མ་མཆིས་པ་དེ་ལ་བདག་གནས་པར་འཛིན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་
Vol. 62 · folio 257a
དཔའ་ཆེན་པོ་ཡེ་ཤེས་དཔལ་གྱི་རྒྱལ་མཚན་གྱིས་སྨྲས་པ། ཀྱེ་མའོ་རྒྱལ་པོ་ཆེན་པོ་འདིས་ནི་ཤེས་རབ་དང་ཡེ་ཤེས་ཀྱི་ལམ་སྦྱངས་སོ། །དེ་བས་ན་འདི་འདྲ་བའི་བཟོད་པ་ཐོབ་པར་གྱུར་ཏོ། །རྒྱལ་པོས་གསོལ་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་
ཤིན་ཏུ་རྣམ་པར་དག་པ་ཤིན་ཏུ་མ་འདྲེས་པ། ཤིན་ཏུ་ཉོན་མ་མོངས་པ་སྟེ། དེ་དག་ནི་ཀུན་ནས་ཉོན་མོངས་པར་བགྱི་མི་ནུས་སོ། །ཀུན་ནས་ཉོན་མོངས་པའི་ལས་ནི་ལམ་ལགས་ཏེ། ལམ་དེ་ཡང་འཁོར་བར་ཡང་མི་མཆི། མྱ་ངན་ལས་འདའ་བར་ཡང་མི་མཆི།
ལམ་དེ་ནི་གང་དུ་ཡང་མི་འདྲེན་ཏེ། ལམ་དེ་ནི་མི་འདྲེན་པའོ། །བསྟན་པ་འདི་བསྟན་པའི་ཚེ་རྒྱལ་པོ་མ་སྐྱེས་དགྲས་འཐུན་པའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བུད་མེད་སུམ་ཁྲི་ཉིས་སྟོང་གིས་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་རྫུ་འཕྲུལ་མངོན་པར་འཕྲུལ་པ་མཐོང་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ནང་གི་སྐྱེ་བོ་སྲོག་ཆགས་ལྔ་བརྒྱ་ནི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་གོ། །རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་ཀྱང་ཆོས་ཉན་པར་འདོད་པ་སྲོག་ཆགས་སྟོང་ཕྲག་མང་པོ་དག་བྱུང་སྟེ། རྒྱལ་པོ་མ་སྐྱེས་
དགྲའི་ཁབ་ཀྱི་སྒོ་ན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱེད་པའི་ལས་བྱ་བའི་ཕྱིར་འདུག་པར་གྱུར་ཏོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་རྐང་པའི་མཐེ་བོས་ས་ཆེན་པོ་འདི་ལ་བསྣུན་ནོ། །བསྣུན་མ་ཐག་ཏུ་ཡང་ས་ཆེན་པོ་འདི་ཐམས་ཅད་རྒྱུ་བཻ་དཱུརྱ་ལས་
བྱས་པར་གྱུར་ཏོ། །དེ་ནས་རྒྱལ་པོའི་ཁབ་ཀྱི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་བ་ནི་འདི་ལྟ་སྟེ། དཔེར་ན་མེ་ལོང་ཤིན་
ཏུ་གསལ་བའི་ནང་དུ་བཞིན་མཐོང་བ་དེ་བཞིན་དུ་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དང་བཅས་པ་མཐོང་ངོ་། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཅི་ནས་ཀྱང་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་གིས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་དང་། སྲོག་
Vol. 62 · folio 257b
ཆགས་ལྔ་བརྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་བཤད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། དགེ་སློང་གི་དགེ་འདུན་དང་། འཁོར་དང་བཅས་ཏེ་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ནས་བྱུང་ངོ་། །རྒྱལ་
པོ་མ་སྐྱེས་དགྲ་ཡང་འཁོར་དང་བཅས་ཏེ་འཇམ་དཔལ་གཞོན་ནུར་གྱུར་པའི་ཕྱི་བཞིན་དུ་འབྲངས་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ལམ་དུ་ཞུགས་པས་ཕྱོགས་གཞན་ཞིག་ན་མི་ཞིག་གིས་མའི་སྲོག་བཅད་ནས་དེ་ཤིང་ཞིག་གི་དྲུང་ན་ངུ་ཞིང་མྱ་ངན་བྱེད་ལ། བདག་གིས་སྡིག་པའི་ལས་
བྱས་ཀྱིས། བདག་ནི་ངེས་པར་སེམས་ཅན་དམྱལ་བར་འགྲོའོ་ཞེས་ཟེར་ཞིང་འདུག་པ་མཐོང་སྟེ། མི་དེ་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་འདུལ་བར་གྱུར་པ་ཞིག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྐྱེས་བུ་དེ་གདུལ་བའི་ཕྱིར་སྐྱེས་བུ་གཞན་ཞིག་མངོན་པར་
སྤྲུལ་ཏོ། །སྐྱེས་བུ་དེའི་ཕ་མ་ཡང་མངོན་པར་སྤྲུལ་ཏོ། །དེ་ནས་སྐྱེས་བུ་སྤྲུལ་པ་དེ་ཕ་མ་དང་འགྲོགས་ཏེ། སྐྱེས་བུ་མ་གསོད་པ་དེ་ག་ལ་བ་དེར་སོང་ནས་ཧ་ཅང་ཡང་རྒྱང་མི་རིང་བ་ཞིག་ནས། ཅི་ནས་ཀྱང་སྐྱེས་བུ་ཡང་དག་པ་དེས་མཐོང་བར་འགྱུར་བ་དེ་ལྟར་རྩོད་པར་གྱུར་ཏེ།
བུས་སྨྲས་པ། ལམ་ནི་འདི་ཡིན་ནོ། །ཕ་དང་མས་སྨྲས་པ། བུ་ལམ་འདི་མ་ཡིན་ནོ་ཞེས་དེ་དག་འཐབ་པར་གྱུར་པ་ལས་སྐྱེས་བུ་སྤྲུལ་པ་དེས་ཕ་དང་མའི་སྲོག་བཅད་པར་གྱུར་པ་དང་། སྐྱེས་བུ་ཡང་དག་པས་སྐྱེས་བུ་དེའི་ཕ་དང་མའི་སྲོག་བཅད་པ་མཐོང་ངོ་། དེ་ནས་སྤྲུལ་པའི་སྐྱེས་བུ་དེས་ཕ་
མའི་སྲོག་བཅད་ནས་སྐྱེས་བུ་ཡང་དག་པ་དེ་ག་ལ་བ་དེར་སོང་སྟེ། ངུ་ཞིང་མཆི་མས་བརྣངས་ནས། བདག་གིས་སྡིག་པའི་ལས་བྱས་ཏེ་བདག་གིས་ཕ་དང་མའི་སྲོག་བཅད་པས་བདག་ནི་ངེས་པར་སེམས་ཅན་དམྱལ་བར་མཆིའོ་ཞེས་དེ་སྐད་སྨྲས་པ་དང་། སྐྱེས་བུ་ཡང་དག་པས་དེ་ཐོས་ནས་འདི་
སྙམ་དུ་གྱུར་ཏོ། །བདག་གིས་ནི་མ་འབའ་ཞིག་གི་སྲོག་བཅད་དུ་ཟད་ཀྱི། སྐྱེས་བུ་འདིས་ནི་ཕ་མ་གཉི་གའི་སྲོག་བཅད་པས་སྐྱེས་བུ་འདིས་སྡིག་པའི་ལས་ཆེར་བྱས་ཀྱིས། འདི་གར་འགྲོ་བར་བདག་ཀྱང་དེར་འགྲོ་བར་འགྱུར་རོ་སྙམ་པ་དང་། སྤྲུལ་པའི་སྐྱེས་བུ་དེ་ངུ་ཞིང་ཀྱེ་སྐྱེས་བུ་བདག་ནི་
Vol. 62 · folio 258a
བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དྲུང་དུ་མཆིའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེ་ནི་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན། སེམས་ཅན་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པར་མཛད་པ་ཡིན་གྱིས། བཅོམ་ལྡན་འདས་དེ་ཅི་གསུང་བ་བཞིན་དུ་ནན་ཏན་བྱའོ་
ཞེས་དེ་སྐད་སྨྲས་ཏེ། དེ་ནས་སྤྲུལ་པའི་སྐྱེས་བུ་དེ་སོང་བ་དང་། སྐྱེས་བུ་ཡང་དག་པ་དེ་ཡང་སྐྱེས་བུ་འདི་གར་འགྲོ་བར་བདག་ཀྱང་དེར་འགྲོ་བར་འགྱུར་གྱིས། བདག་ཀྱང་དེར་འགྲོའོ་ཞེས་དེའི་ཕྱི་བཞིན་དུ་འབྲངས་སོ། །དེ་ནས་སྤྲུལ་པའི་སྐྱེས་བུ་དེས་བཅོམ་ལྡན་འདས་ག་ལ་བ་དེར་
སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཕ་མའི་སྲོག་བཅད་ན་བཅོམ་ལྡན་འདས་བདག་ལ་སྐྱབས་མཛད་པར་གསོལ། བདག་གིས་དེ་ཇི་ལྟར་བགྱི། དེ་ནས་
བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐྱེས་བུ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ། །ཀྱེ་སྐྱེས་བུ་ཁྱོད་ནི་བདེན་པར་སྨྲ། ཡང་དག་པར་སྨྲ། ཇི་ལྟར་བྱས་པ་དེ་བཞིན་དུ་སྨྲའོ། །གང་ཁྱོད་ནི་དེ་བཞིན་གཤེགས་པའི་སྤྱན་སྔར་བདེན་པའི་ཚིག་སྨྲས་ཏེ་མི་སླུ་བ་ཡིན་
མོད་ཀྱི། སྐྱེས་བུ་ཁྱོད་སེམས་ཀྱི་རྒྱུད་ལ་རྟོགས་ཤིག །ཁྱོད་ཀྱིས་འདས་པས་སམ། མ་འོངས་པས་སམ། ད་ལྟར་གྱིས་སམ། སེམས་གང་གིས་ཕ་མའི་སྲོག་བཅད། འདས་པའི་སེམས་ནི་ཟད་པ་དང་བྲལ་བ། འགགས་པ་གཞན་དུ་གྱུར་པ་སྟེ། ཡུལ་ན་ཡང་མི་གནས།
ཕྱོགས་ན་ཡང་མི་གནས་པས་དེ་ནི་གདགས་སུ་མི་ནུས་སོ། །མ་འོངས་པ་ནི་མ་ཕྱིན་པ་སྟེ། དེ་ནི་མ་སྐྱེས་པ་མ་བྱུང་བ། ཡང་དག་པར་མ་བྱུང་བ། མ་གྱུར་པ། རྣམ་པར་མ་གྱུར་པ། མཚན་མ་མེད་པ། མ་བྱུང་བ་སྟེ། དེ་ཡང་གདགས་སུ་མི་ནུས་སོ། །ད་ལྟར་གྱི་སེམས་ནི་གནས་
པ་མེད་པ་སྟེ། སྐྱེས་ནས་ཞིག་ཅིང་དེངས་པར་འགྱུར་བ་ཕུང་པོར་མ་གྱུར་པ། བསགས་པར་མ་གྱུར་པའོ། །དེ་ལ་ནི་འགྲོ་བ་དང་འོང་བར་གདགས་པ་ཡང་མེད་དོ། །ཀྱེ་སྐྱེས་བུ་སེམས་ནི་ནང་གི་ལུས་ལ་ཡང་མི་འཇུག །ཕྱི་རོལ་གྱི་ཡུལ་དུ་ཡང་མི་རྒྱུ། གཉི་ག་མེད་པར་ཡང་མི་
Vol. 62 · folio 258b
དམིགས་སོ། །ཀྱེ་སྐྱེས་བུ་སེམས་ནི་སྔོན་པོ་མ་ཡིན། སེར་པོ་མ་ཡིན། དམར་པོ་མ་ཡིན། དཀར་པོ་མ་ཡིན། ཇ་གོང་མ་ཡིན། ཤེལ་གྱི་ཁ་དོག་མ་ཡིན་ནོ། །ཀྱེ་སྐྱེས་བུ་སེམས་ནི་གཟུགས་མེད། བསྟན་དུ་མེད། གཟུང་དུ་མེད། ཐོགས་པ་མེད། སྒྱུ་མ་ལྟ་བུ། དཔེ་
མེད་པ་སྟེ། དེ་ཡང་གདགས་སུ་མི་ནུས་སོ། །ཀྱེ་སྐྱེས་བུ་སེམས་ནི་འདོད་མི་ཆགས་ཞེ་མི་སྡང་། གཏི་མི་མུག་གོ། །ཀྱེ་སྐྱེས་བུ་སེམས་ནི་མངོན་པར་འདུ་མི་བྱེད། བྱེད་པ་མེད། ཚོར་བ་མེད། སེམས་པ་མེད། མྱོང་བར་བྱེད་པ་མེད་དོ། །ཀྱེ་སྐྱེས་བུ་སེམས་ནི་རང་བཞིན་
གྱིས་དང་བ་ཡིན་ཏེ། དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་དག་པར་མི་འགྱུར་རོ། །ཀྱེ་སྐྱེས་བུ་སེམས་ནི་ཚེ་འདི་ལའང་མེད། ཚེ་རབས་གཞན་ནའང་མེད། གཉི་ག་མེད་པར་ཡང་མེད་དེ། དེ་ནའང་མེད། གཞན་ནའང་མེད་པ། ནམ་མཁའ་དང་མཚུངས་པ།
མི་མཉམ་པ་དང་མཉམ་པ། མི་འདྲ་བ། རྣམ་པར་རིག་པར་མི་འགྱུར་བ་སྟེ། དེ་ལ་མཁས་པས་མངོན་པར་ཆགས་པར་མི་བྱའོ། །བདག་གིར་མི་བྱའོ། །རྟེན་པར་མི་བྱའོ། །གནས་པར་མི་བྱའོ། །བདག་ཏུ་བསམ་པར་མི་བྱའོ། །བདག་གིར་བསམ་པར་མི་བྱའོ། །ཀྱེ་
སྐྱེས་བུ་དག་ཆོས་ཐམས་ཅད་ནི་རང་བཞིན་གྱིས་ནུས་པ་མེད་པས་གཡོ་བ་མེད་པའོ། །ཀྱེ་སྐྱེས་བུ་དག་ང་ནི་དེ་ལྟར་མོས་པ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། ངན་སོང་དུ་འགྲོ་བའམ། མཐོ་རིས་སུ་འགྲོ་བར་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་སེམས་ཀྱི་ཆོས་ཉིད་དེ་ནི་
ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་དག་པར་མི་འགྱུར། གང་དུ་ཡང་འགྲོ་བར་མི་འགྱུར། འོང་བར་མི་འགྱུར། འདུག་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སྐྱེས་བུ་སྤྲུལ་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི་
དབྱིངས་ཡོངས་སུ་དག་པ། ལས་མ་མཆིས་པ། རྣམ་པར་སྨིན་པ་མ་མཆིས་པ། མ་སྐྱེས་པ། མ་གྲུབ་པ། མངོན་པར་རྫོགས་པར་སངས་རྒྱས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་བར་འཚལ་ན། བདེ་བར་གཤེགས་པ་རབ་ཏུ་དབྱུང་བར་གསོལ། དགེ་
Vol. 62 · folio 259a
སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་སྐད་གསུངས་པ་དང་། དེའི་མོད་ལ་དེ་རབ་ཏུ་བྱུང་བར་སྣང་སྟེ། བཅོམ་ལྡན་འདས་བདག་གིས་མངོན་པར་བགྱི་བ་ཐོབ་ཀྱིས་མྱ་ངན་ལས་འདའ་བར་འཚལ་ལོ་ཞེས་དེ་སྐད་ཀྱང་སྨྲས་སོ། །དེ་ལྟ་སྟེ།
དགེ་སློང་དེ་སངས་རྒྱས་ཀྱི་མཐུས་སྟེང་གི་བར་སྣང་ལ་ཤིང་ཏ་ལ་གང་ཙམ་དུ་འཕགས་ནས། བདག་གི་མེའི་ཁམས་ཀྱིས་ལུས་བསྲེགས་པ་དང་། སྐྱེས་བུ་ཡང་དག་པ་དེས་ཆོས་བསྟན་པ་འདི་དག་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་གྱུར་ཏེ། སྐྱེས་བུ་དེས་ནི་ཕ་དང་མ་གཉི་གའི་སྲོག་བཅད་ཀྱང་དེ་
ཡོངས་སུ་མྱ་ངན་ལས་འདས་ན་བདག་གིས་ནི་མ་འབའ་ཞིག་གི་སྲོག་བཅད་དུ་ཟད་པས་ཅིའི་ཕྱིར་བདག་ཡོངས་སུ་མྱ་ངན་ལས་མི་འདའ་སྙམ་ནས། དེ་དེའི་ཚེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་མའི་སྲོག་བཀུམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་དེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལེགས་སོ་ལེགས་སོ། །སྐྱེས་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མ་བསླུས་མོད་ཀྱི། ཀྱེ་སྐྱེས་བུ་ཁྱོད་སེམས་གང་གིས་མའི་སྲོག་བཅད་པ་སེམས་ཀྱི་
རྒྱུད་ལ་རྟོགས་ཤིག་ཅེས་རྒྱ་ཆེར་བཀའ་སྩལ་ཏེ། ཞིབ་ཏུ་སྤྲུལ་པའི་སྐྱེས་བུ་ཇི་ལྟ་བ་དེ་བཞིན་དུ་བྱའོ། །དེ་ནས་དེའི་ཚེ་སྐྱེས་བུ་དེའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་སེམས་ཅན་དམྱལ་བའི་མེ་བྱུང་བར་གྱུར་ཏེ། དེ་ཚིག་ཅིང་མགོན་མེད་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་བདག་ནི་ཚིག་པར་གྱུར་ན་བདེ་བར་གཤེགས་པ་མགོན་མཛད་དུ་གསོལ། །བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་ཁ་དོག་ལྟ་བུ་སྐྱེས་བུ་དེའི་སྤྱི་བོར་བཞག་གོ། །ཕྱག་བཞག་མ་ཐག་ཏུ་དེ་ནས་དེའི་ཚེ། སྐྱེས་བུ་དེའི་ཚོར་བ་དེ་ཐམས་ཅད་
རྒྱུན་ཆད་པར་གྱུར་ཏོ། །དེ་ལུས་བག་ཡངས་ཤིང་བདེ་བར་གྱུར་ནས་དེ་བཞིན་གཤེགས་པ་ལ་ཤིན་ཏུ་གུས་པར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་རབ་ཏུ་འབྱུང་བར་འཚལ་ན། བདེ་བར་གཤེགས་པས་རབ་ཏུ་འབྱུང་བར་གསོལ། བཅོམ་ལྡན་
Vol. 62 · folio 259b
འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག །ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་དེ་སྐད་བཀའ་སྩལ་པ་དང་། དེའི་ཚེ་དེ་ཉིད་དུ་དེ་མགོ་བྲེགས། ཆོས་གོས་སྦྱར་མ་བགོས། སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་ཏེ། དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་དུ་གནས་པར་
གྱུར་ཏོ། །དེ་བཞིན་གཤེགས་པས་ཚུར་ཤོག་ཅེས་གསུངས་ནས། །མགོ་བྲེགས་ལུས་ནི་ཆོས་གོས་སྦྱར་མར་ལྡན། །དེ་མ་ཐག་ཏུ་དབང་པོ་རབ་ཞི་ཞིང་། །སངས་རྒྱས་དགོངས་པའི་ཆ་ལུགས་གནས་པར་གྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འཕགས་པའི་བདེན་པ་བཞི་དང་ལྡན་
པའི་གཏམ་བཤད་པ་དང་། དེས་དེ་ཐོས་ནས་ཆོས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་པའི་སྟེང་དུ་ཡང་ལམ་བསྒོམས་ནས་དགྲ་བཅོམ་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་ཡོངས་སུ་མྱ་ངན་ལས་འདའ་བར་
འཚལ་ལོ། །བདེ་བར་གཤེགས་པ་བདག་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དང་མན་ལ་བབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱོད་ད་དེའི་དུས་ལ་བབ་པར་ཤེས་པར་གྱིས་ཤིག །དེས་དེའི་ཚེ་སྟེང་གི་བར་སྣང་ལ་ཤིང་ཏ་ལ་བདུན་ཙམ་ན་འདུག་སྟེ། བདག་
གི་མེའི་ཁམས་ཀྱིས་ལུས་བསྲེགས་སོ། །བསྲེགས་པ་དེའི་ཚེ་སོལ་བ་དང་ཐལ་བ་ཡང་མེད་པར་གྱུར་ནས་ལྷ་བརྒྱ་སྟོང་དག་ཀྱང་དེ་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྐྱེས་བུ་དེའི་གདུལ་བ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །དེ་བཞིན་གཤེགས་པའི་ཆོས་འདུལ་བ་ནི་ལེགས་པར་གསུངས་པ་སྟེ། དེ་ལ་ནི་མཚམས་མ་མཆིས་པ་དང་ལྡན་པ་དག་ཀྱང་འདུལ་བར་འགྱུར་བ་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དབང་པོ་རྣམ་པ་སྣ་ཚོགས་
འཚལ་བ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ཡང་དེ་འདྲ་བའི་གོ་ཆ་དག་བགོས་པ་མ་གཏོགས་པར་གཞན་སུའི་ཡུལ་ལགས། ཉན་ཐོས་དང་། རང་
Vol. 62 · folio 260a
སངས་རྒྱས་ཐམས་ཅད་ཀྱི་ནི་ཡུལ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ལ་གནས་པ་
རྣམས་ཀྱི་ཡུལ་ཡིན་ཏེ། ཤཱ་རིའི་བུ་གང་ཟག་གང་ཁྱོད་ཀྱིས་སེམས་ཅན་དམྱལ་བ་པར་ཤེས་ལ་དེ་དག་ལ་ངས་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་མཐོང་བ་ཡང་ཡོད་དོ། །ཤཱ་རིའི་བུ་ཁྱོད་ཀྱིས་གང་ཟག་གང་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་དང་། ཚུལ་ཁྲིམས་དང་། ཐོས་པ་
དང་། ཏིང་ངེ་འཛིན་ཙམ་དང་ལྡན་ཏེ། དེ་ལ་ཁྱོད་ཀྱིས་མྱ་ངན་ལས་འདའ་བའི་ཆོས་ཅན་དུ་ཤེས་མོད་ཀྱི། དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་དམྱལ་བ་པར་གཟིགས་པ་ཡང་ཡོད་ཀྱིས། ཤཱ་རིའི་བུ་ཁྱོད་ནི་སེམས་ཅན་གྱི་སྤྱོད་པ་ལ་བསམ་པ་དང་བྲལ་བར་གྱིས་ཤིག །དེ་ཅིའི་
ཕྱིར་ཞེ་ན། ཤཱ་རིའི་བུ་སེམས་ཅན་གྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཤཱ་རིའི་བུ་གང་གིས་མ་བསད་ནས་ཆོས་བསྟན་པ་འདི་ལ་གནས་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པའི་སྐྱེས་བུ་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ངོ་། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སྐྱེས་བུ་དེས་ནི་སངས་རྒྱས་ལྔ་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པར་གྱུར་ཅིང་། འདི་ལྟ་སྟེ། སེམས་རང་བཞིན་གྱིས་དང་བའི་ཆོས་བཤད་པ་འདི་ཡང་ཐོས་སོ། །ཤཱ་རིའི་བུ་སྐྱེས་བུ་དེས་ཆོས་བསྟན་པ་འདི་ཐོས་ནས་ཆོས་ཐམས་ཅད་ཡང་
དག་པ་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་རྣམ་པར་གྲོལ་བར་གྱུར་ཏོ། །དེ་བས་ན་ཤཱ་རིའི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་སུ་ཡང་རུང་སྟེ། ད་ལྟར་རམ། ང་མྱ་ངན་ལས་འདས་པ་ན་ཡང་ཟབ་མོ་ཆགས་པ་མེད་པ། འགྲོ་བ་མེད་པ་འདི་ལྟ་བུའི་ཆོས་བསྟན་པ་ཉན་ལ་ཐོས་
ནས་ཀྱང་མོས་པར་བྱེད་ན་སེམས་ལ་ཀུན་ནས་ཉོན་མོངས་པའམ། སྡིག་པའི་གྲོགས་པོའི་དབང་གིས་མི་དགེ་བའི་འདུ་བྱེད་དག་མངོན་པར་བྱེད་ཀྱང་། མ་ལུས་པར་རྣམ་པར་གྲོལ་བར་མ་གྱུར་གྱི་བར་དུ་ཆོས་ལ་རྟོགས་པ་དེ་གཏོང་བར་མི་འགྱུར་རོ། །ཤཱ་རིའི་བུ་གང་དག་ཆོས་འདི་འདྲ་བ་
Vol. 62 · folio 260b
ལ་མོས་པར་གྱུར་པ་དེ་དག་ནི་འགྲོ་བ་ངན་པར་འགྲོ་བར་ང་མི་སྨྲའོ། །ཤཱ་རིའི་བུ་དེ་བས་ན་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཆུང་ངུ་ན་རྩ་བ་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་ལེན་པ་དང་། གཞན་ལ་སྟོན་པའི་སེམས་ཅན་དེ་དག་ངེས་པར་ཐམས་ཅད་མཁྱེན་པར་
འགྱུར་བར་བལྟ་ན། གང་དག་ཐོས་ནས་ཚུལ་བཞིན་དུ་བྱེད་པ་ལྟ་ཅི་སྨོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་དག་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། གཞན་ཡང་སྐྱེ་བོའི་ཚོགས་ཆེན་པོ་དང་འགྲོགས་ནས་
བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་འགྱོད་པ་དེ་བསལ་ཏམ། སྨྲས་
པ། བཙུན་པ་ཤཱ་རིའི་བུ་བསལ་ཏོ། །ཤཱ་རིའི་བུས་སྨྲས་པ། ཇི་ལྟར་བསལ། སྨྲས་པ། ཅི་ནས་ཀྱང་མི་ལེན་པ་དང་། མི་གཏོང་བ་དེ་ལྟར་བསལ་ཏོ། །ཅི་ནས་ཀྱང་སླན་ཆད་ཤིན་ཏུ་ཉོན་མོངས་པར་མི་འགྱུར་བ་དང་། ཅི་ནས་ཀྱང་ཐོབ་པ་ཡང་མེད། ཕྲོགས་པ་ཡང་མེད་པ་དེ་
ལྟར་བསལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་མ་སྐྱེས་དགྲའི་ལས་ཀྱི་ལྷག་མ་ཅི་ཙམ་ཞིག་ནི་ལུས་ཅི་ཙམ་ཞིག་ནི་ལྷག་མ་མ་ལུས་པར་བྱང་ཞིང་སླན་ཅད་མི་སྐྱེ་བའི་ཆོས་ཅན་དུ་གྱུར། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཤཱ་རིའི་བུ་རྒྱལ་པོ་མ་སྐྱེས་དགྲའི་ལས་ཀྱི་ལྷག་མ་ཡུངས་ཀར་གྱི་འབྲུམ་བུ་ཙམ་ནི་ལུས་སོ། །རི་རབ་རིའི་རྒྱལ་པོ་ཙམ་ནི་ཆོས་ཟབ་མོ་འདི་བསྟན་པ་ཁོང་དུ་ཆུད་པས་ལྷག་མ་མ་ལུས་པར་བྱང་སྟེ། ཕྱིན་ཅད་མི་སྐྱེ་བའི་ཆོས་ཅན་དུ་གྱུར་ཏོ། །གསོལ་པ། ཅི་བཅོམ་ལྡན་
འདས་རྒྱལ་པོ་མ་སྐྱེས་དགྲ་སེམས་ཅན་དམྱལ་བར་མཆིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འདི་ལྟ་སྟེ། དཔེར་ན་ལྷའི་བུ་རིན་པོ་ཆེའི་ཁང་པ་བརྩེག་མ་ན་འདུག་པ་ལས་སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་ནས་འཛམ་བུའི་གླིང་དུ་འབབ་ཅིང་། འཛམ་བུའི་གླིང་
Vol. 62 · folio 261a
དུ་བབས་ནས་སླར་ཡང་སུམ་ཅུ་རྩ་གསུམ་གྱི་གནས་སུ་འཛེག་པ་དེ་བཞིན་དུ་རྒྱལ་པོ་མ་སྐྱེས་དགྲ་ཡང་སོ་སོའི་སེམས་ཅན་དམྱལ་བ་མེ་ཏོག་པུན་ད་རཱི་ཀ་ཞེས་བྱ་བར་བབས་ནས་དེ་བཞིན་དུ་འཛེགས་ཏེ། དེ་ལུས་ལ་སྡུག་བསྔལ་བའི་ཚོར་བ་རེག་པར་ཡང་མི་འགྱུར་རོ། །ཤཱ་རིའི་བུས་
གསོལ་པ། བཅོམ་ལྡན་འདས་རྒྱལ་པོ་མ་སྐྱེས་དགྲ་ནི་དབང་པོ་རྣོ་སྟེ། དེས་ལས་ཀྱི་སྒྲིབ་པ་མྱོང་བར་འགྱུར་བ་འདི་ཙམ་ཞིག་ཏུ་བགྱིས་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རྒྱལ་པོ་མ་སྐྱེས་དགྲ་འདིས་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་དགེ་བའི་
རྩ་བ་བསྐྱེད་དེ། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་འདིས་བསྙེན་བཀུར་ཀྱང་བྱས་པར་གྱུར་ཏོ། །དེ་དག་ལས་ཆོས་ཀྱང་ཐོས་པར་གྱུར་ཏོ། །དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པར་གྱུར་ཏོ། །ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་
འདི་མཐོང་ངམ། གསོལ་པ། མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་རྒྱལ་པོ་མ་སྐྱེས་དགྲ་འདི་བསྐལ་པ་དྲི་མ་མེད་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་བཟངས་ཞེས་བྱ་བའི་གསུང་རབ་ལས་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། །ཡང་ཤཱ་རིའི་བུ་བསྐལ་པ་དྲི་མ་མེད་པ་ལ་སངས་རྒྱས་བྱེ་བ་ཕྲག་གསུམ་བྱུང་སྟེ། དེ་ཐམས་ཅད་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཚེ་རིང་བར་གསོལ་བར་གྱུར་ཏོ། །ཤཱ་རིའི་བུ་རྒྱལ་
པོ་མ་སྐྱེས་དགྲ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་མ་གཏོགས་པར་སངས་རྒྱས་སྟོང་གིས་ཀྱང་ཆོས་བཤད་དེ། འགྱོད་པ་དེ་བསལ་བར་བྱ་བའི་གནས་དང་གོ་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ཉིད་ཀྱིས་གདུལ་བ་ཡིན་ཏེ། ཕྱི་ཕྱིར་ཞིང་འདིས་ཆོས་ཟབ་མོ་བསྟན་པ་འདི་ཉིད་
ལས་ཐོས་པར་གྱུར་ཏོ། །དེ་བས་ན་ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང་འདི་ལྟར་རིག་པར་བྱ་སྟེ། གང་དང་གང་དག་བྱང་ཆུབ་སེམས་དཔའ་གང་དང་གང་ལས་འདུལ་བར་འགྱུར་བ་དེ་དང་དེ་ཉིད་ཀྱི་ཆོས་བསྟན་པ་ཤེས་པར་འགྱུར་རོ། །ཤཱ་རིའི་བུ་རྒྱལ་པོ་མ་སྐྱེས་དགྲ་འདི་ཡང་སོ་སོའི་སེམས་ཅན་དམྱལ་བ་
Vol. 62 · folio 261b
མེ་ཏོག་པུན་ད་རཱི་ཀ་ལྟར་གས་པ་དེ་ནས་བྱུང་ནས་རྨ་མེད་ཅིང་མ་རྨས་པར་སྟེང་གི་ཕྱོགས་ཀྱི་ཆ་སངས་རྒྱས་ཀྱི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བཞི་སྟོང་བཞི་བརྒྱ་འདས་པ་ན། དེ་འཇིག་རྟེན་གྱི་ཁམས་བརྒྱན་པ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །དེ་དེར་སྐྱེས་མ་ཐག་ཏུ་སླར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་མཐོང་བར་འགྱུར་རོ། །ཆོས་ཟབ་མོ་བསྟན་པ་འདི་ཡང་ཐོས་པར་འགྱུར་རོ། །ཐོས་ནས་ཀྱང་དེ་
ཉིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །གང་གི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ཡང་སླར་འཇམ་དཔལ་གཞོན་ནུར་གྱུར་པ་མཐོང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་མི་གཡོ་བ་ཞེས་བྱ་བར་འགྱུར་རོ། །དེ་ན་ཡང་བྱམས་པ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་མི་གཡོ་བ་ལ་སོགས་པ་ལ་སྔོན་བྱུང་བ་དང་ལྡན་པའི་ཆོས་ཀྱི་གཏམ་བརྗོད་པར་འགྱུར་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་མ་ལྷག་མ་བྲི་བར་བརྗོད་པར་འགྱུར་རོ། །ཡང་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བ་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གསུང་རབ་ལ་རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བར་གྱུར་ཏེ། དེས་ཕའི་སྲོག་བཅད་ནས་དེས་ཆོས་ཀྱི་རྣམ་གྲངས་འདི་འཇམ་དཔལ་གཞོན་ནུར་གྱུར་པ་ལས་ཐོས་ཏེ་འཐུན་པའི་ཆོས་
ལ་བཟོད་པ་ཐོབ་བོ། །དེའི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་བྱང་བར་གྱུར་ཏོ་ཞེས་དེ་སྐད་ཀྱང་བརྗོད་པར་འགྱུར་རོ། །ཤཱ་རིའི་བུ་དེ་ལྟ་སྟེ། བྱམས་པ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་གཡོ་བ་ལ་སོགས་པ་ལ་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྒྱད་
སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྟོན་པར་འགྱུར་རོ། །དེ་ན་བྱང་ཆུབ་སེམས་དཔའ་ཉི་ཁྲི་ཉིས་སྟོང་གི་ལས་ཀྱི་སྒྲིབ་པ་བསྐལ་པ་གྲངས་མེད་པ་ནས་བསགས་པ་ཡང་རབ་ཏུ་ཞི་བར་འགྱུར་རོ། །རྒྱལ་པོ་མ་སྐྱེས་དགྲ་འདི་དེ་ཕན་ཅད་
Vol. 62 · folio 262a
བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱའི་བར་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །ཤཱ་རིའི་བུ་སེམས་ཅན་གང་དག་དེས་ཉན་ཐོས་ཀྱི་ཐེག་པས་སམ། རང་སངས་རྒྱས་ཀྱི་ཐེག་
པས་སམ། ཐེག་པ་ཆེན་པོས་ཡོངས་སུ་སྨིན་པར་བྱས་པར་འགྱུར་བའི་སེམས་ཅན་དེ་དག་ནི་ལས་ཀྱི་སྒྲིབ་པའམ། ཉོན་མོངས་པའི་སྒྲིབ་པ་མེད་པར་འགྱུར་ཏེ། དེ་དག་ཐམས་ཅད་དབང་པོ་རྣོ་བར་འགྱུར། འགྱོད་པ་དང་ཐེ་ཙོམ་མེད་པར་འགྱུར་རོ། །ཤཱ་རིའི་བུ་རྒྱལ་པོ་མ་སྐྱེས་དགྲ་
འདི་བསྐལ་པ་གྲངས་མེད་པ་ཕྲག་བརྒྱད་བརྒྱ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པ་མཐོང་ན་དགའ་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་འདམ་གྱི་རྙོག་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་ཡུལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་འགྱུར་ཏེ། དེའི་ཚེའི་ཚད་ནི་བསྐལ་པ་བར་མ་བཞིར་འགྱུར་རོ། །དེའི་ཉན་ཐོས་ཀྱི་ཚོགས་ནི་བདུན་འབུམ་དུ་འགྱུར་ཏེ། ཐམས་ཅད་ཀྱང་ཤེས་རབ་ཀྱིས་མོས་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པ་ཤ་སྟག་གོ། །དེའི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱེ་བ་ཕྲག་བཅུ་གཉིས་སུ་འགྱུར་ཏེ། ཐམས་ཅད་ཀྱང་ཐབས་དང་ཤེས་རབ་ལས་བྱུང་བ་ཤ་སྟག་གོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནི་ལོ་བྱེ་བར་གནས་པར་འགྱུར་རོ། །འདམ་གྱི་དྲི་མ་མེད་པའི་
འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་ཡང་འགྱོད་པ་ལ་གནས་ཤིང་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ནས་ཤི་འཕོས་ནས་ཀྱང་འགྲོ་བ་ངན་པ་གསུམ་དུ་སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པ་དེ་ལ་སེམས་ཅན་
གང་དག་ཆོས་ཉན་པ་དེ་དག་ཀུན་ནས་ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དེ་བས་ན་ཤཱ་རིའི་བུ་གང་གང་ཟག་གིས་གང་ཟག་ལ་དྲོད་མ་གཟུང་ཤིག །གང་ཟག་གིས་གང་ཟག་ལ་དྲོད་བཟུང་ན་ཉམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་
Vol. 62 · folio 262b
པའམ། གང་ང་དང་འདྲ་བས་ནི་གང་ཟག་ལ་དྲོད་ཟིན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཐམས་ཅད་ཡོད་པའི་འཁོར་དེ་ངོ་མཚར་ཐོབ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཅིང་། བཅོམ་ལྡན་འདས་བདག་ཅག་ནི་དེང་ཕན་ཆད་སེམས་ཅན་གང་ལ་ཡང་སེམས་ཅན་དམྱལ་
བར་མཆི་བར་མཐུས་ལུང་མི་སྟོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་གྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་དེ་སྐད་ཀྱང་སྨྲའོ། །རྒྱལ་པོ་མ་སྐྱེས་དགྲ་ལུང་སྟོན་པའི་བསྟན་པ་འདི་བསྟན་པའི་ཚེ་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །གང་གི་ཚེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་ཤིན་ཏུ་རྣམ་པར་དག་པས་བྱང་ཆུབ་ཐོབ་པར་གྱུར་པ་དེའི་ཚེ། བདག་ཅག་ཀྱང་འཇིག་རྟེན་གྱི་ཁམས་འདམ་གྱི་དྲི་མ་མེད་པའི་
སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཡང་བཏབ་བོ། །དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བཅོམ་ལྡན་འདས་ཀྱིས་ཀྱང་ལུང་བསྟན་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་བུ་ན་ཚོད་ཀྱིས་ལོ་བརྒྱད་ལོན་པའི་ཁྱེའུ་ཟླ་
བའི་དཔལ་ཞེས་བྱ་བ་དེས་མགུལ་པ་ནས་རྒྱན་བཀྲོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་གཏོར་ནས་འདི་སྐད་ཀྱི་ཚིག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་བདག་དགེ་བའི་རྩ་བ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །བཅོམ་ལྡན་འདས་བདག་གི་དགེ་བའི་རྩ་བ་
འདིས་ནམ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་ཤིན་ཏུ་རྣམ་པར་དག་པས་བྱང་ཆུབ་ཐོབ་པར་གྱུར་པ་དེའི་ཚེ། བདག་སངས་རྒྱས་ཀྱི་ཞིང་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ལ། བདག་གིས་ནམ་འཚོའི་བར་དུ་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བགྱི་བ་དང་། དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ལ་ཡང་བདག་མཆོད་པ་བགྱིད་པར་གྱུར་ཅིག །བཅོམ་ལྡན་འདས་དེ་
Vol. 62 · folio 263a
མྱ་ངན་ལས་འདས་ནས་ཀྱང་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཅེས་རྒྱན་དེ་དག་གཏོར་མ་ཐག་ཏུ། དེ་ནས་སངས་རྒྱས་ཀྱི་མཐུས་དེའི་ཚེ་སྟེང་གི་བར་སྣང་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་
པའི་ཁང་པ་རྩེག་མ་ཆ་མཉམ་པ། ཤིན་ཏུ་ཕྱེ་བ་ཞིག་འདུག་པར་གྱུར་ཏེ། ཁང་པ་རྩེག་མ་དེ་ན་ཁྲི་རིན་པོ་ཆེས་སྤྲས་པའི་རྩ་བ་བཙུགས་པ། གོས་བཀྲམ་པ་ཞིག་བྱུང་བར་གྱུར་ཏེ། ཁྲི་དེ་ལ་ཡང་དེ་བཞིན་གཤེགས་པའི་སྐུ་མཚན་ཉིད་ཀྱིས་ཀུན་དུ་བརྒྱན་པ་ཞིག་བཞུགས་པར་སྣང་
ངོ་། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་པ་དང་། ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་ནས་འོད་ཟེར་ཁ་དོག་དུ་མ་སྣ་ཚོགས་འབྱུང་བ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་།
དཀར་པོ་དང་། ཇ་གོང་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་དག་བྱུང་བ་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཉི་མ་དང་། ཟླ་བའི་འོད་ཟིལ་གྱིས་མནན་ནས་སླར་ལོག་སྟེ། བཅོམ་ལྡན་
འདས་ལ་ལན་གསུམ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣང་བར་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་
ནས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཡེ་ཤེས་ཁྱད་པར་ཐམས་ཅད་ཕ་རོལ་ཕྱིན་པ་ཐུབ་པ་ཆགས་མེད་འོད་གཏོང་བ། །སེམས་ཅན་ཕ་རོལ་གྱི་ནི་སེམས་ཀྱི་སྤྱོད་པ་གང་གི་ཅི་འདྲ་བ་ཡང་མཁྱེན། །དབང་པོ་སྣ་ཚོགས་མཁྱེན་ནས་ཁྱོད་ཀྱང་ཆོས་རྣམས་
དེ་བཞིན་དུ་ནི་འཆད་མཛད་པ། །ཁྱོད་ཀྱིས་ཅི་ཕྱིར་བདག་ལ་འཛུམ་པ་བསྟན་པ་འགྲོ་བ་ཀུན་གྱི་མཆོག་གསུངས་ཤིག །སེམས་ཅན་ཕྱོགས་བཅུ་དག་ན་གནས་པ་ཀུན་ཀྱང་ཁྱོད་ཀྱི་མདུན་དུ་འདུག་གྱུར་ཏེ། །ཐུབ་པ་ལ་ནི་རེ་རེ་ཞིང་ཡང་ཞུ་བ་བྱེ་བ་ཁྲག་ཁྲིག་ཞུ་བགྱིད་ཀྱང་། །ཁྱོད་ཀྱིས་
Vol. 62 · folio 263b
སྐད་ཅིག་ཉིད་དུ་དེ་དག་གི་ནི་ཐེ་ཙོམ་མ་ལུས་གཅོད་པར་མཛད། །འཇིག་རྟེན་མགོན་པོ་ཁྱོད་ཀྱིས་འཛུམ་པ་བསྟན་པ་དེ་ཡི་རྒྱུ་ནི་བདག་ལ་གསུངས། །སངས་རྒྱས་གང་དག་འདས་དང་སྟོབས་བཅུ་ལྡན་པའི་རྒྱལ་བ་གང་དག་བཞུགས་པ་དང་། །གང་དག་རྒྱལ་བ་མང་པོ་མ་བྱོན་
རྣམས་དང་སེམས་ཅན་རྣམས་ནི་དཔག་མེད་པ། །ཐམས་ཅད་ཕ་རོལ་ཕྱིན་པ་ཁྱོད་ཀྱིས་དེ་དག་མཁྱེན་ཅིང་གང་ལའང་ཆགས་པ་མེད། །ཅི་ཡི་སླད་དུ་འཛུམ་པ་བསྟན་པ་རྡུལ་དང་བྲལ་བས་བདག་གི་ཐེ་ཙོམ་ཆོད། །ཁྱོད་ཀྱི་འོད་ཀྱིས་ཚངས་པ་དབང་པོ་ཉི་མ་ཟླ་བ་ལྷ་རྣམས་ཟིལ་གྱིས་
མནན། །རི་དང་ཁོར་ཡུག་རྩེ་མོ་དག་ལས་ཐལ་ནས་ཁྱོད་ཀྱི་འོད་ཀྱང་གསལ་བར་གདའ། །རེག་ནས་སེམས་ཅན་བརྒྱ་དག་བདེ་བས་དགའ་ཞིང་ཉོན་མོངས་པ་ཡང་ལྡང་མི་འགྱུར། །ཉོན་མོངས་ཐམས་ཅད་དགྲོལ་བ་ཁྱོད་ཀྱིས་འཛུམ་འདི་ཅི་ཕྱིར་མཛད་པ་བདག་ལ་གསུངས། །
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ་ཁྱོད་ཀྱིས་ཁྱེའུ་ཟླ་བའི་དཔལ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགའ་བོ་ཁྱེའུ་ཟླ་བའི་དཔལ་འདིས་ངའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། དགའ་བོ་ཁྱེའུ་འདིས་རིམ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་ནམ་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པས་བྱང་
ཆུབ་ཐོབ་པར་འགྱུར་བ་དེའི་ཚེ། ཁྱེའུ་ཟླ་བའི་དཔལ་འདི་ཡང་འཇིག་རྟེན་གྱི་ཁམས་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེས་དེ་བཞིན་གཤེགས་པ་ཡུལ་ཤིན་ཏུ་རྣམ་པར་དག་པ་དགེ་སློང་གི་དགེ་འདུན་དང་བཅས་པ་དེ་ལ་ནམ་འཚོའི་བར་དུ་བཀུར་སྟི་བྱེད་པར་འགྱུར།
བསྟི་སྟང་བྱེད་པར་འགྱུར། རིམ་གྲོ་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སྐུ་གདུང་ལ་མཆོད་པ་བྱེད་པར་འགྱུར་རོ། །དེ་ནི་དེར་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མྱ་ངན་ལས་འདས། དེ་ནས་
Vol. 62 · folio 264a
བསྟན་པ་ཡང་ནུབ་ནས་དགའ་ལྡན་དུ་ཚེ་ཟད་པར་བྱས་ཏེ། བསྐལ་པ་དེ་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་
བའི་དཔལ་ཞེས་བྱ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་དེ་དང་འདྲ་བ། ཚེའི་ཚད་ཀྱང་དེ་དང་མཉམ་པ། ཉན་ཐོས་ཀྱི་དགེ་འདུན་ཡང་དེ་དང་མཉམ་པ། བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་དེ་དང་མཉམ་པར་འགྱུར་རོ། །དེ་ནས་གང་འཇམ་དཔལ་གཞོན་ནུར་
གྱུར་པ་དང་འགྲོགས་ཏེ། འཇིག་རྟེན་གྱི་ཁམས་གཞན་ནས་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བསྟན་པ་འདི་ཐོས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་ཕྱོགས་གང་ན་འཇམ་དཔལ་གཞོན་ནུར་
གྱུར་པ་གནས་པ་དེ་ན་དེ་བཞིན་གཤེགས་པས་སྟོང་པ་མ་ལགས་ཏེ། དེར་ནི་བཅོམ་ལྡན་འདས་ཀྱིས་དགོངས་པར་བགྱི་མི་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་ཡོངས་སུ་ཟིན་པའི་སེམས་ཅན་རྣམས་ནི་འགྲོ་བ་ངན་པའི་
འཇིགས་པའམ། མི་ཁོམ་པའི་འཇིགས་པའམ། བདུད་ཀྱི་ལས་ཀྱི་འཇིགས་པའམ། ཉོན་མོངས་པའི་འཇིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་བམ། གཞོངས་སམ། གཞོངས་ཀྱི་ཕྱོགས་སམ། གཙུག་ལག་ཁང་ངམ། དགོན་
པ་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བའི་ས་ཕྱོགས་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྟོང་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་འགྱུར་བ་དེ་ན་དེ་བཞིན་གཤེགས་པ་ཉིད་དུ་བརྩོན་པར་བལྟ་བར་བགྱིའོ། །གང་ན་ཆོས་ཀྱི་རྣམ་གྲངས་
འདི་སྤྱོད་པའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་ཡོངས་སུ་སྤྱད་པར་བལྟ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་དེ་བཞིན་ནོ། །རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། གང་ན་ཆོས་ཀྱི་རྣམ་
Vol. 62 · folio 264b
གྲངས་འདི་སྤྱོད་པར་འགྱུར་བའི་ས་ཕྱོགས་དེ་ནི་དེ་བཞིན་གཤེགས་པས་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལུང་བསྟན་པར་གྱུར་ནས། སའི་ཕྱོགས་གང་དུ་ངས་རལ་པ་བཏིང་ཞིང་ངས་བཟོད་
པ་ཐོབ་པར་གྱུར་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ང་བཟོད་པ་ཐོབ་པར་མཁྱེན་ནས། ཁྱེའུ་འདི་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ན་དེ་བཞིན་གཤེགས་པ་མར་མེ་མཛད་དེས། དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་ཁྱེད་སུས་ཀྱང་སའི་ཕྱོགས་འདི་རྐང་པས་མ་བཅག་ཤིག །དེ་ཅིའི་ཕྱིར་ཞེ་ན། གང་དུ་ཁྱེའུ་
འདིས་རལ་པ་བཏིང་ཞིང་བཟོད་པ་ཐོབ་པ་དེ་ནི་ལྷ་དང་མིའི་འཇིག་རྟེན་དུ་བཅས་པའི་མཆོད་རྟེན་ཡིན་ནོ། །ཡང་སའི་ཕྱོགས་འདིར་མཆོད་རྟེན་བྱེད་པར་སྤྲོ་ཞེས་དེ་སྐད་བཀའ་སྩལ་པ་དང་། རིགས་ཀྱི་བུ་དག་དེ་ན་ལྷ་བྱེ་བ་ཕྲག་བརྒྱད་ཅུས་བཅོམ་ལྡན་འདས་ས་ཕྱོགས་འདིར་མཆོད་
རྟེན་བགྱི་བར་བདག་ཅག་སྤྲོའོ་ཞེས་མགྲིན་གཅིག་ཏུ་ཚིག་སྨྲས་སོ། །དེ་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་ཞིག་འཁོར་དེར་འདུས་པར་གྱུར་པ་དེས་ཀྱང་བཅོམ་ལྡན་འདས་བདག་གིས་ས་ཕྱོགས་འདིར་མཆོད་རྟེན་བགྱི་བར་སྤྲོའོ། །ཞེས་སྨྲས་ཏེ། རིགས་ཀྱི་བུ་དག་ས་ཕྱོགས་
དེར་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེས་མཆོད་རྟེན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞིག་བྱས་སོ། །བྱས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ས་ཕྱོགས་དེར་རིན་པོ་ཆེ་སྣ་
བདུན་ལས་མཆོད་རྟེན་བགྱིས་ན་བཅོམ་ལྡན་འདས་བདག་གིས་བསོད་ནམས་ཇི་ཙམ་ཞིག་བགྱིས་པར་གྱུར། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་ཁྱིམ་བདག་ལྷ་བཟང་ལ་
Vol. 62 · folio 265a
སའི་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་བཟོད་པ་ཐོབ་པའི་ས་ཕྱོགས་དེ་ན་ཤིང་རྟའི་འཁོར་ལོ་ཙམ་གྱི་ས་ཇི་སྙེད་པ་འོག་ཏུ་ཆུའི་ཕུང་པོ་ལ་ཐུག་གི་བར་དུ་ས་ཆེན་པོ་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པ་ཡིན་ཏེ། ཁྱིམ་བདག་གང་གིས་
ཆུའི་ཕུང་པོ་ནས་འཁོར་བའི་རྩེ་མོའི་བར་དུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དེ་བཞིན་གཤེགས་པ་ལ་ཕུལ་བ་པས། གང་ཁྱོད་ཀྱིས་མཆོད་རྟེན་བྱས་པ་འདི་དེ་བས་བསོད་ནམས་ཤིན་ཏུ་མང་མོད་ཀྱི། ཁྱིམ་བདག་དགེ་བའི་རྩ་བ་འདིས་ནི་ཇི་ལྟར་ཁྱེའུ་འདི་ངས་ད་ལྟར་ལུང་བསྟན་
པ་དེ་བཞིན་དུ་འདི་བྱང་ཆུབ་ཐོབ་ནས་ཁྱོད་ལ་ལུང་སྟོན་པར་འགྱུར་རོ་ཞེས་དེ་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བ་དེ་གཞན་དུ་གྱུར་པ་སྙམ་དུ་དེ་ལྟར་མ་ལྟ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་
གི་བུ་དགའ་བ་སྤྱོད་པ་ཞེས་བྱ་བ་འདི་ཉིད་དེའི་ཚེ་དེའི་དུས་ན་ཁྱིམ་བདག་ལྷ་བཟང་ཞེས་བྱ་བར་གྱུར་ཏེ། འདི་ཡང་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་བལྟ་ན་བཟང་ཞེས་བྱ་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འདུག་ཀྱང་རུང་། འགྲེང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་འདྲིའམ། ཀློག་གམ། ཁ་ཏོན་
བྱེད་དམ། ཁ་ཏོན་ཞུའམ། འཆད་ན་འོག་གི་ཆུའི་ཕུང་པོ་ནས་སའི་ཕྱོགས་དེའི་བར་གྱི་རྡུལ་དེ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་པར་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་དག་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་བཟོད་པ་ཐོབ་པར་འགྱུར་བའོ། །རིགས་ཀྱི་བུ་དག་ཁྱེད་ལ་བསྒོའོ། །ཁྱེད་ཀྱི་ཁོང་དུ་ཆུད་པར་བྱའོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་
Vol. 62 · folio 265b
པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་རྒྱུན་མ་ཆད་ཅིང་ལས་གཞན་མི་བྱེད་པར་ཉིན་ལན་གསུམ་མཚན་ལན་གསུམ་འབུལ་བ་བས་གང་གིས་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་
པ་ཐམས་ཅད་སེལ་བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་བྱེད་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ལེན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། འཆད་དམ། ཉན་ཏམ། མོས་
པར་བྱེད་དམ། ཆུང་ངུ་ན་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གླེགས་བམ་དུ་བྲིས་ཏེ་འཆང་ན། འདི་ནི་དེ་བས་ཤིན་ཏུ་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་ཚུལ་ཁྲིམས་
སྲུང་ཞིང་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་ཐམས་ཅད་ལ་དགའ་བར་འགྱུར་བ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པར་བྱེད་ན། འདི་ནི་དེ་བས་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ།
བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བཟོད་པས་སྒྲུབ་ཅིང་སེམས་ཅན་ཐམས་ཅད་ཀྱི་ངན་དུ་སྨྲ་བ་དང་། རྡེག་པར་བྱེད་པ་བཟོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་ལ་བཟོད་པ་དེ་ནི་བཟོད་པ་དེ་བས་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མཆོག་ཏུ་འཕེལ་བར་འགྱུར་རོ། །
རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཉོན་མ་མོངས་ཤིང་། ལུས་དང་སྲོག་ལ་མི་ལྟ་བར་བསྙེན་བཀུར་བྱེད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་ཡིད་ཆེས་ཤིང་ཐེ་ཙོམ་མི་སྐྱེད་ན་བརྩོན་འགྲུས་འདི་ནི་
དེ་བས་ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་དག་གང་གིས་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་བསམ་གཏན་དང་། ཏིང་ངེ་འཛིན་དང་མཉམ་པར་བཞག་པ་ལ་གནས་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་རྟོག་ཅིང་སེམས་མ་ཞུམ་པ་འདི་ནི་དེ་བས་
Vol. 62 · folio 266a
ཁྱད་དུ་ཞུགས་པ་ཡིན་ནོ། །རིགས་ཀྱི་བུ་གང་བསྐལ་པའམ། བསྐལ་པའི་ལྷག་མ་ལུས་ཀྱི་བར་དུ་ཤེས་རབ་ཀྱིས་རྟོག་ཅིང་དེའི་ཚུལ་གྱི་རྟོག་པ་དང་ལྡན་པར་གྱུར་པ་བས། གང་གིས་ཤིན་ཏུ་དབེན་པ། རང་བཞིན་རྣམ་པར་དག་པའི་ཆོས་ཀྱི་རྣམ་གྲངས་
འདི་ལ་ཉན་པར་བྱེད། མོས་པར་བྱེད། ལེན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཁ་ཏོན་དུ་བྱེད། གཞན་ལ་རྒྱ་ཆེར་སྟོན་པར་བྱེད་ན་དེ་བས་འདི་ཉིད་བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །མྱུར་དུ་ཐམས་ཅད་མཁྱེན་པར་འགྱུར་བར་ཡང་འགྱུར་རོ། །
དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་བླངས་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྤྱོད་པའི་སངས་རྒྱས་
ཀྱི་ཞིང་དེ་དང་དེ་དག་ཏུ་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེའི་ཕྱིར་ཁྱེད་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དེ་དང་དེ་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་སངས་རྒྱས་ཀྱི་བྱ་བ་ལ་མངོན་པར་གནས་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེ་ཏོག་གིས་གང་བར་བྱས་ཏེ་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་
འདི་སྐད་ཀྱང་སྨྲའོ། །ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ནི་ཡུན་རིང་དུ་འཛམ་བུའི་གླིང་དུ་གནས་པར་གྱུར་ཅིག །ཀྱེ་མའོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆོས་ཀྱི་སྒྲོན་མ་ཡུན་རིང་དུ་འབར་བར་གྱུར་ཅིག །འཇམ་དཔལ་གཞོན་ནུར་གྱུར་པ་ཡང་ཡུན་རིང་དུ་གནས་པར་
གྱུར་ཅིག །དེ་ལ་གནས་ནས་འདི་ལྟ་བུའི་ཆོས་ཀྱི་ཚུལ་གྱི་རྣམ་པ་འཆད་པར་འགྱུར་རོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་ཤ་དང་ཁྲག་གིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨན་ཡོན་ཐོགས་པར་མི་ནུས་ན་མཆོད་པ་གཞན་གྱིས་ལྟ་སྨོས་ཀྱང་ཅི་འཚལ། ཆོས་
Vol. 62 · folio 266b
ཀྱི་རྣམ་གྲངས་འདི་གང་དག་གི་ལག་ཏུ་མཆི་བའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་དག་ལ་ཡང་ཤ་དང་ཁྲག་གིས་ཀྱང་སྨན་ཡོན་མི་ཐོགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ལྟ་བར་འཚལ་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོས་དེ་དག་ཉིད་ལ་བལྟ་བར་བགྱིའོ། །
དེ་བཞིན་གཤེགས་པ་ལ་མཆོད་པར་འཚལ་བས་དེ་དག་ཉིད་ལ་མཆོད་པར་བགྱིའོ། །བཅོམ་ལྡན་འདས་ལ་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་དག་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་སྐད་ཅེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་མཆོད་ནས། སངས་རྒྱས་ཀྱི་ཞིང་འདི་ནས་མི་སྣང་བར་གྱུར་ཏེ། བདག་བདག་གི་སངས་རྒྱས་ཀྱི་
ཞིང་དུ་འཁོད་ནས། བདག་བདག་གི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་དེ་དག་ཐམས་ཅད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་བླངས་པ་བཞིན་དུ་རྒྱ་ཆེར་བཤད་པ་དང་། དེར་ཡང་སེམས་ཅན་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་
ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་གྱི་ཕྱིར། ཕན་པའི་ཕྱིར། བདེ་བའི་ཕྱིར། ཆོས་ཀྱི་རྣམ་གྲངས་འདི་ལོང་ཤིག །ཟུང་ཤིག །ལྷོགས་ཤིག །ཤོད་ཅིག །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཀྱང་བླངས་ལགས་ཏེ། ད་ཡང་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས་ཏེ། བཅོམ་ལྡན་འདས་
Vol. 62 · folio 267a
བདག་གིས་ཆོས་ཀྱི་རྣམ་གྲངས་འདི་ནི་ད་ལྟར་དེ་བཞིན་གཤེགས་པ་བཞུགས་བཞིན་དུ་ཡང་རྒྱས་པར་བགྱིའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདག་དགའ་ལྡན་གྱི་གནས་ན་གནས་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདིའི་དགེ་བའི་རྩ་བ་འབར་ཞིང་
ཐེག་པ་ཆེན་པོ་ལ་གནས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ལ་བསྟབས་པར་བགྱིའོ། །བཅོམ་ལྡན་འདས་ཕྱི་མའི་དུས་ཕྱི་མའི་ཚེ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲག་པར་འགྱུར་བ་དེ་ནི་ངེས་པར་བྱང་ཆུབ་སེམས་དཔའ་བྱམས་པའི་བྱིན་གྱིས་རླབས་
ལགས་པར་རྟོགས་པར་བགྱིའོ། །བདུད་སྡིག་ཅན་དག་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་མི་གདའ་བར་བགྱི་བའི་སླད་དུ་བརྟུལ་དུ་ལགས་ཀྱིས་ཀྱང་། བཅོམ་ལྡན་འདས་བདག་གིས་ནི་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཡོངས་སུ་
གཟུང་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རྒྱལ་པོ་མ་སྐྱེས་དགྲའི་ལེའུ་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ། འགྱོད་པ་ཐམས་ཅད་སེལ་བར་བྱེད་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བར་བྱེད་པ། ཆོས་ཐམས་
ཅད་ཀྱི་མཉམ་པ་ཉིད་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ལྟར་ཁྱོད་གང་གི་ཚེ་ན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་འཇུག་པ་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལ་སོམས་ཤིག །ཀཽ་ཤི་ཀ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བསམས་ན་ལྷ་རྣམས་ནི་
རྒྱལ། ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་རེ་བར་བྱའོ། །ཀཽ་ཤི་ཀ་ཁྱོད་ལ་བསྒོའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་བམ། ལྗོངས་སམ། ཡུལ་ལམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་ཡང་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་
པ་དེ་ན་ཕྱིར་རྒོལ་བའམ། དགྲ་ཀླན་ཀ་ཚོལ་ཞིང་གླགས་ལྟ་བས་གླགས་མི་རྙེད་པར་འགྱུར་རོ། །དེ་བས་ན་ཀཽ་ཤི་ཀ་རྒྱལ་པོའི་ཕོ་བྲང་དུ་སོང་ཡང་རུང་། རྐུན་པོའི་ནང་དུ་སོང་ཡང་རུང་། གཏུམ་པོའི་ནང་དུ་སོང་ཡང་རུང་། དགྲའི་ནང་དུ་སོང་ཡང་རུང་། ཕྱིར་རྒོལ་བའི་ནང་དུ་
Vol. 62 · folio 267b
སོང་ཡང་རུང་། མེ་དང་། དུག་དང་། མཚོན་དང་། ཆུའི་ནང་དུ་སོང་ཡང་རུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ལ་བསམ་པར་བྱའོ། །དེ་ལྟར་བྱས་ན་ཀླན་ཀ་ཚོལ་བ་གང་གིས་ཀྱང་གླགས་མི་རྙེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་
སྩལ་པ། དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ལོང་ཤིག །ལྷོགས་ཤིག །ཤོད་ཅིག །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལས་ཐོས་ནས་ཐེ་ཙོམ་ཐམས་ཅད་གཅོད་པར་
འགྱུར་རོ། །དེ་དག་གི་ནེམ་ནུར་ཐམས་ཅད་བྱང་བར་འགྱུར་རོ། །འགྱོད་པ་ཐམས་ཅད་བསལ་བར་འགྱུར་རོ། །ལས་ཀྱི་སྒྲིབ་པའམ་ཉོན་མོངས་པའི་སྒྲིབ་པས་གླགས་པར་བྱ་མི་ནུས་པར་འགྱུར་ཏེ། གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ངེས་པར་མཉན་པར་བྱ་བ་དེ་དག་ནི་ཆོས་
ཀྱི་རྣམ་གྲངས་འདི་མ་ཐོས་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ་འདི་ནི་མ་འདྲེས་པའི་ཆོས་ཀྱི་རྣམ་གྲངས་ཀྱི་ཆོས་ཡིན་ཏེ་འདི་ཐོས་མ་ཐག་ཏུ་ཐེ་ཙོམ་ཐམས་ཅད་མེད་པར་འགྱུར་རོ། །དགའ་བོ་ཁྱོད་ལ་བསྒོའོ། །ཁོང་དུ་ཆུད་པར་བྱའོ། །
གང་མཚམས་མེད་པ་བྱེད་པས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་འཇུག་ཅིང་མོས་པར་བྱེད་ན་ལས་དེའི་ལས་ཀྱི་སྒྲིབ་པ་ཡོད་པར་ང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་
བདག་མངོན་སུམ་དུ་མཆི་སྟེ། གང་གི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པས་རྒྱལ་པོ་མ་སྐྱེས་དགྲའི་ཁབ་ཏུ་ཟས་འཚལ་ཅིང་མཚམས་མ་མཆིས་པའི་མཉམ་པ་ཉིད་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་མ་སྐྱེས་དགྲས་འཐུན་པའི་ཆོས་ལ་བཟོད་པ་ཐོབ་ཅིང་
དེའི་འགྱོད་པ་བྱང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་བདག་འདི་སྙམ་དུ་གྱུར་ཏེ། མཚམས་མ་མཆིས་པ་བགྱིད་པ་ཐམས་ཅད་ཀྱི་ཆོས་ཉིད་ནི་གང་རྒྱལ་པོ་མ་སྐྱེས་དགྲས་རྟོགས་པ་དེ་ཉིད་ལགས་ན་བཅོམ་ལྡན་འདས་བྱིས་པ་ལྟ་བུའི་སོ་སོའི་སྐྱེ་བོ་དག་ནི་དེ་ལྟར་ཆོས་
Vol. 62 · folio 268a
རང་བཞིན་གྱིས་ཞི་བ་ལ་བདག་དང་བདག་གིར་རྣམ་པར་བརྟགས་ནས་ལྟ་བ་འབྱུང་བར་བགྱིད་ཅིང་། ཅི་ལྟར་རྒྱལ་པོ་མ་སྐྱེས་དགྲས་རྟོགས་པ་བཞིན་དུ་མཚམས་མེད་པ་བགྱིད་པ་ཐམས་ཅད་ཀྱི་རང་བཞིན་དེ་འདྲ་བ་ལགས་པར་ནི་མ་འཚལ་ཏེ། ཕྱིན་ཅི་ལོག་
གིས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་། མ་མཆིས་པ་ལ་ཡོངས་སུ་རྟོག་པས་བཏབ་པ་རྣམས་ནི་མ་མཆིས་བཞིན་དུ་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྡུག་བསྔལ་བར་གྱུར་ཏེ། བཅོམ་ལྡན་འདས་བདག་ནི་གང་ཆོས་ཀྱི་རྣམ་གྲངས་འདི་
ལ་མོས་པ་དེ་དག་ལ་ལྟུང་བ་མ་མཆིས། ལྟུང་བའི་ཆོས་ཅན་མ་ལགས་སོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །འོད་སྲུང་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་ཀུན་ནས་
ཉོན་མོངས་པ་མེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཅི་ནས་ཀྱང་ཕྱི་མའི་དུས་ཕྱི་མའི་ཚེ་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པར་
འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འོད་གང་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་གྱུར་པའི་འོད་དེ་ལྟ་བུ་གཡས་ཕྱོགས་དང་། གཡོན་ཕྱོགས་ནས་བཏང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་དེ་སྐད་ཀྱི་སྒྲ་བྱུང་ངོ་། །གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་འགྱུར་བ་དེ་དག་ནི་གལ་ཏེ་རྒྱ་མཚོ་མཆིང་རྣམ་ཆེན་པོའི་ནང་དུ་མཆིས་པར་གྱུར་ཀྱང་རུང་། སྲེག་པའི་བསྐལ་པའི་ནང་དུ་མཆིས་
ཀྱང་རུང་སྟེ། སེམས་ཅན་དེ་དག་ནི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པར་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་དེ་བཞིན་ནོ། །ཇི་ལྟར་སྒྲ་བྱུང་བ་བཞིན་ཏེ། སྐྱེས་བུ་དམ་པ་དགེ་བའི་རྩ་བ་བསྐྱེད་པ་དེ་དག་གི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཕྱི་
Vol. 62 · folio 268b
མའི་དུས་ཕྱི་མའི་ཚེ་ལ་སྤྱོད་པར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། ལྷ་དང་མིའི་སྐྱེ་དགུའི་སྲོག་ཆགས་འབུམ་ཕྲག་དགུ་བཅུ་རྩ་དྲུག་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ། །སྲོག་ཆགས་འབུམ་ཕྲག་བདུན་ཅུ་རྩ་བརྒྱད་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སྲོག་ཆགས་བརྒྱད་སྟོང་གིས་ནི་འདོད་ཆགས་དང་བྲལ་བ་ཐོབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་
རྣམ་པ་དྲུག་ཏུ་གཡོས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཀྱང་ཆོས་ཀྱི་རྣམ་གྲངས་འདིའི་མཆོད་པའི་ལས་ལ་བརྩོན་པར་གྱུར་ཏེ། སིལ་སྙན་བརྒྱ་སྟོང་དཀྲོལ་བར་བྱེད་ཅིང་གང་དེ་བཞིན་གཤེགས་པས་འདིར་ཆོས་ཀྱི་རྣམ་གྲངས་བསྟན་པ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོག་
ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་ལས་ནི་མུ་སྟེགས་ཅན་གཞན་ཀླན་ཀ་ལ་སྤྱོད་པ། བདུད་ཀྱི་ཡུལ་ལ་གནས་པ་ཐམས་ཅད་ཚར་བཅད་དོ། །ཡང་དག་པའི་ཆོས་ལ་མོས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱིས་ཕྱག་རྒྱ་འདི་བཞག་སྟེ། གང་དག་གིས་ཕྱག་རྒྱ་འདི་ཤེས་པ་དེ་དག་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཞེས་དེ་སྐད་ཀྱང་སྨྲའོ། །བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་བཀའ་སྩལ་པ་དང་། རྒྱལ་པོ་མ་སྐྱེས་དགྲ་དང་། འཇམ་
དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། འོད་སྲུང་ཆེན་པོ་དང་། དགའ་བོ་དང་། ཤཱ་རིའི་བུ་དང་། མཽང་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་
འཇིག་རྟེན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའོ། །རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཨཱ་ཙཱརྱ་མཉྫུ་ཤྲཱི་གརྦྷ་དང་། རཏྣ་རཀྵི་ཏས་ཞུས་ཆེན་བགྱིས།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words