འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བི་ན་ཡ་བི་བྷང་ག
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 7 · folio 87a
པའི་སངས་རྒྱས་འོད་སྲུང་གིས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་སེང་གེ་ཤཱཀྱའི་རྒྱལ་པོའི་གཙོ་བོ་དེས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་གདབ་པར་
བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་སེམས་སྒྱུར་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དགེ་སློང་དག་དེ་ལྟར་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་
གཅིག་ཏུ་དཀར་བ་ཡིན། ལས་འདྲེན་མ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་འདྲེན་མ་ཡིན་ནོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་དང་། འདྲེན་མ་རྣམས་སྤངས་ཏེ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །
ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །མ་བསྐོས་པར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཅིག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་
ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་འདོམས་ཤིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག །དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་ཨུཏྤ་ལའི་མདོག་འཁོར་
དགེ་སློང་མ་ལྔ་བརྒྱ་ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་དུ་འདུག་གོ། །ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམས་པ། བུད་མེད་ཀྱི་ཡུལ་ནི་ཤེས་རབ་ཆུང་བ་ཡིན་ནོ་སྙམ་ནས་དེས་དེ་
ལ་དོན་དང་། ཚིག་དང་། ཡི་གེ་མདོར་འདུས་པ་འདུས་པ་དག་གིས་ཆོས་བསྟན་ཏོ། །དེ་ཤེས་རབ་ཅན་ཡིན་པས་གོང་ནས་གོང་དུ་འདྲི་བར་བྱེད་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ལན་བཏབ་ཅིང་། དེས་དེ་ལ་ཇི་ཙམ་ན་ཉི་མ་ནུབ་པའི་དུས་ལ་བབ་པ་དེ་ཙམ་གྱི་བར་དུ་ཆོས་བསྟན་ནས་དེ་དག་གིས་
Vol. 7 · folio 87b
དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྟན་ལས་ལངས་ཏེ་དོང་བ་དང་། ཇི་ཙམ་ན་མཉན་ཡོད་ཀྱི་སྒོ་དག་བཅད་པར་གྱུར་ནས་དགེ་སློང་མ་རྣམས་ཀྱིས་སྒོ་བཙལ་བ་དང་། སྒོ་བས་སྨྲས་པ། སྒོ་བཅད་ལགས་སོ། །དེ་དག་གིས་སྨྲས་པ། ཕྱེ་ཤིག་ལྡེ་མིག་དག་རྒྱལ་པོའི་ཕོ་བྲང་དུ་
འཚལ་ཏོ། །དེ་དག་གིས་བསམས་པ། འདི་ཉིད་དུ་འཁོད་དོ་སྙམ་ནས་མཉན་ཡོད་དང་ཧ་ཅང་མི་རིང་བ་ན་ཀུན་དགའ་ར་བ་ཞིག་འདུག་པ་དེར་དེ་དག་དོང་ངོ་། །བཅོམ་ལྡན་འདས་ཀྱིས་ཤིང་ལྗོན་པ་ཡང་རྒན་རིམས་ཀྱིས་བསྐོ་བར་བྱའོ་ཞེས་བཀའ་སྩལ་པས་དེ་དག་གིས་ཤིང་ལྗོན་པ་དག་
རྒན་རིམས་ཀྱིས་བསྐོ་བར་བརྩམས་པ་དང་། དེ་ན་དེ་དག་ཤིང་ལྗོན་པ་དག་སྒོ་བ་རྣམས་ལ་ཨ་ཡྱེ་ཨ་ཡྱ་ཧ་ཌེ་ཨ་ག་ཨེ་ཨ་ག་ཧ་ཌེ་ཞེས་འབོད་པའི་སྒྲ་མཐོན་པོ་དང་། སྒྲ་ཆེན་པོ་བྱུང་ངོ་། །གཡོན་ཅན་ལྔ་བརྒྱ་ཙམ་མཉན་ཡོད་འཇོམས་པར་འདོད་པ་དག་ལྷགས་པ་དེ་དག་གིས་སྒྲ་མཐོན་
པོ་དང་། སྒྲ་ཆེན་པོ་དེ་ཐོས་ནས། དེ་དག་གིས་སྨྲས་པ། ཤེས་ལྡན་དག་མཉན་ཡོད་ན་རེ་ཞིག་སྡོད་ཅིག །ཤེས་ལྡན་དག་རྗེ་བཙུན་མོའི་འཁོར་གྱིས་མ་ཐོས་པར་འདི་དག་གཞོམ་པར་བྱའོ། །ཨུཏྤ་ལའི་མདོག་གིས་བསམས་པ། མི་མཛེས་པ་འགའ་ཞིག་རིག་པར་མི་འགྱུར་
རམ་སྙམ་ན། ཇི་ཙམ་ན་འཇོམས་པར་འདོད་པའི་གཡོན་ཅན་ལྔ་བརྒྱ་ཙམ་པོ་དེ་དག་མཐོང་ནས་དེས་འཕགས་སྐྱེས་པོའི་དཔུང་སྤྲུལ་ཏེ་རྔ་པ་ཊ་ཧ་བརྡུངས་པ་དང་། དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་འཕགས་སྐྱེས་པོའི་དཔུང་གིས་བསྐོར་ཏེ་བདག་ཅག་ཟིན་པར་གྱུར་ན་མི་རུང་གིས་
འབྲོས་པར་བྱའོ་ཞེས་དེ་ལྟར་རིག་ནས་དེ་དག་བྲོས་སོ། །ཨུཏྤ་ལའི་མདོག་གིས་དགེ་སློང་མ་དེ་དག་ལ་སྨྲས་པ། ཕུ་ནུ་མོ་དག་གཡོན་ཅན་འཇོམས་པར་འདོད་པ་ལྔ་བརྒྱ་ཙམ་འདིར་ལྷགས་ནས་ཁོ་མོས་དེ་དག་བསྡིགས་ནས་བྲོས་ཀྱིས། ཁད་ཀྱི་དལ་བུ་དལ་བུས་ལག་བརྡས་སྒོ་ཕྱེ་ཤིག །དེ་
དག་ནང་པར་སྔར་ལངས་ཏེ་མཉན་ཡོད་དུ་ཞུགས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གིས་མཐོང་ནས་དེ་དག་གིས་སྨྲས་པ། ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱིས་ཆོས་འདྲེ་བ་དང་། ལྷག་པར་འདྲེ་ཞིང་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་བཟང་ངོ་། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་
Vol. 7 · folio 88a
སློང་དག་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་
སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བྱེད་ལ་
རྨས་པ། དགའ་བྱེད་ཁྱོད་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་།
སྦྱོར་བ་དང་བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་
ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་དགེ་འདུན་གྱིས་བསྐོས་ཀྱང་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དོ། །དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་
འདུན་གྱིས་སོ། །བསྐོས་ཀྱང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །ཉི་མ་ནུབ་པའི་དུས་ཀྱི་བར་དུ་ཞེས་བྱ་བ་ནི་ཉི་མ་ནུབ་པའི་དུས་ལ་བབ་པར་རོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་།
ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་
Vol. 7 · folio 88b
བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གི་ཉི་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་པས་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གི་ཉི་མ་ནུབ་པ་ལ་ཡིད་གཉིས་ཟ་བས་
དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་ཉི་མ་མ་ནུབ་པ་ལ་ཉི་མ་ནུབ་པར་འདུ་ཤེས་པས་དགེ་སློང་མ་ལ་སྟོན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གི་ཉི་མ་མ་ནུབ་པ་ལ་ཡིད་གཉིས་ཟ་བས་དགེ་སློང་མ་ལ་སྟོན་ན་ཉེས་བྱས་སུ་འགྱུར་རོ། །མཚན་ཐོག་ཐག་ཆོས་ཉན་པར་གྱུར་པ་
དང་། གཙུག་ལག་ཁང་གི་སྒོ་དྲུང་དུ་སྟོན་པ་དང་། སྒོ་མ་བཅད་པར་འདུག་པ་དང་། གྲོང་ཁྱེར་གྱི་ནང་ན་གཙུག་ལག་ཁང་ངམ། དབྱར་ཁང་འདུག་པ་དང་། ཁྱིམ་གཞན་དུ་སོང་སྟེ་སྟོན་པ་ལ་ལྟུང་བ་མེད་དོ། ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་
གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཨུཏྤ་ལའི་མདོག་གིས་དགེ་སློང་མ་ལྔ་བརྒྱ་གཡོན་ཅན་གྱི་འཇིགས་པ་ལས་ཡོངས་སུ་བསྐྱབས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་ད་ལྟར་དུ་མ་ཟད་དེ། འདི་ལྟར་འདས་པའི་དུས་ན་ཡང་འདིས་དོན་མཐུན་མང་པོ་སེང་གེའི་འཇིགས་པ་ལས་ཡོངས་སུ་བསྐྱབས་པར་གྱུར་ཏེ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་
པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་ཟོང་ཐོགས་ཏེ་ཡུལ་གཞན་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་མཆིའོ། །ཁྱིམ་བདག་གིས་སྨྲས་པ།
ལམ་དུ་ཁྱོད་ཀྱི་གཡོག་སུས་བྱེད་པར་འགྱུར། ཁྱོད་འདི་ཉིད་དུ་འདུག་ཤིག་ཆུང་མས་བདག་མི་ཁྲིད་དོ་སྙམ་ནས་ངུ་བར་བརྩམས་པ་དང་། ཞོ་ཤས་འཚོ་བ་དག་གིས་ཁྱིམ་བདག་ལ་དྲིས་པ། ཇོ་བོས་ཅིའི་སླད་དུ་འདི་ངུར་སྩལ། ཁྱིམ་བདག་གིས་སྨྲས་པ། མི་ཁྲིད་དོ་སྙམ་ནས་སོ། །དེ་དག་གིས་
Vol. 7 · folio 89a
སྨྲས་པ། ཅིའི་སླད་དུ་མི་བཀྲི། ཁྱིམ་བདག་གིས་སྨྲས་པ། དེར་འདིའི་གཡོག་སུ་བྱེད་པར་འགྱུར། དེ་དག་གིས་སྨྲས་པ། དེར་བདག་ཅག་གིས་འདིའི་གཡོག་བགྱིའོ། །ཁྱིམ་བདག་དེས་དེ་ཁྲིད་དེ་སོང་ནས་དོན་མཐུན་དེ་དག་དགོན་པའི་ལམ་ཞིག་ཏུ་མཚན་
མོ་བཏབ་པ་དང་། དོན་མཐུན་དེ་དག་ལམ་གྱིས་དུབ་པས་ཉལ་ནས། ཁྱིམ་བདག་གི་ཆུང་མ་དེ་མེལ་ཚེ་བྱེད་དོ། །ཇི་ཙམ་ན་དེར་སེང་གེ་འོངས་ནས་དེས་མགལ་དུམ་ཐོགས་ཏེ་དེ་བསྡིགས་པ་དང་བྲོས་པར་གྱུར་ནས་ལྷས་ཚིགས་སུ་བཅད་པ་སྨྲས་པ། གང་ཕྱིར་བྱ་བ་ཐམས་ཅད་ལ། །སྐྱེས་པ་
འབའ་ཞིག་མཁས་པ་མིན། །དེ་དང་དེ་ལ་བུད་མེད་ཀྱང་། །ཟིན་ལ་མཁས་པ་ཉིད་དུ་འགྱུར། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་ནི་ཨུཏྤ་ལའི་མདོག་འདི་ཉིད་ཡིན་ལ། དེའི་ཚེ་དེའི་དུས་ན་དོན་མཐུན་ལྔ་བརྒྱ་གང་ཡིན་པ་དེ་དག་ནི་དགེ་སློང་མ་ལྔ་བརྒྱ་འདི་དག་
ཡིན་ཏེ། དེའི་ཚེ་ཡང་འདིས་དོན་མཐུན་མང་པོ་སེང་གེའི་འཇིགས་པ་ལས་ཡོངས་སུ་བསྐྱབས་པར་གྱུར་ལ། ད་ལྟར་ཡང་འདིས་དགེ་སློང་མ་ལྔ་བརྒྱ་གཡོན་ཅན་གྱི་འཇིགས་པ་ལས་ཡོངས་སུ་བསྐྱབས་སོ། །ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གཉིས་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་ཐོམས་ཤིག་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་ལ་རྗེས་སུ་སྟོན་ཅིག་དགའ་བྱེད་ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་
ལྡན་པའི་གཏམ་གྱིས་ཤིག་ཅེས་བཀའ་སྩལ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་དགེ་སློང་མ་ལྔ་བརྒྱ་དང་ཚེ་དང་ལྡན་པ་དགའ་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །ཚེ་དང་ལྡན་པ་དགའ་
བྱེད་ཀྱིས་དེ་ལ་དོན་དང་། ཚིག་དང་། ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ཏོ། །བུད་མེད་ཀྱི་ཡུལ་ནི་ཤེས་རབ་འཆལ་པའི་ཕྱིར་བརྡ་མི་ཕྲད་ཅིང་འཇིགས་པའི་ཕྱིར་འདྲི་མི་ནུས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་སྨྲས་པ་ལ་མངོན་པར་དགའ་
Vol. 7 · folio 89b
བ་དང་རྗེས་སུ་ཡི་རང་བ་བྱས་ཏེ་ཚེ་དང་ལྡན་པ་དགའ་བྱེད་ཀྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ནས་སྟན་ལས་ལངས་ཏེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་
ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འཕགས་པ་དགའ་བྱེད་ཀྱིས་དགེ་སློང་མ་རྣམས་ལ་དོན་དང་། ཚིག་དང་། ཡི་གེ་ཟབ་པ་ཟབ་པ་དག་གིས་ཆོས་བསྟན་ན། བུད་མེད་ཀྱི་ཡུལ་ནི་ཤེས་རབ་འཆལ་པའི་སླད་དུ་བརྡ་
མི་མཇལ་ཅིང་། འཇིགས་པའི་སླད་དུ་འདྲི་བའི་རྔོ་མི་ཐོག་སྟེ། བཅོམ་ལྡན་འདས་ཀྱིས་སྦྱིན་པ་ནི་མི་འཇིགས་པའི་རྒྱུ་ལགས་སོ་ཞེས་བཀའ་སྩལ་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བགྱིའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་ན་གནོང་གིས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་ཀུན་དགའ་བར་འགྱུར་བ་དག་བྱའོ་ཞེས་བཀའ་སྩལ་ནས། དེ་དག་གིས་ཇི་ལྟར་བྱ་
བ་དག་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་ལྔ་པོ་རྩ་བ་དང་སྡོང་བུ་དང་འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་དང་། བཟའ་བ་ལྔ་པོ་འབྲས་ཆན་དང་། ཟན་དྲོན་དང་། འདེ་གུ་དང་། ཤ་དང་། སྣུམ་ཁུར་དག་དང་། ལྷུང་བཟེད་དང་། ཆོས་གོས་དང་།
དྲ་བ་དང་། ཕོར་བུ་དང་། ཤུར་བུ་དང་། ལྕག་ཕོད་དང་། ཤུར་བུ་ཕྲེའུ་དང་། རྒྱ་ཅང་དག་གིས་བྱའོ། །དགེ་སློང་མ་ཞིག་གིས་འོ་ཐུག་ཁྱེར་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་དྲུག་སྡེ་དག་གི་ཀུན་དུ་སྤྱོད་པ་ནི་འདིར་བདག་ཅག་གིས་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་ལ་ཡང་
ཆོས་བསྟན་པར་བྱ། རྒོལ་བ་དག་ཀྱང་ཚར་གཅད་པར་བྱ། རང་གི་གྲགས་པ་ཡང་བསྒྲག་པར་བྱའོ་སྙམ་ནས། དྲུག་སྡེ་ལས་གང་ཡང་རུང་བས་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་སྟོང་པར་མི་འཇོག་པས་ཉེ་དགའ་ནང་པར་སྔར་ལངས་ཏེ་སོ་ཤིང་བོར་ནས་སྣམ་སྦྱར་དམར་སེར་གྱོན་ཏེ་རྒྱལ་བྱེད་ཀྱི་ཚལ་གྱི་
Vol. 7 · folio 90a
སྒོ་ན་འཆག་ཅིང་འདུག་གོ། །ཉེ་དགའས་དགེ་སློང་མ་དེ་མཐོང་ནས་དེ་ལ་དྲིས་པ། ཁྱེར་ཏེ་འོངས་པ་འདི་ཅི། འོ་ཐུག་གོ། །སུ་ལ་བླུད། འཕགས་པ་དགའ་བྱེད་དོ། །གལ་ཏེ་ཉེ་དགའས་ཀྱང་འོ་ཐུག་རྙེད་པར་འགྱུར་ན་རྟག་པ་ཁོ་ནར་དགེ་སློང་མ་ལ་སྟོན་པར་འགྱུར་རོ། །དེ་
བཞིན་དུ་དགེ་སློང་མ་ཁ་ཅིག་གིས་ནི་ཞོ་ཐུག་ཁྱེར་ཏེ་འོངས། ཁ་ཅིག་གིས་ནི་ཧྭགས་ཀྱི་ལ་དུ་ཁྱེར་ཏེ་འོངས་པ་དང་། ཉེ་དགའས་སྨྲས་པ། ཁོ་བོ་ཀོ་ཚེ་དང་ལྡན་པ་དགའ་བྱེད་ཆོས་བཟང་པོའི་ཆོས་ཀྱིས་དགེ་སློང་མ་ལ་སྟོན་སྙམ་གྱི། ཁོ་བོ་ཀོ་ཚེ་དང་ལྡན་པ་དགའ་བྱེད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་
སློང་མ་ལ་སྟོན་སྙམ་མི་སེམས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་རྣམས་ལ་སྟོན་པར་བྱེད་ཅེས་ཟེར་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་
ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ནི་ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་
འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་
Vol. 7 · folio 90b
དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཤཱཀྱའི་བུ་ཉེ་དགའ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ། །འདི་སྐད་ཅེས་
ཞེས་བྱ་བ་ནི་འདི་སྐད་ཅེས་ཟེར་ནའོ། །དགེ་སློང་དག་ཅེས་བྱ་བ་ནི་ཆོས་འདི་པ་དག་གོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའི་ཕྱིར་རོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་ཆོས་འདི་པ་ལའོ། །སྟོན་ཏོ་ཞེས་ཟེར་ན་ཞེས་བྱ་བ་ནི་ལྷག་པའི་ཚུལ་ཁྲིམས་དང་། ལྷག་
པའི་སེམས་དང་། ལྷག་པའི་ཤེས་རབ་བོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ངན་སོང་དང་། ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་
བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་ཙམ་དགེ་སློང་རྣམས་ལ་འདི་སྐད་ཅེས་དགེ་སློང་དག་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ་ཞེས་ཟེར་ན་ཐམས་ཅད་དུ་
ལྟུང་བྱེད་དུ་འགྱུར་རོ། །ཟས་ཆུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་པ་བདེན་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དེ་ཉི་ཤུ་གསུམ་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཚོང་དཔོན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །
དེ་རྒས་པའི་གནས་སྐབས་སུ་ཉེ་དུ་ཟད་པར་གྱུར་ཅིང་ནོར་ཟད་པ་དང་། ལོངས་སྤྱོད་ཟད་པར་གྱུར་ནས་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་ད་ནོར་སྒྲུབ་པར་མི་ནུས་ཀྱིས་ཁོ་བོ་རབ་ཏུ་འབྱུང་དུ་འགྲོའོ། །ཆུང་མས་སྨྲས་པ། རྗེའི་སྲས་བདག་ཀྱང་རབ་ཏུ་འབྱུང་ངོ་། །དེ་ལྟར་གྱིས་ཤིག་
Vol. 7 · folio 91a
ཅེས་དེས་ཆུང་མ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིའི་གན་དུ་ཁྲིད་དེ་སྨྲས་པ། འཕགས་མ་བདག་གི་མཆིས་འབྲང་འདི་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བར་འཚལ་ན་འཕགས་མས་འདི་རབ་ཏུ་དབྱུང་དུ་གསོལ། རྫོགས་པར་བསྙེན་པར་མཛད་དུ་གསོལ།
སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་དེ་རབ་ཏུ་ཕྱུང་ཞིང་རྫོགས་པར་བསྙེན་པར་བྱས་སོ། །དེས་ཚོང་དཔོན་ལ་སྨྲས་པ། རྗེའི་སྲས་བུད་མེད་ཀྱི་ཡུལ་ནི་སྲིད་པ་སྤྱད་པ་ལགས་ཀྱིས་དུས་དང་དུས་སུ་སྤྱོན་ཅིག །ཚོང་དཔོན་དེ་ཡང་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་སློང་གི་གན་དུ་རབ་ཏུ་བྱུང་ངོ་། །མཉན་
ཡོད་པའི་ཚོང་དཔོན་རབ་ཏུ་བྱུང་ངོ་ཞེས་དེ་གྲགས་ཤིང་བསོད་ནམས་ཆེ་བས་དེས་དེའི་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་དང་། ན་བའི་རྐྱེན་དང་། སྨན་གྱི་ཡོ་བྱད་དག་གྲུབ་པོ། །དེ་དུས་གཞན་ཞིག་ན་སྣམ་སྦྱར་དམར་སེར་གྱོན་ཏེ་དགེ་སློང་མ་དེའི་དབྱར་ཁང་དུ་སོང་བ་དང་།
དགེ་སློང་མ་དེས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། མདུན་དུ་འདུག་ནས་དེས་དེའི་སྣམ་སྦྱར་དེ་ལ་ཡང་དང་ཡང་དུ་རྟོག་ནས་དགེ་སློང་དེས་སྨྲས་པ། སྲིང་མོ་སྣམ་སྦྱར་འདི་འདོད་དམ། དེས་སྨྲས་པ། ལྷའི་གནས་ཀྱི་ལྷག་མ་བཞིན་དུའོ། །དེས་བསམས་པ། བདག་གི་འདི་
ལ་སྣམ་སྦྱར་འདི་སྦྱིན་པར་བྱ་ཞིང་བདག་གིས་སྣམ་སྦྱར་གཞན་བཙེམ་པར་བྱའོ་སྙམ་ནས། དེས་དེ་ལ་སྣམ་སྦྱར་དེ་བྱིན་ཏེ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་
པ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་
རྣམས་ལ་ཚེ་དང་ལྡན་པ་དག་བཅོམ་ལྡན་འདས་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས་ཅིག་ལྗོངས་རྒྱུར་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་དང་ལྡན་པ། ཞི་བ་འཁོར་
Vol. 7 · folio 91b
ཞི་བ་དང་ལྡན་པ། གྲོལ་བ་འཁོར་གྲོལ་བ་དང་ལྡན་པ། དབུགས་ཕྱིན་པ་འཁོར་དབུགས་ཕྱིན་པ་དང་ལྡན་པ། ཐུལ་བ་འཁོར་ཐུལ་བ་དང་ལྡན་པ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ་དང་ལྡན་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ་དང་ལྡན་པ། མཛེས་པ་
འཁོར་མཛེས་པ་དང་ལྡན་པ། ཁྱུ་མཆོག་ལྟར་བ་ལང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གླང་པོ་ཆེ་ལྟར་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སེང་གེ་ལྟར་མཆེ་བ་ཅན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ངང་པའི་རྒྱལ་པོ་ལྟར་ངང་པའི་ཚོགས་ཀྱིས་ཡོངས་སུ་
བསྐོར་བ། ནམ་མཁའ་ལྡིང་ལྟར་བྱའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བྲམ་ཟེ་ལྟར་སློབ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། སྨན་པ་མཁས་པ་ལྟར་ནད་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དཔའ་བོ་ལྟར་རུ་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ས་མཁན་ལྟར་ལམ་དུ་
ཞུགས་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དེད་དཔོན་ལྟར་ཚོང་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཚོང་དཔོན་ལྟར་འཁོར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཁར་གྱི་རྒྱལ་པོ་ལྟར་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཁོར་ལོས་སྒྱུར་བ་ལྟར་བུ་སྟོང་གི་
ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཟླ་བ་ལྟར་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཉི་མ་ལྟར་འོད་ཟེར་སྟོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཡུལ་འཁོར་སྲུང་ལྟར་དྲི་ཟའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། འཕགས་སྐྱེས་པོ་ལྟར་གྲུལ་བུམ་གྱི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ། མིག་མི་བཟང་ལྟར་ཀླུའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ནོར་སྦྱིན་ལྟར་གནོད་སྦྱིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། ཐགས་ཟངས་རིས་ལྟར་ལྷ་མ་ཡིན་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། བརྒྱ་བྱིན་ལྟར་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ། ཚངས་པ་ལྟར་ཚངས་རིས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། དབང་པོ་རྣམས་ཀྱིས་ཤིན་ཏུ་དུལ་བ། སྤྱོད་ལམ་དང་སྤྱོད་པ་མ་འཁྲུགས་པ། ཆུ་གཏེར་ལྟར་ཏིང་ངེ་བ། སྤྲིན་ལྟར་ཆུ་དང་བཅས་པ། གླང་པོ་ཆེའི་རྒྱལ་པོ་ལྟར་དྲེགས་པ་དང་བྲལ་བ། སྐྱེས་
Vol. 7 · folio 92a
བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་བཅུས་སྐུ་རྣམ་པར་མཛེས་པ། འོད་འདོམ་གང་གིས་གཟུགས་ཅན་བརྒྱན་པ། ཉི་མ་སྟོང་བས་ལྷག་པའི་འོད་དང་ལྡན་པ། རིན་པོ་ཆེའི་རི་བོ་འགྲོ་བ་ལྟར་ཀུན་ཏུ་བཟང་བ།
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། མིང་ཆེན་དང་། མ་འགགས་པ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་དང་། ཀུན་
དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་དང་། གཞན་ཡང་དགེ་སློང་གི་དགེ་འདུན་མང་པོས་བསྐོར་ཏེ་ཀོ་ས་ལ་དག་ཏུ་ལྗོངས་རྒྱུར་གཤེགས་སོ། །ཆོས་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་དག་ལྗོངས་རྒྱུར་གཤེགས་པ་ན་འགའ་ཞིག་ཆོས་གོས་སྟོད་གཡོགས་སྨད་
གཡོགས་དང་བཅས་པས་ལྗོངས་རྒྱུ་བར་མི་འགྱུར་རམ་སྙམ་པས་སྐུ་ཐམས་ཅད་ཀྱིས་གཡས་ཕྱོགས་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ་ཡིན་པས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ཆོས་གོས་སྟོད་གཡོགས་སྨད་གཡོགས་དང་བཅས་པས་ལྗོངས་རྒྱུར་འགྲོ་བ་གཟིགས་
སོ། །གཟིགས་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དབྱར་གནས་པ་དག་གིས་ཆོས་གོས་ཀྱི་རྙེད་པ་མ་གྲུབ་བམ། བཅོམ་ལྡན་འདས་གྲུབ་བོ། །ཀུན་དགའ་བོ་འོ་ན་ཅིའི་ཕྱིར་དགེ་སློང་འདི་ཆོས་གོས་སྟོད་གཡོགས་སྨད་གཡོགས་
དང་བཅས་པས་ལྗོངས་རྒྱུར་འགྲོ། ཚེ་དང་ལྡན་པ་ཀུན་དགའ་བོས་སྐབས་དེ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་དག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་དག་སྦྱིན་ནམ། བཙུན་པ་སྩལ་
ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དགེ་སློང་མ་ཉེ་དུ་མ་ཡིན་པ་ནི་འདི་སྙམ་དུ་འདིའི་ཆོས་གོས་གསུམ་ཚང་ངམ། འོན་ཏེ་མ་ཚང་སྙམ་དུ་མི་སེམས་པར་འདི་ལྟར་ཐོབ་བོ་ཅོག་ལེན་པར་བྱེད་ཀྱི་ཉེ་དུ་ལ་ནི་བྱིན་ཡང་ལེན་པར་མི་བྱེད་དོ། །དེ་ནས་བཅོམ་
Vol. 7 · folio 92b
ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་
ལྡན་འདས་ཀྱིས་དགེ་སློང་དེ་ལ་རྨས་པ། དགེ་སློང་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་
དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་
བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་སྦྱིན་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །
དགེ་སློང་མ་ཞེས་བྱ་བ་ཡང་ཆོས་འདི་པའོ། །ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལས་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ་དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་
ལའི་གོས་དང་། རས་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །སྦྱིན་ན་ཞེས་བྱ་བ་ནི་བསླང་མི་དགོས་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་
དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་
Vol. 7 · folio 93a
ན། དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་བྱིན་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་
ཡིན་པར་འདུ་ཤེས་པས་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་ཡིད་གཉིས་ཟ་བས་གོས་བྱིན་ན་ཉེས་བྱས་སུ་འགྱུར་རོ། །བོར་བརླག་བྱུང་བ་ལ་སྦྱིན་པ་དང་། ལེགས་པར་སྨྲ་བ་ལ་སྦྱིན་པ་དང་། དགེ་སློང་མའི་དགེ་འདུན་ལ་གོས་ཀྱི་
སྦྱིན་པ་སྦྱིན་པ་དང་། རྫོགས་པར་བསྙེན་པར་བྱེད་པ་ལ་སྦྱིན་པ་དང་། རིན་གྱི་ཕྱིར་སྦྱིན་པ་དང་། བརྗེ་བའི་ཕྱིར་སྦྱིན་པ་ལ་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གོས་སྦྱིན་པའི་ལྟུང་བྱེད་
དེ་ཉི་ཤུ་བཞི་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་དགུ་པ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་སྦེད་མའི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་
རྙིངས་ནས། དེས་རས་ཡུག་ཆེན་ཅིག་རྙེད་པ་དང་དེ་སུ་ཞིག་བདག་གི་ཆོས་གོས་ཚེམ་པར་འགྱུར་སྙམ་དུ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ན། དགེ་སློང་མ་རྣམས་ཀྱིས་དེ་ལ་སྨྲས་པ། སྦེད་མ་ཁྱོད་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་འདུག །ཕུ་ནུ་མོ་དག་ཁོ་མོ་ཆོས་གོས་ལྔ་ངན་ཅིང་
སྣམ་སྦྱར་ཡང་རྙིངས་ནས་ཁོ་མོས་རས་ཡུག་ཆེན་ཞིག་རྙེད་ན། ཁོ་མོའི་ཆོས་གོས་སུ་འདྲུབ་པར་འགྱུར་མི་ཤེས་སོ། །སྦེད་མ་ཁྱོད་གསེར་གྱི་སྣོད་ཀྱིས་སློང་མོ་ལ་རྒྱུའམ། ཁྱོད་ཀྱི་དགེ་སློང་འཕགས་པ་འཆར་ཀ་རབ་ཏུ་བཤེས་པ་ཡིན་ནོ། །སྦེད་མས་སྨྲས་པ། དེས་ཁོ་མོའི་ཆོས་གོས་
དྲུབས་པར་མི་འགྱུར་རོ། །ཁྱོད་ཀྱིས་དེ་ལ་ལན་འགའ་བཅོལ་བ་ཡོད་དམ། ལན་འགའ་ཡང་བཅོལ་བ་མེད་དོ། །ཅི་ཁྱོད་ཆུ་སྒྲ་གྲགས་པས་ལྷམ་འབུད་དམ། སོང་ལ་ཆོལ་ཅིག་དང་འདྲུབ་པར་འགྱུར་རོ། །སྦེད་མ་འཆར་ཀའི་གན་དུ་སོང་སྟེ། དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་
Vol. 7 · folio 93b
འཚལ་ནས་མདུན་དུ་འདུག་པ་དང་། ཚེ་དང་ལྡན་པ་འཆར་ཀས་དེའི་རས་ཡུག་ཆེན་མཐོང་ནས་དེ་ལ་སྨྲས་པ། སྦེད་མ་གང་ལ་རས་ཡུག་ཆེན་འདི་ལྟ་བུ་ཡོད་པ་དེས་རས་སར་པ་ལས་སྣམ་སྦྱར་ཉི་རིམ་བྱས་ཏེ་སྙིང་ལས་ཆུང་ངུས་དགེ་བའི་ཕྱོགས་ལ་ཏྲོན་བྱས་པར་འགྱུར་རོ། །སྦེད་མས་
སྨྲས་པ། འཕགས་པ་བདག་ཁྱོད་ལ་རས་ཡུག་ཆེན་མི་འབུལ་བ་ནི་མ་ལགས་ན་འདི་ལྟར་བདག་གི་ཆོས་གོས་ལྔ་ངན་ཅིང་སྣམ་སྦྱར་ཡང་རྙིངས་པས་ཁྱོད་ཀྱིས་བདག་གི་སྣམ་སྦྱར་ཚེམས་ཏེ་སྩོལ་ཅིག །འཆར་ཀས་བསམས་པ། གལ་ཏེ་རེ་ཞིག་བཙེམ་པར་བྱར་ཡང་བཅུ་གཉིས་སྡེ་དག་
ལས་གང་དང་གང་དག་ལ་ཆོས་གོས་བཙེམ་པར་བྱ་བ་བྱུང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་བདག་གི་གན་དུ་ཁྱེར་ཏེ་འོང་བས་དེ་སྙེད་ཅིག་བཙེམ་པར་ཡང་ཇི་ལྟར་ནུས། གལ་ཏེ་མི་བཙེམ་དུ་ནི་ཚིག་པའི་གཡར་ཚུས་ཀྱང་མི་སྟེར་བར་འགྱུར་བས་འདི་ལྟར་ཅི་ནས་ཀྱང་ཤིང་གི་སྣོད་དུ་བསྐོལ་
བ་བཞིན་དུ་དང་པོ་གང་ཡིན་པ་དེ་ཉིད་ཐ་མར་འགྱུར་བ་དེ་ལྟར་བཙེམ་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། ཞོག་ལ་སོང་ཤིག །སྦེད་མས་བཞག་སྟེ་སོང་བ་དང་། དྲུག་སྡེ་དག་དེར་དོང་ནས་དེ་དག་གིས་རས་ཡུག་ཆེན་དེ་མཐོང་ནས་སྨྲས་པ། བཙུན་པ་འཆར་ཀ་རས་ཡུག་ཆེན་
འདི་སུའི། ལས་བདག་གིར་བྱ་བ་དེའིའོ། །གང་གི་སྦེད་མའིའོ། །འོ་ན་འཁོད་དེ་ཅི་རུང་བཙེམ་པར་བྱའོ། །དེ་ལྟར་གྱིས་ཤིག །དེ་དག་གིས་རས་ཡུག་ཆེན་དེ་བརྒྱངས་ཏེ་དྲས་ཤིང་དྲུབས་ནས་འཆར་ཀས་སྣམ་སྦྱར་དེ་དང་ཚོན་སྣ་ལྔའི་སྐུད་པ་ཁྱེར་ཏེ་འཆག་ཏུ་སོང་ནས། དེས་
དེར་སོང་སྟེ་སྣམ་སྦྱར་དེ་ལ་ཚོན་སྣ་ལྔའི་སྐུད་པས་བདག་ཉིད་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་ཞིག་སྐུད་རིས་སུ་བཙེམ་ནས་དེ་གཙུག་ལག་ཁང་དུ་འོངས་ཏེ་སྣམ་སྦྱར་དེ་བལྟབ་ནས་ཆོས་གོས་ཀྱི་གདང་ལ་བཀལ་ཏེ་བཞག་པ་དང་། སྦེད་མ་ཡང་འོངས་ནས་འཆར་ཀས་སྨྲས་པ།
སྦེད་མ་ཁོ་བོས་ཀྱང་སྣམ་སྦྱར་བཙེམས་ན་ཁྱོད་ཀྱང་འོངས་སོ། །དེས་སྣམ་སྦྱར་དེ་བལྟབ་བཞིན་དུ་སྦེད་མའི་ཕྲག་པ་ལ་བཀལ་ཏེ་སྨྲས་པ། རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ། སྦེད་མས་སྣམ་སྦྱར་དེ་དེ་བཞིན་བལྟབ་
Vol. 7 · folio 94a
བཞིན་ཁོ་ནར་དབྱར་ཁང་དུ་འཕགས་པ་དང་། དེ་ལ་དགེ་སློང་མ་ཁྲིམས་ཟླས་སྨྲས་པ། སྦེད་མ་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས་འོན་ཅིག །སྦེད་མས་དེ་ལ་སྨྲས་པ། འཕགས་པ་འཆར་ཀ་ན་རེ་རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་
བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་ཟེར་རོ་ཞེས་ལྟར་མ་སྟེར་རོ། །སྦེད་མ་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། སྦེད་མ་འཕགས་པ་འཆར་ཀས་སྣམ་སྦྱར་ཇི་ལྟར་བཙེམས་པ་བལྟས་འོན་ཅིག །སྦེད་མས་སྨྲས་པ། འཕགས་
པ་འཆར་ཀ་ན་རེ་རེ་ཞིག་ཇི་སྲིད་དུ་ཚོན་གྱིས་མ་བཅལ་བ་དེ་སྲིད་དུ་མ་དབྱེ་ཤིག །ལྟུང་བ་དང་བཅས་པར་གྱུར་ཏ་རེ་ཞེས་ཟེར་རོ། །དགེ་སློང་མ་གྲོགས་མོ་དག་གིས་འདི་ལ་ལྟུང་བར་འགྱུར་བ་ཅི་ཡོད་ཅེས་དེའི་རྒྱབ་ལོགས་སུ་འདུག་སྟེ་སྣམ་སྦྱར་ཧུར་ཅེས་ཕྲོགས་ནས་ཕྱེ་སྟེ་བལྟས་པ་དང་།
དགེ་སློང་མ་རྣམས་ཀྱིས་དེ་ལ་ཚོན་སྣ་ལྔའི་སྐུད་པས་འཆར་ཀ་སྦེད་མའི་མགུལ་ནས་འཁྱུད་དེ་འདུག་པ་སྐུད་རིས་སུ་བཙེམས་པ་མཐོང་ནས་རྟ་གད་ཀྱིས་བཏབ་སྟེ་སྨྲས་པ། སྦེད་མ་ཁྱོད་ལ་འཕགས་པ་འཆར་ཀས་ཡུན་རིང་མོ་ཞིག་གིས་གཟོད་འཁྱུད་དོ། །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་
མཱིས་ཐོས་ནས་དེས་སྨྲས་པ། ནུ་མོ་དག་ཁྱེད་མགོ་ཕྱི་ཞིང་མཆན་ཁུང་སྤུན་པ་ཡིན་ན་ཅི་དགོད། དེ་དག་གིས་སྨྲས་པ། འཕགས་མ་ཇི་ལྟ་ཇི་ལྟར་འཕགས་པ་འཆར་ཀས་མི་མཛེས་པ་བགྱིས་པ་ལ་གཟིགས། ནུ་མོ་དག་དྲུག་སྡེ་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་འདྲུམས་པ་
ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་
དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་
Vol. 7 · folio 94b
ཀ་ཁྱོད་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་
སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་
པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་ཉེ་དུ་མ་ཡིན་པའི་གོས་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་
མ་ཞེས་བྱ་བ་ནི་ཆོས་འདི་པའོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །གོས་ཞེས་བྱ་བ་ནི་བདུན་པོ་བལ་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་
དང་། རབ་བལ་གྱི་གོས་དང་། ཀོ་ཏམ་པའི་གོས་དང་། ཉི་འོག་གི་གོས་དག་ལས་གང་ཡང་རུང་བའོ། །བྱེད་ན་ཞེས་བྱ་བ་ནི་འཚེམ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་
དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་དགེ་སློང་མ་
ཉེ་དུ་མ་ཡིན་པ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་གོས་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཉེ་དུ་མ་ཡིན་པར་འདུ་ཤེས་པས་གོས་བྱེད་ན་ཉེས་བྱས་སུ་
Vol. 7 · folio 95a
འགྱུར་རོ། །དགེ་སློང་གིས་དགེ་སློང་མ་ཉེ་དུ་ལ་ཡིད་གཉིས་ཟ་བས་གོས་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གོས་བྱེད་པའི་ལྟུང་བྱེད་དེ་ཉི་ཤུ་ལྔ་
པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ་འགྲོ་ན་ཡང་འགྲོ་བར་ཆས་པའི་
རྙེད་པ་སྒྲུབ་པར་བྱེད། འོང་ན་ཡང་བློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་པོ་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་འཐོབ་པ་དང་། སྐྱེ་བོ་མང་པོ་དགའ་བ་དང་།
ཡིད་དུ་འོང་བར་ག་ལ་འགྱུར་གྱིས། ཡུ་བུ་ཅག་ཀྱང་འདོང་ངོ་། །གང་དུ་འདོང་། ལྗོངས་རྒྱུར་འདོང་ངོ་། །ཇེ་སྲིང་མོ་དག་བལྟའོ་ཞེས་དེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དགེ་སློང་མའི་དབྱར་ཁང་དུ་དོང་སྟེ་བཅུ་
གཉིས་སྡེ་དག་གི་གན་དུ་སོང་ནས་སྨྲས་པ། སྲིང་མོ་དག་ཁྱེད་ཅག་བལྟས་ཀྱིས་ཁོ་བོ་ཅག་ལྗོངས་རྒྱུར་འདོང་ངོ་། །དེ་དག་ངུས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་ངུར་ཅི་ཡོད། གལ་ཏེ་ཁྱེད་ཅག་ལྗོངས་རྒྱུར་བཞུད་ན་བདག་ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ། །
དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་བཅོམ་ལྡན་འདས་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་བཞུགས་ན་ཁྱེད་ཅག་བདག་ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ་ཞེས་ཟེར་རམ། དེ་དག་གིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་དག་བདག་ཅག་མཐོང་བར་ཡང་མི་དགའ་ན་མཆི་བ་དང་།
སྟན་འདིང་བ་དང་། ཆོས་སྟོན་པར་ལྟ་ག་ལ་འགྱུར། ཉེ་དགའས་སྨྲས་པ། སྲིང་མོ་དག་འོ་ན་ལྷན་ཅིག་འདོང་ངོ་། །སྦོམ་དགའ་མོས་སྨྲས་པ། དགེ་སློང་མ་དག་དགེ་སློང་རྣམས་དང་ལྷན་ཅིག་མཆིར་རུང་ངམ། ཉེ་དགའས་སྨྲས་པ། ལེགས་པར་རུང་ངོ་ཤིན་ཏུ་རུང་ངོ་གང་དུ་བཀག་
Vol. 7 · folio 95b
སུས་བཀག་ལམ་རྒྱགས་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ལམ་རྒྱགས་མང་པོ་དག་སྟ་གོན་བྱས་སོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་དགེ་
སློང་མའི་དབྱར་ཁང་དུ་དོང་བ་དང་། དེ་དག་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ། ཇོ་བོ་ཅག་ཇེ་ཞལ་ཚུས་གསོལ་ཅིག །དེ་དག་གིས་གཡར་ཚུས་བྱས་བྱས་པ་ན་དེ་དག་གིས་ལམ་རྒྱགས་སྦྱར་བ་ཐམས་ཅད་ཟོས་ནས་དེ་དག་གིས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་ལམ་རྒྱགས་ཇི་སྙེད་
སྟ་གོན་བྱས་པ་བལྟས་འོན་ཅིག །དེ་དག་གིས་སྨྲས་པ། ཁྱེད་ཀྱིས་གསོལ་བ་དེ་དག་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ལམ་རྒྱགས་དེ་ཙམ་གྱིས་ལྗོངས་རྒྱུར་ཇི་ལྟར་ནུས། འདི་ལྟར་ལམ་ཀར་ལྷག་པར་བཀྲེས་པར་འགྱུར་གྱིས་ལམ་རྒྱགས་མང་དུ་སྟ་གོན་གྱིས་ཤིག །དེ་དག་
གིས་ལམ་རྒྱགས་མང་པོ་དག་སྟ་གོན་བྱས་ཏེ་དྲུག་སྡེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །བསོད་སྙོམས་པ་ཞིག་ཀྱང་དེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་པ་དང་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། བསོད་སྙོམས་པ་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་གྱིས་ཁྱོད་
འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་མ་འགྲོ་ཤིག །ཁྱོད་ལ་མཐོ་འཚམ་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ། ཁོ་བོ་ལོ་འདས་པ་ཡིན་པས་འདི་དག་ལ་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། ཡོངས་སུ་དྲི་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་འགའ་ཡང་རག་
མ་ལས་པས་འདི་དག་གིས་ཁོ་བོ་ལ་ཐོ་བཙམ་དུ་ཅི་ཡོད་ཅེས་དེས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ་དྲུག་སྡེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །དེ་དག་གིས། གང་གི་ཚེ་མཚམས་ཀྱི་ཕྱི་རོལ་ཏུ་སོན་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་
གྱི་སྤྱོད་ལམ་གྱིས་འཁོད་པར་བྱ། ཚུར་ཤེག་བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ་ཞེས་དང་པོར་དགའ་བོ་འདུག་ནས་དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་
Vol. 7 · folio 96a
བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་འདུག་གོ། །དེ་བཞིན་དུ་ཉེ་དགའ་དང་། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་དང་བྲམ་ཟེ་ཞིག་འགྲོ་བ་དེས་དེ་དག་མཐོང་ནས་དེས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན། དེའི་
ཆུང་མ་ནི་འདི་ཡིན། དེའི་བུ་ནི་འདི་ཡིན། དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགའས་ཐོས་ནས་དེས་སྨྲས་པ། བཀྲེན་པ་ཁྱོད་ཀྱི་གཉའ་བ་རྡོག་པས་མནན་ནས་འདི་ནི་ཁོ་བོའི་ཆུང་མ་ཡིན། འདི་ནི་ཁོའི་བུ་ཡིན། འདི་
ནི་ཁོའི་མནའ་མ་ཡིན། འདི་ནི་ཁོ་བོའི་ཚ་བོ་ཡིན། འདི་ནི་ཁོ་བོའི་ཚ་བོའི་ཆུང་མ་ཡིན། བསོད་སྙོམས་པ་དེས་བསམས་པ་བདག་ཤི་བ་ནི་བླའི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་དག་དང་ལྷན་ཅིག་ལྗོངས་རྒྱུར་འགྲོ་བ་ནི་མི་རུང་ངོ་སྙམ་ནས་དེ་ཕྱིར་ལོག་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་
སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། བསོད་སྙོམས་པ་ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་དག་ཇི་ལྟར་བདེ་བར་བརྒྱུས། དྲུག་སྡེ་གནས་ངན་ལེན་ཀུན་ཏུ་སྤྱོད་པ་དག་གིས་འདྲུམས་པ་ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ། །ཅི་བྱས། དེས་སྐབས་དེ་
དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ། །ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་
སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་
Vol. 7 · folio 96b
སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་
པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་
སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་
ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་མ་རབ་ཏུ་མང་པོ་དག་རྒྱལ་པོའི་ཁབ་ཏུ་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བར་དབྱར་གནས་པར་ཁས་བླངས་ནས་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་
དུ་མཉན་ཡོད་དུ་འཕགས་ནས་དེ་དག་གིས་མཉན་ཡོད་དུ་འགྲོ་བའི་དོན་མཐུན་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དེ་དག་གིས་དགེ་སློང་དང་བཅས་པའི་དོན་མཐུན་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་དོན་མཐུན་འདི་ནི་དགེ་སློང་དང་བཅས་པ་ཡིན་གྱིས། དགེ་སློང་མེད་པའི་
དོན་མཐུན་གཞན་བཙལ་བར་བྱའོ། །ཞེས་དེ་དག་གིས་དགེ་སློང་མེད་པའི་དོན་མཐུན་གཞན་བཙལ་བར་བརྩམས་པ་དང་། ཇི་ཙམ་ན་དགེ་སློང་མེད་པའི་དོན་མཐུན་མ་རྙེད་ནས་དེ་དག་གིས་སྨྲས་པ། ཕུ་ནུ་མོ་དག་བདག་ཅག་གིས་ཤིན་ཏུ་ཡུན་རིང་པོར་བསྡད་ན་ཡང་དགེ་སློང་མེད་
པའི་དོན་མཐུན་མ་རྙེད་ཀྱིས་དོན་མཐུན་འདི་ཉིད་དང་མགོ་སྣང་ཙམ་གྱིས་འདོང་བར་བྱའོ། །ཞེས་དེ་དག་དོན་མཐུན་དེ་དང་ལྷན་ཅིག་མགོ་སྣང་ཙམ་གྱིས་འཕགས་སོ། །དོན་མཐུན་དེ་ཤིན་ཏུ་རིངས་པར་སོང་ནས་དེ་དག་ཕྱི་བཞིན་འབྲང་ཞིང་འགྲོ་བ་ན་ཆོམ་རྐུན་པ་དག་གིས་བཅོམ་ནས་དེ་
Vol. 7 · folio 97a
དག་མཐར་གྱིས་མཉན་ཡོད་དུ་ཕྱིན་ཏེ་དགེ་སློང་མའི་དབྱར་ཁང་དུ་དོང་བ་དང་དགེ་སློང་མ་རྣམས་ཀྱིས་མཐོང་ནས་སྨྲས་པ། ཕུ་ནུ་མོ་དག་ཇི་ལྟ་བདེ་བར་བརྒྱུས་སམ། ཇི་ལྟར་བདེ་བར་བརྒྱུས། བདག་ཅག་ཆོམ་རྐུན་པ་དག་གིས་བཅོམ་མོ། །ཕུ་ནུ་མོ་དག་ཇི་ལྟར་
བདག་ཅག་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བཏང་བ་དེ་ལྟར་ནི་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་པོ་དག་གིས་ཀྱང་བུད་མེད་ཀྱི་ཡུལ་འགའ་ཡང་ཡོངས་སུ་མ་བཏང་ངོ་། །ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དུས་མ་གཏོགས་སོ། །དགེ་སློང་དག་དོན་མཐུན་དང་ལྷན་ཅིག་ལྗོངས་རྒྱུར་འདོང་བ་ན་དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལམ་རྒྱགས་བསྐུར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ལམ་རྒྱགས་བསྐུར་བར་བྱའོ་ཞེས་བཀའ་སྩལ་ནས་དེ་དག་གིས་སུས་བསྐུར་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩེ་རྒོད་ཀྱིས་བསྐུར་བར་བྱའོ། །རྩེ་རྒོད་
མེད་ན་རྩེ་རྒོད་མོས་བསྐུར་བར་བྱའོ། །རྩེ་རྒོད་མོ་མེད་ན་དགེ་ཚུལ་གྱིས་བསྐུར་བར་བྱའོ། །དགེ་ཚུལ་མེད་ན་དགེ་ཚུལ་མས་བསྐུར་བར་བྱའོ། །དགེ་ཚུལ་མ་མེད་ན་དགེ་སློང་རྣམས་ཀྱིས་དགེ་སློང་མའི་ལམ་རྒྱགས་བསྐུར་བར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་
ཀྱི་ལམ་རྒྱགས་བསྐུར་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་དགེ་སློང་མ་རྣམས་ཀྱི་བྱིན་ལེན་བསྟབ་པར་བྱ་ཞིང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ཀྱི་བྱིན་ལེན་བསྟབ་པར་བྱའོ། །དགེ་སློང་དག་ལྗོངས་རྒྱུ་ཞིང་འདོང་བ་ན་ན་བར་གྱུར་ནས་དགེ་སློང་མ་དག་གིས་དེ་དག་
བོར་ཏེ་དོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་བཀུར་བར་བྱའོ། །དགེ་སློང་མ་དག་རྐང་པ་ལོགས་ནས་འཛིན་ཅིང་དགེ་སློང་དག་མགོ་ལོགས་ནས་འཛིན་པ་ན་དགེ་སློང་མ་དག་འདོད་ཆགས་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་
Vol. 7 · folio 97b
བཀའ་སྩལ་པ། དགེ་སློང་དག་གིས་རྐང་པ་ལོགས་ནས་གཟུང་བར་བྱ་ཞིང་། དགེ་སློང་མ་དག་གིས་མགོ་ལོགས་ནས་གཟུང་བར་བྱའོ། །དེ་དག་གྲོང་དུ་ཕྱིན་ནས་ཐམས་ཅད་སྡོད་པ་ན། དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཐམས་ཅད་ཀྱིས་བསྡད་པར་མི་བྱ་བར་དེ་ན་བའི་སྨན་དང་ཟན་ལེགས་པར་སྦྱར་ཏེ་དགེ་སློང་གཅིག་བཞག་ནས་ལྷག་མ་རྣམས་འདོང་བར་བྱའོ། །དགེ་སློང་མ་རྣམས་ལ་ཡང་དེ་བཞིན་དུ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་།
བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་
གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ལམ་དོན་མཐུན་གྱིས་
བགྲོད་པར་བྱ་བ་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་དེ་ལ་དེ་ནི་དུས་ཡིན་ནོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེའམ་གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །
དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་པའོ། །འཐམས་ནས་ཞེས་བྱ་བ་ནི་བརྡའ་བྱས་ནས་སོ། །འགྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུའོ། །འཇུག་ན་ཞེས་བྱ་བ་ནི་འགྲོ་ནའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་
བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་
Vol. 7 · folio 98a
ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་དུས་ནི་འདི་ཡིན་ཏེ་ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཞེས་བྱ་བ་ནི་དོན་མཐུན་མེད་པར་བགྲོད་མི་ནུས་པའོ། །དོགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་ཆོམ་རྐུན་པ་དང་གཡོན་
ཅན་གྱིས་འཇིགས་པར་གྲགས་པའོ། །འཇིགས་པ་དང་བཅས་པར་གྲགས་པ་ཞེས་བྱ་བ་ནི་སེང་གེ་དང་། སྟག་དང་། གུང་གིས་འཇིགས་པར་གྲགས་པའོ། །འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་ཞེས་བྱ་བ་ནི་ཤ་སྦྲང་དང་། སྦྲང་
བུ་མཆུ་རིངས་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ནའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་འགྲོན་ལམ་དུ་
འཇུག་ན་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲོང་ནས་དགོན་པའི་འགྲོན་ལམ་དུ་འཇུག་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་པོ་དག་གི་རྒྱང་གྲགས་
ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་དགོན་པ་ནས་གྲོང་གི་འགྲོན་ལམ་དུ་འཇུག་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་པོ་དག་གི་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་
སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དེ་ཉི་ཤུ་དྲུག་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ལྷུང་བཟེད་ནག་པོ་ཅན་འདི་དག་ནི་རྐང་པ་སྤྲེའུ་ཞག་གིས་བསྐུས་ཏེ། འགྲོན་ན་ཡང་འགྲོ་བར་ཆས་པས་རྙེད་
Vol. 7 · folio 98b
པ་སྒྲུབ་པར་བྱེད། འོང་ན་ཡང་བློ་བུར་དུ་འོངས་པའི་རྙེད་པ་སྒྲུབ་པར་བྱེད་ཅིང་། སྐྱེ་བོ་མང་པོ་དག་དགའ་བ་དང་། ཡིད་དུ་འོང་བར་ཡང་འགྱུར་རོ། །ཡུ་བུ་ཅག་ནི་ཁྲོན་པའི་རུས་སྦལ་དང་འདྲ་བར་གར་ཡང་མི་འདོང་། གང་ནས་ཀྱང་མི་འོང་བས་རྙེད་པ་ཐོབ་པ་དང་། སྐྱེ་བོ་མང་
པོ་དག་དགའ་བ་དང་། ཡིད་དུ་འོང་བར་ག་ལ་འགྱུར་གྱིས་ཡུ་བུ་ཅག་ཀྱང་འདོང་ངོ་། །གང་དུ་འདོང་། ལྗོངས་རྒྱུར་འདོང་ངོ་། །ཇེ་སྲིང་མོ་དག་བལྟའོ་ཞེས་དེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་དགེ་
སློང་མའི་དབྱར་ཁང་དུ་དོང་སྟེ་བཅུ་གཉིས་སྡེ་དག་གི་གན་དུ་དོང་ནས་སྨྲས་པ། སྲིང་མོ་དག་ཁྱེད་ཅག་བལྟས་ཀྱིས་ཁོ་བོ་ཅག་ལྗོངས་རྒྱུར་འདོང་ངོ་། །དེ་དག་ངུས་པ་དང་། དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་ངུར་ཅི་ཡོད། གལ་ཏེ་ཁྱེད་ཅག་ལྗོངས་རྒྱུར་བཞུད་ན་བདག་
ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ། །དྲུག་སྡེ་དག་གིས་སྨྲས་པ་སྲིང་མོ་དག་བཅོམ་ལྡན་འདས་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་བཞུགས་ན། ཁྱེད་ཅག་བདག་ཅག་ལ་རྒྱལ་བྱེད་ཀྱི་ཚལ་སྟོངས་པར་འགྱུར་རོ་ཞེས་ཟེར་རམ་དེ་དག་གིས་སྨྲས་པ། ལྷུང་བཟེད་ནག་པོ་ཅན་
དག་བདག་ཅག་མཐོང་བར་ཡང་མི་དགའ་ན། མཆི་བ་དང་སྟན་གདིང་བ་དང་། ཆོས་སྟོན་པར་ལྟ་ག་ལ་འགྱུར། ཉེ་དགའས་སྨྲས་པ། སྲིང་མོ་དག་འོ་ན་ལྷན་ཅིག་འདོང་ངོ་དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་
འཐམས་ནས་འགྲོན་ལམ་དུ་འཇུག་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ་ཞེས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། ཉེ་དགའས་སྨྲས་པ། དེ་ནི་སྐམ་སའི་ལམ་དུ་བཅའ་བ་མཛད་པས་བདག་ཅག་གྲུའི་ལམ་དུ་འདོང་ངོ་། །སྦོམ་དགའ་མོས་སྨྲས་པ། དགེ་སློང་མ་དག་དགེ་
སློང་དག་དང་ལྷན་ཅིག་གྲུའི་ལམ་དུ་མཆིར་རུང་ངམ། ཉེ་དགའས་སྨྲས་པ། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །གང་དུ་བཀག །སུས་བཀག །ལམ་རྒྱགས་མང་པོ་དག་སྟ་གོན་གྱིས་ཤིག །དེ་དག་གིས་ལམ་རྒྱགས་མང་པོ་དག་ལྟ་གོན་བྱས་སོ། །དྲུག་སྡེ་དག་
Vol. 7 · folio 99a
སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་དག་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་དགེ་སློང་མའི་དབྱར་ཁང་དུ་དོང་བ་དང་། དེ་དག་ལ་བཅུ་གཉིས་སྡེ་དག་གིས་སྨྲས་པ།
ཇོ་བོ་ཅག་ཇེ་ཞལ་ཚུས་གསོལ་ཅིག །དེ་དག་གིས་གཡར་ཚུས་བྱས་པ་ན་དེ་དག་གིས་ལམ་རྒྱགས་སྦྱར་བ་ཐམས་ཅད་ཟོས་ནས། དེ་དག་གིས་སྨྲས་པ། སྲིང་མོ་དག་ཁྱེད་ཀྱིས་ལམ་རྒྱགས་ཇི་སྙེད་སྟ་གོན་བྱས་པ་བལྟས་འོན་ཅིག །དེ་དག་གིས་སྨྲས་པ། ཁྱེད་
ཀྱིས་གསོལ་པ་དེ་དག་ལགས་སོ། །དྲུག་སྡེ་དག་གིས་སྨྲས་པ། ལམ་རྒྱགས་དེ་ཙམ་གྱིས་ལྗོངས་རྒྱུར་ཇི་ལྟར་ནུས། འདི་ལྟར་ལམ་ཀར་ལྷག་པར་བཀྲེས་པར་འགྱུར་གྱིས་ལམ་རྒྱགས་མང་དུ་སྟ་གོན་གྱིས་ཤིག །དེ་དག་གིས་ལམ་རྒྱགས་མང་པོ་དག་སྟ་
གོན་བྱས་ཏེ་དྲུག་སྡེ་དག་དང་ལྷན་ཅིག་ལྗོངས་རྒྱུར་འཕགས་སོ། །བསོད་སྙོམས་པ་ཞིག་ཀྱང་དེ་དག་དང་ལྗོངས་རྒྱུར་འཕགས་པ་དང་། དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། བསོད་སྙོམས་པ་འདི་དག་ནི་གནས་ངན་ལེན་ཀུན་དུ་སྤྱོད་པ་ཡིན་གྱིས་འདི་དག་དང་ལྷན་
ཅིག་ལྗོངས་རྒྱུར་མ་འགྲོ་ཤིག །ཁྱོད་ལ་མཐོ་འཚམ་པར་འགྱུར་རོ། །བསོད་སྙོམས་པས་སྨྲས་པ། ཁོ་བོ་ལོ་འདས་པ་ཡིན་པས་འདི་དག་ལ་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། ཡོངས་སུ་དྲི་བ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་འགའ་
ཡང་རག་མ་ལས་པས་འདི་དག་གིས་ཁོ་བོ་ལ་ཐོ་བཙམ་དུ་ཅི་ཡོད་ཅེས་དེས་དེ་དག་གི་ཚིག་ཚིག་མ་ཡིན་པར་བྱས་ཏེ། དྲུག་སྡེ་དག་དང་ལྷན་ཅིག་གྲུར་འཇུག་ཏུ་འཕགས་སོ། །དེ་དག་གིས་གང་གི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སོན་པ་དེའི་ཚེ་ན་སྨྲས་པ། དགའ་བོ་ཉེ་དགའ་
བདག་ཅག་གིས་ཡུན་ཇི་སྲིད་དུ་གཞན་གྱི་སྤྱོད་ལམ་གྱིས་འཁོད་པར་བྱ། ཚུར་གཤེགས་བདག་ཅག་རང་རང་གི་སྤྱོད་ལམ་གྱིས་འཁོད་པར་བྱའོ། །ཞེས་དང་པོར་དགའ་བོ་འདུག་ནས། དེའི་འོག་ཏུ་དགའ་མོ་འདུག །དེའི་འོག་ཏུ་དགའ་བོའི་ལྷན་ཅིག་གནས་
Vol. 7 · folio 99b
པ་འདུག །དེའི་འོག་ཏུ་དགའ་མོའི་ལྷན་ཅིག་གནས་པ་འདུག །དེའི་འོག་ཏུ་དགའ་བོའི་དགེ་ཚུལ་འདུག །དེའི་འོག་ཏུ་དགའ་མོའི་དགེ་ཚུལ་མ་འདུག །དེ་བཞིན་དུ་ཉེ་དགའ་དང་། གཙུག་དགའ་མོ་ལ་སོགས་པ་ཡང་སྤེལ་མར་བཀོད་དེ་དོང་ངོ་། །དོན་མཐུན་དེ་
དང་བྲམ་ཟེ་ཞིག་ལྷན་ཅིག་འགྲོ་བ་དེས་དེ་དག་མཐོང་ནས་དེས་སྨྲས་པ། འདི་ནི་དགེ་སྦྱོང་ཡིན་དེའི་ཆུང་མ་ནི་འདི་ཡིན་དེའི་བུ་ནི་འདི་ཡིན་དེའི་མནའ་མ་ནི་འདི་ཡིན། དེའི་ཚ་བོ་ནི་འདི་ཡིན། དེའི་ཚ་བོའི་ཆུང་མ་ནི་འདི་ཡིན་པར་ཤེས་སོ། །ཉེ་དགའས་ཐོས་ནས་དེས་སྨྲས་
པ། བཀྲེན་པ་ཁྱོད་ཀྱི་གཉའ་བ་རྡོག་པས་མནན་ནས་འདི་ནི་ཁོ་བོའི་ཆུང་མ་ཡིན། འདི་ནི་ཁོ་བོའི་བུ་ཡིན། འདི་ནི་ཁོ་བོའི་མནའ་མ་ཡིན། འདི་ནི་ཁོ་བོའི་ཚ་བོ་ཡིན། འདི་ནི་ཁོ་བོའི་ཚ་བོའི་ཆུང་མ་ཡིན་ནོ། །བསོད་སྙོམས་པ་དེས་བསམས་པ་བདག་ཤི་བ་ནི་བླའི་
གནས་ངན་ལེན་ཀུན་དུ་སྤྱོད་པ་འདི་དག་དང་ལྷན་ཅིག་གྲུར་ཞུགས་ཏེ་འགྲོ་བ་ནི་མི་རུང་ངོ་སྙམ་ནས། དེ་ཕྱིར་ལོག་སྟེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས་སྨྲས་པ། བསོད་སྙོམས་པ་ཇི་ལྟ་བདེ་བར་བརྒྱུས་སམ། ཚེ་དང་ལྡན་པ་
དག་ཇི་ལྟར་བདེ་བར་བརྒྱུས། དྲུག་སྡེ་གནས་ངན་ལེན་ཀུན་དུ་སྤྱོད་པ་དག་གིས་འདྲུམས་པ་ལྟུང་བས་བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་པར་བྱེད་དོ། །ཅི་བྱས། དེས་སྐབས་དེ་དགེ་སློང་རྣམས་ལ་རྒྱས་པར་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་
དག་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་།
གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་
Vol. 7 · folio 100a
འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་པ་བདེན་ནམ་བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་
པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་
ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་
གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་
མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་ཅིག་གིས་ཆུ་ཀླུང་གནས་ཅན་གྱི་ཕ་རོལ་ཐི་བ་ཅན་གྱི་ཀུན་དགའ་ར་བར་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་བྱེད་དུ་བཅུག་ནས། དེས་གཙུག་ལག་ཁང་དེ་
དབུལ་བའི་ཕྱིར་གཉིས་ཀའི་དགེ་འདུན་སྤྱན་དྲངས་སོ། །དགེ་སློང་མ་ཞིག་དགེ་བའི་ཕྱོགས་ལ་བརྩོན་པར་གྱུར་པ་དེས་བསམས་པ། དེང་བདག་གིས་བསོད་སྙོམས་ལ་བརྒྱུ་མི་དགོས་པས་ཇི་སྲིད་དུ་གདུགས་ཚོད་ལ་ཉེ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་
ཏྲོན་བྱ་ཞིང་། དེའི་འོག་ཏུ་དུས་ཤེས་པར་བྱས་ཏེ་འགྲོའོ་སྙམ་ནས་དེས་ཇི་སྲིད་དུ་གདུགས་ཚོད་ལ་ཉེ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། དེའི་འོག་ཏུ་དུས་ཤེས་པར་བྱས་ཏེ་ཆུ་ཀླུང་གི་འགྲམ་དུ་སོང་བ་དང་། ཇི་ཙམ་ན་དགེ་སློང་དག་གྲུར་
Vol. 7 · folio 100b
ཞུགས་ནས་གྲུ་པས་སྨྲས་པ། འཕགས་མ་གྲུར་ཞུགས་ཤིག །བཞིན་བཟངས་ཇེ་སོང་ཤིག་དང་། གྲུ་གཞན་བཀང་བ་ན་འགྲོའོ། །གྲུ་པ་དེས་ཡང་དང་ཡང་དུ་འོངས་ཏེ་སྨྲས་པ། འཕགས་མ་གྲུར་ཞུགས་ཤིག །དེས་ཀྱང་སྨྲས་པ། བཞིན་བཟངས་ཇེ་སོང་ཤིག་
དང་། གྲུ་གཞན་བཀང་བ་ན་འགྲོའོ། །གྲུ་པ་དེ་སོང་ནས་ཆུ་ཀླུང་གི་ཕ་རོལ་དུ་གྲུ་ཕུར་པ་ལ་བརྟོད་དེ། སྐྱེ་བོ་ཕལ་པོ་ཆེའི་ཚོགས་ཀྱི་ནང་དུ་ཞུགས་ཤིང་འདུག་གོ། །དགེ་སློང་མ་དེས་ཡང་དང་ཡང་དུ་བོས་པ་དང་། གྲུ་པ་དེས་ཚིག་ཀྱང་མ་སྟེར་ནས་དེ་དེ་ན་སྡོད་སྡོད་ནས་
ཇི་ཙམ་ན་གདུགས་ཚོད་ཡོལ་ནས། དེའི་འོག་ཏུ་དབྱར་ཁང་དུ་ཕྱིར་ལོག་སྟེ་དེ་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་ཀྱི་བར་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས། གང་གི་ཚེ་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་། དགེ་སློང་མ་རྣམས་
ལྷགས་ཏེ་དེ་ལ་སྨྲས་པ། འཕགས་མ་གལ་ཏེ་ཟས་གཞན་གྱི་ཡིན་ཞེས་ཏེ་ལྟོ་ཡང་གཞན་གྱི་ཡིན་སྙམ་མམ། ཅི་བྱས། ཇི་ཙམ་གྱིས་གློས་ཕབ་སྟེ་ཉལ་བར་གྱུར་པ་དེ་ཙམ་གྱིས་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་སོ། །ཁོ་མོས་མ་ཟོས་སོ། །འོ་ན་ཅིའི་ཕྱིར་གློས་
ཕབ་སྟེ་ཉལ། དེས་སྐབས་དེ་རྒྱས་པར་དགེ་སློང་མ་རྣམས་ལ་བརྗོད་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་དོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཐད་
ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས། དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་
ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་
Vol. 7 · folio 101a
སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་
གང་ཡིན་པའོ། །དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་ཅེས་བྱ་བ་ནི་ཆོས་འདི་པའིའོ། །འཐམས་ནས་ཞེས་བྱ་བ་ནི་བརྡ་བྱས་ནས་སོ། །གྲུ་གཅིག་ཏུ་ཞེས་བྱ་བ་ནི་ཤོ་གམ་གཅིག་པ་དང་། ལ་གཅན་གཅིག་པ་དང་། གྲུ་བཙས་གཅིག་པར་རོ། །འཇུག་ཅིང་ཞེས་བྱ་བ་ནི་
ཞོན་ཞིང་ངོ་། །གྱེན་དུ་འགྲོ་འམ་ཞེས་བྱ་བ་ནི་རྒྱུན་ལས་བཟློག་ཕྱོགས་སུ་འགྲོ་བའོ། །ཐུར་དུ་འགྲོ་ན་ཞེས་བྱ་བ་ནི་རྒྱུན་ཕྱོགས་སུ་འགྲོ་ནའོ། །ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་ཐད་ཀར་ཕ་རོལ་དུ་འགྲོ་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་ནི་སེམས་ཅན་
དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་། སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་
བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་
ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲོང་ནས་དགོན་པར་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་ཆོད་པ་བདུན་པོ་དག་གི་རྒྱང་གྲགས་ཕྱེད་
ཕྱེད་དུ་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་དགོན་པ་ནས་གྲོང་དུ་གྲུ་གཅིག་ཏུ་འཇུག་ཅིང་གྱེན་དུ་འགྲོའམ། ཐུར་དུ་འགྲོ་ན་གྲོང་རྒྱང་གྲགས་ཀྱིས་བར་དུ་མ་ཆོད་པ་བདུན་པོ་
Vol. 7 · folio 101b
དག་གི་རྒྱང་གྲགས་ཕྱེད་ཕྱེད་དུ་ཉེས་བྱས་སུ་འགྱུར་ལ། རྒྱང་གྲགས་རེ་རེར་ལྟུང་བྱེད་དུ་འགྱུར་རོ། །ཡོ་བ་ལས་བཟུར་བ་དང་། གཏིབ་ཆད་པ་ལས་བཟུར་བ་དང་། དབའ་ཀློང་ལས་བཟུར་བ་དང་། རུ་སྐྱ་ཆག་པ་དང་། གདོས་པ་ཆག་པ་དང་། རུ་སྐྱ་འཛིན་པ་མི་ཉན་པ་
ལ་ལྟུང་བ་མེད་དོ། །འགྲམ་གཉིས་ན་བར་ཆད་བརྒྱད་པོ་དག་ལས་གང་ཡང་རུང་བ་ཉེ་བར་གནས་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་
པའི་ལྟུང་བྱེད་དེ་ཉི་ཤུ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་
ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་ངོ་། །ཁྱིམ་བདག་གི་ཆུང་མ་སྦེད་མས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ། མཐོང་ནས་ཀྱང་ཚེ་དང་
ལྡན་པ་འཆར་ཀའི་ཕྱིར་སྟན་ཤོམ་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །བཙུན་པ་འཆར་ཀ་ཚུར་སྤྱོན་བཙུན་པ་འཆར་ཀ་བྱོན་པ་ལེགས་སོ། །བཙུན་པ་འཆར་ཀ་གདན་བཤམས་པ་ཉིད་ལ་བཞུགས་ཤིག །ཚེ་དང་ལྡན་པ་འཆར་ཀ་ཁ་ནང་དུ་བལྟས་ཏེ་འདུག་གོ། །
ཁྱིམ་བདག་གི་ཆུང་མ་སྦེད་མ་ཡང་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་ཁ་ཕྱིར་བལྟས་ཏེ་འདུག་གོ། །འཆར་ཀས་དེ་ལ་ཇི་ཙམ་པ་དེ་ཙམ་གྱིས་ཆོས་བསྟན་ནས་སྔོན་བགད་པ་དང་། རྩེས་པ་དང་། དགའ་བ་བྱས་པ་དང་། དགའ་མགུར་སྤྱད་པ་དག་དྲན་
པར་བྱ་བར་བརྩམས་ཏེ། སྦེད་མ་ཁྱོད་ཀྱིས་བདག་ཅག་གཉིས་སྐྱེད་མོས་ཚལ་དང་། འདུན་ས་དང་། ལྷའི་གནས་ག་གེ་མོ་ཞིག་ཏུ་བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་། བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་
Vol. 7 · folio 102a
དང་། གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང་། འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང་དེར་བདག་ཅག་གཉིས་ཀྱིས་འདི་དང་འདི་ལྟ་བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ་དྲན་ནོ། །བསོད་སྙོམས་པ་ཞིག་སྔ་དྲོ་ཤམ་ཐབས་
བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་བདག་གི་ཆུང་མ་སྦེད་མའི་ཁྱིམ་ག་ལ་བ་དེར་སོང་བ་དང་ཁྱིམ་བདག་གི་ཆུང་མ་སྦེད་མས་དེ་མཐོང་ནས་དེས་བསམས་
པ་གལ་ཏེ་ལངས་ཏེ། བསོད་སྙོམས་ཕུལ་བར་གྱུར་ན་བཙུན་པ་འཆར་ཀའི་གཏམ་སྤངས་པར་འགྱུར་རོ་སྙམ་ནས་དེས་ལག་པས་སོང་ཤིག་ཅེས་བརྡ་བྱས་སོ། །འཆར་ཀས་སྦེད་མ་ལག་བརྡ་བྱེད་པ་མཐོང་ནས་དེས་སྨྲས་པ། སྦེད་མ་ཁྱོད་ཁོ་བོ་འདུག་བཞིན་དུ་མདུན་
དུ་སྐྱེས་པ་གཞན་དང་ལྷན་ཅིག་ལག་བརྡ་བྱེད་དམ་སྦེད་མས་སྨྲས་པ། འཕགས་པ་བདག་སྐྱེས་པ་གཞན་དང་ལག་བརྡ་མི་བགྱིད་དེ། འདི་ལྟར་བསོད་སྙོམས་པ་ཞིག་མཆིས་ནས་བདག་གིས་བསམས་པ་གལ་ཏེ་ལངས་ཏེ། བསོད་སྙོམས་ཕུལ་བར་གྱུར་ན་འཕགས་པའི་
བཀའ་མཆིད་སྤངས་པར་འགྱུར་རོ་སྙམ་ནས་བདག་གིས་དེ་ལ་མཆིས་ཤིག་ཅེས་ལག་བརྡ་བགྱིས་སོ། །འཆར་ཀས་སྨྲས་པ་སྦེད་མ་ཁྱོད་ཀྱི་སྙིང་ལམ་ན་ཁོ་བོས་ཁྱོད་ལ་འཕགས་པའི་བདེན་པ་བཞིའི་གཏམ་བྱས་སྙམ་མམ་ཅི་འདི་ལྟར་ཁོ་བོས་ལག་པས་བཅལ་བ་བརྒྱ་དག་
གིས་ལོངས་སྤྱོད་དག་བསྒྲུབས་ན་ཁྱོད་ཀྱིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་ཀྱང་མི་ནུས་སམ། སྦེད་མས་བསོད་སྙོམས་པ་དེ་བོས་ཏེ་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པ་དག་གིས་ལྷུང་བཟེད་བཀང་སྟེ་བྱིན་ནས་དེས་དེ་ཁྱེར་ཏེ་སོང་ངོ་། །ཚེ་དང་
ལྡན་པ་འཆར་ཀ་ཟས་ཀྱི་བྱ་བ་བྱས་ཏེ་གཙུག་ལག་ཁང་དུ་སོང་བ་དང་། བསོད་སྙོམས་པ་དེས་བསམས་པ། བཙུན་པ་འཆར་ཀ་ལ་གཏམ་བྱ་ཞིང་ཐོས་ནས་མཆོག་ཏུ་དགའ་བ་བསྐྱེད་པར་བྱའོ་སྙམ་ནས་དེས་དེ་ལ་སྨྲས་པ། བཙུན་པ་འཆར་ཀ་མཆོག་ཏུ་
Vol. 7 · folio 102b
དགའ་བ་སྐྱེད་ཅིག །དེང་དོན་གྱིས་ན་བདག་གིས་ཁྱོད་ཀྱི་བསོད་སྙོམས་ཟོས་སོ། །བསོད་སྙོམས་པ་ཤེས་ཏེ་དེས་དང་པོར་ཁྱོད་བོས་སྙམ་མམ་ཅི་དེས་ཁྱོད་སོང་ཤིག་ཅེས་ལག་བརྡ་བྱས་ནས་ཁོ་བོས་དེའི་འོག་ཏུ་དེའི་ཕྱིར་འབོད་དུ་བཅུག་གོ། །ཅི་བྱིན། བཅའ་བ་དང་བཟའ་
བ་གཙང་ཞིང་བསོད་པས་ལྷུང་བཟེད་བཀང་སྟེ་བྱིན་ཏེ་བཙུན་པ་འཆར་ཀ་དེ་ནི་ཁྱོད་ཀྱི་ཡིན་ནོ། །དེའི་ཚེ་ན་བཙུན་པ་འཆར་ཀ་དེ་ཉིད་ན་འདུག་པར་གྱུར་ཏམ་འདུག་གོ། །ཁྱོད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ཏུ་
རུང་ངམ་རུང་ཡང་སྲིད་མི་རུང་ཡང་སྲིད་དེ་ཁོ་བོ་དེ་ལྟར་འདུག་གོ། །བསོད་སྙོམས་པ་ཁྱོད་ཀྱི་དེང་དེ་ལྟར་ཁོ་བོའི་བསོད་སྙོམས་ཟོས་ཤིང་གལ་ཏེ་མི་བཟོད་ན་ཁོ་བོ་ལས་བརྟེན་ཏེ་བསླབ་པའི་གཞི་འཆར་ཆུག་ཤིག །ཅི་དེ་ཁོ་བོས་ཡལ་བར་བོར་དུ་རེའམ་ཞེས་ཟེར་བའི་
སྐབས་དེ་དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་
དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་
མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ་འཆར་ཀ་ཁྱོད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་
པར་བྱེད་པ་བདེན་ནམ་བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་
Vol. 7 · folio 103a
བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་
སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་
བྱ་བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །བུད་མེད་ཀྱི་ཡུལ་དང་ཞེས་བྱ་བ་ནི་བུད་མེད་དམ། གཞོན་ནུ་མ་མི་ཚངས་པར་སྤྱོད་པ་སྤྲོད་པ་ལས་བྱུང་བའི་ཆོས་སྟེན་ནུས་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དང་ལྷན་ཅིག་གོ། །གཅིག་པུ་ཅིག་དང་ཞེས་བྱ་བ་ནི་
དེ་དང་ངོ་། །དབེན་པ་ཞེས་བྱ་བ་ནི་གང་ན་བུད་མེད་དང་སྐྱེས་པ་དང་མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ཞེས་བྱ་བ་ནི་ལྔས་བསྐྱབས་པ་ན་སྟེ། རྩིག་པས་བསྐྱབས་པ་དང་། རིབ་མས་བསྐྱབས་པ་དང་། ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་
དང་། མཚན་མོས་བསྐྱབས་པ་ནའོ། །སྟན་ལ་ཞེས་བྱ་བ་ནི་གཞི་ལའོ། །འདུག་ན་ཞེས་བྱ་བ་ནི་འདོམ་གང་གི་ནང་དུ་རྐུབ་ཚོས་འཇོག་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་
པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་
སློང་གིས་ཇི་ཙམ་ཅུང་ཟད་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་སྟན་ལ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སྒོ་ཁང་ན་འདུག་པ་དང་སྨན་འཐག་ཏུ་འཇུད་པ་དང་སྒོ་མ་བཅད་པར་འདུག་པ་དང་། གཞན་དག་འཇུག་ཅིང་གཞན་
Vol. 7 · folio 103b
དག་འབྱུང་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གཅིག་པུ་འདུག་པའི་ལྟུང་བྱེད་དེ་ཉི་ཤུ་བརྒྱད་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་
མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་སྦེད་མ་རབ་ཏུ་བྱུང་ནས་དེ་དགེ་སྐོས་བྱེད་པ་ན་དགེ་སློང་མ་རྣམས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་བསོད་སྙོམས་ལ་དོང་བ་ན་སྦེད་མ་གཙུག་ལག་ཁང་ན་ཕྱག་དར་བྱེད་ཅིང་འདུག་གོ། །ཚེ་
དང་ལྡན་པ་འཆར་ཀ་ཡང་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། མཉན་ཡོད་དུ་བསོད་སྙོམས་ལ་རྒྱུ་བ་ན་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་། །སྦེད་མ་དགེ་སློང་མའི་དབྱར་ཁང་ན་ཕྱག་དར་བྱེད་ཅིང་
འདུག་པ་དེས་ཚེ་དང་ལྡན་པ་འཆར་ཀ་ཐག་རིང་པོ་ཁོ་ན་ནས་མཐོང་སྟེ་མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འཆར་ཀ་བྱོན་པ་ལེགས་སོ་བྱོན་པ་ལེགས་སོ་ཞེས་དེས་ཕྱགས་མ་ཕྱོགས་གཅིག་ཏུ་བཞག་ནས་ཚེ་དང་ལྡན་པ་འཆར་ཀའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་
མདུན་དུ་འགྲེང་ངོ་། །འཆར་ཀས་དེ་ལ་ཇི་ཙམ་པ་དེ་ཙམ་གྱིས་ཆོས་བསྟན་ནས་སྔོན་བགད་པ་དང་རྩེས་པ་དང་། དགའ་བ་བྱས་པ་དང་དགའ་མགུར་སྤྱད་པ་དག་དྲན་པར་བྱ་བར་བརྩམས་ཏེ་སྦེད་མ་ཁྱོད་ཀྱིས་བདག་ཅག་སྐྱེད་མོས་ཚལ་དང་། འདུན་ས་དང་ལྷའི་གནས་ག་གེ་མོ་
ཞིག་ཏུ་བཅའ་བ་འདི་དང་འདི་ལྟ་བུ་འཆོས་པ་དང་བཟའ་བ་འདི་དང་འདི་ལྟ་བུ་ཟོས་པ་དང་། བཏུང་བ་འདི་དང་འདི་ལྟ་བུ་འཐུངས་པ་དང་གནས་མལ་འདི་དང་འདི་ལྟ་བུ་བཤམས་པ་དང་འབྲུ་མར་གྱི་མར་མེ་འདི་དང་འདི་ལྟ་བུ་བཙུགས་ཤིང་དེར་བདག་ཅག་གཉིས་ཀྱིས་འདི་དང་འདི་ལྟ་
བུ་བྱས་པ་དྲན་ནམ། སྦེད་མས་སྨྲས་པ་དྲན་ནོ། །དེ་ནས་དགེ་སློང་མ་རྒན་མོ་ནད་མ་ཞིག་འདུག་ནས་དེས་བསམས་པ། འདི་གཉིས་ཅིའི་ཕྱིར་ན་མ་བག་མར་བླངས་པ་ཚུན་ཆད་ཀྱང་གཅིག་ལ་གཅིག་རྗོད་པར་བྱེད་སྙམ་མོ། །སྦེད་མས་སྨྲས་པ། འཕགས་པ་ད་བཞུད་ཅིག་
Vol. 7 · folio 104a
དགེ་སློང་མ་དག་མཆི་བར་འགྱུར་ཞིང་དབྱར་ཁང་ཕྱག་དར་མ་བགྱིས་པར་མཆིས་པས་དགེ་སློང་མ་དག་སྨོད་པར་འགྱུར་རོ་ཞེས་དེས་ཕྱགས་མ་བླངས་པ་དང་འཆར་ཀ་སོང་ངོ་། །སྦེད་མས་གཙུག་ལག་ཁང་ཕྱག་དར་བྱ་བར་བརྩམས་པ་དང་། དགེ་སློང་མ་དེ་དག་
ཀྱང་ལྷགས་ནས་དེ་དག་གིས་སྨྲས་པ། སྦེད་མ་ཁྱོད་ཀྱིས་ཅི་བྱས་ན་དབྱར་ཁང་འདི་དེ་ཁོ་ན་བཞིན་དུ་ཕྱག་དར་དང་བཅས་པར་འདུག །སྦེད་མས་སྨྲས་པ་ཕུ་ནུ་མོ་དག་གང་ཚུན་ཆད་ནས་ཁྱེད་ཅག་བསོད་སྙོམས་ལ་དོང་བ་དེ་ཚུན་ཆད་ནས་ཁོ་མོ་ས་ལ་མ་འདུག་གོ། །དགེ་སློང་མ་རྒན་
མོ་ནད་མ་དེས་ཐོས་ནས་དེས་དགེ་སློང་མ་རྣམས་ལ་སྨྲས་པ། གང་ཚུན་ཆད་ཁྱེད་ཅག་བསོད་སྙོམས་ལ་དོང་བ་དེ་ཚུན་ཆད་ནས་སྦེད་མ་མ་འདུག་པ་དེ་ནི་བདེན་ཏེ། འདི་ལྟར་འཕགས་པ་འཆར་ཀ་བྱོན་པར་གྱུར་ནས་འདི་དེ་དང་ལྷན་ཅིག་འགྲེང་ཞིང་། མ་བག་མར་བླངས་པ་ཚུན་
ཆད་ཀྱང་གཅིག་གིས་གཅིག་ལ་བརྗོད་དོ། །དགེ་སློང་མ་དེ་དག་གིས་སྦེད་མ་ལ་དྲིས་པ་སྦེད་མ་ཁྱོད་ཀྱིས་དེ་ལྟར་བྱས་པ་བདེན་ནམ། ཕུ་ནུ་མོ་དག་བདེན་ནོ། །དགེ་སློང་མ་དེ་དག་ཅིའི་ཕྱིར་དགེ་སློང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་
བར་བྱེད་ཅེས་སྨོད་པར་བྱེད་ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་བརྗོད་པ་དང་། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བར་
བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་
ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་རྨས་པ། འཆར་ཀ་ཁྱོད་དགེ་སློང་མ་དང་
Vol. 7 · folio 104b
ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་བདེན་ནམ་བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ་རྗེས་སུ་མཐུན་པ་མ་ཡིན་པ་རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་
རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ།
ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་
བ་ནི་འཆར་ཀའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །དགེ་སློང་མ་དང་ཞེས་བྱ་བ་ནི་ཆོས་འདི་པ་དང་ངོ་། །ལྷན་ཅིག་ཅེས་བྱ་བ་ནི་དེ་དེ་དང་ལྷན་ཅིག་གོ། །གཅིག་པུ་ཅིག་དང་ཞེས་བྱ་བ་དེ་ནི་དེ་དེ་དང་ངོ་། །དབེན་པ་ཞེས་བྱ་བ་ནི་གང་ན་སྐྱེས་པ་དང་། བུད་མེད་དང་
མ་ནིང་གཞན་འགའ་ཡང་མེད་པའོ། །སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་ལྔས་བསྐྱབས་པ་ན་སྟེ། རྩིག་པས་བསྐྱབས་པ་དང་རིབ་མས་བསྐྱབས་པ་དང་ཡོལ་བས་བསྐྱབས་པ་དང་། ཐིབས་པོས་བསྐྱབས་པ་དང་། མཚན་མོས་བསྐྱབས་པ་ནའོ། །འགྲེང་ན་ཞེས་བྱ་བ་ནི་
འདོམ་གང་གི་ནང་དུ་འགྲེང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ངན་སོང་དང་ངན་འགྲོ་དང་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད་ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་
ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་ཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་
Vol. 7 · folio 105a
ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སྒོ་ཁང་དུ་འགྲེང་བ་དང་། སྨན་འཐག་ཏུ་འཇུད་པ་དང་སྒོ་མ་བཅད་པར་འགྲེང་བ་དང་། གཞན་དག་འཇུག་ཅིང་གཞན་དག་འབྱུང་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་
དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གཅིག་པུ་འགྲེང་བའི་ལྟུང་བྱེད་དེ་ཉི་ཤུ་དགུ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་
འོད་སྲུང་ཆེན་པོ་མཉན་ཡོད་ན། ཤར་གྱི་ཀུན་དགའ་ར་བ་ན་རི་དགས་འཛིན་གྱི་མའི་ཁང་བཟངས་ན་འདུག་གོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཕྱེ་མ་རེད་ནང་དུ་ཡང་དག་འཇོག་ལས་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་
འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འོད་སྲུང་ད་ལྟར་ཁྱོད་ནི་རྒན་པོ་རྒས་པ་དགོག་ཏུ་གྱུར་པ་ཡིན་ལ་ངའི་
སྨད་གཡོགས་ཤ་ནའི་གོས་ཕྱག་དར་ཁྲོད་དག་ནི་ལྕིས། འོད་སྲུང་ཁྱོད་དགེ་འདུན་གྱི་གཙུག་ལག་ཁང་དུ་ཤོག་ལ་གང་ཟག་གིས་མགྲོན་དུ་བོས་པ་དག་བདག་གིར་གྱིས་ཤིག །ཁྱིམ་བདག་གིས་གོས་མཚོན་གྱིས་དྲས་པ་དག་ཀྱང་ཁ་དོག་ངན་པར་གྱིས་ལ་ཆོང་ཤིག །ཚེ་
དང་ལྡན་པ་འོད་སྲུང་ཆེན་པོས་ཅང་མི་སྨྲ་བས་བཅོམ་ལྡན་འདས་ལས་མཉན་ཏོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བ་དང་རྗེས་སུ་ཡི་རང་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་
མགོ་བོས་ཕྱག་འཚལ་ཏེ་སོང་ངོ་། །དེའི་ཚེ་ན་མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལ་ཡུན་རིང་པོ་ནས་སྨོན་པ་འདི་ལྟ་བུ་སྐྱེས་ཏེ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན་ཅི་མ་རུང་
Vol. 7 · folio 105b
སྙམ་ནས། ཁྱིམ་བདག་དེས་བཅོམ་ལྡན་འདས་ཀྱིས་འཕགས་པ་འོད་སྲུང་ཆེན་པོ་དགེ་འདུན་ལ་གཏད་པ་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་
གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་
བར་བྱེད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་ཅང་མི་སྨྲའོ། །དེ་ནས་ཁྱིམ་བདག་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་བདག་
གིས་འཕགས་པ་འོད་སྲུང་ཆེན་པོ་ཉག་གཅིག་ཁྱིམ་གཞན་དུ་སྤྱན་དྲངས་པར་གྱུར་ན་མི་གནང་བར་འགྱུར་བ་དེ་ལྟ་བུའི་གནས་ཡོད་པར་འགྱུར་གྱིས་བདག་གིས་དེ་བདག་ཉིད་དང་བཞི་སྤྱན་དྲང་ངོ་སྙམ་མོ། །དེ་ནས་ཁྱིམ་བདག་དེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་
བྱས་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་འོད་སྲུང་ཆེན་པོས་སང་བདག་གི་སྡུམ་པར་བདག་ཉིད་དང་བཞི་གདུགས་ཚོད་གསོལ་བར་ཅི་གནང་ཚེ་དང་ལྡན་པ་
འོད་སྲུང་ཆེན་པོས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་དང་དུ་བླངས་སོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་རང་གི་སྡུམ་པ་ག་ལ་བ་དེར་
སོང་སྟེ་ཕྱིན་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོ་ལ་ཡུན་རིང་པོ་ནས་སྨོན་པ་འདི་ལྟ་བུ་སྐྱེས་ཏེ། ཀྱེ་མ་བདག་གིས་གནས་བརྟན་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་ཁྱིམ་གཞན་དུ་སྤྱན་དྲངས་ཏེ་བཤོས་གསོལ་ན་ཅི་མ་རུང་སྙམ་ནས། ཁོ་བོས་དེ་བདག་ཉིད་དང་
Vol. 7 · folio 106a
བཞི་སང་ཁྱིམ་གཞན་དུ་གདུགས་ཚོད་ལ་སྤྱན་དྲངས་ན་དེས་ཀྱང་ཅང་མི་གསུང་བས་གནང་གིས་ཞལ་ཟས་བསོད་པ་མང་པོ་དག་སྟ་གོན་གྱིས་ཤིག །ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་བདག་ལས་མཉན་ནས་ཁ་ཟས་གྲང་ཆ་གང་དག་ཡིན་པ་དེ་དག་ནི་དེ་
ཉིད་ཀྱི་ཉིན་མོ་སྟ་གོན་བྱས། དྲོ་བག་གང་དག་ཡིན་པ་དེ་དག་ནི་ཕྱི་དེ་ཉིན་པར་སྟ་གོན་བྱས་ནས། ཁྱིམ་བདག་དེ་ནང་པར་སྔར་ལངས་ཏེ་བསམས་པ། གལ་ཏེ་འོག་གི་ས་གཞིར་གདན་བཤམས་ན་ནི་སློང་མོ་པ་དག་འདོང་བ་ན་ལང་ལོང་བྱེད་པར་འགྱུར་ལ། གལ་ཏེ་སྟེང་གི་
ས་གཞིར་གདན་བཤམས་ན་ནི་དེར་སྦྲང་བུ་དག་གིས་འཁྲུག་ལོང་བྱེད་པར་འགྱུར་བས་བར་གྱི་ས་གཞིར་གདན་བཤམ་པར་བྱའོ་སྙམ་ནས་དེས་བར་གྱི་ས་གཞིར་སྟན་བཤམས་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་མངག་པས་བཙུན་པ་འོད་སྲུང་ཆེན་པོ་གདུགས་ཚོད་
གཡར་དགོངས་འཚལ་ན་ད་དེའི་དུས་ལ་བབ་པར་དགོངས་སུ་གསོལ་ཞེས་བསྐུལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་གི་ངོར་མགྲོན་དུ་བོས་པ་དེས་དུས་སྔར་དེར་འགྲོ་བར་བྱའོ་ཞེས་བཀའ་སྩལ་པས། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དུས་སྔ་བ་ཁོ་ནར་ཤམ་ཐབས་
བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་ཁྱིམ་བདག་དེའི་སྡུམ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བར་གྱི་ས་གཞིར་འཛེགས་ཏེ་སྟན་བཤམས་པ་ཉིད་ལ་འདུག་གོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་
གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་
བར་བྱེད་དོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་ཏེ་འདི་སྐད་ཅེས་སྨྲས་སོ། །མཚན་བཟང་ཨ་རོག་གྱ་
Vol. 7 · folio 106b
བསོད་སྙོམས་བྱིན་ཅིག །ཁྱིམ་བདག་དེས་སྨྲས་པ། འཕགས་མ་དེང་འཕགས་པ་འོད་སྲུང་ཆེན་པོ་ལྷ་དང་མིས་མཆོད་པ་བདག་གི་སྡུམ་པར་སྤྱན་དྲངས་ཏེ་ཞལ་ཟས་སྟ་གོན་བགྱིས་པས་རེ་ཞིག་ཅུང་བྲེལ་གྱིས་བཞུད་ཅིག་སྦོམ་དགའ་མོས་སྨྲས་པ། དེ་ནི་གཞན་མུ་སྟེགས་
ཅན་ལས་རབ་ཏུ་བྱུང་བ། བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་ཡིན་ལ། ཁོ་མོ་ནི་ཤཱཀྱ་མོ་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ་རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་ན་དེའི་ཟན་སྦྱོར་ཞིང་ཁོ་མོ་ལ་བསོད་སྙོམས་མི་
སྟེར་མོད་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་དེ་ཐོས་ཏེ། ཐོས་ནས་ཀྱང་བསམས་པ་དེ་ལ་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་གྱུར་ན་མི་རུང་ངོ་སྙམ་ནས་དེས་མགུལ་བསལ་བའི་སྒྲ་ཕྱུང་བ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དབྱིག་གི་གདངས་དང་ལྡན་པ་ཡིན་པས་དེའི་
སྒྲས་ཁྱིམ་ཐམས་ཅད་གང་བར་གྱུར་ཏོ། །སྦོམ་དགའ་མོས་དེའི་སྒྲ་ཐོས་ནས་སྨྲས་པ་ཀླུའི་མིང་ཅན་འདི་ཉིད་ན་བཞུགས་སོ། །ཁྱིམ་བདག་དེས་ཐོས་ནས་སྨྲས་པ་ད་གཟོད་ཁོ་ན་དེ་ནི་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བ་བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་
ཡིན་ལ་ཞེས་ཟེར་ཞིང་། ད་ནི་ཀླུའི་མིང་ཅན་ཞེས་ཟེར་རོ་ཞེས་དེ་གཤེ་ཞིང་བར་གྱི་གཞི་ནས་འབབ་པར་བརྩམས་པ་དང་། སྦོམ་དགའ་མོས་དེ་འབབ་པའི་སྒྲ་ཐྲིག་ཐྲིག་ཟེར་བ་ཐོས་ནས་དེས་བསམས་པ། ཁྱིམ་བདག་འདི་ཤུགས་འདི་ལྟ་བུས་འབབ་པ་ལས་ན་བདག་ལ་གནོད་པ་
བྱེད་པར་འགྱུར་གོར་མ་ཆག་སྙམ་ནས། དེས་ཤི་ང་དཔུང་ཆད་བརྫེས་ཏེ་འབྲོས་པར་བརྩམས་པ་དང་། ཁྱིམ་བདག་དེས་སྨྲས་པ། དགེ་སྦྱོང་མ་མགོ་རེག་མོ་མ་འབྲོས་པར་སྡོད་ཅིག་ཅི་འབྲོས། ཁྱོད་ཀྱིས་ཁོ་བོའི་ཁྱིམ་དུ་འཇུག་པར་མི་བྱའོ། །སྦོམ་དགའ་མོས་སྨྲས་པ། ཁྱོད་
ཀྱི་ཁྱིམ་རྟུག་ཁུང་དང་བཙོན་རར་གྱུར་ཅིག །ཁྱོད་ཀྱི་ཁྱིམ་དུ་གདོལ་པ་དག་འཇུག་པར་གྱུར་ཅིག །ཁོ་མོ་ཅག་གིས་རྒྱལ་པོ་ལས་བཙུན་མོའི་འཁོར་གྱིས་ཡོངས་སུ་སྤང་བ་ཐོབ་པས། ཁོ་མོ་ལ་ཇི་ཙམ་དུ་རེག་པར་བྱེད་པ་དེ་ཙམ་དུ་ཁོ་མོས་ཁྱོད་ཀྱི་ལག་པ་གཉིས་མཁྲིག་
Vol. 7 · folio 107a
མ་ནས་གཅོད་དུ་གཞུག་གོ། །ཁྱིམ་བདག་དེས་སྨྲས་པ། དགེ་སྦྱོང་མ་མགོ་རེག་མོ་དགེ་སློང་མ་གནས་བརྟན་མོ་གནས་བརྟན་མོ་དག་གིས་རྒྱལ་པོ་ལས། བཙུན་མོའི་འཁོར་གྱིས་ཡོངས་སུ་སྤང་བ་ཐོབ་པ་ཡིན་གྱིས་གནས་ངན་ལེན་ཀུན་དུ་སྤྱོད་པ་ཁྱོད་
ཀྱིས་མ་ཐོབ་བོ། །དེ་ནས་ཁྱིམ་བདག་དེ་ཕྱིར་ལོག་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་གི་ལག་ནས་ཚིམ་པར་བྱེད། སྟོབས་པར་བྱེད་དོ། །རྣམ་གྲངས་དུ་མས་བཅའ་བ་དང་། བཟའ་བ་གཙང་ཞིང་བསོད་པས་རང་
གི་ལག་ནས་ཚིམ་པར་བྱས་ཤིང་བསྟབས་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཟན་ཟོས་ཤིང་ལག་པ་བསྙལ་ལྷུང་བཟེད་བཞག་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོའི་མདུན་དུ་ཆོས་ཉན་པའི་ཕྱིར་འདུག་གོ། །དེ་ནས་ཚེ་དང་ལྡན་པ་འོད་
སྲུང་ཆེན་པོ་ཁྱིམ་བདག་དེ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་བྱེད། ཡང་དག་པར་འཛིན་དུ་འཇུད་པར་བྱེད། ཡང་དག་པར་གཟེངས་སྟོད་པར་བྱེད། ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །རྣམ་གྲངས་དུ་མས་ཆོས་དང་ལྡན་པའི་གཏམ་གྱིས་
ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་
ཏེ་མཐའ་གཅིག་ཏུ་འདུག་གོ། །མཐའ་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་བདག་དེང་ཁོ་ན་དགེ་འདུན་ལ་གཏད་པར་གྱུར་ན་བདག་དེང་ཁོ་ན་གཞན་མུ་སྟེགས་ཅན་ལས་རབ་ཏུ་བྱུང་བ།
བུལ་བ་མཆོག་ཏུ་བུལ་བ། ཆུང་བ་མཆོག་ཏུ་ཆུང་བ་ཞེས་བགྱི་བར་ཡང་གྱུར། བདག་དེང་ཁོ་ན་ཀླུའི་མིང་ཅན་ཞེས་བགྱི་བར་ཡང་གྱུར་ཏེ། བཙུན་པ་བདག་ནི་ཡུན་རིང་པོ་ནས་དགོན་པ་པ་ལགས་ཤིང་། དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། བསོད་སྙོམས་པ་
Vol. 7 · folio 107b
ལགས་ཤིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། ཕྱག་དར་ཁྲོད་པ་ལགས་ཤིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད་པ་ལགས་སོ། །འོད་སྲུང་ཁྱོད་ཀྱིས་དོན་གྱི་དབང་དུ་ཞིག་ཡང་དག་པར་མཐོང་ན་དགོན་པ་པ་ཡིན་ཞིང་དགོན་པ་པ་ཉིད་ཀྱི་བསྔགས་པ་
ཡང་བརྗོད། བསོད་སྙོམས་པ་ཡིན་ཞིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། ཕྱག་དར་ཁྲོད་པ་ཡིན་ཞིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། བཙུན་པ་གཉིས་ཏེ་བདག་ཉིད་ཚེ་འདི་ལ་བདེ་བར་གནས་པའི་སླད་དུ་དང་། སླད་མའི་སྐྱེ་བོ་དག་ལ་
སྣང་བ་བགྱིས་པར་འགྱུར་བའི་སླད་དུ་སྟེ། དགེ་སློང་གནས་བརྟན་རྒྱལ་ཚབ་ལྟ་བུ་རབ་ཏུ་བྱུང་ནས་ཡུན་རིང་དུ་ལགས་པ། ཚངས་པར་སྤྱོད་པ་མངོན་པར་སྤྱད་པ། སྟོན་པས་བསྔགས་པ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བཀུར་བ་གང་དག་འདས་
པར་གྱུར་པ་དེ་དག་ཡུན་རིང་པོ་ནས་དགོན་པ་པར་གྱུར་ཅིང་དགོན་པ་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། བསོད་སྙོམས་པར་གྱུར་ཅིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད། ཕྱག་དར་ཁྲོད་པར་གྱུར་ཅིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་ཡང་བརྗོད་པར་
གྱུར་པ་དེ་དག་ཐོས་ནས་དེ་ལྟ་དེ་ལྟར་སྒྲུབ་པར་འགྱུར་ཞིང་དེ་དག་ལ་ཡུན་རིང་པོའི་དོན་དང་སྨན་པ་དང་། བདེ་བར་འགྱུར་རོ། །འོད་སྲུང་ཁྱོད་ཡུན་རིང་པོ་ནས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་
རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །འོད་སྲུང་གང་ལ་ལ་ཞིག་སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་པ་དེ་ནི་ངའི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་པ་ཡིན་ལ། གང་ལ་ལ་ཞིག་
སྦྱངས་པའི་ཡོན་ཏན་དེ་དག་གི་བསྔགས་པ་རྗོད་པར་བྱེད་པ་དེ་ནི་ངའི་བསྔགས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་ཡུན་རིང་པོ་ནས་སྦྱངས་པའི་ཡོན་ཏན་དེ་དག་བསྟོད་ཅིང་བཀུར་ལ་བསྔགས་ཤིང་རབ་ཏུ་བསྔགས་པའི་ཕྱིར་རོ། །འོད་སྲུང་དེ་
Vol. 7 · folio 108a
ལྟ་བས་ན་ཁྱོད་ནི་དགོན་པ་པ་ཡིན་ཞིང་དགོན་པ་པ་ཉིད་ཀྱི་བསྔགས་པ་བརྗོད་པ་དང་། བསོད་སྙོམས་པ་ཡིན་ཞིང་བསོད་སྙོམས་པ་ཉིད་ཀྱི་བསྔགས་པ་བརྗོད་པ་དང་། ཕྱག་དར་ཁྲོད་པ་ཡིན་ཞིང་ཕྱག་དར་ཁྲོད་པ་ཉིད་ཀྱི་བསྔགས་པ་བརྗོད་པ་ཡིན་ཏེ། འོད་
སྲུང་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ་སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་འཆའ་བར་ནི་མི་མཛད་དོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་བཅུ་པ། སངས་
རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཕོངས་པ་དང་བཅས་པའི་དུས་བྱུང་ནས་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་
ཏོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས་དེ་དག་བཅུ་གཉིས་སྡེ་དག་གི་གན་དུ་དོང་བ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་བཞུགས་ལ་ཞལ་ཚུས་གསོལ་ཅིག །སུས་སྦྱིན་པར་
འགྱུར། དེ་དག་གིས་སྨྲས་པ། བདག་ཅག་གིས་གསོལ་ལོ། །སང་སུས་སྦྱིན་པར་འགྱུར། བདག་ཅག་གིས་གསོལ་ལོ། །དྲུག་སྡེ་དག་གིས་སྨྲས་པ། སྲིང་མོ་དག་དེ་ཙམ་གྱིས་ཁོ་བོ་ཅག་འཚོ་བར་མི་ནུས་ཀྱི་འདི་ལྟར། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གང་དག་གིས་
དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་དེ་དག་གལ་ཏེ་ཁྱེད་ཀྱིས་ཁོ་བོ་ཅག་གི་ཕྱིར་སྦྱོར་དུ་བཅུག་ན་དེ་ལྟ་ན་ཁོ་བོ་ཅག་འཚོ་བར་ནུས་སོ། །སྦོམ་དགའ་མོས་སྨྲས་པ་འཕགས་པ་དག་དེ་ལྟར་བགྱིར་རུང་ངམ། དྲུག་སྡེ་དག་གིས་སྨྲས་པ། ཅི་ཁོ་བོ་ཅག་
ལྟོགས་ཏེ་འཆི་བར་བྱ་འམ། ལེགས་པར་རུང་ངོ་། །ཤིན་ཏུ་རུང་ངོ་། །གང་དུ་བཀག །སུས་བཀག །དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་ཁྱིམ་གང་དུ་ཚེ་དང་ལྡན་པ་
Vol. 7 · folio 108b
ཀུན་ཤེས་ཀཽཎྜི་ནྱའི་བསོད་སྙོམས་སྦྱར་བའི་ཁྱིམ་དེར་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་སུའི་བསོད་སྙོམས་སྦྱར། དེ་དག་གིས་སྨྲས་པ། འཕགས་པ་ཀུན་ཤེས་ཀཽཎྜི་ནྱའིའོ། །སྦོམ་དགའ་མོས་སྨྲས་པ། ཁྱོད་ཀྱིས་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་
ལྡན་པ། ཆོས་སྒྲོག་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་གང་ཡིན་པ་དེའི་བསོད་སྙོམས་སྦྱོར་ན་དེ་ལྟ་ན་ཁྱེད་ལ་བསོད་ནམས་ཆེ་བར་འགྱུར་རོ། །དེ་དག་གིས་སྨྲས་པ། འཕགས་མ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ་
རིགས་པ་དང་གྲོལ་བའི་སྤོབས་པ་ཅན་དེ་གང་ལགས། སྦོམ་དགའ་མོས་སྨྲས་པ། འཕགས་པ་དགའ་བོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་དང་ལྡན་པ། ཆོས་སྒྲོག་པ། རིགས་པ་དང་གྲོལ་བའི་སྤོབས་པ་ཅན་ཡིན་ནོ། །དེ་དག་གིས་སྨྲས་པ། དེ་ལྟར་
བགྱིའོ་ཞེས་དེ་དག་གིས་འཕགས་པ་ཀུན་ཤེས་ཀཽཎྜི་ནྱའི་བསོད་སྙོམས་སྦྱར་བ་གང་ཡིན་པ་དེ་དགའ་བོའི་ཕྱིར་སྦྱོར་དུ་བཅུག་གོ། །དེ་བཞིན་དུ་གང་དག་གི་དགེ་སློང་གནས་བརྟན་གནས་བརྟན་དག་གི་བསོད་སྙོམས་སྦྱར་བ་དེ་དག་ཐམས་ཅད་དྲུག་སྡེ་དག་གི་ཕྱིར་སྦྱོར་དུ་བཅུག་
གོ། །དྲུག་སྡེ་དག་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་དོང་བ་དང་། དེ་དག་ལྷུང་བཟེད་སྣོད་ཁས་བཏགས་པའི་བསོད་སྙོམས་དག་གིས་འོངས་པ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཨེ་མའོ་དྲུག་སྡེ་དག་
གིས་ལྷུང་བཟེད་སྣོད་དག་ཁས་བཏགས་སོ། །དྲུག་སྡེ་དག་གིས་སྨྲས་པ། གང་དག་གིས་བདག་ཅག་གི་ཕྱིར་བསོད་སྙོམས་དག་སྦྱོར་དུ་བཅུག་པའི་སྲིང་མོ་དག་ནད་མེད་པར་གྱུར་ཅིག །དགེ་སློང་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་
བཅུག་པའི་ཟས་ཟར་རུང་ངམ། དྲུག་སྡེ་དག་གིས་སྨྲས་པ། རུང་ཡང་སྲིད། མི་རུང་ཡང་སྲིད་དེ་ཅི་ཁོ་བོ་ཅག་ལྟོགས་ཏེ་འཆི་བར་བྱའམ། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བར་བྱེད་ཅེས་སྨོད་པར་བྱེད། ཕྱར་
Vol. 7 · folio 109a
ཀ་གཏོང་བར་བྱེད་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་
པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་
པའི་ཟས་ཟ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་
ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་དེ་ལྟར་
བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་ཡོད་ན་ཁྱིམ་བདག་ཅིག་འདུག་པ་དེ་ལས་ཀྱི་མཐའ་གཉིས་བྱེད་དུ་འཇུད་དེ་ཚོང་དང་། ཞིང་ལས་ཀྱི་མཐའོ། །དེས་
དགོན་པར་ཞིང་རྨོས་ནས་ས་བོན་བཏབ་སྟེ་ཞིང་དེའི་དྲུང་དུ་སྤྱིལ་བུ་བྱས་ནས་ཟོང་ཐོགས་ཏེ་ཡུལ་གཞན་དུ་སོང་ངོ་། །བསོད་སྙོམས་པ་ཞིག་ལྗོངས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་ནས་དེས་དེར་བྱུལ་ན་ཞིང་དེའི་དྲུང་ན་སྤྱིལ་བུ་མཐོང་ནས་དེས་བསམས་པ། ཕྱོགས་འདི་གོ་
Vol. 7 · folio 109b
སྐབས་དབེན་པ་ཡིན་གྱི་འདི་ཉིད་དུ་འདུག་པར་བྱའོ་སྙམ་ནས། དེས་དེ་ཉིད་དུ་འདུག་པར་བརྩམས་ཏེ་མཉན་ཡོད་དུ་བསོད་སྙོམས་བརྒྱུས་ནས་དེ་ཉིད་དུ་གནས་འཆའོ། །དེར་མིའི་དྲིས་རི་དགས་དང་བྱ་འགའ་ཡང་མི་འོང་ཞིང་དེར་ལྷས་ཀྱང་དུས་དང་དུས་སུ་ཆར་གྱི་རྒྱུན་
ལེགས་པར་ཕབ་པས་ཞིང་དེ་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །ཁྱིམ་བདག་དེ་ཡང་དོན་ལེགས་པར་གྲུབ་སྟེ་བཀྲ་ཤིས་ཤིང་བདེ་བར་འོངས་སོ། །དེ་ནས་ཁྱིམ་བདག་དེས་རྫས་སྦས་ནས་ཁྲུས་བྱས་ཏེ་ཟན་ཟོས་པ་དང་ཆུང་མས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་དགོན་
པའི་ཞིང་དེ་ལ་ས་བོན་བཏབ་ནས་ཡུལ་གཞན་དུ་བཞུད་ན་གལ་ཏེ་ས་བོན་གྱི་སྐྱིན་པ་ཙམ་གྲུབ་པར་གྱུར་ཏམ་ཇེ་གཟིགས་ཤིག །ཁྱིམ་བདག་དེ་དེར་སོང་བ་དང་ཇི་ཙམ་ན་ཞིང་དེ་ལོ་ཐོག་ཤིན་ཏུ་ཕུན་སུམ་ཚོགས་པ་མཐོང་ནས་དེས་བསམས་པ། བདག་གིས་འདིར་རིབ་
མ་ཡང་མ་བྱས། སྲུང་མའི་མི་འགའ་ཡང་མ་བཞག་པར་ཞིང་འདི་ཤིན་ཏུ་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར་པ་འདི་ལ་རྒྱུ་ཅི་ཡོད་སྙམ་ནས། དེས་དེར་བྱུལ་བ་དང་མིའི་རྗེས་མཐོང་ནས་དེ་རྗེས་བཞིན་དུ་སྤྱིལ་བུ་དེར་སོང་བ་དང་། ཇི་ཙམ་ན་དགེ་སློང་བསོད་སྙོམས་
པ་ཞིག་སྐྱིལ་མོ་ཀྲུང་གིས་འདུག་པ་མཐོང་ནས་དེས་བསམས་པ། འདིའི་མཐུས་ཞིང་འདི་ཤིན་ཏུ་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར་ཏོ་སྙམ་ནས་དེས་སྨྲས་པ། འཕགས་པ་སྤྱིལ་བུ་འདི་ན་བཞུགས་སམ། དེས་སྨྲས་པ། ཁྱིམ་བདག་ཡིན་ནོ། །ཁྱིམ་བདག་གིས་
སྨྲས་པ། འཕགས་པ་ཞིང་འདི་བདག་གི་ལགས་ཀྱིས་འཕགས་པས་མེ་ཏོག་དང་། འབྲས་བུ་དང་། ཚེམ་ཤིང་དག་ཅི་བདེར་ལོངས་སྤྱད་དུ་གསོལ། འཕགས་པས་སང་བདག་གི་སྡུམ་པར་བསོད་སྙོམས་གསོལ་བར་ཅི་གནང་། ཁྱིམ་བདག་ཁོ་བོ་ནི་བསོད་སྙོམས་
པ་ཡིན་པས་བསོད་སྙོམས་འབའ་ཞིག་ལ་རྒྱུའོ་ཞེས་དེས་དེའི་དང་དུ་མ་བླངས་ནས་ཁྱིམ་བདག་དེས་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་བང་བ་སྟ་གོན་གྱིས་
Vol. 7 · folio 110a
ཤིག །ཞིང་དེ་ལས་ལོ་ཐོག་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །ཆུང་མས་བསམས་པ་འདི་བདག་ལ་ཀུ་རེ་ཟེར་རོ་སྙམ་ནས་དེས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་དེར་རིབ་མ་ཡང་མ་བགྱིས། སྲུང་མའི་མི་འགའ་ཡང་མ་བཞག་ན་བདག་ལ་ཀུ་རེ་བགྱིར་ཅི་
མཆིས། ཁྱིམ་བདག་གིས་སྨྲས་པ། བཟང་མོ་ཅི་ཁོ་བོ་ཁྱོད་ལ་ཀུ་རེ་བྱེད་སྙམ་མམ་འདི་ལྟར་ཡིད་ཆེས་པར་གྱིས་ཤིག །ཞིང་དེའི་ལོ་ཐོག་ཤིན་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །ཆུང་མས་སྨྲས་པ། ཅིའི་སླད་དུ། ཁྱིམ་བདག་གིས་སྨྲས་པ། ཁོ་བོས་ཞིང་དེའི་དྲུང་དུ་སྤྱིལ་བུ་བྱས་ཏེ་སྤྱིལ་བུ་
དེར་དགེ་སློང་བསོད་སྙོམས་པ་ཞིག་འདུག་པས་དེའི་མཐུས་ཞིང་དེ་ཤིན་ཏུ་ལོ་ཐོག་ཕུན་སུམ་ཚོགས་པར་གྱུར་ཏོ། །ཆུང་མས་སྨྲས་པ། འོ་ན་ཁྱོད་ཀྱིས་ཅིའི་སླད་དུ་དེ་སང་བསོད་སྙོམས་ལ་སྤྱན་མ་དྲངས། ཁྱིམ་བདག་གིས་སྨྲས་པ། ཁོ་བོས་དེ་སྤྱན་དྲངས་ན་བསོད་སྙོམས་པ་དེའི་
ཞལ་ནས་ཁྱིམ་བདག་ཁོ་བོ་ནི་བསོད་སྙོམས་པ་ཡིན་པས་བསོད་སྙོམས་འབའ་ཞིག་ལ་རྒྱུའོ་ཞེས་དེས་དང་དུ་མ་བླངས་སོ། །ཆུང་མས་སྨྲས་པ། དེ་དག་ནི་ཞབས་ལ་ཕྱག་འཚལ་ཏེ་སྤྱན་དྲང་བ་ལགས་སོ། །ཁྱིམ་བདག་གིས་སྨྲས་པ། འོ་ན་ཁྱོད་ཀྱིས་ཞལ་ཟས་སྟ་གོན་གྱིས་
ཤིག་དང་ཁོ་བོ་དེར་སོང་ལ་ཞབས་ལ་ཕྱག་འཚལ་ཏེ་སྤྱན་དྲང་བར་བྱའོ་ཞེས་དེ་སོང་སྟེ་དེའི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ་སང་བདག་གི་སྡུམ་པར་བསོད་སྙོམས་གསོལ་བར་ཅི་གནང་། བསོད་སྙོམས་པ་དེས་སྨྲས་པ། ཁྱིམ་བདག་ཁོ་བོ་ནི་
བསོད་སྙོམས་འབའ་ཞིག་ལ་རྒྱུའོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ཀྱིས་བདག་གི་སྡུམ་པར་བསོད་སྙོམས་མི་གསོལ་དུ་མི་རུང་ངོ་། །བསོད་སྙོམས་པ་དེས་ཁྱིམ་བདག་དེ་དུས་ཀྱིས་འཆུ་བར་ཤེས་ནས་ཅང་མི་སྨྲ་བས་དང་དུ་བླངས་སོ། །ཁྱིམ་བདག་དེས་བསོད་
སྙོམས་པ་དེས་ཅང་མི་སྨྲ་བས་དང་དུ་བླངས་པར་རིག་ནས་རྐང་པ་ལ་ཕྱག་འཚལ་ཏེ་སོང་ནས་རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཆུང་མ་ལ་སྨྲས་པ། བཟང་མོ་ཁོ་བོས་བསོད་སྙོམས་པ་དེ་སང་གདུགས་ཚོད་ལ་སྤྱན་དྲངས་ན་དེས་ཀྱང་ཅི་མི་སྨྲ་བས་དང་དུ་བླངས་ཀྱིས་ཞལ་
Vol. 7 · folio 110b
ཟས་གཙང་ཞིང་བསོད་པ་དག་སྟ་གོན་གྱིས་ཤིག །ཁྱིམ་བདག་གི་ཆུང་མ་དེས་ཁ་ཟས་གྲང་ཆ་གང་དག་ཡིན་པ་དེ་དག་ནི་དེ་ཉིད་ཀྱི་ཉིན་མོ་སྟ་གོན་བྱས། དྲོད་བག་གང་དག་ཡིན་པ་དེ་དག་ནི་ཕྱི་དེ་ཉིན་པར་སྟ་གོན་བྱས་སོ། །དགེ་སློང་བསོད་སྙོམས་པ་དག་བསོད་སྙོམས་ལ་
འཇུག་པར་བརྩམས་པ་དང་། བསོད་སྙོམས་པ་གཞན་ཞིག་བསོད་སྙོམས་པ་དེའི་གན་དུ་སོང་སྟེ་སྨྲས་པ། བསོད་སྙོམས་པ་ཚུར་ཤོག་བསོད་སྙོམས་ལ་འདོང་ངོ་། །དེས་སྨྲས་པ། ཁོ་བོ་ཁྱིམ་བདག་ཅིག་གིས་མགྲོན་དུ་བོས་པས་དུས་ཤེས་པར་བྱས་ཏེ་འགྲོས་ཁྱོད་སོང་
ཤིག །དེས་སྨྲས་པ། བསོད་སྙོམས་པ་རྙེད་པ་དང་ལྡན་ཞིང་བསོད་སྙོམས་པ་བསོད་ནམས་ཆེན་པོར་གྱུར་གྱིས་ཟས་ཀྱི་ཚོད་ཤེས་པར་གྱིས་ཤིག །ཁོ་བོས་ཀྱང་དེ་ལ་དུས་ཤེས་པར་བྱའོ། །དགེ་སློང་མ་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་
ཏེ་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ན་ཁྱིམ་དེར་ཞུགས་ཏེ་སྨྲས་པ། མཚན་བཟང་ཨ་རོག་གྱ་བསོད་སྙོམས་བྱིན་ཅིག །ཁྱིམ་བདག་གི་ཆུང་མས་སྨྲས་པ། འཕགས་མ་བདག་གིས་བསོད་སྙོམས་པ་ཞིག་སྤྱན་དྲངས་པ་དེ་འཕྱིས་ཏེ་
ཟན་བཅད་པར་གྱུར་ན་མི་རུང་བས་བདག་བྲེལ་གྱིས་རེ་ཞིག་བཞུད་ཅིག །སྦོམ་དགའ་མོས་སྨྲས་པ། གལ་ཏེ་ཁོ་མོས་བསོད་སྙོམས་པ་དེ་ཁྲིད་དེ་འོང་ན་ཁྱོད་ཀྱིས་ཁོ་མོ་ལ་བསོད་སྙོམས་སྦྱིན་ནམ། དེས་སྨྲས་པ་གསོལ་ལོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་འདི་ལ་སུས་
སྦྱིན་པར་འགྱུར། བདག་གིས་གསོལ་ལོ། །གཙུག་ལག་ཁང་སྲུང་བ་དག་སུས་སྦྱིན་པར་འགྱུར། བདག་གིས་གསོལ་ལོ། །སྦོམ་དགའ་མོས་བསམས་པ། བསོད་སྙོམས་པ་དག་གིས་བསོད་སྙོམས་བརྒྱུས་ནས་ད་ཙམ་ཕྱིར་འབྱུང་བས་གང་ད་གཟོད་འཇུག་པ་དེ་
བསོད་སྙོམས་པ་དེ་ཡིན་ནོ་སྙམ་ནས་དེ་གྲོང་ཁྱེར་གྱི་སྒོར་སོང་སྟེ་བསྡད་དོ། །བསོད་སྙོམས་པ་དེས་ཀྱང་བསམས་པ། དེང་བདག་གིས་བསོད་སྙོམས་ལ་རྒྱུ་མི་དགོས་པས་དགེ་བའི་ཕྱོགས་ལ་ཏྲོན་བྱ་ཞིང་དུས་ཤེས་པར་བྱས་ཏེ། འགྲོ་སྙམ་ནས་དེས་དུས་ཤེས་པར་
Vol. 7 · folio 111a
བྱས་ནས་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་མཉན་ཡོད་དུ་བསོད་སྙོམས་ལ་འཇུག་པར་བརྩམས་པ་དང་དེ་སྦོམ་དགའ་མོས་མཐོང་ནས་བསམས་པ། བསོད་སྙོམས་པ་དེ་འདི་ཡིན་ནོ་སྙམ་ནས་དེས་དེ་ལ་དྲིས་པ། འཕགས་
པ་སྡུམ་པ་ག་གེ་མོ་ཞིག་ཏུ་སྤྱན་མ་དྲངས་སམ། སྲིང་མོ་གཡར་དྲངས་སོ། །འཕགས་པ་བདག་གིས་ཁྱིམ་དེར་ཁྱོད་ཀྱི་བསྔགས་པ་བརྗོད་དོ། །དེས་སྨྲས་པ། སྲིང་མོ་ཅི་ཁོ་བོས་ཁྱོད་ལ་ཁོ་བོའི་བསྔགས་པ་བརྗོད་ཅིག་ཅེས་བྱས་སམ། འཕགས་པ་བཀའ་མ་སྩལ་ཏོ། །
བསོད་སྙོམས་པ་དེས་བསམས་པ། འདི་ནི་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཡིན་པར་གྱུར་གྱིས་བདག་གིས་ཟན་བཅད་པ་ནི་བླའི་བདག་ལྟུང་བ་དང་བཅས་པར་གྱུར་ན་མི་རུང་ངོ་སྙམ་ནས་དེ་ཕྱིར་ལྡོག་པར་བརྩམས་པ་དང་། སྦོམ་དགའ་མོས་སྨྲས་པ། འཕགས་པ་
བདག་གིས་ཁྱོད་ཀྱི་གདུང་ཡང་མ་འཚལ། མཚན་ཡང་མ་འཚལ་བས་བདག་གིས་ཁྱོད་ཀྱི་བསྔགས་པ་བརྗོད་རེ་སྐན། བསོད་སྙོམས་པས་སྨྲས་པ། སྲིང་མོ་གལ་ཏེ་ཁྱོད་ཀྱི་ཚིག་སྔ་མ་བདེན་ན་ནི་ཕྱི་མ་བརྫུན་ལ། གལ་ཏེ་ཕྱི་མ་བདེན་ན་ནི་སྔ་མ་བརྫུན་ནོ་ཞེས་དེ་ཕྱིར་ལོག་
སྟེ་སྤྱིལ་བུ་དེ་ཉིད་དུ་སོང་ནས་དེ་ཇི་སྲིད་དུ་ལུས་ལས་མདངས་མ་ཡལ་བ་དེ་སྲིད་དུ་དགེ་བའི་ཕྱོགས་ལ་ཏྲོན་བྱས་ནས་གང་གི་ཚེ་ལུས་ལས་མདངས་ཡལ་བ་དེའི་ཚེ་ན་གློས་ཕབ་སྟེ་ཉལ་བ་དང་བསོད་སྙོམས་པ་གཞན་དག་གིས་དེ་ལ་སྨྲས་པ། གལ་ཏེ་ཟས་གཞན་གྱི་ཡིན་ཞེས་དེ་
ལྟོ་ཡང་གཞན་གྱི་ལྟོ་ཡིན་སྙམ་མམ། ཅི་བྱས། ཅི་ཙམ་གྱིས་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟས་ཟོས་སོ། །སུས་ཟོས། ཁྱོད་ཀྱིས་ཟོས་སོ། །ཁོ་བོས་མ་ཟོས་སོ། །འོ་ན་ཅིའི་ཕྱིར་གློས་ཕབ་སྟེ་ཉལ། དེས་སྐབས་དེ་དགེ་སློང་རྣམས་ལ་
རྒྱས་པར་བརྗོད་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་།
Vol. 7 · folio 111b
བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་
ཡིན་ལ་འདི་ནི་གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་གང་
ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་རིག་པའམ། གཞན་གྱིས་བརྗོད་པས་སོ། །དགེ་སློང་མས་ཞེས་བྱ་བ་ནི་ཆོས་འདི་པས་སོ། །སྦྱོར་དུ་བཅུག་པའི་ཞེས་བྱ་བ་ནི་སྦྱོར་དུ་བཅུག་པ་
གཉིས་ཏེ། ཚུལ་ཁྲིམས་ཀྱིས་སྦྱོར་དུ་བཅུག་པ་དང་། ཐོས་པས་སྦྱོར་དུ་བཅུག་པའོ། །ཟས་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ། །ཟ་ན་ཞེས་བྱ་བ་ནི་མགུལ་དུ་མིད་ནའོ། །སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་སྔར་ཁྱིམ་དུ་མགྲོན་དུ་བོས་
པ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་
སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་གཞན་དུ་མགྲོན་དུ་བོས་པར་གྱུར་པ་ན་དེར་དགེ་སློང་མ་འོངས་ཏེ་མགྲོན་དྲིས་པ།
ཁྱོད་ཅག་གིས་དགེ་སློང་གང་དག་མགྲོན་དུ་བོས། ཆེ་གེ་མོ་དང་ཆེ་གེ་མོ་ལ་སོགས་པ་དག་གོ། །ཟན་ཇི་ལྟ་བུ་དག་སྦྱིན། སུམ་ཕེལ་གྱི་ཟན་དག་གོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་
Vol. 7 · folio 112a
བཅོམ་པ་དག་ཡིན་པས་དེ་དག་ལ་གཙང་ཕྱེ་སྦྱིན་པར་བྱའོ། །ཞུན་མར་ཇི་ལྟ་བུ་སྦྱིན། རའི་ཞུན་མར་སྦྱིན་ནོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་
པས་དེ་དག་ལ་བ་མར་སྦྱིན་པར་བྱའོ། །ལན་ཚྭ་ཇི་ལྟ་བུ་སྦྱིན། འགྱུར་བྱེད་ཀྱི་ལན་ཚྭའོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་རྒྱམ་ཚྭ་དང་། བ་ཚྭ་དང་། རྒྱ་
མཚོའི་ཚྭ་སྦྱིན་པར་བྱའོ། །བཏུང་བ་ཇི་ལྟ་བུ་བླུད་རྩབ་མོའོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་དར་བ་བླུད་པར་བྱའོ། །ཟན་སྤག་པ་ཇི་ལྟ་བུ་སྦྱིན། ཚྭ་
དང་སྦྱར་བའི་ལྡུམ་མོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་ཚོག་པ་དང་། བཙོས་པ་དང་། ཞོ་ཐུག་བླུད་པར་བྱའོ། །ཁུར་བ་ཇི་ལྟ་བུ་སྦྱིན། མོན་
སྲན་གྲེའུའི་ཁུར་བའོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་ཧྭགས་ཀྱི་ཁུར་བ་དང་། མོན་ཁུར་དང་། བོག་རན་སྦྱིན་པར་བྱའོ། །མོན་ཁུར་སྤག་པ་
ཇི་ལྟ་བུ་སྦྱིན། ཚྭ་དང་སྦྱར་བའི་ལྡུམ་མོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་བརྔོ་ཤ་དང་། སྲེག་ཤ་དང་། ཤ་རྣམ་པ་མང་པོ་སྦྱིན་པར་བྱའོ། །
སྐོམ་ཇི་ལྟ་བུ་བླུད། བུ་རམ་ཆབ་བོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་ཧྭགས་ཆབ་དང་། ལི་ཁ་རའི་ཆབ་དང་། དྲོ་འཇམ་བླུད་པར་
Vol. 7 · folio 112b
བྱའོ། །འབྲས་ཆན་ཇི་ལྟ་བུ་སྦྱིན། འབྲས་ཆན་རྩུབ་པོ་དང་། ཀོ་དྲ་བའི་ཆན་ནོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་འབྲས་སཱ་ལུའི་ཆན་སྦྱིན་པར་
བྱའོ། །སྲན་ཚོད་ཅི་ལྟ་བུ་བླུད། མོན་སྲན་གྲེའུའི་སྲན་ཚོད་དོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་མོན་སྲན་སྡེའུའི་སྲན་ཚོད་བླུད་པར་བྱའོ། །བྱ་
ན་ཇི་ལྟ་བུ་སྦྱིན། བརྔོ་ཚོད་དོ། །མི་རུང་སྟེ། དགེ་སློང་དེ་དག་ནི་རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པས་དེ་དག་ལ་ཤ་རྣམ་པ་སྣ་ཚོགས་དང་། ཧྭགས་ཚོད་དང་ཞོ་དང་། འོ་ཚན་བླུད་པར་
བྱའོ། །ཞེས་སྦྱོར་དུ་བཅུག་ནས། དགེ་སློང་གིས་གལ་ཏེ་ཤེས་བཞིན་དུ་ཟོས་ན་ལྟུང་བྱེད་དུ་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དག་ཡིན་པ་བདེན་ན་ལྟུང་བ་མེད་དོ། །འདི་ལྟ་སྟེ་དགེ་
སློང་རབ་ཏུ་མང་པོ་དག་ཁྱིམ་གཞན་དུ་མགྲོན་དུ་བོས་པར་གྱུར་པ་ན་དེར་དགེ་སློང་མ་འོངས་ཏེ་དྲིས་པ། ཁྱེད་ཅག་གིས་དགེ་སློང་གང་དག་མགྲོན་དུ་བོས། ཆེ་གེ་མོ་དང་ཆེ་གེ་མོ་ལ་སོགས་པ་དག་གོ། །ཟན་ཇི་ལྟ་བུ་དག་སྦྱིན། སུམ་ཕེལ་གྱི་ཟན་དག་གོ། །མི་རུང་སྟེ།
དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་གཙང་ཕྱེ་སྦྱིན་པར་བྱའོ། །ཞུན་མར་ཇི་ལྟ་བུ་སྦྱིན། རའི་ཞུན་མར་སྦྱིན་ནོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་
དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་བ་མར་སྦྱིན་པར་བྱའོ། །ལན་ཚྭ་ཇི་ལྟ་བུ་སྦྱིན། འགྱུར་བྱེད་ཀྱི་ལན་ཚྭའོ། །མི་རུང་སྟེ་དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས། དེ་དག་ལ་རྒྱམ་ཚྭ་དང་། བ་
Vol. 7 · folio 113a
ཚྭ་དང་། རྒྱ་མཚོའི་ཚྭ་སྦྱིན་པར་བྱའོ། །བཏུང་བ་ཇི་ལྟ་བུ་བླུད། རྩབ་མོའིའོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་དར་བ་བླུད་པར་བྱའོ། །ཟན་སྤག་པ་ཇི་ལྟ་བུ་
སྦྱིན། ཚྭ་དང་སྦྱར་བའི་ལྡུམ་མོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་ཚོག་པ་དང་། བཙོས་པ་དང་། ཞོ་ཐུག་བླུད་པར་བྱའོ། །ཁུར་བ་ཇི་ལྟ་བུ་སྦྱིན། མོན་སྲན་གྲེའུའི་ཁུར་
བའོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་ཧྭགས་ཀྱི་ཁུར་བ་དང་། མོན་ཁུར་དང་། བོག་རན་སྦྱིན་པར་བྱའོ། །མོན་ཁུར་སྤག་པ་ཇི་ལྟ་བུ་སྦྱིན། ཚྭ་དང་སྦྱར་བའི་
ལྡུམ་མོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་བརྔོ་ཤ་དང་། སྲེག་ཤ་དང་། ཤ་རྣམ་པ་མང་པོ་སྦྱིན་པར་བྱའོ། །སྐོམ་ཅི་ལྟ་བུ་བླུད། བུ་རམ་ཆབ་བོ། །མི་རུང་སྟེ།
དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་ཧྭགས་ཆབ་དང་། ལི་ཁ་རའི་ཆབ་དང་། དྲོ་འཇམ་བླུད་པར་བྱའོ། །འབྲས་ཆན་ཇི་ལྟ་བུ་སྦྱིན། འབྲས་ཆན་རྩུབ་པོ་དང་། ཀོ་དྲ་བའི་ཆན་ནོ། །མི་རུང་སྟེ།
དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་འབྲས་སཱ་ལུའི་ཆན་སྦྱིན་པར་བྱའོ། །སྲན་ཚོད་ཇི་ལྟ་བུ་བླུད། མོན་སྲན་གྲེའུའི་སྲན་ཚོད་དོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་
འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་མོན་སྲན་སྡེའུའི་སྲན་ཚོད་བླུད་པར་བྱའོ། །བྱ་ན་ཇི་ལྟ་བུ་སྦྱིན། བརྔོ་ཚོད་དོ། །མི་རུང་སྟེ། དགེ་སློང་དེ་དག་ནི་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པས་དེ་དག་ལ་ཤ་རྣམ་པ་སྣ་
Vol. 7 · folio 113b
ཚོགས་དང་ཧྭགས་ཚོད་དང་། ཞོ་དང་། འོ་ཚན་བླུད་པར་བྱའོ་ཞེས་སྦྱོར་དུ་བཅུག་ནས། དགེ་སློང་གིས་གལ་ཏེ་དེ་ཤེས་བཞིན་དུ་ཟོས་ན་ལྟུང་བྱེད་དུ་འགྱུར་རོ། །མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་དག་ཡིན་པ་བདེན་ན་ལྟུང་བ་མེད་དོ། །ལས་
དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དེ་སུམ་བཅུ་པ་རྫོགས་སྷོ།། །།སྡོམ་ལ། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་
སྟོབས་པ་དང་། །འདུས་དང་དུས་མིན་སོགས་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱི་
ཀུན་དུ་སྤྱོད་པ་ནི་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུ་བ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། མི་རྒྱུར་འགྲོ་བ་ཡིན་པས་དེ་གཉིས་ཀྱིས་དེ་དག་ཏུ་བརྒྱུས་ནས་འཛམ་བུའི་གླིང་དུ་འོངས་ཏེ་འཁོར་བཞི་པོ་དག་ལ་སེམས་ཅན་དམྱལ་བ་པའི་སེམས་
ཅན་རྣམས་ཀྱི་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་དང་། དུད་འགྲོ་རྣམས་གཅིག་ལ་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་
དང་། ལྷ་རྣམས་ཀྱི་འཆི་འཕོ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ཚོལ་བ་དང་། ཆགས་པ་ལ་སོགས་པའི་སྡུག་བསྔལ་གང་དག་ཡིན་པ་དེ་དག་རྗོད་པར་བྱེད་པས་གང་ལ་ལའི་ལྷན་
ཅིག་གནས་པ་དང་། ཉེ་གནས་ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བ་དེ་དག་དེས་ཁྲིད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལ་ཡང་དག་
Vol. 7 · folio 114a
པར་འདོམས་སུ་འཆོལ་བར་བྱེད། ཡང་དག་པར་རྗེས་སུ་སྟོན་དུ་འཆོལ་བར་བྱེད་ཅིང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱང་དེ་ལ་ཡང་དག་པར་འདོམས་པར་བྱེད། ཡང་དག་པར་རྗེས་སུ་སྟོན་པར་བྱེད་དོ། །ཚེ་དང་ལྡན་
པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་ཡང་དག་པར་གཏམས་ཤིང་། ཡང་དག་པར་རྗེས་སུ་བསྟན་པ་ན་དེ་དག་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོག་པར་བྱེད་དོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་
གྱི་བུ་ཆེན་པོ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཅིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་
ཅིང་འཁོད་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱི་ཀུན་དུ་སྤྱོད་པ་ནི་དུས་དང་དུས་སུ་སེམས་ཅན་དམྱལ་བ་རྒྱུ་བ་དང་། དུད་འགྲོ་རྒྱུ་བ་དང་། ཡི་དགས་རྒྱུ་བ་དང་། ལྷ་རྒྱུ་བ་དང་། མི་རྒྱུར་
མཆི་བ་ལགས་པས། དེ་གཉིས་ཀྱིས་དེ་དག་ཏུ་བརྒྱུས་ནས་འཛམ་བུའི་གླིང་དུ་མཆིས་ཏེ་འཁོར་བཞི་པོ་དག་ལ་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་དབྱུང་བ་དང་། གཏུབ་པ་དང་། གཅད་པ་དང་། གཤེག་པ་ལ་སོགས་པའི་སྡུག་བསྔལ་དང་། དུད་འགྲོ་
རྣམས་ཀྱི་གཅིག་ལ་གཅིག་འཚལ་བ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པ་ལ་སོགས་
པའི་སྡུག་བསྔལ་དང་། མི་རྣམས་ཀྱི་ཚོལ་བ་དང་། ཆགས་པ་ལ་སོགས་པའི་སྡུག་བསྔལ་གང་དག་ལགས་པ་དེ་དག་རྗོད་པར་བགྱིད་པས་གང་ལ་ལའི་ལྷན་ཅིག་གནས་པ་དང་། ཉེ་གནས་ཚངས་པར་སྤྱོད་པ་ལ་མངོན་པར་མི་དགའ་བ་དེ་དག་དེས་ཁྲིད་དེ་
Vol. 7 · folio 114b
ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ག་ལ་བ་དེར་མཆིས་ཏེ། མཆིས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལ་ཡང་དག་པར་འདོམས་སུ་འཆོལ་བར་བགྱིད། ཡང་དག་པར་རྗེས་སུ་སྟོན་དུ་འཆོལ་
བར་བགྱིད་ཅིང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱང་དེ་དག་ལ་ཡང་དག་པར་འདོམས་པར་བགྱིད་ཡང་དག་པར་རྗེས་སུ་སྟོན་པར་བགྱིད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀྱིས་ཡང་དག་པར་
གཏམས་ཤིང་། ཡང་དག་པར་རྗེས་སུ་བསྟན་པ་ན་དེ་དག་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་ཞིང་གོང་དུ་ཁྱད་པར་ཡང་རྟོག་པར་བགྱིད་དེ། བཙུན་པ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་འཁོར་བཞི་པོ་དག་གིས་ཀུན་དུ་བསྐོར་ཅིང་།
མཆིས་པའི་རྒྱུ་ནི་དེ་ལགས། རྐྱེན་ནི་དེ་ལགས་སོ། །ཀུན་དགའ་བོ་ཐམས་ཅད་དུ་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ལྟ་བུ་དག་མི་འབྱུང་བས་དེའི་ཕྱིར་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་
བར་རྗེས་སུ་གནང་ངོ་། །བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་ཇི་ལྟར་བྲི་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བ་ལྔ་པོ་སེམས་ཅན་དམྱལ་བའི་འགྲོ་བ་དང་།
དུད་འགྲོའི་འགྲོ་བ་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷའི་འགྲོ་བ་དང་། མིའི་འགྲོ་བ་བྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་གང་དུ་གང་བྲི་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐར་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་།
ཡི་དགས་ཀྱི་འགྲོ་བ་བྲི་བར་བྱའོ། །ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དང་། བྱང་གི་སྒྲ་མི་སྙན་དང་། འཛམ་བུའི་གླིང་ཡང་བྲི་བར་བྱའོ། །དབུས་སུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དག་བྲི་བར་བྱའོ། །སངས་རྒྱས་ཀྱི་
Vol. 7 · folio 115a
སྐུ་གཟུགས་མྱ་ངན་ལས་འདས་པའི་དཀྱིལ་འཁོར་དཀར་པོ་སྟོན་པར་བྲི་བར་བྱའོ། །རྫུས་ཏེ་སྐྱེས་པའི་སེམས་ཅན་ཟོ་ཆུན་རྒྱུད་མའི་ཚུལ་གྱིས་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲི་བར་བྱའོ། །ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བའི་
ཡན་ལག་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་བཟློག་པ་དག་བྲི་བར་བྱ་ཞིང་ཐམས་ཅད་མི་རྟག་པས་བཟུང་བར་བྲི་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །
འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་ཡང་བྲི་བར་བྱའོ། །
བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་བྲི་བར་བྱའོ། །ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཀྱིས་སྒོ་ཁང་དུ་ཆ་ལྔ་པའི་འཁོར་ལོ་འདྲིར་བཅུག་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ལྷགས་ནས་འཕགས་པ་དག་བྲིས་པ་འདི་ཅི་ལགས་
ཞེས་འདྲི་བ་ན། དེ་དག་གིས་ཁོ་བོ་ཅག་གིས་ཀྱང་མི་ཤེས་སོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་དེ་སྟོན་པར་འགྱུར་བའི་དགེ་སློང་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་
དགེ་སློང་བསྐོ་བར་བྱའོ་ཞེས་བཀའ་སྩལ་ནས། དེ་དག་བྱེ་བྲག་མེད་པར་བྱིས་པ་ཡང་རུང་། རྨོངས་པ་ཡང་རུང་། མི་གསལ་བ་ཡང་རུང་། མི་མཁས་པ་ཡང་རུང་བ་ལས་བསྐོ་བར་བྱེད་ནས་དེ་དག་བདག་ཉིད་ཀྱིས་ཀྱང་མི་ཤེས་ན་བྲམ་ཟེ་དང་ཁྱིམ་བདག་འོངས་ཤིང་
ལྷགས་པ་རྣམས་ལ་སྟོན་པར་འགྱུར་བ་ལྟ་ག་ལ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་ལས་བསྐོ་བར་བྱའོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words