དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བྷི་ཀྵུ་ཎཱི་བི་ན་ཡ་བི་བྷངྒ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 9 · folio 55a
ཚུར་ཤོག །ཁྱོད་ཀྱིས་བདག་ཉིད་ཐོང་ཤིག །བདག་ཉིད་སོད་ཅིག །བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཤིག །ཁྱོད་ཤི་དང་བསོད་ནམས་མ་ཡིན་པའི་རྣམ་པ་མང་པོ་འདི་ལྟ་བུ་འཕེལ་བར་མི་འགྱུར་ལ། ཚོར་བ་སྡུག་
བསྔལ་བའི་རྣམ་པ་མི་བཟད་པ། རྩུབ་པ། ཚ་བ་ཡིད་དུ་མི་འོང་བ་དེ་ལྟ་བུ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་སྨྲས་ལ། དེས་དེ་སྐད་སྨྲས་པས་དེ་བདག་ཉིད་གཏོང་ངམ། བདག་ཉིད་གསོད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན་འཆིར་བཅུག་པ་
དེ་ཉིད་ཀྱིས་ཕམ་པར་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་འདི་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའ་བའོ། །བདག་ཉིད་གསོད་པ་ནི་ནུས་པར་དཀའ་བ་ཡིན་པས་བདག་གིས་བདག་ཉིད་མི་གཏང་ངོ་། །བདག་གིས་བདག་ཉིད་མི་གསད་དོ། །
བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་དུ་བསམས་ནས། གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན་ཡང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་
པོར་འགྱུར་རོ། །གལ་ཏེ་དེ་དེ་སྐད་སྨྲས་པས་བདག་ནི་འདི་ལྟར་བྱིས་པ་བླུན་པ། མི་གསལ་བ། མི་མཁས་པ་ཡིན་པས་བདག་གིས་གྱ་ཚོམ་དང་བྱུང་རྒྱལ་དུ་སྨྲས། བདག་གིས་མ་བརྟགས་པའི་ཚིག་སྨྲས་སོ་སྙམ་དུ་འགྱོད་པར་གྱུར་ནས། དེ་དེའི་གན་དུ་སོང་
ནས་འདི་སྐད་ཅེས་བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་མོད་ཀྱི། འོན་ཀྱང་ཁྱོད་བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན་ཁྱོད་ཀྱི་ལུས་ཀྱི་
ལས་ཀྱི་ཀུན་དུ་སྤྱོད་པ་ཡོངས་སུ་མ་དག་པ་གང་ཡིན་པ་ལས་བསླང་སྟེ་དགེ་བའི་ལས་ལ་འཇོག་པར་འགྱུར་རོ། །ངག་དང་ཡིད་ཀྱི་ལས་མི་དགེ་བ་ལས་བསླང་སྟེ་ངག་དང་ཡིད་ཀྱི་ལས་དགེ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ། །དེ་ལྟར་ཁྱོད་ཀྱི་ལུས་དང་། ངག་དང་། ཡིད་ཀྱི་
Vol. 9 · folio 55b
ལེགས་པར་སྤྱོད་པ་དང་ལྡན་ན་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་སྐབས་ཡོད་པར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་སྐད་ཅེས་སྨྲས་པས་དེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད།
བདག་ཉིད་སྲོག་དང་བྲལ་བ་བྱེད་དུ་མི་འཇུག་ཀྱང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་འདི་ལྟར་དེ་སྐད་ཅེས་ཟེར་ལ་བདག་ཇི་སྲིད་དུ་གསོན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བདག་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་
བར་འགྱུར་ལ། ཇི་སྲིད་དུ་བདག་ལས་བསོད་ནམས་མ་ཡིན་པ་སྐྱེས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་ལྷག་པར་རྒྱ་ཆེ་བ་དང་། ལྷག་པར་ཡུན་རིང་བ་མྱོང་བར་འགྱུར་བས་གདོན་མི་ཟ་བར་བདག་ཉིད་སྲོག་དང་བྲལ་བར་བྱའོ། །འདི་ལྟར་
བདག་ཉིད་གཏང་བར་བྱའོ། །བདག་ཉིད་གསད་པར་བྱའོ། །བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འཆིར་བཅུག་པའི་
སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ཚུལ་ཁྲིམས་འཆལ་པ་ལ་ནི་དེ་ལྟ་བུར་རོ། །ཚུལ་ཁྲིམས་དང་ལྡན་པ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་ཡང་དགེ་སློང་མ་དེ་དགེ་སློང་ངམ་དགེ་སློང་མ་ཡོན་ཏན་དང་ལྡན་པ་ལ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་འགའ་ཞིག་
འདོད་པའི་ཕྱིར་ཞེས་བྱ་བ་སྔ་མ་བཞིན་ནོ། །དེ་དེའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ནི་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པས་ཁྱོད་ཡུལ་གཞན་དུ་སོང་ན་ཡང་ལོ་ལེགས་པ་ཡིན། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ།
ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ་ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཁྱོད་མཐོ་རིས་སུ་སྐྱེས་ནས་ཀྱང་ལྷའི་གོས་དང་། དོ་ཤལ་དང་། སེ་མོ་དོས་ལུས་བརྒྱན་པར་འགྱུར། ལྷའི་བདུད་རྩིས་ལུས་ཚིམ་པར་འགྱུར། ལྷའི་བདེ་བ་ཉམས་སུ་
Vol. 9 · folio 56a
མྱོང་བར་འགྱུར་རོ། །ཞེས་སྨྲ་ལ། གལ་ཏེ་དེས་དེ་ལ་འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ་དེས་དེ་ལ་ཚུར་ཤོག །བདག་ཉིད་ཐོང་ཤིག །བདག་ཉིད་སོད་ཅིག །བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་ལ། གལ་ཏེ་དེ་དེ་སྐད་
སྨྲས་པས་ཇི་སྟེ་བདག་ཉིད་སྲོག་དང་བྲལ་བར་བྱེད་ན་འཆིར་བཅུག་པའི་ཕྱིར་ཕས་ཕམ་པར་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་དང་ལྡན་པ་དེ་འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི་འོན་ཀྱང་གསོན་པ་ནི་རྙེད་པར་དཀའོ། །བདག་ཉིད་གསོད་པ་ནི་ནུས་པར་དཀའ་
བས་བདག་གིས་བདག་ཉིད་མི་གཏང་ངོ་། །བདག་གིས་བདག་ཉིད་མི་གསད་དོ། །བདག་གིས་བདག་ཉིད་སྲོག་དང་བྲལ་བར་མི་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་
བྲལ་བར་མི་བྱེད་ན་ཡང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དེ་དེ་སྐད་ཅེས་སྨྲས་པས་འགྱོད་པར་གྱུར་ནས། དེའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་ཤེས་པར་གྱིས་ཤིག །འདི་ལྟར་བྱིས་པ། བླུན་པ།
མི་གསལ་བ། མི་མཁས་པ་ཡིན་པ། བདག་གིས་གྱ་ཚོམ་དང་བྱུང་རྒྱལ་དུ་བདག་གིས་མ་ལེགས་པ་ཞིག་སྨྲས་ཀྱིས། ཁྱོད་བདག་ཉིད་མ་གཏོང་ཞིག །བདག་ཉིད་མ་གསོད་ཅིག །བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པ། ཁྱོད་ཡུན་རིང་དུ་གསོན་དང་། ཁྱོད་ཡུན་རིང་དུ་གསོན་པས་བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ། །འདི་ལྟར་ཁྱོད་ཀྱིས་དེ་ལྟར་བྱས་ན་ཡུན་རིང་དུ་ལྷ་རྣམས་ཀྱི་
ནང་དུ་བདེ་བ་རྒྱ་ཆེ་བ་མྱོང་བར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེ་དེ་ལྟར་བཟློག་པ་ན་ཇི་ལྟར་བདག་ཉིད་སྲོག་དང་བྲལ་བར་མི་བྱེད་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དེ་འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་
Vol. 9 · folio 56b
མོད་ཀྱི། འོན་ཀྱང་བདག་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པས་བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་པ་ཡིན། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་
ཞིག་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་ན་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་
ལ་ནི་དེ་ལྟར་རོ། །དེས་ན་འཆིར་བཅུག་གམ་ཞེས་གསུངས་སོ། །དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི་འཆི་བར་མངོན་པར་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ། །དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་ཅེས་བྱ་བ་ནི་བོད་པའི་ཚིག་དག་ཡིན་ནོ། །
འཚོ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པས་ཤི་བླའོ་ཞེས་བྱ་བ་དེ་དག་ནི་སྨད་པའི་ཚིག་ཡིན་ནོ། །ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ་། །གཞན་ཡང་རྒྱས་པར་ཕས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གནས་པར་མི་བྱའོ་
ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་ལྷན་ཅིག་ཏུ་གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱང་བར་མི་བྱ། དགེ་སློང་མས་ལས་བཅུ་གཉིས་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ། །
དེ་ལྟར་ན་འདི་ནི་ཕས་ཕམ་པར་གྱུར་པ་གསུམ་པ་ཡིན་པར་དགེ་སློང་མའི་འདུལ་བ་ལ་བརྗོད་པར་བྱའོ། །གཞན་ནི་དགེ་སློང་གི་འདུལ་བ་ཇི་ལྟ་བ་དེ་བཞིན་དུ་བརྗོད་དོ། །ཕས་ཕམ་པར་གྱུར་པ་གསུམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཡངས་པ་
ཅན་ན་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱ་འཚོ་བའི་དོན་ལ་ཆུ་ཀླུང་ཡིད་འོང་ལྡན་ལ་རྟེན་ཅིང་འཁོད་དོ། །དེ་དག་ལ་རྒྱ་མོ་སྤྱོད་པ་དང་། སྤྱོད་པ་ཆེན་པོ་ཞེས་བྱ་བ་གཉིས་ཤིག་ཡོད་པ་ལས་དེ་དག་ལན་འགའ་ནི་རྒྱ་
Vol. 9 · folio 57a
མོ་སྤྱོད་པ་འཇུད་པར་བྱེད། ལན་འགའ་ནི་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དོ། །གང་གི་ཚེ་ཉ་དག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད་ལ། གང་གི་ཚེ་ནི་ཉ་དག་ཉོ་བ་ཡོད་པ་དེའི་ཚེ་ནི་སྤྱོད་པ་ཆེན་པོ་འཇུད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་
ཡངས་པ་ཅན་དུ་དུས་སྟོན་བྱུང་ནས་དེ་དག་གིས་རྒྱ་མོ་གཉིས་ཀ་བཅུག་སྟེ། ཉིས་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་བཅུག །ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་པོ་བཅུག་གོ། །གང་དག་གིས་རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ནི་ཉ་དང་། རུས་སྦལ་དང་། སྦལ་པ་དང་།
ཆུ་སྲིན་བྱིས་པ་གསོད་པ་དང་། ཉ་ཀྱི་བ་ལ་སོགས་པ་མང་པོ་དག་འདི་ལྟ་སྟེ། དཔེར་ན་ཏིལ་དང་། འབྲས་དང་། འབྲས་ཐུག་པོ་ཆེ་དང་། རྒྱ་ཤུག་དང་། རྒྱ་སྲན་ལ་སོགས་པ་བཞིན་དུ་ཕུང་པོ་ཆེན་པོར་སྤུངས་སོ། །གང་དག་གིས་རྒྱ་མོ་སྤྱོད་པ་ཆེན་པོ་བཅུག་
པ་དེ་དག་གིས་ནི་རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན་དུ་ཞུགས་པ་ཆུ་སྲིན་ཆེན་པོ་ཉའི་རིགས་བོང་ཚོད་ཆེན་པོ་ཉལ་བ་ཟིན་ནས་དེ་དག་གིས་དེ་དྲང་བར་བརྩམས་སོ། །དེ་དག་གིས་དྲངས་པ་ནས་དེ་སད་ནས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་དང་རྒྱ་མོ་སྤྱོད་པ་ཆེན་པོ་ཁྱེར་ཏེ་རྒྱུན་ཕྱོགས་
སུ་ཞུགས་སོ། །ཉ་པ་དེ་དག་གིས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དག་ལ། གྲོགས་པོ་དག་རྒྱ་མོ་སྤྱོད་པ་ཆེན་པོ་དང་བདག་ཅག་ཁྱེར་གྱིས་ར་མདའ་ཟློག་ཅེས་བྱས་སོ། །དེ་དག་གིས་ཐོས་ནས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དེ་དག་ཀྱང་ལྷགས་ཏེ་དེ་ཉིད་ལ་རུབ་པ་དང་
དེ་དག་ཀྱང་ཁྱེར་རོ། །དེ་ནས་དེའི་འོག་ཏུ་ས་ཕྱོགས་མཐོན་པོར་འདུག་སྟེ་བོས་པ་དང་། དེ་ནས་ཕྱུགས་རྫི་དང་། བ་ལང་རྫི་ལ་སོགས་པ་འོངས་ནས་འབད་པ་ཆེན་པོས་ཕྱུང་བ་དང་། ཆུ་སྲིན་ཉའི་རིགས་རི་བོ་བརྩེགས་པ་འདྲ་བ། མགོ་བོ་བཅོ་བརྒྱད་དང་མིག་
སུམ་བཅུ་རྩ་དྲུག་ཡོད་པ་ཕྱུང་ངོ་། །ཇི་ཙམ་ན་སྐྱེ་བོའི་ཚོགས་ཆེན་པོ་འོངས་ཏེ་ལྷགས་པ་དང་། སྟོན་པ་དྲུག་པོ་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ། དྲུག་པོ་གང་དག་ཡིན་ཞེ་ན། འདི་ལྟ་
Vol. 9 · folio 57b
སྟེ། འོད་སྲུང་རྫོགས་བྱེད་དང་། ཀུན་དུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལ་བ་ཅན་དང་། ཀ་ཏྱའི་བུ་ནོག་ཅན་དང་། གཅེར་བུ་པ་གཉེན་གྱི་བུ་དག་སྟེ། སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ་དྲུག་
པོ་འདི་དག་ཀྱང་དེའི་ཚེ་ལྟད་མོ་ལ་ལྷགས་སོ། །དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་ཀྱིས་འཚོ་ཞིང་གཞེས་
ལ་བཞུགས་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ། གཞན་ལ་ཕན་པར་ཞུགས་པ། དགེ་བའི་སྤྱོད་པ་ལ་མི་གཡོ་བ། ཕ་རོལ་གནོན་པའི་བརྩོན་འགྲུས་བརྟན་པ། ཉག་གཅིག་དཔའ་བ། བསྲུང་བ་གཅིག་པུ་པ་གཉིས་སུ་མེད་པ། གཉིས་སུ་མི་
གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབས་པ། དུལ་བའི་གཞི་གསུམ་ལ་མཁས་པ། ལམ་གསུམ་སྤངས་པ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་
བ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ་ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་
ལྔ་ལས་ཡང་དག་པར་འདས་པ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། ཡན་ལག་དྲུག་དང་ལྡན་པ། རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་ཕྱུག་པ། འཕགས་པའི་ལམ་ཡན་ལག་བརྒྱད་སྟོན་པ། མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་སྒྱུར་བ་ལས་ཁྱད་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ་སངས་རྒྱས་ཀྱི་
Vol. 9 · folio 58a
སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས་སུ་ནི་ཉམས་པར་གྱུར། སུ་ནི་འཕེལ་བར་གྱུར། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་། ཉམ་ང་བ་དང་མི་བདེ་བར་གྱུར། གང་གི་དགེ་བའི་རྩ་བ་མ་བསྐྱེད་པ་ནི་
བསྐྱེད་པར་བྱ། གང་གི་དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱ། གང་ཞིག་འཕགས་པ་རྣམས་ཀྱི་ནོར་གྱི་དབྱིག་དང་བྲལ་བ་ནི་འཕགས་པའི་ནོར་གྱི་དབང་ཕྱུག་ལ་གཞག་པར་བྱ། གང་ནི་མིའི་འབྲས་
བུ་ལ་གནས། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་། ཞེ་སྡང་དང་།
གཏི་མུག་ལ་སྤྱོད། གང་ནི་ཉེས་པ་རྣམས་ཀྱིས་གནོད་པར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། གང་ནི་ངན་སོང་ལ་བབ། ངས་གང་ནི་ངན་སོང་ལས་བསླང་སྟེ་མཐོ་རིས་དང་། འབྲས་བུ་ལ་རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི་
འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་བཅས་པར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ། །ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་འདའ་བར་འགྱུར་སྲིད་
ཀྱི། །གདུལ་བྱ་ལ་བྱམས་སངས་རྒྱས་ནི། །དུས་ལས་འདའ་བར་མི་མཛད་དོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཀུན་
མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེ་ཡི། །བ་བཞོན་གདུལ་བྱའི་བུ་ཚོལ་མི་སྐྱོ་སྟེ། །སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། །བེའུ་སྡུག་སྟོར་ལ་བྱམས་པའི་བ་བཞོན་བཞིན། །དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བའི་སྤྱན། སངས་
Vol. 9 · folio 58b
རྒྱས་ཀྱི་སྤྱན་གྱིས་གཟིགས། ཀུན་དུ་གཟིགས་ནས་དགོངས་པ། ཆུ་སྲིན་ཉའི་རིགས་ངན་སོང་ལ་གཞོལ་བ། ངན་སོང་ལ་འབབ་པ། ངན་སོང་ལ་བབ་པ་སྔོན་གྱི་སངས་རྒྱས་དག་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཡང་། ད་ལྟར་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར་
པ། ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་གྱུར་པ་ཡིན་གྱིས། ངས་ཆུ་སྲིན་ཉའི་རིགས་འདི་ལ་བརྟེན་ཏེ་གདུལ་བྱའི་ཚོགས་ཆེན་པོ་དྲང་བར་བྱ། སེམས་ཅན་རྣམས་ཀྱང་ལས་བདག་གིར་བྱ་བར་མངོན་སུམ་དུ་བྱས། དེའི་ཕྱིར་ཆུ་ཀླུང་
ཡིད་འོང་ལྡན་གྱི་འགྲམ་དུ་གཤེགས་སོ་སྙམ་དུ་དགོངས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་གདུལ་བའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཡིན་པས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུར་གཤེགས་པ་དང་། དུད་འགྲོའི་ནང་དུ་རྒྱུ་བ་དང་། ཡི་
དགས་ཀྱི་ནང་དུ་རྒྱུ་བ་དང་། ལྷའི་ནང་དུ་རྒྱུ་བ་དང་། ལྗོངས་རྒྱུར་གཤེགས་སོ། །དུས་དུས་སུ་རི་དང་། དུར་ཁྲོད་དང་། ཆུ་ཀླུང་དང་། གཙུག་ལག་ཁང་དུ་རྒྱུར་གཤེགས་སོ། །དོན་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུར་གཤེགས་པར་
བཞེད་དེ། འཛུམ་པ་མཛད་ནས་ཞེས་བྱ་བའི་བར་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་
དང་ཐབས་ཅིག་ཏུ་ཆུ་ཀླུང་དུ་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག་ཅེས་སྒོ་ཤིག་ཅེས་བྱ་བ་ནས་སེར་སྐྱའི་གླེང་གཞི་འདི་རྒྱས་པར་བརྗོད་པར་བྱའོ། །ཉ་པ་ལྔ་བརྒྱ་ཞེས་བྱ་བ་ནས་འཕགས་པ་ཤཱ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་
རིགས་དང་ནི། །རུས་དང་ཁྱིམ་ལའང་རྟོག་མི་མཛད། །ཡུན་རིང་བྱས་པར་གྱུར་པ་ཡི། །ལས་རྣམས་ལ་ནི་ཡོངས་རྟོག་མཛད། །ཅེས་བྱ་བའི་བར་དང་། བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་
Vol. 9 · folio 59a
ཕྱུང་བའི་བར་དང་། ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞིར་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །
ཞེས་བྱ་བའི་བར་དུའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་པ། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཡང་ཐབས་ཅིག་ཏུ་ཡངས་པ་ཅན་ན་འོད་མ་ཅན་གྱི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་མུ་གེ་ཉམ་ང་བ།
དགོན་པ། སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས་སློང་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཞེས་བྱ་བ་ནས་སློང་མོ་པ་རྣམས་
ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བའི་བར་དང་། དགེ་སློང་དག་ཁྱེད་ཅག་ཚུར་ཤོག །སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་ཀོར་འདི་ཉིད་དུ་དབྱར་གནས་པར་ཁས་ལོང་ཤིག །ང་ཡང་འོད་མ་ཅན་
གྱི་ཉེན་ཀོར་དྲུང་འདི་ཉིད་དུ་ཞབས་འབྲིང་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་ཀྱིས་ཐམས་ཅད་དུ་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་ཞེས་བྱ་བ་ནས། དགེ་སློང་དག་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་ཉེ་དུ་ཡོད་པའི་གན་དུ་སོང་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་
བརྟེན་ནས་དབྱར་གནས་པར་ཁས་བླངས་སོ་ཞེས་བྱ་བ་ནས། ཉེ་དུ་རྣམས་ཀྱི་མདུན་དུ་ཡོན་ཏན་བསྒྲག་པར་བྱའོ་ཞེས་བྱ་བའི་བར་དུའོ། །འདུས་པ་དང་། འདུས་པ་ཆེན་པོ་གཉིས་ཏེ། གཅིག་ནི་དབྱར་ཟླ་འབྲིང་པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ་ཞེས་བྱ་བའི་བར་དུའོ། །ཡངས་
པ་ཅན་གྱི་གྲོང་ཁྱེར་གྱི་ཉེན་ཀོར་དང་། སྤོང་བྱེད་ཀྱི་གྲོང་ཁྱེར་དུ་དབྱར་གནས་པར་ཁས་བླངས་པའི་དགེ་སློང་རྣམས་དབྱར་འདས་ཏེ་འོངས་པ་དང་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་གིས་བསུ་སྟེ་ཞེས་བྱ་བའི་བར་དུའོ། །ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ནས་འོངས་
Vol. 9 · folio 59b
པ་རྣམས་ལ་ཚིག་གིས་བསུ་སྟེ་ཞེས་བྱ་བ་ནས། ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་གིས་རྒྱས་པ་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དྲིས་པ་ཞེས་བྱ་བ་ནས། ཡང་དག་པ་མ་ཡིན་པས་སོ་ཞེས་བྱ་བའི་བར་དུའོ། །དེས་དགེ་སློང་རྣམས་ལ་
སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ནས། དགེ་སློང་དག་གསུམ་པོ་འདི་དག་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཡིན། རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ན་རྐུན་པོ་འཁོར་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ།
འཁོར་བརྒྱའམ། སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་སྒུགས་ཤིང་འདུག་པར་བྱེད། མི་གཏོང་བར་བྱེད། ལམ་འཇོམས་པར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་
འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཇོམས་པར་བྱེད་པ་འདི་ནི་དགེ་སློང་དག་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ། །གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་
ཡིན། འཁོར་བརྒྱའམ། སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་མི་བྱེད། མདུད་པ་འགྲོལ་བར་མི་བྱེད་ཅེས་བྱ་བ་སྔ་མ་བཞིན་ནོ། །འོན་ཀྱང་དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་
གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས་ཤིང་འཚོ་བར་བྱེད་པ་དང་། དེས་ཁྱིམ་མི་གསོ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གཉིས་པ་ཡིན་ནོ། །གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་ལྔ་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་
ཡིན་ཏེ། འཁོར་བརྒྱ་སྟོང་གི་སྣ་ལ་སོང་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །དགེ་འདུན་གྱི་རྩྭའམ། ཤིང་ངམ། མེ་ཏོག་གམ། འབྲས་བུའམ། འོད་མའམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་བཙོངས་ཤིང་འཚོ་བར་ཡང་མི་བྱེད་ལ། དེས་ཁྱིམ་གྱི་མི་གསོ་
Vol. 9 · folio 60a
བར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ། །དགེ་སློང་དག་རྐུན་པོ་གང་འཁོར་བརྒྱ་དང་ལྡན་པའམ། འཁོར་སྟོང་དང་ལྡན་པའམ། འཁོར་
བརྒྱའམ། སྟོང་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་བྱེད་པ་སྔ་མ་ལྟ་བུ་ནི་ཆུང་ངུ་ཡིན་ནོ། །རྐུན་པོ་རྣམས་ཀྱི་ནང་ན་གང་དགེ་འདུན་གྱི་རྩྭའམ། ཤིང་ངམ་ཞེས་བྱ་བ་སྔ་མ་ལྟ་བུ་འདི་ཡང་ཆུང་བ་ཡིན་ནོ། །གང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བ་དེ་ནི་འཇིག་
རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པའི་ནང་ན་རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ། །འདི་ན་གང་ཞིག་དགྲ་བཅོམ་མ་གྱུར་པར། །བདག་ཉིད་དགྲ་བཅོམ་ཡིན་པར་ཁས་འཆེ་བ། །
དེ་ནི་ལྷར་བཅས་འཇིག་རྟེན་རྐུན་པོ་སྟེ། །ཚུལ་ཁྲིམས་འཆལ་པ་ཡིན་པར་བརྗོད་པར་བྱ། །ཤེས་རབ་འཆལ་པ་ལུས་ནི་ཞིག་གྱུར་ནས། །སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཉིད་དང་། གླེང་གཞི་འདི་ཉིད་དང་།
དངོས་པོ་འདི་ཉིད་དང་། སྐབས་འདི་ཉིད་ལ་གཉི་གའི་དགེ་འདུན་བསྡུ་བར་མཛད་དེ། ཉན་ཐོས་མ་རྣམས་ཀྱིས་ཀུན་ཤེས་པ་དང་། ངས་བསླབ་པ་ལེགས་པར་བཅས་པར་འགྱུར་རོ་ཞེས་བྱ་བ་ཕས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བཅས་པའི་བར་
རྒྱ་ཆེར་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་ཞིག་མངོན་པར་མི་ཤེས་ཤིང་། ཡོངས་སུ་མི་ཤེས་ལ། མིའི་ཆོས་བླ་མ་མཐའ་དང་། འཕགས་པ་དང་། ཁྱད་པར་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་གནས་པ་མེད་ལ་མེད་
བཞིན་དུ་འདི་ཤེས་སོ། །འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན་དྲིས་ཀྱང་རུང་། མ་དྲིས་ཀྱང་རུང་། འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི་མི་ཤེས་པ་ལས་ཤེས་སོ་ཞེས་སྨྲས། མ་མཐོང་བར་མཐོང་
Vol. 9 · folio 60b
ངོ་ཞེས་སྨྲས་ཏེ། གསོབ། གསོག །བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། དགེ་སློང་མ་བཞི་པོ་དག་ལས་ཞེས་བྱ་བ་
ནས་དོན་གྱི་སྐབས་འདིར་ནི་གསོལ་བ་དང་བཞིའི་ལས་མི་གཡོ་བ་གཞག་པར་འོས་པ་མ་ཡིན་པས་བསྙེན་པར་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །མངོན་པར་མི་ཤེས་ཤིང་ཞེས་བྱ་བ་ཅི་ཞིག་མངོན་པར་མི་ཤེས་པས་ཞེ་ན། གཟུགས་
ལ་སོགས་པ་ཕུང་པོ་ལྔ་དག་གོ། །ཡོངས་སུ་མི་ཤེས་པས་ཞེས་བྱ་བ་ཅི་ཞིག་ཡོངས་སུ་མི་ཤེས་པས་ཞེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ཉིད་དོ། །མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །མཐའ་ཞེས་བྱ་
བ་ནི་མྱ་ངན་ལས་འདས་པའོ། །འཕགས་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ། །ཁྱད་པར་ཐོབ་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། གང་གིས་ཐོབ་པ་ནི་ཁྱད་པར་ཐོབ་པ་ཞེས་བརྗོད་དོ། །ཤེས་པ་
ཞེས་བྱ་བ་ནི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ཤེས་པའོ། །མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ་མཐོང་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བའི་ཤེས་པའོ། །རེག་པར་གནས་ཞེས་བྱ་བ་ནི་བསམ་
གཏན་བཞི་པོ་དག་སྟེ། འཕགས་པའི་ཆོས་འདུལ་བ་ལ་མཐོང་བའི་ཆོས་ཁོ་ན་ལ་རེག་པར་གནས་པ་ཞེས་བརྗོད་དོ། །མེད་ལ་ཞེས་བྱ་བ་ནི་གཞི་དེའོ། །མེད་བཞིན་དུ་ཞེས་པ་ནི་གང་ཟག་དེ་ལའོ། །འདི་ཤེས་སོ་བྱ་བ་ནི་ཅི་ཞིག་ཤེས་ཤེ་ན། སྡུག་བསྔལ་ཤེས་སོ། །ཀུན་
འབྱུང་དང་། འགོག་པ་དང་། ལམ་ཤེས་སོ། །མཐོང་ངོ་ཞེས་བྱ་བ་ཅི་ཞིག་མཐོང་བས་ཤེ་ན། ལྷ་རྣམས་མཐོང་ངོ་། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་
Vol. 9 · folio 61a
ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། གྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་དང་། ཁས་འཆེས་པ་ཞེས་བྱ་བ་ནི་སྨྲས་པའོ། །དེ་ལྟུང་བ་བྱུང་བ་ཞེས་བྱ་བ་ནི་གཞི་དེའི་འོ། །རྣམ་པར་
དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ། །དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་གཅགས་པ་
སྐྱེས་པས་སོ། །འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ། །མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །གསོག །གསོབ། བརྫུན་དུ་སྨྲས་སོ་ཞེས་
བྱ་བ་ནི་སྨྲས་པའི་ཚིག་གི་རྣམ་གྲངས་སོ། །ཟེར་ན་ཞེས་བྱ་བ་ནི་རྗོད་ནའོ། །མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་ང་རྒྱལ་བཞག་སྟེའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་སྟེ་སྔ་མ་བཞིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཉེ་བར་
བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་ཡིན་ནོ། །ཇི་ལྟར་ཕས་ཕམ་པར་གྱུར་པ་དང་པོ་དེར་ལྟུང་བ་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྡོམ་ལ། འདུ་ཤེས་བསྒྱུར་དང་དགོན་པ་དང་། །ཁྱིམ་རྣམས་སུ་
ནི་སྟན་བཀྲ་དང་། །རང་གི་མཚན་ཉིད་འཛིན་པ་དང་། །བདག་ཉིད་ཉེ་བར་སྟོན་པའོ། །ཡང་དགེ་སློང་མ་གང་ཞིག་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན་ཕས་
ཕམ་པར་འགྱུར་རོ། །དེ་བཞིན་དུ་ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ། །དེ་ལྟར་སྡོམ་གྱི་ཚིགས་བཅད་འདི་ཡང་དགེ་སློང་གི་འདུལ་བ་ལས་དགེ་སློང་ཞེས་འབྱུང་བ་དགེ་སློང་མ་ཞེས་
Vol. 9 · folio 61b
བྱ་བར་བསྒྱུར་ཏེ་བརྗོད་པར་བྱའོ། །ཕས་ཕམ་པར་གྱུར་པ་བཞི་པ་རྫོགས་སྷོ།། །།སྔོན་བྱུང་བའི་རབས་ཀྱི་བར་སྡོམ་ལ། འདོད་ཆགས་ཆུང་དང་གཉིས་ཀ་དང་། །མདོག་བཟངས་ཚངས་སྤྱོད་མངོན་ཤེས་དང་། །ཕྱུག་དང་རིགས་མཐོར་སྐྱེས་པ་དང་། །
འདོད་པ་ཆུང་དང་འོད་སྲུང་ངོ་། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འོད་སྲུང་ཆེན་པོ་དང་། སེར་སྐྱ་བཟང་མོ་དང་གཉིས་འདོད་ཆགས་ཆུང་བ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཡང་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་འདི་གཉིས་ཀྱིས་ལས་བྱས་ཤིང་ཉེ་བར་བསགས་པ་ཞེས་བྱ་བའི་བར་ནས་རྒྱས་པར་བྱའོ། །དགེ་སློང་དག་སྔོན་འདས་པའི་དུས་ན་རྒྱལ་
པོའི་ཕོ་བྲང་ཞིག་ན་ཞིང་པ་ཞིག་འདུག་པ་དེ་ནང་པར་སྔར་ལངས་ནས། རྨོན་པ་དང་། གཤོལ་བླངས་ཏེ་ཞིང་རྨེད་དུ་འགྲོ་ཀར་ཆུང་མ་ལ་ཉི་མ་ཤར་བ་དང་གཡར་ཚུས་ཁྱེར་ལ་ཤོག་ཤིག་ཅེས་བསྒོའོ། །དེའི་ཆུང་མས་གཡར་ཚུས་ཁྱེར་ཏེ་འོངས་པ་དང་། དེ་མ་ཐག་ཏུ་
རང་སངས་རྒྱས་བསེ་རུ་ལྟ་བུ་ཞིག་ཀྱང་འོངས་ནས། དེ་ན་དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ་ལངས་པ་དང་། དེས་སྨྲས་པ་ཞེས་བྱ་བའི་བར་དང་། རང་སངས་རྒྱས་ནམ་མཁའ་ལ་འདུག་གོ་ཞེས་བྱ་བ་ནས་བསོད་སྙོམས་ཕུལ་ཏེ་སྨོན་ལམ་དག་བཏབ་པ། འདི་ལྟར་ཉོན་
མོངས་པ་ཀུན་གྱི་དབང་དུ་གྱུར་པས་ནོངས་པ་གང་བགྱིས་པ་དེ་ཞེས་བྱ་བའི་བར་ནས། བདག་ཅག་གཉིས་འདོད་ཆགས་ཆུང་བར་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །དགེ་སློང་དག་དེའི་ཚེ་དེའི་དུས་ན་ཞིང་པར་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུང་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་
ཞིང་པའི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི་སེར་སྐྱ་བཟང་མོ་འདི་ཡིན་ཏེ། དེ་གཉིས་ཀྱིས་དེའི་ཚེ་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་པའི་ཕྱིར་འདི་གཉིས་འདོད་ཆགས་ཆུང་བར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེའི་ཕྱིར་དགེ་སློང་དག་འདོད་ཆགས་སྤང་
Vol. 9 · folio 62a
བའི་ཕྱིར་འབད་པར་བྱའོ། །དེ་ལྟར་ན་ཁྱེད་ཀྱིས་ཡོན་ཏན་གྱི་ཚོགས་རྣམས་བསྐྱེད་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །ཡང་དགེ་སློང་རྣམས་ཞེས་བྱ་བ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། སེར་སྐྱའི་བུ་མོ་
བཟང་མོས་ལས་ཅི་ཞིག་བགྱིས་ན་གང་གི་སླད་དུ་གཉིས་ཀ་རབ་ཏུ་བྱུང་བར་གྱུར་ཅེས་གསོལ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་གིས་སོ། །གང་དུ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཆེན་པོའི་ཕྱི་རོལ་གྱི་གྲོང་
ཁྱེར་ན་རྫ་མཁན་གྱི་དཔོང་སའི་ཁང་པ་ཞིག་ཡོད་པར་གྱུར་ཏོ། །སངས་རྒྱས་མི་བཞུགས་པའི་ཚེ་ན། རང་སངས་རྒྱས་ཕོངས་པ་དང་དམན་པ་ལ་སྙིང་རྗེ་བ། སེམས་ཅན་ལ་ཕན་འདོགས་པར་ཞུགས་པ་བྱུང་ངོ་། །དེ་ནས་རང་སངས་རྒྱས་ཞིག་རྫ་མཁན་གྱི་དཔོང་སའི་ཁང་པ་གང་ན་བ་
དེར་སོང་སྟེ་ཕྱིན་ནས་རྫ་མཁན་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན་དཔོང་སའི་ཁང་པའི་ཕྱོགས་གཅིག་ཏུ་གནས་བཅའོ། །དེ་སྐད་ཅེས་སྨྲས་པ་དང་། རྫ་མཁན་གྱིས་རང་སངས་རྒྱས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཅི་བདེར་
བཞུགས་ཤིག །དེ་ནས་རང་སངས་རྒྱས་དེ་དཔོང་སའི་ཁང་པའི་ཕྱོགས་གཅིག་ཏུ་རྩྭའི་གདིང་བ་བཤམས་ནས། སྦྲུལ་གྱི་རྒྱལ་པོ་གཉིད་ལོག་པའི་ལུས་བསྐྱིལ་བ་ལྟ་བུར་སྐྱིལ་མོ་ཀྲུང་བཅས་ནས་འདུག་གོ། །དེ་ནས་རང་སངས་རྒྱས་གཉིས་པ་ཞིག་ཀྱང་འོངས་ཏེ་ཞེས་བྱ་བའི་བར་
ནས་རྫ་མཁན་དེ་ལས་བརྙས་ཏེ་དཔོང་སའི་ཁང་པ་དེ་ཉིད་ཀྱི་གྲྭ་གཉིས་པར་འདུག་གོ་ཞེས་བྱ་བའི་བར་དུའོ། །གསུམ་པ་ཞིག་ཀྱང་འོངས་ནས་གྲྭ་གསུམ་པར་འདུག་གོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བཞི་པ་ཞིག་ཀྱང་འོངས་ནས་གྲྭ་བཞི་པར་འདུག་གོ་ཞེས་བྱ་བའི་བར་དུའོ། །དེ་ནས་
ཉི་མ་ནུབ་ནས་ནམ་སྲོས་པར་རིག་པ་དང་། རང་སངས་རྒྱས་བཞི་པོ་དེ་དག་ཉིད་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་རྫ་མཁན་གྱིས་སྒོ་གསེབ་ནས་དཔོང་སའི་ཁང་པ་དེ་ཐམས་ཅད་འབར། རབ་ཏུ་འབར། ཀུན་དུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པར་མཐོང་ནས་དེས་བསམས་པ།
Vol. 9 · folio 62b
ཡོན་གནས་འདི་ལྟ་བུ་དག་བྱོན་ནས་བདག་གི་དཔོང་སའི་ཁང་པ་གང་ཡིན་པར་གནས་པར་གྱུར་པ་དེ་ནི་བདག་དབང་ཐང་ཆེ་བ་དང་ཕན་འདོགས་པ་དང་ལྡན་པ་ཡིན་ནོ་སྙམ་མོ། །ཡང་སྨྲས་པ། ཀྱེ་མའོ་ཡོན་གནས་བྱོན་པ་དག །རིང་མོ་ཞིག་ནས་མཐོང་གྱུར་པས། །འཇིག་
རྟེན་འདི་དག་ཕ་རོལ་དུ། །བདག་ནི་བདེ་བ་ཉིད་དུ་འགྱུར། །རང་སངས་རྒྱས་དེ་དག་ཀྱང་ཡོན་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དག་གིས་མཚན་མོ་འདས་པར་མཛད་ནས། གཅིག་ལ་
གཅིག་ཀུན་དགའ་བར་འགྱུར་བ་རྩོམ་མོ། །དེ་ནས་རང་སངས་རྒྱས་དེ་རྣམས་ཀྱིས་གཅིག་ལ་སྨྲས་པ། ཁྱོད་སུ་ཞིག །གང་དུ། ཅིའི་ཕྱིར། ཇི་ལྟར་རབ་ཏུ་བྱུང་། དེ་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། དེས་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་
ལྡན་པ་རྣམས་ཀྱིས་ཡུལ་ཀ་ལིང་ཀ་ན་རྒྱལ་པོ་རྣ་ལག་ཅན་ཞེས་བྱ་བ་བྱུང་བ་ཐོས་སམ། དེ་དག་གིས་སྨྲས་པ། ཐོས་ཏེ་གཞན་ཡང་བདག་ཅག་གིས་རྒྱལ་པོ་རྣ་ལག་ཅན་དེ་ནི་འབྱོར་པ་དང་། ཡོངས་སུ་གཟུང་བ་རྒྱ་ཆེ་བ་བཞོན་པ་གླང་པོ་ཆེ་དུ་མ་ཡོད་དོ་ཞེས་ཀྱང་ཐོས་སོ། །
དེས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གིས་ཇི་སྐད་ཐོས་པ་དེ་བཞིན་མོད་ཀྱི། འོན་ཀྱང་བདག་གིས་ནི་རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ་། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ཅི་ཞིག་མཐོང་ནས་རབ་ཏུ་བྱུང་། དེས་སྨྲས་པ།
ཉེས་དམིགས་ཡོད་ན་དེ་ཡང་མི་ཆེ་བ་ཞིག་གོ། །ཇི་ལྟ་བུ་ཞིག་བཙུན་པ་དག་ཉོན་ཅིག །བདག་འདི་ན་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པའི་ཚེ་དེ་ན་བྱ་ཞིག་ཤའི་དུམ་བུ་ཞིག་ཁྱེར་ནས་ནམ་མཁའ་ལ་འཕུར་བ་ན་དོན་དེའི་ཕྱིར་དེ་གཞན་མང་པོ་ཞིག་གིས་གཙེས་སོ། །དེས་
དེ་བོར་བ་དང་གཞན་གྱིས་བླངས་ཏེ། གང་གིས་དེ་བོར་བ་དེ་ནི་བཏང་ལ་གང་གིས་བླངས་པ་དེ་ནི་ཀུན་ནས་བསྐོར་ཏེ། དེ་ལྟར་ཕན་ཚུན་དུ་འཕྲོག་པར་བྱེད་པ་ན་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། ལེན་པ་གང་ཡིན་པ་དེ་ནི་བཅིངས་ལ་འདོར་བ་གང་ཡིན་པ་
Vol. 9 · folio 63a
དེ་ནི་གཏོང་བར་བྱེད་ན། བདག་རྒྱལ་སྲིད་རྒྱས་པ་ཡོངས་སུ་ལོངས་སྤྱོད་པ་འདིའི་རྒྱུས་བདག་དང་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། འགྱེད་པར་འགྱུར་བར་གདོན་མ་ཟོས་ཏེ། བདག་ནི་རྒྱལ་སྲིད་ཀྱི་བདེ་བ་དེས་ཆོག་གོ་
སྙམ་ནས་རྒྱུ་དེ་དང་། རྐྱེན་དེ་རྙེད་པས་བདག་ངེས་པར་བྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་ཡང་དག་པར་བརྟེན་ནས། དེར་བདག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཡང་སྨྲས་པ། བྱ་ཡིས་ཤ་ཡི་དུམ་བུ་ཁྱེར་བ་ན། །བྱ་གཞན་ཀུན་ནས་བསྐོར་ཞིང་
འབྲང་བ་མཐོང་། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར། །དེ་རྣམས་ཀྱིས་སྨྲས་པ་དེའི་ཚིག་ཐོས་ནས་གཉིས་པ་ལ་ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་པའི་བར་ནས་ཚེ་དང་ལྡན་པ་རྣམས་ཀྱིས་ཡུལ་མི་ཐི་ལར་རྒྱལ་པོ་གདོང་མ་ལེགས་ཞེས་བྱ་
བ་བྱུང་བ་ཐོས་སམ་ཞེས་བྱ་བའི་བར་ནས། སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པའི་ཚེ་ཞེས་བྱ་བའི་བར་དུའོ། །ཇི་ཙམ་ན་གླང་ཁྱུ་བ་གཉིས་འདོད་པའི་རྒྱུས་ཕན་ཚུན་སྣད་ཅིང་སྨས་པ་མཐོང་བ་ན་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། འདི་ལྟར་རེ་ཞིག་དུད་
འགྲོའི་སྐྱེ་གནས་སུ་གྱུར་པ་འདི་གཉིས་ཀྱང་འདོད་པའི་རྒྱུས་ཕན་ཚུན་སྣད་པ་དང་། སྨས་པར་གྱུར་ན་ཞེས་བྱ་བའི་བར་ནས། བདག་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་། རྩོད་པ་དང་། མཚང་འདྲུ་བ་དང་། འགྱེད་པ་ཞེས་བྱ་བའི་བར་དང་། རབ་ཏུ་བྱུང་
སྟེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་དུའོ། །ཡང་སྨྲས་པ། འདོད་པའི་གཞི་དང་རྒྱུ་ཡི་ནོག་གཡོ་ཞིང་། །སྣད་དང་ཅིག་ཤོས་སྨས་པར་གྱུར་མཐོང་བ། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་
གྱུར། །དེའི་ཚིག་ཀྱང་ཐོས་པ་དང་། གསུམ་པ་ལ་ཁྱོད་ག་ལས། ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་སོ། །དེས་སྨྲས་པ། བདག་ཡུལ་བཱ་རཱ་ཎ་སཱིའི་ཁྱེར་གྱི་ཕོ་བྲང་འདི་ཉིད་དུ་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ནས། བཞོན་པ་གླང་པོ་ཆེ་བརྒྱ་ཕྲག་དུ་མ་བདོག་པར་གྱུར་
Vol. 9 · folio 63b
ཏོ་ཞེས་བྱ་བའི་བར་དུའོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ནི་ཅི་ཞིག་མཐོང་། འདོད་པ་ལ་སྐྱོན་ནི་ཅི་ཞིག་མཐོང་། དེས་སྨྲས་པ། ཁྱོད་ཉོན་ཅིག་བདག་འདི་ན་དགུན་གྱི་དུས་བུ་ཡུག་ལྡང་བ་འདས་ཏེ་སོ་གའི་དུས་ལ་བབ་པ་ན།
ཤིང་རྣམས་ཀྱི་མེ་ཏོག་ནི་ལེགས་པར་རྒྱས། བུང་བ་རྣམས་འཕུར་བའི་ལང་ལོང་གིས་མེ་ཏོག་གི་མགོ་ལྕོགས་སྡུག་གུ་རྣམས་ནི་ལྡེམ། ཙན་དན་བསྟེན་པ་དང་ནི་རྗེས་སུ་མཐུན། ཁུ་བྱུག་གི་སྒྲ་ནི་འབྱིན། ནགས་ཚལ་གྱི་ནང་ན་ངང་པ་དང་། ཁྲུང་ཁྲུང་དང་། རྨ་
བྱ་དང་། ནེ་ཙོ་དང་། རི་སྐེགས་རྣམས་ཀྱི་སྐད་འབྱིན་པ་ན་སླས་ཀྱི་བཙུན་མོ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་གྱི་སར་སོང་བ་ན། དེར་བདག་གིས་ཨ་མྲའི་ཤིང་གི་མེ་ཏོག་ཤིན་ཏུ་སྤ་བ་མཐོང་བ་དང་། སླས་ཀྱི་བཙུན་མོ་དེ་དག་མེ་ཏོག་ལ་ཆགས་པས། སྐད་ཅིག་ཏུ་དེ་
དག་ཡལ་ག་རྣམས་བཅག་སྟེ་བཞག་གོ། །དེ་ལ་བདག་འདི་སྙམ་དུ་རེ་ཞིག་ཕྱི་རོལ་གྱི་དངོས་པོ་འདི་དག་ནི་ཕུན་སུམ་ཚོགས་པ་ན་མཛེས་པ་ཡིན་ལ། ཉམས་པ་ན་མི་མཛེས་པ་ཡིན་ན། བདག་གི་རྒྱལ་སྲིད་འབྱོར་པ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བའི་བར་ལྟ་གདོན་མི་
ཟ་བར་སྙམ་དུ་བསམས་ནས་རབ་ཏུ་བྱུང་སྟེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཡང་སྨྲས་པ། ཨ་མྲའི་ཤིང་རྩེ་མེ་ཏོག་ལེགས་རྒྱས་པ། །ཡིད་འོང་གཟུགས་ལྡན་ཆགས་པ་མཐོང་བ་ན། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་
གཅིག་པུ་སྤྱོད་པར་གྱུར། །བཞི་པ་དེ་ལ་ཡང་དྲིས་པ། ཁྱོད་སུ་ཞིག །ཇི་ལྟར་རབ་ཏུ་བྱུང་། དེས་སྨྲས་པ། ཡུལ་བྲང་གིས་ཉལ་ན་བདག་རྒྱལ་པོ་གཅེར་བུ་ཐུལ་ཅེས་བྱ་བར་གྱུར་ཏོ་ཞེས་བྱ་བའི་བར་ནས། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་སོང་སྟེ་དགའ་
བའི་རྩེད་མོ་ཉམས་སུ་མྱོང་བར་བྱེད་ཅིང་གནས་སོ། །དེ་ན་སླས་ཀྱི་བཙུན་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་ཚོན་རྩི་འཐག་གོ། །དེ་འཐག་པ་ན་སྒྲ་བྱུང་བ་ལས་ཞེས་བྱ་བའི་བར་ནས། བདག་གིས་འདི་སྙམ་དུ་ཕྱི་རོལ་གྱི་དངོས་པོ་འདི་ནི་སེམས་མེད་པ་ཡིན་
Vol. 9 · folio 64a
ཡང་ཡང་དག་པར་བརྡུངས་པ་ན་སྒྲ་འབྱུང་བར་འགྱུར་ན། བདག་གིས་རྒྱལ་སྲིད་འབྱོར་པ་གང་ཡིན་པ་ལོངས་སྤྱད་པ་ཞེས་བྱ་བའི་བར་ལྟ་སྨོས་ཀྱང་ཅི་དགོས་པས་རྒྱལ་སྲིད་ཀྱིས་ཆོག་གོ་སྙམ་དུ་བསམས་ཏེ། བདག་གིས་རྒྱལ་སྲིད་སྤངས་ནས་ཉེས་པ་དང་
སྐྱོན་ཆུང་ངུ་མཐོང་བའི་རྐྱེན་རྙེད་པས་ངེས་པར་བྱུང་སྟེ་རབ་ཏུ་བྱུང་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །ཡང་སྨྲས་པ། གསེར་མགར་གྱིས་ནི་ལེགས་པར་བརྡུངས་པ་ཡི། །གསེར་གྱི་འོད་གསལ་ལག་པའི་མཁྲིག་མ་གཉིས། །རྡུང་བ་ཐོས་པ་དེ་
ལྟར་བདག་དང་ནི། །གཞན་དང་ལྷན་ཅིག་གཞི་ནི་འདི་ཡི་རྒྱུས། །ཚིག་ངན་སྣ་ཚོགས་འཐོན་ཅིང་སེམས་འཁྲུགས་པ། །དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། །བསེ་རུ་ལྟ་བུར་གཅིག་པུ་སྤྱོད་པར་གྱུར། །དེ་ལྟར་དེ་དག་གཅིག་ལ་གཅིག་སྨྲས་ནས་འདུག་གོ། །དེ་
ནས་རྫ་མཁན་དང་ཆུང་མ་ལྷན་ཅིག་ཏུ་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི་དག་གིས་རིགས་རྒྱུད་རྒྱ་ཆེ་བའི་རྒྱལ་སྲིད་ཡངས་པ་ཡང་སྤངས་ནས་རབ་ཏུ་བྱུང་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་ཁྱིམ་དང་ཕྲུ་རྟོག་དང་། གཟར་བུ་དང་། བྲལ་བྲུལ་གྱིས་ཁྱིམ་གྱི་འཚོ་ཚིས་བྱས་པ་
ལ་ལོངས་སྤྱོད་ཀྱི་འདུ་ཤེས་འབྱུང་བའི་རྣམ་པ་འདི་ལྟ་བུ་ཡོངས་སུ་སྤངས་ནས། བདག་ཅག་ཅིའི་ཕྱིར་རབ་ཏུ་འབྱུང་བར་མི་བྱ་སྙམ་དུ་བསམས་སོ། །ཡང་སྨྲས་པ། གྲོང་དང་ཡུལ་འཁོར་རིགས་རྒྱུད་འབྱོར་པའི་ས་སྤངས་ནས། །ཆགས་མེད་སེམས་ཀྱིས་མི་ཡི་འཇིག་རྟེན་
རྒྱུ་བྱེད་ན། །བདག་ཅག་ཅི་ཕྱིར་བཀྲེན་པའི་ཚུལ་གྱིས་བསྒྲུབས་པའི་ཡུལ། །ཆུ་ཡིས་ཁྱེར་བ་ལྟ་བུ་མངོན་དུ་སྤྱོད་པར་བྱེད། །དེ་ལྟར་དེ་དག་ནམ་ནངས་ཏེ། མཚན་མོ་ཟད་ནས་ནམ་ནངས་པ་དང་། རྫ་མཁན་ཁྱོ་ཤུག་གིས་ཞེ་སའི་སེམས་བསྐྱེད་དེ། རང་སངས་
རྒྱས་དེ་དག་སྤྱན་དྲངས་ནས་བསོད་སྙོམས་ཕུལ་ཏེ་ཞེས་བྱ་བའི་བར་དང་། དེ་དག་སྟེང་གི་ནམ་མཁའ་ལ་འཕགས་སོ་ཞེས་བྱ་བའི་བར་ནས་རྫ་མཁན་ཁྱོ་ཤུག་གིས་སྨོན་ལམ་བཏབ་པ། ཨ་ལ་ལ་བདག་ཅག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་དང་། སེམས་བསྐྱེད་
Vol. 9 · folio 64b
པའི་དགེ་བའི་རྩ་བ་འདིས་ནམ་དུ་ཡང་དབུལ་པོའི་ཁྱིམ་དུ་སྐྱེ་བར་མ་གྱུར་ཅིག །བདག་ཅག་ཀྱང་འདི་ལྟ་བུའི་ཆོས་དང་ལྡན་པའི་སྐལ་བ་ཅན་དུ་ཤོག་ཤིག །བདག་ཅག་གིས་སྟོན་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མཉེས་པར་བགྱིད་ཅིང་། མི་མཉེས་པར་མི་བགྱིད་པར་གྱུར་
ཅིག་ཅེས་བྱས་ནས། དེ་གཉིས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་གྱུར་ཏོ། །རེ་ཞིག་ན་རྫ་མཁན་བུམ་པ་ཐོགས་ནས་ཆུ་ཆུར་སོང་ངོ་ཞེས་བྱ་བའི་བར་དང་། ཆུང་མས་འཕྲིགས་ནས་སླར་བཟློག་སྟེ་ཞེས་བྱ་བའི་བར་ནས་ཆུང་མ་རབ་ཏུ་བྱུང་བ་དང་། དེས་བསམས་པ། བདག་
ནི་བསླུས་ཀྱི་མེད་ན་ད་ཇི་ལྟར་བྱ། བྱིས་པ་ཁྱེའུ་འདི་གཉིས་བསྐྱེད་པར་བྱ་ཞིང་བསྲིང་བར་བྱའོ་སྙམ་ནས། དེས་དེ་གཉིས་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་པ་དེའི་ཚེ་རྫ་མཁན་གྱིས་སྨིན་པ་དང་། མ་སྨིན་པ་དང་། ལན་ཚྭ་བྲོ་བ་དང་། ལན་ཚྭ་མི་བྲོ་བ་དག་གིས་བརྟག་པ་
བྱས་ཏེ། འདི་སྐད་ཅེས་ཀྱང་སྨྲས་སོ། །སྨིན་དང་མ་སྨིན་དེ་བཞིན་དུ། །ལན་ཚྭ་བྲོ་དང་མི་བྲོ་བ། །ཤེས་པར་བྱིས་པ་གཉིས་སྐྱེས་ན། །བདག་ནི་རབ་ཏུ་འབྱུང་བའི་དུས། །དེས་བྱིས་པ་དེ་གཉིས་ལ་ས་ནི་འདི་ལྟར་བརྐོ་བར་བྱའོ། །སྣོད་སྤྱད་ནི་འདི་ལྟར་བཙོང་ངོ་
ཞེས་བྱ་བའི་བར་དུ་བསླབས་ནས་རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་དུའོ། །རྫ་མཁན་བསོད་སྙོམས་བྱེད་པ་མཐོང་སྟེ་ཞེས་བྱ་བའི་བར་ནས་ཚིགས་སུ་བཅད་པ་སྨྲས་པ། སྨིན་དང་མ་སྨིན་དེ་བཞིན་དུ། །ལན་ཚྭ་བྲོ་དང་མི་བྲོ་བ། །ཤེས་པར་བྱིས་པ་གཉིས་སྐྱེས་ཀྱིས། །བཟང་
མོའང་སོང་ཞིང་བདག་ཀྱང་འགྲོ། །ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་རྫ་མཁན་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། །རྫ་མཁན་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ནོ། །དེའི་ཚེ་ཡང་འདི་
དག་ཡིད་བྱུང་བ་ཆུང་ངུས་རབ་ཏུ་བྱུང་ངོ་། །ད་ལྟར་ཡང་ཆུང་ངུས་སོ། །དེ་ལྟ་བས་ན་ཅི་ཞིག་བྱ་ཞེ་ན། ངེས་པར་འབྱུང་བའི་རྒྱུ་བསྟན་པས་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུང་ཆེན་པོ་དང་སེར་སྐྱའི་བུ་མོ་བཟང་མོ་ཇི་ལྟ་བ་བཞིན་དུ་དགེ་སློང་རྣམས་ཀྱིས་
Vol. 9 · folio 65a
བསླབ་པར་བྱའོ།། །།བར་སྡོམ་ལ། ཀ་ལིང་ཀ་དང་ལག་རྣ་ཅན། །མི་ཐི་ལ་དང་བཞིན་མ་ལེགས། །ཀ་ཤི་དང་ནི་ཚངས་བྱིན་དང་། །བྲང་གིས་ཉལ་དང་གཅེར་བུ་ཐུལ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་
གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སེར་སྐྱའི་བཟང་མོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན་འདི་ལྟར་རྣམ་པར་སྨིན་པས་གཟུགས་བཟང་ཞིང་མཛེས་ལ། བལྟ་ན་སྡུག་པར་གྱུར་ཅེས་བྱ་བའི་བར་དུའོ། །དགེ་སློང་དག་སྔོན་
བྱུང་བ་འདས་པའི་དུས་ན་རྒྱལ་པོའི་ཕོ་བྲང་ཞིག་ན་རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་པ་ནས། ཚོང་དཔོན་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ་ཞེས་བྱ་བའི་བར་དུའོ། །དེ་ཡང་སྐྱེ་བོའི་ཚོགས་རྣམས་ལྟ་བ་ན་སེམས་ཅན་བརྒྱ་སྟོང་དུ་མ་རྐང་ལག་རྩུབ་པ། ལུས་སེར་ཀ་ཅན་
མགོ་ཡེགས་པ། རྡུལ་གྱིས་ཡོག་པ། ཁ་མིག་ཉམས་པ། ཚ་བ་དང་ལྷགས་པས་ཉམ་ཐག་པ། སྡུག་བསྔལ་དང་ལྡན་པ་མཐོང་ངོ་། །གཞན་དག་ནི་ལུས་ལ་གོས་བཟང་པོ་དང་། རྒྱན་གྱི་ཁྱད་པར་གྱིས་བཀླུབས་པ། རྟ་དང་གླང་པོ་དང་མི་དང་། ཤིང་
རྟའི་བཞོན་པ་ཅན། འབྱོར་པ་མཆོག་དང་ལྡན་པ་ཡང་མཐོང་ནས། དེ་འདི་སྙམ་དུ་སེམས་ཅན་སྡུག་བསྔལ་བ་འདི་རྣམས་ཀྱིས་འདི་ལྟར་སྦྱིན་པ་མ་བྱིན་པའི་ལས་དེས་རྣམ་པ་འདི་ལྟ་བུར་གྱུར་ལ། ད་ལྟར་ཡང་འདི་དག་གིས་རབ་ཏུ་སྦྱིན་མི་ནུས་པའི་ཕྱིར་འདི་ནས་ཤི་འཕོས་
ནས་འགྲོ་བ་ཤིན་ཏུ་དམན་པ་གང་ཡང་རུང་བར་སྐྱེ་བར་འགྱུར་བའི་གནས་སྐབས་དེ་ལྟ་བུ་དག་ཡོད་དོ། །སྦྱིན་པ་ཁྱད་པར་ཅན་གྱིས་ནི་ལོངས་སྤྱོད་ཅན་འདི་དག་ཏུ་གྱུར་ཏོ། །བདག་གིས་ཀྱང་གདོན་མི་ཟ་བར་སྐྱེ་བ་གཞན་ལ་སྦྱིན་པ་བྱིན་པ་དེས་ན་རྣམ་པ་འདི་ལྟ་བུའི་འབྱོར་པ་
རྙེད་པར་གྱུར་ཏོ། །ཡང་བདག་གིས་བྱིན་ལ་ཚེ་རབས་གཞན་དུ་སྡུག་བསྔལ་བར་མི་འགྱུར་བར་བྱའོ་སྙམ་དུ་བསམས་སོ། །དེས་དེ་ལྟར་བསམས་ནས་ཁྱིམ་དུ་སོང་སྟེ་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་འཇིག་རྟེན་ཕ་རོལ་དུ་ནོར་བསགས་པ་རྣམས་ཁྱེར་ལ་
Vol. 9 · folio 65b
འདོང་ངོ་། །དེས་སྨྲས་པ། དེ་ལྟར་བགྱི་ཡིས་བཞོན་པ་རྟ་དང་། རྔ་མོ་དང་། བོང་བུ་དག་སྟ་གོན་མཛོད་ཅིག །དེས་སྨྲས་པ། བཞོན་པ་འདི་དག་གིས་ཅི་ཞིག་བྱ། ཐུན་མོང་གི་ནོར་དག་འཇིག་རྟེན་ཕ་རོལ་དུ་བཀུར་མི་ནུས་པ་ཉིད་དོ། །འོན་ཀྱང་ཕོངས་པ་དང་།
བཀྲེན་པ་དང་། ལོང་བ་དང་། ཚོང་པ་རྣམས་ཁྱིམ་དུ་འོངས་པ་རྣམས་ཀྱི་རེ་ཐག་མི་ཆད་པ་ཇི་ལྟ་བར་སྦྱིན་པ་བྱིན་ཅིག །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་
བས་རང་སངས་རྒྱས་རྐེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་ཞིག་རྒྱལ་པོའི་ཕོ་བྲང་འཁོར་དུ་བསོད་སྙོམས་ལ་ཞུགས་པ་ལས། དེ་ཚོང་དཔོན་དེའི་ཁྱིམ་སྒོ་ན་འདུག་པ་དང་། བྲན་དང་། བྲན་མོ་དག་ཆུ་བཅུ་བའི་ཕྱིར་ཁྱིམ་དེ་ནས་བྱུང་བ་དང་། དེ་དག་གིས་རྐེ་ཞིང་ཉམ་
ཆུང་བ་ཆོས་གོས་ཧྲུལ་པོ་ཅན་དེ་མཐོང་ནས། དེ་དག་གིས་འདི་སྙམ་དུ་སྡུག་བསྔལ་བ་གང་ཡིན་པ་དེ་ལ་གང་འདོད་པ་དེ་བྱིན་ཅིག་ཅེས་ཇོ་བོས་བསྒོ་བས་འཕགས་པ་སློང་མོ་པ་འདི་ལ་ཡང་དེ་བསྟན་པར་བྱའོ་སྙམ་དུ་བསམས་ནས། དེ་དག་གིས་བཙུན་པ་དེ་ལ་འདི་སྐད་ཅེས་སྨྲས་
སོ། །ཁྱིམ་འདིར་བཞུད་ཅིག་དང་སློང་མོ་རྙེད་པར་འགྱུར་རོ། །དེ་སོང་བ་དང་ཚོང་དཔོན་གྱི་ཆུང་མས་དེ་མཐོང་ན་རྐེ་ཞིང་ཉམ་ཆུང་ལ་ཆོས་གོས་ཧྲུལ་པོ་ཅན་ཞིག་གོ་སྙམ་དུ་བསམས་ནས་སློང་མོ་མ་བྱིན་པ་དང་། དེ་དེ་ནས་ཕྱིར་བྱུང་ངོ་། །བྲན་མོ་དེ་དག་ཀྱང་བུམ་
པ་ཆུས་བཀང་ནས་སླར་འོངས་པ་དང་། དེ་དག་གིས་ལྷུང་བཟེད་སྟོང་པར་མཐོང་ནས་དེ་དག་གིས་དྲིས་པ། ཁྱོད་ཅི་ཁྱིམ་འདིར་མ་བྱོན་ནམ། དེས་སྨྲས་པ། འོངས་ཀྱང་སློང་མོ་མ་རྙེད་དོ། །དེ་དག་གིས་དེ་ཕྱིར་བཟློག་སྟེ་ཁྲིད་ནས་དེ་དག་གིས་ཇོ་མོ་ལ་སྨྲས་པ། ཅིའི་
སླད་དུ་འདི་ལ་བསོད་སྙོམས་མ་སྩལ། དེས་སྨྲས་པ། འདི་ལ་ང་མ་དད་པས་སོ། །དེ་དག་གིས་སྨྲས་པ། ཅི་ཇོ་བོས་ཁ་དོག་བཟང་བ་དང་། དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོའམ། དེས་སྨྲས་པ། འདི་ལ་ང་མ་དད་ཕན་ཅད་མང་དུ་སྨྲས་ཀྱང་ཅི་ཕན།
Vol. 9 · folio 66a
བྲན་མོས་འདི་སྙམ་དུ་བདག་གིས་དགེ་སློང་འདི་བཟུང་ནས་ལན་གཉིས་ཀྱི་བར་དུ་བཟློག་ན་ད་རེ་ཐག་བཅད་ནས་ཇི་ལྟར་གཏང་བར་བྱ་སྙམ་དུ་བསམས་ནས། དེས་ཇོ་མོ་ལ་སྨྲས་པ། བདག་གི་འཚལ་མ་ནར་མ་གང་ལགས་པ་དེ་བདག་ལ་སྩལ་དུ་གསོལ།
དེས་ཀྱང་བྱིན་པ་དང་། བྲན་མོ་དེ་ཉིན་པར་གྱི་ཟན་ཕྱེ་བྲེའུ་ཆུང་གང་བླངས་ནས། དེ་ལ་ཕུལ་ཏེ་དེས་ཡང་འདི་སྙམ་དུ་འཕགས་པ་དེ་ནི་ཆོས་གོས་ཧྲུལ་པོར་འདུག་པས་ཁྱད་དུ་བསད་པ་ཡིན་གྱིས། བདག་གི་རས་ཡུག་དེ་ལ་དབུལ་ལོ་སྙམ་དུ་བསམས་ནས། དེས་དེ་ལ་རས་
ཡུག་དཀར་པོ་ཡང་ཕུལ་ལོ། །རང་སངས་རྒྱས་དེས་ཀྱང་འདི་སྙམ་དུ། བུ་མོ་འདིས་བསོད་ནམས་མང་པོ་བསྒྲུབས་པར་འགྱུར་བར་བྱའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་དད་པ་བསྐྱེད་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ། །དེས་
དེ་མཐོང་མ་ཐག་ཏུ་སེམས་དད་པར་གྱུར་ནས་དགའ་བ་དང་། མགུ་བ་དང་། རངས་པའི་བསམ་པས་པུས་མོ་ས་ལ་བཙུགས་ཏེ། ཞབས་ལ་ཕྱག་འཚལ་ནས་ཇི་ལྟར་འཕགས་པ་འདི་ལ་ཅུང་ཟད་ཁྱད་དུ་བསད་པ་གང་ཡིན་པ་དེ་ཡང་ཁ་དོག་ངན་པ་ལས་གྱུར་ཏོ་སྙམ་ནས་སྨོན་ལམ་
བཏབ་པ། ཨ་ལ་ལ་བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་གཟུགས་མཛེས་ཤིང་མདོག་བཟང་བ་ཤིན་ཏུ་བལྟ་ན་སྡུག་པར་གྱུར་ཅིག །ནམ་དུ་ཡང་རྐེ་བ་དང་། ཁ་དོག་ངན་པར་མ་གྱུར་ཅིག་ཅེས་
བྱས་སོ། །དེའི་ཚེ་རྒྱལ་པོ་ཞིག་བློན་པོའི་ཚོགས་ཀྱིས་བསྐོར་ནས་སྐྱེས་བུ་བརྒྱ་སྟོང་དུ་མས་བསྐོར་ཅིང་འདུག་པ་དེའི་སྟེང་དུ་རང་སངས་རྒྱས་དེའི་གྲིབ་མ་བབ་པ་དང་། དེས་སྟེང་དུ་བལྟས་ན་རང་སངས་རྒྱས་ཆོས་གོས་བགོས་པ་རས་ཡུག་ཐོགས་པ་རིལ་བ་སྤྱི་བླུགས་པ་དང་། ལྷུང་
བཟེད་ནག་པོ་ཐོགས་པ། གཅིག་ཏུ་སྤ་ཞིང་མཛེས་པ་ཞིག་ནམ་མཁའ་ལ་འགྲོ་བ་མཐོང་ནས། དེས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་བདག་ཉིད་ཆེན་པོ་ཡུལ་གྱི་བསོད་སྙོམས་སོ་སོར་ལེན་པ་གང་ཡིན་པ་དེ་ནི་བདག་དབང་ཐང་ཆེ་བ་དང་། ཕན་འདོགས་པ་དང་བཅས་པ་ཡིན་ནོ་
Vol. 9 · folio 66b
སྙམ་དུ་བསམས་ནས་དེས་སྨྲས་པ། དེང་འདི་ལ་བསོད་སྙོམས་འབུལ་བར་བྱེད་པ་གང་ཡིན་པ་དེ་ལ་ནི་དེང་གྲོང་ཁྱེར་གྱི་མཆོག་སྦྱིན་པར་བྱའོ། །ཚོང་དཔོན་དེ་ཡང་འཁོར་དེ་ཉིད་དུ་འདུས་ཏེ་འདུག་པས་དེས་འདི་སྙམ་དུ། བདག་གིས་བསོད་སྙོམས་པ་ཐམས་ཅད་ལ་སྦྱིན་པ་
བྱིན་ཅིག་ཅེས་ཁྱིམ་དུ་བསྒོ་བས་གདོན་མི་ཟ་བར་བདག་གི་ཁྱིམ་ནས་བསོད་སྙོམས་ཕུལ་བ་ཡིན་གྱིས། སོང་ལ་བརྟག་པར་བྱའོ་སྙམ་དུ་བསམས་ནས་དེ་ལངས་ནས་རིངས་པར་ཁྱིམ་དུ་སོང་ངོ་། །ཆུང་མ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ་སེམས་དད་པར་གྱུར་ནས། བྲན་མོ་ལ་
སྨྲས་པ། བྲན་མོ་བསོད་ནམས་ནི་ང་ཡིར་བྱའོ། །ཁྱོད་ལ་ནི་ངས་ཁ་ཟས་མཆོག་ཏུ་བསོད་པ་དག་སྦྱིན་ནོ། །དེས་དེ་ལ་སྨྲས་པ། ཁྱོད་ཇོ་མོ་ཡིན་པས་བདག་གི་སྲོག་ལ་དབང་གི །བསོད་ནམས་ལ་ནི་མ་ཡིན་པས་མི་སྦྱིན་ནོ། །དེ་ཁྲོས་ཤིང་འཁྲུགས་པས་ཀུན་
ནས་དཀྲིས་ཤིང་འདུག་པས་ལག་པའི་མཁྲིག་མ་གདུ་བུ་དང་བཅས་པས་དེའི་མགོར་བརྒྱབ་པ་དང་། གདུ་བུས་ཕོག་པས་དེའི་མགོ་སྣད་ནས་ཁྲག་བྱུང་བར་གྱུར་པ་དང་། ཚོང་དཔོན་ཡང་འོངས་ཏེ་དེས་འདི་ཅི་ཉེས་ཞེས་དྲིས་སོ། །དེས་ཀྱང་ཇི་ལྟར་གྱུར་པ་དེ་ལ་རྒྱ་ཆེར་
སྨྲས་པ་དང་། ཚོང་དཔོན་དེ་ཁྲོས་ནས་བྲན་མོ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་ཁྱིམ་བདག་ཏུ་བཅུག་ནས། དེས་ཀྱང་ཇི་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ། དེ་ནི་ཇོ་མོར་འོས་ཏེ། ཁྱོད་ཀྱིས་ལེགས་པ་ཞིག་བྱས་སོ། །གལ་ཏེ་
ཁྱོད་ཀྱིས་དེ་ལྟར་མ་བྱས་སུ་ཟིན་ན་ངས་བྲན་མོ་མ་ཡིན་པར་བྱས་པར་འགྱུར་རོ། །འོན་ཀྱང་ངས་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་ནོ། །དེ་དད་པ་ཐོབ་པ་དང་། རྐྱེན་རྙེད་པས་དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་རྣམས་ལ་སྦྱིན་པ་ནི་བྱིན། བསོད་ནམས་ནི་བྱས།
ཚུལ་ཁྲིམས་ཀྱང་བསྲུངས་ནས་འཆི་བའི་དུས་བྱས་ཏེ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་གཟུགས་ཕུན་སུམ་ཚོགས་པ་འོད་དང་། གཟི་མདངས་དང་། སྣང་བ་རྒྱ་ཆེན་པོ་ཅན་དེ་ལྟ་བུར་གྱུར་པ་དང་། ལྷའི་ཚོགས་གང་ཡིན་པ་དེ་དག་ཐམས་
Vol. 9 · folio 67a
ཅད་ཀྱང་ངོ་མཚར་དུ་གྱུར་ཏོ། །ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡང་ཡ་ཡ་པོར་གྱུར་ཏེ། དེ་དག་ཕན་ཚུན་དུ་འདི་ནི་བདག་གི་ཡིན་ནོ། །འདི་ནི་བདག་གི་ཡིན་ནོ་ཞེས་སྨྲ་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་འདོད་ཆགས་
ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པས་ཚིགས་སུ་བཅད་པ་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པར་འགྱུར་རོ། །དེ་དག་ལས་གཅིག་གིས་སྨྲས་པ། སློང་ཞིང་རབ་ཏུ་སློང་གྱུར་པས། །བདག་ལ་ཕྱོགས་ནི་སྣང་བ་མེད། །དེ་ལ་སེམས་ནི་གནས་གྱུར་པ། །དེ་
ཕྱིར་གྲོགས་དག་འདི་འདོད་དོ། །གཉིས་པས་སྨྲས་པ། ཀྱེ་མའོ་ལྷ་དབང་གང་ཞིག་ནི། །ཚིགས་བཅད་སྨྲ་བ་དེ་རེ་བདེ། །གཡུལ་ངོའི་སྣ་ལ་རྔ་བརྡུངས་པ། །དེ་ལྟར་བདག་ནི་འདོད་ཆགས་སྐྱེས། །གསུམ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི། །དེ་
དང་དེར་ནི་ངལ་བསོར་ཡོད། །ཆུ་ཀླུང་ཆེན་པོ་མི་བཟད་ལྟར། །དེ་ལྟར་བདག་གི་འདོད་ཆགས་སྐྱེས། །བཞི་པས་སྨྲས་པ། མི་བཟད་པ་ཡིས་ཁྱེར་གྱུར་ཀྱང་། །དེ་དང་དེར་ནི་ཐོགས་གྱུར་ཀྱང་། །ཕྱེ་མ་ལེབ་ལྟར་བདག་གི་མིག །རྟག་ཏུ་འཛུམས་པ་མེད་པར་གྱུར། །བརྒྱ་
བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲས་པའི་ཕྱིར། །ཁྱེད་ཅག་ཐམས་ཅད་བདེ་བ་ཡིན། །བདག་ནི་ཇི་ག་འཆི་འགྱུར་བའམ། །གསོན་པར་འགྱུར་བའང་མི་ཤེས་སོ། །དེ་དག་གིས་འདི་སྙམ་དུ་ཡུལ་འདི་ནི་བརྒྱ་བྱིན་འདོད་པས་གནས་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་
དུ་བསམས་ནས། དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བྲན་མོར་གྱུར་པ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་དེ་ལ་བསོད་སྙོམས་རབ་ཏུ་ཕུལ་བ་དང་། རས་ཡུག་ཕུལ་བར་གྱུར་པ་
ཞེས་བྱ་བའི་བར་ནས་རྒྱུ་དེས་གཟུགས་བཟང་བ་དང་མཛེས་པར་གྱུར་ཏོ། །ཡང་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་རེ་ཞིག་ལྷའི་བུ་མོས་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་བོར་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
Vol. 9 · folio 67b
པ། དགེ་སློང་དག་འདི་ན་དེས་གང་གི་ཕྱིར་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་པོར་བྱས་པ་ངོ་མཚར་མི་ཆེའོ། །འོན་ཀྱང་དགེ་སློང་དག་སྔོན་འདས་པའི་དུས་ན་འདི་ཉིད་ཀྱིས་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་རྣམས་ཡ་ཡ་པོར་བྱས་པ་དེ་བཤད་ཀྱིས་
ཉོན་ཅིག་ཅེས་བྱ་བའི་བར་ནས་ལྷའི་བུ་མོ་འདི་ཉིད་ཅེས་བྱ་བའི་བར་ནས། འཛམ་བུའི་གླིང་དུ་རིགས་མཐོ་བ། ནོར་ཆེ་བ། རྫས་ཀྱི་ཚོགས་མང་པོ་ཞིག་ཏུ་སྐྱེས་ནས་འདོད་པ་སྤྱོད་པ་ཞིག་ཏུ་གྱུར་ཏོ་ཞེས་རྒྱ་ཆེར་བརྗོད་དོ། །ཚོང་དཔོན་ཞིག་གི་ཆུང་མར་བླངས་པ་དང་། དེ་
ལ་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ་བཀྲབས་པ་དང་ལྔ་པོ་དེ་དག་གིས་དེ་མཐོང་བ་དང་། འདོད་ཆགས་ཀྱིས་ལྷག་པར་གདུངས་པར་གྱུར་ནས། དེ་ལ་ཡང་སོ་སོ་ནས་བར་མི་དག་བཏང་བ་དང་། དེས་ཀྱང་མཉན་ཏོ། །དེ་ནས་དེ་ཁྱོ་ལ་རག་ལས་པས་དེ་
རིང་སོང་ཞེས་སྨྲ་ཞིང་། དེ་རྣམས་ཀྱི་སེམས་སྲུང་ཞིང་འདུག་གོ། །དེ་ནས་དེ་དག་ལ་གཅིག་གིས་འདི་སྙམ་དུ་བསམས་ཏེ་ཉི་མ་ཡང་མང་ཞིག་ཐལ་བས་དེའི་ཕྱིར་བདག་གིས་ཞེས་བྱ་བའི་བར་དུའོ། །དེས་ཀྱང་དེ་དག་ལ་བདག་དེ་རིང་འོང་ངོ་ཞེས་དུས་བཏབ་པ་དང་།
དེ་དག་གིས་ཁྱོད་གང་དུ་འོང་། ཁོ་བོ་ཅག་གང་དུ་འོང་ཞེས་དྲིས་སོ། །དེས་ཀྱང་གྲོང་ཁྱེར་འདི་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་ཤིང་ནྱ་གྲོ་དྷ་གནམ་འཕང་དུ་མཐོ་བ། ཡལ་ག་རབ་ཏུ་འཕྱང་བ། ལོ་མ་སྟུག་པོ་ཡོད་པར་དེང་ལ། ཤིང་དེ་ལ་འཛེགས་ཏེ་འདུག་ཤིག་
དང་། བདག་དེའུ་རེ་འོང་ངོ་ཞེས་སོ་སོར་བསྟན་ནས། དེ་ཁྱོ་ལ་སྐབས་ཚོལ་ཞིང་འདུག་གོ། །དེས་ཀྱང་དེ་ལ་འདི་ནི་འདི་ལྟར་སེམས་སོ་ཞེས་བྱ་བར་འཕྲིགས་ནས། དེས་དེ་བརྡེགས་ནས་ཀ་བ་ལ་བཅིངས་སོ། །དེ་ན་གཅིག་ལ་སྨྲས་པ། སོང་ལ་ཤིང་དེ་ལ་འཛེགས་ཏེ།
ཤར་ཕྱོགས་ཀྱི་ཤིང་གི་ཡལ་ག་ལ་འཛེགས་ལ་འདུག་ཤིག་དང་། བདག་དེའུ་རེ་འོང་ངོ་ཞེས་བྱས་པ་དང་། དེ་དགའ་མགུ་ནས་དེ་བཞིན་དུ་བྱས་སོ། །དེ་བཞིན་དུ་རྒྱས་པར་བརྗོད་དོ། །གཉིས་པ་ནི་ཤིང་དེའི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། །གསུམ་པ་ནི་ནུབ་
Vol. 9 · folio 68a
ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། །བཞི་པ་ནི་བྱང་ཕྱོགས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། །མཆོག་ཏུ་བཀྲབས་པ་དེས་ཀྱང་དེ་བཞིན་དུ་བྱས་ཏེ། ཤིང་དེའི་དབུས་ཀྱི་ཡལ་ག་ལ་འཛེགས་ཏེ་འདུག་གོ། །དེ་ནས་དེ་རྣམས་དེ་ན་མཚན་
གཅིག་ཏུ་ལྷགས་པས་བྲེད་བཞིན་དུ་དེ་འོང་ངོ་སྙམ་པ་ལས། ནམ་ནངས་ཀྱི་བར་དུ་བུད་མེད་དེ་ཡང་མ་འོངས་སོ། །མཚན་མོ་ཟད་དེ་ནམ་ནངས་པ་དང་ཤར་ཕྱོགས་ཀྱི་ཡལ་ག་ལ་འདུག་པ་དེས་ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་ཉི་མ་ཤར་ཟིན་ལ། །ཞིང་པ་གྲོང་ནས་དོང་ཟིན་
ཀྱང་། །བརྫུན་ཅན་མ་ནི་མ་འོངས་པར། །ནྱ་གྲོ་དྷ་ཡིས་ཤེས་པར་གྱིས། །ལྷོ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་སྨྲས་པ། བུད་མེད་དེ་ནི་འོངས་འགྱུར་ཏེ། །དེ་ནི་བརྫུན་ཅན་མ་ཡིན་ཡང་། །ལེགས་ལྡན་ཉི་མ་འདི་ཉིད་ནི། །ཤིན་ཏུ་མྱུར་བར་ཤར་བར་གྱུར། །
ཤར་ཕྱོགས་པས་སྨྲས་པ། རེམ་པའང་འོངས་སམ། སྨྲས་པ། ལོས་མོད། དེ་ནས་ནུབ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་ཚིགས་སུ་བཅད་དེ་སྨྲས་པ། ཉི་མ་དུས་སུ་ཤར་བས་ན། །ཞིང་པ་རྣམས་ཀྱང་གྲོང་ནས་དོང་། །བདག་གིས་དུས་ནི་མ་ཤེས་པས། །
མཚན་གཅིག་མིག་གི་རྩེ་མ་སྦྱར། །རེ་ཞིག་ན་བྱང་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་སྨྲས་པས། བདག་གིས་འདིར་ནི་དུས་ཤེས་མ་གྱུར་པས། །མཚན་གཅིག་ཐོག་ཐག་ལྷགས་པས་དོ་སོད་དོ། །གང་ཞིག་གཞན་གྱི་བུད་མེད་ལ་ཆགས་པ། །དེ་ནི་འདི་དང་
གཞན་དག་ཐོབ་པར་འགྱུར། །དེ་ནས་མཆོག་ཏུ་བཀྲབས་པས་སྨྲས་པ། ཁྱེད་ཅག་ལྷགས་པས་དོ་སོད་ལ། །ཁོ་བོ་མྱ་ངན་མི་བྱེད་ཀྱི། །ནྱ་གྲོ་དྷ་ཡིས་ཉེས་མེད་པར། །བཅག་པ་ལ་ནི་མྱ་ངན་བྱེད། །རེ་ཞིག་ན་ཤིང་ལ་གནས་པའི་ལྷས་དེ་དག་བསླུས་པ་
མཐོང་ནས་སྔར་སྤྱོས་ཏེ་འདི་སྐད་ཅེས་སྨྲས་སོ། །བདག་ཉིད་དང་ནི་དེ་བཞིན་དུ། །མི་འདི་བཞི་ལ་མྱ་ངན་བྱོས། །དཔྱིད་ཟླ་ཐ་ཆུངས་བྱུང་བ་ན། །གང་དག་བཅད་པ་སྐྱེ་བར་འགྱུར། །དེ་དག་བུད་མེད་ལ་རེ་ཐག་ཆད་ནས་ཤོད་དུ་བབས་ཏེ་རང་རང་གི་ཁྱིམ་དུ་དོང་ངོ་། །
Vol. 9 · folio 68b
བུད་མེད་དེ་ཡང་ཁྱིམ་ཐབ་ཀྱིས་བཀྲོལ་བ་དང་། དེ་མི་མངོན་པར་ཤིང་དེ་ག་ན་བ་དེར་སོང་བ་དང་། དེ་དག་གིས་མཐོང་ནས་སྨྲས་པ། ཅིའི་ཕྱིར་ཁྱོད་ཀྱིས་ངེད་ཅག་བསླུས། དེས་ཇི་ལྟར་གྱུར་པའི་ལོ་རྒྱུས་རྣམས་དེ་དག་ལ་སྨྲས་སོ། །དེ་ནས་དེ་དག་གིས་སྨྲས་པ། ཁྱོད་
མིག་སྔར་འོངས་སོ། །དེས་འདི་སྙམ་དུ་བདག་སྐྱེས་པ་ལྔ་དང་འདི་ལྟར་ཁྱིའི་ཆོས་བྱ་བ་ག་ལ་ནུས་སྙམ་དུ་བསམས་ནས། དེས་དེ་དག་ལ་སྨྲས་པ། ཁྱེད་ཅག་ལས་གང་ཞིག་མེ་ཏོག་མཛེས་པ་ཐམས་ཅད་ཁྱེར་ཏེ་འོང་བ་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱང་བར་བྱའོ། །རྒྱལ་
པོའི་ཕོ་བྲང་འཁོར་དེ་ན་ཡང་རྒྱལ་པོའི་པད་མ་རྣམས་སྲུང་ཞིང་ར་མ་བྱེད་པ། རྣ་བ་དང་། སྣ་བཅད་པ་ཞིག་ར་མ་བྱེད་དོ། །དེ་དག་དེར་སོང་ནས་འདི་སྙམ་དུ་ཟོང་དག་ཁྱེར་ཏེ་མ་འོངས་མོད་ཀྱི། འོན་ཀྱང་མི་དེའི་བསྔགས་པ་བརྗོད་པ་དང་། དགའ་བར་གྱུར་ནས་བདག་ཅག་ལ་
མེ་ཏོག་དག་སྟེར་ཏོ་སྙམ་དུ་བསམས་སོ། །དེ་ནས་དེ་དག་ལས་གཅིག་གིས་དེ་ལ་སྨྲས་པ། ཇི་ལྟར་སྨྱུག་མ་འདམ་བུ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག །མེ་ཏོག་སློང་གིས་སྩལ་བར་མཛོད། །གཉིས་པས་སྨྲས་པ། ཇི་ལྟར་ཀུ་ཤ་ཀ་
ཤ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག །པད་མ་སློང་གིས་སྩལ་བར་མཛོད། །གསུམ་པས་སྨྲས་པ། ཇི་ལྟར་དཱུར་པ་འཇག་མ་དག །བཅད་ཅིང་གཏུབས་ཀྱང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག །མེ་ཏོག་སློང་གིས་
སྩལ་བར་མཛོད། །བཞི་པས་སྨྲས་པ། ཇི་ལྟར་སྐྲ་དང་ཨག་ཙོམ་དག །བྲེགས་ཤིང་ཕྱིར་ཡང་སླར་སྐྱེ་བ། །དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤིག །མེ་ཏོག་སློང་གིས་སྩལ་བར་མཛོད། །ལྔ་པས་སྨྲས་པ། མི་གང་པད་མ་སློང་བྱེད་པ། །དེ་ཀུན་ཁྱོད་ལ་ཀྱལ་པ་
ཟེར། །པད་མ་བྱིན་རུང་མ་བྱིན་རུང་། །ཁྱོད་ཀྱི་སྣ་ནི་སྐྱེ་མི་འགྱུར། །མི་དེས་འདི་སྙམ་དུ་མི་བཞི་པོས་ནི་བདག་ལ་གྱི་ན་ཞིག་སྨྲས་ཀྱི། མི་ལྔ་པས་ནི་ཇི་ལྟ་བ་བཞིན་དུ་སྙིང་ནས་སྨྲས་ཀྱི། བདག་གིས་དེ་ལ་པད་མ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། དེས་དེ་ལ་
Vol. 9 · folio 69a
པད་མ་ཇི་སྙེད་དགོས་པ་བྱིན་པ་དང་། དེ་དགའ་བ་དང་། མགུ་བ་དང་། རངས་པའི་བསམ་པས་པད་མ་བླངས་ཏེ། དེ་བུད་མེད་གང་ན་བར་སོང་ནས། དགའ་བ་ཉམས་སུ་མྱོང་བར་བྱས་སོ། །དེ་ནས་དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་འདོད་
པའི་རྒྱུས་ཀུན་ནས་ཉོན་མོངས་པར་གྱུར་པ་གང་ཡིན་པ་ལ་ལྟོས། འདོད་ཆགས་ཀྱི་སྡུག་བསྔལ་མི་འབྱུང་བར་ཇི་ལྟར་བྱ་སྙམ་དུ་བསམས་སོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བས་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་
རང་སངས་རྒྱས་ཀྱི་མཆོད་རྟེན་ཞིག་ཡོད་པ་དེ་ལ་པད་མ་དེ་དག་ཕུལ་ནས་སྨོན་ལམ་བཏབ་པ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་ཉོན་མོངས་པ་ཆུང་བར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་པད་མ་ལེན་པའི་མི་གང་ཡིན་
པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་བུད་མེད་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ནོ། །དེ་ལ་པད་མ་ཕུལ་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདོད་ཆགས་ཆུང་བར་གྱུར་ཏོ། །ཡང་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་
གསོལ་པ། བཅོམ་ལྡན་འདས་སེར་སྐྱའི་བུ་མོ་བཟང་མོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན། གང་གི་སླད་དུ་དེས་འཛམ་བུའི་ཆུ་བོའི་གསེར་ལས་བགྱིས་པའི་གཟུགས་བརྙན་རང་གི་འོད་ཀྱིས་མོག་མོག་པོར་བགྱིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་དག་འདི་ཉིད་ཀྱིས་ལས་གང་དག་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་
ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བའི་བར་བྱུང་ངོ་། །དེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཚེ་རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བྱོན་ནས་ཞེས་བྱ་བ་ནས། རྒྱལ་པོའི་ཕོ་བྲང་དུ་ཞལ་
Vol. 9 · folio 69b
ཟས་ཡོངས་སུ་ལོངས་སྤྱོད་པར་ཞུགས་སོ་ཞེས་བྱ་བའི་བར་དུའོ། །དེ་དེར་བྱོན་པ་དང་། རེ་ཞིག་ན་བུ་མོ་ཞིག་རྔ་ཡབ་འཛམ་བུའི་ཆུ་བོའི་གསེར་གྱི་ཡུ་བ་ཅན་ཞིག་ཐོགས་ནས། སྣམ་ལོགས་སུ་འདུག་སྟེ་གཡོབ་པ་ན། སངས་རྒྱས་ཀྱི་འོད་ཀྱིས་འཛམ་བུའི་ཆུ་བོའི་གསེར་མོག་
མོག་པོར་བྱས་སོ། །ཇི་ཙམ་ན་བུ་མོ་དེ་འདི་སྙམ་དུ་བདག་ལྕགས་ལས་བྱས་པའི་ཡུ་བ་ཅན་ཐོགས་སམ་ཇི་སྙམ་དུ་ཐེ་ཚོམ་སྐྱེས་སོ། །དེ་ནས་རྣམ་པར་གཟིགས་བཤོས་གསོལ་ནས་ཕྱིར་གཤེགས་པར་གྱུར་པ་དང་། དེས་ཡང་འཛམ་བུའི་ཆུ་བོའི་གསེར་མཆོག་ལས་བྱས་
པའི་ཡུ་བར་མཐོང་ངོ་། །དེ་ནས་ཟླ་བ་གསུམ་འདས་ནས་ཞེས་བྱ་བ་ནས་ལྗོངས་རྒྱུར་གཤེགས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་འཛམ་བུའི་ཆུ་བོའི་གསེར་ལས་སྐུ་གཟུགས་ཤིག་བྱས་སོ། །རེ་ཞིག་ན་བུ་མོ་དེས་གསེར་ལས་བྱས་པའི་སྐུ་གཟུགས་
དེ་ཁྱེར་ཏེ་འོངས་པ་དང་། རྣམ་པར་གཟིགས་ཀྱི་འོད་ཀྱིས་མོག་མོག་པོར་བྱས། ཁ་དོག་མི་འདྲ་བར་མཐོང་ནས་ཞེས་བྱ་བའི་བར་ནས་སྨོན་ལམ་བཏབ་པ། བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཞེས་བྱ་བ་ནས། འདི་ལྟ་བུའི་
ལུས་ཀྱི་འོད་ཅན་དུ་འགྱུར་བ་དང་ཞེས་བྱ་བའི་བར་ནས། རང་གི་འོད་ཀྱིས་མོག་མོག་པོར་བྱེད་པར་གྱུར་ཅིག་ཅེས་བྱ་བའི་བར་དུའོ། །འདིས་ཀྱང་སྨོན་ལམ་གྱི་དབང་གིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དགེ་སློང་དག་དེ་ལྟ་བས་ན་སངས་རྒྱས་དང་། ཆོས་དང་། དགེ་
འདུན་ལ་བྱ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་ཡང་གདབ་པར་བྱ་སྟེ་ཞེས་བྱ་བ་ནས། སེར་སྐྱའི་བུ་མོ་བཟང་མོ་ལྟ་བུའོ་ཞེས་བྱ་བའི་བར་དུའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ལྔ་པ། ཡང་ཞེས་བྱ་བའི་བར་ནས་དགེ་སློང་དག་སྔོན་
བྱུང་བ་ཞེས་བྱ་བ་ནས། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དང་། ཚོང་དཔོན་ཞིག་ཅེས་བྱ་བ་ནས། རེ་ཞིག་ན་གྲོང་ཁྱེར་གྱི་ཕྱི་རོལ་ན་དེའི་སྐྱེད་མོས་ཚལ་མཚེའུ་དང་མེ་ཏོག་མང་བ་ཤིང་གིས་ཡོངས་སུ་བསྐོར་བས་གཏིབས་པ། མེ་ཏོག་དང་། འབྲས་བུ་སྣ་
Vol. 9 · folio 70a
ཚོགས་ཀྱི་ལྗོན་ཤིང་མཆོག་ཏུ་མཛེས་པ་དང་ལྡན་པ་ཞེས་བྱ་བའི་བར་དུའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནས། རང་སངས་རྒྱས་ནད་པ་ཞིག་ཅེས་བྱ་བའི་བར་
ནས་སྨན་པའི་གན་དུ་སོང་སྟེ་ཞེས་བྱ་བའི་བར་ཏེ། སྨན་པས་སྨྲས་པ། གྲོང་དུ་བཞུད་ཅིག་ཅེས་བྱ་བ་ནས། ཚོང་དཔོན་གྱི་སྐྱེད་མོས་ཚལ་དུ་འདུག་གོ་ཞེས་བྱ་བའི་བར་དུའོ། །རེ་ཞིག་ན་ཚོང་དཔོན་གྱིས་མཐོང་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། ཞེས་བྱ་བ་ནས་ནད་སོས་པར་གྱུར་ཏོ་
ཞེས་བྱ་བའི་བར་དུའོ། །ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅེས་བྱ་བ་ནས། སྐུ་གདུང་གི་མཆོད་རྟེན་བྱས་སོ་ཞེས་བྱ་བའི་བར་དུའོ། །རེ་ཞིག་ན་ཚོང་དཔོན་གྱིས་མཆོད་རྟེན་སྐྱ་བོར་མཐོང་སྟེ་ཞེས་བྱ་བ་ནས། ཆུང་མ་ལ་སྨྲས་པ་ཞེས་པའི་བར་དུའོ། །དེས་དེ་ལ་ཡུང་གིས་
བྱུགས་ནས་མེ་ཏོག་བཀྲམ་སྟེ་སྨོན་ལམ་བཏབ་པ། ཀྱེ་མའོ་ཨ་ལ་ལ་འཕགས་པ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིས་པ་དང་། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བརྩིགས་ཏེ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཕྱུག་པ་དང་། ནོར་
ཆེ་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག །འདིས་ཇི་ལྟ་བུའི་ཆོས་རྙེད་པ་དེ་ལྟ་བུའི་ཆོས་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བགྱིད་ཀྱི་མི་མཉེས་པར་བགྱིད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་
དག་དེའི་ཚེ་ཚོང་དཔོན་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཉིད་ཡིན་པར་གྱུར་ཏོ་ཞེས་བྱ་བ་ནས། ཡུང་གིས་བྱུགས་པས་གསེར་གྱི་མདོག་ཏུ་གྱུར་ཏོ་ཞེས་བྱ་བའི་བར་དང་། དགེ་སློང་
དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །ཡང་དགེ་སློང་དག་ཅེས་བྱ་བ་ནས། བཅོམ་ལྡན་འདས་བཟང་མོས་ལས་ཅི་ཞིག་བགྱིས་ན་འོད་སྲུང་ཆེན་པོ་དང་ལོ་བཅུ་གཉིས་ཀྱི་བར་དུ་ལྷན་ཅིག་མལ་གཅིག་ན་མཆིས་པའི་ཚེ་ཡང་འཁྲིག་པའི་སྦྱོར་བ་མ་བགྱིས་པར་གྱུར་ཅེས་
Vol. 9 · folio 70b
བྱ་བའི་བར་དུའོ། །དགེ་སློང་དག་དེ་གཉིས་ཀྱིས་ལས་བྱས་ཤིང་ཞེས་བྱ་བ་ནས། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དུའོ། །རེ་ཞིག་ན་རྒྱལ་པོའི་ཕོ་བྲང་དེ་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་སྒྱུ་རྩལ་དྲུག་བཅུ་དང་
ལྡན་པ། ཀཱར་ཥཱ་པ་ཎ་ལྔ་བརྒྱ་ལས་མི་ཉུང་བར་སྤྱོད་པ་ཞིག་གནས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོའི་ཕོ་བྲང་དེའི་དགའ་འདུན་པ་ལྔ་བརྒྱ་རྣམས་ཀྱིས་བཟའ་བ་དང་། བཏུང་བ་རབ་ཏུ་མང་པོ་ཁྱེར་ཏེ་ཞེས་བྱ་བ་ནས། རྒྱལ་པོའི་བུས་ཁྲིད་དེ་སོང་ངོ་ཞེས་བྱ་བའི་བར་དུའོ། །
རེ་ཞིག་ན་དགའ་འདུན་པ་རྣམས་ཀྱིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ཏེ། སྨོན་ལམ་བཏབ་པ་ཞེས་བྱ་བ་ནས། དེའི་ཚེ་གཟུགས་ཀྱིས་འཚོ་མ་གང་ཡིན་པ་དེ་ནི་བཟང་མོ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་སེར་སྐྱའི་བུ་མོ་བཟང་མོ་འདི་ཉིད་དེར་གྱུར་ཏོ་ཞེས་བྱ་བ་དང་།
དགའ་འདུན་པ་ལྔ་བརྒྱ་གང་ཡིན་པ་དེ་ནི་གཅེར་བུ་པ་ལྔ་བརྒྱ་འདི་ཡིན་ཏེ་ཞེས་བྱ་བའི་བར་དང་། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ། ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་པར་བལྟ་
བར་བྱའོ་ཞེས་བྱ་བའི་བར་དུའོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ་ཞེས་བྱ་བ་ནས་དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས་སུན་ཕྱུང་བར་གྱུར་ཅེས་བྱ་བའི་བར་དུའོ། །དགེ་སློང་
དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་བྱུང་སྟེ། བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་དེའི་དུས་ན་གྲོང་ཁྱེར་བཱ་རཱ་ཎ་སཱི་ན་ཚོང་དཔོན་ནོར་
མང་བ་ལོངས་སྤྱོད་ཆེ་བ་ཞིག་ཅེས་བྱ་བ་ནས། བུ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དག་དང་། ཤི་ནས་རྒྱལ་པོའི་ཕོ་བྲང་དུ་བསྡུས་པར་འགྱུར་རོ་སྙམ་ཞེས་བྱ་བའི་བར་དུའོ། །དེས་དེ་ལ་སྨྲས་པ། རྗེའི་སྲས་འདི་ལྟར་ཐུགས་མི་དགྱེས་པར་མ་བཞུགས་ཤིག་ཅེས་བྱ་བ་ནས།
Vol. 9 · folio 71a
ཆུང་མ་གཉིས་བླངས་ན་བདེ་བ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །ཆུན་མ་ལ་ནི་བུ་མོའི་འདུ་ཤེས་འཇོག་ལ་ཞེས་བྱ་བ་ནས། སྔ་མ་ཟིལ་གྱིས་གནོན་པ་ཡིན་པས་སྔ་མ་གང་ཡིན་པ་ལ་འདྲི་བར་ཡང་མི་བྱེད་དོ་ཞེས་བྱ་བའི་བར་དུའོ། །བདག་
འདི་ལྟར་ཅིའི་ཕྱིར་འདུག་ཅེས་བྱ་བ་ནས། དེས་ཁྱོ་ལ་སྨྲས་པ། བདག་སྐྱབས་སུ་མཆི་ཞིང་བསླབ་པའི་གཞི་ལེན་དུ་མཆི་ཡིས་མཁྱེན་པར་མཛོད་ཅིག་ཅེས་སྨྲས་པ་དང་། དེས་ཀྱང་གནང་ངོ་། །དེ་ཡང་སྐྱབས་སུ་སོང་ནས་བསླབ་པའི་གཞི་བླང་བ་བྱས་སོ། །དེ་ནས་མི་དེ་སེམས་
པ་ལ་ཞུགས་པ་ན་འདི་སྙམ་དུ། འདི་ལྟར་བདག་གི་ཡོན་གནས་ནི་འདི་ཡིན་ནོ་ཞེས་བསམས་ཏེ་ཞེས་བྱ་བ་ནས་མེ་ཏོག་དང་། འབྲས་བུ་དང་། བཟའ་བ་ཆེས་སྔར་སྦྱིན་པར་བྱེད་ཅིང་། ཕྱིས་ནི་ཆུན་མ་དེ་ལའོ་ཞེས་བྱ་བའི་བར་དུའོ། །དེས་འདི་སྙམ་དུ། ཁྱིམ་གྱི་
བྱ་བ་ཅུང་ཟད་གང་ཡིན་པ་དེ་དག་ཐམས་ཅད་ནི་བདག་བྱེད་ལ། འདི་ནི་ཉལ་ཞིང་ཟ་བ་ཡིན་པ་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས། མི་དེས་ཆུན་མ་ལ་ཀུན་དུ་སྦྱོར་བ་བྱ་བའི་ཕྱིར་བོས་པ་དང་ཞེས་བྱ་བ་ནས། དེས་སྨྲས་པ། ཆེན་མ་དང་ལྷན་ཅིག་མཛོད་ཅིག་
ཅེས་སྨྲས་པའི་བར་དུའོ། །བསླབ་པའི་གཞི་བླངས་སོ་ཞེས་བྱ་བ་ནས། ཉོན་མོངས་པ་ནི་ཤིན་ཏུ་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་ཆུང་མའི་གན་དུ་སོང་སྟེ་འཁྱུད་པ་དང་། དེས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་བདག་འདི་ལྟར་བསླབ་པའི་གཞི་ལེན་པར་གནང་བར་བགྱིས་
པ་ཉིད་མ་ལགས་སམ། ད་ལྟར་གྱི་འདི་ལྟ་བུ་ནི་རུང་བ་མ་ལགས་སོ། །དེས་དེ་ལ་ནན་གྱིས་དགའ་མགུར་སྤྱད་དོ་ཞེས་བྱ་བའི་བར་དུའོ། །དེའི་ཚེ་ཆུན་མར་གྱུར་པ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། འདིས་དེའི་ཚེ་ཆེན་མའི་བརྟུལ་ཞུགས་གང་ཡིན་པ་ཉམས་
པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་མ་སྐྱེས་དགྲས་ཞག་བདུན་དུ་སྤྱད་པར་གྱུར་ཏོ། །བཅོམ་ལྡན་འདས་ལས་ཅི་ཞིག་བགྱིས་ན་གང་གི་སླད་དུ་འདིས་དགྲ་བཅོམ་པ་ཉིད་ཐོབ་ཅིང་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་བསྟན་ཅེས་
Vol. 9 · folio 71b
བྱ་བ་ནས། འདིས་ལས་བྱས་ཤིང་ཤེས་བྱ་བ་དང་། ཆུང་མ་ཆུན་མར་གྱུར་ཅིང་ཁྱོ་ཤི་བར་གྱུར་ནས་ཁྱིམ་ནས་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུང་གི་གསུང་རབ་ལ་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེར་འདིས་ལོ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་
ཤིང་ཡོངས་སུ་བསྲུངས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་གྱུར་ཀྱང་ཡེ་ཤེས་མཐར་ཐུག་པར་ཁོང་དུ་ཆུད་པར་མ་གྱུར་མོད་ཀྱི་འོན་ཀྱང་
དེའི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་ལ་ཚངས་པར་སྤྱོད་
པ་གང་ཡིན་པ་ལ་གནས་ཤིང་དེ་ཡོངས་སུ་བསྐྱངས་པའི་ལས་དེའི་རྣམ་པར་སྨིན་པས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །གསུང་རབ་དེ་ལ་ཡང་དགེ་སློང་མ་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་བཅོམ་ལྡན་འདས་འོད་སྲུང་གིས་དེ་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་
བསྟན་པ་དེའི་ཚེ་ཡང་འདིས་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུང་གིས་བདག་གི་མཁན་པོ་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པ་ཇི་ལྟ་བ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པར་བྱང་ཆུབ་པར་ཐོབ་པ་ན་བདག་ཀྱང་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་
བསྟན་པར་ཤོག་ཤིག་ཅེས་བྱ་བ་ནས། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ། །ཞེས་བྱ་བའི་བར་དུའོ། །ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ཏེ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པས་
ནོར་མང་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་། དེའི་འབྱོར་པ་འདི་ལྟར་ལས་ཀྱི་མཐའ་པའི་གྲོང་སུམ་བཅུ་དང་ཞེས་བྱ་བ་ནས། གསེར་གྱི་ནས་ཀྱིས་གང་བའི་སྦྱང་བ་བརྒྱད་བཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་ཞེས་བྱ་བའི་བར་དུའོ། །དགེ་སློང་
Vol. 9 · folio 72a
དག་འདིས་ལས་བྱས་ཤིང་བསགས་པ་ཞེས་བྱ་བ་ནས་རྒྱས་པར་བྱའོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྟི་གནས་ཞིག་ན་དྲང་སྲོང་ལྔ་བརྒྱ་གནས་སོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་རང་སངས་རྒྱས་
ཕོངས་པ་དང་དམན་པ་ལ་ཕན་འདོགས་པ་འཇིག་རྟེན་དུ་འབྱུང་སྟེ། བསྟི་གནས་དེ་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་རང་སངས་རྒྱས་ཞིག་ཀྱང་གནས་སོ། །དེ་ནས་དྲང་སྲོང་དེ་དག་ཉིན་གཅིག་བཞིན་དུ་སྔར་ལངས་ཏེ། གནས་སྲུང་བའི་དྲང་སྲོང་བཞག་ནས། ཡམ་སྲེག་
ཤིང་དང་། འབྲས་བུའི་ཕྱིར་ཕྱོགས་བཞིར་འགྲོ་བར་བྱེད་དོ། །དེ་ནས་དྲང་སྲོང་ཞིག་རང་སངས་རྒྱས་དེ་དང་ཉེ་བ་ནས་ཡང་དང་ཡང་དུ་འགྲོ་བ་ན་རང་སངས་རྒྱས་དེ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་མཐོང་ངོ་། །ལྡོག་པ་ལ་ཡང་དེ་བཞིན་འདུག་པར་མཐོང་ནས་འདི་སྙམ་དུ། དགེ་སློང་
འདི་ཉིན་པར་སྐྱིལ་མོ་ཀྲུང་འཇིག་པར་མི་བྱེད་ན། ཁ་ཟས་གང་ནས་ཇི་ལྟར་བྱེད། མ་ལ་བདག་གིས་དེ་ལ་དྲིའོ་སྙམ་དུ་བསམས་སོ། །དེ་ཡང་འདི་སྙམ་དུ་ད་ལྟར་ཉེ་བར་སོང་སྟེ་དྲིར་ནི་དྲང་སྲོང་དེ་དག་གིས་བདག་དགེ་སློང་དང་ལྷན་ཅིག་འགྲོགས་པ་མཐོང་བ་དང་འཕྱ་བར་འགྱུར་
བས་གང་གི་ཚེ་བདག་བསྟི་གནས་སྲུང་བར་གྱུར་པ་དེའི་ཚེ་བག་ཚ་བ་མེད་པར་དྲིའོ་སྙམ་དུ་བསམས་སོ། །དེ་ནས་དུས་གཞན་ཞིག་ན་དེ་ལ་བསྟི་གནས་སྲུང་བ་བབ་སྟེ། དྲང་སྲོང་དེ་དག་དོང་བ་དང་། རང་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་ནས་དེ་ལ་དྲིས་པ། འཕགས་
པ་བདག་ཉིན་གཅིག་བཞིན་དུ་ཁ་ཟས་དང་འབྲས་བུའི་དོན་དུ་ཕན་ཚུན་དུ་འགྲོ་བར་བྱེད་པ་ན། ཁྱོད་སྐྱིལ་མོ་ཀྲུང་བཤིག་པའམ། བསོད་སྙོམས་ཀྱི་དོན་དུ་འགྲོ་བར་བདག་གིས་ལན་འགའ་ཡང་མ་མཐོང་ན། ཁྱོད་དགའ་བ་ཟའམ་ཅི། དེས་སྨྲས་པ། དགའ་བ་ཟ་བ་
མ་ཡིན་ཏེ། གང་གི་ཚེ་ཟས་ཀྱི་དུས་ལ་བབ་པ་དེའི་ཚེ་བསོད་སྙོམས་ཀྱི་དོན་དུ་སོང་སྟེ། འདིར་ཁྱེར་ཏེ་འོངས་ནས་ཟ་བར་བྱེད་དོ། །དེས་དྲིས་པ། བསོད་སྙོམས་ཀྱི་ཕྱིར་གང་དུ་འགྲོ་བར་བྱེད། དེས་སྨྲས་པ། བྱང་གི་སྒྲ་མི་སྙན་དུའོ། །སྒྲ་མི་སྙན་ཅི་འདྲ། དེས་སྨྲས་པ།
Vol. 9 · folio 72b
བདག་གིར་ཡོངས་སུ་འཛིན་པ་མེད་པ། ཚེ་ངེས་པ། ཁྱད་པར་ཅན་དུ་འགྲོ་ཞིང་། དེ་ནས་ཤི་འཕོས་ནས་ཀྱང་ཁྱད་པར་ཅན་དུ་འགྲོ་བར་འགྱུར་བའོ། །འོན་ཏེ་བྱང་གི་སྒྲ་མི་སྙན་དུ་མི་འགྲོ་བ་དེའི་ཚེ་ནི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཁ་ཟས་བསོད་སྙོམས་
བྱེད་དོ། །དེས་དྲིས་པ། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཅི་འདྲ། དེས་སྨྲས་པ། ཁ་དོག་དང་ལྡན་པ། བདེ་བ་མང་བ། གཞལ་མེད་ཁང་མཐོན་པོ་ཅན། ཚེ་རིང་བ། ཡུན་རིང་དུ་གནས་པ། དུས་རིང་པོར་གནས་པ་ཡིན་ནོ། །དེས་འདི་སྙམ་དུ། འདི་ནི་
བདག་ཉིད་ཆེན་པོ་ཞིག་ཡིན་པས་མ་ལ་དེ་རིང་གི་བསོད་སྙོམས་བདག་གིས་དབུལ་ལོ་སྙམ་དུ་བསམས་ནས། དེས་རང་སངས་རྒྱས་དེ་ལ་སྨྲས་པ། འཕགས་པ་དེང་བདག་གིས་བསོད་སྙོམས་དབུལ་གྱིས་རྗེས་སུ་གཟུང་དུ་གསོལ། དེས་སྨྲས་པ། ཁྱོད་ཀྱང་ཁྱིམ་གྱི་གནས་ནས་
ངེས་པར་བྱུང་བ་ཡིན་ན། ཁྱོད་ཀྱིས་ཇི་ལྟར་ང་ལ་བསོད་སྙོམས་སྦྱིན་པར་སེམས། དེས་སྨྲས་པ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་ངེས་པར་བདག་ལ་ཕན་གདགས་པར་མཛད་དུ་གསོལ། ཁྱོད་ནི་དཔལ་དང་བསོད་ནམས་ཡིན། །ཁྱོད་ནི་ཆོས་འཆད་རྣམས་ཀྱི་མཆོག །
ཁྱོད་ཀྱི་བརྩོན་པས་འཇིག་རྟེན་འདི། །ཀུན་ནས་བརྒྱན་པ་བཞིན་དུ་གྱུར། །དེས་ཀྱང་ཁས་བླངས་སོ། །དེ་ནས་དྲང་སྲོང་གིས་དེས་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས་རང་གི་བསྟི་གནས་སུ་སོང་ངོ་། །དེ་ན་ཡང་དེས་སྔ་ན་ཁྲེ་རྒོད་བྲེའུ་ཆུང་གང་ཞིག་དྲུས་ཏེ་བཞག་པ་དེ་དེས་
བཀྲབས་ནས་བསྟི་གནས་དེ་དང་ཧ་ཅང་མི་རིང་བ་ན་ཕྱུགས་ལྷས་ཞིག་ཡོད་པ་དེར་སོང་སྟེ། དེ་ནས་འོ་མ་བླངས་ཏེ་འོ་མའི་ནང་དུ་བཙོས་ནས། བཙོས་ཟིན་པ་དང་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ། །བཙུན་པ་དེས་ཀྱང་དེ་ལ་ཕན་གདགས་པའི་དོན་དུ་བསོད་སྙོམས་དེ་
བླངས་ནས་ལུས་ཀྱིས་ཆོས་བསྟན་པའི་ཕྱིར་ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ནམ་མཁའི་དཀྱིལ་དུ་འཕགས་སོ། །དེས་དེ་མཐོང་ནས་མཆོག་ཏུ་དད་པར་གྱུར་ཏེ། དགའ་བ་དང་མགུ་བ་དང་། རངས་པའི་ཡིད་ཀྱིས་པུས་མོ་ས་ལ་བཙུགས་ཏེ་སྨོན་ལམ་བཏབ་པ།
Vol. 9 · folio 73a
བསོད་སྙོམས་ཕུལ་ཏེ་སྦྱིན་པར་བྱ་བའི་ཆོས་སུ་བཏང་བ་འདིས་བདག་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་མ་གྱུར་ཅིག །རྟག་ཏུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་ཞིང་། དེ་ནས་ཤི་འཕོས་ན་ཡང་བྱང་གི་སྒྲ་མི་སྙན་དུ་སྐྱེ་
བ་དང་། དེ་ནས་ཀྱང་སླར་ལྷ་རྣམས་ཀྱི་ནང་དུ་དང་། འདིས་ཡོན་ཏན་གྱི་ཚོགས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་དག་ཀྱང་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་ཅིང་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །
དགེ་སློང་དག་དེའི་ཚེ་དེའི་དུས་ན་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུང་ཆེན་པོ་འདི་ཡིན་ནོ། །དེའི་ཚེ་དེའི་དུས་ན་འདིར་ཁྲེ་རྒོད་བྲེའུ་ཆུང་གང་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ལན་སྟོང་དུ་བྱང་གི་སྒྲ་མི་སྙན་དུ་སྐྱེས་སོ། །ལན་སྟོང་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ། །ལྷ་རྣམས་
ནས་ཤི་འཕོས་ནས་ཀྱང་བྲམ་ཟེའི་རིགས་སུ་སྐྱེས་པར་གྱུར་ཏོ། །སྨོན་ལམ་གྱི་དབང་གིས་རང་སངས་རྒྱས་བྱེ་བ་བརྒྱ་སྟོང་ལས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ང་ཡང་མཉེས་པར་བྱས་ཤིང་། འདིས་ཡོན་ཏན་གྱི་ཚོགས་དེ་ཡང་ཐོབ་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་
བས་ན་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བཀུར་སྟི་བྱས་ཤིང་སྦྱིན་པ་དབུལ་བ་དང་། བསོད་ནམས་ཀྱང་བྱའོ། །དེ་ལྟར་བྱས་ན་རྣམ་པ་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུང་ཇི་ལྟ་བ་དེ་བཞིན་དུ་དགེ་སློང་ཁྱེད་ཀྱིས་བསླབ་པར་བྱའོ། །ཡང་
དགེ་སློང་རྣམས་ཐེ་ཚོམ་སྐྱེས་པ་དེ་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས་འདི་ལྟར་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་
ཐོབ་ཅིང་། བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདིས་ལས་བྱས་ཤིང་བསགས་པ་ཞེས་རྒྱས་པར་བྱའོ། །དགེ་སློང་
Vol. 9 · folio 73b
དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་
ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་། །དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ལོ་སྟོང་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་། ཡོངས་སུ་བསྲུངས་ཀྱང་མཐར་ཐུག་པའི་
ཡེ་ཤེས་མ་བསྐྱེད་མོད་ཀྱི་འོན་ཀྱང་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་
ལུང་བསྟན་པ་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་ཀྱི་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དེ་ན་ཡང་དགེ་སློང་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་
པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་ན་ཡང་འདིས་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་པོ་འདོད་ཆགས་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་
བསྟན་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མས་རྫོགས་པའི་བྱང་ཆུབ་ཐོབ་པ་ན་བདག་ཀྱང་ལུང་བསྟན་པ་ཐོབ་པར་ཤོག་ཤིག་ཅེས་བྱས་སོ། །དགེ་སློང་དག་དེར་ཚངས་པར་སྤྱོད་པ་ལ་གནས་པས་དེ་འདི་ལ་འབྲས་བུ་ཐོབ་པར་གྱུར་ཏོ། །དེར་དབང་པོ་ཡོངས་སུ་སྨིན་པར་བྱས་པས་དེ་འདི་
ལ་རྣམ་པར་གྲོལ་ལོ། །དེར་སྨོན་ལམ་བཏབ་པ་གང་ཡིན་པ་དེས་དེ་འདི་ལ་ལུང་བསྟན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་གུས་པར་ལུང་དབོག་པར་བྱ། བཀླག་པར་བྱ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་གནས་དང་། གནས་མ་ཡིན་པ་དང་།
Vol. 9 · folio 74a
རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་བྱའོ། །དེ་བཞིན་དུ་ཡང་དག་པའི་སྨོན་ལམ་གདབ་སྟེ། དེས་ན་ཁྱེད་ཅག་གི་ཡོན་ཏན་གྱི་ཚོགས་བསྐྱེད་པར་འགྱུར་བས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ།། །།བར་སྡོམ་ལ། ཞིང་པ་དང་ནི་རྫ་མཁན་
དང་། །ཚོང་དཔོན་རས་ཡུག་འཚོ་བ་དང་། །མཆོད་རྟེན་ཡུང་གི་བྱུག་པ་དང་། །སྨད་འཚོང་མ་དང་ཆེན་ཆུན་དང་། །ཕྱུག་དང་འདོད་པ་ཆུང་བ་ཡི། །སྡེ་ཚན་དུ་ནི་བསྟན་པ་ཡིན།། །།ཕས་ཕམ་པ་བརྒྱད་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། སྡོམ་ལ། མི་ཚངས་སྤྱོད་དང་
རྐུ་བ་དང་། །མི་གསོད་པ་དང་བརྫུན་སྨྲ་དང་། །རི་དགས་འཛིན་དང་སྤོས་འཚོང་དང་། །མཛའ་ཅན་མ་དང་གྲེ་ལས་སྐྱེས། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་ཨུཏྤ་ལའི་མདོག་གྲོང་ཁྱེར་ཆེན་པོ་
དྲུག་ན་སྨད་འཚོང་མ་བྱེད་པར་གྱུར་པ་དེའི་ཚེ་བྲམ་ཟེ་ཞིག་དེ་ལ་སེམས་ལྷག་པར་ཆགས་པར་གྱུར་ནས་དེར་སོང་སྟེ། མེ་ཏོག་དང་། འབྲས་བུ་དང་། སོ་ཤིང་རྣམས་ཀྱིས་བསྙེན་བཀུར་བྱེད་པར་གྱུར་ཏོ། །དེ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་
སོ། །ཁྱོད་ནི་རིགས་མཐོ་བ་ཡིན་ལ། བདག་ནི་རིགས་དམའ་བ་ཡིན་ན། ཅིའི་ཕྱིར་འདིར་འོངས། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱོད་དང་ལྷན་ཅིག་ཕྲད་འདོད་པའི་ཕྱིར་རོ། །དེས་འདི་སྐད་ཅེས་སྨྲས་སོ། །
གལ་ཏེ་ཁྱོད་ལ་ཀཱར་ཥཱ་པ་ཎ་དག་ཡོད་ན་ཕྱི་ནས་ལྷན་ཅིག་ཕྲད་པར་བྱའོ། །དེ་ནས་བྲམ་ཟེ་དེས་ཨུཏྤ་ལའི་མདོག་ལས་ཚིག་དེ་ཐོས་ནས་ཀཱར་ཥཱ་པ་ཎའི་དོན་དུ་ལྗོངས་དག་ཏུ་སོང་ངོ་། །དེ་ནས་ཨུཏྤ་ལའི་མདོག་དུས་གཞན་ཞིག་ན། དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་
མཽད་གལ་གྱི་བུ་ཆེན་པོ་ལ་བརྟེན་ནས་སྨད་པའི་ལས་རྣམས་སྤངས་ཏེ་དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་གྱུར་ཏོ། །དེ་ཡང་ཉིན་པར་ནགས་ཚལ་ཐིབས་པོར་འདུག་པ་ལ་གོམས་པ་ཡིན་པས་དེ་ནས་ཨུཏྤ་ལའི་མདོག་ནགས་ཚལ་ཐིབས་པོར་ཉིན་པར་འདུག་ཏུ་སོང་ངོ་། །བྲམ་ཟེ་
Vol. 9 · folio 74b
དེ་ཡང་ཀཱར་ཥཱ་པ་ཎ་ཁྱེར་ཏེ། གྲོང་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས་འདྲི་ཞིང་འདྲི་ཞིང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་བྲམ་ཟེ་དེ་ཨུཏྤ་ལའི་མདོག་གང་ན་བ་དེར་སོང་སྟེ་ཕྱིན་ནས་ཨུཏྤ་ལའི་མདོག་ལ་རྒྱལ་བ་སྤེལ་བ་བྱས་ཏེ་འདི་
སྐད་ཅེས་སྨྲས་སོ། །ཀྱེ་ཀཱར་ཥཱ་པ་ཎ་དག་བཞེས་ཤིག་དེས་ཀྱང་བསམས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་བདག་གིས་ནི་དམ་པའི་ཆོས་མ་ཡིན་པ་དེ་སྤངས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུཏྤ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱོད་ཀྱིས་
སྤངས་ཀྱང་བདག་གིས་ནི་མ་སྤངས་སོ། །དེ་ནས་ཨུཏྤ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཁྱོད་བདག་གི་ཡན་ལག་གི་ཆ་གང་ལ་སེམས་ལྷག་པར་ཆགས་པར་གྱུར། དེས་འདི་སྐད་ཅེས་སྨྲས་ཏེ། མིག་ལའོ། །དེས་མིག་དེ་རྫུ་འཕྲུལ་གྱིས་
ལག་མཐིལ་དུ་བཞག་སྟེ། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་གལ་ཏེ་འདོད་ན་ལོང་ཤིག །དེ་ནས་བྲམ་ཟེས་མིག་དེ་མཐོང་བ་དང་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ། དགེ་སློང་མ་ཨུཏྤ་ལའི་མདོག་གི་ཀླད་དུ་ཁུ་ཚུར་གཅིག་བསྣུན་ནས་སོང་ངོ་། །དེ་ནས་
ཨུཏྤ་ལའི་མདོག་གིས་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་སོ། །དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་མཐུ་སྟོབས་ཆུང་བ།
གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་ལ་སོགས་པས་འདོད་པར་བྱ་བ་ཡིན་པས་དེའི་ཕྱིར་དེང་ཕྱིན་ཆད་དགེ་སློང་མས་དགོན་པར་གནས་པར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དགེ་སློང་མ་ལ་དགོན་པ་བཀག་པ་དེའི་ཚེ་སྲང་དང་། བཞི་མདོ་དང་། སུམ་
མདོ་དག་ཏུ་གནས་པ་ན། གཡོན་ཅན་ལ་སོགས་པས་ཀྱང་བགྲོད་པར་གྱུར་ཏོ། །རེ་ཞིག་ན་དེ་དག་དེ་ན་གནས་པར་གྱུར་པ་དེའི་ཚེ་མཉན་ཡོད་ན་རི་དགས་འཛིན་གྱི་བུ་དགེ་བསྙེན་ས་ག་ཞེས་བྱ་བ་དད་པ་དང་ལྡན་པ། དགེ་བའི་བསམ་པ་བཟང་བ་བསླབ་པའི་གཞི་ལྔ་
Vol. 9 · folio 75a
དང་ལྡན་པ་དེས་དགེ་སློང་མ་བབ་བབ་ཏུ་འདུག་པ་དེ་དག་མཐོང་ནས་དེས་དེ་དག་ལ་གནས་བཙལ་ཏེ་ཕྱིན་ནས། འཕགས་མ་དག་འདིར་ཅི་བདེར་བཞུགས་ཤིག་ཅེས་བྱས་པ་དང་། དེ་དག་ཀྱང་དེར་འདུག་གོ། །དེའི་ཚེ་དགེ་སློང་མའི་དབྱར་ཁང་ན་དགེ་སློང་མ་སྦོམ་
དགའ་མོ་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། འདོད་ཆགས་ཆེ་བ། སྐྱེས་པའི་ཡིད་དུ་འོང་བ་ཞིག་འདུག་གོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་དགེ་སྐོས་བཞག་སྟེ། དགེ་སློང་མའི་དགེ་འདུན་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་བགོས། ཆོས་
གོས་དང་། ལྷུང་བཟེད་ཐོགས་ནས་མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་ནས་དགེ་སློང་མ་སྦོམ་དགའ་མོ་ནའོ་ཞེས་བྱས་ཏེ་དེ་ཉིད་ནས་སླར་ལོག་སྟེ་དེ་རི་དགས་འཛིན་གྱི་བུ་འདུག་པ་དེ་ལ་ཆགས་པ་ཡིན་པས་དེས་དེ་ལ་བརྡ་བྱས་པ་དང་། དེ་མ་འདོད་ནས་དེས་འདི་
སྐད་ཅེས་སྨྲས་སོ། །གང་འདོད་པ་ན་གང་མི་འདོད་པ་དེ་དག་ནི་དེ་བཞིན་དུ་འགྱུར་རོ། །དེ་ནས་རི་དགས་འཛིན་གྱི་བུས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ལ་བདག་ནི་དགེ་བསྙེན་ཡིན་པའི་སྟེང་དུ་ཁྱོད་ཀྱང་རྒྱལ་པོས་སླས་ཀྱི་བཙུན་མོའི་
ཐབས་ཐོབ་པ་ཡིན་ལ། གལ་ཏེ་བདག་གིས་ཀྱང་ཉེས་པར་སྤྱོད་པ་འདི་ལྟ་བུ་སྤྱད་པ་རྒྱལ་པོས་ཤེས་པར་གྱུར་ན། དེས་བདག་མཚན་མོ་འདི་ཉིད་ནས་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ། །དེ་ནས་སྦོམ་དགའ་མོས་རི་དགས་འཛིན་གྱི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །
ཁྱིམ་བདག་གི་བུ་རྒྱལ་པོའི་རྟོག་ཆེན་པ་དག་བདག་ཅག་གི་ཕྱི་བཞིན་དུ་འབྲང་ངམ་ཅི། གལ་ཏེ་བདག་ཀྱང་འདོད་ལ་ཁྱོད་ཀྱང་འདོད་པར་གྱུར་པ་དེ་ལྟར་འདུག་པ་ལ་སུ་ཞིག་བདག་ལ་འཕྲིགས་པར་འགྱུར། དེ་སྐད་ཅེས་སྨྲས་ཀྱང་རི་དགས་འཛིན་གྱི་བུ་མ་བཏུབ་བོ། །དེ་ནས་
དགེ་སློང་མ་སྦོམ་དགའ་མོས་འདི་སྙམ་དུ་ཅི་བདག་ལུས་ཞིག་ནས་འཆི་བར་བྱའམ། མ་ལ་བདག་གི་ཡན་ལག་དང་སྤྲད་པ་ཙམ་བདག་གིར་བྱའོ་སྙམ་བསམས་ཤིང་བརྟགས་ནས་རི་དགས་འཛིན་གྱི་བུ་ལ་འདི་སྐད་ཅེས་གལ་ཏེ་ཁྱིམ་བདག་གི་བུ་མི་འདོད་ན་ཡན་ལག་དང་ཡན་
Vol. 9 · folio 75b
ལག་ཙམ་རེག་པར་བྱའོ་ཞེས་སྨྲས་ནས་དེས་དེ་པང་དུ་བླངས་ཏེ་པུས་མོ་ཡན་ཅད་དང་མིག་མན་ཅད་སྤྲད་ཀུན་སྤྲད་པར་བྱས་པ་ལས་སྦྱོར་བ་དེ་ཡང་དགེ་སློང་མ་དགེ་སྐོས་མས་ཚོར་བར་གྱུར་ཏོ། །དགེ་སློང་མའི་དགེ་འདུན་མ་ཡང་མཉན་ཡོད་དུ་བསོད་སྙོམས་བྱས་ནས་ཟས་ཀྱི་བྱ་
བ་བྱས་ཏེ་ཟས་ཕྱི་མའི་བསོད་སྙོམས་སྤངས་ནས། སླར་ལོག་པ་ན་རི་དགས་འཛིན་གྱི་བུའི་གནས་གང་ཡིན་པ་དེར་སོང་ངོ་། །དེ་ནས་དགེ་སློང་མ་དགེ་སྐོས་མ་དེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་དག་རི་དགས་འཛིན་གྱི་བུ་འདིས་བདག་ཅག་ལ་ཆོས་ཀྱི་དོན་
དུ་གནས་དབེན་པ་རབ་ཏུ་བྱིན་སྙམ་ན་འདིས་ནི་མགོ་རེག་མོ་རྣམས་སླས་ཀྱི་བཙུན་མོ་ལྟ་བུར་བཞག་པར་བདག་གིས་འཕྲིགས་ཀྱིས། ཀྱེ་ཕུ་ནུ་མོ་དག་ཁྱེད་གང་ལ་ཚུལ་ཁྲིམས་དགོས་པ་དེ་དག་གཞན་དུ་དེང་ཤིག །དེ་དག་གིས་དེ་ལ་དྲིས་པ། དེ་ཇི་ཞིག །དེས་དགེ་སློང་
མ་རྣམས་ལ་སྐབས་དེ་རྒྱས་པར་སྨྲས་སོ། །དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉི་གའི་དགེ་འདུན་གྱིས་དོན་ཤེས་པ་དང་། ངས་བསླབ་
པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་
བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ནི་ཆུ་ལོན་གྱིས་ཟློག་པར་མཛད་པ་
ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་སྦོམ་དགའ་མོ་ལ་རྨས་པ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ་མི་མཛེས་པར་བྱས་པ་བདེན་
Vol. 9 · folio 76a
ནམ། བཅོམ་ལྡན་འདས་བགྱིས་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་མཐུན་པར་
བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་ཚར་གཅད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་
རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་
མཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བ་ལ་ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ། །
ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་པུས་མོ་ཡན་ཆད་མིག་མན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་དགེ་སློང་མ་དེ་ཕས་ཕམ་པར་གྱུར་
པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཆགས་པར་གྱུར་པས་ཞེས་བྱ་བ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་། ཀུན་ནས་དཀྲིས་པས་སོ། །སྐྱེས་པ་ཞེས་བྱ་བ་ནི་རི་དགས་འཛིན་གྱི་བུ་འམ། དེ་
Vol. 9 · folio 76b
ལས་གཞན་པ་གང་ཡང་རུང་བའོ། །ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན་ནས་དཀྲིས་པའོ། །མིག་མན་ཆད་པུས་མོ་ཡན་ཆད་ཅེས་བྱ་བ་ནི་དེའི་བར་དུའོ། །སྤྲད་ཀུན་དུ་སྤྲད་པ་ཞེས་བྱ་བ་ནི་གཏུགས་ཤིང་ཀུན་དུ་གཏུགས་པའོ། །བདག་
གིར་བྱེད་པ་ཞེས་བྱ་བ་ནི་ཀུན་ནས་ཉམས་སུ་མྱོང་བར་བྱེད་པའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ། །དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་
བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་དང་། དེ་ཡང་བསྙེན་པར་རྫོགས་པའི་ཚེ་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་
པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་བརྗོད་པ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་ཁས་ལེན་པ་གང་ཡིན་པ་འདི་ནི་བསྙེན་པར་རྫོགས་པ་ཞེས་བྱའོ། །དེ་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་
དགས་སོ། །ཕས་ཕམ་པར་གྱུར་པ་ཡིན་པས་ཞེས་བྱ་བ་ནི་དེ་ཐ་མ་དང་ལྟུང་བ་དང་། དམན་པ་དང་། ཐ་ཆད་དང་། བསྙིལ་བ་དང་། ཡིད་དང་མི་མཐུན་པའོ། །ཡང་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་།
དེའི་དགེ་སྦྱོང་གི་ཚུལ་ཞིག་པར་འགྱུར་ཞིང་ཉམས་པ། བཅོམ་པ། ལྟུང་བ། ཕམ་པ། རྒྱབ་ཀྱིས་ཕྱོགས་པར་བྱས་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླང་དུ་མེད་པར་བྱས་པ་ཡིན་ནོ། །འདི་ལྟ་སྟེ། ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང་ལ་འཕེལ་
ཞིང་རྒྱས་པ་དང་ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མ་གང་གིས་ལྟུང་བ་དེ་བྱས་ན་བྱས་མ་ཐག་ཏུ་ཞེས་བྱ་བ་སྔ་མ་བཞིན་ནོ། །གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་
Vol. 9 · folio 77a
བ་དང་། གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱང་བར་མི་བྱ་བའོ། །ཡང་དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།སྡོམ་ལ། ཆགས་པས་སྐྱེས་པ་ཆགས་པ་ཡི། །ལུས་
དང་མིག་ནི་མན་ཆད་དང་། །པུས་མོའི་གོང་ནི་ཡན་ཅད་ཀྱིས། །སྤྲད་ན་ཕས་ཕམ་འགྱུར་བ་ཡིན། །སྐྱེས་པ་ཆགས་པར་མ་གྱུར་པ། །དེ་ནི་སྦོམ་པོ་ཉིད་དུ་འགྱུར། །བྱིན་པ་དང་ནི་འཕྲལ་བ་རྣམས། །དེ་དག་ཉེས་བྱས་ཉིད་དུ་འགྱུར། །ཡང་དགེ་སློང་མ་གང་ཆགས་
པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་ཕས་ཕམ་པར་འགྱུར་རོ། །ཡང་དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག་མིག་མན་ཆད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་
མྱོང་བར་བྱེད་ན་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་དང་ལྷན་ཅིག་མིག་མན་ཅད་པུས་མོ་ཡན་ཆད་སྤྲད་ཀུན་དུ་སྤྲད་པ་ཉམས་སུ་མྱོང་བར་བྱེད་ན་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་འཕྲལ་
བ་ཡན་ཆད་བྱིན་པ་མན་ཆད་སྤྲད་ཀུན་དུ་སྤྲད་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ། །ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཅད་སྤྲད་ཀུན་དུ་སྤྲད་པ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཡང་དགེ་སློང་
མ་གང་ཆགས་པས་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྤྲད་ཀུན་དུ་སྤྲད་པ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཡང་དགེ་སློང་མ་གང་ཆགས་པ་མེད་པས་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག་འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྤྲད་ཀུན་དུ་
སྤྲད་པ་བདག་གིར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །ཕས་ཕམ་པར་གྱུར་པ་ལྔ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་
Vol. 9 · folio 77b
སྤོས་འཚོང་གི་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་བླངས་ནས་རིང་པོ་མ་ལོན་པར་དེ་ནས་དགེ་སློང་མ་
སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་གྱུར་ཏེ། དེ་སྤོས་འཚོང་གི་ཁྱེའུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་ཅི་ག་བག་མ་སར་པས་སེམས་མགུའམ། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གལ་ཏེ་མགུ་བར་གྱུར་ན་
ཡང་དོན་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། དེ་སྐད་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །ངས་ཀོ་ཁྱོད་དང་ལྷན་ཅིག་དགོས་པ་ཅུང་ཟད་ཅིག་བྱ་བར་ནུས་སྙམ་ན་ཅུང་ཟད་ཀྱང་
མི་བཟོད་ན་དེར་ཟད་དོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེས་དགེ་སློང་མ་འདི་ནི་སེམས་ཆགས་པར་གྱུར་ཏོ་སྙམ་དུ་བསམས་སོ། །དེ་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས་བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང་། འཕྱར་གཡེང་དང་། གཞོགས་སྟེགས་དང་།
རྩབ་ཧྲལ་དག་ཀྱང་བྱེད་དོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན་སྦོམ་དགའ་མོའི་དྲུང་དུ་འོངས་པ་དང་། དེས་དེ་གཡོགས་ཏེ་བཞག་གོ། །དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་དུ་སོང་སྟེ་རྐང་ལག་བཀྲུས་ནས་སློབ་མ་དང་ཉེ་གནས་རྣམས་ལ་བསྒོ་
བ་བྱས་ནས་སྤོས་འཚོང་གི་ཁྱེའུ་དེ་དང་དབེན་པར་སོང་སྟེ་འདུག་གོ། །རེ་ཞིག་ན་དེས་འཁྲིག་ཐབས་སུ་བཅུག་པ་དང་། དེའི་ཚེ་སྦོམ་དགའ་མོས་འདི་སྙམ་དུ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་དང་། བརྟུལ་
ཞུགས་དང་། ཚངས་པར་སྤྱོད་པ་ལ་གནས་པའི་དྲིན་ཡིན་ན། གལ་ཏེ་ད་བདག་གིས་རྣམ་པ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས་དགེ་སློང་མ་ཉམས་པར་བྱས་ན་སུ་ཞིག་བདག་ལ་འདྲི་བར་བྱེད་སྙམ་དུ་སེམས་བསྐྱེད་ཅིང་བསམས་ནས་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་
Vol. 9 · folio 78a
དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཐོང་ཐོང་། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི་ཟ་བར་འདི་ནི་མི་བདེ་བ་ཞིག་ཏུ་འདུག་གོ་སྙམ་དུ་བསམས་ནས་དེས་ཀྱང་བཏང་ངོ་། །དེ་ནས་སྦོམ་དགའ་མོས་རྒྱབ་བདེ་བར་བཞག་སྟེ་རྐང་པ་
གཡས་པ་བསྐུམ་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་གཅིག་བརྒྱབ་ནས་རྩིབ་མ་གཉིས་བཅག་གོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྐྱུག་བཞིན་དུ་བྲོས་ཏེ་སོང་ངོ་། །དེ་ནས་སྦོམ་དགའ་མོ་དབྱར་ཁང་གི་དབུས་སུ་འདུག་ནས་བདུད་བཅོམ་མོ། །བདུད་བཅོམ་མོ་
ཞེས་བོས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །ཅི་ཕུ་ནུ་མོ་ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། འབྲས་བུའི་མཆོག་དགྲ་
བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་ན་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། དེས་འདི་སྐད་ཅེས་སྨྲས་སོ། །ཅང་མ་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འོ་ན་ཁྱོད་ཀྱིས་བདུད་ཅི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་ཕལ་མོ་ཆེའི་
ནང་དུ་སྨྲས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རེམ་པ་ཞིག་དང་མ་ཕྲད་དུ་ཟད་ཀྱི་དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ། །དེ་ནས་དགེ་སློང་མ་མང་པོ་རྣམས་ཀྱིས་སྦོམ་དགའ་མོས་སྨྲས་ཀྱང་དགའ་བར་ཡང་མི་བྱེད། ཁྲོ་
བར་ཡང་མི་བྱེད་དོ། །དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང་སྟན་ལས་ལངས་ཏེ་དོང་ངོ་། །དེ་ནས་དགེ་སློང་མ་མང་པོས་སྐབས་དེ་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་
བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་ཞེས་བྱ་བ་ནས་སྐྱེ་བོ་མང་པོ་ལ་ཕན་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བའི་བར་དུ་སྔ་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་
Vol. 9 · folio 78b
བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡ་བྱེད་དམ། དུས་འདེབས་སམ། མཚན་མ་སྟོན་ཏམ། འཕྱར་གཡེང་དང་། གཞོགས་སྟེགས་དང་། རྩབ་ཧྲལ་བྱས་པས་སྐྱེས་པ་འོངས་པ་
བདག་གིར་བྱེད་ཅིང་། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ཏེ་གནས་བརྒྱད་པོ་འདི་དག་ཏུ་དགེ་སློང་མས་ལྟུང་བ་བྱས་ན་བྱས་མ་ཐག་ཏུ་དེ་དགེ་སློང་མར་མི་རུང་བ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་
ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཆགས་པར་གྱུར་པས་ཞེས་བྱ་བ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་། ཀུན་ནས་དཀྲིས་པས་སོ། །སྐྱེས་པ་ཞེས་བྱ་བ་ནི་སྤོས་འཚོང་གི་ཁྱེའུའམ། དེ་ལས་གཞན་པ་གང་ཡང་རུང་བའོ། །ཆགས་པ་ཞེས་བྱ་བ་ནི་
ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན་ནས་དཀྲིས་པའོ། །བརྡ་བྱེད་པ་ཞེས་བྱ་བ་ནི་གང་གི་ཚེ་བདག་དཔོང་སའམ། ལྷ་ཁང་ལ་སོགས་པ་ཆེ་གེ་མོ་ཞིག་ན་མཐོང་བ་ནའོ། །དུས་འདེབས་པ་ཞེས་བྱ་བ་ནི་སྔ་དྲོ་དང་། ཉི་མའི་གུང་དང་། ཕྱི་དྲོའི་གང་
ཡིན་པ་དེའི་ཚེ་ཤོག་ཤིག་ཅེས་ཟེར་བའོ། །མཚན་མ་སྟོན་ཏམ་ཞེས་བྱ་བ་ནི་གང་གི་ཚེ་བདག་སྐྲ་བྲེགས་ནས་རིང་པོ་མ་ལོན་ཞིང་སྣམ་སྦྱར་དམར་སེར་གྱོན་པར་མཐོང་བ་དེའི་ཚེ་ནའོ། །འཕྱར་གཡེང་དང་ཞེས་བྱ་བ་ནི་ཕྱས་འདོགས་པའོ། །གཞོགས་སྟེགས་ཞེས་བྱ་
བ་ནི་ཀུན་དུ་རྩེ་བའོ། །རྩ་བ་ཧྲལ་ཞེས་བྱ་བ་ནི་ཀུན་དུ་ཅ་ཅོ་འདོན་པའོ། །སྐྱེས་པ་འོངས་པ་བདག་གིར་བྱེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བར་བྱེད་པའོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ཞེས་བྱ་བ་ནི་དབང་དུ་འགྱུར་
བའོ། །ལུས་བཀན་ཏེ་ཞེས་བྱ་བ་ནི་ཁོག་པའོ། །གནས་བརྒྱད་པོ་འདི་དག་ཏུ་ཞེས་བྱ་བ་ནི་བསྟེན་པ་གང་ཡིན་པ་དེ་དག་ཏུའོ། །དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ། །དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ། །བསྙེན་
Vol. 9 · folio 79a
པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི་ཁས་ལེན་པ་ཉིད་དང་། ཉེ་བར་
ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་ཞེས་བྱ་བ་སྔ་མ་བཞིན་ནོ། །ལྟུང་བ་བྱས་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ། །བྱས་མ་ཐག་ཏུ་ཞེས་བྱ་བ་ནི་དེའི་མོད་ཉིད་ལའོ། །དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་དུ་བསྟན་པའི་ཚིག་བླ་དགས་སོ་ཞེས་བྱ་བ་
ནས། དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡ་བྱེད་ན་ལྟུང་བ་སྦོམ་པོར་འགྱུར་རོ། །དུས་འདེབས་ནའང་སྦོམ་པོར་འགྱུར་རོ། །
མཚན་མ་སྟོན་ན་སྦོམ་པོར་འགྱུར་རོ། །འཕྱར་གཡེང་བྱེད་ན་སྦོམ་པོར་འགྱུར་རོ། །གཞོགས་སྟེགས་བྱེད་ན་སྦོམ་པོར་འགྱུར་རོ། །རྩབ་ཧྲལ་བྱེད་ན་སྦོམ་པོར་འགྱུར་རོ། །སྐྱེས་པ་འོངས་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་
བྱར་མི་རུང་བ་སླར་ཟློག་ཏུ་རུང་བའི་གནས་སུ་ལུས་བཀན་ན་སྦོམ་པོར་འགྱུར་རོ། །གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ན་ཕས་ཕམ་པའི་ལྟུང་བར་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ། །དགེ་
སློང་མའི་རྣམ་པར་འབྱེད་པ་ལས། ཕས་ཕམ་པར་གྱུར་པ་དྲུག་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གི་དམ་བཅས་པ་ལས་ཉམས་པར་
གྱུར་པ་དེའི་ཚེ་དེ་ཉམས་པས་ཕུ་ནུ་མོ་མཛའ་ཅན་མ་ངུས་པར་གྱུར་ཏོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་སྨྲས་པ། མཛའ་ཅན་མ་ཅི་བཅོམ་ལྡན་འདས་ཀྱིས་ཚོགས་པའི་མཐའ་འབྲལ་བར་འགྱུར་བའོ། །ཞེས་མ་གསུངས་སམ་ཅི་ན་ངུ་བར་བྱེད། དེས་འདི་སྐད་ཅེས་སྨྲས་སོ། །
Vol. 9 · folio 79b
བདག་མཛའ་མོ་འདི་ཆོས་འདུལ་བ་འདི་ལས་ཉམས་པ་དེའི་ཕྱིར་ནི་མི་ངུ་མོད་ཀྱི། འོན་ཀྱང་གང་གི་ཕྱིར་སྔོན་ཅད་ཀྱང་དེ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱེད་པ་དེའི་ཕྱིར་ངུའོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ཁྱོད་ཀྱིས་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ། །བདག་
གིས་ཤེས་སོ། །ཅིའི་ཕྱིར་ཁྱོད་ཀྱིས་ངེད་ཅག་ལ་སྔར་མ་སྨྲས། དེས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་སྡུག་པའི་ཕྱིར་མོད། དེ་ནས་དགེ་སློང་མ་མང་པོས་དགེ་སློང་མ་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ་ཞེས་
བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ་མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ།
བཅོམ་ལྡན་འདས་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །རྣམ་གྲངས་དུ་མས་རྣམ་པར་སྨད་ནས།
དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ངས་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས་ཉན་ཐོས་མའི་འདུལ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ་ཞེས་བྱ་བ་ནས། བསླབ་པ་བཅས་པ་རྒྱས་པར་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་དགེ་སློང་མའི་ལྟུང་བ་
ཤེས་བཞིན་དུ་འཆབ་པར་བྱེད་ཅིང་གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ། ཉམས་སམ། འཁྱམས་སམ། འཕོས་པར་གྱུར་པ་དེའི་ཚེ་དགེ་སློང་མ་དེས་འདི་སྐད་ཅེས་དགེ་སློང་མ་དེ་ལ་ལྟུང་བ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ་ཞེས་དེ་སྐད་ཟེར་ན་དགེ་སློང་མ་དེ་
ཡང་ཁ་ན་མ་ཐོ་བ་དང་བཅབས་པས་ཕས་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མའམ། དེ་ལྟ་བུ་དང་མཐུན་པ་དག་གོ། །དགེ་སློང་མ་ཞེས་བྱ་བ་ནི་མཛའ་མོའོ། །ལྟུང་བ་ཞེས་བྱ་བ་ནི་བརྒྱད་པོ་དག་ལས་གང་
Vol. 9 · folio 80a
ཡང་རུང་བའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མཐོང་བའམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ། །བཅབས་ན་ཞེས་བྱ་བ་ནི་འཁྱུད་ནས་སོ། །གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ་ཞེས་བྱ་བ་ནི་དེའི་སྲོག་གི་དབང་པོ་
འགགས་པར་གྱུར་པའོ། །ཉམས་སམ་ཞེས་བྱ་བ་ནི་བསླབ་པ་ཕུལ་བའོ། །འཁྱམས་སམ་ཞེས་བྱ་བ་ནི་ཡུལ་བཏང་བར་གྱུར་ནའོ། །འཕོས་པར་གྱུར་ཅེས་བྱ་བ་ནི་གཞན་མུ་སྟེགས་ཅན་གྱི་གནས་ལ་རྟེན་པའོ། །དེའི་ཚེ་དགེ་སློང་མ་དེ་ཞེས་བྱ་བ་ནི་མཛའ་ཅན་
མའོ། །དགེ་སློང་མ་འདི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ། །འདི་ལ་ལྟུང་བ་འདི་ལྟ་བུ་དང་འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ། །ཞེས་བྱ་བ་ནི་བརྒྱད་པོ་དག་ལས་གང་ཡང་རུང་བདག་གོ། །དེ་སྐད་ཟེར་ན་ཞེས་བྱ་བ་ནི་སྨྲས་ནའོ། །དགེ་སློང་མ་ཞེས་བྱ་བ་
ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་དེའོ། །དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གཞན་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ། །དེ་ཞེས་བྱ་བ་ནི་བསྟན་པ་དང་། ཉེ་བར་བསྟན་པའི་ཚིག་བླ་དགས་སོ། །དགེ་
སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མའི་ཁ་ན་མ་ཐོ་བ་ཤེས་བཞིན་དུ་བཅབས་ན་ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་
ཕས་ཕམ་པར་གྱུར་པ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་དགེ་སློང་གྲེ་སྐྱེས་ཞེས་བྱ་བ་ཞིག་གནས་པ་འཐབ་མོ་བྱེད་པ།
མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ་དེས་དགེ་འདུན་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་སོ། །དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་པར་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཐོས་སོ། །ཐོས་
Vol. 9 · folio 80b
ནས་ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་དགེ་སློང་འགའ་ཞིག་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་ན་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་བར་གྱུར་ན་ཕྱག་མི་བྱ་བར་སྟན་ལས་ལྡང་བར་བྱའོ། །བཙུན་པ་དགེ་སློང་གྲེ་སྐྱེས་འདི་འཐབ་མོ་
བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་རྣམས་ཀྱིས་དེ་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་
ན་དེ་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་
མལ་བཤམས་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ནས། དགེ་འདུན་མ་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་མ་ཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འདི་ལྟར་བྱ་སྟེ། འཕགས་མའི་དགེ་
འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་
པར་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་ཀྱིས། གལ་ཏེ་དགེ་སློང་མའི་དགེ་འདུན་མའི་དུས་ལ་བབ་ཅིང་བཟོད་ན་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་གྲེ་སྐྱེས་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་
Vol. 9 · folio 81a
པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ནས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གང་ལགས་པ་
བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་
ཀྲོལ་བགྱིད་པ་དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ནས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་པ་ལ། དགེ་སློང་མའི་དགེ་འདུན་མས་དགེ་སློང་གྲེ་སྐྱེས་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ།
འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱི་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་ལ་ཕྱག་བགྱི་བའི་འོས་མ་ཡིན་པའི་སྡོམ་པ་དེ་
བསྒོ་བ་མཛད་དོ། །དགེ་སློང་མ་གང་དག་དགེ་སློང་གྲེ་སྐྱེས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྩལ་བ་ལ་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་མ་རྣམས་ཀྱིས་བཟོད་ཅིང་གནང་སྟེ་འདི་
ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་གི་ཚེ་དགེ་འདུན་རྣམས་ཀྱིས་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་ཤིང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ་དེའི་ཚེ་དགེ་སློང་གྲེ་སྐྱེས་
ཀྱིས་འདི་སྙམ་དུ་བདག་གིས་ཉེས་པ་བྱས་པས་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལ་བདག་གིས་ཉེས་པ་ཅི་ཞིག་བྱས་ནས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ་འདི་ལྟར་བདག་གིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་
Vol. 9 · folio 81b
ཏ་མཱི་གང་ན་བ་དེར་སོང་སྟེ་ཕྱིན་ནས་དོན་འདི་དྲི་བར་བྱའོ་སྙམ་དུ་བསམས་ཏེ། དགེ་སློང་གྲེ་སྐྱེས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །སྲིང་མོ་རེ་ཞིག་བདག་གིས་ཉེས་པ་བྱས་པས་དེའི་
ཕྱིར་དགེ་སློང་གི་དགེ་འདུན་གྱིས་ནི་བདག་གནས་ནས་དབྱུང་གྲང་ན་དགེ་སློང་མའི་དགེ་འདུན་ལ་ཀོ་བདག་གིས་ཉེས་པ་ཅི་ཞིག་བྱས་ན། གང་གི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་བྱས། དེ་ལྟ་མོད་ཀྱི་ཁ་ཅིག་དགེ་སློང་མ་ལ་ཁ་ཟེར་བ་ཡོད་པ་དེ་ལ་བདག་གིས་
ཁྲོས་འཁྲུགས་རྔམ་པར་བྱས་ཏེ་ཞུམ་ཞུམ་པོར་གཞུག་པར་བྱ། ཁྲོ་བ་བསྐྱེད་པར་བྱའོ། །དེ་ལྟར་བདག་གིས་དགེ་སློང་མ་ཁྱེད་ཅག་གི་ཕྱོགས་བྱས་ན་ཁྱེད་ཅག་ཅིའི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བར་བྱེད། དེ་སྐད་ཅེས་སྨྲས་པ་དང་། སྐྱེ་དགུའི་བདག་
མོ་ཆེན་མོ་གཽ་ཏ་མཱིས་དགེ་སློང་གྲེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་གྲེ་སྐྱེས་ཁྱོད་དགེ་སློང་མའི་ཕྱོགས་སུ་གནོད་པ་བྱེད་དུ་ལྟ་ཡོང་ཡང་སུས་བཅུག །དེའི་སྟེང་དུ་དགེ་སློང་གི་དགེ་འདུན་གྱིས་ཁྱོད་གནས་ནས་དབྱུང་བའི་ལས་བྱས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་
མ་རྣམས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྒོ་ཤིག་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་བདག་ཅག་གིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོའོ། །གཞན་ཡང་གྲེ་སྐྱེས་གསོན་ཅིག །རེ་ཞིག་ཁྱོད་ཤཱཀྱའི་བུ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ། སྡེ་སྣོད་
གསུམ་དང་ལྡན་པ། ཆོས་སྨྲ་བར་བྱེད་པ་འདི་ལྟར་ཡང་ཁྱོད་ནི་མང་དུ་ཐོས་པ་ཡིན་ན་དགེ་འདུན་ལ་བཟོད་པ་མི་གསོལ་བར་ཕྱི་ལང་བྱེད་དམ། དེ་ནས་དགེ་སློང་གྲེ་སྐྱེས་ཀྱིས་འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ་འདིས་ནི་ཕན་པར་སྨྲས་ཀྱི་མི་ཕན་པ་མ་ཡིན་པའི་སྟེང་
དུ་མི་གང་ཞིག་སའི་སྟེང་དུ་འགྱེལ་ན་དེས་ས་དེ་ཉིད་ལས་བརྟེན་ནས་ལྡང་བ་བཞིན་དུ། བདག་གིས་ཀྱང་དགེ་འདུན་ལ་ཉེས་པ་བྱས་པས་དེ་ཉིད་དུ་སོང་ལ་དགེ་འདུན་ལ་སྤུ་བསྙལ་བར་བྱའོ། །མཐུན་པར་བྱེད་པ་བསྟན་པར་བྱའོ། །མཚམས་ཀྱི་ནང་དུ་འདུག་སྟེ་
Vol. 9 · folio 82a
བཟོད་པ་གསོལ་བར་བྱའོ་སྙམ་དུ་བསམས་སོ། །ཡང་གྲེ་སྐྱེས་འདི་སྙམ་དུ་མ་ལ་བདག་སྲིང་མོ་དག་གང་ན་བར་སོང་ལ་ཕྱིན་ནས་སྲིང་མོ་དག་ལ་ཡང་དྲིའོ་སྙམ་དུ་བསམས་ནས། གྲེ་སྐྱེས་བཅུ་གཉིས་སྡེ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྐབས་དེ་དག་རྒྱས་
པར་སྨྲས་སོ། །རེ་ཞིག་ན་བཅུ་གཉིས་སྡེ་དག་གིས་གྲེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་གྲེ་སྐྱེས་ཁྱོད་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱུང་བ་རྣམས་ཀྱི་དྲུང་དུ་སྤུ་སྙོལ་བར་མ་བྱེད་ཅིག །མཐུན་པར་བྱེད་པར་མ་
སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། བདག་ཅག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། ནད་གསོས་ཀྱི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་།
ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བགྱིའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་
ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་བཞམས་ཏེ་བསྒོ་བར་བྱའོ། །འདི་ལྟར་
བསྒོ་བར་བྱ་སྟེ། དགེ་སློང་མ་ཁྱེད་ཅག་དགེ་སློང་གང་ཞིག་དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་ལ། དགེ་སློང་དེ་ཡང་སྐྲ་འགྲེང་བར་གྱུར། སྤུ་
ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་འདོད། འབྱུང་བར་སྐྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད་འདོད། མཚམས་ཀྱིས་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་འདོད་ལ། དེའི་ཕྱིར་འཐབ་མོ་དང་མཚང་འདྲུ་བ་སྤོང་བར་འདོད་པར་ཤེས་
Vol. 9 · folio 82b
བཞིན་དུ་ཁྱེད་ཅག་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་
ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་
རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བགྱིའོ་ཞེས་མ་ཟེར་ཅིག་ཅེས་བྱའོ། །དེ་སྐད་ཅེས་བསྒོ་བ་དང་། དེ་དག་དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་
རུང་དགེ་སློང་འདི་ལ་ཅུང་ཟད་ཀྱང་མ་ཟེར་ཅིག་ཅེས་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་ཏན་གྱི་མཆོག་ཏུ་བཟུང་སྟེ་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་
ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་སྐབས་དེ་རྒྱས་པར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ།
དགེ་སློང་མ་དག་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་
འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་
Vol. 9 · folio 83a
གནས་པར་གྱུར་པ་དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་
སྙོལ་བར་བགྱིད། འབྱུང་བར་སྐྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིས། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །
འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་
བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་
བསྙེན་བཀུར་བྱའོ་ཞེས་སྨྲས་པའི་དགེ་སློང་མ་དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཞིང་། དགེ་སློང་མ་མང་པོས་དེ་ལ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་
པར་བགྱིད་ན། གལ་ཏེ་དགེ་འདུན་མ་རྣམས་ཀྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ། །ཕུ་ནུ་མོ་ཁྱེད་ཅག་དགེ་སློང་འཐབ་མོ་
བྱེད་པ། མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་
Vol. 9 · folio 83b
ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྐྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་འདོད་
པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་ལྷུང་
བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་
རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བར་བྱེད་པའི་གཞི་འདི་ལྟ་བུ་ཕུ་ནུ་མོ་དག་གཏོང་དུ་སྩལ་ཏོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་
དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་
པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱོད་པར་
བགྱིད། མཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ། བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words