དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ
Sanskrit title (Tibetan script, as in the text) བྷི་ཀྵུ་ཎཱི་བི་ན་ཡ་བི་བྷངྒ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 9 · folio 84a
ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་
སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་
སློང་མ་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་སློང་མ་
བཅུ་གཉིས་སྡེ་རྣམས་ལ་ཕུ་ནུ་མོ་ཁྱེད་ཅག་དགེ་སློང་གང་འཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ་དགེ་སློང་རྣམས་ཀྱིས་གནས་
ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྐྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་
ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པར་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་
བར་མ་བྱེད་ཅིག །བདག་ཅག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་
Vol. 9 · folio 84b
དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་ཟེར་བ་དེ་ལ་བསྒོ་བར་མཛད་དོ། །བཅུ་གཉིས་སྡེ་འདི་དག་ལས་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་དང་པོ་བརྗོད་པའོ། །གཉིས་པ་ལ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་
ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་
རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱོད་པར་བགྱིད། མཐུན་པར་
བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་ཅིག །མཚམས་ཀྱི་
ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་།
མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ་སློང་མ་དེ་དག་ལ་དགེ་
Vol. 9 · folio 85a
སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་མང་པོས་དེ་དག་གཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་
འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །ཚེ་དང་ལྡན་པ་གང་དག་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་
མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་གཉིས་པའོ། །གསུམ་པ་ལ་ཡང་ལས་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ། མཚང་འདྲུ་
བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིད་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་
བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བ་འཚལ། འབྱུང་བར་སྐྱོད་པར་བགྱིད། མཐུན་པར་བགྱིད་པ་སྟོན་པར་འཚལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་འཚལ་
བཞིན་དུ་དེའི་གན་དུ་སོང་སྟེ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་།
ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་
Vol. 9 · folio 85b
བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ། །ཞེས་སྨྲ་བའི་དགེ་སློང་མ་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ་དགེ་སློང་མ་མང་པོས་དེ་དག་ལ་བཞམས་ཏེ་བསྒོ་ཡང་གཞི་
དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །ཚེ་དང་ལྡན་པ་གང་
དག་དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་
ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་རྨོངས་པའོ་
ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མ་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་
གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་དགེ་སློང་གང་ཞིག་
དགེ་འདུན་མཐུན་པས་གནས་ནས་དབྱུང་བའི་ལས་བྱས་པ་དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བའི་དགེ་སློང་དེ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྐྱོད་པར་
Vol. 9 · folio 86a
བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་
མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་བཏང་ཞིག །བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་
བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་
བསྙེན་བཀུར་བྱའོ་ཞེས་སྨྲ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་དགེ་སློང་གི་དགེ་འདུན་མཐུན་པ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ་དགེ་སློང་མའི་དགེ་འདུན་མས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བའི་དགེ་
སློང་དེ་སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྐྱོད་པར་བྱེད། མཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས་འཕགས་པ་ཁྱོད་
དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག །འབྱུང་བར་མ་སྐྱོད་ཅིག །མཐུན་པར་བྱེད་པ་མ་སྟོན་ཅིག །མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག །དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་བཏང་ཞིག །བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་
གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་
Vol. 9 · folio 86b
འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་བ་ན། ཕུ་ནུ་མོ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པ་དང་། མི་མཐུན་པར་བྱ་བའི་ཕྱིར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་བསྒོ་བར་བྱའོ། །གལ་ཏེ་དགེ་
སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་འདི་སྐད་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་གཏོང་བར་མི་བྱེད་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་
གསུམ་གྱི་བར་དུ་ཡང་དག་པར་བསྒོ། །ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། གལ་ཏེ་གཏོང་བར་མི་བྱེད་ན་དགེ་སློང་མ་དེ་ཡང་གནས་ནས་ཕྱུང་བའི་རྗེས་སུ་འཇུག་པའི་ཕྱིར་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ། །ཡང་དགེ་
སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ། །དགེ་སློང་གང་ཞིག་ཅེས་བྱ་བ་ནི་འཐབ་མོ་བྱེད་པ། མི་བདེ་བར་བྱེད་པ་གྲེ་སྐྱེས་སོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ། །གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི་
གསོལ་བ་དང་བཞིའི་ལས་ཀྱིས་སོ། །དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའོ། །ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་ཞེས་བྱ་བ་ནི་གསོལ་བ་དང་ལས་གཉིས་ཀྱིས་སོ། །དགེ་སློང་དེ་ཞེས་བྱ་བ་ནི་གྲེ་སྐྱེས་
སོ། །སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད་ཅེས་བྱ་བ་ནས། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མཐོང་བའམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ། །དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་བཏང་ཞིག་
ཅེས་བྱ་བ་ནི་ཞི་བར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །སྨྲས་ན་ཞེས་བྱ་བ་ནི་ཟེར་ནའོ། །འཕགས་པ་ཁྱོད་ཅེས་བྱ་བ་ནི་སྐྲ་འགྲེང་བ་སྤུ་ལངས་པ་གྲེ་སྐྱེས་སོ། །དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག་ཅེས་བྱ་བ་ནས་འཐབ་མོ་བྱེད་པ་མ་བཏང་ཞིག་ཅེས་བྱ་བའི་བར་ནི་དགེ་འདུན་
Vol. 9 · folio 87a
ལ་བཟོད་པ་མ་གསོལ་ཅིག་ཅེས་བྱ་བའི་དོན་ཏོ། །བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་ཞེས་བྱ་བ་ལ་སོགས་པ་བསྙེན་བཀུར་བགྱིའོ་ཞེས་བྱ་བའི་བར་ནས། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ། །དགེ་སློང་མ་རྣམས་ཀྱིས་
ཞེས་བྱ་བ་ནི་ཆོས་འདི་པའི་དགེ་སློང་མ་རྣམས་ཀྱིས་སོ། །དེ་སྐད་བསྒོ་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར་བྱ་སྟེ། བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ། །གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་འདི་སྐད་བསྒོ་བ་ན་གཞི་དེ་གཏོང་
བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་བཟང་བའོ། །གལ་ཏེ་གཏོང་བར་མི་བྱེད་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་བསྒོ་བ་
བཞིན་དུའོ། །ཡང་དག་པར་བསྒོ་བ་ན་ཞེས་བྱ་བ་ནི་ཡང་དག་པར་བསྟན་པ་ནའོ། །དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་འཐབ་མོ་བྱེད་པ་ཞེས་བྱ་བ་ནས་འཐབ་ཀྲོལ་བྱེད་པ། དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་
སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་ཞེས་བྱ་བའི་བར་དང་། ཤེས་བཞིན་དུ་འདི་སྐད་ཅེས་བདག་གིས་ཁྱོད་ལ་ལྷུང་བཟེད་ཀྱིས་བསྙེན་བཀུར་བགྱིའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་གོས་ཀྱིས་ཀྱང་ཉེས་བྱས་སུ་འགྱུར་རོ། །དྲ་
བས་ཀྱང་ཉེས་བྱས་སུ་འགྱུར་རོ། །ཕོར་བུས་ཀྱང་ཉེས་བྱས་སུ་འགྱུར་རོ། །སྐ་རགས་ཀྱིས་ཀྱང་ཉེས་བྱས་སུ་འགྱུར་རོ། །ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བྱའོ་ཞེས་བྱ་བ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་
ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་དང་པོའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་པ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་གཉིས་པའི་ཚིག་བརྗོད་
Vol. 9 · folio 87b
པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་གསུམ་པའི་ཚིག་བརྗོད་པར་ཡང་མ་རྫོགས་ལ་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་
པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ན་ལྟུང་བ་མེད་དོ། །ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་
ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན་དགེ་སློང་མ་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་གྱུར་པ་ཡིན་ནོ། །ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཕས་
ཕམ་པར་གྱུར་པ་བརྒྱད་པ་རྫོགས་སྷོ།། །།ཕམ་པའི་སྐབས་སུ་དགེ་སློང་མ་བཅུ་གཉིས་པོ་དག་བསྐོ་བར་མི་བྱའོ་ཞེས་གསུངས་པ་དེ་ལ་གལ་ཏེ་འགའ་ཞིག་བཅུ་གཉིས་པོ་གང་ཡིན་ཞེས་འདྲི་བར་བྱེད་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གནས་ཁང་བསྐོ་
བ་དང་། ཁ་ཟས་བསྐོ་བ་དང་། ཐུག་པ་འབྲིམ་པ་དང་། སོ་ཤིང་འབྲིམ་པ་དང་། ཕྲན་ཚེགས་འབྲིམ་པ་དང་སྣོད་སྤྱད་འབྲུབ་པ་དང་། འགེད་པ་དང་། གོས་འགེད་པ་དང་། དབྱར་གྱི་རས་ཡུག་ཆེན་འབྲུབ་པ་དང་། དབྱར་གྱི་རས་ཆེན་འགེད་པ་དང་། མངག་
གཞུག་པ་དང་། མཛེས་འཆོས་རྣམས་སོ།། །།སྡོམ་ལ། སྨྱན་བྱེད་པ་དང་གཞི་མེད་དང་། །གསུམ་པ་བག་ཙམ་ཆ་ལས་ལེན། །བཞི་པ་ཅི་ཡང་རུང་བར་བྱ། །ལྔ་པ་ཆགས་པ་མེད་པ་སྟེ། །ཉིན་མོ་མཚན་མོ་ལམ་འགྲོ་དང་། །ཆུ་ཀླུང་ཕ་རོལ་བསྐོས་པའོ། །
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ཞེས་བྱ་བ་མཉན་ཡོད་ཀྱི་བྲམ་ཟེ་དང་། ཁྱིམ་བདག་རྣམས་དང་གཏམ་འདྲེ་བ། ཕེབས་པར་སྨྲ་བ། སྨོས་
Vol. 9 · folio 88a
འདྲིན་འགྲོགས་བཤེས། ཡིད་གཅུགས་པ། ཁྱིམ་དུ་འཇུག་པར་བྱེད་པ་ཡིན་པས་གང་ཡང་རུང་བ་དག་ལ་བུ་མོ་སྦྱིན་པར་བྱེད་པ་དེ་དག་ཀྱང་རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས་ནག་པོ་མ་ལ་ཁྱེའུ་དེ་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་
ཕོད་པ་དང་། བུ་མོ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ་དང་། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་ནམ་ཞེས་འདྲི་བར་བྱེད་དོ། །གལ་ཏེ་དེས་འདི་སྐད་ཅེས་ཀྱེ་ཁྱེའུ་དེ་ནི་སྙིང་ནས་མཁས་པ། ལེ་ལོ་མེད་པ། སྒྲུབ་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་།
བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་ནོ་ཞེས་བསྟན་པར་གྱུར་ན། དེ་དེ་དག་ལ་སྦྱིན་པར་བྱེད་དོ། །གལ་ཏེ་འདི་སྐད་ཅེས་ཀྱེ་ཁྱེའུ་དེ་ནི་སྙིང་ནས་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་
མང་པོ་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པར་གྱུར་ན་དེ་དེ་དག་ལ་སྦྱིན་པར་མི་བྱེད་དོ། །དེ་བཞིན་དུ་བུ་མོ་སློང་བར་བྱེད་པ་དེ་དག་ཀྱང་རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས་མ་ལ་བུ་མོ་དེ་མཁས་པ་དང་། སྒྲུབ་ཕོད་པ་དང་།
བུ་མོ་དེ་བག་ཡོད་པས་ཁྱིམ་ན་གནས་པར་ནུས་སམ་ཞེས་འདྲི་བར་བྱེད་དོ་ཞེས་བྱ་བ་ནས་ལྷག་མ་རྣམས་ཀྱང་ཁྱེའུ་ལ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །གང་ཡང་རུང་བདག་གིས་བུ་མོ་སྦྱིན་ལེགས་པར་གྱུར་པ་ན་དེ་དག་འདི་སྐད་ཅེས་བདག་ཅག་གིས་རི་དགས་འཛིན་གྱི་བུ་
ནག་པོ་ལ་དྲིས་ནས་བུ་མོ་བྱིན་པའི་ཁྱེའུ་དེ་ཡང་མཁས་པ། ལེ་ལོ་མེད་པ་སྒྲུབ་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་པས། གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་གཏམ་འདྲེ་བ།
ཕེབས་པར་སྨྲ་བ་ཞེས་བྱ་བ་ནས། ཁྱིམ་དུ་འཇུག་པར་བྱེད་པ་ཡོད་པ་དེ་དག་ལ་ཡང་འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་རྗོད་པར་བྱེད་དོ། །དེ་བཞིན་དུ་གང་ཡང་རུང་བ་དག་གིས་བུ་མོ་སྦྱིན་ཉེས་པར་གྱུར་པ་ན་དེ་དག་འདི་སྐད་ཅེས་བདག་ཅག་གིས་རི་དགས་འཛིན་གྱི་བུ་
Vol. 9 · folio 88b
ནག་པོ་ལ་དྲི་ནས་བུ་མོ་བྱིན་ན་ཁྱེའུ་དེ་ཡང་མི་མཁས་པ། ལེ་ལོ་ཅན། སྒྲུབ་མི་ཕོད་པ། བུ་མོ་དེ་ལ་བཟའ་བ་དང་བགོ་བ་མང་པོ་དག་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་པས་གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་གཏམ་འདྲེ་བ་ཞེས་བྱ་བ་
ནས། ཁྱིམ་དུ་འཇུག་པར་བྱེད་པ་ཡོད་པ་དེ་དག་ལ་ཡང་འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །ཁྱེའུ་ལ་ཇི་ལྟ་བ་དེ་བཞིན་དུ་བུ་མོ་ལ་ཡང་སྦྱར་བར་བྱའོ། །དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ལ་དུས་གཅིག་ཏུ་བསྔགས་པ་དང་། བསྔགས་པ་མ་
ཡིན་པ་བྱུང་བར་གྱུར་ཏོ། །དེ་ན་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་རི་དགས་འཛིན་གྱི་བུ་ནག་པོ་ལས་ཚིག་བླངས་ཏེ་སྨྱན་བྱེད་ཅིང་འཇུག་པ་མ་ཡིན་པའི་ཁྱིམ་དུ་འཇུག་པར་བྱེད་པ་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་
སློང་རྣམས་ཀྱིས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མའི་དགེ་འདུན་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་
ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་
མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ནི་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་
བཅོམ་ལྡན་འདས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་དག་ལ་རྨས་པ། དགེ་སློང་མ་ཁྱེད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པ་དེ་ལྟ་བུ་བྱས་པ་བདེན་ནམ། བཅོམ་ལྡན་འདས་བགྱིས་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཅུ་གཉིས་སྡེ་ལ་དགེ་སྦྱོང་
Vol. 9 · folio 89a
གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་པ་མཛད་ནས་དགེ་སློང་མའི་དགེ་འདུན་ལ་བཀའ་
སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ངས་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་ཞེས་བྱ་བ་ནས། ཡང་དག་པར་གཟིགས་ནས་འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ་ཞེས་བྱ་བ་བསླབ་པ་བཅས་པའི་བར་དུ་
བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ། མཛའ་ན་མོ་ཉིད་དུ་སྨྱན་བྱེད་ན། ཐ་ན་ཐང་འགའ་ཕྲད་པ་ཡང་རུང་སྟེ་ཆོས་ཉིད་འདི་ནི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་
དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་བཅུ་གཉིས་སྡེའོ། །བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་བྱ་བ་ནི་བུད་མེད་ཀྱི་ཚིག་སྐྱེས་པ་ལ་བརྗོད་ནས་སམ། སྐྱེས་པའི་ཚིག་བུད་
མེད་ལ་བརྗོད་ནས་སོ། །ཆུང་མ་ཉིད་ཅེས་བྱ་བ་ནི་ཆུང་མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་། དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཚོས་པ་དང་། ཁ་དུམ་པ་དང་། བདུན་པ་ནི་ཐང་འགའ་
ཕྲད་པའོ། །དེ་ལ་ཆུ་ཚིགས་ཀྱིས་བྱིན་པ་གང་ཞེ་ན། བུད་མེད་དམ། གཞོན་ནུ་མ་གང་ཕ་མ་དག་གིས་སྐྱེས་པ་ལ་འདི་ནི་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བྱོས་ཤིག་ཅེས་སྐྱོར་ཆུས་བྱིན་ཞིང་། དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས། དེས་དེ་འདི་ལ་
གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། ཤིན་ཏུ་བསྲུངས་པ། སྦས་པ། ཤིན་ཏུ་སྦས་པ་དེ་ནི་ཆུ་ཚིགས་ཀྱིས་བྱིན་པ་ཞེས་བྱའོ། །རིན་ཆས་ཉོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ། གཞོན་ནུ་མ་གང་སྐྱེས་པས་འདི་ནི་བདག་
Vol. 9 · folio 89b
གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕ་མ་དག་ལས་རིན་ཆ་མང་ཡང་རུང་ཉུང་ཡང་རུང་བས་ཉོས་ཤིང་སྐྱེ་དགུའི་བདག་མོར་གྱུར་ནས་དེས་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ། ཤིན་ཏུ་བསྲུངས་པ། སྦས་པ། ཤིན་
ཏུ་སྦས་པ། དེ་ནི་རིན་ཆས་ཉོས་པའི་ཆུང་མ་ཞེས་བྱའོ། །བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། རྒྱལ་པོས་དཔུང་གི་ཚོགས་ཡན་ལག་བཞི་པོ་གླང་པོ་ཆེ་པའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་
གོ་བསྐོན་ཏེ། མ་ཕེབས་པ་ནི་ཕབ། ཕེབས་པ་ནི་ཆོམ་དུ་ཕབ་ནས་སེ་མནངས་སུ་དབང་བར་བསྒོ་བ་དེའི་ཚེ། མིས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་བུད་མེད་དམ། གཞོན་ནུ་མ་གང་ཡིན་པ་དེ་བདག་གི་ཆུང་མའམ། སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིང་ཞེས་
བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་གང་ཡིན་པ་ནི་བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ། །གཞན་ཡང་བཙན་ཕྲོགས་སུ་ཐོབ་པ་ནི་འདི་ལྟ་སྟེ། ཆོམ་རྐུན་པ་གྲོང་ཁྱེར་འཇོམས་པ་དང་། གྲོང་འཇོམས་པ་དང་། ལྗོངས་
འཇོམས་པ་དེ་དག་གིས་རང་གི་སྲོག་དང་བསྡོས་ནས་གྲོང་ཁྱེར་གཞོམ་པར་བྱས། གྲོང་དང་ལྗོངས་གཞོམ་པར་བྱས་ནས་བུད་མེད་དམ། གཞོན་ནུ་མ་གང་ཡིན་པ་འདི་དག་གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་ཕྲོགས་ཤིག་ཅེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་
པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ཡང་བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ། །དང་སམ་དུ་འདུས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་རང་གི་དད་པ་དང་། གཅུགས་པ་དང་། དགའ་བ་སྐྱེས་པའི་གན་དུ་སོང་སྟེ་འདི་སྐད་ཅེས་རྗེའི་སྲས་བདག་
གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེ་ཆུང་མ་སྐྱེ་དགུའི་བདག་མོར་བྱས་ཏེ་ཞེས་བྱ་བ་ནས། བདག་གིས་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ནི་དང་སམ་དུ་འདུས་པའི་ཆུང་མ་ཞེས་བྱའོ། །གོས་ཟས་
Vol. 9 · folio 90a
ཀྱིས་འཚོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་སོང་སྟེ་འདི་སྐད་ཅེས་རྗེའི་སྲས་ཁྱོད་ཀྱིས་བདག་ལ་གོས་དང་ཟས་སྩོལ་ཅིག་དང་། བདག་གིས་རྗེའི་སྲས་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེ་
ལ་གོས་དག་བྱིན་ནས་དེས་དེ་ཆུང་མ་སྐྱེ་དགུའི་བདག་མོ་བྱས་ཏེ་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ནི་གོས་ཟས་ཀྱིས་འཚོས་པའི་ཆུང་མ་ཞེས་བྱའོ། །ཁ་དུམ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་
དམ་གཞོན་ནུ་མ་གང་ནོར་མང་ཡང་རུང་ཉུང་ཡང་རུང་ཁྱེར་ཏེ་སྐྱེས་པའི་གན་དུ་སོང་ནས་འདི་སྐད་ཅེས་རྗེའི་སྲས་མཁྱེན་པར་མཛོད་ཅིག །ཁྱོད་ཀྱི་ནོར་གྱི་ཕུང་པོ་དང་། བདག་གི་ནོར་གྱི་ཕུང་པོ་གང་ལགས་པ་དེ་གཅིག་ཏུ་བསྡུས་ནས་བདག་ཅག་མཉམ་དུ་འཚོ་ཞིང་འདོད་པ་ལ་
ལོངས་སྤྱོད་པར་བགྱིས་ལ། གང་གི་ཚེ་བདག་ཅག་ལས་ཁྱེའུའམ་བུ་མོ་གང་དག་མཆིས་པར་གྱུར་པ་དེ་དག་ཀྱང་བདག་ཅག་དུས་ལ་བབ་ཅིང་ཤི་བ་ན་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་བདག་ཅག་གི་ཕ་མ་གང་དུ་སྐྱེས་པ་དེར་རྗེས་སུ་འགྲོ་བར་གྱུར་ཅིག་
ཅེས་ཡོན་བསྔོ་བ་བགྱིད་པར་འགྱུར་བར་བགྱིའོ་ཞེས་སྨྲས་ལ་དེས་ཀྱང་དེའི་ཆུང་མ་སྐྱེ་དགུའི་བདག་མོར་བྱས་ནས་བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས། ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པ་དེ་ནི་ཁ་དུམ་པའི་ཆུང་མ་ཞེས་བྱའོ། །
ཐང་འགའ་འཕྲད་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ལ་སྐྱེས་པས་དེའི་དུས་ཀྱི་གླ་བྱིན་ནས་འདི་དང་བདག་ཡིད་ཙམ་ཞིག་ལྷན་ཅིག་ཡོངས་སུ་སྤྱད་པར་བྱའོ་སྙམ་ནས་དེས་དེ་བསྲུངས་པ་ཞེས་བྱ་བའི་བར་འདི་ནི་ཐང་འགའ་ཕྲད་པའི་ཆུང་མ་ཞེས་
བྱ་སྟེ། འདི་དག་ནི་ཆུང་མ་བདུན་ཞེས་བྱ་བ་ཡིན་ནོ། །མཛའ་ན་མོ་བཅུ་ཞེས་བྱ་བ་ལ་བཅུ་པོ་གང་ཞེ་ན། མས་བསྲུངས་པ་དང་། ཕས་བསྲུངས་པ་དང་། མིང་པོས་བསྲུངས་པ་དང་། ཕུ་ནུ་མོས་བསྲུངས་པ་དང་། སྒྱུག་མོས་བསྲུངས་པ་དང་། གྱོས་པོས་བསྲུངས་
Vol. 9 · folio 90b
པ་དང་། ཉེ་དུས་བསྲུངས་པ་དང་། རིགས་ཀྱིས་བསྲུངས་པ་དང་། རུས་ཀྱིས་བསྲུངས་པ་དང་། རྣམ་པར་འཁྲུགས་པ་མེད་པ་ནི་བཅུ་པའོ། །མས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་པ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་
གྱུར་པའམ། སེམས་འཁྲུགས་པའམ། ཚོར་བ་དག་གིས་ཉེན་པའམ། རྒྱལ་པོས་འཇིགས་ནས་ཡུལ་འཁོར་གཞན་དང་། ཡུལ་གཞན་དུ་བྲོས་པར་གྱུར་ཏམ། བསད་དམ། བཅིངས་སམ། སྤྱུགས་སམ། རབ་ཏུ་བྱུང་ངམ། ཤི་བར་གྱུར་པ་ན་དེ་ལ་
མས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས། ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི་མས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །ཕས་བསྲུངས་
པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ། ཁྱིམ་ཐབ་སྨྱོས་པར་གྱུར་ཏམ་ཞེས་བྱ་བ་ནས་རྒྱས་པར་མ་ཤི་བར་གྱུར་པ་ན་དེ་ལ་ཕས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་
འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི་ཕས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །མིང་པོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ། གཞོན་
ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པའམ་ཞེས་བྱ་བ་ནས། ཕ་མ་ཤི་བར་གྱུར་པ་ན་དེ་ལ་མིང་པོས་བདག་གིས་འདི་ལ་འགའ་ཞིག་གིས་ཞེས་བྱ་བ་ནས། འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་
ཞེས་བྱ་བའི་བར་འདི་ནི་མིང་པོས་བསྲུངས་པའི་མཛའ་ན་མོ་ཡིན་ནོ། །མིང་པོས་བསྲུངས་པ་ཇི་ལྟ་བ་བཞིན་དུ་ཕུ་ནུ་མོས་བསྲུངས་པ་ཡང་བརྗོད་པར་བྱའོ། །སྒྱུག་མོས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་པ་གཞོན་ནུ་མ་གང་ཞིག་
Vol. 9 · folio 91a
གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་ཕུ་ནུ་མོ་ཤི་བར་གྱུར་པ་ན་དེ་ལ་སྒྱུག་མོས་འདི་སྐད་ཅེས་བདག་གི་བུ་ལ་བལྟ་བ་ཇི་ལྟ་བར་ཁྱོད་ལ་ཡང་དེ་ལྟ་བུ་ཡིན་པས་
ཁྱོད་ཀྱི་བཟའ་བ་དང་བགོ་བ་བདག་གིས་སྦྱར་གྱིས་མནའ་མ་དགའ་བར་གྱིས་ཤིག །མནའ་མ་འདུག་པར་གྱིས་ཤིག་ཅེས་སྨྲས་ནས། བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་
བསྲུངས་ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི་སྒྱུག་མོས་བསྲུངས་པ་ཞེས་བྱའོ། །སྒྱུག་མོས་བསྲུངས་པ་ཇི་ལྟ་བ་བཞིན་དུ་གྱོས་པོས་བསྲུངས་པ་ཡང་བརྗོད་པར་བྱའོ། །ཉེ་དུས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་
མེད་དམ་གཞོན་ནུ་མ་གང་ཞིག་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས་ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་ཤི་བར་གྱུར་པ་ན་དེ་ཉེ་དུའི་དྲུང་ན་གནས་ཤིང་། དེ་ལ་ཉེ་དུ་རྣམས་
ཀྱིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས། ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི་ཉེ་དུས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །
ཉེ་དུ་ཞེས་བྱ་བ་ནི་ཕ་མེས་དང་མ་མེས་གཉི་གའི་བདུན་རྒྱུད་གཟུང་ངོ་། །རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བའི་བར་ནས།
ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་ཕུ་ནུ་མོ་དང་སྒྱུག་མོ་དང་གྱོས་པོ་དང་ཉེ་དུ་ཤི་བར་གྱུར་པ་ན་དེ་བདག་ཉིད་དང་རུས་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་
Vol. 9 · folio 91b
སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཞེས་བྱ་བའི་བར་འདི་ནི་རིགས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་བྱའོ། །རིགས་ཞེས་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སོ། །རུས་ཀྱིས་བསྲུངས་པའི་མཛའ་ན་མོ་གང་ཞེ་ན།
འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བའི་བར་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་དང་། ཉེ་དུ་རྣམས་ཤི་བར་གྱུར་པ་ན་དེ་
བདག་ཉིད་དང་རུས་གཅིག་པའི་དྲུང་ནས་གནས་ཤིང་དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཞེས་བྱ་བའི་བར་འདི་ནི་རུས་ཀྱིས་བསྲུངས་པའི་མཛའ་ན་མོ་ཞེས་
བྱའོ། །རུས་ཞེས་བྱ་བ་ནི་ཀུང་སའི་རུས་དང་། བད་སའི་རུས་དང་། ཤན་དི་ལའི་རུས་དང་། བར་དྭ་ཛའི་རུས་དང་། མཽད་གལ་གྱི་རུས་དང་། གར་གའི་རུས་དང་། གཽ་ཏ་མའི་རུས་རྣམས་སོ། །རྣམ་པར་འཁྲུག་པ་མེད་པའི་མཛའ་ན་མོ་གང་ཞེ་ན། དགེ་སློང་མ་དང་།
དཔྱོད་པ་མ་དང་། ཀུན་དུ་རྒྱུ་མོ་དང་། ཁྱིམ་ཐབ་ལས་གཞན་དང་མི་ཉལ་བའི་བུད་མེད་དང་། བརྟུལ་ཞུགས་ཀྱི་གཞི་ཆོས་སྤྱོད་པར་བྱེད་པ་སྟེ། འདི་དག་ནི་མཛའ་ན་མོ་བཅུ་ཞེས་བྱའོ། །སྨྱན་བྱེད་ན་ཞེས་བྱ་བ་ནི་ཕྲིན་བྱེད་པའོ། །ཐ་ན་ཐང་འགའ་ཞིག་བྱ་བ་ནི་ཐ་ན་ཡུད་
ཙམ་ཡང་ངོ་། །ཆོས་འདི་ནི་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ཆོས་ཀྱི་སྒྲར་བསྟན་པ་འདིའོ། །དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མོད་ལ་ལྟུང་བར་འགྱུར་བའོ། །ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ། །དགེ་འདུན་ལྷག་མའོ་ཞེས་
བྱ་བ་ནི་ལྟུང་བ་དེ་གཉི་གའི་དགེ་འདུན་ལ་རག་ལུས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་ནི་མ་ཡིན་པའོ། །ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་
Vol. 9 · folio 92a
འདི་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།བར་སྡོམ་ལ། སྤྲིང་ཕྲིན་དགེ་སློང་མ་གཉིས་དང་། །སྤྱོད་ལམ་དང་ནི་སྔོན་འགྲོ་དང་། །
བདག་དང་བདག་མིན་ཡུལ་ཕྱོགས་ཚིག །སྤྲིང་ཡིག་ལག་ཡིག་ཆུང་མའོ། །དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཕྲིན་ཕར་ཡང་སྐྱེལ། བདག་ཉིད་ཀྱིས་ཚུར་ཡང་སྐྱེལ་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་
མནོས་ཏེ་བདག་ཉིད་ཀྱིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། མངགས་པས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་
འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་ཕྲིན་ཕར་ཡང་
སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་
བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་ཕྲིན་སྤྲིང་བ་མནོས་ཏེ་མངགས་པས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པ་ལས་བདག་ཉིད་
ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཕྲིན་ཕར་ཡང་སྐྱེལ་
Vol. 9 · folio 92b
བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་མངགས་པས་
ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་མངགས་པས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་
འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་མངགས་པས་མངགས་པས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །
དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་གཉི་གས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། གཉི་གས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་གཉི་ག་ལ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་དེ་ན་གཅིག་འདི་
སྐད་ཅེས་རེ་ཞིག་ཁོ་མོའི་དོན་དུ་ཕྲིན་ཕར་སྐྱོལ་ལ་ཕྲིན་ཚུར་ཡང་སྐྱོལ་ཅིག་ཅེས་ཟེར་ནས་དེས་དེའི་དོན་དུ་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་གཉི་ག་ལ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་
མནོས་ཏེ་དེ་ན་གཅིག་འདི་སྐད་ཅེས་ཁོ་མོ་ནི་ཕྲིན་ཕར་ནི་སྐྱལ་ལོ། །ཕྲིན་ཚུར་ནི་མི་སྐྱེལ་ལོ་ཞེས་ཟེར་ན་དེ་གཉིས་ལས་གང་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་ལ། གང་ཕྲིན་ཕར་ནི་སྐྱེལ་
བར་བྱེད་ལ་ཕྲིན་ཚུར་ནི་སྐྱེལ་བར་མི་བྱེད་པ་དེ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་དེ་ན་གཅིག་འདི་སྐད་ཅེས་ཁོ་མོ་ནི་ཕྲིན་ཕར་ཡང་མི་སྐྱེལ་ལ། ཕྲིན་ཚུར་ཡང་མི་སྐྱེལ་ལོ་ཞེས་ཟེར་ན་དེ་གཉིས་ལས་གང་ཕྲིན་
Vol. 9 · folio 93a
ཕར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཚུར་ཡང་སྐྱེལ་བར་བྱེད་པ་ལ་དགེ་འདུན་ལྷག་མར་འགྱུར་ལ། གང་ཕྲིན་ཕར་ཡང་སྐྱེལ་བར་མི་བྱེད་ལ་ཕྲིན་ཚུར་ཡང་སྐྱེལ་བར་མི་བྱེད་པ་དེ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །དགེ་སློང་མ་གཉིས་ཀྱིས་གཉི་གའི་
སྤྲིང་བ་མནོས་ཏེ་གཉི་གས་ཕྲིན་ཕར་ནི་སྐྱེལ་བར་བྱེད་ལ། ཕྲིན་ཚུར་ནི་སྐྱེལ་བར་མི་བྱེད་ན་གཉི་ག་ལ་ཉེས་པ་སྦོམ་པོ་གཉིས་གཉིས་སུ་འགྱུར་རོ། །དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ། དེ་ན་གཉི་གས་འདི་སྐད་ཅེས་བདག་ཅག་གཉི་ག་ཕྲིན་ཕར་སྐྱེལ་བར་ཡང་
མི་བྱེད་ལ་ཕྲིན་ཚུར་ཡང་སྐྱེལ་བར་མི་བྱེད་དོ། །ཞེས་ཟེར་ན་གཉི་ག་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ། །དགེ་སློང་མ་གཅིག་སྐྱེས་པ་གཅིག་བུད་མེད་གཅིག་དང་འགྲོན་ལམ་དུ་འགྲོ་བ་ན་གལ་ཏེ་བུད་མེད་དེས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་སྐྱེས་པ་དེ་ལ་འདི་སྐད་
ཅེས་ཁྱོད་བུད་མེད་འདིའི་ཁྱོ་འམ། མཛའ་བོའམ། སྨོས་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ནས་ཕྲིན་ཕར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དེ་བཞིན་
དུ་སྐྱེས་པ་དེས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་བུད་མེད་འདི་ལ་འདི་སྐད་ཅེས་ཁྱོད་སྐྱེས་པ་འདིའི་ཆུང་མའམ། མཛའ་ན་མོའམ། སྨོན་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ཏེ་ཕྲིན་ཕར་
སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གཅིག་དང་། བུད་མེད་གཅིག་དང་། སྐྱེས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་དགེ་སློང་མ་གཉིས་དང་། བུད་མེད་གཉིས་དང་། སྐྱེས་པ་གཉིས་དང་། དེ་བཞིན་དུ་དགེ་
སློང་མ་རབ་ཏུ་མང་པོ་དང་། བུད་མེད་རབ་ཏུ་མང་པོ་དང་། སྐྱེས་པ་རབ་ཏུ་མང་པོ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །ལམ་དུ་འགྲོ་བ་ཇི་ལྟ་བ་བཞིན་དུ་སྡོད་པ་དང་། འདུག་པ་དང་། ཉལ་བ་དག་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མ་མདུན་དུ་འགྲོ་བའི་དགེ་སྦྱོང་མ་དང་།
Vol. 9 · folio 93b
ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་གཉིས་ལས་མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་དགེ་འདུན་
ལྷག་མར་འགྱུར་རོ། །མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ།
ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་
བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །མདུན་དུ་འགྲོ་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་
འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་
འབྲང་བའི་དགེ་སྦྱོང་མས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་དགེ་འདུན་ལྷག་མར་འགྱུར་རོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་ཕྱི་བཞིན་འབྲང་
བའི་དགེ་སྦྱོང་མས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །ཕྱི་བཞིན་འབྲང་
Vol. 9 · folio 94a
བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་
བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སྦྱོང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་ཕྱི་བཞིན་འབྲང་བའི་དགེ་
སྦྱོང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སྦྱོང་མ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །ཁྱིམ་བདག་ནི་གཉིས་ཏེ། བདག་པོ་དང་། བདག་པོ་མ་ཡིན་པའོ། །དེ་ལ་བདག་པོ་ཞེས་བྱ་བ་ནི་བུ་མོ་སྦྱིན་པ་དང་། ཕྲོག་པའི་
བདག་པོར་གྱུར་ཅིང་དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ་མ་ཡིན་པ་ཡང་གཟུང་བར་འོས་པར་གྱུར་པ་གང་ཡིན་པ་དེ་ནི་བདག་པོ་ཞེས་བྱའོ། །བདག་པོ་མ་ཡིན་པ་ཞེས་བྱ་བ་ནི་བུ་མོ་
སྦྱིན་པ་དང་། འཕྲོག་པའི་བདག་པོར་གྱུར་པ་མ་ཡིན་ཞིང་དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ་ཡང་གཟུང་བར་འོས་པར་མི་འགྱུར་བ་གང་ཡིན་པ་དེ་ནི་བདག་པོ་མ་ཡིན་པ་ཞེས་བྱའོ། །དགེ་
སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ་བདག་པོ་ལ་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ་བདག་པོ་ལ་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་པོ་
མ་ཡིན་པ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ། །དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་བདག་པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཉིས་དང་།
Vol. 9 · folio 94b
ཉེས་བྱས་གཅིག་ཏུ་འགྱུར་རོ། །དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ། །དགེ་
སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ་བདག་པོ་མ་ཡིན་པ་ལ་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་ཉེས་བྱས་གསུམ་དུ་འགྱུར་རོ། །དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ་བདག་པོ་ལ་
ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ། །དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་
པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ། །དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་
ན་ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ། །རྒྱུ་གསུམ་གྱིས་སྤྲིང་བའི་ཕྲིན་ཚུར་བསྐྱེལ་བར་འགྱུར་ལ་ཕར་བསྐྱེལ་བར་ནི་མི་འགྱུར་ཏེ། གསུམ་གང་ཞེ་ན། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་སོ། །ཇི་ལྟར་ཡུལ་ཕྱོགས་
ཀྱིས་ཤེ་ན། གང་གི་ཚེ་ཁོ་མོ་སྐྱེད་མོས་ཚལ་ལམ་འདུན་སའམ། ལྷའི་གནས་ག་གེ་མོ་ཞིག་ན་འདུག་པ་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ། །ཇི་ལྟར་བརྡས་ཤེ་ན། གང་གི་
ཚེ་ཁོ་མོ་སྔ་དྲོའམ། གུང་ཚིགས་སམ། ཕྱེ་མ་རེད་ན་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྡས་སོ། །ཇི་ལྟར་མཚན་མས་ཤེ་ན། གང་གི་ཚེ་ཁོ་མོ་སྐྲ་བྲེགས་ནས་རིང་པོ་མ་ལོན་པའམ། སྣམ་སྦྱར་
Vol. 9 · folio 95a
དམར་སེར་གྱོན་པའམ། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་ནམ། ཁར་བ་ལྕགས་སྦུབས་ཅན་ནམ། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད་དམ། སྦྲང་རྩིའི་ལྷུང་བཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པ་
ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་མཚན་མས་སོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བདུན་པ། རྒྱུ་གསུམ་གྱིས་ནི་སྤྲིང་བའི་ཕྲིན་ཕར་བསྐྱལ་བར་ཡང་འགྱུར་ལ། ཕྲིན་
ཚུར་བསྐྱལ་བར་ཡང་འགྱུར་ཏེ། གསུམ་གང་ཞེ་ན། ཚིག་དང་། སྤྲིང་ཡིག་དང་། ལག་ཡིག་གིས་སོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ་ཚིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་
འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་
ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་ཡང་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་
སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་
ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་
Vol. 9 · folio 95b
རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་ཡང་བྱེད་ཅིང་། ལག་
ཡིག་གིས་ཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །
དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་
ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་
ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་
དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །
དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་
Vol. 9 · folio 96a
སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་
བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་
ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་།
ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་
ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་།
བརྡ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །
དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་།
Vol. 9 · folio 96b
ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་
སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་།
རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབ་པའི་མོད་ཉིད་ཡིན་ལ། འཐབ་པའི་འོག་མ་ཡིན་པ་དང་། རྩྭ་མ་བཅད་པ་དང་། རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་།
དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གཅིག་ཏུ་འགྱུར་རོ། །དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབ་པའི་འོག་ཡིན་ལ། འཐབ་པའི་མོད་
ལ་མ་ཡིན་པ་དང་། རྩྭ་མ་བཅད་པ་དང་། རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་
འགྱུར་རོ། །དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབ་པའི་མོད་དང་། འཐབ་པའི་འོག་དང་། རྩྭ་བཅད་པ་ཡིན་ལ་རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་རྒྱ་བྱིན་ནས་མ་
བཏང་བ་དང་། ཆུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དུ་འགྱུར་རོ། །དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་།
Vol. 9 · folio 97a
བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས་རྡེའུ་གསུམ་གཏོར་བའི་བར་ཡིན་ལ། བྱེ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དཔང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་
གསུམ་དང་། ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ། །དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས་བྱེ་རྒྱ་བྱིན་ནས་བཏང་བ་ཞེས་བྱ་བའི་བར་ཡིན་ལ། ཆུང་མ་མ་ཡིན་པར་དཔང་མ་
བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ། །དགེ་སློང་མས་ཆུང་མ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་
བྱ་བ་ནས། ཆུང་མ་མ་ཡིན་པར་དཔང་བཙུགས་པའི་བར་ཡིན་ལ། དྲིལ་མ་བསྒྲགས་པ་དག་གི་བསྡུམ་བྱས་ཏེ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ། །དགེ་སློང་མས་ཆུང་མ་གསུམ་
པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། དྲིལ་བསྒྲགས་པའི་བར་དག་གི་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་བཞི་དང་། དགེ་འདུན་ལྷག་མ་གཉིས་སུ་འགྱུར་རོ། །
དགེ་སློང་མས་ཆུང་མ་དེ་ལས་གཞན་པ་འཐབ་པའི་མོད་དང་། འཐབ་པའི་འོག་ཏུ་བསྡུམ་བྱས་ལ། མཐུན་པར་གྱུར་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་ཁྱིམ་པའི་ཁྱིམ་དུ་སོང་ནས་འདི་སྐད་ཅེས་ཅིའི་ཕྱིར་ཁྱེའུ་འདི་ཁྱིམ་མི་དབུབ་ཅེས་ཟེར་ན་
ཉེས་པ་སྦོམ་པོར་འགྱུར་རོ། །ཅིའི་ཕྱིར་བུ་མོ་ཆེན་མོ་འདི་བག་མར་མི་གཏང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅིའི་ཕྱིར་ཁྱེའུ་འདི་གྱོས་པོའི་ཐད་དུ་མི་གཏང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅིའི་ཕྱིར་བུ་མོ་འདི་ཁྱིམ་བདག་གི་ཐད་དུ་མི་བཀྲི་ཞེས་ཟེར་ན་
Vol. 9 · folio 97b
ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་ཁྱིམ་བདག་གི་ཁྱིམ་དུ་སོང་ནས་ཐ་ན་འདི་སྐད་ཅེས་ཅིའི་ཕྱིར་ཁྱིམ་བདག་ཁྱོད་ཀྱིས་ཞལ་ཏ་བྱེད་པ་དག་གཞག་པར་མི་བྱེད་ཅེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་ཁྱིམ་བདག་མོ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ལས་
དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་གྱི་ལྷག་མ་དང་པོ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་སྡིག་བྱུང་ན་གྱད་ཀྱི་སྣ་ཆེན་པོ་
རྒྱལ་སྡེ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གསེར་དང་ནོར་མང་པོ་འབྱོར་པ་ཞིག་གནས་སོ། །དེས་རིགས་མཉམ་པ་
ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ཀྱང་དེ་དག་ལ་བུ་ཡང་མེད་བུ་མོ་ཡང་མེད་དོ། །བུ་མེད་པས་བུ་ལ་མངོན་པར་དགའ་སྟེ།
དེ་བུའི་དོན་དུ་ལྷ་བརྒྱ་སྟོང་དུ་མ་ལ་གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ལུས་ངན་པོ་དང་། ཀུན་འགེད་གཞོན་ནུ་དང་། སྐྱེ་དགུའི་བདག་པོ་དང་། ཁྱབ་འཇུག་དང་། དབང་
བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། རླུང་མར་གྱི་ལྷ་དང་། སའི་ལྷ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་
བཟང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་།
Vol. 9 · folio 98a
གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་མཐུན་པ་པ་དང་རྟག་ཏུ་རྗེས་སུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ་བ་འདེབས་པར་བྱེད་དོ། །འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་
ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་དྲུག་པོ་མངོན་དུ་གྱུར་པ་ལས་
བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། བུས་ཀྱང་ཕ་མ་རྙེད་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་
ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་ཡོངས་སུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་
དུ་གྱུར་པ་ལས་བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ། །དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར་ལེན་ཅིང་འདུག་པ་ན་སེམས་ཅན་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ།
སྤྱོད་པ་ཚོལ་བ། འཆིང་བ་ཉམ་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་སྐྱེ་བའི་དོན་དུ་མི་གཉེར་བ་ལུས་ཐ་མ་འཛིན་པ་ཞིག་ལྷའི་འཇིག་རྟེན་ནས་ཤི་
འཕོས་ནས་ཆུང་མ་དེའི་མངལ་དུ་ཞུགས་སོ། །འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་
Vol. 9 · folio 98b
དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུར་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་པའོ། །དེས་
ཀྱང་བདག་ལ་སེམས་ཅན་ཞུགས་པ་དེ་དཀུ་གཡས་པར་རྟེན་ཅིང་འདུག་པས་ན་ཁྱེའུར་འགྱུར་རོ་སྙམ་དུ་རིག་ནས་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ་ཐབ་ལ་སྨྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིད་སྙན་པ་ཞིག་གསོལ་ལོ། །དེས་སྨྲས་པ། བཟང་མོ་ལྷ་དང་
མིའི་གཏམ་སྙན་པ་ཐོབ་པར་གྱུར་ཅིག །གཏམ་སྙན་པ་ཇི་ལྟ་བུ་ཞིག །རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ་ཇི་ལྟར་བདག་གི་དཀུ་གཡས་པ་མི་བདེ་བ་ལས་གོར་མ་བཀུམ་པར་བདག་གིས་བུ་རྙེད་དོ། །དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་
སྡེས་དེ་ཐོས་མ་ཐག་ཏུ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་སྟེ། བཞིན་པད་མ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཤིག །ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་
ནས་བསམས་པའི་བུ་ཡིན་ལ་བསམ་པ་བཞིན་དུ་འགྲུབ་པ་དང་། ཁོ་བོ་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་། གསོས་པས་ཕྱིར་གསོ་བ་དང་། ཁོ་བོའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བོའི་རིགས་རྒྱུད་ཀྱང་ཡུན་རིང་དུ་
གནས་པར་འགྱུར་བ་དང་། དེ་ཡང་ཕྱུག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བར་གྱུར་ནས་བདག་གི་དབང་ཕྱུག་ཀྱང་ཉམས་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལས་འདས་པ་ན་བདག་
ཅག་གི་ཕྱིར་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་སྔོ་བར་བྱེད་པར་ཤོག་ཤིག །དེ་ལ་སེམས་ཅན་ཞུགས་པར་རིག་ནས་དེ་ཚུན་ཆད་ཆུང་མ་ལ་དགའ་བར་གྱུར། བཀུར་སྟི་ཆེ་བར་
Vol. 9 · folio 99a
གྱུར། བྱམས་པར་གྱུར་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་གནོད་པ་མེད་པར་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བཏུང་བའི་བྱེ་བྲག་ཧ་ཅང་མི་
བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི་ཁ་བ། ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚྭ་མི་ཆེ་བ། ཧ་ཅང་མི་སྐྱུར་བ། ཧ་ཅང་མི་མངར་བ། ཧ་ཅང་མི་བསྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི་རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཚྭ་དང་། སྐྱུར་བ་དང་།
མངར་བ་དང་། བསྐ་བ་དང་། སྣུམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་། བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ། །དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར་འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་
ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། མུ་ཏིག་གིས་གཏམས། དོ་ཤལ་དང་། སེ་མོ་དོ་རྣམ་པར་འཕྱང་བ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་ཀོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། བཞིན་ནི་དམར་རྩིའི་ཐིག་ལེས་མཛེས་པར་
བྱས། སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་ད་དང་། ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པད་མའི་རྩ་བ་ལྟར་དྲི་མ་མེད་རྐེད་པ་ནི་གསེར་གྱི་འོག་པག་གིས་བཅིངས་རྐང་པ་ནི་རྐང་
རྒྱན་གྱིས་མཛེས་པར་བྱས་ནས་གསེར་གྱི་མཆོད་སྡོང་མེ་ཏོག་གིས་བཀླུབས་པ་ལྟ་བུ་དེ་འདི་ལྟར་མངལ་དུ་ཞུགས་པའི་སེམས་ཅན་གྱིས་བསོད་ནམས་བྱེད་པ་དང་དགེ་བ་བྱས་པའི་རྒྱུས་སྟེང་གི་ཁང་བཟངས་ཀྱི་ཐོག་ན་མཐུན་ཞིང་རྗེས་སུ་མཐུན་པའི་འཁོར་གླིང་བུ་དང་། པི་བང་
དང་། རྫ་རྔ་དང་། རྔ་བོ་ཆེ་དང་། རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ཀྱིས་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁང་བཟངས་ན་རྩེ་བར་བྱེད། དགའ་བར་བྱེད་ཅིང་དེ་ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན་ཁྲི་ནས་ཁྲིར་དང་། ཁྲིའུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་
Vol. 9 · folio 99b
གཞིར་མི་འབབ་ལ་དེ་ལ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་འབྱིན་པར་མི་བྱེད་དོ། །ཁྱིམ་དེ་ཡང་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་
དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་ཤིང་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་གཅིག་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ། །རེ་ཞིག་ན་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱ་
རྣམས་ཀྱི་ཆུང་མ་ལ་ཡང་སེམས་ཅན་ཞུགས་པར་གྱུར་ཏོ། །དེ་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས་ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པད་མའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ། ལག་པ་རིང་བ། འཕྲལ་
བའི་དབྱེས་ཆེ་བ། སྨིན་ཚུགས་ཀྱི་རྒྱུན་མ་ཆད་པ། སྣའི་གཟངས་མཐོ་བ། ཐོང་ཀ་སེང་གེའི་འདྲ་བ། རོ་སྟོད་སེང་གེའི་ལྟ་བུ་དཔུང་པ་རིང་བ་ཞིག་བཙས་སོ། །ཉི་མ་དེ་ཉིད་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ཆེན་པོ་ལྔ་བརྒྱའི་བུ་རྣམས་ཀྱང་བཙས་སོ། །
རྒོད་མ་ལྔ་བརྒྱ་ཡང་རྟེའུ་འབྲངས་སོ། །དེ་བཞིན་དུ་རྫས་ཞེས་བྱ་བའི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ། །དེའི་ཉེ་དུ་རྣམས་འདུས་ཤིང་ལྷགས་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་ཞེས་བྱ་བ་ནས། གྲོང་ཁྱེར་དུ་བཙས་སྟོན་བྱས་ཏེ་ཞེས་བྱ་བའི་བར་དང་། ཁྱེའུའི་
མིང་ཅིར་གདགས་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ། །དེ་དག་ལས་ཁ་ཅིག་ན་རེ་ནོར་རྣམས་དང་ལྷན་ཅིག་སྐྱེས་ལ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བུ་ཡང་ཡིན་པས་དེའི་ཕྱིར་མིང་གྱད་བུ་ནོར་དུ་གདགས་སོ་ཞེས་ཟེར་རོ། །གཞན་དག་ན་རེ་འདི་ནོར་དང་འདྲ་བར་
སྐྱེས་ལ། འདིའི་ཕ་ཡང་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་ཡིན་པས་ཁྱེའུའི་མིང་གྱད་བུ་ནོར་ཞེས་མིང་དུ་གདགས་སོ་ཞེས་ཟེར་ནས། མིང་གྱད་བུ་ནོར་དུ་བཏགས་ཏེ་ཞེས་བྱ་བ་ནས། མ་མ་བརྒྱད་ལ་གཏད་དོ་ཞེས་བྱ་བའི་བར་དང་། འོ་མ་དང་། ཞོ་དང་། མར་སར་
Vol. 9 · folio 100a
དང་ཞེས་བྱ་བ་ནས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུའོ། །མངག་གཞུག་མ་བུ་མོ་ཞིག་གིས་དེ་ཕྲག་པ་ལ་བླངས་ཏེ་སྲང་དུ་ཞུགས་པ་དང་། དེ་ན་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །རྐང་གཉིས་པ་བསོད་ནམས་
ཀྱི་ཞིང་ཡིན་ནོ་ཞེས་བྱ་བ་ནས་ཕ་ལས་བླངས་ཏེ་ཞེས་བྱ་བའི་བར་དང་། ཏིལ་མར་དྲི་ཞིམ་པོས་བྱུགས་ནས་ཞེས་བྱ་བ་ནས་མཆོད་པ་བྱས་ནས་ཕྱིར་ཁྱིམ་དུ་བསྐྱལ་ཏོ་ཞེས་བྱ་བའི་བར་དུའོ། །གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ་ཡི་གེ་དང་། རྩིས་སློབ་ཏུ་བཅུག་གོ་ཞེས་བྱ་བ་
ནས་རྩིས་དང་། གཞན་དག་ལ་དེ་བློ་རྣོ་བ་དང་། བྱང་བར་གྱུར་ཏོ། །རྒྱལ་རིགས་རྣམས་ཀྱི་བཟོའི་གནས་དང་། ལས་ཀྱི་གནས་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་གཉའ་བར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་
ཐབས་དང་། འཕོང་ཐབས་དང་། ཕྱིར་བསྣུར་བ་དང་། མདུན་དུ་བསྣུར་བ་དང་། ལྕགས་ཀྱུས་བསྒྱུར་བའི་ཐབས་དང་། ཞགས་པ་གདབ་པ་དང་། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་། འཁོར་ལོ་འཕང་བའི་ཐབས་དང་། མདའ་བོ་ཆེ་འཕང་བའི་ཐབས་དང་། འཛིན་
སྟངས་དང་། གོམ་སྟངས་དང་། ཐོར་ཚུགས་བཅིང་བ་དང་། བཅད་པ་དང་། གཏུབ་པ་དང་། དབུག་པ་དང་། དྲལ་བ་དང་། གཤེག་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་སྣུན་པ་དང་། མི་འཆོར་བར་ཕོག་པ་དང་།
ཚབས་ཆེར་ཕོག་པར་བྱ་བ་ལ་ཕ་རོལ་དུ་ཕྱིན་པར་གྱུར་ཏོ། །གནས་བཞི་རྣམས་དང་། འཕེན་པ་ལྔ་རྣམས་དང་། རིག་པའི་གནས་བཅྭ་བརྒྱད་པོ་རྣམས་ལ་མཆོག་ཏུ་བློ་རྣོ་བ་དང་བྱང་བར་གྱུར་ཏོ། །ཕས་ཀྱང་དེའི་སྐྱེད་མོས་ཚལ་གསུམ་པོ་དགུན་གྱི་དང་། དཔྱིད་ཀྱི་
དང་། དབྱར་གྱི་རྣམས་བྱེད་དུ་བཅུག་སྟེ། དགུན་གྱི་ནི་གཅིག་ཏུ་དྲོ་བའོ། །དཔྱིད་ཀྱི་ནི་གཅིག་ཏུ་བསིལ་བའོ། །དབྱར་གྱི་ནི་ཧ་ཅང་མི་དྲོ་ཧ་ཅང་མི་གྲང་བའོ། །ཆུང་མའི་འཁོར་གསུམ་པོ་ཆེན་མ་དང་། བར་མ་དང་། ཆུན་མ་ཡང་བཞག་གོ། །དེ་ཡང་
Vol. 9 · folio 100b
སྟེང་གི་ཁང་བཟངས་ཀྱི་ཐོག་ན་ནིའུ་ལྡངས་རྣམས་དང་ལྷན་ཅིག་ཏུ་གླིང་བུ་དང་། པི་བང་དང་། རྫ་རྔ་དང་། ཁར་རྔ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ཀྱིས་ལོངས་སྤྱོད་བྱེད་དེ། དཔེར་ན་སེམས་ཅན་བསོད་ནམས་བྱས་ཤིང་
དགེ་བ་བྱས་པ་དག་རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་པ་བཞིན་ནོ། །དེ་ནས་དུས་གཞན་ཞིག་ན་དེའི་གྲོགས་པོ་རྣམས་རི་དགས་ཤོར་དུ་སོང་ངོ་ཞེས་བྱ་བ་ནས་དྲིས་པ། གྲོགས་པོ་དག་ག་ལས་འོངས། དེ་དག་གིས་སྨྲས་པ། རི་དགས་ཤོར་
སོང་སོང་ངོ་། །རི་དགས་ཤོར་བ་ཞེས་བྱ་བ་ཇི་ལྟ་བུ་ཞིག །དེ་དག་གིས་སྨྲས་པ། དགོན་པར་སོང་ནས་རི་དགས་དག་བསད་དེ་ཤ་ཁྱེར་ཏེ་འོངས་ནས་ཤས་དགོས་པའི་བྱ་བ་བྱེད་པའོ། །དེས་དེ་རྣམས་ལ་སྨྲས་པ། དགོན་པ་ན་གནས་ཤིང་རྩྭ་ཟ་ཤིང་ཆུ་འཐུང་བ་དེ་དག་
གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་བྱས་ནས་གསོད་པར་བྱེད། དེ་དག་གིས་སྨྲས་པ། འདི་ལྟར་ཁོ་བོ་ཅག་ལ་གནོད་པ་ཅུང་ཟད་ཀྱང་མ་བྱས་མོད་ཀྱི། འོན་ཀྱང་དགའ་བའི་སླད་དུ་འགུམས་པར་བགྱིད་དོ། །དེ་བས་ན་སྤྲོ་བར་མཛོད་ཅིག་དང་ལྷན་ཅིག་ཏུ་བཞུད་པར་
བགྱིའོ། །དེས་སྨྲས་པ། འདི་ལྟར་རེ་ཞིག་བདག་ཁྱེད་ཅག་འགྲོ་བར་འདོད་པ་ཡང་མེད་ན། བདག་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་སྤྱོད་པ་དེ་ནི་བཟང་པོ་མ་ཡིན་ནོ། །དེ་དག་འདི་སྙམ་དུ་གལ་ཏེ་བདག་ཅག་གིས་མ་ཁྲིད་ན་བདག་ཅག་ཀྱང་འགྲོར་མི་སྟེར་བའི་
གནས་སྐབས་དེ་ལྟ་བུ་ཡོད་པར་འོང་ངོ་སྙམ་དུ་བསམས་ནས་ཞེས་བྱ་བའི་བར་དུའོ། །དེ་དག་གྱད་བུ་ནོར་གྱི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཡབ་ཡུམ་དག་གང་གི་ཕྱིར་གཞོན་ནུ་གཏུམ་པ་རྩལ་ཆེ་བ། དེ་ལྟ་བུའི་ཉི་འོག་གི་རྒྱལ་པོ་
རྣམས་ཀྱིས་ཐོས་ན་བག་འཁུམས་པར་འགྱུར་ཞིང་ཞེས་བྱ་བ་ནས། སླས་ཀྱི་བཙུན་མོ་ཡང་འཕེལ་བར་འགྱུར་རོ། །ཞེས་བྱ་བའི་བར་དུའོ། །ཇི་ཙམ་ན་དེ་ལ་ཕ་དང་མས་སོང་ལ་གྲོགས་པོ་རྣམས་ཀྱིས་བསྒོ་བ་བཞིན་དུ་གྱིས་ཤིག་ཅེས་སྨྲས་པ་དང་ཞེས་བྱ་བ་ནས་
Vol. 9 · folio 101a
ལེགས་སོ་ཞེས་བྱ་བའི་བར་དུའོ། །དེ་ཕ་མ་ལ་གུས་པ་ཡིན་པས་དེས་འདི་སྙམ་དུ་འདི་ལྟར་བདག་གིས་དེ་དག་གི་ཚིག་བཟློག་པར་མི་ནུས་ཏེ། འདི་ལྟར་ཕ་མས་བསྒོ་བ་བཞིན་དུ་བྱ་དགོས་པས་ཕ་མས་བསྒོ་བ་བཞིན་དུ་འགྲོ་བར་བྱའོ་སྙམ་དུ་བསམས་
ནས་དེ་ཁས་བླངས་སོ། །དེ་ནས་ཕ་མས་ཀྱང་བུ་དེ་འགྲོ་བའི་བསམ་པ་རྟོགས་ནས་བདག་ཉིད་ཀྱི་གྲོང་ན་གནས་པའི་འབངས་དང་། ཞོ་ཤས་འཚོ་བ་རྣམས་ལ་གྱད་བུ་ནོར་རི་དགས་ཤོར་དུ་འགྲོ་ཡིས་ཁྱེད་ཅག་ཀྱང་སོང་ཤིག་ཅེས་བསྒོའོ། །དེ་དག་ཀྱང་བསྒོ་བ་བཞིན་
དུ་འོངས་ནས་ཉི་མ་གཉིས་པ་ལ་གྱད་བུ་ནོར་གྱད་ཀྱི་སྣ་ལ་གཏོགས་པའི་བུ་ལྔ་བརྒྱས་བསྐོར་ཏེ་ཞོ་ཤས་འཚོ་བའི་མི་དང་། བྲན་གཡོག་མང་པོས་ཡོངས་སུ་བསྐོར་ནས་རི་དགས་ཤོར་དུ་སོང་ངོ་། །དེ་ནས་དེ་ལ་གྲོགས་པོ་རྣམས་ཀྱིས་སྨྲས་པ། གྲོགས་པོ་ཁྱོད་ཅི་རི་དགས་
སྐོང་དུ་འགྲོ་འམ། འོན་ཏེ་འཕན་ཀར་སྡོད་ཅེས་བྱས་པ་དང་། དེས་འདི་སྙམ་དུ་གལ་ཏེ་འདི་དག་འཕན་ཀར་བཞག་སྟེ། བདག་གིས་རི་དགས་བཏབ་པར་གྱུར་ན་དེ་དག་འཕོང་སྐྱེན་པས་རི་དགས་ཕལ་མོ་ཆེ་བསད་པར་འགྱུར་བར་བདག་གིས་འཕན་ཀར་བསྡད་ན་
རུང་ངོ་སྙམ་དུ་བསམས་ནས། དེས་དེ་དག་ལིངས་ལ་སོང་ཤིག་ཅེས་བསྒོ་བ་དང་། དེ་དག་ཀྱང་ཡིད་རབ་ཏུ་དགའ་བར་གྱུར་ནས་གྲོགས་པོ་བདག་ཅག་ཀྱང་དེ་ཁོ་ན་ལྟར་དད་དོ། །དེ་དག་གིས་འདི་སྙམ་དུ་འདི་ནི་གནས་བཞི་དང་། འཕང་བ་ལྔ་རྣམས་ལ་བྱང་
བ་ཡིན་པས་ཕལ་མོ་ཆེ་ཞིག་བསད་པར་འགྱུར་རོ། །སྙམ་དུ་བསམས་སོ། །དེ་ཡང་མདའ་སྟོང་གིས་བཀང་བའི་དོང་པ་ཐོགས་ནས་འཕན་ཀར་འདུག་གོ། །དེ་དག་གིས་ཀྱང་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་པ་དང་། རི་དགས་དེ་དག་འཇིགས་སྐྲག་བཞིན་
དུ་གཞོན་ནུའི་དྲུང་དུ་ལྷགས་པ་དང་། གཞོན་ནུ་སྙིང་རྗེ་ཅན་གྱིས་བརྟབས་པར་གྱུར་པ་དེ་དག་མཐོང་ནས་ཡིད་མི་བདེ་བར་གྱུར་ནས་སྙིང་རྗེས་མངོན་པར་གདུངས་པར་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སེམས་ཅན་ཀུན་ལ་བྱིན་པ་དང་། །སེམས་ཅན་གཅིག་
Vol. 9 · folio 101b
ལ་སྙིང་བརྩེ་གང་། །སེམས་ཅན་ཀུན་ལ་བྱིན་པ་བས། །སྙིང་བརྩེ་གཅིག་ཏུ་ཁྱད་པར་འཕགས། །དེ་དག་རླུང་ལྟར་འགྲོ་ཞིང་གཞན་གྱིས་སྡུག་བསྔལ་བར་བྱས་པ་དེ་དག་བྱེར་བར་གྱུར་ཀྱང་མདའ་མ་འཕངས་སོ། །འདི་ལྟར་སེམས་ཅན་ཐམས་ཅད་ནི་
ཤེས་པ་གཅིག་པོ་ཀུན་རྫོབ་ཤེས་པ་དང་ལྡན་པ་ཡིན་པས་དེ་དག་གིས་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི་ནི་སྙིང་རྗེ་ཅན་ཡིན་ནོ་སྙམ་དུ་བསམས་ཏེ། དེ་དག་དེ་ལ་ལེགས་པར་ཐུགས་ཀྱང་འཇིགས་པ་མེད་པར་བྱེར་རོ། །དེ་ནས་གྱད་བུ་ནོར་འདི་སྙམ་དུ་གལ་ཏེ་
བདག་གིས་མདའ་མ་འཕངས་པ་གྲོགས་པོ་འགའ་ཞིག་གིས་ཐོས་ན་ཡིད་མི་དགའ་བར་འགྱུར་རོ། །སྙམ་དུ་བསམས་ཤིང་། དེ་ཡང་འདི་སྙམ་དུ་མ་ལ་དེ་དག་བདག་ལ་གཤེ་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་དང་། བདག་སྦྱོར་བ་ལ་གོམས་པར་ཤེས་པར་བྱ་བའི་ཕྱིར་
མདའ་འཕང་ངོ་སྙམ་དུ་བསམས་ནས། དེས་དེ་ལྟར་བསམས་ཏེ། འདི་ལྟར་སེམས་ཅན་འགའ་ལ་ཡང་གནོད་པ་སྐྱེད་པར་མི་འགྱུར་བར་མདའ་འཕངས་སོ། །དེས་ཀྱང་བསླབས་པས་མདའ་རྣམས་རྭ་ཕྲག་དང་རྐང་ལག་གི་བར་དང་སྤུ་གསེབ་དང་རྣ་བར་དག་ཏུ་འཕངས་
ཏེ་བཏང་ངོ་། །དེས་དེ་ལྟར་མདའ་སྟོང་པོ་དེ་དག་སེམས་ཅན་གཅིག་ལ་གནོད་པར་མི་འགྱུར་བར་དེ་ལྟར་འཕངས་སོ། །དེ་ནས་རི་དགས་དེ་དག་ཤིན་ཏུ་ཐལ་ནས་དོང་བ་དང་། དེའི་གྲོགས་པོ་རྣམས་འོངས་ནས་འཕན་ཀར་འདུག་སྟེ། ཕན་ཚུན་དུ་འདི་སྙམ་དུ་དེང་བདག་
ཅག་གིས་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་ལ་གྱད་བུ་ནོར་འདི་ཡང་གནས་བཞི་དང་། འཕང་བ་རྣམ་པ་ལྔ་ལ་བྱང་བ་ཡིན་པས་དེ་རིང་རི་དགས་མང་པོ་ཞིག་བསད་པར་གྱུར་ན། ཁུར་ཁལ་དག་ཁྱེར་ཏེ་མ་འོངས་པ་ནི་གཅིག་ཏུ་ཉེས་པ་བྱས་སོ། །སྙམ་དུ་བསམས་
སོ། །ཇི་ཙམ་དྲུང་དུ་ཕྱིན་ན་དེ་དག་གིས་རི་དགས་གཅིག་ཀྱང་མ་བསད་པར་མཐོང་ངོ་། །མཐོང་ནས་ཀྱང་གྱད་བུ་ནོར་དེ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་རི་དགས་དེ་དག་གར་སོང་། དེས་འདི་སྐད་ཅེས་སྨྲས་སོ། །བྲོས་ཏེ་སོང་ངོ་། །དེ་དག་གིས་སྨྲས་པ། ཅི་ཁྱོད་
Vol. 9 · folio 102a
ཀྱིས་མདའ་མ་འཕངས་སམ། དེས་སྨྲས་པ། འཕངས་ཏེ་དོང་པ་སྟོང་པར་འདུག་པ་ལ་ལྟོས། དེ་དག་གིས་འདི་སྙམ་དུ་འདི་ལྟར་གྱད་བུ་ནོར་འཕང་བ་དེ་ལྟ་བུ་དག་ལ་དེ་ལྟར་བྱང་བར་གྱུར་ཏོ་ཞེས་བྱ་བ་དེའི་གྲགས་པ་བརྫུན་པ་ལྟ། རྣམ་པ་གཅིག་
ཀྱང་མི་ཤེས་ན་བཞི་ཆར་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ཏེ། ཞེས་བྱ་བ་ནས་དེའི་གྲོགས་པོ་རྣམས་སྨོད་པར་བྱེད་དོ་ཞེས་བྱ་བའི་བར་དང་། རང་གི་ཁྱིམ་དུ་འོངས་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ན་ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་
དུ་ཆུད་དོ་ཞེས་བྱ་བའི་བར་ནས། ཕ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །ཞེས་བྱ་བའི་བར་དང་། བུ་ཅིའི་ཕྱིར་ཁྱོད་ཀྱིས་རི་དགས་མ་བསད་དེས་སྨྲས་པ། ཡབ་ཡུམ་ཁྱེད་ཅག་ལ་བདག་སྡུག་ལགས་སམ། བུ་ཤིན་ཏུ་སྡུག་གོ། །གལ་ཏེ་འགའ་ཞིག་གིས་
བདག་སྲོག་དང་ཕྲལ་ན་ཁྱེད་ཅག་ཇི་ལྟ་བུར་འགྱུར། དེ་དག་གིས་སྨྲས་པ། ཤིན་ཏུ་སྡུག་བསྔལ་བ་དང་། ཡིད་མི་བདེ་བར་འགྱུར་མོད། དེ་སྨྲས་པ། ཁྱེད་ཅག་ལ་ཡང་སྲོག་མི་ཕངས་ལགས་སམ། དེ་དག་གིས་སྨྲས་པ་ཤིན་ཏུ་ཕངས་སོ། །འོ་ན་ཁྱེད་ཅག་ཅིའི་སླད་དུ་
བདག་གཞན་གྱི་སྲོག་གཅོད་པ་ལ་སྦྱོར་བར་མཛད་གཞན་ཡང་ཡབ་ཡུམ་ཁྱེད་ཅག་གིས་འདི་ལྟར། འབྱུང་པོ་རྣམས་ལ་ཕན་འདོད་སྙིང་བརྩེ་བས། །སྲོག་གཅོད་པ་དང་གསོད་དང་འཆིང་བ་སྤོངས། །ཇི་ལྟར་རང་གི་སྲོག་ཕངས་སྲུང་བ་ལྟར། །དེ་བཞིན་གཞན་རྣམས་
ཀྱི་ཡང་སྲོག་བསྲུང་ངོ་། །ཞེས་བགྱི་བ་ཅི་མ་གསན་ཏམ་ཞེས་བྱ་བའི་བར་དུའོ། །དེ་ནས་དེ་དག་གི་བུ་དེའི་ངེས་པ་ཁོང་དུ་ཆུད་ནས་འདི་སྐད་ཅེས་སྨྲས་སོ། །བུ་དེ་ལྟ་ན་ཕྱིར་ཡང་སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་བཙུན་མོའི་འཁོར་རྣམས་དང་ལྷན་ཅིག་རྩེད་མོ་གྱིས་ཤིག །
དེ་ནས་གྱད་བུ་ནོར་གྱི་སྟེང་གི་ཁང་བཟངས་ཀྱི་ཐོག་ནས་འདི་སྐད་ཅེས་རྐང་གཉིས་པ་དང་། རྐང་མེད་པ་དང་། སྨན་དང་། རིག་སྔགས་དང་། གསང་སྔགས་འཆང་བ་གང་གིས་བདག་འཁོར་བའི་དགོན་པ་ལས་ཡོངས་སུ་ཐར་བར་བྱེད་པ་སུ་ཡོད་ཅེས་སྨྲས་སོ། །དེའི་ཚེ་
Vol. 9 · folio 102b
ཡུལ་སྡིག་བྱུང་ན་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་བྱེད་པ་རྣམས་གནས་ཏེ་ཞེས་བྱ་བ་ནས། འོད་སྲུང་གི་གན་དུ་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན་སློབ་མ་ལ་གདམས་པ་ནི་གང་ཡིན། ཁྱོད་ཀྱི་ཚངས་
པར་སྤྱོད་པ་ལ་གནས་པའི་འབྲས་བུ་ནི་གང་ཡིན་ཕན་ཡོན་ནི་གང་ཡིན། དེས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་སྨྲ་སྟེ། སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་མེད་དོ། །ཉེས་པར་སྤྱད་པ་མེད་དོ། །ལེགས་པར་སྤྱད་
པ་དང་ཉེས་པར་སྤྱད་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །མ་མེད་དོ། །ཕ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །འཇིག་རྟེན་འདི་ན་ཡང་དག་པར་སོང་བ་དང་། ཡང་དག་
པར་ཞུགས་པའི་དགྲ་བཅོམ་པ་གང་དག་རང་གི་མངོན་པར་ཤེས་པས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཤིང་བསྒྲུབས་ནས་ཁོང་དུ་ཆུད་པར་བྱས་ཏེ་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བརྟེན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་
ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་བྱ་བ་ནས། སྟོན་པ་འདི་ཡང་ལམ་གོལ་བར་ཞུགས་པ། ལམ་ངན་པ་སྒྲུབ་པར་བྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱིས་ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་བར་དང་ཚིགས་སུ་
བཅད་པ་སྨྲས་པ། ལྟ་ངན་ལོག་པར་སྟོན་བྱེད་པ། །དམན་པ་སྟོན་པར་གྲགས་པ་སྟེ། །གང་གི་ཆོས་ནི་དེ་འདྲ་བ། །དེ་ཡི་ཆོས་མིན་ཅི་འདྲ་ཞིག །ཅེས་བྱ་བ་ནས། དེ་བཞིན་དུ་སྟོན་པ་དྲུག་པོ་རྣམས་སྣོད་སྟོང་པ་བཞིན་དུ་བརྡབས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ། །
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ། ཉིན་མཚན་ལན་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམས་ལ་གང་ནི་ཉམས་པར་གྱུར། གང་ནི་སྡུག་བསྔལ་བར་གྱུར། གང་ནི་ཉམ་ང་བར་གྱུར། གང་ནི་མི་
Vol. 9 · folio 103a
བདེ་བར་གྱུར། གང་ནི་སྡུག་བསྔལ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་གི་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དགེ་བའི་རྩ་བ་བསྐྱེད་པར་བྱ། གང་གི་སྐྱེད་པ་རྣམས་ནི་འཕེལ་བར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་
རྣམས་ནི་ཡོངས་སུ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཤེས་རབ་ཀྱི་མཚོན་གྱིས་དྲལ་བར་བྱ། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་ཉན་ཐོས་ཀྱིས་འདུལ། གང་ནི་སངས་རྒྱས་དང་ཉན་ཐོས་ཀྱིས་འདུལ། གང་ནི་ཞེ་སྡང་ལ་སྤྱོད།
གང་ནི་འདོད་ཆགས་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད། གང་ནི་ཉེས་དམིགས་གང་གིས་གནོད་པར་གྱུར། འཕགས་པའི་ནོར་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་གི་བདག་པོ་ལ་
རབ་ཏུ་གཞག་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་དྲང་བར་བྱ། གང་ནི་ངན་སོང་ལས་བསླང་སྟེ། མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་གཞག་པར་བྱ་ཞེས་གཟིགས་པ་འཇུག་གོ། །ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །
དུས་ལས་འདའ་བར་འགྱུར་སྲིད་ཀྱི། །གདུལ་བྱ་ལ་བྱམས་སངས་རྒྱས་ནི། །དུས་ལས་འདའ་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྒྲིབ་པ་མི་མངའ་བའི་སྤྱན་སངས་རྒྱས་ཀྱི་སྤྱན་གྱིས་ཀུན་དུ་གཟིགས་ནས་དགོངས་པ། གྱད་བུ་ནོར་དེ་སྔོན་གྱི་སངས་
རྒྱས་རྣམས་ལ་དགེ་བའི་རྩ་བ་སྐྱེད་པ། སྨོན་ལམ་བཏབ་པར་གྱུར་པ། འབྲས་སྨིན་པ་མཚོན་གྱིས་བརྟོལ་འདོད་པ་ལྟ་བུར་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་གང་གིས་འདུལ་བར་འགྱུར། ཅི་ཉན་ཐོས་ཀྱིས་འདུལ་ལམ། འོན་ཏེ་སངས་རྒྱས་ཀྱིས་འདུལ།
ཅི་སྤྱོད་ལམ་གྱིས་འདུལ་ལམ། འོན་ཏེ་ཆོས་བཤད་པས་འདུལ་སྙམ་དུ་དགོངས་སོ། །བཅོམ་ལྡན་འདས་ཀྱིས་སྤྱོད་ལམ་གྱིས་འདུལ་ན་གང་གི་སྤྱོད་ལམ་གྱིས་འདུལ་སྙམ་དུ་དགོངས་ན། ཞེས་བྱ་བ་དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཡུལ་སྡིག་བྱུང་དུ་ཕྱིན་ནས་ཡུལ་སྡིག་བྱུང་ན་སྲིན་བུ་
Vol. 9 · folio 103b
པད་མའི་ནགས་ཁྲོད་ན་འདུག་གོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་སྔ་དྲོ་ཤམ་ཐབས་བགོས་ཞེས་བྱ་བ་ནས། གྱད་བུ་ནོར་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པས་ཚེ་དང་ལྡན་པ་རྟ་ཐུལ་འགྲོ་བ་དང་། ལྡོག་པ་དང་། བསྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་།
ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པ་དེ་མཐོང་ངོ་། །གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་མཐོང་བ་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། རྟགས་ཅན་ཆོས་ཀྱིས་འཚོ་བྱེད་པ། །འདི་ན་ཕལ་ཆེར་བདག་གིས་མཐོང་། །ཞི་ཞིང་ཞི་བར་གནས་གྱུར་པ། །
འདི་འདྲ་བདག་གིས་མ་མཐོང་ངོ་། །ཞེས་བྱ་བའི་བར་དུའོ། །མི་ཞིག་བཏང་ནས་ཞེས་བྱ་བ་ནས་སྤྱོད་ལམ་མཐོང་སྟེ་སླར་ལོག་ནས་གཞོན་ནུ་ལ་སྨྲས་སོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་བའི་རྩ་བས་བསྐུལ་ཏེ་ལྟ་འདོད་དེ་ཞེས་བྱ་བ་ནས། ཡང་
དག་པར་དགའ་བར་འགྱུར་བའི་བར་དུ་བྱས་ནས་འདུག་སྟེ་དེ་ལ་སྨྲས་པ། ཅི་ཁྱོད་སྟོན་པ་ཡིན་ནམ། འོན་ཏེ་ཉན་ཐོས་ཡིན། ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་སྨྲས་པ། རི་དབང་གངས་ཅན་དང་ནི་ཡུངས་ཀར་ཉིད་ཀྱི་ཁྱད་པར་གང་ཡིན་དང་། །
རྒྱ་མཚོ་དང་ནི་ཕྱུགས་རྗེས་ཆུ་ཆུང་ཉིད་ཀྱི་ཁྱད་པར་གང་ཡིན་དང་། །ཉི་མ་འོད་ཟེར་དྲ་བ་ཆེ་དང་སྲིན་བུ་མེ་ཁྱེར་ཁྱད་གང་ཡིན། །དེ་དག་རྫོགས་པའི་སངས་རྒྱས་ཡོན་ཏན་གཏེར་དང་ཉན་ཐོས་ཁྱད་པར་རོ། །ཞེས་བྱ་བའི་བར་དུའོ། །ཕ་མ་གཉིས་ཀྱི་གན་དུ་འོངས་ནས་གསོལ་
བ་འདེབས་པར་བྱེད་དེ་ཞེས་བྱ་བ་ནས། མ་གནང་ངོ་ཞེས་བྱ་བའི་བར་དང་། ཉིན་ཞག་གཅིག་ཟན་བཅད་པའི་བར་དང་། ཕ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ནི་སྡུག་བསྔལ་མི་ཤེས་ཏེ་ཚངས་པར་སྤྱོད་པར་སྤྱད་དཀའོ། །གཅིག་པུ་ཉིད་ལ་མངོན་པར་
དགའ་བར་བྱ་དཀའོ། །གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་དཀའོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཅན་གཟན་གདུག་པ་དག་དང་ལྷན་ཅིག་གནས་པར་བྱ་དགོས་སོ། །ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི་དགའ་བ་
Vol. 9 · folio 104a
དང་། རྩེད་མོ་དག་ལས་མངོན་པར་དབེན་པར་བྱ་དགོས་སོ། །བུ་ཁྱོད་ཚུར་ཤོག་འདུག་ལ་སྦྱིན་པ་དག་བྱིན་ཅིག །འདོད་པ་ལ་ཡང་ཡོངས་སུ་སྤྱོད་ཅིག་ཅེས་བྱ་བའི་བར་དུའོ། །རྗེས་སུ་གནང་ནས་ཞེས་བྱ་བ་ནས། ལུས་ཀྱི་སྟོབས་དང་། མཐུ་ཡང་དག་པར་
བསྐྱེད་ནས་ཞེས་བྱ་བའི་བར་དང་། ཕས་གྱད་བུ་ནོར་རབ་ཏུ་འབྱུང་བར་འདོད་ཀྱིས་གང་དག་རབ་ཏུ་འབྱུང་བར་འདོད་པ་དེ་དག་ཀྱང་དེང་ཤིག་ཅེས་དྲིལ་བསྒྲགས་པ་བྱས་པའི་བར་དུའོ། །དེ་ནས་དེའི་ནེའུ་ལྡངས་གང་ཡིན་པ་དེ་དག་འདི་སྙམ་དུ་གྱད་བུ་ནོར་འདི་ནི་བདེ་བ་འདོད་
པ་ཤིན་ཏུ་གཞོན་པ་ཡིན་ཡང་། ཁྱིམ་གྱི་བདེ་བ་སྤངས་ནས་ངེས་པར་བྱུང་སྟེ་རབ་ཏུ་འབྱུང་བར་བྱེད་ན། བདག་ཅག་གིས་ཇི་ལྟར་བྱ་སྙམ་དུ་བསམ་པ་ལས། དེ་ལས་གཅིག་གིས་འདི་སྐད་ཅེས་ལེགས་སུ་ཟད་དེ་བདག་ཅག་ཀྱང་རབ་ཏུ་འབྱུང་བར་བྱའོ་ཞེས་སྨྲས་སོ། །དེ་
ནས་གྱད་བུ་ནོར་གཞོན་ནུ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་སོང་སྟེ་ཕྱིན་ནས་རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྨྲས་
སོ། །བཙུན་པས་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གིས་དངོས་པོ་ཐོབ་པར་མཛད་དུ་གསོལ། བདག་ཁྱོད་ཀྱི་ཐད་དུ་ཚངས་པར་སྤྱད་པར་སྤྱོད་དོ། །དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་གྱད་བུ་
ནོར་རིམ་གྱིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་སོ། །དེས་ཀྱང་སྡེ་སྣོད་གསུམ་པོ་དག་ཁ་ཏོན་དུ་བཏོན་ཅིང་བསྒོམས་པས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་
ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། སྟེའུ་དང་ཙན་དན་དུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་
Vol. 9 · folio 104b
ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུགས་ཀྱིས་འདི་ལྟར་འདུས་པ་ཆེན་པོ་གཉིས་ཡོད་དེ་དབྱར་ཟླ་འབྲིང་
པོ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་དང་། སྟོན་ཟླ་འབྲིང་པོའི་ཉ་ལའོ། །གང་དག་དབྱར་ཟླ་འབྲིང་པོ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་གདམས་ངག་དང་རྗེས་སུ་བསྟན་པ་མནོས་པ་དེ་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་འདས་པར་བྱས་པ་
དེ་དག་སྟོན་ཟླ་འབྲིང་པོ་ཉ་ལ་འོངས་ནས་ཇི་ལྟར་ཁོང་དུ་ཆུད་པ་དག་ནི་རྗོད་པར་བྱེད། གོང་མར་གྱུར་པ་དག་ནི་འདྲི་བར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱི་ཡང་དེ་ལྟ་བུ་ཡིན་པས་ཚེ་དང་ལྡན་པ་རྟ་ཐུལ་གྱིས་ལྷན་
ཅིག་གནས་པ་དང་། ཉེ་གནས་གང་དག་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་དབྱར་གནས་པར་བྱས་པ་དེ་དང་། དེ་དག་སྟོན་ཟླ་འབྲིང་པོ་ཉ་ལ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་ལྷགས་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་
གྱིས་མཐོང་ངོ་། །ཚངས་པར་སྤྱོད་པ་དེ་དག་མཐོང་ནས་ཀྱང་བསུ་སྟེ། གསོང་པོར་སྨྲ་བས་ཡང་དག་པར་དགའ་བར་བྱས་ཏེ། ཆོས་གོས་དང་། འཁར་གསིལ་དང་། རིལ་བ་སྤྱི་བླུགས་དང་། གཏུར་བུ་དང་། ཞྭ་དང་། མཆིལ་ལྷམ་དང་། གདིང་བ་དག་བླངས་
སོ། །དེ་དག་ཀྱང་མཁན་པོའི་དྲུང་དུ་སོང་ནས་བསྙེན་བཀུར་བྱས་ཏེ་ཇི་ལྟར་ཁོང་དུ་ཆུད་པ་ནི་རྗོད་པར་བྱེད། གོང་མར་གྱུར་པ་ནི་འདྲི་བར་བྱེད་ཅིང་རྒྱལ་པོའི་ཁབ་གང་ན་བ་དེར་བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་
བྱེད་པ་དག་གྱད་བུ་ནོར་གྱིས་མཐོང་ངོ་། །མཐོང་ནས་ཀྱང་སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གང་དུ་དོང་། དེ་དག་གིས་སྨྲས་པ། བདག་ཅག་གིས་མཁན་པོ་ནི་མཐོང་ཟིན་པས་ད་ནི་སངས་
Vol. 9 · folio 105a
རྒྱས་བཅོམ་ལྡན་འདས་ལྟར་འགྲོའོ། །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་འདི་སྙམ་དུ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས་ཀྱི་སྐུ་མ་མཐོང་བས་བདག་
བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ། །དེ་ལྟར་བསམས་ནས་ཀྱང་གྱད་བུ་ནོར་གྱིས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་པོ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་ནི་
མཐོང་ན། གཟུགས་ཀྱི་སྐུ་མ་མཐོང་བས་ད་ནི་གཟུགས་ཀྱི་སྐུ་བལྟ་བར་འཚལ་ལོ། །དེ་སྐད་ཅེས་སྨྲས་པ་དང་། རྟ་ཐུལ་གྱིས་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་
དཔེར་ན་ཨུ་དུམ་བཱ་རའི་མེ་ཏོག་ལྟར་ཤིན་ཏུ་མཐོང་བར་དཀའ་བ་ཡིན་པས། བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་བར་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་མཁན་པོས་རྗེས་སུ་གནང་བས་ནེའུ་ལྡངས་མཁན་
པོ་གཅིག་པ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་གྱད་བུ་ནོར་རྒྱང་རིང་པོ་ཁོ་ན་ནས་འོངས་པ་གཟིགས་སོ། །གཟིགས་ནས་ཀྱང་གྱད་བུ་
ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཚུར་ཤོག །འོངས་པ་ལེགས་སོ། །ཁྱོད་དུས་སུ་ཕྱིན་ཏོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ན་གནས་མལ་མི་མཐུན་པར་འབོགས་པར་བྱེད་དོ། །མདོ་སྡེ་འཛིན་པ་རྣམས་དང་འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག་མདོ་སྡེ་
འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག །འདུལ་བ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག །འདུལ་བ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག་ཅེས་བྱ་བ་ནས་དེ་བཞིན་དུ་མུ་གསུམ་པ་ཡང་སྦྱར་
Vol. 9 · folio 105b
བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ་གྱད་བུ་ནོར་འདི་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ཀྱེ་མའོ་བདག་བཅོམ་ལྡན་འདས་ཀྱི་གནས་མལ་འགེད་པ་དང་། ཁ་ཟས་ལ་བསྐོ་བའི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ཞེས་བྱ་བའི་བར་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་འབོགས་པ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་བསྐོ་བར་མི་བྱ་ལ། བསྐོས་པ་ཡང་དབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་།
འཇིགས་པས་འགྲོ་བ་དང་། གནས་མལ་ཕོག་པ་དང་། མ་ཕོག་པ་མི་ཤེས་པའོ། །དཀར་པོའི་ཕྱོགས་ནི་དེ་ལས་བཟློག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གྱད་དུ་ནོར་གནས་མལ་འབོགས་པར་བསྐོ་བར་
བྱའོ་ཞེས་བྱ་བ་ནས། གནས་མལ་བཤམ་པར་བྱས་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གྱད་བུ་ནོར་འདི་དགེ་འདུན་གྱི་གནས་མལ་འབོགས་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་
མཛོད་ཅིག་དང་། གྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོ་བར་བགྱིའོ་ཞེས་བྱ་བའི་བར་དུ་སྟེ་འདི་ནི་གསོལ་བའོ། །དེའི་འོག་ཏུ་ལས་ཇི་ལྟ་བ་བཞིན་བྱའོ་གང་གི་ཚེ་གྱད་བུ་ནོར་འདི་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོས་པ་དེའི་ཚེ། གནས་མལ་
གཞན་དུ་བསྐོ་བར་བརྩམས་ཏེ། དེས་མདོ་སྡེ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག །འདུལ་བ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག །མ་མོ་འཛིན་པ་རྣམས་དང་མ་མོ་འཛིན་པ་རྣམས་སུ་ལྷན་ཅིག །གློ་བུར་པ་རྣམས་
དང་གློ་བུར་པ་རྣམས་སུ་ལྷན་ཅིག །རྣལ་འབྱོར་སྤྱོད་པ་རྣམས་དང་རྣལ་འབྱོར་སྤྱོད་པ་རྣམས་སུ་ལྷན་ཅིག །གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་ནི་ལན་གཅིག་ཕྱིར་འོང་བ་རྣམས་དང་ལྷན་ཅིག་ཏུ་བསྐོས། གང་དག་ལན་གཅིག་ཕྱིར་འོང་བའི་
Vol. 9 · folio 106a
འབྲས་བུ་ཐོབ་པ་དེ་དག་ནི་ཕྱིར་མི་འོང་བ་རྣམས་དང་ལྷན་ཅིག །ཕྱིར་མི་འོང་བ་རྣམས་ནི་དགྲ་བཅོམ་པ་རྣམས་དང་ལྷན་ཅིག་སྟེ། དེ་ལྟར་དགེ་སློང་དེ་རྣམས་ལྷག་པར་ཕན་ཚུན་དུ་འབེལ་བའི་གཏམ་རྣམ་པར་གཏན་ལ་དབབ་པ་དང་། དགེ་བའི་ཕྱོགས་
འཕེལ་བར་འགྱུར་བ་དེ་ལྟར་གནས་མལ་མཐུན་པར་གཞན་དང་གཞན་དུ་བསྐོས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྫུ་འཕྲུལ་གྱིས་གནས་མལ་འབོགས་པར་བྱེད་དོ། །གང་དག་མཚན་མོ་སྔར་འོང་བ་དེ་དག་ལ་ནི་སོར་མོ་གཅིག་ལས་འོད་སྦར་ཏེ་གནས་མལ་
འབོགས་པར་བྱེད་དོ། །གང་དག་མཚན་མོ་ཆེས་ཕྱིས་འོང་བ་དེ་དག་ལ་ནི་སོར་མོ་གཉིས་ལས་འོད་སྦར་ཏེ་འབོགས་པར་བྱེད་དོ། །དེ་བཞིན་དུ་གསུམ་པ་དང་། བཞི་པ་དང་། ལྔ་པ་ལས་འོད་སྦར་ཏེ་ཞེས་བྱ་བའི་བར་དུའོ། །དེ་ནས་དགེ་སློང་དེ་དག་འདི་སྙམ་དུ་
འདི་ནི་ཆོས་དང་ལྡན་པས་ལས་བྱས་པ་ཡིན་ཏེ་ཞེས་བྱ་བ་ནས། ཁོང་དུ་མ་ཆུད་པ་ནི་ཁོང་དུ་ཆུད་པར་གྱུར། ཁོང་དུ་ཆུད་པ་ནི་ལྷག་པར་ཁྱད་པར་དུ་ཁོང་དུ་ཆུད་པར་གྱུར་ཏོ། །དེ་ལྟར་བྱས་པ་ནས་འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ་
གནས་མལ་འབོགས་པར་བྱེད་ཅེས་ཕྱོགས་བཞི་དག་ཏུ་དེའི་སྒྲ་གྲགས་པར་གྱུར་ཏོ། །དེའི་ཚེ་གང་དག་ངོ་མཚར་དུ་གྱུར་པ་དེ་དག་གིས་ནི་མངོན་སུམ་དུ་བྱ་བའི་ཕྱིར་ཉིན་པར་འོངས་ནས་འོད་མའི་ཚལ་གྱི་ཉེན་ཀོར་དུ་འདུག་སྟེ་ཉི་མ་ནུབ་པ་དང་མཚན་མོ་འོང་བར་བྱེད་དོ། །དེ་
རྣམས་ལ་ཡང་ཚེ་དང་ལྡན་པ་དེས་དེ་བཞིན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ནས་གནས་མལ་འབོགས་པར་བྱེད་དོ། །རེ་ཞིག་ན་རྒྱལ་པོའི་ཁབ་དེ་ན་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་དགེ་འདུན་ལ་ཟས་རྣམ་པ་གསུམ་དུ་ཤོམ་པར་བྱེད་དེ། ཁ་ཅིག་ནི་བསོད་པ་སྦྱིན་
པར་བྱེད་པའོ། །ཁ་ཅིག་ནི་འབྲིང་དག་སྦྱིན་པར་བྱེད་པའོ། །ཁ་ཅིག་ནི་ངན་པ་དག་སྦྱིན་པར་བྱེད་པའོ། །ཁྱིམ་གང་ན་བསོད་པ་དག་སྦྱོར་བ་དེ་དག་ནི་དྲུག་སྡེ་རྣམས་ཀྱི་སྔོན་ངོ་ཤེས་པ་ཡིན་པས་དེར་ནི་རང་འབའ་ཞིག་འགྲོ་བར་བྱེད་དོ། །གང་ན་འབྲིང་སྦྱིན་པར་བྱེད་པ་
Vol. 9 · folio 106b
དེར་ནི་གྲོགས་པོ་དང་། ཉེ་གནས་དག་གོ། །གང་ན་ངན་པ་དག་སྦྱིན་པ་དེར་ནི་དགེ་སློང་ཕལ་རྣམས་འགྲོ་བར་བཤམས་སོ། །དེའི་ཚེ་ཁྱིམ་བདག་དགེ་བཟང་ཞེས་བྱ་བ་བསོད་པ་སྦྱིན་པར་བྱེད་པའི་མཆོག་ཅེས་བྱ་བའི་བར་ནས། དྲུག་སྡེ་རྣམས་རེ་མོས་འགྲོ་བར་
བྱེད་དེ། ཉི་མ་དང་པོ་ལ་ནི་དགའ་བོ་དང་། ཉེ་དགའ་ཟན་ཟ་བར་བྱེད་དོ། །ཉི་མ་གཉིས་པ་ལ་ནི་འདུན་པ་དང་། འཆར་ཀའོ། །ཉི་མ་གསུམ་པ་ལ་ནི་འགྲོ་མགྱོགས་དང་། ནབ་སོའོ། །ཁྱིམ་བདག་དེས་དེ་རྣམས་ལ་དྲིས་པ། འཕགས་པ་དག་འོད་མའི་ཚལ་ན་དགེ་
སློང་གཞན་མི་བཞུགས་སམ་ཅི་ན། འགའ་ཙམ་ཡང་འདིར་བཤོས་གསོལ་བར་མི་མཛད་པར་ཡང་དང་ཡང་དུ་ཁྱེད་ཅག་ཁོ་ན་རེ་མོས་བྱོན། དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་མི་ཤེས་སོ། །འོད་མའི་ཚལ་དེ་ན་དགེ་སློང་དག་ཡོད་ཀྱང་ཉིན་གཅིག་བཞིན་དུ་
བཟའ་བ་དང་། བཅའ་བ་ལ་སོགས་པ་རྣམ་པ་སྣ་ཚོགས་སྤྱོད་པར་བྱེད་པ་དེ་དང་དེ་དག་ཁྱོད་འདྲ་བའི་ཁ་ཟས་ཕུལ་བ་དེ་ཇི་ལྟར་ཟ་བར་བྱེད། ངེད་ཅག་ནི་ཁྱོད་ཁོ་ན་ལ་ཕན་གདགས་པའི་ཕྱིར་འོང་བར་ཟད་དོ། །དེ་ནས་ཁྱིམ་བདག་གིས་སྨྲས་པ། འཕགས་པ་གལ་ཏེ་འཕགས་
པ་ཁྱེད་ཅག་གིས་བདག་ལ་ཕན་གདགས་པར་མི་མཛད་ན་གཞན་སུ་ཞིག་བགྱིད་པར་འགྱུར་ཞེས་སྨྲས་སོ། །དེ་ནས་དུས་གཞན་ཞིག་ན་ལྷོ་ལམ་ནས་དགེ་སློང་ཞིག་བཅོམ་ལྡན་འདས་ཡང་དག་པར་བལྟ་བའི་ཕྱིར་ལྗོངས་རྒྱུ་ཞིང་རིམ་གྱིས་འོད་མའི་ཚལ་དུ་འོངས་སོ། །དེ་
སྔ་དྲོ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ་སྔ་དྲོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། དེ་སྲང་ན་རྒྱུ་བ་ཁྱིམ་བདག་དགེ་བཟང་གིས་མཐོང་ནས་སྔོན་མ་བྱུང་བ་ཞིག་གོ་སྙམ་དུ་བསམས་ཏེ་དེས་དེ་ལ་སྨྲས་པ། བཙུན་པ་ག་ལས་བྱོན། དེས་སྨྲས་པ། ལྷོ་
ལམ་ནས་སོ། །ཅིའི་ཕྱིར་བཅོམ་ལྡན་འདས་བལྟ་བའི་ཕྱིར་རོ། །བསྟི་གནས་གང་དུ་བྱས་དེས་སྨྲས་པ། འོད་མའི་ཚལ་དུའོ། །ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ། དེས་སྨྲས་པ། ཅི་ཟན་གཅོད་ཕོད་དམ། བཙུན་པ་ཅི་འོད་མའི་ཚལ་ན་ད་ལྟར་དགེ་འདུན་ལ་
Vol. 9 · folio 107a
སྦྱིན་བདག་རྣམས་བཟའ་བ་དང་། བཅའ་བ་དང་། བལྡག་པའི་རྣམ་པ་བསོད་པ་བསོད་པ་དག་འབུལ་བར་མི་བགྱིད་ལགས་སམ། ཁྱིམ་བདག་གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། ཁོ་བོ་ཁྱོད་ཀྱི་ཡུལ་དུ་བསོད་སྙོམས་ལ་འོང་རེ་སྐན། ཁྱིམ་བདག་
གིས་དགེ་སློང་གི་ཚིག་ཐོས་ནས་དྲུག་སྡེ་རྣམས་ལ་དོགས་པ་སྐྱེས་ཏེ། དེ་དག་ནི་བདག་ལ་གཞན་དུ་སྨྲ་ལ། དགེ་སློང་འདི་ཡང་གཞན་དུ་སྨྲའོ་སྙམ་མོ། །དེས་དགེ་སློང་དེ་ལ་ཐུགས་ཁྲལ་སྐྱུངས་ཤིག་དང་། དེང་ཁྱོད་ཀྱི་གདུགས་ཚོད་བདག་སྦྱོར་ན་བདག་རྗེས་སུ་གཟུང་
དུ་གསོལ་ཞེས་བྱ་བའི་བར་ནས་དེས་དགེ་སློང་དེ་ཁྲིད་དེ་སོང་ངོ་།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བརྒྱད་པ། དྲུག་སྡེས་བསྐོས་པའི་དགེ་སློང་གཉིས་ཀྱང་འོངས་པ་དང་། ཁྱིམ་བདག་དེས་དེ་དག་བདེ་བར་འདུག་ཏུ་བཅུག་སྟེ། བཟའ་བ་
དང་། བཅའ་བ་གཙང་ཞིང་བསོད་པ་རབ་ཏུ་མང་པོ་དག་ལེགས་པར་བྲིམས་ཤིང་བསྟབས་ཏེ་ཟན་ཟོས་ཟིན་པ་དང་། ཁྱིམ་བདག་གིས་དྲུག་སྡེ་གཉིས་ལ་འཕགས་པ་དག་གིས་ནི་བདག་ལ་གདུགས་གཅིག་བཞིན་དུ་ཆོས་བཤད་པས་དེ་རིང་ནི་བདག་སྔོན་ཆད་མ་བྱོན་པའི་དགེ་
སློང་འདི་ལས་ཆོས་མཉན་ཏོ་ཞེས་སྨྲས་པ་དང་། དེ་གཉིས་ཀྱིས་ཡོན་བསྔོ་བ་བྱས་ནས་དོང་ངོ་། །དེ་ནས་ཁྱིམ་བདག་དགེ་བཟང་དགེ་སློང་དེའི་མདུན་དུ་འདུག་ནས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ཁྱོད་ལ་བདག་གིས་དེ་རིང་ནི་བཤོས་གསོལ་བ་འདི་ཅི་བསོད་པ་
དག་ལགས་སམ། འོན་ཏེ་ངན་པ་དག་ལགས། དེས་སྨྲས་པ། སྦྱིན་བདག་བདག་ལྷོ་ལམ་ནས་འོང་བར་བརྩམས་པ་གང་ཡིན་པ་ཚུན་ཆད་ནས་དའི་བར་དུ་བདག་གིས་འདི་ལྟ་བུའི་བསོད་པ་དག་ཟ་མ་མྱོང་ངོ་། །དེས་ཡང་སྨྲས་པ། འཕགས་པ་བདག་ལ་དགེ་
སློང་འདི་དག་ཁ་ཟས་འདི་ངན་ནོ་ཞེས་རྟག་ཏུ་སྨྲ་ན་དེ་ཇི་ལྟ་བུ་ཞིག་ལགས། དེས་སྨྲས་པ། དེ་དག་གིས་གདོན་མི་ཟ་བར་ཁྱིམ་འདིར་གཞན་འགའ་ཡང་མི་འོང་བར་བྱ་བའི་ཕྱིར་བྱས་སོ། །བཙུན་པ་ཅིའི་སླད་དུ་དགེ་སློང་གཞན་ཁྱིམ་འདིར་མི་བྱོན། ཁྱིམ་བདག་འདིར་
Vol. 9 · folio 107b
གཞན་དག་འོང་དུ་གླང་པོ་ཆེས་བརྫིས་ན་ཇི་ལྟར་བྱ། དེས་འདི་སྙམ་དུ་དེ་ཁོ་ན་ལྟར་ཡིན་ནོ་སྙམ་དུ་བསམས་ནས། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དོན་མཇལ་ལགས་ཀྱིས་ད་ཆོས་ཀྱི་བཀའ་མཆིད་གསུངས་ཤིག་ཅེས་བྱ་བ་ནས། དགེ་སློང་དེས་ཆོས་ཀྱི་
གཏམ་གྱིས་ཡང་དག་པར་བསྟན་ནས་སོང་ངོ་ཞེས་བྱ་བའི་བར་དུའོ། །དེ་ནས་ཁྱིམ་བདག་དགེ་བཟང་གིས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །བདག་གིས་དགེ་འདུན་གྱི་གདུགས་ཚོད་ནར་མར་བཤམ་པ་དེ་ལ་གལ་ཏེ་དགེ་འདུན་གྱིས་བསྐོས་པའི་
དགེ་སློང་མཆིས་པས་ལོངས་སྤྱོད་པར་བགྱིད་པ་ལྟ་ན་གཡར་དམ་དེ་མི་བཤིག་པར་བགྱིའོ། །དེ་ལྟ་མ་ལགས་ན་བདག་གི་སྦྱིན་པར་བྱ་བའི་ཆོས་ཇི་ལྟར་བཤམས་པ་རྣམས་བཞག་སྟེ། བདག་གིས་གང་ཟག་སྒོ་སྒོར་སྩལ་བར་མི་བགྱིའོ། །དེ་ནས་དགེ་སློང་དེ་དག་གིས་
འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་ཉེས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་ཟས་ལ་བསྐོ་བ་བསྐོ་བར་བྱའོ། །
གང་གི་ཚེ་དགེ་འདུན་རྣམས་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ཟས་ལས་བསྐོ་བར་བསྐོས་པ་དེའི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་སྦྱིན་བདག་གིས་ཁྱིམ་དེ་དག་ཐམས་ཅད་ལས་གང་དག་ནི་བསོད་པ་སྦྱིན་པར་བྱེད། གང་དག་ནི་འབྲིང་སྦྱིན་
པར་བྱེད། གང་དག་ནི་ངན་པ་དག་སྦྱིན་པར་བྱེད་ཅེས་བརྟགས་སོ། །དེས་བརྟགས་ནས་ཀྱང་བསོད་པ་དག་སྦྱིན་པར་དགེ་སློང་གནས་བརྟན་གནས་བརྟན་དག་བསྐོས་སོ། །འབྲིང་དག་སྦྱིན་པར་དགེ་སློང་བར་མ་དག་བསྐོས་སོ། །ཐ་མ་དག་སྦྱིན་པར་དགེ་སློང་
གཞོན་རབས་དག་བསྐོས་སོ། །ཉི་མ་གཉིས་པ་ལ་ནི་ངན་པ་དག་སྦྱིན་པར་གནས་བརྟན་གནས་བརྟན་རྣམས་སོ། །འབྲིང་དག་སྦྱིན་པར་གཞོན་རབས་རྣམས་སོ། །བསོད་པ་དག་སྦྱིན་པར་བར་མ་རྣམས་སོ། །ཉི་མ་གསུམ་པ་ལ་ནི་བར་མ་དག་སྦྱིན་པར་གནས་
Vol. 9 · folio 108a
བརྟན་རྣམས་སོ། །ངན་པ་དག་སྦྱིན་པར་བར་མ་རྣམས་སོ། །བསོད་པ་དག་སྦྱིན་པར་གཞོན་རབས་རྣམས་ཏེ། དེ་ལྟར་ཚུལ་དེ་ལྟ་བུས་དགེ་སློང་རྣམས་ཟས་ལ་སྐོ་བར་བྱེད་དོ། །ཡང་དགེ་སློང་གློ་བུར་བ་གང་ཡིན་པ་དེ་དག་ཉི་མ་དང་པོ་ལ་ནི་བསོད་
པ་སྦྱིན་པ་དག་ཏུའོ། །ཉི་མ་གཉིས་པ་ལ་ནི་འབྲིང་སྦྱིན་པ་དག་ཏུའོ། །ཉི་མ་གསུམ་པ་ལ་ནི་ངན་པ་སྦྱིན་པ་དག་ཏུ་སྐོ་བར་བྱེད་ཅིང་། ཉི་མ་བཞི་པ་ལ་ནི་ལམ་སྲང་གི་སྤྱོད་ཡུལ་ལ་མཁས་པར་བྱེད་དོ། །དེས་རིམ་པར་བཀླགས་པ་དེ་བཞིན་དུ་དགེ་འདུན་རྣམས་ཟས་ལ་
བཀོད་པ་ན་རྒན་རིམས་ཇི་ལྟ་བ་བཞིན་དང་རིམ་པར་བཀླགས་པ་ཇི་ལྟ་བ་བཞིན་དུ་ཐོད་རྒལ་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་རྣམས་གནས་མལ་འབོགས་པ་རྣམས་
དང་། ཟས་ལ་བསྐོས་པ་རྣམས་ཀྱི་ནང་ན་གྱད་བུ་ནོར་འདི་མཆོག་ཡིན་ནོ། །དེའི་ཚེ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལྗོངས་རྒྱུ་ཞིང་འགྲོ་བ་ན་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་གཉིས་ཀྱི་གནས་མལ་དང་
གནས་ཁང་ཡང་བསྐོས་སོ། །དེ་ནས་ནམ་ནངས་པ་དང་མཛའ་བོ་དང་། ས་ལས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཟས་ལས་བསྐོ་བ་སུ་ཡོད། དགེ་སློང་ཞིག་གིས་དེ་གཉིས་ལ་སྨྲས་པ། གྱད་བུ་ནོར་ཡིན་ནོ། །དེ་གཉིས་ཀྱིས་ཚེ་དང་
ལྡན་པ་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ། །གྱད་བུ་ནོར་བདག་ཅག་གི་ཟས་སྐོས་ཤིག །དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་དེ་གཉིས་ཉི་མ་དང་པོ་ལ་ཟས་བསོད་པ་སྦྱིན་པ་དག་ཏུ་བསྐོས་སོ། །དེ་ནས་མཛའ་བོ་དང་། ས་ལས་སྐྱེས་སྔ་དྲོ་ཆོས་
གོས་བགོས། ལྷུང་བཟེད་ཐོགས་ནས་སྦྱིན་བདག་གི་ཁྱིམ་གང་ན་བར་དོང་ངོ་། །ཁྱིམ་བདག་དེ་ཡང་བུ་གཅིག་པ་སྡུག་པ། ཡིད་དུ་འོང་བ་ཤི་བས་དེ་བུ་ཤི་བའི་མྱ་ངན་གྱིས་གདུངས་པའི་ཕྱིར་དགེ་སློང་གི་ཟས་བཤམ་པ་མ་བྱས་སོ། །དེ་གཉིས་ཀྱིས་ཀྱང་
Vol. 9 · folio 108b
མ་བརྟགས་པར་འོངས་པ་ཁྱིམ་བདག་གིས་མཐོང་ངོ་། །མཐོང་ནས་ཀྱང་ཁྱིམ་གྱི་མི་རྣམས་ལ་སྨྲས་པ། དགེ་སློང་དག་གི་ཕྱིར་ཟས་བཤམས་པ་ཅུང་ཟད་ཡོད་དམ། དེ་དག་གིས་སྨྲས་པ། མ་མཆིས་སོ། །དེས་འདི་སྙམ་དུ་རེ་ཞིག་བུ་ཤི་བ་འདི་ཡང་ཕུང་
བྱས་པ་གཅིག་ཡིན་ན། གཉིས་པ་གོ་ཅིའི་ཕྱིར་བྱ་སྙམ་དུ་བསམས་སོ། །དེ་ལྟར་བསམས་ནས་ཀྱང་དེས་ཁ་ཟས་ངན་པ་ཞིག་ཕུལ་ལོ། །དེ་གཉིས་ཀྱིས་ཀྱང་ཟོས་སོ། །ཟོས་ནས་ཀྱང་དེ་གཉིས་ཀྱིས་འདི་སྙམ་དུ་བདག་ཅག་གིས་ཐོས་པ་ཡང་གཞན་ལ། མྱོང་བ་ཡང་
གཞན་དུ་གྱུར་ཏེ་ཟས་ངན་པ་དག་ཟོས་པར་གྱུར་མོད་ཀྱི། འོན་ཀྱང་སང་ནི་ཟས་བསོད་པ་དག་བཟའ་བར་བྱའོ་སྙམ་དུ་བསམས་སོ། །དེ་གཉིས་ཉི་མ་གཉིས་པ་ལ་སྦྱིན་བདག་འབྲིང་དག་སྦྱིན་པར་བསྐོས་ཏེ་དེར་དོང་བ་ལས་ཞེས་བྱ་བ་ནས། དེར་ཡང་ཉེས་པ་དེ་བཞིན་དུ་གྱུར་
ཏོ་ཞེས་བྱ་བའི་བར་དུའོ། །ཉི་མ་གསུམ་པ་ལ་སྦྱིན་བདག་ངན་པ་དག་སྦྱིན་པ་དེར་བསྐོས་སོ། །དགྲ་བཅོམ་པ་རྣམས་ནི་མ་དགོངས་པར་ཡེ་ཤེས་གཟིགས་པ་མི་འཇུག་པ་ཡིན་ལ། དེ་གཉིས་ཀྱིས་ཀྱང་ཁ་ཟས་ངན་པ་དག་ཟོས་པས་དེ་དག་ལུས་ཤིན་ཏུ་རྗུད་པར་གྱུར་ཏོ། །
དེ་ནས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་འདི་སྙམ་དུ་ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་མི་བཟད་དེ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ་བདག་ཅག་གཉིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ཐོ་བཙམས་ཏེ་ལུས་ཤིན་ཏུ་
རྗུད་པར་གྱུར་གྱིས། བརྐུ་ཐབས་འགའ་ཞིག་བྱའོ་སྙམ་དུ་བསམས་སོ། །དེའི་ཚེ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱི་སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན་དགེ་སློང་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ན་འདུག་གོ། །དེ་
ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དགེ་སློང་མ་མཛའ་མོ་ཕྱོགས་གཅིག་ཏུ་འདུག་
Vol. 9 · folio 109a
པ་ན་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་བྱེད་དོ། །དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་འདི་
སྐད་ཅེས་སྨྲས་སོ། །འཕགས་པ་དག་ཅིའི་སླད་དུ་བདག་ལ་གཏམ་འདྲེ་བར་མི་མཛད། ཕེབས་པར་སྨྲ་བར་མི་མཛད། ལྟ་བར་མི་མཛད། རྣམ་པར་ལྟ་བར་མི་མཛད་སྲིང་མོ་ཁོ་བོ་ཅག་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པས་ཐོ་
བཙམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་ན། དེ་ཁྱོད་ཀྱིས་ཡལ་བར་དོར་རམ། འཕགས་པ་དག་འོ་ན་དེ་ལ་བདག་གིས་ཅི་ཞིག་བགྱི་སྲིང་མོ་ཁྱོད་ཚུར་ཤོག །བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་
པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་སྨྲོས་ཤིག་དང་། ཁོ་བོ་ཅག་གཉིས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་
ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་སྨྲ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་མ་མཛའ་མོས་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དག་བདག་གིས་དགེ་སློང་དག་པ་ལྟུང་བ་མ་
མཆིས་པ་ལ་གཞི་མ་མཆིས་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་ཇི་ལྟར་སྐུར་པ་གདབ། སྲིང་མོ་ཁྱོད་ཅི་སྲིད་དུ་དེ་སྐད་མི་ཟེར་བ་དེ་སྲིད་ཀྱི་བར་དུ་ཁོ་བོ་ཅག་གཉིས་ཁྱོད་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་ལྟ་བར་མི་
བྱེད་དོ། །དེ་ནས་དགེ་སློང་མ་མཛའ་མོ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་དེ་ལྟ་ན་བདག་གིས་བགྱི་བ་གང་ལགས་པ་དེ་བགྱིའོ། །སྲིང་མོ་ཁྱོད་དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་
Vol. 9 · folio 109b
ཅག་གཉིས་བཅོམ་ལྡན་འདས་གང་ན་བ་དེར་མ་སོན་པ་དེ་སྲིད་དུ་སྡོད་ལ། དེའི་འོག་ཏུ་ཁྱོད་ཤོག་ཤིག །དེ་ནས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་
འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་དོང་ནས་རིང་པོ་མ་ལོན་པར་རིག་པ་དང་། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་
ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་མཛའ་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་
མཐུན་པ་མ་ལགས་སོ། །དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་
ཀྱིས་ཀྱང་འཚལ་ཏོ། །དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་དེ་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ། །
གྱད་བུ་ནོར་ཁྱོད་ཀྱི་དེ་ཇི་ལྟ་བུ་ཡིན། བདག་ཇི་ལྟ་བུ་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །བདག་གི་ཇི་ལྟ་བུ་ལགས་པ་དེ་བདེ་བར་གཤེགས་པས་མཁྱེན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱི་དྲན་ན་དྲན་ནོ་ཞེས་སྨྲོས་ཤིག །
ཁྱོད་མི་དྲན་ན་མི་དྲན་ནོ་ཞེས་སྨྲོས་ཤིག །བཅོམ་ལྡན་འདས་མི་དྲན་ལགས་སོ། །བདེ་བར་གཤེགས་པ་མི་དྲན་ལགས་སོ། །དེའི་ཚེ་ཚེ་དང་ལྡན་པ་སྒྲ་ཅན་ཟིན་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་མའི་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་གཡོབ་
Vol. 9 · folio 110a
ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ་བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་
ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་མ་ལགས་སོ་ཞེས་མཆི་ལ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་
གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་མཆི་ན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་སྨྲ་ཅི་འཚལ། སྒྲ་ཅན་ཟིན་དེའི་ཕྱིར་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་
བཟོད་པ་དེ་ཁོ་ན་བཞིན་དུ་ལན་ཐོབ་ཤིག །གལ་ཏེ་དགེ་སློང་མ་མཛའ་མོ་ང་གང་ན་བ་དེར་འོངས་ཏེ་ཕྱིན་ནས་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་སྒྲ་ཅན་ཟིན་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ་ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་མཐུན་པ་
མ་ལགས་སོ་ཞེས་ཟེར་ལ། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱིས་ཀྱང་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་འཚལ་ཏོ་
ཞེས་ཟེར་ན། དེ་ལ་སྒྲ་ཅན་ཟིན་ཁྱོད་ཀྱིས་ཇི་སྐད་ལན་གདབ་པར་བྱ། བཙུན་པ་བདག་གིས་འདི་སྐད་ཅེས་དྲན་ན་ཡང་དྲན་ནོ་ཞེས་གསོལ་ལོ། །མི་དྲན་ན་ཡང་མི་དྲན་ནོ་ཞེས་གསོལ་ལོ། །རེ་ཞིག་སྐྱེས་བུ་བླུན་པོ་ཁྱོད་ཀྱིས་ཀྱང་དོན་དེ་སྨྲ་བར་གྱུར་ན། དགེ་སློང་
གྱད་བུ་ནོར་དག་པ་ལྟུང་བ་མེད་པས་ཅིའི་ཕྱིར་སྨྲ་བར་མི་བྱ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཤིག །དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་
Vol. 9 · folio 110b
བསྙིལ་བར་གྱིས་ཤིག །དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་སྨྲ་ཞིང་བརྟག་པ་གྱིས་ཤིག་ཅེས་བཀའ་
སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་རིང་པོ་མ་ལོན་པར་རིག་ནས། ཚེ་དང་
ལྡན་པ་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་བཟུང་། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་
ཕྱིར་དེར་སོན་ཅེས་ལེགས་པར་རབ་ཏུ་སྨྲས་ཤིང་བརྟགས་སོ། །ལེགས་པར་རབ་ཏུ་སྨྲས་ཤིང་བརྟགས་པ་ན་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱོད་པའི་ཕས་ཕམ་པ་མ་བྱུང་མོད་ཀྱི། འོན་ཀྱང་
བདག་ཅག་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ཐོ་བཙམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་ཏེ་ཞེས་བྱ་བའི་བར་དང་། དེ་གཉིས་ཀྱིས་འདི་སྙམ་དུ་ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མའོ་མི་བཟད་དོ། །ཚེ་དང་ལྡན་པ་
གྱད་བུ་ནོར་གྱིས་བསམས་བཞིན་དུ་ཞེས་བྱ་བ་ནས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ལུས་ཤིན་ཏུ་རྗུད་པར་གྱུར་པས་བརྐུ་ཐབས་འགའ་ཞིག་བྱའོ་ཞེས་བསམས་ཏེ། བདག་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདུན་པས་སྨྲས་པ། ཞེ་སྡང་དང་།
གཏི་མུག་དང་། འཇིགས་པས་སྨྲས་པར་ཟད་ཀྱི། ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤྱད་པའི་ཕས་ཕམ་པར་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་དག་པ་ལྟུང་བ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་
Vol. 9 · folio 111a
རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མི་གཏི་མུག་ཅན་དེ་དག་གཉིས་ཀྱིས་འདི་ལྟར་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་ཤེས་བཞིན་དུ་བརྫུན་གྱི་ཚིག་སྨྲས་པར་གྱུར་ཏོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་ལས་ཚིགས་སུ་བཅད་པ་
གཉིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི། །ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་བཤིག་པ་ཡིས། །འདི་ན་སྡིག་པ་མི་བྱ་མེད། །ལྕགས་སྒོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་ཆེས་བླ་ཡི། །ཚུལ་འཆལ་
ཡང་དག་སྡོམ་མེད་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །དེ་ནས་ནམ་མཁའི་དཀྱིལ་ན་གནས་པའི་ལྷ་རྣམས་ཀྱིས་ཀྱེ་མའོ། །ཨ་ལ་ལ་རྙེད་པ་དང་བཀུར་སྟི་འདི་ནི་མི་བཟད་པའོ། །མཆོག་ཏུ་མི་བཟད་པའོ་ཞེས་བྱ་བ་ནས། ཟང་ཟིང་ཅུང་ཟད་
ཙམ་གྱི་རྒྱུས་དགེ་སློང་ལ་སྐུར་པ་འདེབས་པར་བྱེད་པ་ནི་ངན་པའོ་ངན་པའོ་ཞེས་སྨྲས་སོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། ཉེས་མེད་སྲིད་གསུམ་འགྲོ་བ་ཡི། །ནོར་ལའང་སྐུར་པ་བཏབ་པའི་ཕྱིར། །འཇིག་རྟེན་དག་ན་བློ་ལྡན་
གང་། །འཁོར་བ་ལ་ནི་དགའ་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་གསུམ་པོ་འདི་དག་ནི་འདི་དག་མ་སྤངས་ན་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དག་ཡིན་ནོ། །
གསུམ་གང་ཞེ་ན། དགེ་སློང་དག་འདི་ལ་གཅིག་ནི་འདོད་པ་རྣམས་ལ་སྟེན་ཅིང་སྡིག་པ་མི་དགེ་བ་དག་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དང་པོ་ཡིན་ནོ། །གཞན་ཡང་དགེ་སློང་
དག་འདི་ལ་གང་ཟག་གཅིག་ནི་འདོད་པ་རྣམས་ནི་གཙང་བའོ། །འདོད་པ་རྣམས་ནི་བསོད་པའོ། །འདོད་པ་རྣམས་ནི་ལོངས་སྤྱད་པར་བྱ་བའོ། །འདོད་པ་རྣམས་ལ་ཉེས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲ་བ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་
Vol. 9 · folio 111b
ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གཉིས་པ་ཡིན་ནོ། །གཞན་ཡང་དགེ་སློང་དག་འདི་ལ་གང་ཟག་གཅིག་ནི་བདག་ཉིད་མི་ཚངས་པར་སྤྱོད་པ་བྱེད་ལ། གཞན་དག་ལ་ཡང་གཞི་མེད་པར་མི་ཚངས་པར་སྤྱོད་པའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་
པ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་
འདི་སྐད་བཀའ་སྩལ་ཏོ། །སྐྱེས་བུ་སྐྱེས་པའི་ཁ་ནས་ནི། །ངག་གིས་ཚིག་ངན་རྗོད་བྱེད་པའི། །སྟ་རེ་འབྱུང་ཞིང་དེ་ཡིས་ནི། །བདག་ཉིད་གཅོད་པར་བྱེད་པར་འགྱུར། །གང་ཞིག་སྨད་བྱ་སྟོད་བྱེད་ཅིང་། །བསྟོད་བྱ་རྣམས་ལ་སྨོད་བྱེད་པ། །དེ་ཡི་ཁ་
ནས་ཕུང་ཁྲོལ་སྐྱེད། །ཕུང་ཁྲོལ་ཅན་གྱིས་བདེ་མི་མྱོང་། །གང་འདིར་ཆོ་ལོས་རང་ནོར་ཟད་བྱེད་པ། །དེ་ནི་ཕུང་ཁྲོལ་ཅུང་ཟད་ཙམ་དུ་ཟད། །གང་ཞིག་བདེ་བར་གཤེགས་ལ་ཡིད་རབ་འཁྲུག །དེ་འདིར་ཕུང་ཁྲོལ་ཤིན་ཏུ་ཆེན་པོ་ཡིན། །གང་ཡིད་འཕགས་
པས་སྨད་པའི་སྡིག་གནས་ན། །བྱེ་བ་བརྒྱ་ཕྲག་སྟོང་ཕྲག་དུང་ཕྱུར་ཕྲག །སུམ་བཅུ་དྲུག་དང་ལྔ་པོ་ཇི་སྙེད་པར། །སེམས་དམྱལ་ཆུ་བུར་ཆུ་བུར་རྡོལ་བར་འགྲོ། །གང་གི་ཚེ་དགེ་འདུན་གྱིས་དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ།
མཛའ་བོ་དང་ས་ལས་སྐྱེས་ལ་ནི་ལེགས་པར་རབ་ཏུ་དྲིས་པ་དེའི་ཚེ། དགེ་སློང་མ་རང་བཞིན་དུ་གནས་པ་རྣམས་ཚེ་དང་ལྡན་པ་གྱད་བུ་ནོར་གྱི་བསྔགས་པ་ནི་སྨྲ་བར་བྱེད། དགེ་སློང་མ་མཛའ་མོ་ལ་ནི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །དེ་ནས་དགེ་སློང་
མ་མཛའ་མོའི་ཕུ་ནུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བ་དགེ་སློང་མ་མཛའ་མོའི་བསྔགས་པ་མ་ཡིན་པ་བརྗོད་པ་དེའི་ཚེ་དགེ་སློང་མ་རྣམས་ལ་ཁྲོས་འཁྲུགས་རྔམ་པས་དགེ་སློང་མ་རྣམས་ལ་ཡང་གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ཤིང་
Vol. 9 · folio 112a
དགེ་སློང་མ་རྣམས་སྤ་འགོང་བར་བྱེད་དོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་།
དངོས་པོ་འདི་དང་། སྐབས་འདི་ལ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུ་རྒྱས་པར་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་ཞིག་ཁྲོས་ཤིང་ཞེ་སྡང་མ་སྤངས་པས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་
གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་མ་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་ཡང་ཆོས་འདི་དང་པོ་ཉིད་ཀྱི་ལྟུང་བར་འགྱུར་ལ། ངེས་
པར་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ། །ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་པ་དང་། རྔམ་པ་དང་། ངན་པ་དང་། ཡི་མ་རངས་པའོ། །ཞེ་སྡང་མ་སྤངས་པས་ཞེས་བྱ་བ་ནི་འཁྲུགས་པ་མ་
བསལ་བར་རོ། །ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་ཞེས་བྱ་བ་ནི་ཅི་ནས་ཀྱང་འདི་དགེ་སྦྱོང་གི་ཚུལ་དང་དབྲལ་ལོ་སྙམ་ནས་སོ། །དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པའོ། །གཞི་མེད་པར་ཞེས་བྱ་བ་ནི་གཞི་གསུམ་
པོ་མཐོང་བའི་གཞི་དང་། ཐོས་པའི་གཞི་དང་། དོགས་པའི་གཞི་མེད་པར་རོ། །ཕས་ཕམ་པར་གྱུར་པ་ཞེས་བྱ་བ་ནི་བརྒྱད་པོ་གང་ཡང་རུང་བས་སོ། །ཆོས་ཀྱིས་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ། །སྐུར་པ་ལས་ཞེས་བྱ་
བ་ནི་སྐུར་པ་བཏབ་པ་ལས་སོ། །དེ་དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ། །དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ། །མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་པ་དང་། ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་གཅགས་པ་
Vol. 9 · folio 112b
སྐྱེས་ནས་སོ། །རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འགྱོད་པའི་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །གཞི་མེད་པ་ཡིན་ལ་ཞེས་བྱ་བ་ནི་གཞི་གསུམ་པོ་དག་མེད་པ་ཡིན་པ་ལའོ། །དགེ་
སློང་མ་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་དང་དབྲལ་བར་འདོད་པས་སོ། །ཞེ་སྡང་གིས་སྨྲས་སོ་ཞེས་བྱ་བ་ནི་ལྷག་པར་ཡང་དགེ་སྦྱོང་གི་ཚུལ་དང་དབྲལ་བར་འདོད་པས་སོ། །ཆོས་འདི་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ། །དང་
པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མོད་ལ་ལྟུང་བར་འགྱུར་བའོ། །ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་དེ་གཉི་གའི་དགེ་འདུན་ལ་རག་ལས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་།
གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་ནི་མ་ཡིན་པའོ། །ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི་ཕྱིར་ལྷག་མ་
དང་བཅས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ལྟུང་བར་འགྱུར་ཞེ་ན། གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ནི་ལྟུང་བར་འགྱུར་ལ། གཞི་ལྔས་ནི་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་
ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་ཐོས་སོ། །བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་
ལྷག་མར་འགྱུར་རོ། །དེ་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་བཞིན་དུ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །བདག་དོགས་ཏེ་
Vol. 9 · folio 113a
དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ། །ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན་བདག་གིས་མཐོང་
ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་ཞེས་ཟེར་བ་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་གཞི་བཅུས་ལྟུང་བར་འགྱུར་རོ། །ཇི་ལྟར་གཞི་ལྔས་ལྟུང་བར་
མི་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་ངོ་། །ཐོས་སོ། །དོགས་སོ། །ཞེས་
ཟེར་ན་ལྟུང་བར་མི་འགྱུར་རོ། །དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ། །
བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ། །དེ་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ་གང་ཟག་དག་པ་མ་དག་པ་
ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ་ཡང་གཞི་བཅུས་ལྟུང་བར་འགྱུར་ལ། གཞི་ལྔས་ལྟུང་བར་མི་འགྱུར་རོ། །གང་ཟག་མ་དག་པ་ལ་སྐུར་པ་འདེབས་པ་ལ་ནི་གཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། གཞི་དྲུག་གིས་ལྟུང་བར་མི་འགྱུར་རོ། །ཇི་ལྟར་གཞི་བཅུ་
གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words