དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 98 · folio 32b

ཐམས་ཅད་གྲོལ། །དྷ་ནི་རང་བཞིན་མེད་པའི་སྒོ། །མཚན་ཉིད་མེད་པས་ཐམས་ཅད་གྲོལ། །ན་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །པ་ནི་ངེས་པར་འབྱུང་བའི་སྒོ། །འགག་པ་མེད་པས་ཐམས་ཅད་གྲོལ། །ཕ་ནི་དངོས་པོ་མེད་

པའི་སྒོ། །ཅི་ཡང་མེད་པས་ཐམས་ཅད་གྲོལ། །བ་ནི་བརྗོད་པ་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །བྷ་ནི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་ཐམས་ཅད་གྲོལ། །མ་ནི་ཆགས་པ་མེད་པའི་སྒོ། །རྟག་པ་མེད་པས་ཐམས་ཅད་གྲོལ། །ཡ་ནི་

ཆགས་པ་མེད་པའི་སྒོ། །གོས་པ་མེད་པས་ཐམས་ཅད་གྲོལ། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་ཐམས་ཅད་གྲོལ། །ར་ནི་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་ཐམས་ཅད་གྲོལ། །ལ་ནི་བླང་བ་མེད་པའི་སྒོ། །ཡོན་ཏན་མེད་པས་ཐམས་ཅད་

གྲོལ། །ཤ་ནི་སྤྲོས་པ་མེད་པའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་བྱེད། །ཥ་ནི་ཁུར་དང་བྲལ་བའི་སྒོ། །ལྕི་བ་མེད་པས་ཐམས་ཅད་གྲོལ། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པས་ཐམས་ཅད་གྲོལ་བར་བྱེད། །ཧ་ནི་རྒྱུ་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་

བས་གྲོལ་བར་བྱེད། །ཨ་ནི་ཁམས་དང་བྲལ་བའི་སྒོ། །མཚན་ཉིད་མེད་པས་གྲོལ་བར་བྱེད། །ཨི་ནི་མཐོང་བ་མེད་པའི་སྒོ། །གཟུགས་དང་བྲལ་བས་ཐམས་ཅད་གྲོལ། །ཨུ་ནི་ཐོས་པ་མེད་པའི་སྒོ། །སྒྲ་དང་བྲལ་བས་ཐམས་ཅད་གྲོལ། །ཨེ་ནི་ཚོར་བ་མེད་པའི་

སྒོ། །དྲི་དང་བྲལ་བས་གྲོལ་བར་བྱེད། །ཨོ་ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་ཐམས་ཅད་གྲོལ། །ཨྃ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །མྱ་ངན་འདས་དང་འཁོར་བའི་ཆོས། །ཡོད་མཐོང་སྣང་གྲགས་ཆོས་

ཐམས་ཅད། །ཡི་གེའི་ཚོགས་སུ་མངོན་སངས་རྒྱས། །ཡི་གེར་མ་གྱུར་གང་ཡང་མེད། །ཆོས་ཉིད་སྙིང་པོའི་ཉི་མ་ལ། །འོད་ཟེར་ཡིག་འབྲུའི་ཚོགས་སུ་འབར། །ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །ཡིག་འབྲུ་སྣ་ཚོགས་ཕྲ་བཀོད་པ། །དུས་གསུམ་རྒྱལ་བའི་

Vol. 98 · folio 33a

དཀྱིལ་འཁོར་རྫོགས། །ཉི་མ་འབར་བའི་འོད་ཟེར་ལས། །འོད་ཀྱི་འབར་བའི་རྡོ་རྗེ་འབར། །ཡི་གེ་ཧཱུཾ་གི་འོད་འཕྲོས་པས། །རྡོ་རྗེ་སྙིང་པོའི་ས་བོན་ཞེས། །རྡོ་རྗེ་རིགས་ཀྱི་ཞིང་དུ་གྲགས། །ཉི་མའི་འོད་ཟེར་རིན་ཆེན་ལས། །ཡིག་འབྲུ་འོད་ཀྱི་སྭ་

འཕྲོས་པས། །རིན་ཆེན་སྙིང་པོའི་ས་བོན་ཞེས། །རིན་ཆེན་རིགས་ཀྱི་ཞིང་དུ་གྲགས། །ཉི་མ་པདྨོ་འབར་འཕྲོས་པས། །ཆོ་འཕྲུལ་ཡི་གེའི་ཨྃ་དུ་འབར། །པདྨ་རིགས་ཀྱི་ཞིང་དུ་གྲགས། །སྣ་ཚོགས་ཉི་མའི་འོད་འཕྲོས་པས། །ཆོ་འཕྲུལ་ཡི་གེ་ཧར་གསལ་བས། །སྣ་

ཚོགས་སྙིང་པོའི་ས་བོན་ཏེ། །ལས་ཀྱི་རིགས་ཀྱི་ཞིང་དུ་གྲགས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ནི་རྡོ་རྗེ་ཡེ་ཤེས་ཡིན། །ཡེ་ཤེས་དམ་པས་སྤྲུལ་པ་ཡི། །རྒྱལ་བ་དཔག་ཏུ་མེད་པ་ལ། །རྡོ་རྗེ་རིགས་ཞེས་བྱ་བར་བཤད། །ཡོན་ཏན་ཡེ་ཤེས་རིན་

ཆེན་ཡིན། །རིན་ཆེན་དེ་ལས་སྤྲུལ་པ་ཡི། །རྒྱལ་བ་དཔག་ཏུ་མེད་པ་ལ། །རིན་ཆེན་རིགས་ཞེས་བྱ་བར་བཤད། །གསུང་གི་ཡེ་ཤེས་པདྨ་སྟེ། །པདྨ་ཡེ་ཤེས་ལས་སྤྲུལ་པའི། །རྒྱལ་བ་དཔག་ཏུ་མེད་པ་ལ། །པདྨོ་རིགས་ཀྱི་ཞིང་དུ་གྲགས། །ཕྲིན་ལས་བྱ་བ་སྣ་

ཚོགས་ཏེ། །སྣ་ཚོགས་ཡེ་ཤེས་སྤྲུལ་པ་ཡི། །རྒྱལ་བ་དཔག་ཏུ་མེད་པ་ལ། །ལས་ཀྱི་རིགས་ཞེས་བྱ་བར་བཤད། །སྐུ་ནི་མ་བཅོས་དེ་བཞིན་ཉིད། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ། །སྤྲུལ་པ་རྒྱལ་བ་དཔག་མེད་ལ། །དེ་བཞིན་རིགས་ཞེས་བྱ་བར་བཤད། །དེ་བས་རིགས་

ཀྱི་གཏན་ཚིགས་ནི། །མ་བཅོས་སྐུ་ནི་དེ་བཞིན་ཉིད། །མི་འགྱུར་རིགས་ནི་རྡོ་རྗེའི་རིགས། །ཡོན་ཏན་ཀུན་འབྱུང་རིན་ཆེན་རིགས། །ཆགས་མེད་གསུང་གི་པདྨའི་རིགས། །བྱ་བ་བྱེད་པ་ལས་ཀྱི་རིགས། །སྐུ་ཡི་སྤྲུལ་པ་ཐམས་ཅད་ནི། །དེ་བཞིན་རིགས་ཀྱི་གདུང་རྒྱུད་

འཛིན། །ཐུགས་ལས་སྤྲུལ་པའི་སངས་རྒྱས་ནི། །རྡོ་རྗེ་རིགས་ཀྱི་གདུང་རྒྱུད་འཛིན། །ཡོན་ཏན་ཡུལ་གྱི་སངས་རྒྱས་རྣམས། །རིན་ཆེན་རིགས་ཀྱི་གདུང་རྒྱུད་འཛིན། །གསུང་ལས་སྤྲུལ་པའི་སངས་རྒྱས་རྣམས། །པདྨ་རིགས་ཀྱི་གདུང་རྒྱུད་འཛིན། །མཛད་པ་སྤྲུལ་

Vol. 98 · folio 33b

པའི་སངས་རྒྱས་རྣམས། །ཕྲིན་ལས་རིགས་ཀྱི་གདུང་རྒྱུད་འཛིན། །ཅི་ཕྱིར་རིགས་ཞེས་བྱ་ཞེ་ན། །དང་པོ་དེ་ལས་བྱུང་བ་དང་། །བར་དུ་དེ་ཡི་བྱ་བ་བྱེད། །ཐ་མར་དེ་ཡི་རྒྱུད་འཛིན་ཕྱིར། །དེ་ཕྱིར་རིགས་ཞེས་གྲགས་པ་ཡིན། །དཔེར་ན་མེ་དང་ཆུ་དག་དང་། །ནམ་

མཁའ་དང་ནི་ས་དག་ལ། །གནས་པའི་སེམས་ཅན་མཐའ་དག་ཀུན། །གནས་རྒྱུན་ཉིད་ཀྱི་མིང་འཛིན་དེ། །མེ་ལ་གནས་པའི་སེམས་ཅན་ལ། །མེ་ཡི་ཡི་དགས་མ་ཞེས་ཟེར། །ཆུ་ལ་གནས་པའི་སེམས་ཅན་ལ། །ཆུ་སྲིན་ཏྭ་ར་ན་ཞེས་ཟེར། །ཅི་ཕྱིར་ལྔ་ཞེས་བྱ་

ཞེ་ན། །རྒྱལ་བ་སངས་རྒྱས་ཐམས་ཅད་ལ། །སྐུ་དང་གསུང་ཐུགས་ཡོན་ཏན་དང་། །མཛད་པ་ཕྲིན་ལས་ཉིད་དང་ལྔ། །རིག་པ་ལྔ་དང་ལྔ་ཉིད་དུ། །ཐམས་ཅད་ཀུན་ཏུ་གསལ་བར་སྣང་། །དེས་ན་ལྔ་ཞེས་ངེས་པར་བཤད། །ཅི་ཕྱིར་ཞེ་ན་སངས་རྒྱས་ཀུན། །

ལྔ་པོ་དེ་ལས་མ་གཏོགས་པ། །གཞན་ལས་བྱུང་ཞིང་གཞན་ན་མེད། །སངས་རྒྱས་མཚན་གྱི་ཁྱད་པར་ཡང་། །མཚན་མེད་པ་ལས་མཚན་བཏགས་པ། །ཐམས་ཅད་ལྔ་པོ་ཉིད་ལས་བཏགས། །མཚན་གྱི་བྱེ་བྲག་ཐམས་ཅད་ཀུན། །ཐ་སྙད་ཙམ་དུ་གདགས་

པར་ཟད། །རིགས་མེད་པ་ལས་རིགས་སྨོས་པ། །འདུལ་བའི་དབང་དུ་ལྔར་སྣང་ཡང་། །དྲང་བའི་དོན་ཏེ་དངོས་གཞི་མེད། །ཅི་ཡང་མེད་ལས་ཅི་སྣང་བ། །མཁའ་ལ་འཇའ་ཚོན་བྱུང་བ་འདྲ། །ཆོས་ཀུན་ནམ་མཁའ་འདྲ་བ་ཞེས། །གསང་བ་མཆོག་གི་བདག་

པོས་བཤད། །མཉམ་དང་མི་མཉམ་མཉམ་པ་ཡིན། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཁོར་བ་མེད་ཅིང་ཆོས་ཉིད་མེད། །དམིགས་པ་མེད་དེ་མི་དམིགས་མེད། །དེ་ལྟར་ཤེས་པ་མཁས་པ་ཡིན། །རིག་དང་མ་རིག་ཚུལ་གཅིག་སྟེ། །དེ་ལྟར་ཤེས་པ་རྒྱལ་

བ་ཡིན། །སེམས་ཅན་རང་བཞིན་སངས་རྒྱས་ཉིད། །སངས་རྒྱས་རང་བཞིན་སེམས་ཅན་ཏེ། །སེམས་ཅན་སངས་རྒྱས་གཅིག་པ་ཡིན། །དེ་ལྟར་ཤེས་པ་རྒྱལ་བའི་སྲས། །བྱང་ཆུབ་ཕྱིར་ནི་གང་མ་བརྙེས། །མ་བརྙེས་གང་ཡང་དེ་མ་བརྙེས། །བརྙེས་པ་མེད་པའི་

Vol. 98 · folio 34a

དོན་མཐོང་ན། །དེ་ནི་བརྙེས་པའི་མཆོག་ཡིན་ནོ། །གཞན་ཡང་འདུས་པའི་རྣལ་འབྱོར་རྣམས། །ལམ་གྱི་ངོ་བོ་ཚོལ་འདོད་ན། །ལམ་གྱི་རྟགས་ཉིད་དཔེས་མཚོན་ཏེ། །ལམ་གྱི་དོན་ལ་གོམས་པར་བྱ། །མི་གནས་མིག་ལྡན་སྒྲོན་མ་ཡིས། །

ལམ་གྱི་རྒྱུ་ལ་མཁས་པར་བྱ། །བག་ཆགས་རྟོགས་པའི་མཚན་མ་རྣམས། །སྣ་ཚོགས་དངོས་པོར་སྣང་མོད་ཀྱང་། །ནམ་མཁའ་དག་ལ་སྨིག་རྒྱུ་འདྲ། །དེ་ཡང་གཏན་ཚིགས་ངེས་པ་ཡི། །དཔེ་ཡིས་མཚོན་ཏེ་རྟོགས་བྱ་ན། །མཁའ་ལ་སྤྲིན་ཕུང་འཇའ་ཚོན་དང་། །

ཆར་ལ་སོགས་པའི་རྒྱུན་སྣང་ཡང་། །ནམ་མཁའི་ཆོ་འཕྲུལ་གཅིག་ཏུ་ཟད། །རྟག་ཏུ་དེ་ལྟར་སྣང་བ་མིན། །དཔེར་ན་སྒྱུ་མའི་རང་བཞིན་ཡང་། །སླུ་ཞིང་འདྲིད་པ་ཅིར་སྣང་ཡང་། །སྒྱུ་མའི་འཕྲུལ་པ་སྣང་བར་ཟད། །རྟག་ཏུ་དེ་ལྟར་སྣང་བ་མིན། །དཔེར་ན་རྡོ་ཡི་

དངོས་པོ་ཡང་། །སྲ་ཞིང་མཁྲེགས་པའི་དངོས་པོ་ཡང་། །བཏགས་སམ་ཕྱེ་མར་བྱས་ནས་ཀྱང་། །རླུང་གི་མཐུ་ཡིས་གཏོར་བྱས་ན། །དེ་ལ་རང་བཞིན་ག་ལ་ཡོད། །དཔེར་ན་མེ་ཡི་རང་བཞིན་དག །ཚང་ཚིང་སྦར་སྦུར་ཀུན་སྲེག་ཅིང་། །འབར་འཕྲོ་སྣང་གསལ་

མཆེད་བྱེད་ན། །ཆུ་ཡི་མཐུ་ཡིས་རླག་འགྱུར་ན། །དེ་ལ་རང་བཞིན་ག་ལ་ཡོད། །དཔེར་ན་རྫས་ཀྱི་དངོས་པོ་ཡང་། །མེ་ཡི་མཐུ་ཡིས་སྲེག་འགྱུར་ན། །དེ་ལ་རང་བཞིན་ག་ལ་ཡོད། །ཤེས་པས་ཟིན་པའི་སེམས་ཅན་རྣམས། །གཟུགས་དང་དྲན་པ་སྣ་ཚོགས་

ཀྱི། །དབང་པོ་ལ་སོགས་མཛེས་གྱུར་ཀྱང་། །ཕུང་པོ་མི་རྟག་ཤི་འཕོས་ན། །དངོས་པོ་བརྟན་པར་མི་འགྱུར་ཏེ། །གཟུགས་རྣམས་སོ་སོར་ཞིག་ནས་ནི། །རུས་པ་དག་ཀྱང་མི་སྣང་སྟེ། །ཞིག་དང་རུལ་ལ་སོགས་པ་ཡིས། །ཐ་མར་ཅི་ཡང་མི་སྣང་འགྱུར། །རི་

བོ་ཆེན་པོ་ལ་སོགས་པ། །དངོས་པོ་བརྟན་གཡོའི་འཇིག་རྟེན་རྣམས། །སྲེག་པའི་བསྐལ་པ་ལ་སོགས་པ། །བསྐལ་པ་གསུམ་གྱིས་བརླག་བྱས་ན། །དེ་ལ་རང་བཞིན་ག་ལ་ཡོད། །དེས་ན་དངོས་པོའི་ཆོས་རྣམས་ཀུན། །དངོས་པོར་བརྟགས་པ་མ་ཡིན་

Vol. 98 · folio 34b

པས། །ཆོས་རྣམས་རང་བཞིན་མེད་པར་ཤེས། །འདི་ནི་རྣལ་འབྱོར་ལམ་གྱི་མཆོག །འདུས་པའི་ཚོགས་རྣམས་གོམས་པར་གྱིས། །ཞེས་སེམས་དཔའི་རྡོ་རྗེ་སྨྲ་བའི་སེང་གེས་རྣལ་འབྱོར་མཆོག་གི་ལམ་གསུངས་པའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་

ཀུན་འདུས་རིག་པའི་མདོ་ལས་རྣལ་འབྱོར་རྗེས་སུ་འཇུག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་སྨྲ་བའི་སེང་གེ་སེམས་དཔའི་རྡོ་རྗེ་དེ་ཆོ་འཕྲུལ་ཆེན་པོ་སྣ་ཚོགས་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེའི་བྱིན་གྱི་རླབས་ལས་

ཞིང་ཁམས་ཐམས་ཅད་གཡོས་པར་གྱུར་ཏེ། དོན་ཡོངས་སུ་རྫོགས་པའི་སྔ་ལྟས་བྱུང་བར་གྱུར་ཏོ། །འཁོར་དེར་འདུས་པར་གྱུར་པ་རྣམས་ལ་ལ་ནི་ཉི་ཟླའི་སྟེང་ན་གནས་ཤིང་ཆོས་ཉིད་ཀྱི་ནམ་མཁའ་ལ་ལྡིང་བར་གྱུར་ཏོ། །ལ་ལ་ནི་རི་རབ་རྒྱང་མར་འཕེན། ལ་ལ་ནི་སྟོང་

གསུམ་ཆེན་པོའི་ཁམས་འཕེན་པར་གྱུར་ཏོ། །ལ་ལ་ནི་ཆོས་ཉིད་བདེན་པའི་དོན་མཐོང་བར་གྱུར་ཏོ། །ལ་ལ་ནི་སེང་གེའི་ཁྲི་ལ་འདུག་པར་གྱུར་ཏོ། །དེ་ནས་སེམས་དཔའི་རྡོ་རྗེ་དེ་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། འདུས་པ་ཆེན་པོའི་རྣལ་འབྱོར་གྱིས་ཤིན་

ཏུ་ངོ་མཚར་ཆེ་བར་གྱུར་ནས། སེམས་དཔའི་རྡོ་རྗེ་དེ་ལ་རྣལ་འབྱོར་གྱི་ཕྱག་ལུས་ཀུན་དུས་ལ་བརྡབས་ནས་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་ཆོ་འཕྲུལ་རྒྱ་ཆེར་གདའ་བ་འདི་དོན་ཇི་ལྟ་བུ་ལགས། རྟགས་ཅི་ལྟ་བུ་ལགས། བདག་ཅག་རྣམས་ལ་རྒྱ་ཆེར་

བཤད་དུ་གསོལ་ཞེས་ཞུས་པ་ལས། །སྨྲ་བའི་སེང་གེ་ཆེན་པོས་བཀའ་སྩལ་པ། འདུས་པའི་རྣལ་འབྱོར་རྣམས་འདི་དག་ནི་དོན་ཡོངས་སུ་རྫོགས་པའི་ལྟས་ཆེན་པོ་ཡིན་ཏེ། སྔ་ལྟས་ཀྱི་མཚན་མ་འདི་དང་སྦྱར་ན་འདུས་པ་ཆེན་པོ་རྣམས་ས་ནས་སར་ཤིན་ཏུ་འཕར་

ཞིང་ཡང་དག་ངེས་པའི་དོན་མཐོང་བའི་སྔ་ལྟས་ཡིན་ནོ་ཞེས་གསུངས་པ་ལས། །རྣལ་འབྱོར་གྱི་ཚོགས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ས་ནོན་པའི་སྔ་ལྟས་ནི་ཇི་ལྟ་བུ་ལགས། །དོན་མཐོང་བའི་སྔ་ལྟས་ནི་ཇི་ལྟ་བུ་ལགས། བདག་ཅག་རྣམས་ལ་བཤད་

Vol. 98 · folio 35a

དུ་གསོལ་ཞེས་ཞུས་པ་ལས་སེམས་དཔའ་རྡོ་རྗེས་བཀའ་སྩལ་པ། །འདུས་པ་ཆེན་པོའི་ཚོགས་ལེགས་སོ། །ཁྱོད་ཀྱིས་ཞུས་པའི་དོན་རྒྱ་ཆེར་བཤད་པར་བྱའོ། །རྣ་བ་ལྷོགས་ལ་གུས་པར་ཉོན་ཅིག །སྒྲུབ་པ་དོན་གྱི་རྣལ་འབྱོར་པ། །

རྣལ་འབྱོར་དོན་ལ་སྦྱོར་བའི་ཚེ། །སྤྱད་པའི་ལས་ཀྱི་ཁྱད་པར་གྱིས། །ཁམས་དང་ས་ནི་གར་འགྲོ་བ། །མདོ་དོན་ཚུལ་ལྔས་ལུང་བསྟན་ནོ། །ངེས་པའི་སྔ་ལྟས་བྱུང་བ་ཡི། །འབྲས་བུ་དོན་གྱི་ཁྱད་པར་ཡང་། །ཆོ་འཕྲུལ་སྣ་ཚོགས་སྟོན་པར་ནུས། །དེ་ནས་ཡང་

དག་བདེན་པ་འཐོབ། །ངེས་པའི་སྔ་ལྟས་རྣམ་པ་ལྔ། །རྒྱུ་ཡི་དུས་ན་འབྱུང་བ་ནི། །ཚིག་གི་བརྗོད་པ་འདི་ལྟ་སྟེ། །བློ་རྩལ་ལས་ཀྱི་ཁྱད་པར་ཡང་། །སྣང་བ་ལུས་ཀྱི་སྔ་ལྟས་དང་། །ངོ་མཚར་རྫས་རྙེད་ཚུལ་རྟགས་དང་། །མཚན་མ་པྲ་ཡི་རྨི་ལྟས་དང་། །འདུན་

པ་མང་པོའི་སྔ་ལྟས་ཀྱིས། །འབྲས་བུ་གང་དང་གང་འགྲུབ་པ། །མཚན་མ་གསལ་བར་རྒྱུད་ལས་འབྱུང་། །དཔེར་ན་མེ་ཡི་སྔ་ལྟས་ནི། །དུ་བའི་མཚན་མ་རྒྱས་པར་འབྱུང་། །དུ་བ་གར་བྱུང་གནས་དེ་ན། །མེ་ཉིད་ཡོད་པར་ངེས་པ་ཡིན། །དེ་བཞིན་ཆུ་ཡི་སྔ་ལྟས་

ཀྱང་། །རླངས་དང་སྔབས་དང་སྲོག་ཆགས་འབྱུང་། །དེ་ན་ཆུ་ཉིད་ཡོད་པར་ངེས། །རླུང་གི་ལྟས་ཀྱང་འདི་ལྟ་སྟེ། །སྤྲིན་རྣམས་རྒྱུག་ཅིང་དུམ་བུར་འཆད། །དེས་ན་རླུང་ཆེན་འབྱུང་བར་ངེས། །རྩི་མཚལ་ལོ་མ་གང་བྱུང་བ། །དེ་ན་གསེར་ཁུང་ཡོད་པ་ལྟར། །སྔ་ལྟས་

མཚན་མ་འདི་དག་གིས། །འབྲས་བུ་མཐོ་དམན་གར་འགྱུར་བ། །རྒྱུ་ལ་མཁས་པར་བྱས་ནས་ནི། །མཚན་མ་ཅི་བྱུང་དེ་ལ་སྦྱར། །བར་ཆད་མེད་པའི་བརྩོན་འགྲུས་ཀྱིས། །སྲོག་ལ་བབ་ཀྱང་མི་བལྟ་བར། །རྣལ་འབྱོར་ཡུལ་ལ་འཇུག་པ་དང་། །ཏིང་འཛིན་རིག་པའི་

རྩལ་སྤྲུགས་ལ། །གཉེན་པོ་ཀུན་བསྟེན་ས་སྦྱངས་ནས། །རྣལ་འབྱོར་ས་ལ་བརྩོན་པར་བྱ། །འདིས་ནི་གདོན་མི་ཟ་བ་དང་། །ལ་ལ་ཐེ་ཚོམ་མི་སྐྱེ་ཞིང་། །མ་ངེས་ལ་ཞུགས་ཐེ་ཚོམ་མེད། །དཔེར་ན་འཇིག་རྟེན་བྱིས་པ་དག །ཡུན་རིངས་མ་ལ་སྐྱོ་བ་ལྟར། །སྔ་ལྟས་

Vol. 98 · folio 35b

བྱུང་བའི་སྒྲ་ཐོས་ན། །ཤིན་ཏུ་བྲོད་པས་མདུན་བསུ་ལྟར། །ལྟས་ཆེན་བྱུང་བའི་བྲོད་ཚུལ་གྱིས། །ཤིན་ཏུ་བརྩོན་པས་བདེ་ཐོབ་འགྱུར། །དེ་བས་སྔ་ལྟས་མཚན་མ་རྣམས། །ཤེས་ནས་བརྩོན་པར་འབད་པའི་རིགས། །བློ་རྩལ་ལས་ཀྱི་ཁྱད་པར་གྱིས། །ཏིང་

འཛིན་དྲོད་ཀྱི་སྔ་ལྟས་འབྱུང་། །ཡང་དག་བདེན་པའི་དོན་བསྟན་ན། །མི་སྐྲག་མི་དང་དགའ་བ་སྐྱེ། །ཡང་དག་དོན་ལ་ངེས་བལྟས་ན། །འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ། །ཡང་དག་དོན་ལ་འདྲིས་པ་དང་། །རྣམ་གྲངས་ཆོས་ལ་དད་མི་འགྱུར། །ཡང་དག་དོན་ཉིད་

མཐོང་བ་ན། །ཚིག་ལ་དགའ་བ་མི་སྐྱེ་ཞིང་། །དོན་ཉིད་ཉེ་བར་འཛིན་པར་བྱེད། །དོན་མཐོང་བ་དང་ཡེ་ཤེས་སྐྱེ། །ཡེ་ཤེས་སྐྱེས་པར་གྱུར་པ་དང་། །དངོས་པོར་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་བཞིན་དུ་ཤེས་པར་འགྱུར། །སྒྱུ་མ་ཙམ་དུ་ཤེས་པ་ལ། །བརྟེན་

ནས་ཆོས་ཉིད་དོན་བལྟས་ན། །སྣང་བ་མེད་པའི་དོན་ཉིད་ནི། །སྣང་བ་མེད་པར་མཐོང་བར་འགྱུར། །སྣང་མེད་སྲིད་པ་མཐོང་བའི་ཚེ། །ཆོ་འཕྲུལ་རྒྱུ་བ་ཐམས་ཅད་འབྱུང་། །དེ་ཉིད་བདེན་པའི་སྔ་ལྟས་སོ། །དེ་ནས་ཉི་མའི་འོད་ཟེར་གྱི། །རྡུལ་ཕྲན་འདྲ་བའི་མཚན་མ་

འབྱུང་། །དེ་ནི་གཡོ་བའི་སྔ་ལྟས་སོ། །དེ་ནས་སྨིག་རྒྱུ་ལྟ་བུར་འབྱུང་། །དང་པོའི་དྲོད་ཅེས་བྱ་བར་བཤད། །དེ་ནས་མཚོ་ཡི་རླབས་ལྟར་འབྱུང་། །བར་གྱི་དྲོད་ཅེས་བྱ་བར་བཤད། །དེ་ནས་རླུང་ཆེན་ལྟ་བུར་ཡང་། །ཐོགས་པ་མེད་པར་འབྱུང་བར་འགྱུར། །ཐ་

མའི་དྲོད་ཅེས་བྱ་བར་བཤད། །དེ་ནས་ཡིག་འབྲུའི་དྲོད་སྤྲོས་པས། །ཆར་ཆེན་འབབ་པ་ལྟ་བུར་འབྱུང་། །དེ་ནི་ཐོབ་པའི་དྲོད་ཅེས་བྱ། །དེ་ནས་མཁའ་ལ་སྤྲིན་ལྡིང་བཞིན། །ཏིང་འཛིན་རྩལ་འཕང་མཐོ་བར་འགྱུར། །དེ་ནི་ཤིན་ཏུ་བརྟན་པའི་དྲོད། །དེ་ནས་ཏ་

ལ་གཅིག་ཙམ་དུ། །བདག་གི་ལུས་ནི་དབང་མེད་པར། །མཁའ་ལ་འཕར་ཞིང་འཕགས་པར་རྩོལ། །འདི་ནི་ཤིན་ཏུ་གསལ་བའི་དྲོད། །དེ་ནས་ས་ཆེན་གཡོ་བ་ལྟར། །ཤིན་ཏུ་ཡམ་ཡོམ་མར་མེར་འབྱུང་། །འདི་ནི་དང་པོའི་རྟགས་ཤེས་བྱ། །དེ་ནས་

Vol. 98 · folio 36a

ཏིང་འཛིན་རྩལ་སྦྱངས་ན། །ཅི་ལྟར་དམིགས་པ་དེར་འགྲུབ་སྟེ། །མེ་ཡི་སྐྱེ་མཆེད་དེར་བསྒོམས་ན། །མེ་ཡི་རང་བཞིན་ཉིད་དུ་འགྱུར། །ཆུ་ཡི་སྐྱེ་མཆེད་དེར་བསྒོམས་ན། །ཆུ་ཡི་སྐྱེ་མཆེད་ཉིད་དུ་འགྱུར། །རླུང་གི་སྐྱེ་མཆེད་དེར་བསྒོམས་ན། །རླུང་

གི་སྐྱེ་མཆེད་ཉིད་དུ་འགྱུར། །ཡིག་འབྲུའི་སྐྱེ་མཆེད་དེར་བསྒོམས་ན། །ཡིག་འབྲུ་གང་ལྟར་གསལ་བར་འགྱུར། །དེ་ལྟར་རྫས་ཀྱི་སྐྱེ་མཆེད་དུ། །གང་ལྟར་བསྒོམས་པ་དེ་ལྟར་འགྱུར། །དེ་ནི་རྟགས་ཆེན་ཐོབ་པ་ཡིན། །བློ་ཡི་ཏིང་འཛིན་རྩལ་རྫོགས་ན། །ངག་གི་

བདེན་པའི་རྩལ་འགྱུར་སྟེ། །སྲེག་པའི་མེ་ཆེན་མཐོང་བ་ན། །ཞི་པར་གྱུར་ཅིག་བྱས་པ་ཡིས། །དེ་ཉིད་དུ་ནི་ཞི་བར་འགྱུར། །ཆུ་ཀླུང་གནོད་པའི་རྒྱུན་བྱུང་ན། །ཆད་པར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འགྱུར། །རླུང་ཆེན་གནོད་པའི་རྒྱུན་བྱུང་ན། །ཞི་

བར་གྱུར་ཅིག་བརྗོད་པ་ཡིས། །དེ་ཉིད་དུ་ནི་ཆད་པར་འགྱུར། །ནད་པའི་ཚོགས་ནི་མཐོང་བ་ན། །གང་ན་ན་བའི་དམིགས་དེར་ནི། །སེ་གོལ་གཏོགས་པ་ཙམ་གྱིས་ཀྱང་། །ནད་རྣམས་ཞི་བར་གྱུར་ཅེས་བརྗོད། །ནད་ཀྱི་ཚོགས་རྣམས་ཞི་བར་འགྱུར། །དེ་བཞིན་

ངག་གིས་བརྗོད་བྱས་པ། །ཐམས་ཅད་མ་ལུས་གྲུབ་པར་འགྱུར། །ངག་གི་བདེན་པའི་རྩལ་རྫོགས་ན། །ལུས་ཀྱི་དྲོད་ལ་རྩལ་འབྱུང་སྟེ། །གཉིད་ཀྱི་རྟོག་པ་ཆོམས་པ་དང་། །ལུས་ཀྱི་བཟོད་པ་ཐོབ་པ་ནི། །འདི་ནི་དང་པོའི་དྲོད་ཡིན་ནོ། །ཁམས་ཀྱི་ཟས་དང་བྲལ་བ་

དང་། །མདངས་དང་དབང་པོ་གསལ་འགྱུར་བ། །འདི་ནི་གཉིས་པའི་དྲོད་ཅེས་བྱ། །ཤིང་བལ་ལྟ་བུར་ཡང་བ་དང་། །ཁམས་བདེ་མི་བདེ་མི་འབྱུང་ཞིང་། །ནད་ཀྱི་ཚོགས་དང་བྲལ་འགྱུར་བ། །འདི་ནི་དྲོད་ཆེན་བསྟན་པ་ཡིན། །ཁམས་ཀྱི་ཟས་ལ་མ་བསྟེན་

ཡང་། །དབང་པོ་གཟི་མདངས་ཤིན་ཏུ་གསལ། །འདི་ནི་ཏིང་འཛིན་རོ་ཚོར་རྟགས། །གཞན་ཡང་ལུས་ཀྱི་སྔ་ལྟས་ནི། །མཉམ་པའི་སྐྱིལ་ཀྲུང་བཅས་ནས་ནི། །ཁྲུ་གང་ཙམ་དུ་འཕར་བ་དང་། །ཏ་ལ་གང་ཙམ་བར་དུ་འགྲོ། །འདི་ཡང་ལྟས་ཆེན་རྟགས་ཡིན་

Vol. 98 · folio 36b

ནོ། །གཞན་ཡང་སྣང་བའི་ནམ་མཁའ་ལ། །གོམ་པས་བགྲོད་དེ་འགྲོ་བ་དང་། །ཆུ་ལ་མི་འབྱིང་ས་ལ་འཛུལ། །མེ་ཡིས་མི་འཚིག་རླུང་བཅིང་བ། །འདི་ཡང་སྔ་ལྟས་ཆེན་པོ་ཡིན། །ལུས་ཀྱི་བདེན་པའི་རྩལ་རྫོགས་ན། །མཐུ་ཡི་རྩལ་ཡང་འབྱུང་བ་

སྟེ། །མཐུ་ཡི་བྱིན་བརླབས་བསམ་མི་ཁྱབ། །གལ་ཏེ་དགོས་སམ་འདོད་པ་ན། །ས་འམ་རྡོ་འམ་བྱེ་མ་དག །གསེར་དང་དངུལ་ལ་སོགས་པར་སྒྱུར། །སྐམ་ས་དག་ལ་ཆུ་འབྱིན་ཅིང་། །སོལ་བ་དག་ལ་ལྗོན་ཤིང་འབྱུང་། །དེ་ལ་སོགས་པའི་དགོས་པ་

རྣམས། །ཇི་ལྟར་འདོད་པ་དེ་ལྟར་འགྲུབ། །སྤྱོད་པའི་མཐུ་དང་རྩལ་རྫོགས་ན། །འབྱོར་པའི་ཡོན་ཏན་རྫོགས་འགྱུར་ཏེ། །ཡིད་དུ་འོང་བའི་ནོར་འབྱུང་ཞིང་། །འདོད་པའི་བསམས་པ་ཐམས་ཅད་འགྲུབ། །རྫས་ཀྱི་མཆོག་ཏུ་གྱུར་པ་ཡི། །ངོ་མཚར་ཅན་ཡང་

རྙེད་པར་འགྱུར། །དེ་དག་རུང་བའི་སྔ་ལྟས་སོ། །འགྲོ་གང་འདུ་བའི་སྔ་ལྟས་ཀྱང་། །ཀུན་གྱིས་བཀུར་ཞིང་དགའ་བ་དང་། །ཀུན་གྱི་ཡིད་དུ་འོང་བར་འགྱུར། །ཐམས་ཅད་འདུལ་ཞིང་ཐམས་ཅད་ལ། །དབང་སྒྱུར་བྱེད་པའི་མཆོག་ཏུ་འགྱུར། །དེ་དག་སྔ་ལྟས་

ཆེན་པོ་ཡིན། །མཚན་མ་པྲ་ཡི་རྨི་ལྟས་ཀྱང་། །ཤིན་ཏུ་རྒྱ་ཆེར་འབྱུང་བ་སྟེ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །བག་ཆགས་བྱང་བའི་སྔ་ལྟས་ཀྱང་། །རྟག་པར་གཅེར་བུར་འབྱུང་བ་དང་། །ཁྲུས་ཆེན་རྟག་ཏུ་བྱེད་པ་དང་། །དྲི་མའི་ཚོགས་རྣམས་དག་

པ་དང་། །ཆུ་བོ་དག་ལས་རྒལ་བ་དང་། །མཚོ་ཆུ་དག་ལ་རྐྱལ་བ་དང་། །ཆར་གྱི་རྒྱུན་གྱིས་འཁྲུ་བ་དང་། །གཞན་གྱིས་བུམ་པ་གང་བའི་ཆུས། །བདག་གི་ལུས་ལ་ལྡུགས་པ་དང་། །མེ་དཔུང་ཆེན་པོས་སྲེག་པ་དང་། །ཤིན་ཏུ་མཐོན་པོའི་རྩེ་དག་ལས། །རླུང་གིས་

ཤིན་ཏུ་གཡེང་ཞིང་འཐོར། །འདི་དག་བག་ཆགས་བྱང་བའི་ལྟས། །འཇིགས་དང་བྲལ་བའི་སྔ་ལྟས་ནི། །གཡུལ་འགྱེད་པ་ལས་སླར་ལོག་དང་། །ནད་ལས་ཐར་ཏེ་སོས་པ་དང་། །བཙོན་ར་དག་ལས་ཐར་བ་དང་། །གཤེད་མའི་ལག་ནས་ཤོར་བ་དང་། །གཅན་

Vol. 98 · folio 37a

གཟན་ནང་ནས་བྲོས་པ་དང་། །དུག་ནད་དག་ལས་སོས་པ་དང་། །བཅིངས་པ་དག་ལས་གྲོལ་པ་དང་། །ཐག་པ་བཅད་པར་གྱུར་པ་རྣམས། །མཚན་མ་བཟར་པོའི་སྔ་ལྟས་ཡིན། །ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལ་འཛེག་པ་དང་། །

ཕལ་པའི་སྐས་ལ་འཛེག་པ་དང་། །ལྗོན་ཤིང་དག་ལ་འཛེག་པ་དང་། །གྱེན་དུ་ཤིན་ཏུ་འགྲོ་བ་དང་། །རི་བོའི་རྩེ་ལ་འཛེག་པ་དང་། །རིན་ཆེན་སྐས་ལ་འཛེག་པ་དང་། །མཆོད་རྟེན་དག་ལ་འཛེག་པ་དང་། །ནམ་མཁའི་སྐས་ལ་འཛེག་པ་རྣམས། །འདི་དག་དོན་

གྱི་སྔ་ལྟས་ཡིན། །ས་རྣམས་ནོན་པའི་སྔ་ལྟས་ཀྱང་། །ཁྲི་མཐོན་སྟེང་ན་འདུག་པ་དང་། །གླང་པོ་ཆེ་ལ་ཞོན་པ་དང་། །སེང་གེ་དག་ལ་ཞོན་པ་དང་། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང་། །མཆོད་རྟེན་ཁ་ལ་ཕྱིན་པ་དང་། །རི་བོའི་རྩེ་ལ་འདུག་པ་དང་། །ནམ་མཁའི་

དབྱིངས་ན་འདུག་པ་དང་། །ལུས་ལས་སྤྲིན་ཕུང་འབྱུང་བ་དང་། །ཟླ་བའི་སྟེང་ན་འདུག་པ་དང་། །ཉི་མའི་སྟེང་ན་འདུག་པ་རྣམས། །རྣལ་འབྱོར་ས་ལ་གནས་པའི་རྟགས། །སངས་རྒྱས་སྲས་ཀྱི་སྔ་ལྟས་ནི། །རྒྱལ་པོའི་བཀའ་ལ་བཏགས་པ་དང་། །བཀའ་ཡི་

དབང་པོར་བསྐོས་པ་དང་། །གཞན་ལ་དབང་སྒྱུར་བྱེད་པ་དང་། །འཇིག་རྟེན་སྐོས་ལ་འབེབས་པ་དང་། །གཞན་གྱི་སྡེ་པ་དབང་སྡུད་དང་། །གཡུལ་ཆེན་དག་ལས་རྒྱལ་བ་དང་། །བདག་ཉིད་རྒྱལ་པོར་གྱུར་པ་དང་། །མགོ་ལ་མེ་ཏོག་སྐྱེ་བ་རྣམས། །རྒྱལ་བའི་སྲས་

སུ་གྱུར་པའི་ལྟས། །ཆོས་ལ་དབང་ཐོབ་སྔ་ལྟས་ནི། །གླེགས་བམ་ཟབ་མོ་རྙེད་པ་དང་། །དེ་བཞིན་འདྲི་བ་མང་པོ་དང་། །དེ་དག་ལ་ནི་དཔྱོད་པ་དང་། །གཞན་ལ་འཆད་ཅིང་སྟོན་པ་དང་། །དོན་ཉིད་གཏན་ལ་འབེབས་པ་དང་། །མེ་ལོང་དག་ལ་ལྟ་བ་དང་། །ཤེལ་

གྱི་བུམ་པ་གང་བ་ལ། །ལྟ་ཞིང་བརྟགས་ཏེ་འཐུང་བ་དང་། །རིན་ཆེན་ནོར་བུ་ཐུ་བ་དང་། །འཁོར་ལོ་ལག་ཏུ་བབས་པ་དང་། །ཉི་ཟླ་ལག་པས་ཟིན་པ་དང་། །རི་རབ་ཀླད་ལ་སྐོར་བ་རྣམས། །ཆོས་ལ་དབང་ཐོབ་སྔ་ལྟས་སོ། །བདེན་པ་མཐོང་བའི་སྔ་ལྟས་ཀྱང་། །

Vol. 98 · folio 37b

སྔོན་མ་མཐོང་གི་ཡུལ་མཐོང་དང་། །སྟོང་གསུམ་རྒྱ་ཆེར་མཐོང་བ་དང་། །གླིང་རྣམས་གཞན་དུ་ཕྱིན་པ་དང་། །རི་རབ་ཁ་ལ་ཕྱིན་པ་དང་། །ནམ་མཁའ་རྒྱ་ཆེར་མཐོང་བ་དང་། །རྒྱ་མཚོའི་གཏིང་དུ་ཕྱིན་པ་དང་། །ལག་ན་སྒྲོན་མེ་ཐོགས་པ་དང་། །ཉི་མའི་སྙིང་

པོར་ལྟ་བ་དང་། །སྣང་སྲིད་དཔྱོད་པ་བྱེད་པ་རྣམས། །ཆོས་ལ་དབང་ཐོབ་ལྟས་ཆེན་ཡིན། །ལུང་བསྟན་ཐོབ་པའི་སྔ་ལྟས་ནི། །རོལ་མོའི་སྒྲ་རྣམས་ཐོས་པ་དང་། །འབྲུག་གི་སྒྲ་ནི་གྲག་པ་དང་། །སེང་གེའི་ང་རོ་གྲག་པ་དང་། །ཆོས་ཀྱི་སྒྲ་ཡི་གཏམ་ཐོས་དང་། །

གཟུགས་བརྙན་ཞལ་ནི་འཛུམ་པ་དང་། །སངས་རྒྱས་གསུང་ཐོས་སྐུ་མི་མཐོང་། །ལྷ་མོ་གླུ་དབྱངས་སྒྲོགས་པ་དང་། །གཞལ་ཡས་དག་ལ་སྒྲ་འབྱུང་དང་། །གྲོགས་པོ་གྲོགས་པོ་ཞེས་བརྗོད་ཅིང་། །ཆོས་ཀྱི་བགྲོ་བ་བྱེད་པ་རྣམས། །ལུང་བསྟན་འབྱུང་བའི་སྔ་ལྟས་

སོ། །དེ་ལ་སོགས་པའི་མཚན་མ་རྣམས། །ལྟས་ཆེན་ཀུན་དུ་སྣང་བ་དང་། །གང་ཟག་ལས་ཀྱི་དང་པོ་རྣམས། །རིག་འཛིན་སོ་སོའི་ས་པ་ནི། །འགྱུར་བའི་སྔ་ལྟས་བཤད་པ་ཡིན། །རྣལ་འབྱོར་ལས་ཀྱི་དང་པོ་ལ། །ལྟས་ཆེན་འདི་དག་གང་བྱུང་ཡང་། །འཁོར་བའི་

འདུ་འཛི་ཀུན་བསལ་ནས། །དོན་ལ་རྟོགས་ཤིང་ས་རྣམས་སྦྱོང་། །དེས་ནི་དོན་ལ་རེག་པར་འགྱུར། །དོན་ལ་རིག་པའི་བྱིན་བརླབས་ཀྱིས། །རིག་འཛིན་རྡོ་རྗེར་ལྷུན་གྱིས་གྲུབ། །རིག་འཛིན་ས་ལ་གནས་པ་དང་། །ས་ལ་རྩལ་ཆེན་སྦྱོང་བའི་ཚེ། །རྩལ་གྱི་ཆོ་

འཕྲུལ་སྣ་ཚོགས་འབྱུང་། །ཉི་ཟླ་ཞོན་ནས་འགྲོ་བ་དང་། །རི་རབ་རྐེད་ནས་གསོར་བ་དང་། །འཇིག་རྟེན་རྒྱང་མར་འཕང་བ་དང་། །སྲེག་པའི་བསྐལ་པ་གཞིལ་བ་ལ། །སོགས་པའི་ཆོ་འཕྲུལ་ཐམས་ཅད་ཀུན། །ཁྱད་པར་རྩལ་གྱིས་སྟོན་པར་ནུས། །དེ་ལ་

སོགས་པའི་རྫུ་འཕྲུལ་རྣམས། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཡིན། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི། །འདུལ་བའི་འགྲོ་བ་ཐམས་ཅད་ལ། །སོ་སོའི་སྐད་དང་ཆོས་མཐུན་པར། །འདུལ་བའི་སྒོ་ནི་སྣ་ཚོགས་སུ། །སོ་སོའི་སྐད་དུ་སྟོན་པར་ནུས། །དེ་དག་རྗེས་སུ་

Vol. 98 · folio 38a

བསྟན་པ་ཡིན། །ཆོས་ཀྱི་སྒོ་རྣམས་སྣང་བ་ཡི། །ངེས་པའི་ཆོ་འཕྲུལ་བསྟན་པ་ནི། །ཏིང་འཛིན་རྩལ་གྱི་ཁྱད་པར་གྱིས། །འཇིག་རྟེན་ཁམས་རྣམས་གཡོས་ནས་ཀྱང་། །ཐམས་ཅད་ངོ་མཚར་སྐྱེ་འགྱུར་ཏེ། །སེམས་ཀྱི་བསམ་པ་རངས་བྱས་ནས། །

སོ་སོ་དགའ་བའི་རོ་མྱང་འགྱུར། །ཆོས་རྣམས་སྣང་བའི་ཆོ་འཕྲུལ་ཡིན། །ཀུན་ནས་ཀུན་དུ་བརྗོད་པ་ནི། །གསང་བའི་ཡི་གེའི་ཕྲེང་བ་ལས། །རྫུ་འཕྲུལ་ཆོས་ཀྱི་སྒྲ་སྒྲོགས་པས། །མཐོང་ཡོད་སྣང་གྲགས་ཆོས་རྣམས་ཀུན། །ཀུན་ཀྱང་སྔགས་ཀྱི་སྒྲར་གྲག་པས། །

སྔགས་སུ་མ་གྱུར་གང་ཡང་མེད། །དེས་ན་རྩལ་གྱི་ཁྱད་པར་ལས། །སོགས་པའི་ཡོན་ཏན་ཐམས་ཅད་འབྱུང་། །ཞེས་སྨྲ་བའི་སེང་གེ་ཆེན་པོ་སེམས་དཔའི་རྡོ་རྗེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཆོ་འཕྲུལ་

བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་སྨྲ་བའི་སེང་གེ་སེམས་དཔའི་རྡོ་རྗེ་དེ་མི་འདའ་བའི་དམ་ཚིག་གསང་བ་མཆོག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་པ་དང་། འདུས་པའི་རྣལ་འབྱོར་

ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྨྲ་བའི་སེང་གེ་སེམས་དཔའ་ཆེན་པོ་ཁྱོད་ཉིད་ནི་དམ་ཚིག་ཆེན་པོའི་བདག་ཉིད་དུ་བདག་ཅག་རྣམས་ཀྱིས་མཐོང་ངོ་། །དེ་སྐད་ཅེས་གསོལ་པ་དང་། །སེམས་དཔའ་ཆེན་པོ་དེས་བཀའ་སྩལ་པ། །འདུས་པའི་རྣལ་འབྱོར་རྣམས་

ཆོས་ཐམས་ཅད་ཀྱི་སྲོག་ནི་དམ་ཚིག་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་འདུས་པ་ཆེན་པོའི་ཚོགས་ཀྱིས་སེམས་དཔའ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་དཔའ་ཆེན་པོ་དམ་ཚིག་མཆོག་གི་གསང་བ་རྣམས་བདག་ཅག་རྣམས་ཐོས་པར་འཚལ། །

ཐོས་ནས་ཀྱང་རྟོགས་པར་འཚལ། །རྟོགས་ནས་ཀྱང་དེ་ལ་གནས་པར་འཚལ་ན། སེམས་དཔའ་ཆེན་པོ་རྒྱ་ཆེར་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། །སེམས་དཔའ་ཆེན་པོས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་དམ་ཚིག་རྣམས་འདི་ལྟ་སྟེ།

Vol. 98 · folio 38b

ཤིན་ཏུ་གསང་བའི་དམ་ཚིག་ནི། །སྣོད་མ་ཡིན་པར་གྱུར་པ་ལས། །ཕྱི་ནང་གསང་བ་གསུམ་དག་ཏུ། །སྦ་བའི་ཐབས་སུ་སྤྱད་ནས་ཀྱང་། །གསང་བའི་ཆོས་རྣམས་གསང་བར་བྱ། །བསྟན་པའི་གནས་མིན་སྣོད་ངན་དག །རྣམ་པ་བཞིས་བསྡུས་བྱེ་བྲག་རྣམས། །མ་འོངས་

རྣལ་འབྱོར་བཅུད་ཅན་གྱིས། །ཤེས་ནས་སྤང་བར་བྱ་ཕྱིར་བཤད། །འཇིག་རྟེན་པ་དང་ཐེག་དམན་དང་། །མུ་སྟེགས་ལོག་ལྟའི་ལྟ་ལ་དགའ། །དད་མེད་བློ་ཞན་གཡེང་རྨུགས་ཤིང་། །བསླབ་ཉན་མི་བརྩོན་བྱོལ་སོང་མཚུངས། །དད་ལོག་དམ་ཉམས་དོན་ལས་

གོལ། །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུའི་རྩ་ཚིག་པ། །ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན། །སྣོད་མེད་ཁ་སྦུབ་དེ་དག་ལ། །གསང་བའི་སྨྲ་བར་བྱ་བ་མིན། །སྨྲས་ན་དེ་ཉིད་ཁ་སྦུབ་འགྱུར། །གསང་བའི་ཚིག་རྣམས་ཁར་སྨྲ་ཡང་། །གབ་པ་གསང་

བའི་དོན་མི་ཤེས། །སྐྱོན་ཅན་སྤ་ལོས་སྒྲོགས་རྣམས་ལ། །གསང་བའི་དོན་རྣམས་ལྷག་པར་སྨྲ། །བསྙེན་སྒྲུབ་གསང་བའི་ཚིག་རྣམས་ལ། །སྒྲ་ལ་ཉན་ཀྱང་དོན་མི་གཉེར། །སྙིང་པོའི་དོན་གསང་མི་ཐུབ་པ། །བཅུད་མེད་འཁོར་བར་ཟག་པ་ཡིན། །གསང་དོན་

མི་ཐུབ་སྣོད་ངན་ལ། །གསང་བ་སྨྲ་བར་གང་བྱེད་པ། །དེ་དང་སྣོད་མེད་སྣོད་ངན་གཉིས། །འཁོར་བའི་ཁམས་སུ་ཟག་པར་མཉམ། །ལྟ་དང་དམ་ཚིག་སྒྲུབ་པ་ཡི། །དམ་པའི་མཛོད་གསུམ་སྨྲ་ཤེས་ཀྱང་། །གོམས་པའི་མཐུ་མེད་གནས་མ་གྱུར། །ངན་སྒྱུ་ཕྲག་དོག་

སེར་སྣས་གདུངས། །བྱ་མེད་ཆོས་ལ་བློ་གཏོད་ཅིང་། །སྤྱོད་རྩིང་དམ་རལ་རྡེང་མེད་པར། །རྣལ་འབྱོར་སྤྱོད་ལ་ལྟ་དམན་ཞེས། །ཟེར་བ་ཕམ་འགྱུར་འཁོར་བར་འཕོ། །སྣོད་ངན་འཁོར་བར་འཕོ་བ་ལ། །གསང་བའི་དོན་རྣམས་སྨྲ་བྱེད་པ། །གསང་བ་ཉམས་པའི་དབང་

གིས་ན། །ཉམས་པ་དེ་དང་དེ་འདྲར་འགྱུར། །ཟླ་ངན་ཉམས་སོད་ཅན་ལན་འདྲེན། །ཁ་གསག་ལྕེ་གཉིས་སྒྱུར་བྱེད་ཅིང་། །སེམས་ལ་ཉོན་མོངས་ལྔ་བཅངས་ཏེ། །རྐུ་དང་སྒྱུ་སྤྱོད་བརྫུན་ལ་དགའ། །ཚེ་གཅིག་གྲགས་པ་ཆེད་ཕྱིར་དུ། །གང་ཟག་ཕྱིར་འབྲེང་ཚིག་

Vol. 98 · folio 39a

འགའ་ལ། །མཉན་ཏེ་བརྗོད་འདོད་ཚུལ་འཆོས་པ། །ལོག་སྨྲ་དུག་ཅན་ཐར་མ་ལྟུང་། །དུག་ཅན་ལྟུང་བའི་སྣོད་དེ་ལ། །གསང་བའི་དམིགས་རྣམས་སྨྲ་བ་ནི། །རྣལ་འབྱོར་ཉམས་པ་ཆེན་པོ་སྟེ། །འཁོར་བའི་ཐ་མར་དེ་ལྟུང་འགྱུར། །འདི་

ལྟར་ཕམ་འགྱུར་སྣོད་ངན་ལ། །གསང་བ་གསང་ཆེན་ལ་སོགས་པའི། །དོན་དང་རང་བཞིན་གང་ཡིན་པ། །བསྟན་ཀྱང་ཕམ་ལྟུང་གེགས་སུ་འགྱུར། །དེ་བས་བསྟན་པར་བྱ་བ་མིན། །གལ་ཏེ་བསྟན་པར་གྱུར་ན་ནི། །སྟོན་སྨྲ་ཉན་བྱེད་དེ་དག་རྣམས། །མཐོང་

ཡུན་ཕུང་བྱེད་གཉིས་སྐྲག་འགྱུར། །རྣལ་འབྱོར་མཁས་གསལ་དོན་ལྡན་ལ། །རྣལ་འབྱོར་མི་ཤེས་གང་དག་གིས། །དྲེགས་པའི་དབང་གིས་ཕྲག་དོག་གི། །སེམས་ཀྱི་རྣམ་གྲངས་ཅི་སྐྱེད་པ། །དེ་སྙེད་བསྐལ་པའི་གྲངས་མཉམ་པར། །འབྲས་བུ་མི་བཟད་

མྱོང་བར་འགྱུར། །གལ་ཏེ་ལས་ཀྱི་འཕྲོ་ལེན་ན། །དེ་སྙེད་བསྐལ་པར་གཟོད་འཇུག་དགོས། །མཁས་གསལ་དོན་ལྡན་གྱིས་ཀྱང་ནི། །གོང་མ་བཞིན་དུ་ངན་བསམས་ན། །དེ་ཡང་གནས་ངན་ལེན་པ་སྟེ། །མཁས་པ་དེ་ལ་སྐྱོ་མི་ནུས། །རྣལ་འབྱོར་དོན་ལྡན་ཚུལ་

མཐུན་ལ། །ངན་པའི་ཚིག་གིས་སེམས་དཀྲུགས་ཤིང་། །སྒྲོ་སྐུར་རྐུ་དང་བརླང་བཏབ་ན། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །ཞར་ལས་བྱུང་བའི་རྣམ་སྨིན་ཡང་། །ཇི་ལྟར་རྒྱུ་མཐུན་དེ་འདྲར་འགྱུར། །སྐལ་བ་དམན་པའི་རྣལ་འབྱོར་པ། །རྩ་ཉམས་སྐྱོན་ཅན་རང་བཞིན་

ནི། །ངན་སེམས་ཁྲོ་གཏུམ་ལྡན་པ་དང་། །མི་ཟད་ཕྲ་མེན་ལས་སྤྱོད་བྱེད། །གང་དག་མི་ཤེས་ངང་ཚུལ་ཅན། །བྱིས་པའི་རང་བཞིན་བློ་ཞན་པས། །ཤིན་ཏུ་དམན་པའི་ལྟ་སེམས་ཀྱིས། །ཚུལ་བཅོས་མཁན་ལ་བཀུར་བར་བྱེད། །གང་དག་དམ་ཚིག་ཡོན་ཏན་ལྡན། །བྱམས་

ལ་གནས་ཤིང་རྟག་ཏུ་བཟོད། །ཚུལ་ཤིས་དོན་གྱི་གཞུང་རྣམས་སྲོང་། །དེ་དག་ལ་ནི་འདུན་པ་མེད། །དམ་ཚིག་སྤྲེའུ་ལྟར་སྤྱོད་བཞིན་དུ། །བྱང་ཆུབ་སྙིང་པོ་ཐོབ་པ་ཡི། །སངས་རྒྱས་རྣམས་ཀྱང་མི་འབྱུང་ངོ་། །འབྱུང་བར་ཡང་དག་ངས་མ་མཐོང་། །རྒྱལ་བའི་སྲས་

Vol. 98 · folio 39b

གྱུར་རྣལ་འབྱོར་པ། །ལམ་སྟོན་སྐྱོན་སེལ་མཁས་པ་ལ། །ཁ་ཅིག་དྲེགས་དང་ཕྲག་དོག་གིས། །ཁྲོ་སྤོང་ཐབས་ཀྱིས་སྨོད་པར་བྱེད། །དེ་ནི་འཁོར་བའི་གཏིང་རྡོ་སྟེ། །ནམས་ཀྱང་ཐར་པའི་ཁར་མི་འབྱུང་། །མི་ཤེས་པ་ཡི་རྣལ་འབྱོར་པ། །ཡང་དག་དོན་དང་ལྡན་པའི་

མི། །རྗེས་སུ་འགྲོ་བར་མི་བྱེད་ཅིང་། །ལོངས་སྤྱོད་འདུ་འཛི་གང་ལྡན་པའི། །རྗེས་སུ་འགྲོ་ཞིང་དེ་ལ་འདུད། །དེ་ནི་ལོག་པའི་ལམ་པ་ཡིན། །རྣལ་འབྱོར་ལྟང་དང་བྱང་ཆུབ་ཁེ། །འབན་ཐག་ཆད་པར་བློ་མི་འབྱུང་། །ཟང་ཟིང་ནོར་དང་གཡོ་སྤྲུལ་ཁེ། །ཆུང་ཡང་ཅིས་

འགྲུབ་སྲོག་དང་སྡོ། །རྣལ་འབྱོར་མཁས་པའི་རང་བཞིན་ཅན། །བུམ་སྣོད་ནང་གི་གསལ་བ་ལྟར། །ཤེས་རབ་མཛོད་ཀྱི་གཏེར་ལྡན་ཡང་། །སྲོག་ཆགས་རྐུན་མོའི་སྡེར་མོ་ལྟར། །ཁོང་ནས་གབ་སྦས་དོན་སྟོན་ལ། །བླུན་པོ་རྣམས་ཀྱིས་ཅིར་མི་མཐོང་། །དཔེར་ན་

འདི་འདྲར་ཚུལ་གཅིག་སྟེ། །ལུས་ལ་གཏེར་འཆང་མི་དང་ནི། །བླུན་པོར་གྱུར་པའི་མི་དག་གནས། །འགྲོགས་ཀྱང་གཉིས་མཚུངས་ཁྱད་མེད་འདྲ། །ཏིང་འཛིན་བསྔགས་པ་རྗོད་བྱེད་ཅིང་། །ཏིང་འཛིན་དོན་དུ་གཉེར་བ་མེད། །ཡང་དག་བསྔགས་པ་རྗོད་བྱེད་ཅིང་། །

ཡང་དག་དོན་དུ་གཉེར་བ་མེད། །དམ་ཚིག་བསྔགས་པ་རྗོད་བྱེད་ཅིང་། །དམ་ཚིག་དོན་དུ་གཉེར་བ་མེད། །ཇི་ལྟར་འགྲོ་གང་ལ་ལ་དག །ནོར་བུ་རིན་ཆེན་འདི་འདྲ་སྟེ། །འདོད་པའི་ཡོན་ཏན་ཀུན་འབྱུང་ཞེས། །རིན་ཆེན་དག་གི་ཡོན་ཏན་བརྗོད། །དེ་ལ་འགྲོ་གང་གཞན་

དག་གིས། །དེ་ལྟར་འདོད་པ་འབྱུང་གྱུར་ན། །དེ་ལྟར་ཅུང་ཟད་ཡོད་དམ་ཞེས། །དྲིས་ཀྱང་མེད་པས་སླར་སྨྲས་པ། །གང་ཞིག་དགོས་པ་སྐོང་བ་ཡི། །ཡོན་ཏན་ཅུང་ཟད་སྨོས་པར་ཟད། །དེ་ཉིད་བདག་ལ་མེད་ཅེས་སྨྲ། །དེ་བཞིན་རྣལ་འབྱོར་མི་བརྩོན་པས། །བསླབ་པར་བྱ་

བའི་ཆོས་བྲལ་ལ། །ཆོས་ཉིད་བསྔགས་པ་རྗོད་བྱེད་ཀྱང་། །དེ་དག་ལ་ནི་ཆོས་ཉིད་མེད། །དེ་ལས་སྤྱོད་པའི་ལོག་སྤྱོད་རྣམས། །དམ་ཚིག་ཅན་གྱིས་སྤང་བར་བྱ། །རྣལ་འབྱོར་ཆོས་འཛིན་གང་དག་གིས། །རྣལ་འབྱོར་ཉམས་འགྱུར་ལོག་སྲེད་ཅན། །གསང་བ་འཇིག་

Vol. 98 · folio 40a

པའི་དགྲར་མཐོང་ནས། །དེ་དག་སྡིག་པ་མཐོང་བ་ལྟར། །སྐྲོད་ཅིང་ཆད་པས་གཅོད་བྱེད་པ། །སྐྱེས་བུ་དེ་ནི་རྒྱལ་བའི་སྲས། །དཔེར་ན་བློན་པོ་གང་དག་གིས། །ཉེས་བྱས་ཁྲིམས་དང་འགལ་འགྱུར་ན། །འགལ་བར་མི་གཏོང་ཁྲིམས་དང་སྦྱོར། །

བཀའ་ཡི་ཡོ་སྲོང་བློན་པོ་དེ། །རྒྱལ་པོའི་ཐུགས་འཛིན་དམ་པ་ཞེས། །ཀུན་དུ་རྒྱ་ཆེར་གྲགས་པར་འགྱུར། །ལྡུམ་རར་དུག་གི་སྡོང་སྐྱེས་ན། །བདག་པོས་དུག་ཏུ་ཤེས་མ་ཐག །རྩད་ནས་ཕྱུང་སྟེ་མེད་པར་བྱེད། །ཅི་ཕྱིར་ལྡུམ་ཟས་དེ་དག་ལས། །དུག་འཕེལ་གྱུར་ན་

འཆི་ཕྱིར་རོ། །དེ་བཞིན་ཉམས་འགྱུར་དུག་ཅན་དེ། །བརྟུལ་ཞུགས་ཅན་གྱི་རྣལ་འབྱོར་དེས། །གནས་སམ་ལོ་ཡིས་སྤྱུགས་ཏེ་སྤང་། །གང་དག་མི་སྤོང་མགོན་བྱེད་པ། །དེ་དག་གསང་བའི་དམ་སྲི་ཡིན། །དོན་ལ་རྣལ་འབྱོར་གང་ཞིག་གིས། །ཐ་ཚིག་ཟབ་མོར་

བཅས་རྣམས་ལས། །བསྲུང་བའི་བསམ་པ་མི་གཡོ་བཞིན། །རྩ་བ་ཡན་ལག་བཅས་རྣམས་ལ། །གལ་ཏེ་མ་ཚོར་ཞིག་གྱུར་ཀྱང་། །རྣམ་སྨིན་ཡོད་ཀྱང་རྩ་མི་ཉམས། །ཇི་ལྟར་གླང་པོ་ཨེ་ནེ་ཡ། །ཤི་ནས་རོ་རུ་གྱུར་མོད་ཀྱང་། །གི་ཝང་རྩིས་ནི་དོན་བྱེད་ལྟར། །རྣལ་

འབྱོར་ཉམས་དེ་རོར་གྱུར་ཡང་། །གཞན་གྱིས་བཀུར་པའི་གནས་ཡིན་ཞིང་། །དེ་ཡི་དོན་བྱེད་ནུས་པ་ཡིན། །དེ་ལྟར་མོད་ཀྱང་འདི་ཀུན་རྣམས། །རྨི་ལམ་དུ་ཡང་མཐོང་མི་བྱ། །ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་བཞིན། །རྣལ་འབྱོར་ཉམས་གྱུར་གཅིག་

གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུང་འགྱུར། །འཁོར་བའི་གཡུལ་རྒྱལ་བྱེད་པ་ཡི། །ལོག་པའི་རྣལ་འབྱོར་ཐམས་ཅད་ཀུན། །དོན་ལ་མཁས་པའི་རྣལ་འབྱོར་པས། །ཐམས་ཅད་བསྒྲིམས་ཏེ་སྤང་བར་བྱ། །གལ་ཏེ་མ་སྤངས་ལོག་སྤྱད་ན། །འཁོར་བའི་གཡུལ་ནི་

རྒྱལ་འགྱུར་ཏེ། །བདེན་པའི་བྱིན་བརླབས་མཐུ་ཆུང་འགྱུར། །ཀུན་ཀྱང་དགེ་སྤྱད་དོན་ཆུང་ཞེས། །ཡང་དག་དོན་ལས་ཡིད་བྱུང་ཞིང་། །ལོག་པའི་ཆོས་ལ་སྤྲོ་བར་བྱེད། །ཀུན་ཀྱང་ལོག་པའི་ལས་སྤྱད་པས། །ཡིད་དུ་མི་འོང་སྣ་ཚོགས་འབྱུང་། །དེས་ནི་སྒྲོ་སྐུར་གཉིས་

Vol. 98 · folio 40b

སུ་འགྱུར། །བཀའ་ཡི་ཆད་པ་གང་ཡིན་པ། །ཡེ་ཤེས་ཅན་ལྟ་རང་བཞིན་གྱིས། །ནམས་ཀྱང་གནོད་པ་ཡོང་མི་མཛད། །དེ་ཡི་འཁོར་ན་གནས་པ་ཡི། །གང་དག་མ་རུངས་མཐུ་ཆེན་རྣམས། །རྣལ་འབྱོར་ལོག་པར་སྤྱོད་རྣམས་ཀྱི། །སྐྱོན་མཐོང་ཙམ་ན་ཆད་

པས་གཅོད། །ཐམས་ཅད་ངན་འགྲོར་སྤྱིའུ་ཚུགས་ལྟུང་། །སྒྲུབ་པའི་སྣོད་མཆོག་གཅིག་ཡོད་དེ། །འདི་དང་མི་མཐུན་ཀུན་རྫོགས་པའི། །རྒྱུད་མཉན་དོན་ལྡན་ངང་ཚུལ་བཟང་། །ཅི་ལ་ཆགས་མེད་གཏོང་ལྡན་སེམས། །ཤེས་རབ་རྣམ་གྲོལ་ལྡེ་མིག་གིས། །

གཏི་མུག་ཐ་རམ་བློ་ཕྱེ་ནས། །ཆོས་ཀྱི་སྙིང་པོའི་མིག་ལྡན་པས། །རྟག་ཆད་ཕྲད་མཐོང་དབུ་མའི་ཡུལ། །མ་ནོར་ལམ་དུ་འཇུག་ཤེས་པས། །སྡོང་པོ་སྡོང་ཆེན་རབ་དུལ་བའོ། །ཐ་ཚིག་ལུང་ལས་བྱུང་བ་བཞིན། །གཞུང་སྲོང་ཐུབ་པར་བྱེད་པ་དེ། །རྒྱལ་བའི་

སྲས་པོ་ཡིན་པས་ན། །དེ་ལ་གསང་སྒོ་དབྱེ་བར་བྱ། །ཇི་ལྟར་དམ་ཚིག་ཐུབ་པ་ལྟར། །དེ་བཞིན་ཡིད་བཞིན་ནོར་བུ་སྟེ། །ཡིད་འོང་འདོད་དང་བདེ་བ་འབྱུང་། །རིགས་འཛིན་རྒྱལ་བ་ཀུན་ཡུམ་མོ། །དེ་བཞིན་དམ་ཚིག་ཐུབ་པ་ལྟར། །གནས་པར་བྱེད་པའི་རྟེན་

ཡང་ཡིན། །དམ་ཚིག་ཀུན་གྱི་སྲོག་ཡིན་ཏེ། །དམ་ཚིག་ཀུན་གྱི་ནོར་མཆོག་གོ། །དམ་ཚིག་འདི་ནི་འཇིགས་པའི་སྐྱབས། །དམ་ཚིག་བགྲོད་པ་ལམ་གྱི་མཆོག །དམ་ཚིག་ཆུ་བོ་སྒྲོལ་བའི་གྲུ། །དམ་ཚིག་དངོས་གྲུབ་དམ་པ་ཡིན། །དམ་ཚིག་གྲོགས་ཀྱི་མཆོག་ཡིན་

ཏེ། །དམ་ཚིག་ལོང་བའི་མིག་བུ་ཡིན། །ཇི་ལྟར་དམ་ཚིག་ཐུབ་པ་ལྟར། །གཞན་གྱི་སྡེ་པ་འཇོམས་པ་ཡིན། །འཁོར་བའི་གཡུལ་ལས་རྒྱལ་བར་བྱེད། །དེས་ན་དམ་ཚིག་རྒྱུན་བཞིན་བསྲུང་། །མདོར་ན་བདག་གི་སྒོ་གསུམ་པོ། །དག་པ་གསུམ་གྱི་མཐའ་བཟུང་

ནས། །ལྷ་དང་གྲོགས་དང་སློབ་དཔོན་དང་། །བདག་ཉིད་དག་པ་མ་ཁྲེལ་བའི། །ཚུལ་གསུམ་མི་གནོད་དམ་བཅས་གསུམ། །ཡོངས་སུ་མཉམས་མདོ་བཞི་པོ། །མཐར་ཕྱིན་རྒྱ་རྟགས་རྣམ་བཞིར་བཅས། །མདོ་དོན་དྲན་པ་ལ་བགྲང་བསྔོ། །བརྟུལ་ཞུགས་སྤྱོད་

Vol. 98 · folio 41a

པའི་དམ་ཚིག་ནི། །ད་མ་ཚིག་ཀུན་གྱི་ཐོག་མར་འགྲོ། །ཝ་དང་ཅང་ཤེས་གྱི་ལིང་དང་། །བླང་དོར་མིང་བྲལ་ཁྲོ་ཆེན་བདག །ཤིན་ཏུ་གླང་ཆེན་མྱོས་འདྲའི་སེམས། །དཔའ་རྟུལ་སྟག་མཆོག་རྔམ་ཞིང་གཏུམ། །མཁའ་ལྡིང་ཁྱུང་ཆེན་ལྷག་མི་ལྟ། །

གཏུམ་ཐུང་དོམ་ཆེན་སྡོང་གཅིག་པ། །ཡིད་ཐུབ་མི་ལྡོག་རྒྱ་མཚོའི་གསེར། །གཏི་མུག་ལྐུགས་པའི་བློ་ཚོལ་ལྡན། །རི་པོ་མི་འགྱུར་བརྟན་པ་ཆེ། །མཁའ་ལྟར་ཡངས་དོག་ཀུན་དང་བྲལ། །གནམ་ལྕགས་ལྕེ་ཡི་དྲག་ཤུལ་ཅན། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་

བདག །ཟོན་བག་ཁུ་འཕྲིག་ཁ་རོག་སེམས། །ངེས་པའི་ང་རྒྱལ་གླང་ཚུལ་ལྡན། །ཟླ་བྲལ་སེང་གེ་རི་དགས་རྒྱལ། །རེ་འཇམ་བྱ་ལྟར་ཆགས་འགྲོགས་བློ། །གཡོ་ལྡན་ལྕག་ཆེན་སྒྱུ་མའི་རྒྱ། །གཙང་སྨེ་མེད་པར་ཀུན་སྤྱོད་ཅིང་། །ཐོགས་མེད་གསོད་སྤྱོད་ཅེ་

སྤྱང་ཁྭ། །ཆེ་བའི་ང་རྒྱལ་སྟག་མཆོག་བློ། །ཀུམ་འཛེམ་བློ་ལྡན་ནམ་མཁའ་ལྡིང་། །ས་ཐུབ་བག་ལེན་རྒྱལ་འཁོར་སྐྱོང་། །རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ནི། །བཅུ་གཉིས་དང་ནི་གསུམ་བློར་ལྡན། །གོམས་ནས་ཉམས་སུ་ལེན་བྱེད་པ། །རྣལ་འབྱོར་གསང་

བའི་བཀའ་བ་ཡིན། །དལ་བའི་རྒྱུད་ལྡན་ཐ་ཚིག་ཅན། །སྐུ་དང་གསུང་ཐུགས་རྡོ་རྗེ་ཡི། །བསྲུང་དང་བརྗོད་དང་གསང་བ་དང་། །ཡན་ལག་སྤྱད་པའི་དམ་ཚིག་དང་། །ཡིད་འོང་དང་དུ་བླང་བ་དང་། །བརྟུལ་ཞུགས་ཟབ་མོར་སྤྱད་པ་དང་། །རྣལ་འབྱོར་རྣལ་འབྱོར་

ཐམས་ཅད་ཀྱི། །མི་འདོར་མི་སྤོང་སྦྱར་པ་ཡི། །རིགས་ལྡན་ཤེས་པར་བྱ་བ་དང་། །ཐོབ་ཅིང་གྲུབ་པར་བྱ་བ་ཡིན། །རེ་རེ་ལ་ཡང་ལྔ་ལྔ་སྟེ། །རྩ་བ་དང་ནི་ཡན་ལག་ལས། །བཅུ་གཉིས་དང་ནི་བརྒྱད་ལྡན་པ། །སྤྱད་པར་བྱ་བའི་ནོར་མཆོག་ཡིན། །རྣལ་འབྱོར་

བྱང་ཆུབ་སེམས་རྒྱུད་ལ། །ངེས་པར་བརྟགས་ཏེ་སྤྱོད་པའི་བུ། །ཟབ་མོར་རྫོགས་མཆོག་བདེ་བ་ཡི། །བློ་ལ་ངེས་པའི་ལུང་འདི་བསྟན། །འདི་ནི་སྔར་འགྲོ་ཐ་ཚིག་སྟེ། །ཟབ་མོ་སྒྲུབ་པའི་སྔོན་ལོགས་སུ། །རྡོ་རྗེ་ཐ་ཚིག་དྲག་པོའོ། །གཅན་འཕྲང་ལམ་རྣམས་

Vol. 98 · folio 41b

བསྲུང་བའི་ཕྱིར། །སྤྱི་དང་ཁྱད་པར་དམ་ཚིག་རྣམས། །ངེས་པའི་དོན་གྱིས་བསྲུང་བྱས་ན། །དེ་ནི་དབྱིག་གི་སྣོད་ཆེན་ཡིན། །དེ་ལྟར་སྤྱི་ཡི་སྡོམ་པ་ལ། །གནས་ནས་དུས་ཀྱི་སྐབས་འདི་རུ། །བསྲུང་བྱ་ཐུབ་པར་བྱ་བ་ནི། །མི་ཤིགས་པ་ནི་སེང་གེ་སྟེ། །གཅན་

གཟན་རྒྱལ་པོ་ཡིན་པས་སོ། །ཟ་མ་ཏོག་ནི་འདོད་པའི་གཏེར། །དུག་སྤྱོ་བ་ནི་དེར་མི་རིགས། །རིག་ཆེན་མྱུ་གུའི་ལྕུག་ཕྲན་དག །དེ་ནི་བྲེག་པའི་རིགས་མ་ཡིན། །གངས་ཀྱི་ཞུན་ཆུ་ཁོལ་མ་དག །མཁས་པས་བཏུང་བར་བྱ་བ་མིན། །པདྨའི་ཟེའུ་འབྲུ་ཁ་མ་

བྱེ། །ཟླ་ཟེར་མ་ཡིན་ཁ་མི་དབྱེ། །མ་བརྟགས་བུག་རྡོལ་ཅན་གྱི་སྣོད། །ཁ་མི་དབྱེ་ཞིང་བཅུད་མི་བླུགས། །དོན་དང་མི་ལྡན་བཅོས་མའི་རྟགས། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཤེལ་དཀར་རིན་ཆེན་སྒོ་ང་དག །འདམ་རྫབ་ཁུང་དུ་བསྲུབ་མི་བྱ། །སེང་གེ་

དཀར་མོའི་འོ་མ་དག །དུག་ཅན་སྣོད་དུ་བླུགས་པ་མིན། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོད་མ་ཡིན། །ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་གཅག་པར་བྱ་བ་མིན། །གནམ་ལྕགས་མེ་ཡི་ངུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །

སྟག་གཟིག་འདྲོལ་བས་ལས་བྱས་པའི། །ལས་ཀྱི་ལྷག་མ་བསྡུ་མི་བྱ། །རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །དེ་དག་གཞིག་པར་བྱ་བ་མིན། །རྡོ་རྗེ་ར་བའི་གོ་ཚགས་ནི། །བསྔམ་བྱ་བྲལ་བར་བྱ་བ་མིན། །བུད་ཤིང་སྲེག་པའི་སྒྲོན་མ་དག །གཡེང་བའི་རླུང་གིས་

བསྐྱོད་མི་བྱ། །རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅད་པར་བྱ་བ་མིན། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་དག །ནམ་ཞར་དབྱི་བར་མི་བྱའོ། །རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །གཙུག་གི་ནོར་བུ་འབར་བ་དག །རྒྱལ་

མཚན་རྩེ་ལས་དཔོག་མི་བྱ། །རྣལ་འབྱོར་ལས་ཀྱི་ཁྱད་པར་ཅན། །སྐལ་ཅན་རྣམས་ཀྱི་དམ་ཚིག་སྟེ། །སྐལ་བར་ལྡན་པའི་ནོར་མཆོག་ཡིན། །རྒྱུན་དུ་སྤྱད་པའི་ནོར་མཆོག་ནི། །རྡོ་རྗེ་ལས་ཀྱི་ཐུན་ཚགས་དག །རྡོ་རྗེ་གོ་ཕུར་ཏྲོམ་ཆེན་གྱིས། །སྲོག་ལ་བར་

Vol. 98 · folio 42a

ཆད་བྱེད་པའི་དགྲ། །ཉོན་མོངས་འཐིབས་པ་དེ་གཞོམ་བྱ། །སྙོམ་ལས་ལེ་ལོའི་དཔུང་བསྐྱེད་པ། །ཐུག་ཐུ་བར་ཆོད་ང་རྒྱལ་གཞི། །དྲེགས་བྱེད་དབང་པོ་མྱོས་པའི་བཅུད། །དཔའ་བྱེད་རྐྱེན་ཡང་བསྡམ་པར་བྱ། །རྡོ་རྗེ་གསང་ཚིག་མ་གཏོགས་

པ། །འདྲེས་པ་གང་ཟག་བྱིས་པའི་ཚིག །ཟུར་ཡང་བརྗོད་པར་མི་བྱ་ཞིང་། །ཐམས་ཅད་རྡོ་རྗེ་གསང་བས་བྱའོ། །ཇི་ལྟར་གསོད་པའི་མི་རྣམས་དག །གཤེད་མའི་མིས་ནི་གསོད་པའི་ཚེ། །ཐར་པའི་ཐབས་ལ་བརྩོན་པ་བཞིན། །ལེ་ལོའི་དགྲ་བཅོམ་བརྩོན་

པར་འབད། །རྣལ་འབྱོར་སྒྲིབ་པའི་གེགས་བསལ་བ། །དཀའ་ཐུབ་སྡོམ་པའི་མདུད་པ་ཅན། །འདོད་དང་ལོངས་སྤྱོད་མི་མཐུན་དང་། །སྤྱི་མཐུན་ནང་དུ་མི་གཅིག་པ། །ཕྱི་ནང་ཅན་དང་གནོད་བྱེད་དང་། །འདོད་མྱོས་བྱིང་རྨུགས་བརྐམ་པ་དང་། །དད་མེད་རྩ་ཉམས་འཕྱར་

གཡེང་ཅན། །མཁས་པས་བསྒྲིམས་ཏེ་སྤང་བར་བྱའོ། །དེ་ནི་རྣལ་འབྱོར་གེགས་ཡིན་ཏེ། །དངོས་གྲུབ་ཆུ་བོ་གཅོད་པར་བྱེད། །རྣལ་འབྱོར་ངེས་པར་སྤྱོད་པ་ལ། །བར་དུ་གཅོད་པའི་བདུད་ལྔ་འབྱུང་། །རྣམ་རྟོག་འཕྲིག་པའི་བདུད་ཉིད་དང་། །དེ་བཞིན་བཏང་སྙོམས་

ལེ་ལོའི་བདུད། །ལོངས་སྤྱོད་འདུ་འཛི་གཡེང་བའི་བདུད། །ཚིག་རྩུབ་མཚོན་ཆ་རྣོན་པོའི་བདུད། །ཁྲོ་གཏུམ་ངང་ཐུང་འཁྲུག་པའི་བདུད། །རྣལ་འབྱོར་སྤྱོད་པའི་བདུད་ལྔ་པོ། །ཡང་དག་དོན་ལ་སྒྲིབ་པ་སྟེ། །གཉེན་པོ་བྱང་ཆུབ་སེམས་མཆོག་གིས། །ཞི་བ་ཆེན་པོའི་

དང་དུ་བཟློག །རྣལ་འབྱོར་སྤྱོད་པའི་དགྲ་བཞི་པོ། །ཐབས་ལ་མཁས་པས་གདུལ་བར་བྱ། །རྡོ་རྗེ་བརྣག་པ་གསང་འཕེལ་བས། །ངག་གི་དབང་པོ་ཉམས་འགྱུར་ཏེ། །ཁ་ན་མ་ཐོས་ཕོག་པར་འགྱུར། །དེ་དག་བཅས་ཀར་འགྱུར་བའི་དགྲ། །ལྟ་དམན་

སྤྱོད་རྩིང་འཆོལ་བ་ཡིས། །བཀའ་ཡི་གཞུང་བོར་ལོག་པར་སྤྱད། །ནོར་བས་བར་ཆད་འབྱུང་བའི་དགྲ། །དམ་གཙོར་སྤྱོད་པའི་ལས་རྣམས་ཡིན། །འདའ་དཀའ་རྡོ་རྗེ་མཆོག་གསུམ་པོ། །བཏང་སྙོམས་ཕྱལ་བར་ཤོར་བ་ནི། །རྩ་བ་རུལ་པའི་ལྗོན་ཤིང་

Vol. 98 · folio 42b

བཞིན། །བཀའ་ཆད་ཆེན་པོ་འབབ་པའི་གནས། །བརྩམ་པ་ལས་ལ་སྦྱོར་བའི་ཚེ། །འབད་པའི་རྩལ་ཤུགས་ཆུང་བ་ཡིས། །དོན་རྣམས་གྲུབ་པ་མ་ཡིན་ཏེ། །འབྲས་བུར་མི་འགྱུར་འཕྲོག་པའི་དགྲ། །རྣལ་འབྱོར་ཆེན་པོར་སྤྱོད་པ་ལ། །འདོད་པའི་ནོར་མཆོག་འཕྲོག་

པའི་དགྲ། །ཐབས་ལ་མཁས་པའི་སྐྱེས་བུ་ཡིས། །སྐྱོན་གྱི་དགྲ་བཞི་སྤང་བར་བྱ། །སྲིད་གསུམ་བསྒྲལ་བའི་ཞིང་འདི་དག །སངས་རྒྱས་ཞིང་དུ་རྟོགས་པ་ནི། །ས་རྣམས་ཅིག་ཅར་སྦྱངས་པ་སྟེ། །ཞིང་རྣམས་དག་པའི་མཆོག་ཡིན་ནོ། །ཁམས་གསུམ་མཆོད་པའི་རྒྱུ་འདི་

དག །ཡོ་བྱད་ཆེན་པོའི་མཆོག་ཡིན་ཏེ། །རྒྱལ་བ་ཐམས་ཅད་མཉེས་པའི་རྒྱུ། །རྨད་དུ་བྱུང་བའི་མཆོད་པའོ། །འཁོར་བ་དུར་ཁྲོད་གནས་འདི་དག །བདེ་བ་ཆེན་པོའི་གནས་ཡིན་ཏེ། །མ་ནོར་མ་བཅོས་ཆོས་ཀྱི་དབྱིངས། །བཙལ་མེད་ལྷུན་གྱིས་གྲུབ་པ་ལ། །དུག་ལྔ་

རྒྱུ་བའི་རྩ་བ་དག །ཡེ་ཤེས་ལྔ་ཡི་རྩ་བ་སྟེ། །ཀུན་ཤེས་ཀུན་རིག་གསལ་བའོ། །རང་རིག་ཡེ་ཤེས་རང་ལས་བྱུང་། །རྣལ་འབྱོར་ཆོས་མིག་ལྡན་པ་ཡིས། །ངེས་པའི་དོན་དུ་འདི་ལྟར་བལྟའོ། །འདི་ནི་རྒྱུན་གྱི་དམ་ཚིག་སྟེ། །བརྗོད་དུ་མེད་པ་བསྲུང་བའོ། །བསྲུང་

བ་ཐུབ་པར་བྱ་བ་ལ། །དམ་ཚིག་རྩལ་གྱི་ཁྱད་པར་ནི། །གང་དག་རིག་པ་འཛིན་པ་ཡི། །བློ་ལ་ངེས་པའི་ལུང་དུ་བསྟན། །འདོད་པས་ཆགས་དང་འཇོམས་པ་དང་། །གཏི་མུག་ང་རྒྱལ་ཕྲག་དོག་རྣམས། །རྣལ་འབྱོར་ཆེན་པོའི་དམ་ཚིག་སྟེ། །དོན་དང་ལྡན་པའི་སྐྱེས་བུས་

སྤྱད། །སྦྱོར་དང་སྒྲོལ་བར་བྱེད་པ་དང་། །མ་བྱིན་ལེན་དང་ངག་སྤྲུལ་བྱེད། །རྣལ་འབྱོར་དམ་ཚིག་སྤྱོད་པའི་མཆོག །སྤྱད་པར་བྱ་བའི་ལས་ཡིན་ནོ། །རྒྱལ་བ་སེམས་ཅན་ཐམས་ཅད་དང་། །དངོས་པོར་བརྟགས་པ་ཐམས་ཅད་ཀྱང་། །དོན་གྱི་ངང་དུ་གཅིག་པ་སྟེ། །དེ་ཉིད་

སྐུ་གསུང་ཐུགས་ཀྱི་བདག །མཚན་མའི་ཆོས་རྣམས་ཐམས་ཅད་ནི། །མཉམ་པ་ཆེན་པོའི་ངང་དུ་གསལ། །ཐེག་པ་འོག་མའི་ཁྱད་པར་རྣམས། །ཀུན་ཀྱང་རང་རིག་བློ་ལ་གསལ། །ཡོན་ཏན་ཅི་འབྱུང་མི་བརྗོད་ཅིང་། །འོག་མ་རྣམས་ལ་མི་སྨོད་ཅིང་། །ཐམས་ཅད་

Vol. 98 · folio 43a

མཉམ་པའི་དམ་ཚིག་སྟེ། །འདི་ལྟར་ཤེས་ན་ཚོགས་མཆོག་རྫོགས། །གཟུགས་རྣམས་རྣམ་པར་སྣང་བ་མཛད། །ཚིག་རྣམས་བརྗོད་པ་སྣང་མཐའ་ཡས། །རྣམ་རྟོག་ཀུན་དུ་སེམས་རྡོ་རྗེ། །རིག་དང་ཚོར་བ་རིན་ཆེན་འབྱུང་། །ཡིད་གཡོ་བྱེད་

པ་དོན་ཀུན་རྫོགས། །སྟན་འགན་རང་བཞིན་སྤྱོད་པའི་གནས། །ཞིང་བཅུ་དག་དང་ལྡན་པ་ན། །བདེ་བ་ཆེན་པོའི་ལོངས་སྤྱོད་དེ། །ཐོགས་མེད་ཕྲིན་ལས་རྣམ་བཞིར་རྫོགས། །ཕྱི་ཡི་ཡུལ་དང་ནང་གི་སེམས། །ཐམས་ཅད་མཉམ་པ་ཉིད་དུ་གནས། །དེ་ལ་སྒྲིབ་དང་མི་

སྒྲིབ་ཅེས། །མཉམ་པའི་རྒྱལ་པོས་ཡོང་མ་གསུངས། །ཐམས་ཅད་མཉམ་ཉིད་དབྱིངས་གྱུར་པས། །ཕུང་པོ་ལྔ་དོན་ཡེ་ཤེས་ལྔ། །སྐུ་གསུང་ཐུགས་ཀྱི་དབང་ཕྱུག་ནི། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན། །ཡུལ་དང་ཡེ་ཤེས་རང་བཞིན་ལས། །གཞན་གྱི་རང་

བཞིན་མེད་པས་ན། །མཚན་མའི་རྣམ་པ་ཅིར་སྣང་ཡང་། །དེ་ལ་ཆད་པའི་གནས་མེད་དོ། །དམ་ཚིག་དམ་པ་གང་ཞེ་ན། །རྟོགས་པ་དམ་པ་དམ་ཚིག་སྟེ། །རྟོག་པར་བྱེད་པ་གང་ཡིན་པ། །དེ་ནི་དམ་ཚིག་ཆེན་པོའོ། །ཐམས་ཅད་མཉམ་པའི་ངང་ལ་གནས། །

ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ལས། །དངོས་སུ་སྤྱོད་པ་ཐམས་ཅད་བྱ། །དེ་ནི་དམ་ཚིག་ཆེན་པོ་ཡིན། །སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེ་ཐ་ཚིག་ཡིན། །སྲིད་པའི་

སེམས་ཅན་ཐམས་ཅད་དང་། །ཐར་པ་ཆོས་ཀྱི་རྣམ་གྲངས་ཀུན། །སོ་སོར་ཐམས་ཅད་སྣང་བ་སྟེ། །ཀུན་ཀྱང་མཉམ་པའི་ངང་དུ་གསལ། །སྤྱོད་པའི་ལས་དང་རྟོགས་པ་དང་། །མཚན་མར་གྱུར་པ་ཐམས་ཅད་ཀྱང་། །སེམས་ཀྱི་ཕྱི་ནང་སྤྱོད་ཡུལ་དེ། །

བརྟགས་ན་ལོངས་སྤྱོད་ཚོགས་སུ་འགྱུར། །མ་སྐྱེས་སྟོང་པ་སྐུ་ཡི་རྒྱ། །རང་བཞིན་སྨོན་མེད་གསུང་གི་དོན། །མཚན་མེད་ཡིད་ལས་འདས་པ་ཐུགས། །རྣམ་གསུམ་བདེ་ཆེན་སངས་རྒྱས་སོ། །མཉམ་པའི་ལྟ་བས་དབང་སྒྱུར་ན། །འཁོར་བ་ཐམས་

Vol. 98 · folio 43b

ཅད་དབྱིངས་ལ་སྣང་། །ལས་ཀུན་རྫོགས་པའི་མཆོག་ཡིན་ཏེ། །གཞན་དུ་ཕྲིན་ལས་ལུས་པ་མེད། །སྡུག་བསྔལ་བྱང་ཆུབ་ཆེན་པོ་སྟེ། །འཁོར་བ་ཡེ་ནས་མྱ་ངན་འདས། །སྒྲིབ་པ་རྣམ་དག་ཆོས་ཀྱི་དབྱིངས། །ཉོན་མོངས་ཀུན་ཀྱང་བྱང་ཆུབ་དོན། །སྣང་བ་

མེད་པའི་དོན་མཐོང་དང་། །ས་དང་ས་ཡི་རིམ་པར་ནི། །འདི་དང་འདི་ཞེས་གཟུང་དུ་མེད། །འདི་ནི་སྣང་མེད་ཐོབ་པའི་གནས། །སྐུ་དང་གསུང་ཐུགས་མི་གཡོ་བའི། །ཇི་བཞིན་ཉིད་ཀྱི་ངང་ལ་གནས། །ཇི་ལྟར་བསྒྱུར་ཡང་ཆོས་ཉིད་པས། །ཆད་པའི་

གནས་ཞེས་བརྗོད་དང་བྲལ། །མེད་དང་ཕྱལ་བ་གཅིག་པོ་དང་། །ལྷུན་གྱིས་རྫོགས་པའི་དམ་ཚིག་ཆེ། །འདི་ཞེས་རིས་སུ་ཆད་མེད་པ། །འདི་ནི་བསྲུང་བའི་དམ་ཚིག་གོ། །སྤྱད་དང་སྤྱོད་པར་བྱ་མེད་པས། །སྲིད་དང་མུ་སྟེགས་འཇིག་རྟེན་པའི། །སྤྱོད་པར་

སྣང་བ་ཐམས་ཅད་ཀུན། །ལྷུན་གྱིས་གྲུབ་པའི་མཛད་སྤྱོད་དོ། །མ་སྤངས་ལྷུན་གྲུབ་དབྱེར་མེད་པས། །དབྱིངས་ལས་གཞན་ན་ལྟ་ཡུལ་མེད། །འདི་ནི་ལྟ་བའི་དམ་ཚིག་གོ། །ས་ཆུ་མེ་རླུང་སྣོད་བཅུད་བཅས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོ། །ཆོས་ཉིད་དོན་

ལ་གཞན་མེད་པ། །རང་འབྱུང་ཡེ་ཤེས་གསལ་བའོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །མ་བཙལ་རང་ལ་ཡོད་པ་ཡིན། །འདོད་པ་འབྱུང་བའི་ལོངས་སྤྱོད་དེ། །བདེ་ཆེན་ལོངས་སྤྱོད་ཚོགས་ཡིན་ནོ། །ངན་སོང་མཐོ་རིས་ཐམས་ཅད་དང་། །འཕགས་ལམ་

འཁོར་བའི་ཆོས་རྣམས་ཀུན། །རང་བཞིན་སོ་སོར་མི་དམིགས་ཏེ། །སངས་རྒྱས་ཀྱི་ནི་རང་བཞིན་ཡིན། །སྤྱོད་དང་གཟུགས་རིགས་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཏེ། །སྐུ་གསུང་ཐུགས་ཚིག་རྒྱ་ཆེར་སྟོན། །དོན་རིག་ཐུགས་ཀྱི་རང་བཞིན་

ནོ། །མ་སྐྱེས་པ་དང་མ་བྱུང་བ། །མི་གནས་པ་ལ་ཆགས་པ་མེད། །དོན་གྱི་ཁྱད་པར་རྟོགས་ཆུད་ན། །ཀུན་དུ་བཟང་པོ་མཆོག་གི་སའོ། །མཚན་དང་དཔེ་བྱད་ཀུན་རྫོགས་ཏེ། །ཐམས་ཅད་སྐུ་གསུང་ཐུགས་ཀྱི་དོན། །བདག་ཉིད་ཆེན་པོར་ཐམས་ཅད་རྫོགས། །

Vol. 98 · folio 44a

ལྷུན་རྫོགས་བདེ་བ་ཆེན་པོ་ཡི། །ཁྱབ་པ་ཆེན་པོར་ཀུན་བདལ་བས། །སྒྲིབ་པ་ཀུན་བྱང་ཚོགས་ཀུན་རྫོགས། །རྣམ་གྲོལ་བཅིངས་པ་ཀུན་དང་བྲལ། །ལྷུན་གྲུབ་བདེ་བའི་གནས་ཆེན་ཡིན། །ཞེས་སྨྲ་བའི་སེང་གེ་ཆེན་པོས་གསུངས་སོ། །རྒྱུད་ཀྱི་

རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་དམ་ཚིག་གསང་བ་མཆོག་གི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེ་ཆོས་ཐམས་ཅད་བརྡས་མཚོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་

འཛིན་དེ་ལས་བཞེངས་པ་དང་། འདུས་པ་ཆེན་པོའི་འཁོར་རྣམས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནི་བདག་ཅག་རྣམས་ཀྱིས་བརྡ་རིག་པ་ཙམ་གྱི་ངོ་བོར་མཐོང་ངོ་། །དེ་ནས་སེམས་དཔའ་ཆེན་པོས་བཀའ་སྩལ་པ། འདུས་པ་ཆེན་པོའི་

ཚོགས་ཆོས་ཐམས་ཅད་ནི་བརྡ་དང་། ཐ་སྙད་དང་། བཏགས་པ་ཙམ་དུ་ཤེས་པར་གྱིས་ཤིག །བཏགས་པའི་ཆོས་ཐམས་ཅད་ནི་ཕྱི་ནང་གང་ན་ཡང་མི་གནས་ཏེ། ཆོས་ཐམས་ཅད་ལ་མིང་གི་གཞི་མེད་ཅིང་བཏགས་པའི་ཐ་སྙད་དང་བྲལ་བ་ཡིན་ནོ། །བརྡ་ཞེས་བྱ་

བ་ནི་སྦས་པ་བཏགས་པའི་ཐ་སྙད་ཡིན་ནོ། །སྦས་པའི་ཆོས་རྣམས་གསང་བའི་ཕྱིར། །ཐམས་ཅད་སྦ་ཞིང་བརྒྱུད་པར་བྱ། །འདི་ལྟར་བརྡ་ཡི་སྦྱོར་བ་ལ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །དེ་ནས་འདུས་པའི་རྣལ་འབྱོར་རྣམས་ཀྱིས་གསོལ་པ། སེམས་

དཔའ་ཆེན་པོས་བརྡ་ཡི་ཆོས་རྣམས་རྒྱ་ཆེར་བཤད་དུ་གསོལ། །བདག་ཅག་གིས་ཀྱང་ཆོས་ཐམས་ཅད། །བརྡ་ཡི་དོན་གྱིས་བརྒྱུད་པར་བགྱི། །བརྡ་ཞེས་བགྱི་བ་ཇི་ལྟ་བུ། །སྦས་པའི་ཆོས་ནི་གང་དང་གང་། །མི་བསྟན་གསང་བ་གང་གང་ལགས། །དེ་སྐད་ཅེས་

གསོལ་པ་དང་། སྨྲ་བའི་སེང་གེས་བཀའ་སྩལ་པ། ཉོན་ཅིག་འདུས་པ་ཆེན་པོའི་ཚོགས། །བརྡ་ཞེས་བྱ་བ་སྦས་པའི་ཚིག །སྦས་ཏེ་གསང་བའི་ཆོས་རྣམས་ནི། །རྣལ་འབྱོར་ཆེན་པོའི་སྤྱོད་པ་ཡིན། །མི་བསྟན་གཞན་ལ་གསང་བ་ནི། །མུ་སྟེགས་ལ་སོགས་

Vol. 98 · folio 44b

སྡེ་བ་རྣམས། །རྣལ་འབྱོར་སྤྱོད་ལ་འཕྱ་བ་ལས། །ཤིན་ཏུ་བླན་ཞིང་སྦ་བའི་ཕྱིར། །སྦས་པའི་བརྡ་ཡིས་བསྟན་པར་བྱ། །བརྡ་ཡི་ཡོན་ཏན་ཆེན་པོ་ནི། །གྲངས་ཀྱང་བསམ་གྱིས་མི་ཁྱབ་ན། །མདོར་བསྡུས་རྣམ་པ་བཞི་ཡོད་དེ། །གཞན་གྱི་སྤྱོད་ཡུལ་མ་ཡིན་

དང་། །རྣལ་འབྱོར་རིག་པའི་སྤྱོད་ཡུལ་དང་། །སྦས་པས་གྲུབ་ཐག་ཉེ་བ་དང་། །གསང་བའི་དམ་ཚིག་མི་ཉམས་ཤིང་། །བརྡ་ལ་དགའ་བའི་མ་སྲིང་རྣམས། །ཉེ་ཞིང་གདུང་བའི་ཐབས་སུ་འགྱུར། །དེ་བས་སྦས་པའི་བརྡ་རྣམས་ནི། །ཚིག་གིས་མཚོན་ཏེ་བརྗོད་པར་

བྱ། །ཨ་ལ་ལ་ཧོཿ། ཨ་ཏི་པུ་ཧོཿ། པྲ་ཏི་བུ་ཧོཿ། མ་ཧཱ་གོ་རུ་སཾ་ཀྲ་མ། གུ་ཡ་དེ་བཱི་ས་མ་ཡ། མ་ཧཱ་ཙནྡྲ། མ་ཧཱ་པུརྴ། གུ་ཡ། བྷ་ག །མ་ཧཱ་བཛྲ། ས་མ་ཡ་ཧོཿ། ས་མ་ཡ་སྟྭྃ། ར་ཧོ་ཡ་ཧཾ། ར་ག་ཡཱ་མི། ས་མ་ཡ་ཛཿ། ལྷན། ཨོྃ་ཨཱྃཿཧཱུྃ། ས་མ་ཡ། ས་མ་

ཡ། ཨེ་ཧྱེ་ཧི། ཨེ་ཧྱེ་ཧི། ཧ་ཧེ་ཧ། ཧ་ཧེ་ཧ། མ་ཏྃ་ཁ། མ་ཏྃ་ཁ། ཀ་རུཀྵ། ཀ་རུཀྵ། ཀྵྃ་བ་རི། ཀྵྃ་བ་རི། ར་ཧོ་ཧྃ་ར་ཧོ་ཧྃ། ས་མ་ཡ་ཧི། ཨ་ལ་སྟོཾ། ཨ་ལ་སྟོཾ། ཁ་ཁ་ལེ་ཁ་ལེ། ཤ་ད་པ། ཤ་ད་པ། ཁ་རཾ་ཁཱ་ཧི། ཁ་རཾ་ཁ་ཧི། ཁ་ལེ་བྷྱོ། ཁ་ལེ་ཧ་

བྷྱོ། ཁ་ཀ་ཁ་ཁ་ཀ་ཁ། ཁ་ཧྱི་ཧ་ཧེ། རཀྵ་ཁཱ་ཧི་རཀྵ་ཁཱ་ཧི། ཧ་ཧ་ཧེ་རྃ། གུ་ཧྱ། གུ་ཧྱ། ས་མ། ས་མ། མ་ལེ་མུ་ལེ། ཏ་ལེ་དུ་ལེ། མ་ཙ་མེ་ཙ། གུ་ཧྱ་སིཏྟི། པ་ར་མ། པ་ར་མ། ཤི་རི་ཧོཿ། ཤི་རི་ཧོ། མ་མ་ཁ་ཀ་ཏྲྃ། ཨེ་ཨེ་ཨེ་ཨེ། ཧྲིཾ་ཧྲིཾ། བྷྱོ་བྷྱོ།

ཁ་ཁ་ལེ་ལེ། ཀརྨ་མ་ཏི་བྷྱོ། རཀྵ་ཀྲ་མ་བྷྱོ། རཀྵ་ཀྲ་མ་བྷྱོ། ཀརྨ་མ་ལེ། ཀརྨ་མ་ལེ། ཀྵུ་ཏི་ཤ་ནེ། ཀྵུ་ཏི་ཤ་ནེ། རཀྵ་ཀརྨ། རཀྵ་ཀརྨ། ཀྲོ་དྷ་ཀྵྃ། ཁཱ་ཧི་བྷྱོ་ཁ་ཧི་བྷྱོ། ཙ་ལེ་ཡྃ། ཙ་ལེ་ཡྃ། པྲ་ཙ་ལེ། པྲ་ཙ་ལེ། གུ་རཱ་ཡྃ། གུ་རཱ་ཡྃ། བི་གུརྟྟི། བི་

གུརྟྟི། མ་མོ྅་ཧྃ། མ་མོ྅་ཧྃ། ངག་བརྡ་དམ་ཚིག་གི་ཕྱག་རྒྱའོ། །བྱཱ་གྷྲི་ཙརྨ། བྱཱ་གྷྲི་ཙརྨ། བ་ཡྃ་ཀྵྃ་ག་རི། བ་ཡྃ་ཀྵྃ་ག་རི། བ་བྱཱ་ཛྙོ་བ་བ་ཏི། བ་བྱཱ་ཛྙོ་བ་བ་ཏི། ན་ར་ཧ་ས། ན་ར་ཧ་ས། བནྡྷ་ཀ་པཱ་ལ། བནྡྷ་ཀ་པཱ་ལ། ཙརྨ་ན་ག་ཏྲུྃ། ཙརྨ་ན་ག་ཏྲུྃ། རཱ་

Vol. 98 · folio 45a

ག་རཀྟ་ཙ་ར་ག་རཀྟ་ཙ། རུ་དྷི་རཱ་མ་ཏ། རུ་དྷི་ར་མ་ཏ། ཀ་རུ་ག་ཙ། ཀ་རུ་ག་ཙ། བ་བྱ་བ་ཏི། བ་བྱ་བ་ཏི། གཾ་གྲོ་ཎ། གཾ་གྲོ་ཎ། ཐརྤ་ཏ། ཐརྤ་ཏ། དཔའ་བྱེད་ཁ། དཔའ་བྱེད་ཁ། ཟླ་བ་རྒྱས་དང་རྫོགས་པ་དང་། ཟླ་བ་དཀར་དང་ཟླ་ཕྲོམ་མཆོག །ཚེ་འཛིན་

ཀུན་གྱི་གཙོ་མོ་དང་། །འཇམ་པོ་ཐར་པ་ཆེན་པོ་དང་། །གལ་ཞེས་བྱ་བའི་རོ་མཆོག་དང་། །གཟི་བརྗིད་ཆེན་པོའི་དྲི་ཞིམ་དང་། །བྲན་མོ་དང་ནི་གཡོག་འཆང་མ། །འཇམ་དཔལ་རྣོན་པོའི་ཀ་ཏར་དང་། །མཱ་ཐ་ཡ་མཱ་ཐ་ཡ། པརྤ་ཏི་པརྤ་ཏི། རྭ་ཐ་མ་རྭ་ཐ་མ།

ཁ་ཏཾ་ཉ་ཁ་ཏཾ་ཉ། རྭ་ཏི་ཧཱུྃ་རྭ་ཏི་ཧཱུྃ། ཤི་ཉཾ་ཐ། ཤི་ཉཾ་ཐ། ཀ་རཾ་ཐ། ཀ་རཾ་ཐ། ཤཀྟི་ཁ་ཤཀྟི་ཁ། ཡོ་གཙ་རྦཱན་ཡོ་ག་ཙརྦཱན། སྒྲ་བརྡ་དམ་ཚིག་གི་ཕྱག་རྒྱའོ། །ལག་གི་ཕྱག་རྒྱ་ཆེན་པོ་ནི། །གར་ཐབས་གཡས་གཡོན་བསྐོར་ནས་ཀྱང་། །སེ་གོལ་བརྡབས་

པ་འདྲེན་པའི་བརྡ། །བསྐོར་ནས་ཐལ་སྦྱར་ཕྱག་རྒྱའི་བརྡ། །ཤིན་ཏུ་བསྐོར་ནས་སྤྱི་བོར་དགྲོལ། །འདི་ནི་མཆོད་པ་བཞེས་པའི་བརྡ། །བསྐོར་ནས་སྙིང་གར་བཅངས་པ་ནི། །ཏིང་འཛིན་རྡོ་རྗེ་བརྟན་པའི་བརྡ། །གར་བསྐོར་ཤིན་ཏུ་གཉིས་བསྟབས་པ། །མཆོད་པ་

སྟོབས་པར་བྱེད་པའི་བརྡ། །གར་བསྐོར་དབང་མོའི་སྤྱི་བོར་བཞག །སྦྱོར་བའི་དོན་ལ་འཇུག་པའི་བརྡ། །ཐབས་ཀྱིས་སྤྱི་བོར་བཞག་པ་དང་། །ཤེས་རབ་དབང་མོའི་སྙིང་གར་རོ། །ཐབས་ཀྱིས་གསང་བ་གཡས་བཅུག་ན། །ཤེས་རབ་ཐོས་བྱེད་གསང་བ་ཡིན། །

ཐབས་ཀྱིས་ནས་གཡས་བཏེག་ན། །ཤེས་རབ་ནས་གཡོན་བཏེག་པའོ། །ཐབས་ཀྱིས་རྡོ་རྗེ་ཕྱག་རྒྱ་བསྟན། །ཤེས་རབ་པདྨོའི་ཕྱག་རྒྱ་བསྟན། །ཐབས་ཀྱིས་སྨིན་མ་གཡས་བསྐྱོད་ན། །ཤེས་རབ་སྨིན་མ་གཡོན་བཏེག་བྱ། །ཐབས་ཀྱིས་ཕྱག་གཡོན་བརྐྱང་བ་

དང་། །ཤེས་རབ་གཡས་ཀྱིས་འཁྱུད་ཚུལ་བསྟན། །ཕྱག་རྒྱ་གར་བསྐོར་ཐལ་བརྡབས་ཤིང་། །དབང་མོ་ལྕེ་ལ་རེག་པ་ནི། །ཚོགས་མཆོད་དུས་ལ་བབ་པའི་བརྡ། །ལག་གཉིས་བསྐོར་ནས་དབང་མོ་འཐོར། །དེ་ནས་དབང་མོ་ལྕེ་ལ་རེག །འཛའ་གད་

Vol. 98 · folio 45b

འདྲིམ་པའི་བརྡ་ཐབས་སོ། །མ་ཧཱ་གིང་ཆེན་ཀརྨ་དང་། །རྡོ་རྗེ་དྲོད་ཀྱི་རྟགས་འཛིན་ལས། །སོགས་པའི་བརྡ་ཡི་དམ་ཚིག་རྣམས། །རྣལ་འབྱོར་ཅན་གྱིས་སྤྱད་ན་འགྲུབ། །ལུས་བརྡ་དམ་ཚིག་ཕྱག་རྒྱའོ། །ཞེས་སྨྲ་བའི་སེང་གེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་

པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྣལ་འབྱོར་བརྡའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་སྨྲ་བའི་སེང་གེ་སེམས་དཔའི་རྡོ་རྗེ་དེ་རྣལ་འབྱོར་རོལ་པའི་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་

བཞེངས་པར་གྱུར་པ་དང་། འདུས་པ་ཆེན་པོའི་ཚོགས་ཀྱིས་གསོལ་པ། སྨྲ་བའི་སེང་གེ་ཆེན་པོ་ཆོས་ཐམས་ཅད་ནི་རྡོ་རྗེ་ཚོགས་ཀྱི་དཀྱིལ་འཁོར་དུ་བདག་ཅག་རྣམས་ཀྱིས་མཐོང་ངོ་ཞེས་གསོལ་པ་དང་། སྨྲ་བའི་སེང་གེས་བཀའ་སྩལ་པ། འདུས་པ་ཆེན་པོའི་

ཚོགས་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་རྡོ་རྗེ་ཚོགས་ཡིན་པར་ཤེས་པར་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། འདུས་པའི་ཚོགས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་རྡོ་རྗེ་ཚོགས་ཀྱི་དཀྱིལ་འཁོར་གྱི་དོན་བདག་ཅག་

རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། །སེམས་དཔའ་ཆེན་པོས་བཀའ་སྩལ་པ། ཉོན་ཅིག་འདུས་པ་ཆེན་པོའི་ཚོགས། །རྡོ་རྗེ་ཚོགས་ཀྱི་དཀྱིལ་འཁོར་འདི། །རྒྱལ་བ་རྣམས་ཀྱི་ཐུགས་དམ་སྟེ། །རྣལ་འབྱོར་ཀུན་གྱིས་སྤྱད་པའི་ལམ། །ས་མཆོག་བགྲོད་པའི་

ལམ་འདི་དག །འདུས་པའི་ཚོགས་ལ་བཤད་པར་བྱ། །བརྩམ་པ་ལས་ཀྱི་དང་པོ་པ། །རྡོ་རྗེ་ཚོགས་ལ་འཇུག་པ་ན། །ཁྱད་པར་རིམ་པ་ཅི་བཞིན་དུ། །ལས་མཆོག་འདི་ཡི་རང་བཞིན་གྱིས། །ཇི་བཞིན་རིམ་པར་སྦྱངས་ནས་ཀྱང་། །ས་རབ་མཆོག་ཏུ་བགྲོད་

པ་ལ། །ཐབས་མཆོག་ལྔ་ཡིས་བགྲོད་བྱ་སྟེ། །རྡོ་རྗེ་ཚོགས་དང་བསྙེན་པ་དང་། །ཉེ་བ་དང་ནི་བསྒྲུབ་པ་དང་། །བསྒྲུབ་པ་ཆེན་པོར་སྦྱར་བར་བྱ། །ཇི་ལྟར་གྲངས་དང་དུས་ཆེན་དང་། །མཚན་མ་བྱུང་བར་བཅས་རྣམས་ལས། །གབ་པའི་སྦ་ཐབས་དེ་སྦྱར་ནས། །

Vol. 98 · folio 46a

སུས་མི་རིག་པའི་ཐབས་ཆེན་བྱ། །དེ་དག་གསང་བའི་བདག་པོ་ཡིན། །གནས་འདིར་འཇུག་པའི་བྱིས་པ་དག །འཇིག་རྟེན་རྡུལ་ལས་དྲངས་ནས་ཀྱང་། །འགྱུར་དབང་མ་ངེས་སར་གཞག་སྟེ། །ཅི་ཕྱིར་དང་པོ་ཡིན་པས་ན། །བྱིས་པ་བློ་ཤེད་

མ་བྱེ་བས། །བཟང་ངན་བདེ་སྡུག་མི་ཤེས་ཤིང་། །བསྟན་དང་གསང་བའི་དམིགས་མི་ཕྱེད། །རྣལ་འབྱོར་སྤྱོད་པའི་བཀའ་སྒོ་འདིར། །གསང་སྒོ་མི་དབྱེ་སྐྲག་པར་འགྱུར། །རང་བཞིན་ངང་ཚུལ་མ་རྟོགས་པའི། །སོ་སོའི་སྐྱེ་བོ་བྱིས་པ་ལས། །སྣོད་མེད་སྣོད་

བྱས་བདུད་ཉིད་ཀྱིས། །རྣལ་འབྱོར་འཚེ་བའི་སྲོག་གཅོད་ཅིང་། །མ་ངེས་ལྡོག་འཇུག་བཅས་པ་ཡིས། །གསང་འདི་བཅས་དཀར་འགྱུར་ཕྱིར་རོ། །དེས་ན་འདི་ཡི་སྤྱོད་པ་ཡང་། །ཇི་ལྟར་འཚམ་པར་བདེ་ཐབས་སྦྱར། །དེ་ནས་སྨྲ་བའི་སེང་གེ་དེ་ཐབས་ཀྱི་རྡོ་རྗེ་ཚོགས་

ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། །རྣལ་འབྱོར་མ་ཆེན་མོ་རྣམས་མི་སྣང་བར་གྱུར་ཏོ། །དེ་ནས་འདུས་པའི་ཚོགས་ཀྱིས་གསོལ་པ། །སྨྲ་བའི་སེང་གེ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཐབས་ཀྱི་ཕྱག་རྒྱའི་རང་བཞིན་དུ་བདག་ཅག་རྣམས་ཀྱིས་མཐོང་ངོ་། །

སེམས་དཔས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་འདི་དག་ནི་བརྒྱུད་དེ་སྦས་པའི་ཚོགས་ཡིན་པར་ཤེས་པར་བྱའོ། །རྡོ་རྗེ་རྣལ་འབྱོར་ཚོགས་ལྡན་ལྷ། །ཐབས་ཆེན་ཕྱག་རྒྱ་སྦས་ཚོགས་ལྔ། །རྡོ་རྗེ་འཛིན་སོགས་བཅུ་དྲུག་དང་། །བཅས་པའི་དཀྱིལ་

འཁོར་རྡོ་རྗེ་ཅན། །བྲི་བྱ་ཡང་ན་བསམ་པའམ། །བརྗོད་དམ་བསྔོས་སམ་མཚན་མ་ལ། །འཇིག་རྟེན་དབང་པོའི་ཆོས་ལུགས་ཀྱིས། །མོས་པ་ལ་བསྐྱེད་དྲན་བྱས་ཏེ། །རང་བཞིན་ཡུལ་ནས་ཕབ་ནས་ནི། །ཕྱག་བྱ་ལ་སོགས་མཆོད་པ་ཡིས། །རྡོ་རྗེ་སྨན་དང་རྩིར་

སྦྱར་བའི། །ཡོ་བྱད་ཆེན་པོ་ལ་སོགས་པས། །རྡོ་རྗེ་ཐབས་ཀྱི་ཚོགས་ལ་དབུལ། །རྡོ་རྗེ་རྣལ་འབྱོར་གླུ་བླངས་ཏེ། །མཉེས་བྱས་ལས་གྲུབ་གྲངས་རྫོགས་ནས། །མཆོད་དང་དམ་སྐོངས་འདོད་པ་བྱ། །སྣོད་དུ་རུང་བའི་སློབ་མ་དག །དཔའ་མཁྱེན་ལ་སོགས་བྱ་བ་

Vol. 98 · folio 46b

ཡིས། །འཇུག་ཚུལ་དབང་དང་དངོས་གྲུབ་སྩོལ། །རྡོ་རྗེ་ཐ་ཚིག་རྣམ་ལྔ་ཡིས། །བསླབ་པའི་གཉེར་རྣམས་ཅི་རིགས་པར། །རྩལ་གྱི་རིམ་པར་བྱིན་ནས་ནི། །རྡོ་རྗེ་གལ་ཆེན་མནའ་འདོར་རོ། །དེ་ནས་སྒྲུབ་པ་ཆེ་ཆུང་རྣམས། །ཇི་ལྟར་འདོད་པས་ནན་ཏན་གྱིས། །རྡོ་

རྗེ་རྣལ་འབྱོར་བཀར་བྱའོ། །མི་ནུས་ལ་སོགས་མི་གནང་བའི། །དམ་ཚིག་དག་གིས་ནན་ཆགས་བྱ། །རྨོངས་པ་གསང་ཕྱིར་སེམས་བསྐྱེད་དེ། །ངོ་མཚར་ཚིག་གི་འདུ་ཤེས་བསྒྱུར། །ཤེས་ནས་མིག་ལ་ཤེས་བྱའི་ཡུལ། །ཐམས་ཅད་རིམ་གྱིས་བསྟན་པར་བྱ། །

དྲོད་ཅན་འཁྱིལ་བའི་བློ་ལྡན་ལ། །རྣལ་འབྱོར་ན་སྤར་མཛོད་སྒོ་དབྱེ། །རྩིང་པོ་འགྲོས་ཀྱིས་དམུ་རྒོད་ལ། །གཅན་འཕྲང་འཁོར་བའི་གཡེང་རྣམས་བསྟན། །རྡོ་རྗེ་ལུང་གི་ཚད་ཅན་ལ། །ཇི་ལྟར་ནུས་པ་དེ་དབང་བསྐུར། །བཙལ་མེད་མི་ནུས་ཡུལ་ཅན་ལ། །ཕན་པ་འབའ་

ཞིག་བསྔགས་པ་ཡིན། །གནས་འདིར་ཡོད་དང་མེད་པ་དང་། །འོད་མི་བསུབ་ཅིང་ལྗིད་མི་དབབ། །རྡོ་རྗེ་བློ་ཡི་ཡུལ་ཅན་ལ། །རྩལ་ཆེན་སྦྱོངས་ཞེས་གདམས་པར་བྱ། །རྡོ་རྗེ་འདུས་པའི་དབང་གྲལ་དུ། །རྡོ་རྗེ་དོན་གྱི་ལྟང་ཆེན་བཤེར། །རྩལ་དང་རིམ་པ་ཁྱད་པར་དབྱེ། །

སོ་སོ་རིགས་ཀྱི་ཕྱག་རྒྱ་དག །སྤྱི་འམ་ཡང་ན་རེ་རེའོ། །དེ་ནས་སྨྲ་བའི་སེང་གེ་དེ་ཤེས་རབ་གཟུངས་ཀྱི་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལས་བཞེངས་པ་དང་། འདུས་པའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །

ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཤེས་རབ་ཚོགས་ཀྱི་དཀྱིལ་འཁོར་དུ་གདའ་བར་བདག་ཅག་རྣམས་ཀྱིས་མཐོང་ངོ་། །དེ་སྐད་ཅེས་གསོལ་པ་དང་། སེམས་དཔའ་ཆེན་པོས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་ཤེས་རབ་ཚོགས་ཀྱི་དཀྱིལ་

འཁོར་དུ་སངས་རྒྱས་པར་ཤེས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཤེས་རབ་ཀྱི་རང་བཞིན་ལས་བྱུང་ཞིང་ཤེས་རབ་ཀྱི་རང་བཞིན་དུ་གསལ་ལོ། །དེ་ནས་འདུས་པའི་ཚོགས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ཤེས་རབ་གཟུངས་ཀྱི་རང་བཞིན་

Vol. 98 · folio 47a

བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། སེམས་དཔའ་ཆེན་པོས་བཀའ་སྩལ་པ། འདུས་པའི་རྣལ་འབྱོར་ཆེན་པོའི་ཚོགས། །ཤེས་རབ་གཟུངས་ཀྱི་རང་བཞིན་ནི། །རྒྱ་ཆེར་བཤད་ཀྱིས་ཤེས་པར་གྱིས། །

ཇི་ལྟར་ཐབས་ཀྱིས་ཚོགས་སྦྱར་ལྟར། །གང་དག་རྣལ་འབྱོར་མར་ལྡན་རྣམས། །རྡོ་རྗེ་འཛིན་མ་ལ་སོགས་པ། །ལྷ་མོའི་ཚོགས་སུ་སྦྱར་ནས་ཀྱང་། །གནས་འདིར་འཇུག་དགའ་ལ་སོགས་པ། །ཐབས་ཀྱི་ཕྱག་རྒྱ་མཚན་མར་སྦས། །རྡོ་རྗེ་མཉམ་པའི་གཟུངས་

རྣམས་ལ། །མཉམ་པའི་མཆོད་པས་མཉེས་པར་བྱ། །བྲོ་གར་གླུ་ཚིག་ལ་སོགས་པས། །རིག་འཛིན་རྣལ་འབྱོར་མ་རྣམས་བསྒྲུབ། །ཅེས་བཀའ་སྩལ་ཏོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེ་ཆོས་ཐམས་ཅད་ཐབས་དང་ཤེས་རབ་ཕན་ཚུན་དྲ་བར་འབྲེལ་པའི་

ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་པ་དང་། འཁོར་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཐབས་དང་ཤེས་རབ་ཏུ་འབྲེལ་པའི་རང་བཞིན་ཅན་དུ་བདག་ཅག་རྣམས་ཀྱིས་མཐོང་ངོ་། །ཞེས་

གསོལ་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་རྣལ་འབྱོར་པ་ཆོས་ཐམས་ཅད་ནི་ཐབས་དང་ཤེས་རབ་ཏུ་འབྲེལ་བ་སྟེ། གཉིས་སུ་མེད་པར་ཤེས་པར་གྱིས་ཤིག །དེ་ནས་འདུས་པའི་རྣལ་འབྱོར་པ་

རྣམས་ཀྱིས་གསོལ་པ། སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དྲ་བར་འབྲེལ་པའི་དོན་བཤད་དུ་གསོལ། སེམས་དཔའ་ཆེན་པོས་བཀའ་སྩལ་པ། འབྲེལ་བའི་དོན་ནི་འདི་ལྟ་སྟེ། །ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །ཕན་ཚུན་འབྲེལ་བའི་ཚུལ་དུ་

སྣང་། །ཆོས་ཀུན་ནམ་མཁའི་མཚན་ཉིད་ལས། །སྤྲུལ་པ་བྱེ་བ་ཅིར་ཡང་སྣང་། །གཉིས་མེད་དྲ་བའི་ཚུལ་དུ་འབྲེལ། །རྣལ་འབྱོར་གསང་བའི་མཆོག་ཡིན་ཏེ། །རྩལ་དང་ལྡན་པ་གསང་སྒོ་བ། །འདི་ལ་གསང་སྒོ་དབྱེ་བར་བྱ། །གསང་འདིར་ཆུད་པའི་བུ་རྣམས་

Vol. 98 · folio 47b

ལ། །རྡོ་རྗེ་གསང་བའི་བཀའ་འདི་བསྒྲགས། །གསང་བའི་དཀྱིལ་འཁོར་དམ་པ་འདི། །རྡོ་རྗེ་རྒྱལ་པོ་རྒྱལ་མོར་བཅས། །ལྔ་ཉིད་ཟུང་དུ་འཁྲིལ་བ་ནི། །གཡས་ནས་གཡོན་དུ་འཁྲིལ་འཁྱུད་སྦྱོར། །གཡས་ཉིད་བྱང་ཆུབ་རྡོ་རྗེ་དང་། །རང་རང་མཚན་མ་འབར་

བའོ། །གཡོན་གྱི་སྒྲ་སྙན་དྲིལ་བུ་དང་། །རྟགས་ཀྱིས་མཛེས་པར་གསལ་བ་ལ། །འབྱོ་ཞིང་འདུད་པའི་མདངས་ལྡན་པས། །ཆགས་ཤིང་གཡོ་བའི་ཚུལ་གྱིས་ནི། །སེང་ཆེན་ཁྱུ་མཆོག་ལ་སོགས་པ། །རྫོགས་པའི་ཚུལ་གྱིས་བསྒྱིངས་བཅས་ཏེ། །ཁ་དོག་

ལྔ་ཡི་འོད་འབར་བས། །བཅུ་དྲུག་ཆས་ནི་སྒེག་པ་རྣམས། །རིམ་གྱིས་བསྐྱེད་དང་ཅིག་ཅར་བསྐྱེད། །དབང་པོའི་རིམ་པར་སྦྱར་བར་བྱ། །གསང་ཉིད་ཚོགས་ཀྱི་འཁོར་རྣམས་ཀྱང་། །གནས་ནས་གྱུར་པའི་རང་བཞིན་གྱིས། །ཕྱག་རྒྱ་རྒྱལ་པོ་རྒྱལ་མོར་བཅས། །

བརྒྱད་གཉིས་ཟུང་སྒྲིལ་འཁྲིལ་འཁྱུད་སྦྱོར། །ས་དང་ནམ་མཁའ་སྤྱན་རྡོ་རྗེ། །བྱམས་དང་རྡོ་རྗེ་ཀུན་བཟང་དཔལ། །ནང་དང་ཕྱི་ཡི་ཡོ་བྱད་ནི། །གཞི་གཉིས་དག་གིས་མཉེས་སྦྱོར་བ། །བསམ་བྱ་ལ་སོགས་དེ་བཞིན་ནོ། །རྡོ་རྗེ་སྒོ་དང་བཅས་པ་ནི། །རྡོ་རྗེ་

འཁྲིལ་འཁྱུད་གསང་བའི་ཚོགས། །རྣལ་འབྱོར་ལོངས་སྤྱོད་ཆེ་སྦྱར་བས། །མཉེས་ནས་སྐོངས་ཕྱིར་རིམ་བཞིན་དབུལ། །གསང་བའི་འཇུག་ཚུལ་ལ་སོགས་ཀྱིས། །གསང་བའི་དོན་རྣམས་སྒྲུབ་པར་བྱེད། །ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་

འདས་སེམས་དཔའ་རྡོ་རྗེ་དེ་རྡོ་རྗེ་ཀུན་དུ་འབྲེལ་པའི་དབྱིངས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་འདུས་པའི་འཁོར་གྱིས་འདི་སྐད་ཅེས་གསོལ་ཏོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་རྡོ་རྗེ་དྲ་བའི་དབྱིངས་སུ་བདག་ཅག་

རྣམས་ཀྱིས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་དྲ་བའི་དབྱིངས་སུ་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་ཐུགས་ཀྱི་རིག་པ་ལས་བྱུང་ལ་ཐུགས་ཀྱི་རང་བཞིན་ནི་རྡོ་རྗེ་ཁོ་ན་ཡིན་པའི་ཕྱིར་རོ། །འདུས་པའི་ཚོགས་

Vol. 98 · folio 48a

ཀྱིས་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་དྲ་བ་ཆེན་པོའི་ཚོགས་བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་རྣལ་འབྱོར་པ། །རྡོ་རྗེ་ཆེན་པོ་རིག་པའི་དོན། །དྲ་བ་འབྲེལ་བའི་དབྱིངས་

ཉིད་ནི། །ངེས་པར་བཤད་ཀྱིས་རྩེ་གཅིག་ཉོན། །ཐུགས་ཀྱི་གསང་ཆེན་རིག་པ་འདི། །ངེས་པའི་རྡོ་རྗེ་ཡིན་པས་ན། །རྡོ་རྗེ་དབང་ཡུལ་འབྲེལ་པའི་དོན། །ཐམས་ཅད་འབྱུང་བས་དབྱིངས་ཤེས་བྱའོ། །རྡོ་རྗེ་འཛིན་མ་འཛིན་སོགས་བཅས། །འཁྲིལ་མཉམ་པ་ཡང་དེ་

བཞིན་ཏེ། །གཟུགས་བརྙན་ཏིང་འཛིན་རང་བཞིན་གནས། །རིམ་པའི་ཚུལ་བཞིན་སྦྱར་བྱས་ནས། །ཇི་ལྟར་འདོད་པ་དེ་ལྟར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་དེ་ཐམས་ཅད་དུས་བཞི་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་པ་དང་། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ཆོས་ཐམས་ཅད་ནི་དུས་བཞི་མཉམ་པ་ཉིད་དུ་གཅིག་པར་མཐོང་ངོ་ཞེས་གསོལ་

པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་དུས་བཞི་མཉམ་པར་རྟོགས་པ་ཡིན་ཏེ། །ཆོས་ཐམས་ཅད་ནི་དུས་བཞིའི་ངང་དུ་རྫོགས་པར་ཤེས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ཀྱི་ངང་ལ་

དུས་སྔ་ཕྱིར་སྣང་བ་མེད་དོ། །དེ་ནས་འདུས་པའི་ཚོགས་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་མཉམ་པ་ཆེན་པོའི་དུས་ཉིད་བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་

པ་ཆེན་པོ་ཡི་ནི་ཚོགས། །མཉམ་པ་ཉིད་ཀྱི་དུས་རིག་ན། །དུས་ཞེས་བྱ་བའི་མིང་ཡང་མེད། །དུས་བཞི་མཉམ་པར་རབ་ཤེས་ན། །ཆོས་ཉིད་མཉམ་པའི་རང་བཞིན་ནོ། །རྡོ་རྗེ་དུས་ཀྱི་ལྷ་མོའི་ཚོགས། །འདས་དང་ད་ལྟར་བྱུང་བ་དང་། །མི་འབྱུང་བ་ཡི་ཆ་རྣམས་

Vol. 98 · folio 48b

ལ། །དབང་སྒྱུར་མཉམ་པའི་རྒྱལ་མོ་རྣམས། །འཇིག་དང་སྐྱེ་དང་སྨིན་པ་དང་། །འགག་པར་གྱུར་པ་དེ་དག་དུ། །རྡོ་རྗེ་རྣམ་ཐར་ཚད་མེད་དང་། །སེམས་དང་དེ་བཞིན་མཉམ་པ་ཡི། །ཤེས་རབ་འཁོར་དང་དཔལ་གྱི་དཀྱིལ། །དེ་བཞིན་རིམ་པར་རྡོ་རྗེ་ཡི། །གླུ་གར་

ལ་སོགས་ཡོ་བྱད་ཀྱིས། །མཆོད་དང་འཇུག་ཚུལ་གོང་མ་བཞིན། །ཆ་རྣམས་དུས་ལས་མི་འདའ་བར། །ལྷ་ཡི་ཉི་མ་རྣམས་ལའོ། །བདེ་བ་ཆེན་པོ་ལ་སོགས་པ། །ཚོམ་བུའམ་ཡང་ན་ཕྱག་རྒྱ་རྣམས། །སྤྱིར་རམ་རེ་རེར་སྦྱར་བར་བྱ། །འདས་ལ་རྣམ་ཐར་ཚོགས་

བསྐུལ་ཏེ། །ད་ལྟར་བྱུང་དང་མི་འབྱུང་ལ། །ཚད་མེད་སེམས་དང་མཉམ་པར་བསྐྲུན། །མཉམ་པའི་རྒྱལ་པོར་དེ་འགྱུར་ཏེ། །བདེ་གཤེགས་དུས་ཀྱི་རྒྱལ་པོར་འགྱུར། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་དེ་ཉི་ཟླའི་ཚོགས་

ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་པ་དང་། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཉི་ཟླའི་ཚོགས་སུ་མཐོང་ངོ་། །དེ་སྐད་ཅེས་

གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་སེམས་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཡིན་པར་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་ནི་བྱང་ཆུབ་སེམས་ལས་བྱུང་ཞིང་

སྙིང་རྗེའི་རང་བཞིན་ཅན་ཡིན་ནོ། །དེ་ནས་འདུས་པའི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་དོན་བདག་ཅག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་ཀུན་གྱི་ཡོ་བྱད་ནི། །སྙིང་

རྗེ་བྱང་ཆུབ་སེམས་ཡིན་ཏེ། །ཡོ་བྱད་དེ་དང་མ་ལྡན་ན། །དོན་རྣམས་འགྲུབ་པར་མི་འགྱུར་རོ། །རྣལ་འབྱོར་བྱང་ཆུབ་སེམས་རྫོགས་པ། །བཅུ་དྲུག་རྫོགས་པའི་ཟླ་རྒྱས་ཚུལ། །སྙིང་རྗེ་ཡེ་ཤེས་ཤར་བ་ནི། །མཁའ་ལ་ཉི་གསལ་ཤར་བའི་ཚུལ། །དོན་

Vol. 98 · folio 49a

གཉིས་རྫོགས་པའི་རྣལ་འབྱོར་པ། །རྣལ་འབྱོར་ངེས་པའི་ས་པ་ཡིན། །ངེས་པའི་ས་ལ་བགྲོད་པ་ནི། །རྡོ་རྗེ་དུས་ཀྱི་རྒྱུན་ཚོགས་ཀྱིས། །ཚོགས་ཆེན་རྣམ་གཉིས་བསྐྲུན་པར་བྱ། །སྐར་ཚོགས་དབུས་ན་ཟླ་ཉ་བ། །བཅུ་དྲུག་ཞག་གིས་རྫོགས་པ་

བཞིན། །བཅུ་གསུམ་རྩལ་ཆེན་རྫོགས་པའི་ས། །བཅུ་དྲུག་ཚོགས་ཀྱིས་རྫོགས་པས་ནི། །མཛེས་པའི་ཉི་མ་བཅུ་དྲུག་གིས། །ཟླ་དཀྱིལ་འོད་ཀྱི་ཕྱག་རྒྱལ། །མཛེས་པར་སྤྲས་པའི་བདེ་བ་དེ། །བཅུ་དྲུག་ཚོགས་ཀྱིས་བསོད་ནམས་བསྐྲུན། །ཕྱེད་རྫོགས་

ཚོགས་འཕེལ་དེ་ཕན་ཆད། །མི་དམིགས་ཆོས་ལ་བློ་སྦྱངས་ཡིན། །ཇེ་ཞི་ཇེ་ཞི་མི་དམིགས་པ། །མཚན་མ་ཤེས་བྱ་བསྲབས་པ་སྟེ། །བསོད་ནམས་ཚོགས་ཀྱང་མི་དམིགས་པ། །མཉམ་པས་སྟོང་པར་གྱུར་པ་ན། །ཐམས་ཅད་ཆོས་སྐུར་རྫོགས་པ་སྟེ། །

སྡུག་བསྔལ་བྱང་ཆུབ་གཉིས་མེད་དེ། །འདི་ལ་རྨད་འབྱུང་སེམས་བསྐྱེད་དེ། །ཟླ་བ་དུས་ཀྱིས་མཚན་མ་དང་། །གསང་བ་གཉིས་ཀྱིས་མཆོད་པ་བྱ། །ཕྲ་མོའི་དྲོད་དུ་བྱུང་བ་དང་། །སྨྱུར་ཏེ་རང་ལས་བྱུང་རྣམས་ལ། །རྩ་བ་གཅད་ཕྱིར་ཡོངས་རྫོགས་པས། །ཐེ་

ཚོམ་མེད་པར་དང་བླངས་ནས། །དུས་དེ་ཉིད་དུ་ཉི་མ་འཆར། །དུས་འདི་རྒྱུན་གྱི་བར་བཅད་ན། །བསྙེན་པ་དག་གིས་བཟློག་པར་དཀའ། །བར་ཆད་བྱུང་ན་གསོ་ཞིང་བསྐང་། །མཁའ་ལ་ཟླ་གསལ་གྲ་རྒྱས་ན། །ས་ལ་རྣལ་འབྱོར་གྲར་རྒྱས་པས། །བསོད་ནམས་

སྤེལ་བ་ཆེན་པོ་དང་། །བསྔོ་བ་ཆེན་པོའི་ལས་རྣམས་བྱ། །དེས་ན་འབྲས་བུ་ཆེན་པོ་ཡང་། །ཉི་ཟླ་ཞོན་ནས་འགྲོ་བ་ཡི། །རིག་འཛིན་ས་ལ་སླེབས་ཕན་ཆད། །དཔལ་ཆེན་བཅུ་དྲུག་ས་ལ་འགྲུབ། །ཅེས་བཀའ་སྩལ་ཏོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེ་རྒྱུན་དུ་

གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཞེངས་པ་དང་། འདུས་པའི་ཚོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཡི་གེ་རྒྱུན་གྱི་དཀྱིལ་འཁོར་དུ་གནས་པར་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་

Vol. 98 · folio 49b

ཐམས་ཅད་ནི་རྒྱལ་བའི་དཀྱིལ་འཁོར་གྱི་རང་བཞིན་ཡིན་ལ། །རྒྱལ་བ་ཐམས་ཅད་ནི་ཡི་གེའི་དཀྱིལ་འཁོར་གྱི་རང་བཞིན་དུ་ཤེས་པར་གྱིས་ཤིག །གསོལ་པ། ཡི་གེ་ཕྱག་རྒྱའི་དོན་གང་ལགས་པ་བདག་ཅག་རྣམས་ལ་རྒྱ་ཆེར་བཤད་དུ་གསོལ་ཞེས་ཞུས་པ་ལ།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀུན་རྒྱལ་བའི་རང་བཞིན་ཏེ། །རྒྱལ་བ་སྐུ་གསུང་ཐུགས་སུ་གསལ། །སྐུ་གསུང་ཐུགས་དང་ཕྱག་རྒྱ་དག །ཡི་གེའི་ཕྲེང་བ་ཉིད་ལ་རྫོགས། །ཡི་གེ་ཕྱག་རྒྱའི་དཀྱིལ་འཁོར་རྣམས། །རྒྱུན་དུ་བསྒྲུབ་པར་བྱ་བ་ཡིན། །

དེས་ནི་རྒྱུན་གྱི་ཏིང་འཛིན་ཐོབ། །རྒྱུན་གྱི་རྒྱུན་དུ་མི་གཅད་པ། །རྡོ་རྗེ་ནམ་དང་ཉི་ཚོད་ལ། །ཡི་གེའི་ཚོགས་བསྐྱེད་ཚོགས་སྦྱར་ལ། །ཕུད་ལྷག་བཅས་སྦྱར་དེ་བཞིན་ནོ། །འདི་ནི་དོན་ལ་ཉེ་བའི་ལམ། །བསོད་ནམས་བསྐྲུན་པར་དེ་མྱུར་རོ། །ཀུན་རྫོགས་ཚོགས་ཀྱི་རྒྱུ་དེས་ནི། །

ཡང་དག་ཚོགས་ཆེན་ཅི་འདྲ་བ། །མཆོག་གི་བདེ་བ་དམ་པ་དང་། །དེ་ཉིད་ཆེན་པོར་དེ་ཉིད་འགྱུར། །འཇུག་སྒོ་སྤྱོད་དང་ལྟ་བ་མཐུན། །ཐམས་ཅད་གཅིག་པར་གྱུར་པ་ཡི། །རྒྱུ་དང་རྐྱེན་ལྡན་ཕུན་སུམ་ཚོགས། །མཛའ་འཕྲོད་སྨན་དང་དགྱེས་སྦྱོར་ལྡན། །ལྷ་དང་རིག་འཛིན་

རྣལ་འབྱོར་རིལ། །མ་ལུས་ཚོགས་པས་ཆོས་འདི་སྤྱད། །སྐད་ཅིག་ཡུད་དམ་ཐང་ཅིག་གམ། །ཡུད་ཙམ་ཉིན་ཞག་ཟླ་རེ་འམ། །ལྷ་ཡི་ཉི་མ་བཀྲ་ཤིས་ཀྱི། །ཚོགས་ལ་བབ་པའི་དུས་འདི་དག །བྱིན་གྱིས་བརླབས་པའི་དུས་ཆེན་ཡིན། །ཇི་ལྟར་འབྱོར་པའི་ཡོ་

བྱད་རྣམས། །ཕྱི་དང་ནང་གི་ཁྱད་པར་གྱིས། །གཙང་མའི་ཁ་ཟས་འབྱུང་པོ་ལ། །རྣམ་རྟོག་རྟོག་བྲལ་རྒྱལ་བ་ལ། །ཇི་ལྟར་འབྱོར་བཞིན་ནན་ཏན་བྱ། །བདག་དང་གཞན་དང་གཉི་ག་དང་། །ཆོས་ཀྱི་དོན་དུ་མི་འགྱུར་བའི། །སྐྱོན་བཞི་པོ་དག་སྤངས་ནས་ནི། །དེ་

ལས་བཟློག་པའི་ཚུལ་ལྡན་པས། །རྣལ་འབྱོར་སྙིང་དང་མིག་ལྟ་བུར། །གདུང་བའི་འདུ་ཤེས་ཉེར་བཞག་སྟེ། །ཇི་བཞིན་འདོད་པ་ཉེ་བར་སྦྱར། །ལྷ་རྣམས་ཉེ་བར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བ་དང་། །དོན་གྲུབ་ཤི་བ་གསོ་བའི་ཕྱིར། །ལས་འདིར་

Vol. 98 · folio 50a

སྤྱད་པར་ཤིན་ཏུ་གཅེས། །ཚོགས་འདི་བློ་ཆུང་གསར་ཞུགས་པའི། །མདུན་དུ་བརྗོད་པར་བྱ་མི་རིགས། །རྫས་དང་ཡོ་བྱད་ཐམས་ཅད་ཀྱང་། །ཅིས་འདུལ་དེ་ལྟར་སྟོབས་ཀྱིས་སྦྱར། །དེས་ན་ལས་འདི་ཁྱད་པར་ཡང་། །ཚོགས་ལ་ཚོགས་བསྐྱེད་

སྒྲིས་སྦྱངས་ཏེ། །བསྙེན་པ་དག་ལ་གོམས་བྱས་ནས། །བསྒྲུབས་པས་འབྲས་བུ་མཐར་ཕྱིན་པའོ། །ཞེས་བཀའ་སྩལ་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྣལ་འབྱོར་བདེ་བའི་ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་

ཡང་སྨྲ་བའི་སེང་གེ་སེམས་དཔའི་རྡོ་རྗེ་དེ་འདས་པ་བརྗོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་པར་གྱུར་པ་དང་། འདུས་པ་ཆེན་པོའི་ཚོགས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔགས་ཟབ་མོ་

སྤྱོད་པའི་སྐྱོན་དང་ཡོན་ཏན་ཅི་ལགས་པ་བདག་ཅག་གི་རིག་པ་ལ་སྣང་བར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་གསང་སྔགས་ཆེན་པོའི་དོན་ནི་རབ་ཏུ་སྤྱད་པར་དཀའ་བར་ཤེས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་

ན། གསང་སྔགས་ཀྱི་ཚོགས་ནི་ཤིན་ཏུ་མེ་དང་འདྲ་སྟེ། མེ་ནི་རྒྱུན་དུ་བཅངས་ཤིང་སྤྱད་ལེགས་ན་ཇི་ལྟར་འདོད་པ་བཞིན་དུ་རྒྱུན་དུ་སྤྱད་དུ་ཡོད་དོ། །མེ་ཉིད་ཇི་ལྟ་བ་བཞིན་དུ་སྤྱད་ན་མེའི་ཕུང་པོ་ཆེན་པོར་འགྱུར་ཏེ། སྤྱོད་པར་བྱེད་པ་ཉིད་ཀྱང་བསྲེགས། །ཁྱིམ་ནས་ཁྱིམ་ཡང་

བསྲེགས། རྫས་ཀྱི་དངོས་པོ་ཐམས་ཅད་ཀྱང་བསྲེགས་པར་འགྱུར་རོ། །དེ་བཞིན་དུ་གསང་སྔགས་འདི་ནི་ཆུ་དང་འདྲ་སྟེ། ཆུ་ཐབས་ཀྱིས་ཟིན་ཅིང་སྤྱད་ལེགས་ན་ཇི་ལྟར་འདོད་པ་བཞིན་དུ་དགའ་བ་དེར་སྤྱད་དུ་ཡོད་དེ། ཆུ་ལ་དགའ་བ་དེར་ཐར་ཆུ་ཆེན་པོ་ལ་འབོགས་

པར་ནུས་སོ། །ཆུའི་རང་བཞིན་དང་ཐབས་ལ་མ་གོམས་པས་ནི་སྤྱོད་པར་བྱེད་པ་དེ་གཡེང་ཞིང་འཆི་བར་བྱེད་དོ། །གཞན་ཡང་གསང་སྔགས་ཆེན་པོ་འདི་ནི་གཅན་གཟན་གདུག་པ་ཅན་དང་འདྲ་སྟེ། གཅན་གཟན་གྱིས་སེམས་ཅན་གཞན་གྱི་སྲོག་གཅོད་

Vol. 98 · folio 50b

པར་བྱེད་པ་ཡང་ཐབས་ལ་མཁས་པས་ཇི་ལྟར་དགའ་བ་བཞིན་དུ་དབང་དུ་འདུའོ། །ཐབས་ཀྱིས་མ་ཟིན་ན་སྲོག་གཅོད་པར་བྱེད་དོ། །གཞན་ཡང་གསང་སྔགས་ཆེན་པོ་འདི་ནི་སྦྲུལ་གྱི་མགོ་ལ་འདུག་པའི་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། སྦྲུལ་གྱི་མགོ་ལ་འདུག་

པའི་ནོར་བུ་ཐབས་ཀྱིས་ཡོངས་སུ་ཟིན་ན་ནི་དབང་དུ་འདུ་ཞིང་སྤྱད་དུ་ཡོད་ལ། ཐབས་ཀྱིས་མ་ཟིན་ན་ནི་འཚོ་བའི་སྲོག་དང་འབྲལ་བར་བྱེད་དོ། །དེ་བས་ན་གསང་བ་ཆེན་པོ་འདི་ནི་སྤྱད་པར་དཀའ་བས་སྔོན་གྱི་དུས་ཀྱི་ཚེ་ན་ཡང་སྤྱད་ཉེས་པའི་ལོག་པའི་ལམ་པ་ཅན་

མང་པོར་བྱུང་ངོ་། །དོན་དང་ལམ་ལ་མཁས་པའི་སྐྱེས་བུས་ཐབས་ཀྱིས་ཟིན་ཅིང་སྤྱད་ལེགས་ན་མ་ནོར་བའི་ལམ་དུ་ཞུགས་པ་ཡང་མང་པོར་བྱུང་བས་འདུས་པ་ཆེན་པོའི་ཚོགས་སྤྱད་པའི་ཐབས་ལ་ཡོངས་སུ་མཁས་པར་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་

དང་། འདུས་པ་ཆེན་པོའི་ཚོགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་སྔགས་ལོག་པའི་ལམ་ལས་བྱུང་བ་ནི་གང་གང་ལགས། སྤྱད་ལེགས་པའི་ཐབས་ལས་བྱུང་བ་ནི་གང་གང་ལགས། །བདག་ཅག་ལ་རྒྱ་ཆེར་བཤད་དུ་གསོལ། །དེ་སྐད་

ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདུས་པ་ཆེན་པོའི་ཚོགས་ལ་བཀའ་སྩལ་པ། འདུས་པ་ཆེན་པོའི་ཚོགས་ཉེས་ལེགས་ཀྱི་རིམ་པ་བཤད་པར་བྱ་ཡིས་ཉོན་ཅིག་ཅེས་བཀའ་སྩལ་པ་དང་། ང་ནི་དྲན་པ་ཐོག་མའི་ཚེ། །གསང་བ་སྤྱོད་པའི་དོན་འདི་དག །

ངེས་དོན་ཕལ་ཆེར་ནུབ་པར་གྱུར། །ཚུལ་འདྲ་ཙམ་ཞིག་གནས་པ་ལ། །ཀུན་ཀྱང་ཕལ་ཆེར་སྤྱོད་མོད་ཀྱང་། །དོན་དང་ཕྲད་པ་ངས་མ་མཐོང་། །ཀུན་ཀྱང་ལོག་པའི་ལམ་སྤྱད་དོ། །ལོག་པ་ཅན་ཉིད་གང་ཞེ་ན། །འདི་ལ་མི་གནས་འདི་ཉམས་དང་། །འདི་ལས་

ལོག་དང་ལོག་ཚུལ་སྤྱོད། །འདི་ཚུལ་མ་ཡིན་འདིར་མ་ངེས། །གཡོ་སྒྱུས་བདེན་བཅོས་འགལ་བའི་ལམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །བསྐལ་པ་ཀུན་བཀོད་བྱ་བའི་ཚེ། །སངས་རྒྱས་མངོན་བྱུང་རྒྱལ་པོ་དེ། །མྱ་ངན་འདས་པར་གྱུར་འོག་ཏུ། །བྱུང་བའི་

Vol. 98 · folio 51a

རྣལ་འབྱོར་བཟང་རྒྱན་དེ། །མི་ཤེས་བྱིས་པའི་འཁོར་རྣམས་ལ། །ཚུལ་འཆོས་ལོག་པའི་ཚོགས་བསྐྱངས་པས། །ཚོམ་བུ་ལྔ་བརྒྱར་བཅས་པ་ཞིག །དོན་ལས་གོལ་ཞིང་འཁོར་བར་ལོག །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །རྨད་བྱུང་གསང་བའི་

བསྟན་པ་འདི། །རྣལ་འབྱོར་དབང་ཕྱུག་ཚད་མ་རྣམས། །ཕལ་ཆེར་མི་གནས་སྐབས་དག་ཏུ། །མི་ཤེས་ངན་རྟོག་ཅན་རྣམས་ཀྱིས། །དཀྲུགས་འགྱུར་བཀའ་བསླད་གཞུང་བོར་ཏེ། །ནོར་པས་བདག་ཉིད་སུན་འབྱིན་ཅིང་། །བདག་ཡིན་གཞན་འདི་མ་ཡིན་ཞེས། །

བདག་བསྟོད་གཞན་ལ་སྨོད་པ་ལོག །དེ་ཡང་ཇི་ལྟ་བུ་ཞེ་ན། །བསྐལ་པ་དེ་ཉིད་དུས་དག་ལ། །རྣལ་འབྱོར་དཔའ་སྦྱིན་བྱ་བ་ཞིག །དོན་ལ་བློ་ཤེད་མ་བྱེ་ཞིང་། །ལམ་གྱི་ཐབས་ལ་མི་མཁས་པས། །ངེས་དོན་བཀའ་ཡི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་

སྤྱོད་ཅིང་། །གཞན་དག་ངེས་དོན་སྤྱོད་པ་ལ། །ཁྱོད་ཀྱི་དེ་ནི་དོན་མ་ཡིན། །དོན་མཆོག་བདུད་རྩི་གང་ཡིན་པ། །དེ་ནི་ང་ཡི་ཆོས་འདི་ཡིན། །ཞེས་ནི་བདག་བསྟོད་གཞན་ལ་སྨོད། །འདི་ཡང་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །སྔར་བྱུང་

རྒྱུད་ཀྱི་རྗེས་གནས་པས། །རྡེང་མེད་བཞིན་དུ་དཔོན་བསྟབས་ན། །ཚིག་གཉེར་དྲེགས་པའི་དབང་དེས་ནི། །མི་ཤེས་བཞིན་དུ་རས་གཅོད་པའི། །ཚུལ་འཆོས་སེམས་ཀྱི་གྱ་གྱུ་ཅན། །སྨྱོན་ཐབས་བླུན་པའི་སྡིག་ཅན་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །དགེ་སློང་དྲི་

མེད་སྤྱོད་པ་ཞེས། །བྱ་བའི་རྣལ་འབྱོར་ཚུལ་འདྲ་ཞིག །དོན་ལ་མཁས་པའི་རྗེས་སུ་བྱུང་། །ཚོམ་བུ་འབུམ་གྱི་འཁོར་རྣམས་ཀྱིས། །རྒྱུད་ཀྱི་རྗེས་སུ་བྱུང་བ་ཡིས། །དོན་མེད་དགེ་སློང་དེ་ཉིད་ལ། །ཚིག་གི་གཉེར་ཆེན་ལྗིད་ཕབ་པས། །གདུང་འཚོབ་ཅེས་ནི་དཔོན་

བསྟབས་ཏེ། །ཆེ་བ་ཆེན་པོའི་དྲེགས་པ་སྐྱེས། །མི་ཤེས་བཞིན་དུ་ཚུལ་བཅོས་ཏེ། །འདྲ་ཚུལ་ལོག་པའི་ཆོས་སྤྱད་པས། །ཚོམ་བུ་འབུམ་དང་བཅས་པ་ཞིག །དྲེགས་པ་ཆེན་པོའི་རུ་དྲར་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །མཛའ་འདྲིན་བསླང་སྟེར་ཞིང་རྣམས་

Vol. 98 · folio 51b

དང་། །རྙེད་དང་བཀུར་སྟིས་འཚོ་བའི་འཁོར། །གཞན་གྱི་དབང་དུ་གྱུར་དོགས་ནས། །སྒོ་རིས་རྐྱང་ཚན་སོ་སོར་གཅོད། །འཁོར་འདི་བདག་གིས་སྨིན་བྱ་ཡི། །གདུལ་བར་བྱ་བའི་ཞིང་ཡིན་གྱིས། །གང་དག་འདི་དང་མ་འབྲེལ་ཞེས། །ཉོན་མོངས་ཚིག་གིས་སྒོ་བྱེད་

ནོར། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་ན་ཞི་གནས་པ་ཞེས། །བྱ་བའི་ཚོམ་བུ་ལྔ་བརྒྱ་ཞིག །ཤིན་ཏུ་གསང་སྔགས་སྤྱོད་དོ་ཞེས། །དགོན་པའི་གནས་སུ་འདུག་ནས་ནི། །ཡུལ་ཁམས་ཆེན་པོ་དེ་དག་གིས། །གནས་པར་གྱུར་པའི་མི་རྣམས་ཀུན། །གདུལ་

བར་བྱ་བའི་ཞིང་དུ་སྤྱོད། །གཞན་གྱི་སྡེ་པར་གྱུར་པ་ཡི། །དགེ་སློང་དོན་དང་ལྡན་པ་ཞིག །ཡུལ་དེར་ཆེད་དུ་འོངས་ནས་ནི། །རྣལ་འབྱོར་ངེས་པའི་ལམ་མཆོག་གཅིག །རྒྱ་ཆེར་བསྟན་པར་བསམས་པ་ལས། །དགེ་སློང་དགོན་པར་གནས་པ་དེས། །ཉོན་མོངས་ཚིག་

གི་བསྒོ་བ་བྱས། །འཁོར་འདི་བདག་གི་ཞིང་ཡིན་གྱིས། །ཁྱོད་ནི་འདི་ལ་མ་གཏོགས་ཞེས། །སྒོ་དང་ཚན་དང་རིས་བཅད་པས། །ཉོན་མོངས་འཁོར་བའི་ལམ་དུ་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །རྣལ་འབྱོར་ཆེན་པོར་བསྔོས་གྱུར་ལ། །སྣ་འགས་ཅི་རྒྱལ་

གསོག་འཇོག་བྱེད། །གཅིག་ཡིད་གཅིག་གིས་འབྱིན་བྱེད་པ། །ནམ་ཞར་ལོངས་སྤྱོད་ཐོབ་པ་མིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་བདེ་ལྡན་ཤེས་པ་ཞེས། །བྱ་བའི་ཚོམ་བུར་བཅས་པ་ཞིག །གསང་བ་རྒྱ་ཆེར་སྤྱོད་པ་ལས། །འཁོར་ན་གནས་པའི་རྣལ་

འབྱོར་མ། །བུད་མེད་བཟང་ལྡན་བྱ་བ་ཞིག །ཚོགས་སྦྱོར་གིང་དུ་བསྐོས་པ་ལས། །འབྱོར་པའི་ཡོ་བྱད་དེ་དག་ལ། །སེར་སྣའི་སེམས་ཀྱིས་གསོག་འཇོག་བྱས། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །ཡི་དགས་ཁྱི་ཡི་ལུས་སུ་སྐྱེས། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །

གཞན་ཡང་རྣལ་འབྱོར་ཆེན་པོའི་ཚོགས། །ལོག་པར་སྤྱོད་པའི་རྣལ་འབྱོར་ནི། །ལོག་ལྟ་སྤྱི་བརྟོལ་གཏུམ་ཁྲོ་ཆེ། །སྡིག་སྤྱོད་དོན་དང་མི་ལྡན་ཡང་། །བདག་ནི་ཡང་དག་ཡིན་ནོ་ཞེས། །བབ་ཆོལ་བཀའ་རྐུ་སླུ་བྱེད་བསླད། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཆོས་སྐྱོང་བ་

Vol. 98 · folio 52a

ཡི་རྣལ་འབྱོར་པ། །པྲ་མ་དེ་ཞེས་བྱ་བ་ཞིག །དོན་དང་ལམ་ལ་མི་མཁས་པར། །བདག་ནི་མཁན་པོ་ཡིན་ནོ་ཞེས། །ཀུན་ལ་རྒྱ་ཆེར་སྒྲ་བསྒྲགས་ནས། །རྒྱལ་བའི་བཀའ་བརྐུས་འགྲོ་བ་རྣམས། །བསླུས་པར་གྱུར་པའི་རྣམ་སྨིན་གྱིས། །ལོག་

པ་ཅན་གྱི་འཇིག་རྟེན་པ། །མུ་སྟེགས་སྤྱོད་པའི་ཁམས་སུ་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །ཐ་ཚིག་ཉམས་ཤིང་དོན་ལ་རྨུགས། །དྲེགས་པས་དོན་ལ་ཁས་འཆེས་ཕྱིར། །རྡོ་རྗེ་རྒྱལ་དབང་ཐོབ་འདོད་པ། །ཁྲེལ་མེད་སྤྱི་བརྟོལ་མུན་སྤྲུལ་འཆལ། །དེ་

ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་སྔགས་ཀྱི་ཚུལ་སྤྱོད་པ། །པེ་ན་ཡ་ཞེས་བྱ་བ་ཞིག །ཚོམ་བུ་བརྒྱ་དང་བཅས་པ་བྱུང་། །རྩ་བ་ཉམས་ཤིང་དོན་ལ་རྨུགས། །དྲེགས་པ་ཆེན་པོའི་ང་རྒྱལ་གྱིས། །དོན་ལ་མཁས་པའི་ཚུལ་བཅོས་ཕྱིར། །རྡོ་རྗེ་རྒྱལ་

པོའི་དབང་མནོས་པས། །རི་བོས་སྲོག་ཆགས་མནན་པ་བཞིན། །ང་རྒྱལ་དྲེགས་པའི་རི་བོ་ཡིས། །འཁོར་བའི་ལས་སྤྱོད་ལས་ངན་པའི། །སྲོག་ཆགས་ཕག་གི་རིགས་སུ་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །མཉམ་པའི་དོན་ཉིད་མ་རྟོགས་པར། །

ཚིག་དུ་མཉམ་ཞེས་རྗོད་བྱེད་ཅིང་། །ཆགས་སྡང་གཉིས་ལ་མངོན་འཆེལ་བ། །རྣལ་འབྱོར་ལས་ཀྱིས་འཁོར་བའི་ལམ། །དེ་ཡང་ཇི་ལྟ་བུ་ཞེ་ན། །དགེ་སློང་བདེ་སྦྱིན་བྱ་བ་ཞིག །ཚོམ་བུ་སྟོང་དང་བཅས་པར་དེ། །རྣལ་འབྱོར་གསང་བའི་ལས་ལ་

སྤྱོད། །ལ་ལ་ཆགས་ལ་མངོན་པར་འཆེལ། །ལ་ལས་སྡང་ཆེན་གསོད་པར་སྤྱོད། །ཆགས་སྡང་ལས་ཀྱི་རྣམ་སྨིན་གྱིས། །རཀྵ་སྲིན་པོའི་ཁམས་སུ་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །གང་དག་རྣལ་འབྱོར་བློ་ཆུང་རྣམས། །རྡོ་རྗེ་གྲལ་ཚོགས་

དོན་གླེངས་ན། །དེ་ལ་འཇིགས་ཤིང་སྐྲག་འགྱུར་ཏེ། །སྤ་ཞུམ་མི་དགའ་འབྱོལ་བྱེད་བླུན། །དེ་ཡང་ཇི་ལྟ་བུ་ཞེ་ན། །དགེ་སློང་ལྷས་བྱིན་བྱ་བ་ཞིག །རྣལ་འབྱོར་དང་པོའི་སར་སློབ་ཚེ། །རྣལ་འབྱོར་དོན་ལྡན་མང་པོ་རྣམས། །ཕལ་ཆེར་ཚོགས་པར་གྱུར་པ་

Vol. 98 · folio 52b

ལ། །ངེས་དོན་གསང་བའི་དོན་གླེངས་ན། །ལྷས་བྱིན་འཁོར་བཅས་དེ་ལས་བྱོལ། །དོན་གླེང་བ་ལ་མི་དགའ་ཞིང་། །ངན་པའི་སེམས་ཀྱིས་ཕྲག་དོག་སྐྱེས། །རང་གི་གནས་སུ་སོང་ནས་ནི། །མཁས་པ་དེ་ལ་མི་སྙན་བརྗོད། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །

བསྐལ་པ་དཔག་ཏུ་མེད་པ་རུ། །ཡང་དག་དོན་ལས་གོལ་བར་འགྱུར། །འཁོར་བ་དོན་མེད་གནས་སུ་འཁྱམས། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །རྣལ་འབྱོར་ཉིད་ཀྱིས་རྣལ་འབྱོར་ལ། །ཤིན་ཏུ་གདུག་པའི་དུག་མདས་གཏོང་། །ཐ་ཚིག་བཙན་པོ་རྫོང་ལྟ་བུ། །

འཇོམས་བྱེད་རྣལ་འབྱོར་རང་བགེགས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྣལ་འབྱོར་རྣམ་དག་བློ་གྲོས་ཞེས། །བྱ་བའི་དོན་ལྡན་མཁས་པ་ཞིག །མི་འཇིགས་བློ་གྲོས་ཞེས་བྱ་བའི། །ཐབས་དང་དོན་ལ་མི་མཁས་པ། །སྡེ་པ་མང་པོ་སྐྱོང་བའི་སར། །རྣམ་དག་བློ་གྲོས་

འཁོར་བཅས་འོངས། །མཁས་པ་དོན་ལྡན་བཟོད་ཐོབ་ལ། །ངན་སེམས་ཕྱར་ཀའི་སྒྲོ་སྐུར་བཏབ། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །མི་འཇིགས་བློ་གྲོས་མནར་མེད་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །ལྟ་བ་དམིགས་བུ་དང་བྲལ་བས། །ཡང་དག་དབུ་

མའི་ལམ་མི་གསལ། །སྤྱི་ཡུལ་ཙམ་ལ་ལྟོས་སྤྱོད་པ། །དེ་ནི་རྣལ་འབྱོར་ལོང་བའི་ཚོགས། །དེ་ཡང་ཇི་ལྟ་བུ་ཞེ་ན། །རྒྱལ་པོ་རབ་གསལ་འཛིན་པ་ཞེས། །བྱ་བའི་རྣལ་འབྱོར་ཅན་ཞིག་བྱུང་། །ཤེས་རབ་ལྟ་བའི་མིག་མེད་པར། །རྣལ་འབྱོར་མིང་ཙམ་ཚུལ་

བཟུང་ནས། །སྒྲ་ཐོས་ཙམ་གྱི་གཞུང་སྤྱད་པས། །མིག་མེད་འཁོར་བའི་ཁམས་སུ་ལྷུང་། །དེ་འདྲའི་ཚུལ་དུ་མ་སྤྱོད་ཅིག །དེ་ལ་སོགས་པའི་རྣལ་འབྱོར་པས། །ལོག་པའི་ཚོགས་སུ་སྤྱད་པས་ནི། །འཁོར་བ་ལོག་པའི་ཚོགས་སུ་འགྱུར། །དེས་ན་འདུས་

པའི་རྣལ་འབྱོར་རྣམས། །ཤིན་ཏུ་གསང་བའི་ཆོས་འདི་རྣམས། །གོལ་ས་ཆེ་བར་རྒྱལ་བས་བཤད། །ཐབས་ལ་མཁས་པའི་སྤྱོད་པ་ཡིས། །དོན་དང་ལྡན་པར་བྱ་བ་གཅེས། །ཐབས་ལ་མཁས་པར་སྤྱད་པ་ཡི། །ལེགས་པའི་ལམ་གྱི་རྣལ་འབྱོར་པ། །

Vol. 98 · folio 53a

སྔོན་འདས་དུས་ན་བྱུང་བ་ཡི། །རྩལ་ཅན་རྣམས་ཀྱི་དོན་བཤད་པ། །སྐྱེས་བུ་མཆོག་གི་སྤྱོད་པ་འདི། །ཡོན་ཏན་སྒྲ་བསྒྲགས་སུས་ཐོས་པ། །མིང་ཙམ་གྱིས་ཀྱང་དེ་ཐོབ་ཅིང་། །དྲན་པས་ངན་འགྲོ་ལས་སྐྱོབ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །

ཤིན་ཏུ་གསང་བའི་སྤྱོད་པ་འདི། །ལྷ་གནས་གསུམ་དུ་གྲགས་པ་ལས། །ལྷ་ཡི་བུ་ནི་འོད་ལྡན་དེ། །མི་རྟག་འཆི་བའི་དུས་བབ་ནས། །འཆི་ཀའི་སྔ་ལྟས་བྱུང་བའི་ཚེ། །མི་དགའ་བར་ནི་འདུ་ཤེས་གྱུར། །ཕྱི་མའི་འདུ་ཤེས་བསྐྱེད་པ་ལས། །མི་གཙང་ཟས་སུ་ཟ་བ་

ཡི། །བླུན་པའི་སྲོག་ཆགས་ལུས་ལེན་པར། །རང་གི་མངོན་པར་ཤེས་པས་མཐོང་། །ཤིན་ཏུ་འཇིགས་པའི་འདུ་ཤེས་ཀྱིས། །སྐྱབས་ཀྱི་ཡུལ་རྣམས་ཡིད་ལ་བྱས། །གཞན་གྱི་དྲན་པ་མི་གསལ་བར། །གསང་བ་ཆེན་པོའི་ཚོགས་ཆེན་གྱིས། །མཚན་ནི་རྣ་བའི་

དབང་པོས་ཐོས། །ཐོས་པ་ཡིད་ལ་དྲན་བྱས་པས། །ངན་འགྲོའི་ལམ་ལས་སླར་ལོག་སྟེ། །ཚོགས་ཆེན་སྤྱོད་པའི་སྐལ་ལྡན་པས། །གསང་བ་འཛིན་པའི་གནས་སུ་སྐྱེས། །དེ་བཞིན་ཐོས་པ་དག་པར་སྤྱོད། །རྒྱལ་བ་མཉེས་པའི་ཚོགས་འདི་ལ། །གང་ཞིག་

དགའ་ཞིང་འདུན་སྐྱེད་པ། །གཞན་གྱི་བར་ཆད་མི་འབྱུང་བར། །ཇི་ལྟར་མོས་པ་དེ་མྱུར་འཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྲམ་ཟེའི་བུ་ནི་བྱམས་ལྡན་ཏེ། །གསང་བ་ཆེན་པོའི་ཚོགས་འདི་དག །སྤྱོད་པར་མོས་ནས་ཀུན་དུ་བཙལ། །བཙལ་བས་རྙེད་པར་མ་གྱུར་ཏེ། །

ས་ཕྱོགས་ཞིག་ཏུ་འདུག་ནས་ནི། །ཤིན་ཏུ་ངུས་ནས་སྨྲས་པ་ནི། །ཨེ་མའོ་བདག་གི་ལས་རེ་ཕམ། །སྐྱེས་ནས་རྒས་པར་གྱུར་པར་དུ། །ཚོགས་ཆེན་ཟབ་མོའི་དོན་བཙལ་ན། །དོན་དང་མ་ཕྲད་ལས་རེ་ངན། །ད་འོང་ཇི་ལྟར་བཙལ་ན་རྙེད། །བཙལ་བྱས་རྙེད་པར་

ཡོང་མི་འགྱུར། །ཐུགས་རྗེས་བདག་ལ་སྐྱབས་སུ་མཆི། །གདུང་བ་སྒྲ་ཆེར་ཕྱུང་བ་ལས། །ནམ་མཁའི་ཁམས་ནས་སྒྲ་ཕྱུང་སྟེ། །སྐལ་དང་ལྡན་པའི་བྲམ་ཟེ་ཁྱོད། །དེ་ལྟར་ཡི་དམ་ལ་བརྟེན་པ། །ཁྱོད་ནི་དོན་གྱི་སྐལ་བ་ཅན། །དུས་གསུམ་རྒྱལ་བ་

Vol. 98 · folio 53b

ཐམས་ཅད་ཀྱིས། །ཁྱོད་ལ་བྱིན་གྱིས་རློབ་པར་མཛད། །དེ་བས་ལྟ་བ་མ་གཡེལ་བར། །སྒྲིབ་པ་སྦྱང་བའི་ཐབས་དག་ལ། །མཁས་ཤིང་བརྩོན་པར་བྱ་དགོས་ཏེ། །རང་གི་རྩ་རྣམས་བཀྲོས་ནས་ནི། །ཁྲག་ཆེན་དག་གིས་མཆོད་པ་དེ། །འདོད་ཆགས་དག་པ་ཙནྡན་

ཆུས། །དམིགས་ནས་རྒྱལ་བ་ཀུན་མཆོད་ནས། །དེ་མ་ཐག་ཏུ་དོན་ཐོབ་འགྱུར། །དེ་སྐད་ལུང་བསྟན་ཐོབ་ནས་ནི། །དགའ་བའི་བསམ་པ་ཆེར་གཡོས་ཏེ། །ལུང་བསྟན་པ་ལྟར་དེ་སྤྱད་པས། །རིག་འཛིན་རྒྱལ་བའི་སྲས་སུ་གྱུར། །དེ་བཞིན་མོས་པ་དག་པར་སྤྱོད། །

མཐོང་ལ་སྐལ་ལྡན་འདིར་ཞུགས་པ། །ཐམས་ཅད་དུ་ཡང་དེ་བཞིན་ཏེ། །ཏོག་ནི་རྩེ་མོར་གྱུར་པ་བཞིན། །ཡོངས་ཀྱི་ནུབ་པ་མ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ལྷ་ཡི་བུ་ཞེས་བྱ་བ་ནི། །དགེ་བའི་རྒྱལ་པོ་བྱ་བ་དེ། །ཚོམ་བུ་འབུམ་དང་བཅས་པ་ཞིག །གསང་བ་

རྒྱ་ཆེར་སྤྱད་པ་ལས། །ལྷ་བུ་རིན་ཆེན་འོད་ལྡན་དེ། །ཤིན་ཏུ་དད་པ་ཆེར་གཡོས་ཏེ། །ལྷ་རྫས་ཡོ་བྱད་མང་པོ་དང་། །བཅས་ནས་གསང་བའི་གནས་དེར་ཕྱིན། །དགའ་ཞིང་འདུན་པའི་ཚུལ་གྱིས་ནི། །གུས་པར་གྱུར་ཏེ་དེར་གནས་པས། །ཆོ་འཕྲུལ་ཆེན་པོ་བཞི་

ཐོབ་སྟེ། །ལྷ་གནས་ཀུན་དུ་བགྲོད་པ་དང་། །འབྱུང་ཆེན་ལུས་ལས་སྤྲུལ་པ་དང་། །རི་བོ་གདེག་དང་འཕང་བ་དང་། །མི་འཆི་ཚེ་ལ་གནས་པ་ཐོབ། །རྒྱལ་མཚན་རྩེ་མོའི་ཏོག་བཞིན་དུ། །མཐོང་བ་དག་པའི་ཆོས་དེ་ཉིད། །བསྐལ་པར་ནུབ་པར་མ་གྱུར་ཏོ། །

དེ་བཞིན་འཇུག་པ་དག་པར་གྱིས། །མཐོང་བས་ཆོས་འདི་ཡོངས་དག་པས། །ཡེ་ཤེས་སྒྲོན་མའི་མིག་རྙེད་ནས། །བླ་མེད་སྙིང་པོ་ཅན་རྣམས་ཀྱིས། །ལམ་རྙེད་ལམ་དུ་ཞུགས་པ་བཞིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྲམ་ཟེ་ཀུན་རི་བྱ་བ་ཞིག །ཆོས་ཀྱི་མིག་ལྡན་

དོན་མཐོང་ནས། །གསང་ཆེན་གཞུང་བཞིན་སྤྱོད་པ་ལ། །བྲམ་ཟེ་ཀཻ་ནི་བྱ་བ་ཞིག །དད་པས་དོན་གྱི་རྗེས་སུ་འབྲེངས། །གསང་ཆེན་འདུས་པའི་ཚོགས་མཐོང་བ། །ཆོས་ཀྱི་མིག་དང་ལྡན་འགྱུར་ཏེ། །དོན་གྱི་སྙིང་པོ་མཐོང་བར་འགྱུར། །ལྷུན་གྲུབ་རྩལ་ཆེན་

Vol. 98 · folio 54a

རྫོགས་པ་ཡི། །རིག་འཛིན་ཆེན་པོའི་ས་ཉིད་ཐོབ། །དེ་བཞིན་མཐོང་བས་དག་པར་གྱིས། །གཞན་དག་འདིར་ནི་མངོན་སྤྱོད་ལ། །དགའ་བའི་ཡིད་ཀྱིས་ཕྱོགས་བྱེད་པ། །དེ་ནི་དངོས་དང་འདྲ་བ་སྟེ། །འབྲས་བུ་ལ་ཡང་མཐོ་དམན་མེད། །

དེ་ཡང་ཇི་ལྟ་བུ་ཞེ་ན། །རྒྱལ་པོ་དབང་ཕྱུག་འོད་ལྡན་ཞེས། །བྱ་བའི་རྣལ་འབྱོར་ཅན་ཞིག་ལ། །ཚོམ་བུ་བཅུ་དང་བཅས་པའི་འཁོར། །རིག་འཛིན་སྤྱོད་པའི་དོན་ལ་ཞུགས། །སྔགས་སྤྱོད་འབྲས་བུ་ཆེར་ཐོབ་སྟེ། །ངོ་མཚར་ཆོ་འཕྲུལ་མང་པོ་དག །ཐོབ་

པ་ཀུན་དུ་གྲགས་པར་གྱུར། །དེ་ལ་གཞན་གྱི་སྡེ་པ་ཡི། །བྲམ་ཟེ་དགེ་སློབ་བྱ་བ་ཞིག །ཤིན་ཏུ་དག་པའི་སེམས་བསྐྱེད་ནས། །འཇུག་ཅིང་བསླབ་པར་ཞུགས་པ་ལས། །རྒྱལ་པོས་མ་གནང་གསང་སྒོ་བསྡམས། །བྲམ་ཟེ་དད་པ་མ་ལོག་པར། །འབྱོར་

པའི་ཡོ་བྱད་ཅི་ཡོད་རྣམས། །རྒྱལ་པོའི་འཁོར་དུ་ཕུལ་ནས་ཀྱང་། །རྒྱལ་པོ་གནས་པའི་ཡུལ་ཕྱོགས་སུ། །ཡིད་ཀྱིས་ཕྱོགས་ཏེ་སྨོན་ལམ་བཏབ། །རྩེ་གཅིག་པར་ནི་སྨོན་ལམ་བཏབ། །རྗེས་སུ་ཡི་རང་དམ་པར་ནི། །ཡིད་ལ་བྱས་པའི་བསོད་ནམས་ཀྱིས། །

སྒྲུབ་བར་བྱེད་པའི་རྒྱལ་པོ་དང་། །སྒྲུབ་དང་མི་ལྡན་བྲམ་ཟེ་གཉིས། །འབྲས་བུ་མཐོ་དམན་མེད་པར་ཐོབ། །འདི་ནི་ཚེགས་མེད་དོན་པོ་ཆེ། །ཐབས་ལ་མཁས་པའི་རིག་འཛིན་ཡིན། །དེ་བཞིན་སྤྱོད་པ་གཞན་དག་ལ། །དགའ་བས་རྗེས་སུ་ཡི་རང་གིས། །དགེ་བ་

སྤྱད་དང་མ་སྤྱད་གཉིས། །འབྲས་བུ་མཉམ་པོར་ཐོབ་པར་གྱུར། །བསམ་ཡས་བསམ་གྱིས་མི་ཁྱབ་པ། །རྒྱལ་རྣམས་འདིར་བསླབ་འདིར་མཁྱེན་པས། །སྲིད་གསུམ་འགྲོ་བའི་བཤེས་གཉེན་དུ། །ཀུན་གྱི་བདག་པོར་གྱུར་པ་ཡིན། །དེ་ཡང་ཇི་ལྟ་བུ་ཞེ་ན། །

སྔོན་གྱི་བྲམ་ཟེ་གསལ་བྱིན་གྱིས། །གསང་ཆེན་འདི་ཡི་དོན་བསླབས་ནས། །རང་གི་སེམས་ལ་གོམས་བྱས་ན། །སེམས་ཉིད་བདེན་པའི་དོན་མཐོང་སྟེ། །ཆོས་རྣམས་ཀུན་ལ་མཁས་པར་འགྱུར། །ཀུན་གྱི་རྩ་བ་སེམས་ཡིན་པས། །

Vol. 98 · folio 54b

སེམས་ལས་ཆོས་བྱུང་འབུམ་ཕྲག་ཡས། །ཆོས་ཀྱི་རྒྱལ་པོར་དེར་གྱུར་ནས། །སངས་རྒྱས་སྨྲ་བའི་སེང་གེ་ཞེས། །ཞིང་ཁམས་ཀུན་དུ་གྲགས་པར་འགྱུར། །དེ་བཞིན་བསླབ་པ་དག་པར་གྱིས། །ཚོགས་ཆེན་གཅིག་གི་བསོད་ནམས་ནི། །སྐྱེ་ལ་ཉན་ཐོས་

བསམ་ཡས་ལ། །སྦྱིན་པའི་ཚོགས་ཆེན་སྤེལ་བས་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །ཅི་ཕྱིར་ཞེ་ན་གཅིག་མཉེས་པས། །རྒྱལ་བ་ཐམས་ཅད་མཉེས་པ་ཡིན། །ནམ་མཁའ་ཁྱབ་པའི་རྒྱལ་བ་དང་། །ཉག་གཅིག་སྣང་བའི་རྒྱལ་བ་གཉིས། །སོ་སོ་མ་ཡིན་ཐ་མི་

དད། །སྐུ་དང་གསུང་ཐུགས་གཅིག་ལས་མེད། །འདུལ་བའི་ངོ་གང་ཁྱད་པར་ལས། །བསམ་གྱིས་མི་ཁྱབ་བསྟན་པར་ཟད། །དེ་ན་ཁྱད་པར་དེ་ལྟར་སྣང་། །དེ་ཡང་ཇི་ལྟ་བུ་ཞེ་ན། །ལས་རྣམས་དག་པའི་བྲམ་ཟེ་ནི། །དགེ་ལྡན་གསལ་ལྡན་བྱ་བ་གཉིས། །དགའ་བའི་

དད་པ་སོ་སོར་སྐྱེས། །གཅིག་ལ་གཅིག་ནི་ཐ་ཚིག་བྱས། །གཅིག་གིས་ཉན་ཐོས་བསམ་ཡས་ལ། །མཆོད་སྦྱིན་བྱ་བ་རྒྱ་ཆེར་བྱས། །གཅིག་གིས་ཚོགས་མཆོད་རྒྱ་ཆེར་བྱས། །ཚོགས་ལ་སྤྱོད་པའི་གསལ་ལྡན་ནི། །འདི་ཚེ་གཅིག་ལ་མངོན་སངས་རྒྱས། །སྦྱིན་པ་

སྤེལ་བའི་དགེ་ལྡན་ནི། །བསྐལ་པ་གྲངས་མེད་གསུམ་གྱིས་གྲུབ། །དེ་བས་གནས་འདིར་སྤྱོད་པ་དག །རྣལ་འབྱོར་གསལ་ལྡན་ཚུལ་བཞིན་སྤྱོད། །འདི་དག་རྟག་ཏུ་སུ་འཆང་བ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི། །ཆེ་ཡོན་རྟག་ཏུ་ཅི་འདྲ་བར། །དོན་གྱི་གཟུགས་

དང་བཅས་པར་འཐོབ། །དེ་ཡང་ཇི་ལྟ་བུ་ཞེ་ན། །ཁྱིམ་བདག་མེས་སྦྱིན་བྱ་བ་དེ། །ཚོམ་བུ་བརྒྱ་དང་བཅས་པ་ཞིག །རྒྱུན་གྱི་རྟག་པར་འདི་སྤྱད་པས། །སངས་རྒྱས་རྡོ་རྗེ་སེམས་དཔའ་ནི། །འཁོར་དང་བཅས་པ་ཅི་འདྲ་བར། །སྐྱེ་བ་དེ་ཡིས་ངེས་པར་ཐོབ། །སྐུ་

དང་གསུང་ཐུགས་རྡོ་རྗེ་ཡི། །དོན་དུ་ངེས་པར་སྒྲུབ་པའི་ཚོགས། །རྟོགས་ནས་སྨྲ་བར་གང་བྱེད་པ། །གོམས་དང་བརྗོད་དང་སྨོས་པ་ཡིས། །ཆོས་ཀྱི་རྒྱལ་པོར་དེ་འགྱུར་ཞིང་། །ཡོན་ཏན་སྤྱི་གཙུག་ཉིད་དུ་འགྱུར། །དེ་ཡང་ཇི་ལྟ་བུ་ཞེ་ན། །དྲང་སྲོང་རྣལ་འབྱོར་ཀལ་ཡ་ནས། །

Vol. 98 · folio 55a

དྲང་སྲོང་རྣམ་པ་མང་པོ་ལ། །ཚོགས་འདི་ཡོན་ཏན་རྒྱ་ཆེར་བསྒྲགས། །དོན་རྣམས་ངེས་པར་བཤད་པ་ལས། །དྲང་སྲོང་མང་པོས་རིག་འཛིན་ཐོབ། །སྟོན་པར་བྱེད་པའི་ཀལ་ཡ་ན། །གསང་བདག་ཆོས་ཀྱི་རྒྱལ་པོར་གྱུར། །འོན་ཏང་གསང་བའི་དོན་འདི་དག །

སྣོད་དང་ལྡན་པའི་འགྲོ་བ་ལ། །བསྟན་ཏམ་བཤད་དམ་བརྗོད་པར་གྱིས། །དེས་ནི་ཡོན་ཏན་ཆེན་པོ་དང་། །ང་ཡི་སྤོབས་པ་འཐོབ་པར་འགྱུར། །དེས་ན་འདུས་པ་ཆེན་པོའི་ཚོགས། །རྒྱལ་བ་ཀུན་གྱི་ཐུགས་དམ་ནི། །རྣལ་འབྱོར་གསང་བའི་ཚོགས་འདི་ཡིན། །རྣལ་འབྱོར་

གང་ཞིག་བློ་ལྡན་པས། །སྐད་ཅིག་ཙམ་མམ་ཐང་ཅིག་ལ། །རྒྱལ་བའི་ཚོགས་འདི་རབ་བསྐྲུན་ན། །རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །རིག་འཛིན་རྣལ་འབྱོར་མཐའ་དག་དང་། །ཐ་ཚིག་ཟབ་མོ་སྐོངས་ནས་ཀྱང་། །ཆོས་ཀྱི་མིག་ནི་ཐོབ་པར་འགྱུར། །དེས་ནི་ཚོགས་

སྤྱད་ཡོན་ཏན་དང་། །ལོག་པར་སྤྱད་པའི་སྐྱོན་རྣམས་ནི། །སྔོན་བྱུང་གླེང་གཞི་བཤད་པ་ཡིན། །ཞེས་སེམས་དཔའི་རྡོ་རྗེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་འདས་པ་སྔོན་བྱུང་གི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།དེ་ནས་

བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་དེ་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེའི་ཞལ་དུ་ཤིན་ཏུ་རེ་ཞིང་བཀའ་སྡོད་པའི་ཚུལ་གྱིས་ལྟ་ཞིང་ཀུན་དུ་བརྗིད་པར་འཁོར་གྱིས་བསྐུལ་པའི་ས་ལ་སྟ་གོན་དུ་གནས་ཤིང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་འཁོར་ཕལ་མོ་

ཆེས་རྣམ་པར་བསྐུལ་བར་རིག་ནས་རྣལ་འབྱོར་གྱི་ཕྱག་ལུས་ཀུན་ས་ལ་བརྡབས་ནས་ཨ་ལ་ལ་ཧོ་ཞེས་བྱ་བའི་སྒྲ་ཕྱུང་ནས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ། ཨེ་མ་རྡོ་རྗེ་སེམས་ཆེན་པོ། །རང་རིག་མཁྱེན་པའི་ཡེ་ཤེས་འབར། །མགོན་པོ་ཡོན་ཏན་བསམ་

ལས་འདས། །རྒྱལ་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །ཨེ་མ་རང་སྣང་དབྱེར་མེད་སྐུ། །རྣམ་དག་བསོད་ནམས་མཚན་གྱིས་བརྒྱན། །དཔེ་བྱད་འབྲུ་བཀོད་བལྟ་མི་ངོམས། །སྐུ་ལྔའི་མཆོག་ལ་ཕྱག་འཚལ་ལོ། །ཨེ་མ་རྣམ་དག་ནམ་མཁའི་དབྱིངས། །གཅིག་གསུང་

Vol. 98 · folio 55b

སྣ་ཚོགས་སྒྲར་རིག་མཁྱེན། །བསམ་འདས་བརྗོད་མེད་རྡོ་རྗེའི་གསུང་། །གསུང་ལྔའི་མཆོག་ལ་ཕྱག་འཚལ་ལོ། །ཨེ་མ་གསང་བ་ནམ་མཁའི་ཐུགས། །མཉམ་ཉིད་མི་གཡོ་སོ་སོར་གསལ། །ཀུན་རིག་སྙིང་པོ་ཡེ་ཤེས་མཆོག །ཐུགས་ལྔའི་མཆོག་ལ་ཕྱག་

འཚལ་ལོ། །ཨེ་མ་མི་མཛད་མཛད་པ་ཆེ། །མ་ཆགས་ཆགས་བྲལ་འདོད་ཆགས་མཛོད། །ཐམས་ཅད་སྒྲོལ་བའི་ལས་ཆེན་པོ། །ཕྲིན་ལས་མཆོག་ལ་ཕྱག་འཚལ་ལོ། །རྒྱལ་ཚབ་ཁྱོད་ལ་གསོལ་བ་ནི། །བྱམས་མགོན་ཐུགས་རྗེའི་བྱིན་བརླབས་ཀྱིས། །སྤྲུལ་པའི་

གོ་ཚགས་རུ་མཉམ་སྟེ། །འཁོར་བའི་སྐྱས་ལིངས་ཆེན་པོ་ལ། །སྡུག་བསྔལ་ཤིན་ཏུ་གསད་པའི་ཕྱིར། །ཐམས་ཅད་དུར་ཁྲོད་ཆེན་པོ་རུ། །བྱིན་གྱིས་བརླབས་པའི་ལས་ཆེན་མཛོད། །ཨ་ཧོ་ཞེས་གསོལ་བ་བཏབ་པ་ལས། སེམས་དཔའ་རྡོ་རྗེ་ཆེན་པོ་དེས་རྣལ་

འབྱོར་པའི་ཕྱག་བྱས་ནས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་ཞུས་པ། ཨ་ལ་ལ་ཧོ་བདེ་བ་ཆེན་པོའི་མཆོག་གསང་བ་ཀུན་གྱི་རྒྱལ་པོ། ཡང་གསང་བླ་ན་མེད་པའི་བདག་ཉིད། འདུས་པ་ཆེན་པོའི་ཚོགས་རྨད་དུ་བྱུང་བའི་ཚིག་ཤིན་ཏུ་

རྟུལ་ཕོད་པ་གསོལ་བ་འཚལ་བ་འདི་ཤིན་ཏུ་ངོ་མཚར་ལགས་སོ། །འདི་དག་འདུལ་བའི་དབང་དུ་དགོངས་ཏེ། ཇི་ལྟར་འཚལ་བའི་བསམ་པ་རངས་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས། བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་

དེས་ཀུན་དུ་འདུལ་བའི་དུས་མཁྱེན་ནས་བཀའ་གསང་རྨད་དུ་བྱུང་བའི་འཁོར་གྱིས་བསྐོར་བ་དུར་ཁྲོད་རྒྱན་གྱི་རོལ་པ་ལས་རྨད་དུ་བྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་འཁོར་བྱིན་གྱིས་རློབ་པའི་ཚིག་འདི་གསུངས་སོ། །ཧཱུྃ་

ཧེ་ཧེ་ཕཊ། ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཨཱ་ར་ལི་ཨ་ལི་ཨུ་ལི་ཏ་པ་ལི་ཏྲྃ་སྟྭྃ། ཁ་ལི་ཧོ། ན་ཤ་སྟྃ་བྷ་ཡ་ཧཱུྃ། བྲུྃ་ཕུ་ཙ་ཁཱ་ཧི་ཕཊ་ཕཊ་ཧ་ལ་ཧཱུྃ་ཞེས་གསུངས་སོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་ཐམས་ཅད་དུར་ཁྲོད་ཀྱི་དཀྱིལ་འཁོར་དུ་གྱུར་

Vol. 98 · folio 56a

ནས། གཡོས། རབ་ཏུ་གཡོས། ཤིན་ཏུ་རྣམ་པར་འཐོར་རོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སེམས་དཔའ་རྡོ་རྗེའི་སྙིང་པོ་ལ་འཁོར་གཞན་གྱིས་ཡིད་ཚོད་དུ་མི་འགྱུར་བའི་སྐུའི་ཆོས་བསྟན་པ་ནི་སྐུ་ཀུན་དུ་དུར་ཁྲོད་

ཀྱི་བདག་པོ་ཆེན་པོར་བསྒྱུར་ནས་དུར་ཁྲོད་ཀྱི་གནས་བརྒྱད་དང་། །ཧེ་རུ་ཀའི་གནས་བཅུ་དང་། །དཔལ་གྱི་ཆས་བརྒྱད་དང་། དུར་ཁྲོད་ཀྱི་རྒྱན་ཆེན་པོ་དགུ་དང་། །དོན་གྱི་རྟགས་ཆེན་པོ་བཅྭ་བརྒྱད་དང་། །དུར་ཁྲོད་ཀྱི་ལོངས་སྤྱོད་སྣ་ཚོགས་པ་བསྟན་པས་ཞལ་

འཛུམ་པའི་མདངས་ཀྱིས་གཟིགས་པ་ལས་སེམས་དཔའ་རྡོ་རྗེ་དེས་མཁྱེན་ཏེ། བཀའ་གསང་དབང་ཆེན་འདིས་དོན་དུ་ནི་བཤད། ཚིག་ཏུ་བསྒྲགས་པར་རིག་ནས་འདུས་པའི་ཚོགས་ལ་ཤིན་ཏུ་ལྡེམ་དགོངས་ཀྱི་ཚིག་ཏུ་སྨྲས་པ། བཀའ་གསང་རྨད་བྱུང་ཆེན་པོ་འདི། །

སྦས་པས་ཟབ་ཅིང་རྟོགས་དཀའ་བ། །མཚོན་པས་དོན་འབྱིན་མི་ཤེས་པས། །ཉོན་མོངས་རང་དགའ་སྤྱོད་སྙམ་པའི། །ཤིན་ཏུ་བྱིས་པའི་བློ་ཞན་པའི། །ངེས་པའི་ཤེས་རབ་མིག་ལྡོངས་ཏེ། །དོན་གྱི་རྩལ་ཤུགས་ཆུང་བ་ཡིས། །དགའ་བདེའི་ལོངས་སྤྱོད་བསྐྲུན་

སྙམ་ནས། །མཚན་མ་རང་དགར་སྤྱད་བསྒྲུབས་ཀྱང་། །རང་བཞིན་འགྲུབ་པར་མི་འགྱུར་ཏེ། །རྒྱུད་ཕུང་འབྲས་བུ་ཚིག་གྱུར་ནས། །མྱུ་གུ་བརླག་སྟེ་ག་ལ་འབྱུང་། །གཏན་ཚིགས་དེ་བས་འདི་དོན་དག །རྩལ་ཞན་དག་ལ་བསྟན་མིན་ཞེས། །གསང་བདག་རྒྱལ་པོ་

ཀུན་གསུང་ན། །ཅི་ཁྱོད་རྣམས་ཀྱིས་མི་ཤེས་སམ། །ཞེས་རྣམ་པར་སྨྲས་པ་ལས། །འདུས་པའི་ཚོགས་ཀྱིས་སླར་གསོལ་པ། །ཨེ་མའོ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་རྒྱུ་ཚིག་ཆེན་པོ་དག་འཁོར་གྱི་དཀྱིལ་འཁོར་གྱི་ནང་དམ་པ་འདིར་གསུང་ངམ། །འོན་ཏེ་མི་སྤྱོད་དམ།

ཅང་མ་ལགས་གྲང་། ཅི་བླང་དོར་མཛད་དམ། ཨེ་མ་སྣོད་དུ་མ་གྱུར་པ་ནི་གང་མཆིས། ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ཅན་ལགས་ན། ཐོང་ཀུན་དུ་རབ་ཏུ་ཐོང་། རྣམ་པར་རབ་ཏུ་གསུངས། འགག་པ་མི་མངའ་མི་འགོག་གསུངས། །ཅི་ཕྱིར་མི་གསུང་ཐོགས་

Vol. 98 · folio 56b

མེད་སྲས། །རྒྱལ་བའི་སྲས་པོ་དུས་འདི་ལགས། །གསང་བའི་སྙིང་པོ་སྣོད་འདི་ལགས། །བཀའ་གསང་དཀྱིལ་འཁོར་གནས་འདི་ལགས། །གསང་བའི་དུར་ཁྲོད་ཚུལ་འདི་ལགས། །སྙིང་རྗེ་ཞེར་སེམས་ཁྱོད་ལ་འདུད། །གསང་བ་ཡང་གསང་ཁྱོད་ལ་འདུད། །གསང་

བ་ཡེ་གསང་ཁྱོད་ལ་འདུད། །དཀྱིལ་འཁོར་རྒྱལ་པོ་ཁྱོད་ལ་འདུད། །འཁོར་ལོ་སྙིང་པོ་ཁྱོད་ལ་འདུད། །གསང་ཆེན་སྙིང་པོ་ཚུལ་ཅི་ལགས། །བཀའ་གསང་དཀྱིལ་འཁོར་ཐབས་ཅི་ལགས། །འབྲས་བུ་བདེ་བའི་དོན་ཅི་ལགས། །མ་འོངས་པ་ཡི་རྣལ་འབྱོར་དག །

བསྒྲུབས་ན་དང་ལེན་འཚལ་བ་ཡི། །རིག་པར་འགྱུར་བའི་ཐབས་ཅི་ལགས། །འབྱུང་ཆེན་རྒྱལ་པོས་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལས། །སེམས་དཔའ་རྡོ་རྗེ་དམ་པ་དེ་ཤིན་ཏུ་བཞད་པ་ཆེན་པོས་རྣམ་པར་བཞད་དེ། །ཨ་ཨ་ཧེ་ཧེའི་གད་རྒྱངས་

བསྒྲགས་པས་འཁོར་ཐམས་ཅད་ཀྱང་གད་རྒྱངས་ཀྱི་སྒྲ་ཆེན་པོ་སྒྲོགས་པར་མཛད་དེ། དགྱེས་པའི་འོད་ཟེར་ལས་ཤེས་རབ་ཀྱི་དཔལ་དེ་དགྱེས་པའི་རོལ་མོ་སྣ་ཚོགས་ལིང་ལོང་ཕྱད་པར་བྱུང་ངོ་། །དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་ལུས་ཀུན་བསྲང་སྟེ། དུར་ཁྲོད་

ཀྱི་ཆས་སྣ་ཚོགས་བསར་ཞིང་རྟགས་བཅྭ་བརྒྱད་འབར་བར་བྱས་ནས་བརྗིད་པའི་གསུང་གིས་གསང་སྔགས་རྒྱ་མཚོ་དང་། རྣམ་གྲངས་སྣ་ཚོགས་དོན་གྱི་བསྒྲུབ་པ་རྟགས་ཀྱི་རོལ་པ་གསང་བའི་དཀྱིལ་འཁོར་ཆེན་པོ་འདི་དག་བཤད་དོ། །གཅིག་ཏུ་ཡང་དག་ངེས་

གྲུབ་པའི། །དོན་ལ་རྟོན་བྱེད་རྣལ་འབྱོར་རྣམས། །ཐོགས་མེད་ཉིད་དུ་འགྲུབ་འདོད་པ། །ཇི་ལྟར་བཙོ་བླག་མཁན་དག་གིས། །རས་དཀར་སྦྱངས་པས་ཚོན་འཇེན་ལྟར། །རྣལ་འབྱོར་ལས་རྣམས་དང་པོར་ནི། །སྐོངས་དང་སྦྱོང་བའི་ལས་རྣམས་གཅེས། །

ཟབ་མོར་འཇུག་པའི་སྔོན་ལོགས་ནས། །སེམས་ཉིད་གཏིང་ནས་ཚར་གཅད་ཕྱིར། །ཐེག་པ་དམན་པའི་སྐྱེ་བོ་དང་། །ལྷན་ཅིག་ཅི་ལའང་མི་བརྣལ་ལོ། །དེ་ལས་གྱུར་པའི་ཡོ་བྱད་དག །རུས་སྦལ་མགོ་ལ་འོངས་པ་དག །ཤིན་ཏུ་འཁྲུགས་པའི་སེམས་

Vol. 98 · folio 57a

ཆེན་གྱིས། །རྒྱ་མཚོས་བཤུགས་ཏེ་སྤང་བར་བྱ། །གལ་ཏེ་གང་ཟག་དབང་གིས་ན། །ཉམས་པའི་ཆད་པ་བྱུང་བ་ན། །མགོན་ཚུན་ཆོས་ཉིད་ཆུ་ཕབ་ནས། །སྐོང་ཟློག་ཆོ་ག་རྒྱ་ཆེར་བྱ། །སྒྲུབ་རྩོམ་སྔོན་ནམ་ཡང་སྔོན་ནམ། །ཞག་གྲངས་

དག་གི་སྔོན་ལོགས་ནས། །སྡིག་སྦྱངས་བྱང་ཆུབ་སེམས་བསྐྱེད་དེ། །དགེ་བའི་དོན་ལ་འདུན་པར་བྱ། །སློང་མོ་དང་སློང་ལ་དགའ་བ། །སློང་ལ་འཚོ་བའི་ཚེ་སྤྱོད་རྣམས། །སྡེ་དང་ཚན་དང་གྲར་བྱས་ཏེ། །སྙིང་རྗེ་ལུད་པའི་ཞིང་དུ་བྱ། །སྨན་དང་འབྲུ་དང་རྩི་རྣམས་

དང་། །བཅུད་ཀྱི་མཆོག་ཏུ་གྱུར་པ་དག །བཏགས་སམ་ཕྱེ་མར་སྦྱར་ནས་ཀྱང་། །ཀླུང་ངམ་ཆུ་ཀླུང་མཚོ་ཆེན་དུ། །དོར་ཏེ་ཆགས་མེད་སྦྱིན་པར་བྱ། །དགེ་བའི་ཡོན་བདག་དང་བླངས་ཏེ། །ནད་གསོ་ཤེས་སློབ་སྤྱོད་སྒོམ་གྲྭ། །བཙུགས་ཏེ་བསྟི་གནས་མཆོག་བྱ་

ཞིང་། །དུས་ཀྱི་འཁོར་ལོའི་མཆོད་ཆེན་བྱ། །གསུང་སྒྲ་རྒྱ་མཚོ་སྒྲོགས་པ་ཡི། །གླེགས་བམ་ཟབ་མོ་ཀུན་བསྟེན་ཏེ། །བརྗོད་དང་བསྙེན་བཀུར་བསྟི་གནས་ཀྱིས། །རྒྱ་ཆེ་ཡངས་བའི་ལས་རྣམས་བྱ། །ཡེ་ཤེས་ཚོགས་རྣམས་རྫོགས་བྱའི་ཕྱིར། །ཤེས་རབ་

ཚོགས་ཀྱི་སྦྱིན་མཆོག་དག །བསྟན་ཏམ་གླེགས་བམ་ལ་སོགས་པའི། །བློ་མཆོག་ལྡན་པ་རྣམས་ལ་སྦྱིན། །བསྒོམ་དང་གོམས་པར་བྱ་བ་ཡིས། །ཀུན་གཞི་དག་པར་བྱ་བའི་ཕྱིར། །ཏིང་འཛིན་བྱེ་བ་མང་པོ་ལ། །བློ་མཆོག་ཡིད་ཀྱི་རྩལ་དེ་སྤྱད། །ཆོས་ཀྱི་འཁོར་

ལོ་རབ་བསྐོར་ཏེ། །རྒྱུད་སྦྱང་ལྷག་པའི་ཤེས་རབ་བལྟ། །ཤོ་གམ་སྲང་དང་ཤོ་གམ་ལམ། །མི་བདེའི་གནོད་པ་ཀུན་བསལ་ཏེ། །ཚད་མེད་སྙིང་རྗེའི་འཁོར་ལོ་བསྐོར། །སྦྱིན་པའི་འཁོར་ལོ་རྒྱུན་མི་གཅད། །ཆུ་འམ་ས་འམ་ནམ་མཁའ་འམ། །མེ་འམ་དེ་

བཞིན་རླུང་རྣམས་ལ། །སྐུ་གདུང་སྤེལ་མཆོད་རིང་བསྲེལ་རྣམས། །བརྩམ་པའི་ལས་ཆེན་འཁོར་ལོར་བྱ། །མཚམས་མེད་ཟློག་པར་བྱེད་པ་ཡི། །ལུས་སེམས་རྒྱུད་ལ་རྡུལ་རླགས་ཏེ། །འཕགས་པའི་སྤྲིན་ཚོགས་ཕོ་བྲང་དུ། །རྡུལ་སྙེད་ལུས་ཀྱིས་

Vol. 98 · folio 57b

མཆོད་སེམས་བཤགས། །རྒྱལ་མཉེས་ལས་ནི་གྱིས་ཤིག་པ། །ཐབས་ཆེན་སྦྱོར་བའི་ལས་ཆེན་ལས། །རྣམ་བཞི་མེ་ཡི་ལས་མཆོག་བྱ། །དེས་ནི་མཚམས་མེད་ཟློག་པ་ཡིན། །ཐུགས་རྗེ་འབྱུང་བའི་འཁོར་ལོ་དག །གང་ལྟར་གོམས་ལྟར་འབད་རྩོལ་བྱ། །

བསྟན་པ་སྐྱོང་བའི་ཚོགས་རྣམས་ལ། །སྦྱིན་མཆོད་སྤེལ་བའི་ལས་རྣམས་བྱ། །དེ་ལ་སོགས་པའི་དགེ་བའི་ཚོགས། །དོན་དུ་མི་འགྱུར་ཀུན་སྤངས་ལ། །ནན་ཏན་ཚོགས་ཀྱི་དཔུང་ཆེན་བསྐྱེད། །འདི་ལྟར་ལས་ཆེན་ལྟང་སོགས་པ། །གཞན་དུ་བསྐྱེད་པ་མ་ཡིན་

ཏེ། །རྩེ་གཅིག་དོན་ལྡན་རྣལ་འབྱོར་པ། །རྒྱུད་ལྡན་སྣོད་ལྡན་བྱ་ཕྱིར་དང་། །གལ་ཏེ་རྩལ་ཞན་མ་གྲུབ་ན། །དགེ་བསགས་ལྟང་ཆེན་ཀུན་བསྡོམས་ཏེ། །ལས་ཀྱི་བསགས་པ་དོན་བགྲངས་ཤིང་། །གདུང་བའི་ཤུགས་ཕྱུང་རྩལ་སྤྲུགས་ནས། །ཉི་ཤར་ཆུ་ཀླུང་ཟླ་བརྙན་

ལྟར། །རང་བཞིན་ཤུགས་ཀྱིས་འགྲུབ་པར་གཅེས། །དེ་ཕྱིར་ཕྲ་མོ་ཡན་ཆད་ཀྱང་། །བདག་གི་དོན་དུ་འགྱུར་བར་བྱ། །དེ་ལྟར་སྤྱད་པ་སྤྱོད་པ་ཡི། །ཕྲ་མོའི་རྣལ་འབྱོར་བློ་འཕེལ་བ། །ཆུང་ངུ་ཆུང་སོགས་མཐར་ཟད་ནས། །སྐོང་བའི་རྣལ་འབྱོར་འཁོར་ལོ་ཡིས། །

ཞིག་དང་རལ་དང་ཆག་འདྲེས་དག །བསྐང་གསོ་གཞུག་པའི་ལས་འདི་བྱ། །ལས་ཆེན་སྐོང་བའི་ཁྱད་པར་གྱིས། །གནས་སུ་བརྟག་པར་ངེས་མེད་དེ། །མི་སྡུག་སྐྱོན་ཅན་བཀྲ་མི་ཤིས། །སྤངས་ཏེ་མེད་པར་གྱུར་པ་ཡི། །ཤིན་ཏུ་སར་པའི་གནས་ཆེན་དག །

བསྐང་བའི་གནས་སུ་དེ་འགྱུར་རོ། །དེ་ལྟར་ཡིད་འོང་གནས་བཙལ་ནས། །དྲོད་ལྡན་བླ་མ་སྤྱན་དྲངས་ཏེ། །སྲི་ཞུ་རྒྱལ་ཆོས་སྤྱི་བོར་བཀུར། །དེ་ཡང་དམིགས་ཀྱིས་ཞུ་བ་དག །མཎྜལ་ཁར་གསིལ་ཙམ་དག་ལ། །མེ་ལོང་སྙིང་པོ་ལྟར་བྱས་ཏེ། །གཙང་མའི་རྒྱུ་ལས་

རྫས་བྱས་པ། །ཡིད་འོང་རྣམ་ལྔའི་མཆོད་པ་ལ། །རྐྱེན་གྱི་རྣལ་འབྱོར་སྣ་ཚོགས་ཀྱིས། །བརྒྱན་ཏེ་བཀླུབས་པའི་སྤྲིན་ཕུང་རྣམས། །མཉེས་ནས་སྐོངས་ཕྱིར་རྒྱལ་ལ་དབུལ། །ཕྱི་འཁོར་སྐྱོང་བའི་མགོན་པོ་ལ། །འདོད་ཡོན་ལྔ་ལ་སོགས་པ་ཡི། །ཡིད་བཞིན་

Vol. 98 · folio 58a

ལོངས་སྤྱོད་རྐྱེན་དང་བཅས། །ཡོན་ཏན་ཆ་ལས་སྨོན་བཅོལ་མཆོད། །མཉེས་ནས་སྐོངས་པའི་སྟོངས་སུ་འགྱུར། །ཁམས་གསུམ་སྙིང་རྗེའི་གནས་རྣམས་ལ། །ཡོ་བྱད་སྦྱིན་ཚོགས་ཆེན་པོ་ལས། །འདོད་པའི་བསམ་པ་རངས་བྱས་ན། །མགུ་བས་

སྐོངས་པའི་སྟོངས་སུ་འགྱུར། །བགེགས་སུ་གྱུར་པའི་བགེགས་རིས་ཀྱང་། །མཉམ་པའི་དོན་གྱིས་སེམས་མི་དབྱུང་། །དམིགས་ཀྱིས་ཁ་ཟས་སྣ་ཚོགས་ལས། །བགེགས་རྣམས་མགུ་ན་ཐམས་ཅད་ཀྱང་། །མཉམ་པའི་དོན་གྱིས་སྐོངས་པའི་རྒྱུར། །ཅུང་ཟད་ཙམ་དུ་

སྣང་བ་ཡིན། །དེ་ལྟར་སྐོངས་པའི་ལས་རྣམས་ཀྱིས། །བསྐང་བར་བྱ་བའི་དམིགས་རྣམས་ནི། །རྣམ་པ་ལྔར་ནི་སྣང་བ་སྟེ། །ཀུན་དུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །བསྐང་བའི་ཐབས་ཀྱང་ལྔ་

ཡོད་དེ། །སྤྱད་པའི་ལས་ཀྱིས་བསྐང་བ་དང་། །རྫས་དང་དོན་དང་ཏིང་འཛིན་དང་། །མན་ངག་གསང་བའི་ཐབས་ཆེན་ནོ། །དེ་དག་ལ་ཡང་ལྔ་ལྔ་སྟེ། །སྤྱོད་པའི་ཚུལ་གྱིས་བསྐང་བ་ལ། །རྣམ་པ་ལྔ་རུ་བཤད་པར་བྱ། །དང་པོ་འབུམ་ལྔ་ཁྲི་གསུམ་སྟེ། །རྩ་ཉམས་

ཁྲི་ལྔ་སྟོང་གསུམ་མོ། །ཡན་ལག་ཉམས་པར་གྱུར་པ་ལ། །སྟོང་ལྔ་བརྒྱ་གསུམ་ཐོན་པར་བྱ། །བཟླས་ཉམས་བརྒྱ་ལྔ་བཅུ་གསུམ་མོ། །ཞར་གྱིས་ཉམས་པར་གྱུར་པ་ལ། །བཅུ་ལྔ་གཅིག་གསུམ་དག་གིས་སྐོངས། །རྫས་ཀྱིས་བསྐང་བའི་ཐབས་མཆོག་

ནི། །གལ་ཏེ་བསྲུང་བ་འགའ་ཞིག་ལས། །བྱང་ཆུབ་ཐ་ཚིག་རལ་གྱུར་ན། །གཏི་མུག་རིགས་ཀྱི་ཐ་ཚིག་བསྐང་། །དམངས་རིགས་བླ་མ་སྤྱན་དྲངས་ལ། །ཉེས་འགལ་མི་བཅབ་སྟོང་དུ་བཤགས། །གསེར་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་གང་

བརླག་ནོར་དེས་བླུ། །བྱང་ཆུབ་སེམས་བསྐྱེད་རྒྱུད་སྦྱང་མཉན། །རྡོ་རྗེ་ཐ་ཚིག་རལ་གྱུར་ན། །ཞེ་སྡང་རིགས་ཀྱི་ཐ་ཚིག་བསྐང་། །རྗེའུ་རིགས་བླ་མ་སྤྱན་དྲངས་ཏེ། །ཉེས་བྱས་མི་བཅབ་འབུམ་དུ་བཤགས། །ཤེལ་ལ་སོགས་པའི་རྫས་ཆེན་གྱིས། །ཐ་ཚིག་

Vol. 98 · folio 58b

གང་བརླག་ནོར་དེས་བླུ། །བསམ་གཏན་ཏིང་འཛིན་བསྒོམ་བརྩོན་བྱ། །རིན་ཆེན་ཐ་ཚིག་ཉམས་གྱུར་ན། །ང་རྒྱལ་རིགས་ཀྱི་ཐ་ཚིག་བསྐང་། །རྒྱལ་རིགས་བླ་མ་སྤྱན་དྲངས་ཏེ། །ཉེས་བྱས་མི་བཅས་བརྒྱད་ཁྲིར་བཤགས། །བཻ་ཌཱུར་ལ་སོགས་རྫས་ཆེན་གྱིས། །ཐ་

ཚིག་གང་བརླག་ནོར་དེས་བླུ། །སྐུ་གདུང་རིང་བསྲེལ་རྣམ་པར་སྤེལ། །པདྨའི་ཐ་ཚིག་རལ་གྱུར་ན། །འདོད་ཆགས་རིགས་ཀྱི་ཐ་ཚིག་བསྐང་། །གདོལ་རིགས་བླ་མ་སྤྱན་དྲངས་ལ། །ཉེས་བྱས་མི་བཅབ་བརྒྱར་བཤགས་བྱ། །བྱི་རུ་ལ་སོགས་རྫས་ཆེན་གྱིས། །ཐ་

ཚིག་གང་བརླག་ནོར་དེས་བླུ། །བཤད་བྱ་ཟབ་མོའི་གླེགས་བམ་བརྗོད། །ལས་ཀྱི་ཐ་ཚིག་རལ་གྱུར་ན། །ཕྲག་དོག་རིགས་ཀྱི་ཐ་ཚིག་བསྐང་། །བྲམ་ཟེ་རིགས་བཤེས་སྤྱན་དྲངས་ལ། །ཉེས་བྱས་མི་བཅབ་བཅུ་ལྔར་བཤགས། །ཨིནྡྲ་ལ་སོགས་རྫས་

རྣམས་ཀྱིས། །ཐ་ཚིག་གང་བརླག་ནོར་དེས་བླུ། །མཆོད་སྦྱིན་བསོད་ནམས་ལས་ཆེན་བྱ། །དེས་ནི་བསྐང་བའི་ལས་ཆེན་འགྲུབ། །དོན་གྱིས་བསྐང་བའི་ཐབས་མཆོག་ཀྱང་། །རྣམ་ལྔའི་ཚུལ་དུ་བཤད་པར་བྱ། །ཆོས་ཀུན་ནམ་མཁར་བསྒོམས་ནས་ཀྱང་། །

བག་ཆགས་བཟང་ངན་ཐམས་ཅད་ཀུན། །ཅི་ཡང་མེད་པར་བློ་ལ་བཞག །དེ་ལ་གོམས་བྱས་ཉེས་པ་མེད། །ཀུན་ལ་མཁས་པའི་བླ་མ་ལ། །རྒྱ་ཆེ་ཡངས་པའི་ཆོས་མཉན་ཏེ། །བསམ་པའི་ལས་རྣམས་རྒྱ་ཆེར་བྱ། །ཡིད་ཀྱིས་དམིགས་པའི་ལས་དག་ན། །རྩ་

བ་ཉམས་པ་སྐོང་བར་འགྱུར། །གལ་ཏེ་ཡན་ལག་ཉམས་གྱུར་ན། །ཆོས་ཉིད་ནམ་མཁའི་དོན་སྟོན་པའི། །གླེགས་བམ་ཟབ་མོ་ཀུན་བརྟགས་ཏེ། །དོན་རྣམས་རྒྱ་ཆེར་བརྟག་པར་བྱ། །དེས་ནི་ཡན་ལག་ཉམས་པ་མེད། །བཟླས་ན་ཐ་ཚིག་ཉམས་གྱུར་ན། །

བླ་མ་སྐྱེས་བུ་མཁས་པ་ལ། །གཞུང་ཆེན་ཚུགས་པའི་བསྟན་པ་ཞིག །སྟོན་པའི་ཡོན་བདག་གཉེར་བླངས་ཏེ། །བློ་ཡི་རྩལ་ཅན་ཀུན་བསྡུས་ཏེ། །དམ་ཆོས་བདུད་རྩི་བསྟན་པ་བསྒྲགས། །གལ་ཏེ་ཞར་གྱིས་ཉམས་གྱུར་ན། །བསྟན་པའི་གླེགས་བམ་

Vol. 98 · folio 59a

རྒྱ་ཆེན་རྣམས། །བྲིས་ནས་ཆོས་ཀྱི་སྦྱིན་པར་བྱ། །དེས་ནི་ཞར་ཉམས་སྐོངས་པར་འགྱུར། །ཏིང་འཛིན་རྩལ་གྱི་ཐབས་མཆོག་ནི། །བག་ཆགས་ཅན་གྱི་སྤྱི་གཙུག་ཏུ། །རྩ་དམར་འོད་ནི་མེ་ལོང་ཙམ། །ཤིན་ཏུ་འབར་ཞིང་འཚེར་གསལ་

བས། །ཆགས་དང་བཅས་པའི་ཕུང་པོ་བསྲེགས། །རྣམ་གྲོལ་སེམས་ཀྱི་རང་བཞིན་དང་། །འོད་ཀྱི་རང་བཞིན་གཅིག་པ་ལས། །དཀར་དང་དམར་དང་མཐིང་ག་ཡི། །འོད་ཀྱི་ཐིག་ལེ་གསུམ་དུ་འགྱུར། །དཀར་པོར་སྤྲོས་པས་ཁྱབ་པ་ཆེ། །དམར་པོར་སྤྲོས་པས་

ཆགས་པ་ཆེ། །མཐིང་ག་ཐུགས་ཀྱི་ས་བོན་ཏེ། །རྣམ་གསུམ་གཅིག་ཏུ་འདུས་པ་ལས། །ངག་ཡིད་གསུམ་གྱི་བག་ཆགས་བསྲེགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་སྐོངས། །དཀར་པོ་རླུང་ཟླའི་དཀྱིལ་འཁོར་ལ། །དམར་པོ་འབུད་པའི་རླུང་བྱུང་བས། །མཚན་

མའི་བག་ཆགས་རྣམ་པར་གཏོར། །དམར་པོ་ཆུ་ཟླའི་དཀྱིལ་འཁོར་ལས། །མཐིང་ག་ཡེ་ཤེས་ཆུ་བྱུང་བས། །དངོས་པོའི་ལྗན་ལྗིན་ཐམས་ཅད་བཀྲུས། །དེ་ལྟར་གསལ་བར་གྱུར་པ་དང་། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །རྫས་བསྲེག་པ་ལ་མེ་དགོས་

ཀྱང་། །བག་ཆགས་ཚིག་ལ་མེ་མི་དགོས། །རིག་པ་ཡེ་ཤེས་མེ་བྱུང་བས། །མཚན་མ་ཡི་ནི་བུད་ཤིང་བསྲེགས། །འཇིག་རྟེན་གཏོར་ལ་རླུང་དགོས་ཀྱང་། །མཚན་མ་གཏོར་ལ་རླུང་མི་དགོས། །རིག་པའི་ཡེ་ཤེས་རླུང་བྱུང་བས། །མཚན་མའི་རྡུལ་ཚོགས་

རྣམ་པར་འཕྱག །ལུས་བཀྲུ་བ་ལ་ཆུ་དགོས་ཀྱང་། །སེམས་བཀྲུ་བ་ལ་ཆུ་མི་དགོས། །མཉམ་ཉིད་ཆུ་བོ་ཁྲུས་ཀྱི་རྫིང་། །ཡེ་ཤེས་ཆུ་བོའི་རྒྱུན་བྱུང་བས། །བག་ཆགས་ལྗན་ལྗིན་ཐམས་ཅད་བཀྲུས། །ཨོྃ་ཀྲོ་དྷི་ཤྭ་རི་སརྦ་པཱ་པྃ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ། རྃ་ཡྃ་ཁྃ།

དེ་སྐད་ཚིག་ཏུ་བརྗོད་པ་ཡིས། །ཉམས་པའི་ཆད་པ་མི་འབྱུང་ངོ་། །གཅིག་ཏུ་བསྐང་བའི་ལས་ཆེན་ཡང་། །རིགས་ཀྱི་རྫས་དང་ཡོ་བྱད་རྣམས། །གནས་སུ་བསགས་ནས་བྱིན་བརླབས་ཏེ། །ཕྱི་ནང་མཚམས་བཅད་བརྟན་བྱས་ནས། །སོ་སོ་རིགས་ཀྱི་དམ་

Vol. 98 · folio 59b

ཚིག་ལ། །འགལ་བར་གྱུར་པ་གང་དང་གང་། །མཆོད་དང་བཤགས་དང་གནོང་བཀུར་ཏེ། །ཡན་ལག་བརྒྱད་ཀྱི་ཚུལ་བཟུང་ནས། །བསམ་གཏན་གནས་སྦྱངས་རྫས་བསབ་པ། །གཏི་མུག་རིགས་ཀྱི་དམ་ཚིག་ལ། །ཤེས་ནས་རྟོགས་པར་བྱ་རྒྱུ་ལས། །མ་རིག་

ལོག་པའི་མཐུ་ཡིས་ན། །ཐ་ཚིག་དྲག་པོ་ཡལ་གྱུར་ན། །ཕོ་བྲང་ནམ་མཁའི་ལིངྒ་ལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །ཨ་ཡི་རང་བཞིན་འོད་གསལ་བར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་པ་ཡིས། །འོད་འདྲིལ་བསྐལ་པའི་

མཁའ་གསལ་བས། །གཏི་མུག་རི་བོའི་མུན་བསལ་ཏེ། །བྱང་ཆུབ་མྱུ་གུ་འབར་བར་འགྱུར། །དེ་ལྟར་གསལ་བར་གྱུར་པ་དང་། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །ཨེ་མའོ་བདེར་གཤེགས་ཐ་ཚིག་ལས། །བྱང་ཆུབ་སེམས་བདེ་གསལ་འབར་བ། །དོན་དུ་མི་

གཏོང་གཞི་བསྐྱེད་དེ། །སངས་རྒྱས་གདུང་ཆེན་རྒྱུད་སྙམ་ལས། །ཇི་ལྟར་ཟླ་བར་རི་ལྟར། །རྒྱུ་ལས་བྱུང་བའི་རང་བཞིན་ལས། །བྱང་ཆུབ་མྱུ་གུ་ནུབ་མ་ཁད། །གཟུགས་ཀྱི་ཕུང་པོའི་ཞིང་ཁམས་སུ། །བདེ་མཆོག་མཁའ་མཉམ་དབྱིངས་ཆེན་གསལ། །གཉེན་པོས་

འཇོམས་པའི་ཐབས་ཆེན་ལས། །བསྐང་ངོ་བསྐལ་བའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་མཆོག་འདིས། །བྱང་ཆུབ་བསྐལ་པའི་ཐུགས་དམ་རྣམས། །སྐོངས་འགྱུར་བསམ་པའི་དོན་དུ་སྦྱང་། །སརྦ་ཏ་ཐཱ་ག་ཏ་པུ་ཏ་ས་མ་ཡ་ཧོ། །དེ་སྐད་ཚིག་ཏུ་བརྗོད་ནས་ཀྱང་། །

སྤྱི་བོ་བརྡའི་ཚུལ་ཕྱག་རྒྱ་སྦྱར། །ཞེ་སྡང་རིགས་ཀྱི་ཐ་ཚིག་ལས། །ཕོ་བྲང་རྣམ་ཤེས་ལིངྒ་ལ། །རྡོ་རྗེ་བུམ་པའི་དབུས་གནས་པར། །ཧཱུྃ་གི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་པ་ཡིས། །འོད་འདྲིལ་རྡོ་

རྗེའི་ཕ་ལམ་གྱིས། །ཞེ་སྡང་རི་བོ་བརླགས་ནས་ཀྱང་། །ཤེས་རབ་མེ་ལོང་འོད་གསལ་འབར། །དེ་ལྟར་གསལ་བར་གྱུར་པ་ན། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །ཨེ་མའོ་རྡོ་རྗེ་ཐ་ཚིག་རྣམས། །སེམས་ཆེན་ཡེ་ཤེས་གསལ་འབར་བ། །ཐུགས་

Vol. 98 · folio 60a

མཆོག་གདུང་ཆེན་རྒྱུད་སྙམ་ལས། །ཇི་ལྟར་རལ་གྲི་སོ་རྒལ་ལྟར། །དེ་ལས་གྱུར་པའི་རང་བཞིན་ལས། །ཤེས་རབ་མེ་ལོང་ནུབ་མ་ཁད། །རྣམ་ཤེས་ཕུང་པོའི་ཞིང་ཁམས་སུ། །གསལ་འབར་ཡེ་ཤེས་ཐིག་ལེ་འཕྲོ། །གཉེན་པོས་

འཇོམས་པའི་ཐབས་ཆེན་གྱིས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་མཆོག་འདིས། །ཐུགས་མཆོག་བསྐལ་པའི་ཐུགས་དམ་བསྐང་། །སྐོངས་གྱུར་བསམ་པའི་དོན་དུ་སྦྱང་། །ཨོྃ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཧོ། དེ་སྐད་ཚིག་ཏུ་

བརྗོད་ནས་ཀྱང་། །སྙིང་གི་བརྡ་ཡི་ཚུལ་ཕྱག་སྦྱར། །ང་རྒྱལ་རིགས་ཀྱི་དམ་ཚིག་ལས། །སྙོམས་ནས་དང་དུ་བླང་རྒྱུ་ལས། །ལོག་པའི་ང་རྒྱལ་དེ་མ་ཆོམས། །ཐ་ཚིག་དྲག་པོ་ཡལ་འགྱུར་ན། །ཕོ་བྲང་སྐྱེ་རྒྱུའི་ལིངྒའི་དཀྱིལ། །རིན་ཆེན་འབར་བའི་དབུས་གནས་

པར། །སྭ་ཡི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་པ་ལས། །འོད་འདྲིལ་རིན་ཆེན་འཁོར་ལོ་ཡིས། །ང་རྒྱལ་དེའུ་ཆེན་བརླག་འགྱུར་ནས། །བསོད་ནམས་ལྗོན་ཤིང་མེ་ཏོག་འབར། །དེ་ལྟར་གསལ་

བར་གྱུར་པ་ན། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །ཨེ་མ་རིན་ཆེན་ཐ་ཚིག་ལས། །བསོད་ནམས་ཡོན་ཏན་འོད་འབར་བ། །དོན་དུ་མི་གཏོང་གཞི་བསྐྱེད་དེ། །རྒྱུ་མཆོག་གདུང་ཆེན་རྒྱུད་མཉམ་ལས། །ཇི་ལྟར་མཁའ་ལ་འཁྲིགས་འཐིབས་ལྟར། །རྒྱུ་

ལས་གྱུར་པའི་རང་བཞིན་གྱིས། །མེ་ཏོག་འོད་མཛེས་ཡལ་མ་ཁད། །ཚོར་བའི་ཕུང་པོའི་ཞིང་ཁམས་སུ། །ཆེ་བའི་ཡེ་ཤེས་མཉམ་འབར་བས། །གཉེན་པོས་འཇོམས་པའི་ཐབས་ཆེན་ལས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་

མཆོག་འདིས། །སྐུ་མཆོག་བསྐལ་པའི་ཐུགས་དམ་བསྐང་། །སྐོངས་གྱུར་བསམ་པའི་དོན་དུ་སྦྱང་། །ཨོྃ་སརྦ་ཏ་ཐཱ་ག་ཏ་རཏྣ་ས་མ་ཡ་ཧོ། །དེ་སྐད་ཚིག་ཏུ་བརྗོད་ནས་ཀྱང་། །འཕྲལ་བ་བརྡ་ཡི་ཚུལ་ཕྱག་སྦྱར། །འདོད་ཆགས་རིགས་ཀྱི་དམ་ཚིག་ལས། །རྟོགས་ནས་

Vol. 98 · folio 60b

སྤྱད་པར་བྱ་རྒྱུ་ལས། །འདོད་ལོག་རྒྱ་མཚོ་མ་ངོམས་ཏེ། །ཐ་ཚིག་དྲག་པོ་ཡལ་འགྱུར་ནས། །ཕོ་བྲང་པདྨའི་ལིངྒའི་དཀྱིལ། །པདྨོ་འབར་བའི་དབུས་གནས་པར། །ཨོྃ་གྱི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་

པ་ལས། །འོད་འདྲིལ་པདྨོའི་མཚོན་ཆ་ལས། །འདོད་ཆགས་རྒྱ་མཚོ་བསྐམས་གྱུར་ནས། །པདྨ་ཆོས་ཀྱི་ཡེ་ཤེས་འབར། །དེ་ལྟར་གསལ་བར་གྱུར་པ་ན། །རྣལ་འབྱོར་ཅན་གྱིས་ཚིག་འདི་བརྗོད། །ཨེ་མའོ་པདྨོའི་ཐ་ཚིག་ལས། །པདྨའི་ཡེ་ཤེས་འོད་འབར་བས། །དོན་

དུ་མི་གཏོང་གཞི་བསྐྱེད་དེ། །གསུང་མཆོག་གདུང་ཆེན་རྒྱུད་མཉམ་ནས། །ཇི་ལྟར་པད་སྟོང་ཚེར་མ་ལྟར། །རྒྱུ་ལས་གྱུར་པའི་རང་བཞིན་གྱིས། །པདྨོའི་ཡེ་ཤེས་ནུབ་མ་ཁད། །འདུ་ཤེས་ཕུང་པོའི་ཞིང་ཁམས་སུ། །རྟོགས་པའི་ཆོས་ཉིད་འོད་འཕྲོས་པས། །གཉེན་པོས་

འཇོམས་པའི་ཐབས་ཆེན་ལས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་མཆོག་འདིས། །གསུང་མཆོག་བསྐལ་པའི་ཐུགས་དམ་རྣམས། །སྐོངས་གྱུར་བསམ་པའི་དོན་དུ་སྦྱང་། །ཨོྃ་སརྦ་ཏ་ཐཱ་ག་ཏ་དྷརྨ་ས་མ་ཡ་ཧོ། །དེ་སྐད་ཚིག་ཏུ་བརྗོད་

ནས་ཀྱང་། །ལྕེ་ཡི་བརྡ་ཡི་ཚུལ་ཕྱག་སྦྱར། །ཕྲག་དོག་རིགས་ཀྱི་དམ་ཚིག་ལས། །རྟོགས་ནས་སྤྱད་པར་བྱ་རྒྱུ་ལས། །ཕྲག་དོག་ལོག་བཟུང་དབང་གིས་ན། །ཐ་ཚིག་དྲག་པོ་ཡལ་འགྱུར་བ། །ཕོ་བྲང་གསང་བའི་ལིངྒའི་དཀྱིལ། །རྡོ་རྗེ་རལ་གྲི་དབུས་གནས་པར། །ཧ་

ཡི་རང་བཞིན་འོད་གསལ་འབར། །གསལ་འཕྲོ་འཁྲུག་པར་གྱུར་པ་ན། །ཕཊ་ཀྱིས་དྲག་ཏུ་བརྡབས་པ་ལས། །འོད་འདྲིལ་རྡོ་རྗེའི་རལ་གྲི་ཡིས། །ཕྲག་དོག་མཚོན་ཆ་གསིབས་གྱུར་ནས། །རྡོ་རྗེ་རལ་གྲི་ཡེ་ཤེས་འབར། །དེ་ལྟར་གསལ་བར་གྱུར་བ་ན། །རྣལ་འབྱོར་

ཅན་གྱིས་ཚིག་འདི་བརྗོད། །ཨེ་མའོ་ཕྲིན་ལས་ཐ་ཚིག་ལས། །རྡོ་རྗེ་རལ་གྲི་འོད་འབར་བས། །དོན་དུ་མི་གཏོང་གཞི་བསྐྱེད་དེ། །ཕྲིན་ལས་གདུང་ཆེན་རྒྱུད་མཉམ་ལས། །ཇི་ལྟར་ཉི་གསལ་སྤྲིན་བསྒྲིབས་ལྟར། །རྒྱུ་ལས་གྱུར་པའི་རང་བཞིན་གྱིས། །རྡོ་རྗེ་འོད་ཆེན་

Vol. 98 · folio 61a

ནུབ་མ་ཁད། །འདུ་བྱེད་ཕུང་པོའི་ཞིང་ཁམས་སུ། །ཡེ་ཤེས་མཚོན་ཆའི་འོད་འཕྲོས་པས། །གཉེན་པོས་འཇོམས་པའི་ཐབས་ཆེན་ལས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །གསང་བ་དོན་གྱི་རྫས་མཆོག་འདིས། །ཕྲིན་ལས་

བསྐལ་པའི་ཐུགས་དམ་རྣམས། །སྐོངས་གྱུར་བསམ་པའི་དོན་དུ་སྦྱང་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་ས་མ་ཡ་ཧོ། །དེ་སྐད་ཚིག་ཏུ་བརྗོད་ནས་ཀྱང་། །ལུས་ཀྱི་བརྡ་ཡི་ཚུལ་ཕྱག་སྦྱར། །དེས་ཀྱང་སྐོང་བའི་ལས་ཆེན་འགྲུབ། །མན་ངག་ཐབས་ཀྱི་དོན་མཆོག་ནི། །རྩ་བ་

ཡན་ལག་དེ་རྣམས་ལས། །གང་དག་ཉམས་པར་གྱུར་པ་ལ། །མན་ངག་ཐབས་མཆོག་ལྔ་ཡིས་བསྐང་། །ཉམས་པ་ཆེན་པོར་ལྟུང་འགྱུར་ན། །བླ་མར་གྱུར་པའི་སྐྱེས་བུ་དག །རྒྱལ་པོ་དགུ་ཡི་སྤྱན་ལམ་དུ། །སྒྲུབ་པ་ཆེན་པོ་དགུ་བརྩམ་ཞིང་། །མཆོག་ཆེན་དགུ་

ཡི་བརྟུལ་ཞུགས་སྤྱད། །རང་གི་གཟུངས་མ་གང་ཡིན་པ། །བླ་མ་དགུ་ལ་གཟུངས་མར་དབུལ། །དེ་བཞིན་རྩ་བ་ཡན་ལག་དང་། །ཟླ་དང་ཞར་ལས་ཉམས་པ་ལ། །སྒྲུབ་པ་དོན་གྱི་ཁྱད་པར་རྣམས། །བདུན་ནམ་ལྔ་འམ་གསུམ་མམ་གཅིག །རིམ་པ་བཞིན་

དུ་སྦྱར་བྱས་ན། །དེས་ནི་སྐོངས་པའི་མཆོག་ཏུ་འགྱུར། །བསྐང་བའི་ཡུལ་ཡང་རྣམ་ལྔ་སྟེ། །བདེར་གཤེགས་རྒྱལ་བ་མཐའ་དག་ཀྱང་། །མདོ་རུ་བསྡུ་ན་རྣམ་ལྔ་སྟེ། །གཏི་མུག་ཞེ་སྡང་ང་རྒྱལ་དང་། །འདོད་ཆགས་ཕྲག་དོག་འདི་ལྔ་དག །རྩ་བར་གྱུར་བའི་དོན་

གྱིས་ན། །གཞི་ཡང་ཐམས་ཅད་འདིས་བསྒྱུར་བས། །ཉམས་དང་མ་ཉམས་ཐ་ཚིག་དང་། །ལོངས་སྤྱོད་སྤོང་ལེན་ཐམས་ཅད་རྣམས། །འདི་རྒྱུ་ཡིན་པར་རིག་བྱ་སྟེ། །རྒྱུ་ཉིད་རྒྱུར་བཏགས་དབང་གིས་ན། །བསྒྱུར་བས་དུག་འགྱུར་སྨན་ཆེན་ལྟར། །དེ་ཉིད་ཐ་ཚིག་བཙན་

པོར་བསྒྱུར། །འདུལ་བའི་དབང་གི་ཁྱད་པར་གྱིས། །དེ་བཞིན་རྡོ་རྗེ་རིན་ཆེན་དང་། །པདྨོར་ལས་ལྔའི་རིགས་སུ་འདུས། །དེ་དག་ཐུགས་དམ་མཆོག་ཉིད་ཀྱང་། །རྣམ་ལྔར་འདུས་པར་བསྟན་པ་ལ། །རྟོགས་ནས་བསྲུང་བསྒྲུབ་དམ་བཅས་པ། །སོ་སོར་འགལ་ཞིང་

Vol. 98 · folio 61b

ཆག་ཉམས་ན། །སོ་སོ་ཉིད་དུ་བསབ་པར་བྱ། །སྐུ་ཡི་ཆགས་ཉམས་གནས་སུ་གཞུག །གསུང་གི་འགལ་འཁྲུལ་སོ་རུ་བསབ། །ཐུགས་ཀྱི་འགལ་འཁྲུལ་གསོར་མེད་དེ། །རྡོ་རྗེ་སྙིང་པོའི་ཐ་ཚིག་ལ། །བསྐངས་པས་སྐོངས་པར་གྱུར་པ་ཡི། །རྟགས་

ཆེན་དག་ཀྱང་འདི་ལྟ་སྟེ། །རྒྱལ་བ་སངས་རྒྱས་རིག་འཛིན་གྱི། །གདུང་ཆེན་དག་ལས་བྱུང་བ་ཡི། །ཤ་རི་རམ་ཞེས་བྱ་བ་དེ། །ཐམས་ཅད་ལྟས་སུ་སྟོན་པར་བྱེད། །ཤེལ་གྱི་ཟ་མ་ཏོག་ནང་དུ། །དག་པར་བཅུག་སྟེ་བཙས་པ་ལས། །ཉམས་པའི་ཆད་

པ་བྱུང་བའི་ཚེ། །ཁ་དོག་གནག་ཅིང་འབྲོས་པར་འགྱུར། །ཉམས་པ་སྐོངས་སམ་སོར་ཆུད་ཅིང་། །གལ་ཏེ་དམ་ཚིག་མ་ཉམས་ན། །ཁ་དོག་དཀར་ཞིང་འཚེར་བར་འགྱུར། །ལེགས་པའི་ཡོན་ཏན་འབྱུང་བའི་ཚེ། །གྲངས་མང་རྒྱ་ཆེར་འཕེལ་བར་འགྱུར། །

གལ་ཏེ་གནག་གམ་མི་གསལ་ན། །སྨྱུར་ཏེ་བསྒྲིམས་ནས་བསྐོར་བཟློག་བྱ། །འོན་ཏང་ཉམས་པ་མི་ཕོག་ཅིང་། །དེ་དག་སོ་རུ་གསོ་བ་ན། །རྟགས་ཆེན་འདི་ནི་བསྟེན་བྱ་སྟེ། །འདི་དག་ཤིན་ཏུ་བརྟགས་ནས་ནི། །དཀར་ལ་འཚེར་བར་གྱུར་པ་ན། །རྩ་བ་

ཡན་ལག་ཉམས་པ་རྣམས། །སྐོངས་ཏེ་སོར་ཆུད་རྟགས་ཡིན་ནོ། །དེས་ན་རྣལ་འབྱོར་ལས་ཀྱི་གཙོར། །སྦྱོང་དང་སྐོང་བའི་ལས་རྣམས་བྱ། །བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེས་དེ་སྐད་ཅེས་གསུངས་པ་དང་། འཁོར་དེར་འདུས་པར་གྱུར་པའི་

བདུད་ཀྱི་སྡེ་པ་ལས་ལྷའི་རིགས་སུ་གྱུར་པ་སངས་རྒྱས་ཀྱི་འཁོར་འཕགས་པའི་རིགས་འཛིན་པ་ཉོན་མོངས་པ་ལྔའི་བདག་པོ་ལྷ་ཆེན་པོ་ལྔ་ལ་སོགས་པ་བཀའི་སྣོད་དུ་རུང་བར་བྱིན་གྱིས་བརླབས་ཏེ་འཁོད་པ་ལས། འདོད་ཆགས་ཐམས་ཅད་ཀྱི་གཙོ་བོ་རྡོ་རྗེ་

བྲམ་ཟེ་ཐོད་པ་ཅན་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་ལྟར་མ་བགྱིས་ན་མ་དད་མ་གུས་འགལ་འཁྲུལ་དུ་གྱུར་པའི་ཚད་པའི་སྐྱེ་གནས་དང་རྣམ་པར་སྨིན་པ་ཇི་ལྟར་འགྱུར། བདག་ཅག་རྣམས་ལ་རྒྱ་ཆེར་

Vol. 98 · folio 62a

བཤད་དུ་གསོལ་ཞེས་ཞུས་པ་ལས། བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེས་བཀའ་སྩལ་པ། འདོད་ཆགས་ཀྱི་བདག་པོ་ལ་སོགས་པ་རྣམས་དམ་ཚིག་ཉམས་པའི་ཆད་པའི་སྐྱེ་གནས་འདྲི་བ་ལེགས་ཀྱིས་ཡིད་ཚིམ་པར་བྱེད་པ་བཤད་ཀྱིས་ཉོན་

ཅིག །རྩ་བ་ཡན་ལག་འདི་དག་ལས། །གལ་ཏེ་ཞིག་གམ་ཉམས་གྱུར་ན། །རྣལ་འབྱོར་ལས་ཀྱི་དང་པོ་ལས། །ལུང་གི་གསང་སྒོར་ཞུགས་པའི་ཚེ། །དོན་དང་ལྡན་པའི་བླ་མ་ཡིས། །རྡོ་རྗེ་ཐ་ཚིག་བྱིན་བརླབས་ནས། །ལྕེ་ལ་དམ་ཚིག་ཆུ་བཞག་པ། །

དམྱལ་བ་རྡོ་རྗེར་དམོད་བཙུགས་ནས། །ཡི་གེ་ཧཱུྃ་དུ་བྱས་པ་དེ། །སྙིང་གི་དཀྱིལ་དུ་ཐིམ་ནས་ཀྱང་། །ལྕགས་ཀྱི་སྡིག་པ་མགོ་དགུ་པའི། །ཁྲོ་བོ་རཀྵ་ཞེས་བྱ་བའི། །ཁྲག་འཐུང་ཆེན་པོར་གྱུར་ནས་ནི། །སྙིང་ཁྲག་བཞིབས་ཏེ་འཐུངས་ནས་ནི། །སྡུག་བསྔལ་

ཆེན་པོར་བསད་ནས་ཀྱང་། །དམྱལ་བ་རྡོ་རྗེར་དེ་ལྟུང་འགྱུར། །གལ་ཏེ་ཐ་ཚིག་མ་ཉམས་ན། །ལྕེ་ལ་བཞག་པ་ཨརྒྷ་སྟེ། །སྙིང་གི་དཀྱིལ་དུ་ཐིམ་ནས་ཀྱང་། །ཡེ་ཤེས་སེམས་དཔའ་ཚོན་གང་བར། །གྱུར་ཏེ་སྒྲིབ་པ་ཀུན་སྦྱངས་ནས། །སངས་རྒྱས་སྲས་སུ་

སྐྱེད་པར་བྱེད། །འདོད་ཆགས་དམ་ཚིག་ཉམས་གྱུར་ན། །མངལ་གྱི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེ་སྡང་དམ་ཚིག་ཉམས་གྱུར་ན། །རཀྵ་སྲིན་པོའི་རིགས་སུ་འགྲོ། །གཏི་མུག་དམ་ཚིག་ཉམས་གྱུར་ན། །མི་གཙང་ཟས་སུ་ཟ་བ་ཡི། །རྨོངས་པའི་ཕག་ཆེན་

ལུས་སུ་ལྟུང་། །ང་རྒྱལ་དམ་ཚིག་ཉམས་གྱུར་ན། །རུས་སྦལ་ནག་པོའི་ལུས་སུ་ལྟུང་། །ཕྲག་དོག་དམ་ཚིག་ཉམས་གྱུར་ན། །ཆུ་སྲིན་མགོ་དགུའི་ལུས་སུ་ལྟུང་། །དམ་ཚིག་ཆེན་པོ་ཀུན་ཉམས་ན། །རུ་དྲ་ནག་པོའི་ལུས་སུ་ལྟུང་། །ལས་ཀྱི་རྐྱེན་དང་མ་ཕྲད་ན། །ཐར་པའི་

སྐབས་ནི་མི་སྲིད་དོ། །སེམས་དཔའི་རྡོ་རྗེས་དེ་སྐད་ཅེས་གསུངས་སོ། །ཉོན་མོངས་པ་ལྔའི་བདག་པོ་རིག་འཛིན་རྣམས་ཀྱིས་ཤིན་ཏུ་ཆོ་ངེ་ཆེན་པོ་འབྱིན་ཅིང་དུས་དེར་ཨེ་མའོ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་བདག་ལ་ལྟུང་རྒྱུ་མཆིས་ཏེ། །དང་

Vol. 98 · folio 62b

པོ་བཅོམ་ལྡན་འདས་ཀྱི་བཀའ་ལ་བཏགས་པའི་ཚེ། བཀའ་ལ་མ་དད་མ་གུས་པས་བཀའ་ལ་སྐུར་ཅིང་སྤྱས་ལོང་བཏགས་པ་དང་། སྟོན་པ་དང་གྲོགས་ལ་སྨད་ཅིང་སྤྱས་ལོང་བཏགས་པ་ལ་སོགས་པ་ལྟུང་བའི་རྒྱུ་མང་པོ་བགྱིས་པས། ང་ནི་བདག་ཀྱང་ཆད་པའི་སྐྱེས་

གནས་སུ་མཆི་བར་ངེས་ན། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བཟུང་སྟེ་བཀའི་འཁོར་དུ་བཀོད་པས་ང་ནི་ཐར་པ་ཐོབ་ལགས་གྲང་། འོན་ཀྱང་འགྱོད་པ་དྲག་པོའི་དབང་གིས་ཡིད་ཀྱི་སྒྲིབ་པ་ནི་བྱང་ཆུབ་སེམས་ཀྱིས་བཤགས། ངག་གི་སྒྲིབ་པ་ནི་ཚིག་ཏུ་འདོན་

ཅིང་སྨྲེས་ཏེ་བཤགས། ལུས་ཀྱི་སྒྲིབ་པ་ནི་ལུས་གདན་ཁྲི་ལ་ཕུལ་ཏེ་བཤགས་ན། བཅོམ་ལྡན་འདས་ཀྱི་ཐུགས་རྗེས་གཟུང་འཚལ་ན་གཉེན་པོ་ནི་གང་ལགས། ཐབས་ནི་ཇི་ལྟར་བཤགས། ཡུལ་ནི་གང་ལ་བཤགས། རྒྱུ་ནི་གང་མཆིས་བཅོམ་ལྡན་འདས་

ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ་ཐུགས་རྗེས་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རིག་འཛིན་ཆེན་པོ་མི་ཐོད་ཅན་རྣམས་ཉོན་ཅིག །ལྟུང་བར་གྱུར་པའི་གནས་རྣམས་ལ་འགྱོད་པར་གྱུར་ནས་ཞུས་པ་ལེགས་སོ། །ལྟུང་

བའི་གཉེན་པོ་ནི་གང་ཞེ་ན། ཉེས་བྱས་རྣམས་བཤགས་པར་འདོད་ན་གང་འགྱོད་པ་དྲག་པོ་སྐྱེས་ནས་བ་སྤུ་ནི་གཟིངས་མཆི་མ་འབྱིན་པ་ཡིན་ནོ། །ཐབས་ནི་རྣམ་པ་བཞི་ཡོད་དེ། །གང་ཞེ་ན། ཤེས་རབ་ཆེན་པོའི་རྒྱུད་ཀྱིས་བག་ཆགས་ཐམས་ཅད་རང་བཞིན་

མེད་པར་ཤེས་པ་དང་། །ཏིང་ངེ་འཛིན་ཆེན་པོའི་མེས་བག་ཆགས་ཐམས་ཅད་བསྲེགས་ཏེ་མེད་པར་བྱ་བ་དང་། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་བག་ཆགས་ཀྱི་མུན་ནག་ཐམས་ཅད་བསལ་ཏེ་དེ་དག་དག་པར་བྱ་བ་དང་། སྤྱོད་པ་རླབས་པོ་ཆེའི་ཆུས་བཀྲུ་བའོ། །

དེ་ལ་བཤགས་པར་བྱ་བའི་ཡུལ་ནི་འདི་ལྟ་སྟེ། །སངས་རྒྱས་དང་། རིག་འཛིན་དང་། ལྷ་དང་། བླ་མ་དང་། གླེགས་བམ་དང་། གྲོགས་པོ་དང་། རྟེན་དུ་གྱུར་པ་རྣམས་སོ། །བཤགས་པར་བྱ་བའི་རྒྱུ་ནི་འདི་ལྟ་སྟེ། སྒྲིབ་པ་ཆེ་ཆུང་བཤགས་པའོ། །ཉོན་

Vol. 98 · folio 63a

མོངས་པ་རགས་པ་མངོན་དུ་རྒྱུ་བ་བཤགས་པ་དང་། བག་ལ་ཉལ་དང་ཤེས་བྱའི་སྒྲིབ་པ་བཤགས་པའོ། །དེའི་ཕྱིར་ལྟུང་བར་གྱུར་པའི་ལས་རྣམས་འགྱོད་པ་དྲག་པོས་བསྟེན་ལ་ཐབས་ལ་མཁས་པས་དཔྱད་དེ། །སྒྲིབ་པ་ཆེ་ཆུང་ཆ་ཤས་ཀྱིས་

ཕྱེ་ལ་གུས་པར་བཤགས་པ་གྱིས་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། རིག་འཛིན་ཆེན་པོ་མིའི་ཐོད་པ་ཅན་རྣམས་མགུ་ཞིང་རངས་ཏེ་རྣལ་འབྱོར་སྦྱོར་བའི་ཕྱག་བྱས་ནས། །འགྱོད་ཅིང་གདུང་བའི་གླུ་འདི་བླངས་སོ། །ཨོྃ་ཡེ་ཤེས་སྐུ་མཆོག་རང་བཞིན་

དཀྱིལ་འཁོར་ནི། །ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་ལྷ། །བདེར་གཤེགས་བཞུགས་ཤིང་བདག་ལ་དགོངས་སུ་གསོལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་མཆོག་དབྱིངས། །བདེ་ཆེན་ལོངས་སྤྱོད་

རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེ་རོལ་པ་ཡི། །ཆོ་འཕྲུལ་སྤྲུལ་པའི་ཚོགས་ལ་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཀུན་དུ་བཟང་པོའི་བླ་མེད་མཆོད་སྤྲིན་གྱིས། །མཁའ་དབྱིངས་རྣམ་དག་རྒྱ་ཆེན་

ཡོངས་བཀང་ནས། །ཕྱི་ནང་གསང་བའི་མཆོད་པ་རྒྱ་ཆེར་མཆོད། །ཀུན་དུ་བཟང་མོ་ཡུམ་གྱི་བྷ་ག་ལ། །འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པའི། །གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །

ཆོས་ཉིད་རྣམ་དག་རྒྱ་ཆེ་འོད་གསལ་བས། །རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པས། །མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །ཀུན་བཟང་རྫོགས་ཆེན་ཡེ་ནས་བདལ་བ་ལ། །ཕྱི་ནང་གསང་བའི་དཀྱིལ་འཁོར་བཀོད་པ་ནི། །སྣང་སྲིད་རྣམ་

དག་ཀུན་བཟང་ཡུམ་གྱི་དབྱིངས། །འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །གསང་ཆེན་རབ་རྫོགས་གཟུངས་ཆེན་བདག་ཉིད་མ། །གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་བ། །ཅིར་ཡང་སྣང་བས་བདེ་ཆེན་གཡུང་དྲུང་ལྷ། །འདུ་འབྲལ་མེད་པ་

Source and licence

Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain

Licence Public Domain · Evidence

README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words