དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 98 · folio 63b
གསང་བའི་དཀྱིལ་འཁོར་ནི། །བདག་ཉིད་ཆེན་པོ་བཅོམ་ལྡན་ཡབ་ཡུམ་དང་། །བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས། །རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ཉེས་ལེགས་ལྟང་འཛིན་དམ་ཚིག་རྗེས་གཅོད་
མ། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེས་གདུང་འཚོབ་རྡོ་རྗེ་ཐོད་པ་ཅན། །བདག་ཅག་དྲེགས་པའི་བདག་པོ་འདིར་ཚོགས་ཀུན། །འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དེ། །བླ་མེད་གོ་འཕང་འཐོབ་པར་བྱ་བའི་ཕྱིར། །བསྟན་པ་རྒྱ་མཚོ་
སོ་སོའི་འདུལ་ཁྲིམས་དང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག །འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །སྤྱི་དང་ལྷག་པའི་ཁྱད་པར་དམ་ཚིག་རྣམས། །སྔ་ཕྱི་མནོས་ཤིང་གཉེར་དུ་རྨའོ་འཚལ། །དོན་ལས་གོལ་ཞིང་ལྡོག་སེམས་མ་མཆིས་
ཀྱང་། །གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་དང་། །ཀློང་དུ་གྱུར་པའི་རྩལ་ཤུགས་ཆུང་བ་ཡིས། །ཤེས་བཞིན་མ་ལྡན་དམ་ཚིག་འགལ་འགྱུར་ཏེ། །དང་པོའི་ཐ་ཚིག་བཀའ་ལ་བཏགས་པའི་ཚེ། །བཀའ་ལ་མ་གུས་འགལ་བགྱིས་དཔྱས་ལོང་བཏོགས། །བར་དུ་
བསླབ་པའི་གཉེར་ཆེན་ཕོག་པའི་ཚེ། །བསླབ་ལ་མི་བརྩོན་དོན་ལ་གཡེལ་བ་དང་། །ཐ་མ་འདི་ཚེ་འབྲས་བུ་སྒྲུབ་པ་ན། །བཀའ་དང་གཞུང་བཞིན་མ་ལྕོགས་དོན་ལས་འགལ། །ཚོར་དང་མ་ཚོར་སྒྲིབ་པ་ཆེ་ཆུང་རྣམས། །ཤིན་ཏུ་མི་ཤེས་མ་རིག་དབང་གིས་ན། །
སྟོན་པའི་བཀའ་དང་དམ་ལས་འགལ་བགྱིས་པ། །དཔའ་བོ་ཐུགས་རྗེས་བདག་ལ་བཟོད་པར་གསོལ། །འཁོར་བ་ཐོག་མ་མེད་པའི་དུས་མཐའ་ནས། །ལས་ཀྱི་དབང་གིས་བདག་ཅག་རིང་དུ་འཁྱམས། །ཉོན་མོངས་ལོག་པར་ལྟ་བའི་དུག་འཐུངས་ཏེ། །སྡུག་
བསྔལ་ནད་ཀྱིས་ཤིན་ཏུ་གདུངས་པ་ལ། །བདེ་གཤེགས་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས། །དམ་ཚིག་བདུད་རྩི་ཐར་པའི་སྨན་སྩལ་བས། །ཉོན་མོངས་འཁྲུལ་པའི་ནད་རྣམས་ཞི་མཛད་ཅིང་། །བླ་མེད་བྱང་ཆུབ་སྙིང་པོར་འཚོ་མཛད་པ། །བྱམས་མགོན་ཐུགས་
Vol. 98 · folio 64a
རྗེའི་བདག་ལ་སྐྱབས་སུ་མཆི། །ཞེས་དུས་ནས། ཨ་ལ་ལ་ཧོ་ཞེས་བརྗོད་དེ་གཉེན་པོ་དྲག་པོར་བསྟེན་ནས་ལུས་གདན་ཁྲིར་ཕུལ་ཏེ། བྱང་ཆུབ་སེམས་ཀྱིས་རྣམ་པར་འདུད་པའི་དོན་ལ་རྣམ་པར་སྦྱངས་པས་ལུས་གཅེར་བུ་ཟང་མར་ཕྱུང་། །གནོང་
བ་དྲག་པོའི་འགྱོད་པ་བྱས་པས་བདེ་བར་གཤེགས་པ་རྣམས་མཉེས་པར་གྱུར་ཏོ། །དེས་སྒྲིབ་པ་བྱང་ཞིང་བསོད་ནམས་ཀྱི་ཚོགས་རྫོགས་པའི་རྟགས་ལུས་གོས་དང་ཕྲལ་ནས་ལྡན་པའི་ཐོད་པ་ཡང་ཟླ་བ་ཚེས་བརྒྱད་པར་གྱུར་ཏོ། །ས་ཐོབ་པའི་རྟགས་སུ་དེ་བཞིན་
གཤེགས་པའི་ཞབས་རྟེན་དུ་གནས་པར་གྱུར་ཏོ། །དེ་ནས་སེམས་དཔའི་རྡོ་རྗེ་དེ་དགྱེས་ཏེ་བཀའ་སྩལ་པ། མིའི་ཐོད་པ་ཅན་རྣམས་འགྱོད་པའི་ལས་ཀྱིས་བཤགས་པ་ལེགས་ཏེ། ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་གྱུར་ཏོ། །ད་ནི་ཤེས་བྱའི་སྒྲིབ་པ་དག་
ཅིང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་ཉན་པའི་དབང་པོས་སངས་རྒྱས་ཀྱིས་གསུང་ལ་གསང་སྔགས་ཀྱི་སྒྲ་རྣམས་ཉོན་ཅིག །དེས་ནི་ས་ནས་སར་འཕར་ཞིང་འབྲས་བུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་སྐད་ཅེས་གསུངས་པས་འཁོར་བསམ་པ་རངས་པར་
གྱུར་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྐོང་བ་ལས་ཀྱི་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་ཉིད་ཏིང་ངེ་འཛིན་རྒྱས་ཤིང་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་སོ། །སེམས་དཔའ་རྡོ་རྗེའི་སྙིང་པོ་ཡང་ཏིང་ངེ་འཛིན་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །འདུས་པའི་འཁོར་རྣམས་ཀྱང་སྣ་ཚོགས་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འདུས་པ་ཕལ་མོ་ཆེའི་
འཁོར་གྱིས་ཆོས་ཐམས་ཅད་ཅི་ཡང་མེད་པར་མཐོང་ངོ་། །ཆོས་ཐམས་ཅད་ཅི་ཡང་མེད་པར་གསལ་བར་གྱུར་པ་དང་། ཆོས་ཉིད་སྟོང་པའི་ནམ་མཁའ་ལས་བྲག་ཅའི་ཚུལ་དུ་སྒྲ་འདི་བྱུང་ངོ་། །མི་གནས་མི་རྟོག་བསམ་དང་བྲལ། །མ་ཆགས་ཆགས་བྲལ་ཡུལ་
Vol. 98 · folio 64b
ལས་འདས། །ཅི་ཡང་མི་འབྱུང་ཅིར་མ་ཡིན། །རང་བྱུང་རང་ཞི་བརྗོད་དང་བྲལ། །ཞེས་སྒྲ་བྱུང་བས་སྟོན་པ་ནི་དོན་གྱི་ཆེ་བ་ཕྱུང་། འཁོར་རྣམས་ནི་རྩལ་སྦྱངས། །ཐམས་ཅད་དོན་ལ་ངམ་ཞིང་ཆོས་ཉིད་ཀྱི་ནམ་མཁའ་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་
གསང་བ་མཆོག་གི་བདག་པོ་ཉིད་སྙིང་རྗེ་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཆོས་ཉིད་ཀྱི་ནམ་མཁའ་ལ་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གཟུགས་བརྙན་ཉི་མའི་དཀྱིལ་འཁོར་ཞིག་ཤར་བར་གྱུར་ཏོ། །དེ་ནས་འདུས་པ་ཕལ་མོ་ཆེའི་
འཁོར་རྣམས་ཡང་དག་པར་རྟོག་པ་འདི་ལྟར་སྐྱེས་ཏེ། ཨེ་མ་ཆོས་ཐམས་ཅད་ཀྱི་རང་བཞིན་འདི་ལྟར་ཡིན་པ་ལས་འདི་ལྟར་མ་ཤེས་པའི་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོར་བྱིང་བ་འདི་ཡང་སྙིང་རྗེ་ཞེས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྐྱེས་པར་གྱུར་ཏོ། །དེ་ནས་
ཉི་མའི་སྙིང་པོའི་འོད་ཟེར་ལས་ཆོ་འཕྲུལ་གྱི་སྒྲ་ཕྱུང་ངོ་། །ཡོངས་ལ་ཁྱབ་པའི་ཉི་མའི་འོད། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །རྣམ་རྟོག་མུན་པ་སེལ་བར་སྣང་། །ཡིད་བཞིན་རིན་ཆེན་འབར་བའོ། །ཞེས་སྒྲ་བྱུང་བ་ལས་ཆོས་ཐམས་ཅད་བྱང་ཆུབ་སེམས་
ཀྱི་འོད་ཟེར་དུ་གསལ་བར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་གསང་བའི་མཆོག་གི་བདག་པོ་དེ་ཉིད་ཆོ་འཕྲུལ་འབྱུང་བའི་རྒྱུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འདུས་པ་ཕལ་མོ་ཆེའི་འཁོར་རྣམས་ཀྱིས་ཉི་མའི་སྙིང་པོ་ལས་
ཆོས་ཐམས་ཅད་ཀྱི་རྒྱུ་ཡི་གེ་ཨ་དཀར་པོ་ཤར་བར་མཐོང་ངོ་། །དེ་ནས་ཨ་ལས་ཆོ་འཕྲུལ་སྒྲ་བྱུང་ངོ་། །ཨ་ནི་ཆགས་མེད་ཡི་གེའི་མཛོད། །ཆོ་འཕྲུལ་རྟོག་པ་ཀུན་གྱི་རྒྱུ། །ཉོན་མོངས་སྐྱོན་བྲལ་ཟླ་བའི་མདོག །ཆོ་འཕྲུལ་སྣ་ཚོགས་འབྱུང་བའི་རྒྱུ། །ཞེས་སྒྲ་བྱུང་
བས་འདུས་པའི་ཚོགས་རྣམས་ཀྱིས་ཆོས་ཐམས་ཅད་ཆོ་འཕྲུལ་གྱི་རང་བཞིན་དུ་གནས་པར་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེ་ཅི་ཡང་མི་མཛད་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་རང་བཞིན་དུ་སྣང་བར་གྱུར་ཏོ། །དེ་ནས་ཡུམ་ཆེན་མོ་ནམ་
Vol. 98 · folio 65a
མཁའི་དབྱིངས་ཕྱུག་མ་ཞེས་བྱ་བ་དེ་ཆོས་ཐམས་ཅད་ནམ་མཁའི་བྷ་གར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞུགས་པར་གྱུར་པ་དང་འདུས་པ་ཕལ་མོ་ཆེའི་འཁོར་གྱིས་ཆོས་ཐམས་ཅད་ནམ་མཁའ་ཁྱབ་པའི་རང་
བཞིན་དུ་མཐོང་ངོ་། །དེ་ནས་ཡུམ་གྱི་བྷ་གའི་སྙིང་པོ་ལས་འོད་ཟེར་མཐིང་ག་འཕྲོས་ནས་ཉི་མའི་སྙིང་པོའི་ཨ་ལ་བསྐུལ་བས་ཡི་གེ་ཨེ་མཐིང་ག་འཕྲོས་ཏེ་ལྡིང་ཞིང་གནས་པ་ལས་ཆོ་འཕྲུལ་གྱི་རང་སྒྲ་འདི་བྱུང་ངོ་། །ཨ་ནི་ཨེ་ཡི་རང་བཞིན་ཏེ། །ཨ་ལས་ཨེ་བྱུང་མཁའ་
ཁྱབ་བདལ། །མི་འགྱུར་ཐོགས་མེད་བསམ་ལས་འདས། །མཐའ་དང་དབུས་མེད་ཀུན་དུ་བདལ། །ཞེས་སྒྲ་བྱུང་བས། ཐམས་ཅད་ནམ་མཁའི་རང་བཞིན་དུ་ཕྱམ་ཆད་པར་གྱུར་ཏོ། །དེ་ནས་ཡང་ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མས་ཡང་ཞིང་གཡོ་བ་རླུང་གི་དཀྱིལ་
འཁོར་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེས་འདུས་པ་ཕལ་མོ་ཆེའི་འཁོར་གྱིས་ཆོས་ཐམས་ཅད་རླུང་གི་རང་བཞིན་དུ་གནས་པར་མཐོང་ངོ་། །དེ་ནས་རླུང་དེ་ལས་ཆོ་འཕྲུལ་གྱི་སྒྲ་བྱུང་ངོ་། །ཨ་ཡི་བྱིན་བརླབས་ཡེ་ཤེས་ལས། །རླུང་གི་ཆོ་འཕྲུལ་ཡྃ་དུ་ཤར། །
ཐམས་ཅད་འདེགས་པའི་སྟོབས་ལྡན་ཞིང་། །རང་བཞིན་གཡོ་ཞིང་ཐོགས་མེད་འཕྱོ། །ཞེས་སྒྲ་བྱུང་བས་རླུང་གི་དཀྱིལ་འཁོར་དུ་འཁྱིལ་པར་གྱུར་ཏོ། །དེ་ནས་ཡུམ་ཆོས་ཀྱི་དབྱིངས་ཕྱུག་མ་ཞེས་བྱ་བ་དེས་འབར་འཕྲོ་མེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
འདུས་པ་ཕལ་མོ་ཆེའི་འཁོར་གྱིས་ཆོས་ཐམས་ཅད་མེའི་རང་བཞིན་དུ་གནས་པར་མཐོང་ངོ་། །དེ་ནས་མེའི་འོད་ཟེར་ལ་ཆོ་འཕྲུལ་གྱི་སྒྲ་བྱུང་བ། ཨ་ཡི་བྱིན་བརླབས་ཡེ་ཤེས་ལས། །ཆོ་འཕྲུལ་མེ་ཡི་སྙིང་པོར་ཤར། །འབར་བས་གསལ་བྱེད་ཡེ་ཤེས་འཕྲོ། །
དངོས་པོ་ཀུན་ཟད་མེ་ཀློང་འཚུབ། །ཅེས་སྒྲ་བྱུང་བས་མེའི་བསྐལ་པ་འབྱམ་ཀླས་སོ། །དེ་ནས་ཡང་ཡུམ་རིན་ཆེན་དབྱིངས་ཕྱུག་མ་ཞེས་བྱ་བ་དེས་སྡུད་པ་རྒྱ་མཚོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེས་འདུས་པ་ཕལ་མོ་ཆེའི་འཁོར་གྱི་ཆོས་ཐམས་ཅད་ཆུའི་རང་
Vol. 98 · folio 65b
བཞིན་དུ་གནས་པར་མཐོང་ངོ་། །དེ་ནས་རླབས་ཀྱི་འོད་ཟེར་ལས་ཆོ་འཕྲུལ་གྱི་སྒྲ་འདི་བྱུང་ངོ་། །རྒྱུ་ཡི་ཡི་གེ་འོད་ཟེར་ལས། །ཆུ་ཡི་སྙིང་པོའི་ཆོ་འཕྲུལ་ཤར། །ནམ་མཁའི་མཐའ་དང་མཉམ་པའོ། །རླུང་མཚོ་ཐམས་ཅད་རྒྱས་པར་གྱུར། །ཞེས་སྒྲ་བྱུང་བས་
ཐམས་ཅད་ཡུམ་རིན་ཆེན་དབྱིངས་ཕྱུག་མའི་རང་བཞིན་གྱིས་ཁྱབ་པར་གནས་སོ། །དེ་ནས་ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་ཞེས་བྱ་བས་ཞིང་ཁམས་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འདུས་པ་ཕལ་མོ་
ཆེའི་འཁོར་གྱིས་ཆོས་ཐམས་ཅད་ས་རྣམས་ཡོངས་སུ་རྫོགས་པའི་རང་བཞིན་དུ་མཐོང་ངོ་། །དེ་ནས་ས་རྡོ་རྗེ་འབར་བ་ཞེས་བྱ་བ་ལས་ཆོ་འཕྲུལ་གྱི་སྒྲ་བྱུང་བ། མི་དམིགས་པ་ལས་སྣ་ཚོགས་པར། །སྣང་བའི་ཆོ་འཕྲུལ་འདི་བྱུང་བ། །རྣལ་འབྱོར་ས་བཅུ་
རྫོགས་པའི་དོན། །ལྷུན་གྱིས་གྲུབ་པས་བདེ་བ་ཆེ། །ཞེས་སྒྲ་བྱུང་བས་ས་དགུ་འདུལ་བའི་བྱེ་བྲག་ཏུ་ཐུགས་སུ་ཆུད་པར་གྱུར་ཏོ། །དེ་ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་རི་བོ་བརྩེགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེས་འདུས་པ་ཕལ་
མོ་ཆེའི་འཁོར་གྱིས་ཆོས་ཐམས་ཅད་རྡོ་རྗེ་འབར་བའི་རི་བོར་མཐོང་ངོ་། །དེ་ནས་དེའི་འོད་ལས་ཆོ་འཕྲུལ་གྱི་སྒྲ་འདི་བྱུང་ངོ་། །རྣམ་དག་ཤེས་རབ་མཁའ་ཀློང་ནས། །རྡོ་རྗེ་འབར་བའི་རི་བོ་ཤར། །རྒྱ་ཆེ་གཏིང་ཟབ་ནམ་འཕང་གཅོད། །རྟོག་པའི་རི་བོ་འཇོམས་
པར་བྱེད། །ཅེས་སྒྲ་བྱུང་བས་རྡོ་རྗེ་འབར་བའི་རི་བོས་ཉོན་མོངས་པའི་རི་བོ་ཐམས་ཅད་ཟིལ་གྱིས་མནན་ནོ། །དེ་ནས་དབྱིངས་ཕྱུག་མ་ཆེན་མོ་ལྔ། ཤེས་རབ་ཟབ་མོའི་གཞལ་ཡས་ཡུམ་གྱི་མཁའ་ཀློང་རྣམ་དག་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
སོ། །བྷ་གའི་སྙིང་པོ་ལས་ཆོ་འཕྲུལ་གྱི་སྒྲ་འདི་བྱུང་ངོ་། །བྷ་ག་གསང་བའི་འོད་ཟེར་ལས། །བདེ་གཤེགས་བཞུགས་པའི་གཞལ་ཡས་ཁང་། །ནམ་མཁའི་མཐའ་ལྟར་དཔག་ཏུ་མེད། །དུས་གསུམ་རྒྱལ་བ་རྒྱ་མཚོའི་དབྱིངས། །ཞེས་སྒྲ་བྱུང་ངོ་། །
Vol. 98 · folio 66a
བྱུང་བས་ནམ་མཁའ་ཐམས་ཅད་ཕོ་བྲང་གི་གཞལ་ཡས་འབྱམ་ཀླས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་དེ་ཉིད་ཆོས་ཐམས་ཅད་སྐུ་ལ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ནམ་ཕྱག་རྒྱ་ཐམས་ཅད་རྣམ་པར་སྤྲོ་བ་
ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འདུས་པ་ཕལ་མོ་ཆེའི་འཁོར་རྣམས་ཀྱིས་འཁོར་བ་དང་མྱ་ངན་འདས་པའི་ཆོས་ཐམས་ཅད་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས་དབུའི་གཙུག་ཏོར་མན་
ཆད་དུ་རྫོགས་པར་མཐོང་ངོ་། །དེ་ནས་ཡང་འཁོར་བ་འདོད་པ་ཁམས་ནི་ཆགས་པ་ཁྲག་གི་རྒྱ་མཚོར་རྫོགས། འཁོར་བ་གཟུགས་ཀྱི་ཁམས་ནི་ཞིང་ཆེན་གྱི་ས་གཞི་བདལ་བ་ལ་རྫོགས་པར་མཐོང་ངོ་། །ཀེང་རུས་ལ་གཟུགས་མེད་པའི་ཁམས་
རྫོགས་པར་མཐོང་ངོ་། །རི་རབ་ཀྱི་ཁ་མུ་ཏིག་གི་གཅལ་དང་། །ཨ་སྨ་གར་བའི་འབར་བའི་འོད་འཁྲིགས་པའི་ནོར་བུ་རིན་པོ་ཆེ་འབར་བའི་བྲག་གཏམས་པ་ལ། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་རྫོགས་པར་མཐོང་ངོ་། །
ནོར་བུ་རིན་པོ་ཆེའི་སྟེང་ན་རྡོ་རྗེ་རྩེ་གསུམ་དང་རྩེ་ལྔའི་བྲག་གཏམས་པ་ལ་ཀྲི་ཡ་དང་ཨུ་པ་ཡ་དང་ཡོ་ག་རྣམས་རྫོགས་པར་མཐོང་ངོ་། །རྡོ་རྗེ་བྲག་ཆེན་གྱི་སྟེང་ན་པདྨ་དཀར་པོའི་མཎྜལ་ལ་བསྐྱེད་པའི་རྣལ་འབྱོར་པ་ཐམས་ཅད་རྫོགས་པར་མཐོང་ངོ་། །པདྨའི་སྟེང་ན་ཉི་
མ་ཉི་ཤུ་རྩ་བཞི་དང་། ཟླ་བ་ཉི་ཤུ་རྩ་བཞི་ཁ་སྦྱོར་དུ་བཀོད་པ་ལ་དབང་ཕྱུག་ཕོ་ཉི་ཤུ་རྩ་བཞི་དང་། མོ་ཉི་ཤུ་རྩ་བཞི་རྫོགས་པར་མཐོང་ངོ་། །དབང་ཕྱུག་ཕོ་མོའི་སྟེང་བྱོལ་སོང་གི་གཙོ་བོ་བརྒྱད་ནི་རིག་འཛིན་ཆེན་པོའི་རྣལ་འབྱོར་ཉོན་མོངས་པ་སྦྱངས་ནས་
ཤེས་བྱའི་སྒྲིབ་པ་སྦྱང་བའི་ཕྱིར་དཔའ་བརྟུན་སྟག་དང་། འཇིགས་བྱེད་སེང་གེ་དང་། གདུག་པའི་གཟིག་དང་། གཏུམ་པའི་དོམ་དང་། སྟོབས་ཀྱི་གླང་པོ་དང་། བརྗིད་པའི་མ་ཧེ་དང་། འཛིན་པའི་ཆུ་སྲིན་དང་། ཞེ་སྡང་གི་སྦྲུལ་རྣམས་ལ་རིག་འཛིན་
Vol. 98 · folio 66b
ཐམས་ཅད་ས་ལ་ཡོངས་སུ་རྫོགས་པར་མཐོང་ངོ་། །གཞལ་ཡས་ཆེན་པོ་འབར་བ་ལ་ཡུམ་ཀུན་དུ་བཟང་མོ་རྫོགས་པར་མཐོང་ངོ་། །མེ་དཔུང་ཆེན་པོ་དགུ་ལ་ཡེ་ཤེས་ཀྱི་སྒོ་དགུ་བརྩེགས་སུ་ཡོངས་སུ་འབར་བར་རྫོགས་པར་མཐོང་ངོ་། །ཞབས་བརྒྱད་ལ་གསང་བའི་ཡུམ་བཞི་
དང་། སྒོམ་བཞི་རྫོགས་པར་མཐོང་ངོ་། །དུར་ཁྲོད་ཀྱི་རྒྱན་ཆེན་པོ་བཅྭ་བརྒྱད་ནི་མ་མོ་ཆེན་མོ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་གསལ་ལོ། །ཕྱག་མཚན་བཞི་བཅུ་རྩ་གཉིས་ནི་ཕྲ་མེན་མ་བཅུ་ད་བྱུག་པ་འཕྱར་བའི་ལག་ན་ཁྱུང་བཅུ་འབར་བའི་ཁ་ནས་མཚོན་ཆ་སྣ་ཚོགས་འཕྲོ་བ། མཁའ་
འགྲོ་བརྒྱད་དབྱུག་པར་འཕྱར་བའི་ལག་ན་སེང་གེ་ཁ་གླལ་བ་བརྒྱད་ཀྱི་ཁ་ནས་རལ་གྲི་འབར་བ་བརྒྱད་འཕྲོ་བ། ཤུགས་འགྲོ་བརྒྱད་དབྱུག་པར་འཕྱར་བའི་ལག་ན་སྟག་མཆེ་བ་གཙིགས་པ་བརྒྱད་ཀྱི་ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ་བ། མ་མོ་བརྒྱད་དབྱུག་པར་འཕྱར་བའི་ལག་
ན་མི་མགོ་བརྒྱད་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བཏགས་ནས་ཀླད་ལ་བསྐོར་བ། འབར་མ་བརྒྱད་དབྱུག་པར་འཕྱར་བའི་ལག་ན་མེ་དཔུང་འབར་བ་བརྒྱད་ལས་ཐུ་ལུམ་འཕྲོ་བ་སྟེ། བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཕྱག་བཞི་བཅུ་རྩ་གཉིས་ནི་ཁྲག་འཐུང་འབར་བ་བཞི།
གིང་ཕོ་དགུ་མོ་དགུ། ཟ་བྱེད་ཕ་བཅུ་གསོད་བྱེད་མ་བཅུ་སྟེ་བཞི་བཅུ་རྩ་གཉིས་སུ་གསལ་ལོ། །ཞལ་ཉི་ཤུ་རྩ་གཅིག་ནི་སྲིད་པ་ཟ་བྱེད་གསང་བའི་དུར་ཁྲོད་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །སྤྱན་འབར་བ་དྲུག་ཅུ་རྩ་བཞི་ནི་ཧེ་རུ་ཀ་ཡབ་ཡུམ་དྲུག་ཅུ་རྩ་བཞིར་གསལ་ལོ། །
དབུ་ཉི་ཤུ་རྩ་གཅིག་ནི་དུས་གསུམ་གྱི་སངས་རྒྱས་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །གཡས་ཀྱི་དབུ་བདུན་གྱི་སྤྱི་གཙུག་ནས་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་འཁོར་ལོ་འོད་ཟེར་དང་བཅས་པ་རེ་རེ་འབར་བ། དབུས་ཀྱི་དབུ་བདུན་ལས་དབུ་རྒྱན་སངས་རྒྱས་ཀྱི་དབུ་རེ་རེ་བྱུང་བའི་སྐུ་
ལ་རིན་པོ་ཆེའི་མཆོད་རྟེན་འབར་བ་བདུན་དུ་གསལ་བ། གཡོན་གྱི་དབུ་བདུན་ལས་དབུ་རྒྱན་སངས་རྒྱས་ཀྱི་སྐུ་རེ་རེ་བྱུང་བའི་དབུ་ལ་ནོར་བུ་རིན་པོ་ཆེ་བདུན་དུ་གསལ་བ། འཁོར་ལོ་དང་མཆོད་རྟེན་དང་། རིན་པོ་ཆེ་དེ་དག་གི་ལྟེ་བ་དང་། བུམ་པ་དང་། རྩེ་མོ་ལས་རྒྱལ་
Vol. 98 · folio 67a
མཚན་ཆེན་པོ་བཅུ་འབར་བ་ནི་རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན་དང་། གདུལ་བྱ་ཤ་བའི་རྒྱལ་མཚན་དང་། གཅན་གཟན་གཟིག་གི་རྒྱལ་མཚན་དང་། སྤྲུལ་པ་རྡོ་རྗེའི་རྒྱལ་མཚན་དང་། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན་དང་། དཔའ་བོ་སྟག་
གི་རྒྱལ་མཚན་དང་། གཟི་མདངས་མིའི་རྒྱལ་མཚན་དང་། དམར་གསལ་ཁྲག་གི་རྒྱལ་མཚན་དང་། རྩལ་ཆེན་སེང་གེའི་རྒྱལ་མཚན་དང་། གཏུམ་ཆེན་དོམ་གྱི་རྒྱལ་མཚན་དང་། རྒྱལ་མཚན་དེ་རྣམས་ཀྱི་རྩེ་མོ་གཅིག་ཏུ་འདུས་ཏེ། གསེར་གྱི་གཙུག་
ཏོར་ཏོག་སྟོང་འབར་བའོ། །དེ་ནས་འདུས་པ་ཕལ་མོ་ཆེའི་འཁོར་གྱིས་ཞབས་ཀྱི་གདན་ཁྲི་ཡན་ཆད་ནས་དབུའི་གཙུག་ཏོར་མན་ཆད་དུ་ཡོངས་སུ་རྫོགས་པར་མཐོང་ངོ་། །དབུ་ལས་བྱུང་བའི་སངས་རྒྱས་ཉི་ཤུ་རྩ་གཅིག་དང་། རྒྱལ་མཚན་ཆེན་པོ་བཅུ་ལ་རྫོགས་
པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་མཐོང་ངོ་། །དབུའི་གཙུག་ཏོར་རྒྱལ་མཚན་གྱི་རྩེ་མོ་ལ་གསེར་གྱི་ཏོག་སྟོང་ནི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད་དུ་གསལ་བར་མཐོང་ངོ་། །དེ་ལྟར་མཐོང་ཞིང་གསལ་བར་གྱུར་པ་དང་། །ཆོས་ཐམས་ཅད་སྐུ་ལ་
ཡོངས་སུ་རྫོགས་པའི་དོན་ལ་འཁོར་ཐམས་ཅད་ངམ་ཞིང་ངོ་མཚར་སྐྱེས་པར་གྱུར་ཏོ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་སྐུ་ལ་ཡོངས་སུ་བསྟོད་པ། ཨེ་མའོ་ཆོས་ཀུན་སྐུ་ལ་ཡོངས་སུ་རྫོགས་པས་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ། །ཆོས་ཉིད་
མཁའ་ལ་སྐར་ཚོགས་རྒྱས་པའི་སྐུ། །དབྱར་གྱི་ཆར་སྤྲིན་གཏིབས་པ་ལྟ་བུའི་གཟུགས། །ཆུ་རླབས་ལྟ་བུར་བརྗོད་པའི་ཞལ་གདངས་ཤིང་། །ཉི་མ་འབུམ་གྱི་འོད་ཟེར་བདལ་བ་བཞིན། །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་
བཀོད་ནས་རྫོགས་པའི་སྐུ། །སྐུ་གསུམ་ལྷུན་གྲུབ་ཆོས་སྐུ་ཏོག་སྟོང་འབར། །དབུ་སྐྲ་ཁམ་ནག་རལ་པའི་ཅོད་པན་ཅན། །ཀླུ་རྒྱལ་འབུམ་གྱིས་བཀླུབས་ཤིང་མཆོད་ཀུན་འབུལ། །རྡོ་རྗེ་གསུང་གིས་ལྗགས་སྒྲ་བརྡབས་པས་ཀྱང་། །ཧཱུྃ་དང་ཕཊ་ཀྱི་སྒྲ་སྐད་
Vol. 98 · folio 67b
འཇིགས་པར་སྒྲོགས། །ཐེག་ཆེན་དོན་དམ་གསང་སྔགས་སྒྲོགས་པའི་ཚིག །འབར་བའི་སྨིན་མ་མུན་རུམ་གློག་ལྟར་འགྱུ། །སྤྱན་དམར་བཟློག་པའི་སྡང་མིག་ཉི་ལྟར་འབར། །འབར་བའི་ཤངས་ནས་བསྐལ་པའི་ཚུབ་ནག་འཁྱིལ། །རྡོ་རྗེ་ཐོག་དང་
གནམ་ལྕགས་སེར་ཆེན་འབེབས། །རྣོ་དབལ་མཆེ་བ་ཟང་ཡག་གཙིགས་པ་ཡིས། །ཉོན་མོངས་ལོག་ལྟའི་ཚོགས་ལ་ངམ་ཞིང་འཁྲུག །ཐོད་རུས་ཤ་ཁྲག་རྐང་རུས་འབུ་དང་རྣག །ཟ་བྱེད་རྔམ་པའི་ཞལ་དུ་ཆེམ་ཆེམ་གསོལ། །སྦྲུལ་གདུག་ཀོ་རློན་ལ་
སོགས་འཇིགས་པའི་རྒྱན། །རྔམ་པའི་སྐུ་ལ་ཤིན་ཏུ་བརྗིད་པར་བརྒྱན། །ཟ་བྱེད་རྔམ་དང་འཇིགས་བྱེད་མང་པོའི་ཚོགས། །འབར་བའི་ཕྱག་མཚན་སྤྲུལ་པའི་ཕོ་ཉ་མཛད། །འཁོར་བ་ཀུན་དང་ཐར་པའི་ཆོས་རྣམས་ཀུན། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་
རིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །དེ་སྐད་ཅེས་བསྟོད་པས་ཆོས་ཐམས་ཅད་སྐུ་ལ་ཡོངས་སུ་རྫོགས་ཤིང་སངས་མ་རྒྱས་པ་མེད་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་གསང་
བ་མཆོག་གི་བདག་པོ་དེ་ཉིད་ཕྱག་རྒྱ་ཐམས་ཅད་ཕྱག་རྒྱ་བཀོད་པའི་ཕོ་བྲང་དུ་གྱུར་ཏོ། །སྤྲོ་བ་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ཆོས་ཉིད་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
སོ། །ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་འདི་གསུངས་སོ། །ནམ་མཁའ་དོན་གྱི་གླེགས་བམ་ལ། །སྐར་ཚོགས་རིག་པའི་ཡིག་བྲིས་ཏེ། །འབྱུང་ཆེན་བཞི་ཡི་སྒྲ་བསྒྲགས་པས། །གསང་སྔགས་ཆོས་ཀྱི་རྒྱུན་མི་འཆད། །ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱ་
བ་ཡོངས་སུ་རྫོགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་བདུད་རྩི་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །སྟོང་གསུམ་བྷན་དྷའི་བཟང་ཁོང་དུ། །སྲིད་གསུམ་སེམས་ཅན་དུག་ཆེན་ལས། །
Vol. 98 · folio 68a
དུས་གསུམ་སངས་རྒྱས་རྩི་སྦྱར་བས། །བདུད་རྩི་དཀྱིལ་འཁོར་ལྷུན་གྱིས་རྫོགས། །ཞེས་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་མཆོད་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་
སོ། །འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས། །མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་བཟླས་
བརྗོད་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །འཁོར་བ་ཆོས་ཀྱི་དབྱིངས་ཉིད་ལས། །སེམས་ཅན་སངས་རྒྱས་སྙིང་པོ་ཤར། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཐམས་ཅད་བཟླས་བརྗོད་སྔགས་ཀྱི་ཚིག །ཅེས་གསུངས་སོ། །དེ་
ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་སྦྱོར་བ་རྒྱུན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །འཁོར་བ་ཤེས་རབ་ཡུམ་ཉིད་ལ། །སྙིང་རྗེ་ཐབས་ཀྱི་རྒྱལ་པོ་ཡིས། །འདུ་འབྲལ་མེད་པར་སྦྱར་བས་ནི། །ཐམས་ཅད་རྒྱལ་བའི་སྲས་སུ་
བསྐྱེད། །ཅེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་སྒྲོལ་བ་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །འཁོར་བ་བསྒྲལ་བའི་ཞིང་འདི་དག །ཡེ་ཤེས་འབར་བའི་མཚོན་ཆེན་གྱིས། །རང་བཞིན་མེད་
པར་བསྒྲལ་ནས་ནི། །མཉམ་ཉིད་ཆོས་སྐུ་ཆེན་པོར་བཏོན། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་སྐུ་གདུང་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། འདི་སྐད་ཅེས་གསུངས་སོ། །འདོད་ཁམས་རྨང་གི་རི་རབ་ལ། །གཟུགས་
ཁམས་བང་རིམ་ཁྲི་འཕང་བརྟན། །གཟུགས་མེད་བུམ་རྟེན་བུམ་པར་བཅས། །གདུང་ཆེན་ཆོས་སྐུར་རྒྱུན་དུ་གནས། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །ནམ་མཁའ་མེ་ཆུ་ས་རླུང་རྣམས། །རྨང་གཞི་རི་རབ་
Vol. 98 · folio 68b
རྟེན་དུ་སྣང་། །བང་རིམ་རི་བདུན་བཅས་པ་རྣམས། །དེ་ཉིད་བང་རིམ་ཁྲི་འཕང་བརྟན། །རི་བོ་བུམ་རྟེན་བུམ་པར་བཅས། །འདི་ཡང་ཆོས་སྐུ་རྒྱུན་མི་ཆད། །སེམས་དཔའི་རྡོ་རྗེ་དེས་ཡང་འདི་སྐད་ཅེས་གསུངས་སོ། །འཛུགས་པའི་ཡན་ལག་བཞི་རྨང་རྟེན། །འཁོར་
ལོ་ཚོགས་ཆེན་ཁྲི་འཕང་བརྟན། །ཡན་ལག་དང་པོ་བུམ་རྟེན་བཅས། །ལྕང་ལོ་ཅོད་པན་ཕྲེང་བས་བཀླུབས། །ཞེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་ཤི་བ་ཡོངས་སུ་སློང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རོ་ཡི་སྒྲུབ་
ལུགས་ཆེན་པོ་ནི། །དུར་ཁྲོད་ཆེན་པོའི་གནས་རྣམས་སུ། །རོ་ཡི་རྫས་རྣམས་བཙལ་ནས་ཀྱང་། །འདོད་པ་བསྒྱུར་བའི་སྔགས་ཀྱིས་གདབ། །རོ་ཡི་སྟེང་དུ་གནས་ནས་ནི། །རོ་ཡི་གཉེན་པོར་བདག་བསམས་ནས། །རོ་སྔགས་རྒྱུན་མི་འཆད་པར་བཟླས། །རོལ་
བཀྲག་དང་མདངས་བྱུང་ན། །གྲུབ་པར་འགྱུར་བའི་རྟགས་ཡིན་ཏེ། །རྒྱུན་མི་འཆད་པར་ཏིང་འཛིན་བྱ། །རོ་ནི་འགུལ་བར་གྱུར་པ་དང་། །གསེར་འགྱུར་རྩིས་ནི་བྱུག་པར་བྱ། །རོ་ཡི་ཡན་ལག་ཀུན་བཅིངས་ནས། །སྔགས་ནི་དག་པར་བཟླས་པར་བྱ། །རོ་ཉིད་
ལངས་པར་གྱུར་པ་དང་། །རོ་ཡི་ཆོ་འཕྲུལ་སྟོན་པར་བྱེད། །བརྟུལ་ཞུགས་ལྡན་པའི་སྐྱེས་བུ་ཡིས། །དེ་ཚེ་རོ་ཡི་ལྕེ་བཅད་ནས། །རོ་ལ་བརྡབས་ན་གསེར་དུ་འགྱུར། །དེ་བཞིན་ཇི་ལྟར་འདོད་པ་ཡི། །རྐྱེན་གྱིས་བསྒྱུར་ན་དེ་ལྟར་འགྱུར། །ལྕེ་བཅད་རལ་གྲི་
མཚོན་ཆ་དེས། །རོ་ཡི་བྷན་དྷ་བཅད་པ་དང་། །ཇི་ལྟར་འདོད་པའི་རྫས་འགྲུབ་སྟེ། །བྷན་དྷ་གོ་རུ་བཟུང་ནས་ནི། །ལྕེ་ཡི་རལ་གྲི་ཐོགས་ནས་ནི། །ལྷ་མིན་གཡུལ་ཡང་བཟློག་པར་འགྱུར། །རོ་ལངས་གྲུབ་པའི་རྐང་མགྱོགས་ནི། །དཔག་པའི་ཚད་ལས་འདས་པ་
སྟེ། །སྐྱེས་བུ་རྩལ་དང་ལྡན་པ་བཞིས། །ཕྱོགས་བཞི་དག་ཏུ་ཁ་བལྟས་ནས། །དུས་གཅིག་མདའ་ཡི་རྒྱང་འཕངས་ནས། །མདའ་ནི་ས་ལ་མ་འབབས་པར། །བཞི་ཀ་བར་སྣང་ལས་བླངས་ནས། །སྐད་ཅིག་ཙམ་གྱིས་འཇིག་རྟེན་སྐོར། །སྐྱེས་བུ་ལག་ཚོད་མ་
Vol. 98 · folio 69a
ཡལ་བར། །དེ་མ་ཐག་ཏུ་གནས་སུ་སླེབས། །རོ་ལ་འདོད་པ་ཀུན་འབྱུང་ཞེས། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བཤད། །ཅེས་གསུངས་སོ། །རོ་ལངས་བསྒྲུབ་པའི་ཏིང་ངེ་འཛིན་ཏོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་རྡོ་རྗེ་ནམ་
མཁའི་ཐེམ་སྐས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ནམ་མཁའ་རྡོ་རྗེར་བསྒོམས་ནས་ཀྱང་། །ཏིང་འཛིན་རེད་པར་གྱུར་པ་ན། །ཕན་ཚུན་གྱ་གྱུའི་ཐབས་ཚུལ་དུ། །རྡོ་རྗེ་སྐས་ལ་བགྲོད་ནས་ནི། །ནམ་མཁའི་
དབྱིངས་སུ་སོང་ནས་ཀྱང་། །སྣང་སྲིད་འཇིག་རྟེན་ཁམས་ལ་བལྟ། །དེས་ནི་སེམས་ཡུལ་ཡངས་པར་འགྱུར། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་རྒྱ་མཚོ་ཆེན་པོ་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་
ཅེས་གསུངས་སོ། །རྒྱ་མཚོ་རྡོ་རྗེས་གཏམས་པར་ནི། །ཏིང་འཛིན་གསལ་བར་གྱུར་པ་དང་། །རྒྱ་མཚོ་ཆེན་པོར་བགྲོད་ནས་ནི། །རྒྱ་མཚོར་གནས་པའི་སེམས་ཅན་རྣམས། །ཏིང་འཛིན་རྡོ་རྗེས་བསྒྲལ་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་སེམས་
དཔའི་རྡོ་རྗེ་སྙིང་པོ་དེ་ཐོགས་མེད་རླུང་ཟླའི་དཀྱིལ་འཁོར་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ནམ་མཁའ་དག་གི་ལིངྒ་ལ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པར། །བསྒོམ་ཏེ་ཏིང་འཛིན་རྟས་པ་དང་། །ཞིང་ཁམས་ཀུན་དུ་བགྲོད་པར་བྱ། །
ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་ཉི་མ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ནམ་མཁའ་དག་གི་ལིངྒ་ལ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །བསྒོམས་ཏེ་
ཏིང་འཛིན་རྟས་པ་དང་། །མུན་པའི་གནས་རྣམས་ཐམས་ཅད་བསལ། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་སྲེག་པའི་བསྐལ་པ་གཞིལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྣལ་འབྱོར་སྡིགས་མཛུབ་རྩེ་མོ་
Vol. 98 · folio 69b
ལ། །ཟླ་བའི་དཀྱིལ་འཁོར་འོད་གསལ་འབར། །བསྒོམས་ཏེ་ཏིང་འཛིན་རྟས་པ་དང་། །ཆུ་རྒྱུན་བབས་ཏེ་གཞིལ་བར་བྱ། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་སྟོང་གི་འཇིག་རྟེན་རྒྱང་མར་འཕེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ཏེ་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་ལས་ཀྱི་དཀྱིལ་འཁོར་དུ། །སྟོང་གི་འཇིག་རྟེན་འཁོར་ཡུག་བཅས། །ཤིན་ཏུ་གསལ་བར་བསྒོམས་པ་དང་། །ཏིང་འཛིན་རྩལ་ཅན་རབ་སྦྱང་ཕྱིར། །ནམ་མཁའི་ཁམས་སུ་འཕངས་ནས་ནི། །ས་ནས་ས་རུ་སྤར་
བར་བྱ། །དེ་སྐད་ཅེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེ་དེ་ཉི་མའི་དཀྱིལ་འཁོར་འབུམ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་སྡིགས་པའི་མཛུབ་མོ་ལ། །ཉི་མའི་དཀྱིལ་འཁོར་འབར་
བ་ལས། །འོད་ཟེར་འབར་བ་འབུམ་འཕྲོས་པས། །འོད་ཟེར་དེ་དག་རེ་རེ་ལས། །ཉི་མའི་དཀྱིལ་འཁོར་འབུམ་འཕྲོས་པས། །དེས་ནི་མུན་པ་ཐམས་ཅད་སེལ། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་འབྱུང་བ་ཆེན་པོ་བསྐལ་པའི་ཆུ་རྒྱུན་ཞེས་
བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་ལག་པའི་འཁོར་ལོ་ལས། །ཆུ་ཟླའི་སྙིང་པོ་རབ་ཤར་ཏེ། །བདུད་རྩི་ཆུ་བོའི་རྒྱུན་བབ་པས། །སྲེག་པའི་བསྐལ་པའི་མེ་ཆེན་གསོད། །ཅེས་གསུངས་སོ། །དེ་ནས་ཡང་སེམས་
དཔའི་རྡོ་རྗེ་དེ་སྐུའི་ཕྱག་རྒྱ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རིན་ཆེན་འབར་བའི་ལིངྒ་ལ། །སངས་རྒྱས་ཡེ་ཤེས་དཔལ་གྱི་སྐུ། །རིན་ཆེན་འབར་བའི་ངོས་བརྒྱད་ལ། །རིག་པའི་མ་མོ་དཔལ་འབར་བ། །བརྒྱད་
དུ་གསལ་བར་གྱུར་པ་དང་། །ཡེ་ཤེས་རྩ་བའི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་གསུང་གི་ཕྱག་རྒྱ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །པདྨ་འབར་བའི་
Vol. 98 · folio 70a
ལིངྒ་ལ། །རིན་ཆེན་འབར་བའི་ཡིག་འབྲུ་བརྒྱད། །ཤིན་ཏུ་འབར་ཞིང་འཕྲོ་འདུ་བ། །གསུང་གི་རྩ་བའི་ཕྱག་རྒྱ་ཡིན། །ཞེས་གསུངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེ་ཐུགས་ཀྱི་ཕྱག་རྒྱ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་
ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་འབར་བའི་ལིངྒ་ལ། །ཡི་གེ་ཧཱུྃ་གི་འབྲུ་ཡིས་བསྐོར། །མཐའ་མ་རིན་ཆེན་ཡིག་འབྲུ་བརྒྱད། །ཁ་དོག་མཐིང་གས་བསྐོར་བ་ནི། །ཐུགས་ཀྱི་གསང་བའི་ཡེ་ཤེས་ཡིན། །ཞེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་
རྗེ་དེས་ཏིང་ངེ་འཛིན་གྱི་མདོ་འདི་གསུངས་སོ། །སེམས་ནི་སྒྱུ་མའི་རང་བཞིན་ཏེ། །ཇི་ལྟར་བརྟགས་པ་དེ་ལྟར་སྣང་། །མདོ་བཞིན་སྣང་བར་མ་གྱུར་ཀྱང་། །སེམས་ཉིད་བརྟགས་པ་དེ་ལྟར་འགྱུར། །གདོས་བཅས་དམིགས་བུས་མི་མཐོང་ཡང་། །མངོན་ཤེས་ཡིད་
གཟུགས་ཅན་གྱིས་མཐོང་། །གང་ལྟར་བརྟགས་པར་ཡུན་བརྟགས་ན། །རྟོག་པ་རྟས་པའི་འབྲས་བུ་ནི། །མངོན་སུམ་གསལ་བར་རེད་པར་འགྱུར། །དགེ་དང་མི་དགེའི་བག་ཆགས་དང་། །ཡོད་དང་མེད་པའི་རང་བཞིན་རྣམས། །བག་ཆགས་རྟས་པ་ཁོ་ནར་
ཟད། །དེ་བས་ཏིང་འཛིན་སེམས་ཉིད་གཙོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་གསང་སྦྱོར་ཆེན་པོ་སྒྲུབ་པ་
འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་རྣམས། །ཤིན་ཏུ་གསང་བའི་སྒྲུབ་པ་འདི། །བདེ་གཤེགས་རྒྱལ་བའི་གཤེགས་ཤུལ་ཏེ། །འཇིག་རྟེན་གང་ཟག་ལམ་ཡང་ཡིན། །མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་
རྟོགས། །ལོག་པའི་ལམ་བཞིན་མཐའ་བསལ་ནས། །བདེ་གཤེགས་རྒྱལ་བའི་ལམ་ལ་འཇུག །དེས་ན་སྒྲུབ་པའི་ལམ་མཆོག་འདི། །འདུས་པའི་ཚོགས་ལ་བཤད་པར་བྱ། །ཤིན་ཏུ་གུས་པས་མཉན་པར་གྱིས། །དེ་ནས་འདུས་པའི་འཁོར་རྣམས་ཀྱིས་
Vol. 98 · folio 70b
གསང་བ་སྦྱོར་བའི་ཕྱག་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསང་བའི་དབང་ཕྱུག་ཆེན་པོ་བདག་ཅག་རྣམས་ལ་གསང་བའི་ཡང་གསང་བ། བཀའ་གསང་བ་ཆེན་པོ་ཡེ་ཤེས་རྨད་དུ་བྱུང་བ། སངས་རྒྱས་གཤེགས་པའི་ཤུལ་
ཡང་དག་པའི་དོན་བདག་ཅག་རྣམས་ལ་བཤད་དུ་གསོལ། །ཞེས་གསོལ་བ་བཏབ་པ་ལས་སེམས་དཔའི་རྡོ་རྗེ་སྙིང་པོ་དེ། བཙུན་མོའི་ཚོགས་ལ་དགྱེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །
བྷ་ག་གསང་བའི་པདྨ་ནི། །བདེ་གཤེགས་རྒྱལ་བའི་ཕོ་བྲང་སྟེ། །སྔོན་འདས་རྒྱལ་བ་བརྣལ་བའི་དབྱིངས། །ད་ལྟར་བཞུགས་པ་གནས་པའི་རྟེན། །སླད་ཀྱིས་བྱོན་པ་གཤེགས་པའི་ཤུལ། །རྒྱལ་བ་རྣམས་ལ་དེ་ལྟར་སྣང་། །དེ་ལྟར་མ་ཤེས་འཁོར་བའི་
ལམ། །རྣལ་འབྱོར་ཅན་གྱིས་ཤེས་པར་གྱིས། །ཡུལ་གྱི་མཆོག་ནི་འདིར་གཟུང་བ། །མཚན་ལྡན་བཀྲ་ཤིས་གསང་བའི་ཡུམ། །སྨིན་དཀྱུས་རིང་ལ་ལག་སོར་ཕྲ། །ཚིགས་མིག་ཟླུམ་ལ་ཕྲ་བར་བཤད། །ཁ་ནས་ཨུཏྤལ་དང་ལྡན་ཞིང་། །ཡིད་འོང་
མཚན་ལྡན་རྐེད་སྐབས་ཕྱེད། །སྐྲ་འཇམ་མཐོན་མཐིང་ལྕང་ལོར་འཁྲིལ། །སོ་དཀར་ཚགས་དམ་སྨིན་དཀྱུས་རིང་། །ཟར་མའི་མེ་ཏོག་རྒྱས་འདྲའི་སྤྱན། །དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་འཁྱུག །སྣ་བཟང་མདོག་གསལ་པདྨའི་རིགས། །ལུས་དྲང་
སྐེ་རིང་སེམས་མའི་ཚུལ། །ནུ་མའི་དཀྱིལ་འཁོར་ཟླ་རྒྱས་འདྲ། །ཤ་དཀར་ཚགས་དམ་འཁྲིལ་བག་ཅན། །ཁོང་དལ་འགྲོ་ན་གོམ་པ་འཇམ། །སྐད་ནི་ངང་པ་གཞོན་ནུ་སྒྲོགས། །ཅི་ཡང་མཛེས་པའི་སྟབས་ཚུལ་ལྡན། །སྐྱེས་བུ་བླ་མས་ཡུམ་དུ་གཟུང་། །གཟུངས་
སུ་བྱིན་གྱིས་བརླབས་པ་ནི། །དེ་ཡི་གཟུགས་ཀྱི་ཕུང་པོ་ལ། །བདེ་བར་གཤེགས་པའི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་དེ། །རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས། །བདེ་གཤེགས་ཡུམ་ལྔའི་སྐུ་མཆོག་གསལ། །རྡོ་རྗེ་ཐབས་ལའང་དེ་བཞིན་
Vol. 98 · folio 71a
ཏེ། །དེ་ལྟར་གསལ་བར་གྱུར་པ་དང་། །ཡུམ་གྱི་མཁའ་ལ་མེ་རི་བསྒོམ། །གསང་བ་དབུས་ཀྱི་ཟླ་གམ་ལ། །བྱང་ཆུབ་སེམས་ཀྱི་སྤྲོ་བསྡུ་བྱ། །གཟུགས་བརྙན་ཇི་ལྟར་གསལ་བ་བཞིན། །ཆགས་པའི་མཁའ་ལ་དེ་བཞིན་ནོ། །མ་སྐྱེས་
པ་དང་མ་འགགས་པ། །རིག་པ་རང་སྣང་མཉམ་པའོ། །མཁའ་དབྱིངས་རྣམ་དག་བདེ་ཆེན་ཀློང་། །མི་གནས་བདེ་བ་ཆེན་པོའི་ལུང་། །རིག་པ་ཐབས་ཀྱི་རང་བཞིན་ལས། །བྱིན་བརླབས་རང་དབང་ངང་གིས་གསལ། །བཞིན་མདོག་དམར་པོ་སོག་ཀ་ལ། །དཔྲལ་
བའི་དབྱེས་ཆེ་སྨིན་དཀྱུས་རིང་། །མིག་གི་མདངས་གསལ་དཀྱུས་སུ་རིང་། །དུང་ཆེན་ཐགས་དམ་ཤེལ་མདོག་ཆགས། །བཞིན་གྱི་གཟངས་རིང་ཀོས་ཀོ་ཕྲ། །ལུས་ལ་ཞིམ་པའི་དྲི་ལྡང་ཞིང་། །ཁ་ནས་ག་པུར་ངད་ལྡང་བ། །ནུ་མའི་དཀྱིལ་མཐོ་ནུ་མར་འཁྱིལ། །
པདྨ་ཅན་ཞེས་བྱ་བར་གྲགས། །དུང་ཅན་མ་ཞེས་བསྟན་པ་ནི། །དཀར་མོ་ཟླ་བའི་མདངས་སུ་གསལ། །བཞིན་ལུས་དུང་ལྟར་གཡས་སུ་གཡོ། །གཙུག་ཕུད་མཐོན་མཐིང་གཡས་སུ་འཁྱིལ། །སྐད་ཆེ་གདངས་སྙན་ཚིག་ཏུ་གསལ། །བོང་ཆུང་ལུས་ནི་མཛེས་
པར་སྣང་། །བུ་མོ་མིག་རིང་ཞེས་བྱ་བ། །ཤེས་རབ་གསལ་ཞིང་འདོད་པ་ཆེ། །གཙོ་བོ་ངེས་པའི་བརྟུལ་ཞུགས་ཅན། །ཟླ་གསང་དཀར་དམར་རླུང་ཀར་ལྕི། །རྣམ་པར་བརྡིག་ཅིང་འཁྱིལ་པས་ནི། །ཀུན་གྱིས་དྲོད་ནི་ཡོང་མི་ལོན། །གསང་བ་སྦས་པའི་
ཐབས་ལ་མཁས། །ཕྱི་ནང་རླུང་ཀར་གསེར་ལྟར་ལྕི། །རྟོག་པ་མེད་ཅིང་དོན་ལ་གཞོལ། །བཞིན་ནི་གྲུ་བཞིའི་དབྱིབས་ལྡན་ལ། །མིག་རིང་ཕྲ་བཤད་འཁྱིལ་བག་ཆགས། །དཀར་དམར་མཛེས་པའི་རྒྱན་གྱིས་བརྒྱན། །ལྗོན་པ་དག་གི་རིགས་སྨོས་པ། །སྡོང་
པོ་ཡལ་ག་མང་པོའི་དཀྱིལ། །ཤིན་ཏུ་འདབ་རྒྱས་ཡལ་གར་ལེགས། །མཐོན་མཐིང་སྐྲ་ཡི་རང་བཞིན་ནི། །བྱང་ཆུབ་སེམས་འདྲར་ལྕང་ལོར་བཤད། །སྟོད་སྨད་ཀུན་དུ་ཕྲ་ལ་ལེགས། །སྲིད་དུ་རིང་ཞིང་ལྡེམ་བག་ཅན། །ལྕུག་ཕྲན་ཞེས་བྱའི་མཚན་མ་
Vol. 98 · folio 71b
ནི། །བཅུ་གཉིས་ཉི་ཤུ་རྩ་ལྔ་པ། །རྡོ་རྗེའི་མཚོན་གྱིས་མ་ཕོག་ཅིང་། །མུ་ལ་རཀྟར་ལྡན་པ་ལ། །ཕྲ་ཞིང་བཤད་ལ་གཟངས་སུ་རིང་། །བན་གླང་སེར་མོ་གྲུ་བཞི་ལ། །ཁམ་ལ་མིག་འབུར་སྨིན་ཚོགས་ཆེ། །སྐྲ་ཁམ་མ་ལ་སོ་ཆེ་ཞིང་། །སྣ་རིང་འགྲམ་སླང་
རིང་བ་ཡིན། །རི་མོ་ཅན་གྱི་བུད་མེད་ནི། །ནག་མོ་གྲྭ་གསུམ་རྩིད་མགོ་མ། །ཁྲོ་གཉེར་ཅན་ལ་གེལ་བག་ཆགས། །སྡོང་གཅིག་ཡན་ལག་གཏན་མེད་པའོ། །སྐྱེ་བའི་རྒྱུ་མེད་བཀྲ་མི་ཤིས། །མི་རེག་ཡལ་ག་མེས་ཚིག་ཡིན། །སྤྱིར་ནི་དེ་ལྟར་བསྟན་མེད་
ཀྱང་། །གང་དག་དད་ལྡན་བརྟུལ་ཞུགས་ཅན། །ཡིད་དུ་འོང་དང་མི་འོང་རྣམས། །དད་པ་ཆགས་ཤིང་ལུས་འབུལ་ན། །ཐུགས་རྗེའི་ཡུལ་བས་ཀུན་སྙོམས་བྱ། །རྣམ་རྟོག་སྤོང་ལེན་གང་བྱེད་པ། །དེ་དག་སྒྲིབ་པ་མུ་མཐའ་ཡས། །རྨད་དུ་གསང་བའི་མཆོད་
པ་ལ། །གསང་བའི་ཕྱག་ཚང་གང་བྱེད་པ། །ལས་ཀྱི་སྒྲིབ་པ་ཀུན་བསལ་ཏེ། །མན་ངག་གསང་བའི་དམིགས་བུ་འཐོབ། །དེ་ལྟར་བརྟགས་པའི་ཡུམ་དེ་ལ། །དྲི་སྤོས་ཙནྡན་ལ་སོགས་པས། །ཨ་ག་རུ་དང་སྦྱར་བའི་ཆུ། །ཁྲུས་ཀྱི་ཆོ་གས་དག་པར་
བྱ། །དྲི་ཞིམ་ལ་སོགས་སྣ་ཚོགས་ཀྱིས། །ལུས་ལ་བྱུག་པ་སྣ་ཚོགས་བྱ། །དེ་ནས་ནང་གི་ཁྲུས་ཆེན་ཡང་། །ཤིན་ཏུ་དག་པར་བྱ་བ་ནི། །རྫས་ཀྱི་ཆུ་དང་རྫས་སྦྱར་བས། །ནང་གི་རྫས་རྣམས་དག་པར་བྱ། །བུར་ཤིང་སྙིང་པོ་ལ་སོགས་པ། །རོ་ཡི་མཆོག་
ཏུ་གྱུར་པ་ཀུན། །རྩི་འམ་བཅུད་དང་སྦྱར་ནས་ཀྱང་། །ནང་གི་རྫས་རྣམས་སྦྱར་བར་བྱ། །རྫས་ཀྱི་ཆོ་ག་རྫོགས་པ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །མི་དམིགས་ཆོས་ལ་བློ་སྦྱངས་ཕྱིར། །རྩ་བ་བྱང་ཆུབ་སེམས་ཀྱི་དོན། །རྒྱ་ཆེར་ཤིན་ཏུ་
བཤད་པར་བྱ། །ཕུང་པོ་སྒྱུ་མར་སྣང་བས་ན། །སེམས་ལ་རང་བཞིན་མེད་པར་ངེས། །སྣང་སྲིད་ནམ་མཁར་གཅིག་པས་ན། །འཁོར་བ་སྒྱུ་མ་ཡིན་པར་ངེས། །ཀུན་གཞི་ཆོས་ཀྱི་མཛོད་ཡིན་པས། །སངས་རྒྱས་གཞན་ན་མེད་པར་ངེས། །བྱམས་ལ་དང་
Vol. 98 · folio 72a
མ་ཆགས་པས་ན། །སྡང་ལ་སེམས་མི་འཁྲུག་པར་ངེས། །གནས་ལ་ངེས་པ་མེད་པས་ན། །ས་རྣམས་བགྲོད་པ་མེད་པར་ངེས། །སེམས་ལ་སྐྱེ་ཤི་མེད་པས་ན། །འཕོ་འགྱུར་དག་ལ་ཉམ་མིང་། །དེས་ན་ཐམས་ཅད་སྒྱུ་མར་སྣང་། །སྒྱུ་མ་རང་
བཞིན་མེད་ཤེས་པས། །ཐམས་ཅད་ཆོས་ཉིད་སྙིང་པོ་ཡིན། །མཚན་མ་རྟོག་པའི་དྲི་མ་དག །ཆོས་ཉིད་ཆུ་པོ་དེས་བཀྲུས་ན། །འཛིན་པའི་དྲི་མ་དག་པར་འགྱུར། །དེ་ནས་རྒྱན་གྱི་ཆོ་ག་ནི། །རྫས་ཀྱི་ཡོ་བྱད་ཡིན་པས་ན། །རློབ་ཅིང་འཕུར་བའི་ཆས་གོས་དང་། །རིན་
ཆེན་ཕྲོག་དང་རྣ་ཆར་བཅས། །འཇོལ་སྒེག་མགུལ་རྒྱན་ལ་སོགས་པ། །དཔུང་རྒྱན་དོ་ཤལ་སེ་མོ་དོ། །ནོར་བུ་རིན་ཆེན་ལ་སོགས་བརྒྱན། །རྐང་གདུབ་ལག་གདུབ་ལ་སོགས་པ། །གསེར་དང་དངུལ་ལ་སོགས་པས་བརྒྱན། །རོལ་མོ་སྒྲ་དབྱངས་སྣ་ཚོགས་
པའི། །མཆོད་རྫས་སྣ་ཚོགས་ཐོགས་པར་བྱ། །དེ་ནས་འདྲེན་པའི་ཆོ་ག་ནི། །གསང་བའི་ཚིག་གིས་བསྲེ་བ་ན། །རྡོ་རྗེ་ལྕེ་ཡི་དམ་ཚིག་གིས། །ཚིག་གི་བརྡས་ནི་མཚོན་པར་བྱ། །ས་མ་ཡ་ཧོ་ཞེས་བརྗོད་ན། །ས་མ་ཡ་སྟྭཾ་ཞེས་ཀྱང་བསྲེ། །ར་ག་ཡ་མི་ཞེས་
བརྗོད་ན། །ར་ཧོ་ཧྃ་ཞེས་བརྗོད་པར་བྱ། །ཏི་པ་སུ་ཀི་ཞེས་བརྗོད་ན། །གན་དེ་ཙི་ཏ་ཞེས་པས་མཚོན། །ཨ་ཏི་པུ་ཧོ་ཞེས་བརྗོད་ན། །པྲ་ཏི་པུ་ཧོ་ཞེས་པས་མཚོན། །གཡས་ཀྱི་སྨིན་མ་བསྐྱོད་བྱས་ན། །གཡོན་གྱི་སྨིན་མས་མཚོན་པར་བྱ། །ནཱ་ས་གཡས་ཀྱིས་མཚོན་
བྱས་ན། །དེ་བཞིན་ནཱ་ས་གཡོན་གྱིས་མཚོན། །གཙུག་ཏོར་གཙུག་ཏུ་མཚོན་བྱས་ན། །དེ་བཞིན་དཔལ་བེའུའི་ལིངྒར་མཚོན། །རྡོ་རྗེ་ལིངྒ་འོད་འཕྲོ་ན། །པདྨ་ཟེ་འབྲུ་འབར་འཕྲོ་འཁྱིལ། །ཞེས་པའི་ཚིག་གི་དོན་རྣམས་བསྲེ། །བསྐུལ་བའི་ཆོ་ག་ཁྱད་པར་
ཡང་། །དོན་གྱིས་འདི་ལྟར་བསྐུལ་བར་རིགས། །ཤེས་རབ་ཉི་མའི་འོད་ཟེར་གྱིས། །ཐབས་མཆོག་ཟླ་བའི་འོད་ལ་བསྐུལ། །བསྐུལ་བའི་ཆོ་ག་རྫོགས་པ་དང་། །མཆོད་པའི་ཡོ་བྱད་དབུལ་བར་བྱ། །དེ་ནས་སངས་རྒྱས་ཐམས་ཅད་ཟླ་བའི་དཀྱིལ་འཁོར་གྱི་
Vol. 98 · folio 72b
ངང་དུ་གསལ་བར་གྱུར་ཏོ། །ཤེས་རབ་ཉི་མའི་དཀྱིལ་འཁོར་གྱི་ངང་དུ་གསལ་བར་གྱུར་ཏོ། །དེ་ནས་ཉི་མའི་ཟེར་གྱིས་འདི་སྐད་ཅེས་བསྐུལ་ཏོ། །མི་གཡོ་མཆོག་གི་རྒྱལ་པོ་དགོངས་སུ་གསོལ། །རྣམ་པར་མི་རྟོག་ཤིན་ཏུ་དྲི་མེད་སྐུ། །འོད་ཟེར་མདངས་ལྡན་ཟླ་བ་རྒྱས་
འདྲའི་ཞལ། །དགྱེས་པ་རོལ་པའི་དོན་ལ་བཞེངས་སུ་གསོལ། །དེ་སྐད་ཅེས་བསྐུལ་བ་དང་། ཟླ་བའི་འོད་ཟེར་ལས་འདི་སྐད་ཅེས་བསྐུལ་ཏོ། །ཡིད་འོང་འབྱོར་ལྡན་རྒྱལ་བ་རྒྱ་མཚོའི་དབྱིངས། །ཤེས་རབ་ཟབ་མོ་རྣམ་དག་པདྨའི་མདངས། །སྒྱུ་འཕྲུལ་རབས་ལ་མཁས་
པའི་སྤྱོད་མཆོག་མ། །ཡིད་འོང་འབྱོར་ལྡན་ཆོ་འཕྲུལ་སྣ་ཚོགས་བསྟན། །ཞེས་གསུངས་སོ། །དེ་ནས་ཡོ་བྱད་ཀྱི་ཚོགས་ཐམས་ཅད་ཤིན་ཏུ་འབུལ་བ་ཞེས་བྱ་བའི་ཆོ་འཕྲུལ་བྱུང་སྟེ། ཉི་མའི་འོད་ཟེར་ལས་སྒྲ་བྱུང་བ། པདྨའི་ཟེ་འབྲུ་འབར་བ་འདི། །འཛུམ་པའི་
མདངས་ཀྱིས་འབུལ་ལགས་ན། །དགྱེས་པའི་རྡོ་རྗེ་ཆོ་འཕྲུལ་ལས། །བྱང་ཆུབ་ཆར་སྤྲིན་དབབ་ཏུ་གསོལ། །ཟླ་བའི་འོད་ཟེར་ལས་ཆོ་འཕྲུལ་གྱི་སྒྲ་བྱུང་བ། ཨེ་མ་ཡིད་ཀྱི་དགའ་སྡེ་མོ། །གདུང་བའི་སྙིང་ཕྲེང་ཤེས་རབ་གཟུངས། །པདྨའི་གའུ་འཁྱིལ་པ་ལ། །བདེ་
བའི་རྡོ་རྗེ་བྱང་ཆུབ་འབར། །ཞེས་སྒྲ་བྱུང་བས། །ཕྱག་རྒྱ་སྣ་ཚོགས་ཀྱི་ཆོ་འཕྲུལ་འབྱུང་བའི་རྒྱུར་གྱུར་ཏོ། །དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་འཁོར་བ་ཐམས་ཅད་ཐུགས་རྗེས་ཡོངས་སུ་བཟུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐབས་མཆོག་
ཟླ་བ་རྡོ་རྗེ་ཞེས་བྱ་བ་ལས་ཆོ་འཕྲུལ་གྱི་སྒྲ་འདི་བྱུང་ངོ་། །འདོད་པའི་དབང་པོ་ཐམས་ཅད་ནི། །ཆགས་པའི་འགྱིང་བའི་གཙོ་མོ་ཡིན། །ཆགས་པ་རྣམ་པར་སྦྱང་བའི་ཕྱིར། །འདོད་པ་གནས་སུ་དྲང་བར་བྱ། །ཞེས་བྱུང་བས། འཁོར་བ་ཐམས་ཅད་ཐུགས་རྗེ་ཆེན་
པོའི་ལྷུང་བཟེད་ཀྱིས་བཟུང་ངོ་། །དེ་ནས་སེམས་དཔའི་རྡོ་རྗེ་དེ་སྒྲིབ་པ་སྲེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྡོ་རྗེ་འབར་བའི་ལིངྒ་ལ། །ཨ་ཡི་ཡེ་ཤེས་འོད་འཕྲོས་པས། །ཆགས་པའི་སྒྲིབ་པའི་བུད་ཤིང་རྣམས། །
Vol. 98 · folio 73a
མེ་ཡི་ཡེ་ཤེས་ཀྱིས་སྦྱངས་སོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས། བྷ་ག་བྱིན་གྱིས་རློབ་པ་ལ་སྙོམས་པར་ཞུགས་ནས་གསུངས་པ། འཁོར་བར་སྣང་བའི་ཆོས་རྣམས་ཀུན། །བྷ་གའི་སྙིང་པོར་རབ་གསལ་བ། །ཡུམ་གྱི་ལུས་ཀྱི་ཡན་ལག་རྣམས། །
ཡུམ་ལྔའི་རང་བཞིན་ཉིད་དུ་གསལ། །ཞེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེས་ཆགས་པ་ཐམས་ཅད་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །ཆོས་ཉིད་ནམ་མཁར་རྟོགས་གྱུར་ན། །སྦྱོར་སྒྲོལ་མང་
པོ་ཅི་བྱས་ཀྱང་། །ཆགས་སྡང་དྲང་བའི་ཐབས་ཡིན་ཏེ། །རྡུལ་ཆ་ཙམ་ཡང་སྣང་བ་མེད། །ཅེས་གསུངས་སོ། །དེ་ནས་སངས་རྒྱས་ཐམས་ཅད་བཙུན་མོའི་ཚོགས་ཐམས་ཅད་ལ་དགྱེས་པའི་རོལ་པ་ལ་ཞུགས་པར་གྱུར་ཏེ། མི་དམིགས་པའི་བདེ་བ་ལ་ཅི་ཡང་མི་
གཡོ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་ཀྱི་ཆར་ཆེན་པོ་པདྨའི་སྙིང་པོ་རྒྱུན་མི་འཆད་པར་འབབ་པར་གྱུར་ཏོ། །འཁོར་བ་ཐམས་ཅད་ནི་རྒྱལ་བའི་སྲས་པོར་བསྐྱེད། །རྒྱལ་བ་འགོག་པ་ནི་བྱང་ཆུབ་སེམས་ཀྱིས་བརླན་པར་མཛད་ཅིང་སྲིད་པའི་མྱུ་གུ་མངོན་པར་བསྐྱེད། །
རྨད་དུ་བྱུང་བའི་མཆོད་པའི་ཡོ་བྱད་ནི་བསམ་གྱིས་མི་ཁྱབ་པའི་ལིང་ལོང་ཕྱད་པར་བྱུང་ངོ་། །རིག་འཛིན་གྱི་སེམས་དཔའ་ཐམས་ཅད་ནི། ཤེས་བྱའི་སྒྲིབ་བ་སྦྱངས་ནས་ཆོས་ཀྱི་སྐུའི་ནང་དུ་བརླན་པར་གྱུར་ཏོ། །དེ་ནས་སེམས་དཔའི་རྡོ་རྗེ་དེས་འགྲོ་བ་ཐམས་ཅད་ལ་
དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དཔག་ཏུ་མེད་པའི་རྒྱལ་བ་རྣམས། །འཁོར་བའི་སེམས་ཅན་རྒྱུ་ལས་བྱུང་། །འཁོར་བའི་སེམས་ཅན་རྒྱུན་ཆད་ན། །སངས་རྒྱས་རྒྱུན་ཡང་འཆད་པར་འགྱུར། །འཁོར་བ་ཆོས་ཉིད་རང་བཞིན་
དུ། །ཤེས་ནས་སྨྲ་བར་གང་བྱེད་པ། །རིག་པའི་ཡེ་ཤེས་རང་དབང་དེ། །ཆོས་ཀྱི་རྒྱལ་པོ་རྒྱལ་བའི་སྲས། །ཞེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་ཆོས་ཐམས་ཅད་གྲུབ་པ་སྨོན་ལམ་གྱི་སྒོ་ནས་འཇུག་པར་མཁྱེན་ནས་སྨོན་གནས་ཆེན་
Vol. 98 · folio 73b
པོའི་ལམ་འདི་གསུངས་སོ། །འགྲོ་དྲུག་རྒྱལ་བའི་སྲས་པོ་འདི། །མ་རྟོགས་ལོག་པར་འཁྱམས་པ་རྣམས། །རྒྱལ་བའི་སྲས་སུ་བསྐྱེད་ནས་ནི། །འཁོར་བའི་རྒྱུན་རྣམས་གཅད་པར་བྱ། །ཉི་ཟླའི་ནང་དུ་བཞག་ནས་ནི། །བཅུ་དྲུག་ས་ལ་རྫོགས་པར་འགྱུར། །
དེས་ན་རིགས་ལྡན་མཚན་བཟང་ལ། །དོན་དང་ལྡན་པའི་མཁས་པ་ཡིས། །སྦྱོར་བའི་ཡན་ལག་ཀུན་རྫོགས་ནས། །ཡུམ་གྱི་མཁའ་དབྱིངས་ཟླ་གམ་ལ། །གྲུབ་པའི་གཞལ་ཡས་ཁང་དུ་བསྐྱེད། །རྩིབས་བརྒྱད་ཟླ་གམ་དགུར་གསལ་ལ། །བྱང་ཆུབ་
སེམས་ལས་ཕྱག་རྒྱའི་ཚོགས། །ལྷ་དགུ་གསལ་བའི་ཡེ་ཤེས་བསྐྱེད། །དེས་ནི་ཐམས་ཅད་རྫོགས་པར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་གསང་སྦྱོར་སྒྲུབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་
ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་མི་འགྱུར་བ་གཏན་འཕོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པ། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །
དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅྭ་ལྔའམ་ཡང་ན་བདུན་བར་དུ། །ཐོ་རངས་ཐུན་ཐའི་དང་པོའི་ཚེ། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །ཤར་ཕྱོགས་ནམ་མཁས་བསྡུས་པ་ཡི། །ལྷ་ཀླུ་གནོད་སྦྱིན་འཇིག་རྟེན་
བཅས། །ཐམས་ཅད་ཁོང་དུ་བསྡུས་ནས་ཀྱང་། །དབུགས་དེ་སླར་ལ་མི་དབྱུང་བར། །རང་གི་ཁོང་དུ་བསྟིམ་པར་བྱ། །ཐ་མར་སྣ་ཡི་ནང་དུ་བསྲེ། །དེ་ལྟར་མང་པོར་བསྒྲུབས་པ་དང་། །དཔལ་ཆེ་གཟི་བརྗིད་ཐམས་ཅད་འཐོབ། །ཅེས་གསུངས་སོ། །དེ་ནས་ཡང་
སེམས་དཔའི་རྡོ་རྗེ་སྙིང་པོ་དེས་རྟེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །གང་ཞིག་རྟེན་ལ་གནས་འདོད་པ། །མཚན་མ་བཟང་པོའི་གནས་མཆོག་ཏུ། །ཐམས་ཅད་འབྱོར་བར་བྱས་ནས་ནི། །ས་ལས་བྱས་པའི་
Vol. 98 · folio 74a
སྟེགས་བུ་བཤམས། །དབུས་ཀྱི་པདྨ་འདབ་བརྒྱད་ལ། །ཟླ་གམ་དམར་པོ་སྒོ་བཞིར་ལྡན། །མཐའ་མ་རྡོ་རྗེ་ར་བས་བསྐོར། །དཔལ་ལྡན་ཚེ་ཡི་ཕྱག་རྒྱ་དགོད། །རིན་ཆེན་ལུགས་ཀྱི་བུམ་པ་ལ། །ཚེ་རྫས་རྒྱས་པར་བྱས་ནས་ནི། །མཚན་ལྡན་
སྣོད་ཀྱིས་ཁ་དགབ་བྱ། །རྡོ་རྗེ་གཟུངས་ཀྱིས་བཏགས་ནས་ནི། །ཚེ་ཚད་མེད་པར་མངའ་གསོལ་ལ། །དབུས་སུ་དེ་བཞིན་གཞག་པར་བྱ། །རིན་ཆེན་བུམ་པ་བཞི་རྣམས་ལ། །གསང་བའི་བུ་མོ་བཞི་བཀོད་གཞག །ཡ་མཚན་བྱུང་བའི་བུམ་པ་ལ། །རིགས་བཞི་
སངས་རྒྱས་ཡབ་ཡུམ་དང་། །སོ་སོའི་འཁོར་གྱི་སེམས་དཔའ་རྣམས། །ཐབས་དང་ཤེས་རབ་སྡེབས་ནས་ནི། །ཕྱོགས་ཕྱོགས་གནས་སུ་ཚོམ་བུར་བྲི། །སྒོ་བཞིར་སྒོ་མ་བཞི་རྣམས་གཞག །སེམས་ཀྱི་ཕྱག་རྒྱ་ཀུན་བཀོད་ནས། །ཉི་ཟླ་ག་འུར་ཨ་ཡུ་ནི། །འཁྱིལ་
འབར་འཚེར་ཞིང་གསལ་བར་བྱ། །ཨ་ཡུ་བྱང་ཆུབ་སེམས་སུ་ཞུ། །རྒྱལ་མཚན་མཆོག་ལྡན་རིན་ཆེན་གཏེར། །དབང་བསྐུར་དཔལ་ལྡན་མཛོད་ལྡན་མ། །གསང་བའི་བུ་མོ་ཚེ་གཏེར་འཛིན། །ཨ་ཡུ་ཡུམ་བཞིའི་ཐུགས་ཀར་འཕྲོས། །དེ་བཞིན་ཚོམ་བུ་རིམ་
པར་བརྒྱུད། །རྡོ་རྗེ་ཚེ་མཆོག་ཀུན་བསྡུས་ནས། །དཀར་དམར་འོད་ཀྱིས་བདག་ལ་བསྟིམ། །དེ་ནས་རྡོ་རྗེ་ཚེ་ཕྲེང་བཟླས། །ནུབ་ཕྱོགས་ཚེ་ཡི་དབྱིངས་མཆོག་གི། །པདྨ་དབང་གི་ཞིང་ཁམས་སུ། །བྱམས་ལྡན་ཡེ་ཤེས་ཚེ་དཔག་མེད། །ཐུགས་ཀྱི་དཔལ་བེའུ་
ཆེན་པོ་ནི། །གཉིས་གསལ་འོད་ཀྱི་གའུ་ན། །བྱང་ཆུབ་སེམས་ཀྱི་ཨ་ཡུ་འབར། །དམར་གསལ་འབར་བའི་ཚེ་མཆོག་དེ། །རིག་འཛིན་རྣལ་འབྱོར་རྣམས་ལ་འཕྲོ། །འཕྲོས་པ་དགུ་ལུང་དམ་པ་ཡིས། །ཙིཏྟའི་དབུགས་ལ་བཀྲག་ཏུ་བསླན། །ཚེ་ཉམས་རྒྱུ་དྲུག་
ཀུན་སྤངས་ནས། །གཟི་བྱིན་སྐྱེ་བའི་རྒྱུ་ལྔ་བསྒོམ། །བྱང་ཆུབ་སེམས་ཀྱི་ཨ་ཡུ་དེ། །སྐྱེ་མེད་དབྱིངས་སུ་སྦས་ནས་ཀྱང་། །ཕྱག་རྒྱའི་ཐ་མར་བདུན་གྱིས་བཤད། །དང་པོ་སྐུ་གསུང་ཐུགས་ཀྱི་རྒྱ། །གཉིས་པ་གནོན་པའི་རྒྱ་གྲམ་འབར། །གསུམ་པ་རྟ་མཆོག་དཔལ་
Vol. 98 · folio 74b
གྱི་རྒྱ། །བཞི་པ་རིན་ཆེན་དཔལ་བེའུ་སྟེ། །ལྔ་པ་གསེར་གྱི་གུ་ཧྱའོ། །དྲུག་པ་ཟླ་གམ་དམར་པོ་ལ། །བདུན་པ་ཉི་ཟླ་ག་འུར་འབར། །ཚེ་ཡི་ངོ་བོ་རྒྱུད་གསུམ་པོ། །སྲོག་གི་ངོ་བོར་གཞལ་ཡས་ཁང་། །ལེ་བརྒན་འབར་བའི་དཀྱིལ་འཁོར་དུ། །ཨ་ཡུ་དམར་
པོ་འོད་འཕྲོ་བ། །འཆི་བ་མེད་པའི་སྲོག་བཙུགས་ཏེ། །འགྱུར་བ་མེད་པའི་གཡུང་དྲུང་ཡིན། །ཆོས་ཉིད་དབྱིངས་སུ་ཚེ་སྦས་པས། །དུས་གསུམ་རྒྱལ་བ་དགྲར་ལངས་ཀྱང་། །དེ་ལ་གཟུང་ཞིང་བསྟན་དུ་མེད། །དེ་ནས་ཅི་བདེ་སྤྱད་པར་བྱ། །རྡོ་རྗེ་ཚེ་སྒྲུབ་པའོ། །
དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེ་རྡོ་རྗེ་ཁྲོ་བོ་ཚེ་ཀུན་དུ་འཕྲོག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །གནས་འགྱུར་མཎྜལ་འབར་བྱས་ལ། །ཡེ་ཤེས་ཁྲོ་བོ་འབར་བ་ཡི། །ཐུགས་ཀྱི་དཔལ་བེའུའི་འོད་ཟེར་ལས། །
དབང་གི་ལྷ་མོ་མང་པོ་འཕྲོས། །ཟ་མ་ཏོག་དང་བཅས་པ་ཡི། །ལྕགས་ཀྱུ་དཀར་དམར་ལག་ན་ཐོགས། །དེ་ཡིས་འགྲོ་དྲུག་ཐམས་ཅད་ཀྱི། །ཚེ་དང་གཟི་བྱིན་ཐམས་ཅད་འཕྲོགས། །ཟ་མ་ཏོག་ཏུ་བསྡུས་ནས་ཀྱང་། །ཚེ་ཡི་རིག་འཛིན་རྣམས་ལ་བསྟིམ། །ཇི་ལྟར་
འདོད་པ་གོང་ལྟར་སྦྱར། །རྡོ་རྗེ་གཟི་མདངས་འཕྲོག་པ་ཞེས་བྱ་བའི་མདོའོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་ཚེ་བསྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེ་ཚོགས་ཐམས་
ཅད་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་བྱ་བ་འདི་རྒྱ་ཆེར་བཤད་དོ། །དཀྱིལ་འཁོར་དཀྱིལ་འཁོར་ཐམས་ཅད་ཀྱི། །རྩ་བའི་དཀྱིལ་འཁོར་དམ་པ་
འདི། །འཁོར་བ་ཐམས་ཅད་བསྒྲལ་བའི་ཕྱིར། །རྣལ་འབྱོར་ཅན་ལ་བཤད་པར་བྱ། །ཉོན་ཅིག་འདུས་པ་ཆེན་པོའི་ཚོགས། །སྒྲུབ་པའི་གནས་མཆོག་དམ་པ་དག །སྐྱོན་ཡོན་གཉིས་ཀྱི་བྱེ་བྲག་ལས། །ངེས་པར་བརྟགས་ཏེ་ཤེས་པ་ལས། །བླང་དོར་
Vol. 98 · folio 75a
གཉིས་སུ་སྦྱར་བར་བྱ། །རི་བོ་ཆེན་པོ་འདུས་པའི་རྩེ། །གངས་དཀར་ཤེལ་གྱི་འདབ་ཆེན་ནི། །སེང་ཕྲུག་འཁྲ་བའི་གནས་ཡིན་ཏེ། །ཐམས་ཅད་ཞི་བར་བྱེད་པའི་གནས། །རྡོ་རྗེ་བྲག་ཆེན་གཏམས་པའི་དཀྱིལ། །དགོན་པ་ཆེན་པོའི་ཕུག་ཆེན་
ནི། །གཅན་ཆེན་འཁྲ་བའི་གནས་ཡིན་ཏེ། །མངོན་སྤྱོད་ཆེན་པོ་བསྒྲུབ་པའི་གནས། །དུར་ཁྲོད་ངམ་གྲོག་བཤུང་བའི་གནས། །སུམ་མདོ་གྲོག་གླེ་རྩུབ་པའི་རི། །དུར་གཅན་འཁྲ་བའི་གནས་ཡིན་ཏེ། །ཆགས་པ་བསྒྲུབ་པའི་གནས་ཡིན་ནོ། །ནགས་ཚལ་དྲ་བས་
བཏིབས་པའི་ནང་། །ཤིན་ཏུ་བཙན་ཞིང་འཇིགས་པའི་ངོགས། །སྟག་གཟིག་འཁྲ་བའི་གནས་ཡིན་ཏེ། །འདོད་པ་སྒྲུབ་པའི་གནས་སུ་ཤིས། །ཆུ་མདོ་ཆུ་འཇིགས་རྒྱ་མཚོའི་གླིང་། །ཆུ་ཡི་ར་བས་ཀུན་བསྐོར་བ། །ཆུ་གཅན་འཁྲ་བའི་གནས་ཡིན་པས། །བྱ་བ་
མེད་པའི་ལས་ལ་བྱའོ། །དེར་ནི་ཡོ་བྱད་ཕུན་སུམ་ཚོགས། །ཅི་འདོད་བལྟས་ཏེ་མ་ཐོགས་པར། །ཁ་ན་མ་ཐོ་བཅས་དང་བྲལ། །འཕྱོར་པས་ནན་ཏན་མཆོག་བསྐྱེད་པ། །ཁམས་ལས་གྱུར་པའི་ནད་ཆེན་རྣམས། །བཅུད་ཀྱི་མཆོག་གིས་བཟློག་བྱའི་ཕྱིར། །རྩི་འམ་
བཅུ་དམ་ཐར་པ་རྣམས། །ཉེར་རྫོགས་སུ་ནི་གཞག་པར་བྱ། །འདུས་པའི་ནད་དང་དུས་ཀྱི་ནད། །དུག་ལས་གྱུར་པའི་ནད་རྣམས་ཀྱི། །རྐྱེན་གྱིས་བར་ཆད་འབྱུང་སྲིད་ཕྱིར། །སྨན་དང་མཁས་པས་བཅས་ཏེ་སྦྱར། །ཀ་པཱ་ལ་དང་ལྕང་ལོར་བཅས། །གའུ་
ཆུང་ལ་སོགས་པའི་རྫས། །ཕྱག་རྒྱ་ཆེ་དང་ལྡན་བྱས་ལ། །དངོས་གྲུབ་འབྱུང་བའི་རྟེན་དུ་བྱ། །སྒྲུབ་མཆོག་གསང་བའི་རྣལ་འབྱོར་པ། །སྐྱོ་བའི་ཡིད་རྣམས་བསང་ཕྱིར་དང་། །གཏི་མུག་མུན་པ་གཞོམ་པའི་ཕྱིར། །དུང་དང་འཁར་རྔ་རྫ་རྔ་དང་། །ཅང་ཏེའུ་
པི་བང་ཀོ་ཀི་ལ། །སྙན་པར་རྫོགས་པའི་རྫས་རྣམས་ཀུན། །སྣ་ཚོགས་འབྱུང་བའི་རོལ་མོ་སྟེ། །ཉེར་རྫོགས་སུ་ནི་འབྱོར་པར་བྱ། །ཤིན་ཏུ་གཏམས་པས་ཚོགས་ཆེན་ནི། །བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །གསང་བ་སྦྱོར་བའི་དུས་ཆེན་དུ། །སྒྲུབ་ཆེན་སྒྲུབ་པའི་རྣལ་
Vol. 98 · folio 75b
འབྱོར་རྣམས། །སྙིང་རྗེ་བྱམས་དང་དགའ་སྙོམས་དང་། །གདུང་བའི་བྱང་ཆུབ་སེམས་བསྐྱེད་དོ། །དེ་ཡང་ཤེས་དང་ཤེས་བྱ་ཡིས། །རྩལ་ཆེན་ཀུན་དུ་རྫོགས་པ་ནི། །རྡོ་རྗེ་སྙིང་པོ་འབྲུ་མཆོག་དག །ཤིན་ཏུ་གཏམས་པས་ཚོགས་པ་ནི། །བླ་མ་རྡོ་རྗེ་འཁོར་ལོ་
རྒྱལ། །ཡོན་ཏན་མཆོག་གི་གཏེར་གྱུར་ཅིང་། །སྲིད་པས་ཞུས་ཀྱང་ཟད་མི་ཤེས། །རྐྱེན་ཐུབ་དབང་ལུང་རྫོགས་པས་གཟུང་། །རྡོ་རྗེ་ཀུན་གྱི་གཟུགས་འཛིན་པ། །ཀུན་སྡུད་ཀུན་འབྱུང་འཁྲུག་མེད་ཅིང་། །ནམ་མཁའི་ཁྱོན་ལྟར་ཀུན་ལ་ཁྱབ། །མ་ལྟར་བྱམས་པའི་
ཡུམ་མཆོག་གཟུང་། །རྒྱུད་སྦྱངས་བརྟུལ་ཞུགས་མཆོག་འཆང་ཞིང་། །ཐོགས་མེད་ཐེ་ཚོམ་སོམ་ཉི་བྲལ། །འཛིན་ཆགས་མེད་ཅིང་བླང་དོར་མེད། །བརྟན་ལྡན་གཟུངས་ཐུབ་རྡོ་རྗེ་གིང་། །རྡོ་རྗེ་དྲོད་ཀྱི་དུས་འཛིན་ཅིང་། །ཚིག་གི་འཕེན་སྡུད་སྐབས་སུ་སྦྱོར། །ཡོན་
ཏན་རླབས་ཀྱིས་འཕང་བཅད་དེ། །ལེགས་ཉེས་དམིགས་སུ་གལ་འཛུགས་སོ། །རྡོ་རྗེ་ཚིག་གི་གདངས་སྐད་ཅན། །རྡོ་རྗེ་མཐོང་བ་རྣམ་པར་དག །ངག་གི་དབང་ཕྱུག་ཚིག་ལ་མཁས། །ལས་ཀྱི་ཕྲེང་བ་རྫོགས་བྱེད་པའོ། །འདི་ལྟར་སྦྱར་བའི་དུས་ཆེན་ཡང་། །ངེས་པར་
བརྟགས་ཏེ་མདོ་གཟུང་བ། །རིག་བྱེད་དག་གི་ཡན་ལག་ལས། །ཤེས་པར་བྱ་སྟེ་ལེགས་སྦྱར་བ། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །དུས་ཆ་
བཞི་ཡི་དང་པོ་ནི། །མཆོག་ཉིད་མངོན་སྤྱོད་རོ་ལངས་ཡིན། །དབྱར་ཚེ་སྟོན་སྨན་ཤིས་པ་སྟེ། །ཞི་དང་རྒྱས་པ་དེ་བཞིན་སྦྱར། །དབང་དུ་བསྡུས་པའང་དབང་ཡིན་ཏེ། །བམ་ཆེན་གསང་བའི་དུས་སུ་བཤད། །ནོར་འདོད་རྫུ་འཕྲུལ་ཐམས་ཅད་ཀྱང་། །ཆ་བཞིར་ཁྱབ་
པར་སྦྱར་བའོ། །བསྒྲུབ་པ་ཆེན་པོའི་རྫས་མཆོག་དག །གལ་ཏེ་དུས་ལ་བབ་གྱུར་ན། །དུས་འདི་དངོས་གྲུབ་དུས་ཆེན་ཏེ། །དུས་འདི་མཁས་པས་ཡོང་མི་བཅག །རྣལ་འབྱོར་ལས་ཀྱི་དང་པོ་རྣམས། །ཅི་སྟེ་འདོད་པའི་མཚན་མ་དག །ཡིད་འོང་འབྱུང་ཞིང་རྟགས་
Vol. 98 · folio 76a
རྙེད་པ། །དམ་ཚིག་གཟུངས་འདུ་དུས་ཆེན་ཡིན། །སྦྱངས་པས་རྩལ་གྱི་མཐར་ཕྱིན་ཅིང་། །ཤེས་བློའི་ཡོན་ཏན་ཚོགས་རྒྱས་པ། །འདི་དག་ཚད་ལ་བབ་པ་སྟེ། །དུས་ཀྱི་མཆོག་འདི་ཉེ་བར་བརྟག །འདི་ལྟར་རྒྱུ་བཞི་འབྱོར་པ་ལས། །འབྲས་བུའི་དངོས་
པོར་གྲུབ་པ་སྟེ། །གྲུ་དང་མཉན་པ་མཁས་པ་ལ། །བསྟེན་པས་རིན་ཆེན་ལོན་པ་འདྲ། །ཇི་སྲིད་གནས་པའི་རྒྱ་མཚོ་རྣམས། །རང་བཞིན་མེད་པར་ཀུན་གཅིག་པའི། །བདག་མེད་ཕྱོགས་བྲལ་ལྷུན་གྱིས་གྲུབ། །གཅིག་ལས་རྣམ་གྲངས་ངང་གིས་མེད། །ཐ་སྙད་དག་པར་
ཡོངས་ཆུད་ན། །ངེས་པའི་དོན་ཆེན་དེ་ཉིད་དེ། །ཐམས་ཅད་དག་པར་འགྱུར་བའོ། །བདག་དང་གཞན་དུ་མི་གཉིས་པས། །བདག་ཉིད་བདག་གི་རང་བཞིན་ཏེ། །སངས་རྒྱས་ཞེས་བྱ་གཞན་ན་མེད། །བདག་ཉིད་ལྷུན་གྲུབ་དབང་ཕྱུག་ཆེ། །གང་འདོད་པ་ཡི་དངོས་པོ་དག །
ཇི་ལྟ་བ་བཞིན་གྲུབ་འགྱུར་ཏེ། །རྫ་མཁན་འཕང་ལོ་སྲུབ་པ་ལྟར། །གང་ལྟར་དམིགས་པ་དེ་ལྟར་འགྱུར། །འགྲོ་བའི་ཁམས་སུ་གཟི་ཆེ་ཞིང་། །འབྱུང་ཆེན་ལྔ་ལ་དབང་སྒྱུར་བའི། །ངོ་མཚར་རྩལ་གྱི་ཁྱད་པར་དག །གདོན་མི་ཟ་བར་འབྱུང་བ་ཡིན། །དེ་ལྟར་
བརྩོན་པའི་བསྒྲུབ་པ་དག །རྫས་དང་ཡོ་བྱད་ལ་སོགས་ཏེ། །ཤེས་དང་ཡོན་ཏན་ཕུན་སུམ་ཚོགས། །གཞན་དུ་རེག་ལས་མེད་པ་ནི། །ཐམས་ཅད་ཚང་བར་རྫོགས་པས་ན། །ཕུན་སུམ་ཚོགས་ཞེས་དེ་ལ་བྱ། །གསང་ཆེན་བསྒྲུབ་པའི་ལས་འདི་དག །འཁོར་བའི་
ལས་དང་མཐུན་སྤྱད་ཅིང་། །ཉོན་མོངས་ལྔ་ལྟར་སྤྱོད་སྣང་ཡང་། །འོད་ཀྱིས་མུན་པ་སྣང་འགྱུར་ལྟར། །སྐྱོན་ནི་ཡོན་ཏན་ཆེན་པོ་ལ། །གཡོ་མཚང་དངོས་གྲུབ་ཆེན་པོར་འགྱུར། །དེ་ལྟར་འཁོར་བའི་རྐ་བཟློག་པས། །མི་གནས་ཡེ་ཤེས་རྒྱ་མཚོར་འཁྱིལ། །
གནས་རབ་བརྟག་པའི་གལ་ཆེན་ཡང་། །ནམ་མཁའ་འཁོར་ལོ་རྡོ་རྗེ་དང་། །རིན་ཆེན་ཟུར་བརྒྱད་པདྨའི་དབྱིངས། །རྒྱ་གྲམ་ལ་སོགས་འདྲ་བར་བརྟག །ས་གཞི་ཡང་ནི་དེ་བཞིན་ཏེ། །རི་བོ་བརྩེགས་དང་བཟུར་བ་དང་། །དེ་བཞིན་བསྒྲེང་དང་གཏམས་པའི་
Vol. 98 · folio 76b
ཚུལ། །འདྲ་བར་མཁས་པས་བརྟག་པར་བྱ། །དེ་ཡང་རིགས་ཀྱི་ཁྱད་པར་ནི། །ལྔ་ལ་སོགས་པ་སོ་སོ་ཡི། །གནས་གནས་དག་ཏུ་རྟོགས་ནས་ནི། །ནོར་བུ་རིན་ཆེན་དེ་བསྒྲུབ་བྱ། །སྐྱོན་གྱི་གནས་དག་སྤང་བ་ནི། །གཤིན་རྗེ་གདུག་པའི་གདུང་རྩེ་དང་། །མ་མོ་རྔམ་
པའི་སྤར་ཤད་དང་། །སྲིན་མོ་ངུས་པའི་མཆི་རྗེས་དང་། །གནོད་སྦྱིན་ཁྲོ་བོའི་རྦབ་ཤུལ་དང་། །འབྱུང་པོ་རྐུན་པོ་འཇོལ་ལ་སོགས། །གནས་ཀྱི་སྐྱོན་རྣམས་དགྲ་དང་རྐུན། །མཁས་པས་ངེས་པར་སྤང་བར་བྱ། །ཁ་ན་མ་ཐོར་བཅས་པ་དང་། །ཉམས་པ་ལས་བྱུང་
ཉེན་དང་བྲལ། །མ་དག་པ་ཡི་ཡོ་བྱད་རྣམས། །གདུག་ཅན་པང་དུ་འོངས་པ་ལྟར། །ཝ་ཡི་བརྟུལ་ཞུགས་ཆེན་པོ་ཡི། །བསྐལ་པས་བཤུགས་ཏེ་སྤང་བར་བྱ། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །བཀྲ་ཤིས་མཚན་མ་འབྱུང་བ་དག །དགའ་བ་སྐྱེ་བར་འགྱུར་
བ་ཡི། །ཡིད་འོང་གནས་སུ་འདུག་ནས་ནི། །རྩོད་པ་ཉེ་བར་ཞི་བྱའི་ཕྱིར། །སྙིང་རྗེ་ལྡན་པའི་རྣལ་འབྱོར་གྱིས། །བསྒྲུབ་པ་བརྣག་པ་མཐར་དབྱུང་ཕྱིར། །རྒྱལ་པོ་རྟེན་དང་འཁོར་བཅས་ལ། །བདེན་པས་བསྒོ་བའམ་ཡང་བསླང་བ། །དགོངས་ཤིག་ཐུགས་རྗེ་
རྒྱལ་བའི་ལྷ། །ལྷ་ཀླུ་གནོད་སྦྱིན་སྡེ་དཔུང་བཅས། །གངས་རི་རྩེ་དང་རིན་ཆེན་རི། །ཀུན་དགའ་ལྡུམ་ར་སྐྱེད་མོས་ཚལ། །མཚོ་རྫིང་ལུ་མ་འབབ་ཆུའི་གནས། །འཇིག་རྟེན་འཇིག་རྟེན་ཐམས་ཅད་ཀྱི། །གང་དག་བདག་པོར་གྱུར་པ་རྣམས། །རྣལ་འབྱོར་
དབང་ཕྱུག་བདག་ཉིད་ཀྱིས། །ས་འདི་ལྷུན་གྱིས་གྲུབ་བྱའི་ཕྱིར། །འཛམ་གླིང་གྲུབ་པའི་ས་སློང་ན། །འཁོར་དང་བཅས་པ་འདིར་འཁོད་ལ། །རིན་ཆེན་གཏེར་གྱི་ས་གཞི་བསླང་། །ཞེས་པས་རིན་ཆེན་སྣ་ཚོགས་ཀྱིས། །ས་ལ་གནས་པས་དེ་མགུ་བྱ། །
དེས་ནི་བདག་གིར་དེ་འགྱུར་ཞིང་། །ཉེས་པ་དེ་དང་བྲལ་བ་ཡིན། །བྱང་ཆུབ་སྤྱོད་པ་གཡོ་བ་དང་། །བསོད་ནམས་དགའ་བ་སྐྱེད་པ་ལ། །ཤེས་ལྡན་རྫུ་འཕྲུལ་ཅན་གྱི་བུ། །མ་སྐྲག་ཕྲག་དོག་ཡོང་མ་སྐྱེ། །རྣལ་འབྱོར་མཆོག་གི་སྒྲུབ་པ་པོ། །བདུད་
Vol. 98 · folio 77a
འདུལ་ཕྱག་རྒྱ་རྫོགས་པའི་ཚེ། །རུ་དྲ་ཚོགས་ཀྱི་རྒོལ་བ་ལ། །སྐྱེས་བུ་ལས་ཀྱི་དོན་བགྲངས་ཏེ། །དོན་གྱི་དབང་པོའི་ཕྱིར་སྦྲན་པ། །རྒྱལ་བ་དབང་ཕྱུག་ཐམས་ཅད་ཀྱིས། །དོན་མཆོག་ཡང་དག་མཛད་པའི་ཚེ། །སྐྱེས་བུ་རྩལ་གྱི་ཁྱད་
པར་ལས། །འདི་ཚེ་དཔང་མཁྱེན་དམིགས་འབྱེད་མ། །སྔོན་ཚེ་དཔལ་ཆེན་གར་དབང་གིས། །རུ་དྲ་སྡེ་བཞི་བསྒྲལ་ནས་ནི། །གསང་བ་བསྟན་པའི་རྒྱས་མཛད་ནས། །འགྲོ་དྲུག་ཐུགས་རྗེས་བསྒྲལ་བ་ལྟར། །རྣལ་འབྱོར་ས་ལ་སྦྱོར་ཚེ་འདིར། །ལྷ་མོས་
མཁྱེན་པར་མཛད་ནས་ཀྱང་། །བདེ་ཆེན་ས་ལ་བགྲོད་པའི་ཚེ། །རུ་དྲའི་རྒོལ་བ་འབྱུང་བ་འམ། །སྤྱན་ལྡན་ཁྱོད་ཀྱིས་དབང་མཛོད་ཅིག །སྒྲུབ་པའི་ལས་མཆོག་ཁྱད་པར་གྱིས། །བརྩམ་པར་བྱ་བའི་ལས་རྣམས་ཀུན། །མཚན་མས་མཚན་མ་གཞོམ་
བའི་ཕྱིར། །རོ་ལྔའི་མཚན་མ་བརྟག་པར་བྱ། །དགེ་བར་གྱུར་ན་དེར་གནས་བྱ། །གལ་ཏེ་ཤིས་པར་མ་གྱུར་ན། །སྐྱེས་བུ་ཐབས་ལ་མཁས་པ་ཡིས། །གནན་ནམ་སྤོ་བའི་ལས་ཀྱིས་སྦྱར། །དེར་ནི་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་ལ་སོགས་
པའི་རྫས། །ས་གཞི་གཏེར་ཆེན་རྒྱས་པར་བྱ། །བཀྲ་ཤིས་མཆོག་ཏུ་བསྔགས་པ་ཡིན། །ས་ཞག་སྤོས་ཆེན་རྣམ་ལྔའི་ཁུ། །བསྲེས་པས་ཀུན་དུ་གྲུ་བཞི་ནི། །མཎྜལ་རྒྱས་པའི་དབྱིབས་འདྲ་ལ། །ཏིང་འཛིན་ཕྱག་རྒྱ་སྔགས་ལྡན་པས། །མཚན་མའི་དངོས་པོ་
ཀུན་སྦྱངས་ཏེ། །རྒྱལ་བ་བཞུགས་པའི་རྟེན་དུ་བྱ། །རྡོ་རྗེ་བྱིན་བརླབས་འབྱུང་གནས་དང་། །གནས་རྣམས་ཤིན་ཏུ་བརྟན་བྱའི་ཕྱིར། །མཆོག་གི་སྦྱོར་བ་དག་པ་ཡིས། །ས་གཞི་གཟུང་ཞིང་བྱིན་གྱིས་བརླབས། །དེ་དང་དེར་ནི་ས་སྦྱངས་ཏེ། །ཐིག་གིས་ཡུལ་
བཅད་སྐབས་དག་ཏུ། །རྒྱལ་བ་བཞུགས་པའི་ཕོ་བྲང་དེར། །རྡོ་རྗེ་དྲག་པོའི་གིང་ཆེན་གྱིས། །ལྕེ་པོག་ནག་པོའི་དུད་པས་བདུག །རྒྱུན་མི་འཆད་དུ་བྱས་ནས་ནི། །ཁྲོ་བོ་དྲག་པོའི་སྔགས་ཟློས་ཤིང་། །རྡོ་རྗེ་ཁྲོ་བོའི་སྟབས་ཀྱིས་བསྐོར། །ཤེས་རབ་ཡུམ་གྱི་འཇོ་
Vol. 98 · folio 77b
ཚུལ་གྱི། །རྣམ་གཉིས་རྫས་ཀྱི་འདེ་གུ་དག །སྲིན་བལ་ཡེའུ་སྦྱར་བ་ཡིས། །ཀུན་དུ་ཟླ་བའི་ཐིག་ལེ་བྱ། །རྡོ་རྗེ་རྒྱལ་པོ་འཕགས་རྣམས་ཀྱིས། །སོ་སོའི་སྔགས་དང་རྩ་བའི་རྒྱ། །སོ་སོའི་སྟང་སྟབས་སྦྱར་ནས་ཀྱང་། །དེ་དག་གནས་སུ་བྱིན་གྱིས་རློབ། །གསང་
བའི་དོན་ལ་ཞུགས་བྱའི་ཕྱིར། །གསང་བའི་ལས་ཀྱི་སྔོན་ལོགས་སུ། །བསྟན་པ་སྐྱོང་བའི་མགོན་པོ་ལ། །སྦྱིན་མཆོད་བསྲུང་བའི་ལས་ཆེན་བཅོལ། །གཞལ་ཡས་གནས་ཀྱི་ཕྱི་རོལ་དུ། །མགོན་པོ་གནས་པའི་རྟེན་གཞི་དག །རིན་ཆེན་འབྲས་སམ་འབྱུང་ཁུངས་
སམ། །ཤིང་ངམ་བ་སོ་དེ་དག་ལས། །ལུགས་སམ་ཕྱག་རྒྱའི་གཟུགས་བྱས་ཏེ། །མགོན་པོ་བཞི་རུ་མངའ་གསོལ་ཏེ། །གནས་ཀྱི་སྒོ་སྲུང་སོ་པར་བྱ། །རི་རབ་གླིང་བཞིའི་ཕྱོགས་ཕྱོགས་ནས། །རྡོ་རྗེ་གསང་བདག་དབང་གི་མཐུས། །འཇིག་རྟེན་སྐྱོང་བའི་ཐ་
ཚིག་ཅན། །མཐུ་ཆེན་མགོན་པོ་སྡེ་བཞི་རྣམས། །སོ་སོའི་བགེགས་རིས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །ཕྲིན་ལས་རྣམ་བཞི་མཐར་ཕྱིན་པས། །རིགས་བཞི་ཁ་དོག་སོ་སོར་གསལ། །རང་རྟགས་ལྷ་ཡི་མཚན་མ་ཐོགས། །ཕྱི་
འཁོར་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །བསྒྲུབ་པའི་རྩལ་འདི་མཐར་དབྱུང་ཞིང་། །རྐྱེན་གྱི་བར་ཆད་བསལ་བ་དང་། །གསང་བའི་མན་ངག་སྤྱད་པའི་ཕྱིར། །འཇུག་སྲིད་དམ་སྲི་
གནོན་པར་བྱ། །དུར་ཁྲོད་ཆེན་པོའི་གནས་དག་ཏུ། །རྣལ་འབྱོར་གསང་བའི་གནས་དག་ཏུ། །དངོས་གྲུབ་ཆུ་ལ་རྡུལ་འཇུག་ཅིང་། །ཁྲོ་བོ་ཧཱུྃ་ཆེན་ཀུན་འདུས་ནས། །གསད་ཅིང་གནོན་པའི་ལས་བྱ་སྟེ། །རི་རབ་ཆེན་པོའི་རྨང་དུ་གཏང་། །ཡ་མ་ར་ཛའི་
ཟས་སུ་སྦྱིན། །ཆུ་སྲིན་འབར་བའི་ཁ་རུ་བརྫང་། །འཁོར་ལོ་འབར་བའི་ཕྱག་རྒྱས་གནོན། །བདུན་རྒྱུད་རིགས་ནི་བརླག་གྱུར་ནས། །ནམས་ཀྱང་ལྡང་བར་མི་ནུས་ཏེ། །བྱང་ཆུབ་སེམས་ནི་སྐྱེས་ན་བཏང་། །བཛྲ་མུཥྚི་བྃ། །མ་མ་བ་ཤྃ་ཀུ་རུ་ནན། །སུྃ་བྷ་ནི་སུྃ་བྷཱ་
Vol. 98 · folio 78a
ནཱྃ། །དེ་ལྟར་དྲག་པོའི་སྦྱོར་བ་ཡིས། །སྒོ་ནས་ཕྱི་རོལ་བར་ཁང་དུ། །མཁའ་འདྲའི་ཁུང་བུ་བྱས་ནས་ནི། །དུག་དང་རྩུབ་པའི་ཕྱེ་མ་དང་། །ཁྲག་སྣ་ཚོགས་དང་མི་རོ་ཡིས། །ཤིན་ཏུ་བསུབ་ཅིང་གནོན་པར་བྱ། །དེ་ནས་རྡོ་རྗེ་ནང་དག་ཏུ། །སེང་
གེའི་ལྟ་བས་བལྟས་ནས་ནི། །རྡོ་རྗེ་གོམ་པས་ཕྱོགས་ནས་ནི། །ཁྲོ་མིག་འབར་བས་ཕྱིར་བལྟས་ཏེ། །འགྱིང་བག་ཚུལ་དུ་བརྗིད་པ་ཡིས། །འབར་བའི་རྡོ་རྗེ་སྤར་ནས་ནི། །ཕྱི་ནང་རྡུལ་ཆེན་བསལ་བར་བྱ། །ཧཱུྃ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱེ་འགྲོ་རྩི་ཤིང་
ནགས་ཚལ་དང་། །ཡོད་མཐོང་སྣང་གྲགས་ཇི་སྙེད་པ། །ཀུན་ཀྱང་འབར་བ་ཁྲག་འཐུང་སྟེ། །རྔམ་ཆེན་གཏུམ་ཐུང་ཤེ་དག་འབར། །དུར་ཁྲོད་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རཀྵ་ཡཀྵ་ཧེ་རུ་ཀ །རཀྟ་ཀྲོ་དྷི་ཛྭ་ལ་ཁ། །ཧ་ལ་ཧ་ལ་ཏིཥྛ་ཕཊ། ཞེས་པས་ཁྲོ་བོ་རོལ་
པ་ཡི། །སྟབས་དང་མ་མོའི་རྔམ་ཚུལ་དང་། །ཕྲ་མེན་ལྷགས་པའི་རྔམ་སྟབས་ཀྱིས། །འབར་བའི་དཀྱིལ་འཁོར་བསྐོར་བར་བྱ། །རྡོ་རྗེ་དཀྲིགས་པའི་ཕྲེང་བ་དང་། །ཐོ་བ་ལྕགས་ཀྱུ་འབར་བ་དང་། །འཁོར་ལོ་རལ་གྲི་ལ་སོགས་རྫས། །ཀུན་གྱི་ཕྱག་རྒྱ་མཚན་
མས་བསྐོར། །དེ་ལས་འབར་བའི་ཕྱག་རྒྱ་དང་། །མིག་ལས་འབར་བའི་མེ་མཆེད་པས། །མེ་འོད་འབར་བའི་ཕྲེང་བ་འདིས། །དམིགས་སམ་དངོས་སུ་སྦྱར་ནས་ཀྱང་། །འབར་བ་དྲག་པོའི་ཡི་གེ་ལས། །སྲེག་པའི་དཔལ་ཆེན་གུར་དུ་གཏམས། །ཧཱུྃ་རྃ་རྡོ་རྗེ་མེ་ཡི་
རི། །ལྷུན་པོ་འབར་བའི་རྩེ་བརྒྱད་ལ། །འབར་བའི་ལྷ་བརྒྱད་བསྒྱེལ་ནས་ཀྱང་། །དབང་ཆེན་རྡོ་རྗེ་བཀའ་སྡོད་གནས། །ཤིན་ཏུ་མི་བཟད་འབར་བ་ཡིས། །གཏུམ་ཆེན་ཧ་ལ་རྔམ་པའི་གཟུགས། །ལྷ་ཆེན་ཁྱབ་འཇུག་ལྤགས་བཤུས་ནས། །ཞིང་ཆེན་གཡང་གཞིའི་
ན་བཟའ་བསྣམས། །གཤིན་རྗེ་མ་ཏྲཾ་འབར་བ་ཡི། །རོ་དབྱུག་ཆེན་པོ་ཕྱག་ན་འཕྱར། །ཕྲ་མེན་དགུ་ཁྲི་མང་པོ་དག །འབར་བའི་ཚོགས་ནི་གཏིབས་ཐག་བཅད། །གང་ལ་ཅིས་འདུལ་དེར་སྟོན་པ། །ཙིཏྟ་འབར་བའི་མེ་ཕྲེང་གིས། །དོ་ཤལ་མགུར་ཆུ་ཕྲེང་བས་
Vol. 98 · folio 78b
སྦྲེངས། །བསྐལ་བའི་མེ་དཔུང་འབར་བའི་ཀློང་། །སྲིད་པའི་རྩེ་མོར་འཁྱིལ་ཅིང་འཕྲོ། །ནམ་མཁའི་ཁམས་ཀུན་མེ་དཔུང་གཏིབས། །རྡོ་རྗེ་འཁོར་ལོ་མེ་ལྕེ་འཕྲོ། །དུར་ཁྲོད་དགོན་པའི་ས་ཕྱོགས་དག །མེ་ཡི་རི་བོ་འབར་བ་ལ། །མེ་ཡི་ཡི་དགས་མ་དག་ལས། །
གང་ཡང་གནས་པར་མི་ཕོད་པ། །སྟེང་གི་མེ་ལྕེ་འབར་བ་ནི། །འོག་གི་ཕྱོགས་སུ་འཕྲོ་ཞིང་འཁྲུག །འོག་གི་མེ་ལྕེ་འབར་བ་ཡང་། །གྱེལ་དུ་འཁྱིལ་ཞིང་སྟེང་དུ་ཐལ། །མེ་ལྕེ་དགུ་ཕྲེང་འབར་བ་དག །འུར་ཆེམ་འཆད་པས་འཐབ་ཅིང་འཁྲུག །དུར་ཁྲོད་མེ་ནི་སྨུག་ཅིང་
འབར། །ཞེ་སྡང་འཇོམས་པས་མཐིང་ནག་འཚུབ། །ང་རྒྱལ་སྲེག་པས་སེར་ནག་འཕྲོ། །འདོད་ཆགས་མཉམ་པས་དམར་ནག་འཕྲོ། །ཕྲག་དོག་སྲེག་པས་ལྗང་ནག་འཁྱིལ། །གཏི་མུག་སེལ་བས་སྨུག་ནག་འཁྱིལ། །འབར་ཆེན་ཀློང་གི་འཁོར་ལོས་གཏམས། །
ཛྭ་ལ་མཎྜ་ལ་ཧ་ལ་ཧ་ལ་རྃ། །མེའི་རི་ལག་ཆུའི་ཕྱག་རྒྱ་ཡིས། །གནས་སམ་དཀྱིལ་འཁོར་བསྐོར་བར་བྱ། །ཆོས་ཉིད་བདལ་བའི་ནམ་མཁའ་ལ། །ཡེ་ཤེས་ལྔ་ཡི་འབྱུང་ཆེན་བརྩེགས། །ཀུན་གཞི་བདལ་བའི་ནམ་མཁའ་ལ། །བསྐྱེད་མའི་འབྱུང་ཆེན་རྣམ་ལྔ་
བརྩེགས། །བྲུྃ་ལས་རིན་ཆེན་འབར་བའི་གཞལ། །མཐའ་དང་དབུས་མེད་ཀུན་དུ་ཁྱབ། །ཏ་ལའི་བསྐྱེད་ཅིང་གསེར་ཅོང་དྲིལ། །ཟླ་གམ་དམར་པོ་དབང་གི་རྒྱ། །བྲུྃ་ཁྃ་ཏྲྃ་ཁ་ལ་ཏི་བྲུྃ། །ཞེས་པས་རྣམ་ལྔའི་བྱུག་པ་ཡིས། །གཏོར་ཞིང་ཀུན་དུ་བྱུག་པར་བྱའོ། །
སྒྲུབ་མཆོག་སྐྱོང་བའི་རྣལ་འབྱོར་རྣམས། །རྡོ་རྗེ་ཚིག་གིས་བཏབ་ནས་ནི། །རྒྱལ་སྲས་རིག་འཛིན་བཀའ་འཁོར་ལོ། །འབྲས་བུར་རེད་ཕྱིར་བྱིན་གྱིས་རློབ། །རྡོ་རྗེ་རྒྱལ་དབང་ཆེན་པོ་དེས། །སྒྲིབ་པ་སྲེག་པའི་ཡི་གེ་ནི། །ཕྲེང་བར་བྱས་ཏེ་གནས་སུ་འཕྲོ། །ཉི་མའི་
དཀྱིལ་འཁོར་ལ་བཞག་སྟེ། །རིག་འཛིན་ཕོ་མོའི་མཚན་མས་གདབ། །རྣམ་ལྔའི་བྱུག་པས་ཀུན་ལ་གཏོར། །རྟགས་ཀྱི་ཕྱག་རྒྱ་ལག་ཏུ་སྦྱིན། །རྣལ་འབྱོར་ཆེན་པོའི་ལུགས་སུ་སྤྱད། །འཇིག་རྟེན་སྐྱོང་ཚུལ་ཐམས་ཅད་ནི། །སྒྱུ་མ་ཡིན་ཕྱིར་ཤིན་ཏུ་ཡང་། །
Vol. 98 · folio 79a
འཇིག་རྟེན་འདས་པའི་སྤྱོད་ཚུལ་དག །ཇི་ལྟར་འབྱུང་བ་དེ་ལྟར་སྤྱད། །ཨེ་མ་དུར་ཁྲོད་གསང་བ་ཡི། །རྨད་བྱུང་ཞིང་ཁམས་དགའ་ཚལ་འདིར། །སྐལ་ལྡན་དབང་ཕྱུག་རྒྱལ་བའི་སྲས། །འདུས་པས་ཚོགས་པའི་རིག་འཛིན་རྣམས། །ཨེ་མའོ་
དགའ་མཆོག་བདེ་ཆེན་གྲོགས། །དམ་ཚིག་སྲོག་གི་ལུ་གུ་རྒྱུད། །ཐབས་དང་ཤེས་རབ་འབྲེལ་པ་ཡིས། །སྤྲུལ་པའི་གཤོག་སྤྲུགས་གྲྭ་རྒྱས་པས། །ཚོགས་གཉིས་རྩལ་གྱིས་བརླབས་སྤར་ནས། །ཆོས་ཉིད་མཁའ་ལ་ལྡིང་བར་རིགས། །ཨ་ཡྃ་ཛ་ལྃ་
ཁྃ་ལྷན། །དེ་རིང་ཕན་ཅད་རྒྱལ་བའི་སྲས། །དབང་ཕྱུག་ཡིན་པས་ཅི་བདེར་སྤྱོད། །རྣལ་འབྱོར་ལོངས་སྤྱོད་བསྐྱེད་པ་དང་། །དུག་རྣམས་བདུད་རྩིར་འགྱུར་བ་ཡི། །མཱྃ་ལས་སྐྱེས་པའི་ཡེ་ཤེས་ཀྱིས། །ཟངས་ཀྱི་དངོས་པོ་འཇུ་འདུལ་བྱ། །དམ་རྫས་ཡོ་བྱད་
ལོངས་སྤྱོད་རྣམས། །གོང་ནས་ཆ་གསུམ་སོ་སོ་ནས། །ཤན་མ་འདྲེས་པར་སྟ་གོན་བྱ། །ཕྱི་ཡི་ཆ་ལ་འཇུག་པ་ཡི། །མཆོད་སྦྱིན་སྤེལ་བའི་ཡོ་བྱད་བྱ། །དེ་གཉིས་གཉིས་པའི་ཆ་དག་ལས། །མཇུག་གི་རྒྱལ་ཆོས་ལོངས་སྤྱོད་བྱ། །རྨད་འབྱུང་ནང་གི་ཆ་དག་
ནི། །ཐམས་ཅད་གཅིག་ཏུ་བྱས་ནས་ནི། །རས་སམ་ཤིང་ཁྱོན་དག་ཏུ་ནི། །བསྡུས་ཏེ་བསྒྲུབ་པའི་རྫས་ཀྱིས་དགབ། །བྱུག་པ་ཆེན་པོས་དེ་ལ་གཏོར། །ལྕེ་པོག་ནག་པོའི་དུད་པས་བདུག །རྡོ་རྗེ་གར་གྱི་ཕྱག་རྒྱ་དང་། །འབར་བའི་ལྟ་བས་བརྗིད་པར་བྱ། །
ཚམ་ངམ་ཆེན་པོའི་སྟབས་ཀྱིས་བསྐོར། །སྣ་ཚོགས་བསུར་གྱི་དྲི་ཆེན་གདོན། །དེ་ནས་རྒྱལ་པོའི་བྱིན་བརླབས་ཀྱིས། །ཡོ་བྱད་དེ་དག་བདུད་རྩི་ལྔ། །དམ་རྫས་ངོ་བོར་བསྡུས་ནས་ནི། །དེ་ལ་འབྲུ་ལྔའི་འཕྲོ་འདུ་ལས། །ཞུ་ནས་ཕྱག་མཚན་རྣམ་ལྔར་
འབར། །དག་པའི་བདུད་རྩི་ཆེན་པོར་ཞུ། །ཤེས་རབ་ལྷ་མོ་རིག་འཛིན་མ། །བཞི་འམ་ཡང་ན་རྣམ་པ་བརྒྱད། །རྫས་སམ་ཡོ་བྱད་རང་བཞིན་པས། །ཟས་མཆོག་གར་གྱིས་སྤྱིར་བླངས་ཏེ། །ལོངས་སྤྱོད་སྤེལ་བའི་དབྱངས་འདིས་བསྟན། །བདག་ཅག་རིག་
Vol. 98 · folio 79b
འཛིན་ཤེས་རབ་མ། །རྒྱལ་སྲས་ལྷ་ཡི་དངོས་གྲུབ་འཛིན། །དགྱེས་པས་ཚིམ་པའི་ལོངས་སྤྱོད་དག །ཇི་ལྟར་ཡིད་བཞིན་ནོར་བུ་འམ། །དཔག་བསམ་ཤིང་ལྗོན་འདོད་འཇོའི་བ། །མ་རྨོས་ལོ་ཏོག་རྒྱས་པ་ལྟར། །རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག །ནམ་མཁའི་
ཁམས་སུ་གཏིབས་ནས་ཀྱང་། །རྡོ་རྗེ་དགྱེས་ཚོགས་ཀུན་འདུས་ནས། །སྐལ་ལྡན་རྣམས་ཀྱིས་རབ་སྤྲུལ་ཅིག །རྡོ་རྗེ་གར་གྱི་དབང་སྒྱུར་ནས། །སྒེག་པས་ལྷ་མོ་འཇོ་ཚུལ་དག །འདུད་ཅིང་སྡོད་པའི་ཚུལ་གྱིས་ནི། །རོལ་མོའི་ཚོགས་ཀྱིས་དགའ་བ་སྐྱེད། །ཨོཾ་
ཤྲཱི་བཛྲ་ལཱ་སྱཻ་ཧཱུྃ་ཧཱུྃ། བཛྲ་མཱ་ལཻ་ཏྲཱྃ་ཏྲཱཾ། བཛྲ་གཱི་ཏི་ཧྲཱིཿཧྲཱིཿ བཛྲ་ནྲྀ་ཏྱ་ཨཿཨཿ། རྡོ་རྗེ་ཀརྨའི་ཐབས་མཆོག་གིས། །རྡོ་རྗེ་གླུ་འདིས་གཟི་བྱིན་བསྐྱེད། །རྡོ་རྗེ་བདུད་རྩི་ལོངས་སྤྱོད་འདི། །རྩི་མཆོག་བཅུད་ཀྱི་སྙིང་པོ་སྟེ། །གཟི་མདངས་རྒྱས་པར་བྱེད་པའི་མཆོག །
བཀྲག་འཛིན་གཟུགས་མཆོག་དྲན་པའི་དཔལ། །རྡོ་རྗེ་ཅན་གྱི་བྱིན་སྟོབས་ཀྱིས། །སྐལ་པ་ཅན་གྱི་ཟས་སུ་བྱ། །སྐལ་མེད་རྣམས་ཀྱི་དུག་ཏུ་འགྱུར། །དཔེར་ན་སྦྲུལ་ལ་འོ་མ་བཞིན། །ས་མ་ཡ་ཛཿ ཀུ་སུ་ཙ་མ་མ། །སྨུག་ཟིལ་ལྷ་མོ་མཉེན་གསལ་མ། །རླན་
རྣམས་བདུད་རྩིར་སྒྱུར་བྱེད་མ། །བདུད་རྩི་ཆུ་རྒྱུན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་ཆུ་རྒྱུན་འབེབས། །ཤིང་ལོ་འདབ་ལས་བདུད་རྩིར་སྒྱུར། །འབྲུ་ཐོག་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་འབྲས་བུར་སྐྱེད། །ལྷ་མོ་སྲ་བརྟན་དབང་སྒྱུར་
མ། །ཁུ་བ་བཅུད་ལས་བདུད་རྩིར་འགྱུར། །བདུད་རྩི་ཞུན་ཆེན་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བརྟན་པར་བྱེད། །རྡོ་རྗེ་ལྷ་མོ་ཤེལ་མདོག་མ། །ཉི་ཟེར་བདུད་རྩིར་སྒྱུར་བྱེད་མ། །གསལ་བ་མདངས་ཀྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་གཟི་བྱིན་
སྐྱེད། །ལྷ་མོ་ཁྲོ་གཉེར་སྔོ་བསངས་མ། །དུར་ཁྲོད་རྫས་ལས་བདུད་རྩིར་སྒྱུར། །ཤ་ཆེན་སྣ་ཚོགས་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་བྱིན་འབེབས་མ། །རྩི་ཡི་ལྷ་མོ་བློ་གྲོས་མ། །རྩི་ཐོག་བདུད་རྩིར་སྒྱུར་བྱེད་མ། །རྩི་མཆོག་ཀུན་གྱི་དངོས་གྲུབ་འཛིན། །
Vol. 98 · folio 80a
རང་གཉེར་ལས་སྐལ་ཚིམ་བྱེད་མ། །སྨན་གྱི་ལྷ་མོ་ནོར་གྱི་རྒྱུན། །དུག་རྣམས་བདུད་རྩིར་སྒྱུར་བྱེད་མ། །བདུད་རྩི་སྨན་གྱི་དངོས་གྲུབ་འཛིན། །རང་གཉེར་ལས་སྐལ་འདི་ཀུན་ཡང་། །རྡོ་རྗེ་གླུ་ཡི་བརྟེན་ནས་ནི། །རྣལ་འབྱོར་ཆེན་པོའི་ཡོ་བྱད་དུ། །རོལ་
མོས་དགའ་སྟོན་ལོངས་སྤྱོད་བྱ། །དེ་ནས་ལས་ཀྱི་གནས་སྐབས་འདིར། །ཕྱི་ནང་མཐུན་འཇུག་བཀའ་སྡོད་པའི། །གཤིན་རྗེ་ཆོས་ཀྱི་ཕྱག་རྒྱ་ཡིས། །བྲན་གྱི་བྱ་བར་དབང་བསྡུས་ནས། །ཕྱི་མཚམས་བསྲུང་བར་དབང་བསྐུར་ཏེ། །འབུར་རམ་ལུགས་སམ་རི་མོའམ། །ཅི་
འདྲ་བར་ནི་བྱས་ནས་ཀྱང་། །ཕྱི་ཁྱམས་སྒོ་ཡི་ཕྱི་རོལ་དུ། །མ་ཧེ་ཁྲི་ལ་བཞག་ནས་ནི། །མཐུན་པའི་རྫས་ཀྱིས་མགུ་བྱས་ལ། །དེ་ཚེ་འདི་ཡིས་བསྐོར་བར་བྱ། །གསང་ཆེན་ལྷུན་གྲུབ་ཕོ་བྲང་ནས། །ལས་ཀྱི་གཤིན་རྗེའི་ཕོ་བྲང་ནས། །བཅོམ་ལྡན་ཆོས་རྗེས་བཀའ་སྩལ་
པ། །དེ་བཞིན་རིག་འཛིན་སྒྲུབ་པ་པོས། །བཀའ་གསང་གཞུང་ཆེན་འདི་སྒྲུབ་ཅིང་། །ཡང་དག་དོན་ལ་ངེས་འཇུག་ན། །འདི་དག་ནོར་བུ་རིན་ཆེན་ཏེ། །འདི་ལ་རྟོད་ཅིང་བར་གཅོད་པ། །ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་གྱིས། །
རྣམ་པར་སྨིན་པའི་ཆོས་ཤོད་ལ། །གསང་བ་མཆོག་གི་རྣལ་འབྱོར་པས། །བླ་མེད་འབྲས་བུར་མ་གྱུར་ཚེར། །ས་འདི་ཡན་ཆད་མ་གཏང་བར། །དཔལ་ཆེན་མི་ཕམ་བཀའ་མ་འདའ། །བདག་ཅག་ཡེ་ནས་གཉིས་མེད་དེ། །དེ་ཙམ་དོན་གྱི་དབྱིངས་སུ་གཅིག །
ཕྱི་རོལ་སྐྱོང་བའི་མུ་རན་ལ། །རྡོ་རྗེ་ཡལ་དམ་ཐུབ་པར་མཛོད། །བཛྲ་ཡ་མ་རཱ་ཛ་ས་མ་ཡ་སྟྭྃ། །ཞེས་པས་གཤིན་རྗེ་མནས་བསྒགས་ཏེ། །གལ་ཏེ་འདས་ན་ཁོ་བདག་འཚིག །བརྩམ་པར་བྱ་བའི་ལས་ཆེན་པོ། །དངོས་གྲུབ་འབྱུང་བར་བྱེད་པའི་རྟེན། །ཕྱག་རྒྱ་ཆེ་
དང་གཟུགས་མཆོག་གི། །སྟེགས་བུ་ལེགས་པར་སྦྱངས་ན་འགྲུབ། །མཚོན་པས་ཁྲིད་པར་བྱེད་པ་ཡི། །རྡུལ་ཚོན་འདུས་བྱས་རྒྱུ་རྣམས་ལ། །བརྙན་མའི་དཀྱིལ་འཁོར་བཤད་བགྱི་བ། །སོ་སོར་བརྟགས་ཏེ་བཤད་བགྱི་བ། །བརྟན་ཞིང་ངོས་འཇམ་ཁང་བུ་
Vol. 98 · folio 80b
ལ། །འབུར་ཁུང་ཁོད་སྙོམས་འཕང་མཐོ་བའི། །ཁ་དོག་ལྔ་ཡི་གཟུགས་བྱས་ནས། །དེས་ནི་མཚན་མའི་དངོས་གྲུབ་སྟེར། །ཤིང་ཤུན་རས་སམ་དུར་ཁྲོད་ཀྱི། །ཞིང་ཆེན་རས་ལ་ཁ་དོག་ལྔས། །ཕྱག་རྒྱ་འབར་བའི་གཟུགས་བྲིས་ན། །དེ་ཡང་མཚན་མ་
འབྱུང་བའི་རྟེན། །རྡོ་དང་ཤེལ་རྡོ་ལ་སོགས་པ། །དུང་ངམ་བ་སོའི་རྒྱུ་ལས་ནི། །མཁས་པས་འབུར་དུ་བཏོད་བྱས་ནས། །མཚན་མ་འབྱུང་བའི་རྟེན་དུ་འགྱུར། །གསེར་དངུལ་རིན་ཆེན་ལ་སོགས་པ། །ཟངས་ལྕགས་ཁར་བའི་རྒྱུ་དག་ལས། །མཁན་གྱིས་
བླུགས་ཏེ་མ་ཉམས་ན། །དེ་ཡང་མཚན་མའི་རྟེན་དུ་འགྱུར། །བླ་ཀྵ་བྱང་ཆུབ་ཤིང་ལ་སོགས། །རྒྱུད་ཤིང་ཡལ་ག་མཉེན་པ་ལས། །ཕྱག་རྒྱའི་གཟུགས་དེ་ལེགས་སྦྱར་ན། །དེ་ཡང་རྟེན་དུ་མཁས་པས་བཤད། །མཉེན་ཅིང་སྦྱིན་པའི་མཆོག་རྣམས་ལ། །
བཞིན་དང་འདྲིལ་ཁུགས་ལེགས་སྦྱར་ཏེ། །ཕྱག་རྒྱ་ཆེན་པོའི་གཟུགས་བྱས་ན། །དེ་ཡང་རྟེན་པའི་འོས་སུ་འགྱུར། །དེ་ལ་སོགས་པའི་རྒྱུ་རྣམས་ལ། །ཡི་གེའམ་ཡང་ན་མཚན་རྟགས་སམ། །མིང་ངམ་ཐིག་ལེར་རྫས་ལ་བྲི། །བསྒྲུབས་ན་མཚན་མའི་རྟེན་
དུ་འགྱུར། །དེ་ལས་རེ་ཞིག་འདིར་བཤད་པ། །སྟེགས་བུ་ལ་བརྟེན་མཚན་མ་དག །བསྒྲུབ་པའི་དོན་དུ་བརྟག་གཟུང་བ། །བརྩམ་པའི་ཐབས་ནི་འདི་ལྟ་སྟེ། །གོང་དུ་སྨོས་པའི་རྒྱུ་རྣམས་ལ། །སྟེགས་བུ་མཛེས་ཤིང་མཉམ་བྱས་ཏེ། །ཀུན་དུ་གྲུ་བཞི་ཆ་
མཉམ་ལ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །མེ་ལོང་ལྟ་བུར་སྙིང་པོར་བྱ། །སྣང་བྱུང་ཡང་དག་བྱིན་བརླབས་ཅན། །ཡེ་ཤེས་རང་བྱུང་གྲུབ་པའི་རྫས། །བཀའ་གསང་རྨད་བྱུང་ཕོ་བྲང་དུ། །དུར་ཁྲོད་རྫས་ལྔས་སྐྱང་ནུལ་བྱ། །རྡོ་རྗེ་སྲད་བུའི་ཐིག་གདབ་པ། །
ཆོ་ག་རྣམ་པར་བཤད་བགྱི་བ། །གསང་བའི་ལྕང་ལོ་འཁྲིལ་མངས་དང་། །རྡོ་རྗེ་རྒྱུན་ཐག་ལ་སོགས་པ། །རིང་ཐུང་མཎྜལ་འཁོར་ཁྱུད་ལ། །འཇུར་མདུད་ཅན་དུ་མ་གྱུར་པའི། །སུམ་སྒྲིལ་སྙོམས་པའི་ཚད་ལྡན་ལ། །ཡེ་ཤེས་ལྔ་ཡི་རང་བཞིན་གསལ། །རྒྱུ་
Vol. 98 · folio 81a
དེ་བྱིན་གྱིས་བརླབ་པའི་ཐབས། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །ཡི་གེ་གཉིས་ཀྱི་འཕྲོ་འདུ་ལས། །དཀར་དམར་འོད་ཀྱི་གསེར་ཕྲེང་འཕྲོ། །རྡོ་རྗེ་གསང་བའི་ཐབས་ཀྱིས་ད། །བྱང་ཆུབ་སེམས་འདྲེན་འཁལ་བའི་ཡུམ། །ངེས་པར་
བརྟགས་ཏེ་འདིར་བཟུང་བ། །མཚན་ལྡན་བཀྲ་ཤིས་གསང་བའི་ཡུམ། །སྨིན་དཀྱུགས་རིང་ལ་ལག་སོར་ཕྲ། །ཚིགས་མིག་ཟླུམ་ལ་ཕྲ་བར་བཤད། །ཁ་ནས་ཨུཏྤལ་ངད་ལྡང་ཞིང་། །ལུས་ལ་ག་པུར་ཙནྡན་དྲི། །ཡིད་འོང་མཚན་ལྡན་རྐེད་སྐབས་ཕྱེད། །སྐྲ་འཇམ་
མཐོན་མཐིང་གཡས་སུ་འཁྱིལ། །སོ་དཀར་ཚགས་དམ་དཀར་དམར་ཕྱེད། །མིག་གི་དཀྱུས་རིང་སྨིན་དཀྱུགས་ལེགས། །ཟར་མའི་མེ་ཏོག་རྒྱས་འདྲའི་སྤྱན། །དཔྲལ་བའི་དབྱེས་ཆེ་སྐྲ་མཚམས་འཁྱུག །སྣ་བཟང་མདོག་གསལ་པདྨའི་རིགས། །ལུས་དྲང་སྐེ་རིང་
སེམས་མའི་ཚུལ། །ནུ་མའི་དཀྱིལ་མཐོ་ཟླ་རྒྱས་འདྲ། །ཤ་དཀར་ཚགས་དམ་འཁྲིལ་བག་ཆགས། །ཁོང་དལ་འགྲོ་ན་གོམ་པ་འཇམ། །སྐད་ནི་ངང་པ་གཞོན་ནུ་སྒྲོགས། །ཅིར་ཡང་མཛེས་པའི་སྟབས་ཚུལ་ལྡན། །སྐྱེས་བུ་བླ་མས་ཡུམ་དུ་གཟུང་། །གཟུངས་མར་
བྱིན་གྱིས་བརླབ་པ་ནི། །ཡུམ་གྱི་ཕུང་པོ་གནས་ལྔར་ནི། །བདེ་བར་གཤེགས་པའི་ས་བོན་ལྔ། །འཕྲོ་འདུ་གསལ་བར་གྱུར་པ་དང་། །སངས་རྒྱས་བྱིན་བརླབས་དབང་བསྐུར་ནས། །བདེ་གཤེགས་ཡུམ་ལྔའི་སྐུ་མཆོག་གསལ། །རྡོ་རྗེ་ཡབ་ལའང་དེ་བཞིན་ཏེ། །དེ་
ལྟར་གསལ་བར་གྱུར་པ་དང་། །ཡུམ་གྱི་མཁའ་ལ་མེ་རི་སྒོམ། །གསང་བ་དབུགས་ཀྱི་ཟླ་གམ་ལ། །བྱང་ཆུབ་སེམས་ཀྱི་འཕྲོ་འདུ་བྱ། །གཟུགས་བརྙན་ཇི་ལྟར་གསལ་བ་བཞིན། །ཡུམ་གྱི་མཁའ་ལ་དེ་བཞིན་ནོ། །དེ་ནས་རྡོ་རྗེ་ཚིག་འདི་ཡིས། །ལུས་ཀྱི་ཡུམ་ལ་
ངེས་པར་བསྒོ། །ཤེས་རབ་ལྷ་མོ་གསང་བའི་ཡུམ། །འདོད་དགུར་སྒྱུར་བའི་འཕྲུལ་མོ་ཆེ། །ཆགས་པའི་ཚུལ་གྱིས་ཐབས་ལ་འདུད། །གཡོན་དུ་འཁྲིལ་ཅིང་གཡས་སུ་འཁྱུད། །འཛུམ་པའི་མདངས་ཀྱིས་ཟླ་གམ་སྦྱོར། །གསང་བའི་བྱང་ཆུབ་སེམས་
Vol. 98 · folio 81b
འདྲེན་པ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་ཆོས་ཀྱི་མཚན་ལྡན་མ། །རྡོ་རྗེ་ལས་ཀྱི་ཡུམ་ཡིན་གྱིས། །གསང་བའི་ལས་རྣམས་ཀུན་བྱོས་ཤིག །ལག་པ་འཁོར་ལོའི་གཞལ་ཡས་སུ། །ཉི་ཟླ་འབར་བའི་ཚོགས་བཀོད་དེ། །གསང་བའི་བྱང་ཆུབ་
དཀར་དམར་འདི། །ཐིག་ལེ་ཡི་གེའི་ངོ་བོར་གདབ། །ལས་ཀྱི་རྡོ་རྗེ་འབར་བ་ཡི། །རྡོ་རྗེ་གར་གྱི་ཕྱག་རྒྱ་ཡིས། །བྱང་ཆུབ་སེམས་ཀྱི་ཐིག་འདི་དྲོངས། །རྡོ་རྗེ་གསང་བའི་ལས་འདི་དྲོངས། །རྡོ་རྗེ་གསང་བའི་ལས་འདི་གྱིས། །ཨོྃ་ཙནྡྲ་དྷ་ར་ཧྲཱི་ཞེས་པའི། །གསང་
བའི་ཐབས་ཀྱི་སྦྱོར་བ་ཡིས། །རྫས་མཆོག་འབར་བའི་ཐིག་ལེ་ཡིས། །གནས་ལྔ་དག་གི་གཞལ་ཡས་སུ། །གསང་བ་ཐབས་ཀྱི་ཐིག་ལེ་བྱ། །སྲད་བུའི་སྦྱོར་བ་དེ་རྫོགས་ནས། །གོལ་སྒྲིབ་རྟག་ཆད་སྐྱོན་བྲལ་བའི། །ཆེ་ཆུང་ཡ་ཡོ་མེད་པ་ཡི། །རྡོ་རྗེ་དབུ་མའི་
ཐིག་འདི་དགྱེ། །ཆོས་ཀྱི་དབྱིངས་ཀྱི་གཞལ་ཡས་སུ། །མི་དམིགས་བདལ་བའི་མཎྜལ་ལ། །ཡེ་ཤེས་ལྔ་ཡི་ཐིག་འཕྲོས་པས། །བདེ་ཆེན་རྣམ་ཐར་ཕྱག་རྒྱའི་ཚོགས། །ཀུན་གཞི་ནམ་མཁའི་གཞལ་ཡས་སུ། །ཉོན་མོངས་རྟོག་པའི་མཎྜལ་ལ། །ཏིང་འཛིན་
འོད་ཟེར་ཐིག་འཕྲོས་པས། །ཕྱག་རྒྱ་རྡོ་རྗེ་འབར་བའི་ཚོགས། །མཁའ་དབྱིངས་གསང་བའི་གཞལ་ཡས་སུ། །ཟླ་གམ་པདྨའི་མཎྜལ་ལས། །བྱང་ཆུབ་སེམས་ཀྱི་ཐིག་འཕྲོས་པས། །ཡེ་ཤེས་སེམས་དཔའ་གསལ་བའི་ཚོགས། །བཀྲ་ཤིས་དབེན་པའི་གཞལ་
ཡས་སུ། །མཚན་མ་རྟེན་གྱི་མཎྜལ་ལ། །རྡོ་རྗེ་སྲད་བུའི་ཐིག་འཕྲོས་པས། །ཆོ་འཕྲུལ་གཟུགས་བརྙན་ཕྱག་རྒྱ་འབར། །སྟོང་གསུམ་གསང་བའི་དཀྱིལ་འཁོར་དུ། །རྨད་བྱུང་རྡོ་རྗེའི་ཐིག་འགྱེད་ན། །གསང་བའི་དམ་ལ་གནས་པ་ཡི། །འབྱུང་པོ་སྐྱེ་བོ་གདོལ་པ་
ཅན། །རྡོ་རྗེ་རྩལ་གྱི་ཧཱུྃ་རིང་ལས། །རྡོ་རྗེ་མཚོན་ཆའི་བུ་ཡུག་འཚུབ། །ཕྱོགས་མཚམས་བླ་འོག་ཁྲོ་བོས་གཏམས། །འབར་བ་གསང་བའི་མཚམས་བཟུང་སྟེ། །ཕྱི་རོལ་སྡེ་པའི་འདྲུལ་རྣམས་གཅད། །རྡོ་རྗེ་མཚོན་ཆ་འབར་བའི་ཚོགས། །སྲེག་དང་
Vol. 98 · folio 82a
འཇོམས་པའི་དྲག་ཤུལ་ཅན། །རྡོ་རྗེ་ལྕེ་ཡིས་འདིར་བརྡེག་བྱ། །རྡོ་རྗེ་ཉི་མའི་གཞལ་ཡས་སུ། །རྡོ་རྗེ་དཔལ་བེའུ་འོད་ཀྱི་ཐིག །མེ་ལོང་ཡེ་ཤེས་རང་བཞིན་ཅན། །རྣལ་འབྱོར་ཅན་གྱིས་གདབ་པར་བྱ། །དེ་བཞིན་རིན་ཆེན་འབར་བའི་གཞལ། །
པདྨ་ཟླ་བ་འཁོར་ལོ་ཡི། །དཔག་མེད་ནམ་མཁའི་གཞལ་ཡས་སུ། །རིགས་ཀྱི་དཔལ་བེའུ་འོད་ཀྱི་ཐིག །ཡེ་ཤེས་བཞི་ཡི་རང་བཞིན་ཅན། །རྣལ་འབྱོར་ཅན་གྱིས་གདབ་པར་བྱ། །རྡོ་རྗེ་མཁའ་ལ་འཁོར་ལོ་བསྐོར། །ཐབས་དང་ཤེས་རབ་ཟུང་ཡ་བཞིས། །
སོ་སོའི་ཕྱག་ཏུ་གནས་ནས་ནི། །ནམ་མཁའ་དབུས་ཀྱི་སྙིང་པོ་ལ། །སྲད་བུ་བཞི་ཡི་རྒྱ་གྲམ་བྲེ། །དེ་ནས་རྡོ་རྗེ་བརྟན་པའི་ས། །དབུས་ཀྱི་ཕོ་བྲང་དགུ་པ་ནི། །རྡོ་རྗེ་སྲད་བུའི་ཐིག་ཆེན་གྱིས། །ཕྱག་རྒྱ་བཞུགས་པའི་གནས་རྣམས་ཀུན། །ཆེ་ཆུང་མེད་པར་སྙོམས་པར་
བྱ། །འདིར་ནི་རྡོ་རྗེ་མུ་ཁྱུད་བདུན། །འབྱུང་བའི་རིམ་པ་དྲུག་བར་དུ། །འཁོར་ལོ་དྲུག་བརྩེགས་སྙིང་པོར་འབར། །གྲུ་ཆད་རྩིབས་མཆན་མེ་རི་འཕྲོ། །མུ་ཁྱུད་ཚར་གསུམ་འབར་བའི་ཕྲེང་། །བར་ཁྱམས་བཞིས་མཛེས་ཕྱི་ཁྱམས་དང་། །ལྡར་གསལ་སྒོ་
དགུ་ཤར་དུ་བརྩེགས། །ཕོ་བྲང་དེ་ཡི་གནས་གནས་སུ། །ཕྱག་རྒྱའི་ཚུལ་རྣམས་འབྱུང་བ་ནི། །མུ་ཁྱུད་མཐའ་ཟད་ཡན་ཆད་དུ། །ཡབ་ཡུམ་དྲུག་ཅུ་རྩ་ཞི་ཡི། །ཆོ་འཕྲུལ་དམ་ཚིག་ཚད་མེད་པ། །རོལ་བ་འཇིགས་བྱེད་འཇིགས་བྱེད་ཆེ། །ཀ་ཙ་ལི་ལ་སོགས་
པར་བྲི། །དེ་བཞིན་ཟ་བྱེད་ཡབ་ཡུམ་བཞི། །ལས་ཀྱི་ལྷ་སྟེ་ཧེ་རུ་ཀ། །འཁོར་ལོ་ཐ་མའི་རྩིབས་ལ་དགོད། །གནས་དང་ཡུལ་གྱི་ཕྱག་རྒྱ་དག །གྲུ་ཆད་ཕྱི་དང་ནང་ལ་དགྲམ། །ཧཱུྃ་ཆེན་བཅུ་ཡི་ཡབ་ཡུམ་དག །ཤིན་ཏུ་མཛེས་པར་དང་པོ་ལའོ། །དེ་ཉིད་ལ་ནི་མ་བརྒྱད་
དང་། །གིང་ཆེན་བཅྭ་བརྒྱད་རྒྱས་པར་དགོད། །གཉིས་པའི་ཁྱམས་ལ་མཁའ་འགྲོ་བརྒྱད། །ཤུགས་འགྲོ་བརྒྱད་ཀྱང་དེ་བཞིན་ནོ། །གསུམ་པའི་ཁྱམས་ལ་ཕྲ་མེན་བརྒྱད། །དེ་བཞིན་འབར་མ་བརྒྱད་རྣམས་བྲིས། །བཞི་པའི་ཁྱམས་ལ་ཕོར་ཐོགས་བརྒྱད། །
Vol. 98 · folio 82b
དེ་བཞིན་སྲིན་མོ་གཞོང་ཐོགས་བརྒྱད། །ཀུན་དུ་མཛེས་པར་བྲི་བར་བྱ། །ལྔ་པའི་ཁྱམས་ནི་ཐ་མ་ལ། །རྡོ་རྗེ་སླས་དང་བྲན་མོ་དང་། །ཕོ་ཉ་ལ་སོགས་རྒྱས་པར་དགྲམ། །དེ་ཡང་ཚུལ་དུ་དགོད་པ་ནི། །གོང་མ་དག་ནི་རྒྱུ་རྣམས་ལས། །ཀ་ཙ་ལི་ལ་སོགས་པ་དང་། །ཇི་ལྟར་འབྱོར་
པ་དེ་ལྟར་བྲི། །མཆོད་པའི་ཡོ་བྱད་ཐམས་ཅད་དང་། །རྨད་དུ་བྱུང་བའི་རྫས་མཆོག་དང་། །རྡོ་རྗེ་གསང་བའི་རིམ་གྱིས་བཀོད། །རྡོ་རྗེ་གསང་སྒོ་ཕྱེ་ནས་ནི། །ཏིང་འཛིན་དཀྱིལ་འཁོར་ཀུན་རྫོགས་ནས། །རང་བཞིན་ཡུལ་ནས་ཕབ་ནས་ནི། །བསྒྲུབ་པའི་དཀྱིལ་འཁོར་དེར་རྫོགས་
བྱ། །འདིར་ཡང་དོན་གྱི་ཁྱད་པར་གྱིས། །རིག་འཛིན་ཆེ་བའི་ས་སྤར་པ། །ཤར་གྱི་གདན་གྱི་ཁྱད་པར་ལ། །རྡོ་རྗེ་སེང་གེས་བཏེག་འཁོར་ལོ། །ཟླ་བ་ཉི་མ་གཡས་གཡོན་གྱི། །ཞབས་རྟེན་ཚུལ་གྱི་མཎྜལ་ནི། །རྡོ་རྗེ་རྒྱལ་པོ་ཡབ་ཡུམ་བཞུགས། །ལྷོ་ཡི་གདན་
གྱི་ཁྱད་པར་ལ། །གླང་ཆེན་རྡོ་རྗེས་བཏེགས་འཁོར་ལོ། །པདྨ་གཡས་གཡོན་ཞབས་བརྟེན་ཚུལ། །རྡོ་རྗེ་རྒྱལ་བ་ཡབ་ཡུམ་བཞུགས། །བྱང་གི་གདན་གྱི་ཁྱད་པར་ལ། །པདྨ་རྡོ་རྗེ་བཏེག་རྒྱ་གྲམ། །རྡོ་རྗེ་ཀརྨ་ཡབ་ཡུམ་བཞུགས། །ནུབ་བམ་ཕྱོགས་སམ་
མཚམས་གཞན་དུ། །གཞི་རྣམས་གཅིག་ཏུ་གྱུར་པ་ལ། །མཎྜལ་རྒྱུན་མ་ཆད་པ་ལ། །རྡོ་རྗེས་གཏམས་ཤིང་སྦྲེལ་བྱས་ནས། །པདྨ་ཕྱོགས་གཅིག་ཆེར་འབར་བ། །ཁ་དོག་འབར་བའི་འོད་ཀྱིས་དཀྲིགས། །རྩལ་འཕང་ཆེ་ཆུང་ཁྱད་པར་གྱིས། །སྐལ་དང་ལྡན་
ནམ་མི་ལྡན་པའི། །ལ་ལ་དག་ལ་ཟླ་བ་ནི། །རངས་པའི་གདན་གྱི་མཚན་མ་ལ། །དེ་ཡང་རྩལ་འཕང་ཆེ་ཆུང་ལ། །ལ་ལ་རྩེ་གསུམ་རྡོ་རྗེས་མཚན། །ལ་ལ་རྡོ་རྗེ་ཕྱེད་མས་མཚན། །ལ་ལ་མ་རངས་ཟླ་གམ་ཁ། །ནང་དུ་བསྟན་པས་མཚན་པར་བྱའོ། །ལ་ལ་རྩེས་
འབིགས་རྣམ་པར་མཚན། །ལ་ལ་པདྨ་བརྩེགས་པས་མཚན། །ལ་ལ་དག་ལ་མཚན་མ་མེད། །ལ་ལས་གདན་དེ་མི་ནོན་ཏེ། །ནར་མ་གང་ཟག་མི་ཡི་རྫས། །སོ་སོའི་བདེ་བའི་ཐབས་སུ་སྦྱར། །ཀུན་དུ་བདེ་བར་སྦྱར་བའི་ཕྱིར། །པི་པར་སྟན་ཞེས་གྲགས་པ་སྟེ། །
Vol. 98 · folio 83a
ཀུན་དུ་ཁྱབ་པར་ལུས་བདེར་སྦྱར། །རྨད་བྱུང་སྒྲུབ་པའི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །འདོད་པར་བྱ་བ་བསྒྲུབ་པ་དང་། །གཏོར་མ་ལ་སོགས་རྫས་ཀྱི་རྣམས། །ཆ་གསུམ་དག་ལ་བགོས་ནས་
ཀྱང་། །གཅག་ནི་སྦྱིན་སྲེག་ལས་མཆོག་བྱ། །གཅིག་ལ་རྣལ་འབྱོར་ལོངས་སྤྱོད་གཏེར། །གཅིག་ནི་མཁའ་འགྲོའི་འཁོར་ཚོགས་བསྐྱང་། །གནས་སུ་བཀྲ་ཤིས་ལ་སོགས་ཀྱིས། །སྒྲུབ་པ་རྫོགས་པས་མཐར་དབྱུང་ངོ་། །དུར་ཁྲོད་གསང་མཆོག་དབྱིངས་ཉིད་ལ། །
དཀྱིལ་འཁོར་དགུ་བརྩེགས་དཔལ་གྱི་རྒྱ། །ཡེ་ཤེས་དགུ་ཡི་ཁོང་གསེང་གསལ། །མེ་རི་འོད་ཀྱི་ཐིག་ཐག་གཅད། །འཁོར་ལོ་ཚོགས་ཆེན་བསྒྲུབ་པའི་ས། །རྣལ་འབྱོར་རྩལ་མཆོག་ཅན་གྱི་གནས། །སྒྲུབ་པ་རྩ་ཡི་དཀྱིལ་འཁོར་དེ། །དུར་ཁྲོད་གསང་བ་མཆོག་གི་མདོ། །
རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཚོགས་ཆེན་འདུས་པའི་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདུས་པ་ཆེན་པོའི་ཚོགས་རིག་འཛིན་ཐམས་ཅད་ངེས་
པར་འགྲུབ་པར་འདོད་ན་འདི་ལྟར་རིག་པར་བྱའོ། །དེ་བཞིན་ཐམས་ཅད་ཀུན་རྫོགས་ནས། །རིགས་ཀྱི་ཁྱད་པར་འདི་དག་དབྱེ། །སོ་སོའི་རིགས་སུ་བསྒྲུབ་པར་བྱ། །རྡོ་རྗེ་ཅན་ལ་དཔལ་བེའུ་ནི། །དཀྱིལ་འཁོར་རྡོ་རྗེ་འབར་བའོ། །དེ་བཞིན་རིན་ཆེན་རིན་ཆེན་ཏེ། །པདྨ་དམར་
པོ་འོད་ཀྱི་དཀྱིལ། །ལས་ནི་ཀུན་དུ་རྒྱ་གྲམ་འབར། །དེ་བཞིན་རིན་ཆེན་འཁོར་ལོར་འབར། །སོ་སོའི་རིགས་རྣམས་གཙོར་གཞག་སྟེ། །འཁོར་ནི་དེ་བཞིན་མི་འགྱུར་བར། །རྣམ་པར་བཀོད་དེ་ལེགས་སྦྱར་ནས། །བསྙེན་པ་དང་ནི་ཉེ་བསྙེན་པ། །བསྒྲུབ་དང་སྒྲུབ་ཆེན་
རྫོགས་པར་བསྒྲུབ། །ཏིང་འཛིན་རྩལ་གྱི་ཁྱད་པར་ནི། །སོ་སོའི་རིགས་ནི་གང་ཡིན་པ། །ཏིང་འཛིན་བྱེ་བྲག་མང་པོ་ལ། །ཡིད་ཀྱི་སྦྱོར་བ་གསལ་བར་བྱ། །དེས་ནི་རིག་འཇིན་གང་འདོད་པ། །གསོལ་བར་ངེས་པར་འགྲུབ་པ་ཡིན། །ཞེས་གསུངས་སོ། །རྒྱུད་ཀྱི་
Vol. 98 · folio 83b
རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་རིག་འཛིན་བསྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ། །དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་བླང་དོར་མེད་པར་རིག་པར་
བྱའོ། །ཆོས་ཉིད་མཉམ་པའི་རང་བཞིན་ལ། །བཟང་ངན་རྟོག་པའི་ཚིག་དང་བྲལ། །བདག་དང་གཞན་དུ་དབྱེར་མེད་དེ། །གཙང་དང་མི་གཙང་གཉིས་སུ་མེད། །ཅེས་གསུངས་སོ། །དེ་ནས་འཁོར་དེར་འདུས་པར་གྱུར་པའི་རིག་འཛིན་མིའི་ཐོད་པ་ཅན་མང་པོ་དག་རྣམ་
པར་བཀོད་པ་རྣལ་འབྱོར་གྱི་གྲལ་ནས་ལངས་ཏེ། །ཨ་ལ་ལ་ཧོ་ཞེས་བྱ་བའི་སྒྲ་ཆེན་པོ་བརྗོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་བདག་ཅག་ཤིན་ཏུ་གནས་པར་འཚལ་ན། བདག་ཅག་རྣམས་ཀྱི་དམ་ཚིག་ནི་བཅོམ་ལྡན་འདས་
ཀྱིས་མ་གསུངས་སོ་ཞེས་གསོལ་པ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིའི་ཐོད་པ་ཅན་རྣམས་རང་རང་ཇི་ལྟར་དགའ་བའི་དམ་ཚིག་རྣམས་སྤོབས་པ་སྐྱེད་ལ་ཕུལ་ཅིག་ཅེས་གསུངས་པ་ལས། །འདོད་ཆགས་ཀྱི་རིག་འཛིན་བྲམ་ཟེ་མིའི་ཐོད་པ་ཅན་
རྡོ་རྗེ་ཐལ་བའི་དབྱངས་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དམ་ཚིག་ནི་འདི་ལྟ་སྟེ། །མ་དང་སྲིང་མོ་བུ་མོ་དང་། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གྱི། །བུད་མེད་ཐམས་ཅད་ཐམས་ཅད་ལ། །འདོད་པའི་ཆགས་པ་ཅི་སྤྱད་ཀྱང་། །
ཡང་དག་རིག་ན་མི་གོས་སོ། །ཞེས་གསོལ་ཏོ། །དེ་ནས་རིག་འཛིན་རཀྵ་མིའི་ཐོད་པ་ཅན་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དམ་ཚིག་འདི་ལྟ་སྟེ། །བདག་ནི་གསོད་ལ་དགའ་བ་སྟེ། །སེམས་ཅན་ཐམས་ཅད་བསད་ནས་ཀྱང་། །
ཟག་པ་མི་གཙང་སྙིགས་མ་དང་། །མི་ཤ་ལ་སོགས་ཐམས་ཅད་ཀུན། །ཟོས་ན་དམ་ཚིག་མཆོག་ལགས་ཏེ། །མཐུ་དང་གཟི་བྱིན་འཕེལ་བར་འགྱུར། །བདག་གི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་ཡང་གནོད་སྦྱིན་རིག་འཛིན་ཡཀྵ་མིའི་ཐོད་པ་
Vol. 98 · folio 84a
ཅན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དམ་ཚིག་འདི་ལྟ་སྟེ། མི་ཡི་བདག་པོ་ཐམས་ཅད་ལ། །འདོད་པ་ཐམས་ཅད་འཕྲོག་པ་དང་། །གསེར་ལ་སོགས་པ་བརྐུས་སྤྱད་ཀྱང་། །ཡང་དག་རིག་ན་མི་གོས་ཏེ། །འདོད་པ་གྲུབ་པའི་
མཆོག་ཏུ་འགྱུར། །བདག་གི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་ཡང་མུ་སྟེགས་རིག་འཛིན་འོད་སྲུང་རལ་པ་ཅན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དམ་ཚིག་ནི་འདི་ལྟ་སྟེ། མི་ཡི་མགོ་བོ་བཅད་ནས་ཀྱང་། །བཟང་དང་ངན་ནི་
བྱེ་བྲག་རྣམས། །རིག་པས་བརྟགས་ཏེ་ཤེས་བྱས་ནས། །བཟང་བའི་རྟགས་ཅན་བསྟེན་བྱ་སྟེ། །དཀར་པོ་ར་རི་ལྕང་ལོ་ཅན། །འདི་དག་རྟག་ཏུ་སུས་འཆང་བ། །འདོད་པ་ཐམས་ཅད་འགྲུབ་པ་སྟེ། །རྒོལ་བ་ཐམས་ཅད་འཇོམས་པར་ནུས། །ཡིད་བཞིན་ནོར་བུ་ཅི་འདྲ་བར། །
དེ་ཡི་ཡོན་ཏན་འདི་ལས་འབྱུང་། །བདག་གི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་ཡང་བྲམ་ཟེ་ཤ་ལ་དགའ་བ་དང་། །ཤ་ཟ་མོའི་རིག་འཛིན་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དམ་ཚིག་ནི་འདི་ལྟ་སྟེ། །བ་གླང་
ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཤ་རྣམས་འདྲ་བར་གཙང་སྨེ་མེད། །ཟོས་ན་ཡོན་ཏན་སྣ་ཚོགས་འགྲུབ། །བདག་གི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་ཡང་སྲིན་མོའི་རིག་འཛིན་ཁྲག་འཕྲོག་མ་ཞེས་བྱ་བ་ལ་སོགས་པས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་དམ་ཚིག་ནི་འདི་ལྟ་སྟེ། སྲོག་ཆགས་སེམས་ཅན་ཐམས་ཅད་ཀྱི། །བསད་པའི་ཁྲག་ནི་དྲོན་མོ་དག །འཐུངས་ན་གཟི་བྱིན་འབར་བར་འགྱུར། །བདག་གི་དམ་ཚིག་དེ་ལགས་སོ། །ཞེས་གསོལ་ཏོ། །ལྷ་
མོ་ཀླུ་མོ་རིགས་ངན་མོ་ལ་སོགས་པ་བུད་མེད་ཀྱི་ཚོགས་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་རྣམས་ཀྱི་དམ་ཚིག་འདི་ལྟ་སྟེ། བྲོ་གར་གླུ་ཚིག་ཆེན་པོ་ནི། །ཐམས་ཅད་བསྟེན་པའི་མཆོག་ལགས་ཏེ། །བྲོ་ཡི་འཇོ་ཚུལ་སྟབས་ཆེན་དང་། །
Vol. 98 · folio 84b
གླུ་ཡི་སྙན་དང་གས་དོན་བསྒྲགས་ནས། །ཡིད་ཀྱི་དབང་པོ་ཐམས་ཅད་འཕྲོག །བསྟེན་པའི་ཐབས་ཀྱིས་འཁྲིག་སྤྱོད་པ། །འདི་ནི་དགའ་བའི་དམ་ཚིག་སྟེ། །བདག་ཅག་རྣམས་ཀྱི་དམ་ཚིག་ལགས། །ཞེས་གསོལ་ཏོ། །དེ་ནས་རིག་འཛིན་དེ་ཀུན་གྱིས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་སྤྱིའི་དམ་ཚིག་ནི་འདི་ལྟ་སྟེ། དཀར་ནག་ལས་ནི་ཅི་སྤྱད་ཀྱང་། །རྣམ་པར་སྨིན་པའི་འབྲས་བུ་དང་། །རབ་འབྲིང་ཐ་དད་བྱེ་བྲག་མེད། །དེ་བཞིན་འདི་ལ་བདེ་སྡུག་གམ། །དགེ་དང་མི་དགེའི་རྩོད་པ་མེད། །རྣོན་
པོའི་མཚོན་གྱིས་གཅད་དུ་མེད། །ཅི་ཕྱིར་རྣམ་པ་བདུན་སྟོང་པས། །ཐོགས་པ་མེད་པའི་དོན་ཕྱིར་རོ། །སྲོག་ཀྱང་བཅད་ཅིང་གསད་དུ་མེད། །ཅི་ཕྱིར་རྫས་འདི་འཇིགས་པས་སོ། །སྡིག་པ་ཆེན་པོའི་ལས་རྣམས་ཀུན། །བདག་གིས་བྱས་སམ་གཞན་བྱེད་བཅུག །
གལ་ཏེ་གང་གཱའི་བྱེ་སྙེད་ཀྱི། །སེམས་ཅན་དེ་ལ་སྦྱིན་བྱིན་དང་། །དེ་བཞིན་གང་གཱའི་བྱེ་སྙེད་ཀྱི། །སེམས་ཅན་ཐམས་ཅད་གསད་པ་གཉིས། །ཡང་དག་རིག་ལ་ཐ་དད་མེད། །ནམ་མཁའ་དག་ལ་རྡུལ་དང་ཆུས། །ཇི་ལྟར་མི་ཆགས་པ་བཞིན་ནོ། །གང་ཞིག་ཁྲེལ་
དང་འཛེམ་ལྡན་ན། །དོགས་པའི་རྟོག་པ་དེ་བཟུང་བས། །དམྱལ་བ་ཆེན་པོར་ལྟུང་བར་འགྱུར། །ཆགས་པའི་སྤྱོད་པ་ལ་སོགས་ཀྱིས། །ལུས་རྣམས་གདུང་བར་བྱེད་པ་ཡི། །སེམས་ཅན་དེ་ནི་འདུ་ཤེས་ཆུང་། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་
སེམས་དཔའི་རྡོ་རྗེས་འདི་སྐད་ཅེས་གསུངས་སོ། །ཨེ་མའོ་ཐོད་པ་ཅན་གྱི་ཚོགས། །ཁྱེད་ཀྱིས་སྨྲས་པའི་ཚིག་འདི་རྣམས། །མདུད་པས་བཅིངས་པའི་ཚིག་ཡིན་ཏེ། །ཁུར་དང་བྲལ་བར་མི་འགྱུར་རོ། །ཡང་དག་ཡང་དག་ཅེས་སྨྲ་བ། །ཡང་དག་ཉིད་ཀྱི་མདུད་པ་སྟེ། །
མདུད་པའི་བཀྲོལ་བ་མ་བྱས་ན། །ཐ་རམ་ཕྱེད་པར་མི་འགྱུར་རོ། །ཆགས་པའི་ལས་རྣམས་སྦྱོར་བ་དག །ཆགས་པའི་དབང་གིས་དེར་སྦྱོར་ན། །དེ་དག་དེ་ཡི་གྲོང་ཁྱེར་དུ། །གནས་འགྱུར་དེ་ཡི་སེམས་ཅན་ཡིན། །འདུ་ཤེས་སྒྱུར་བའི་ལས་ཆེན་དག །སྡང་བའི་
Vol. 98 · folio 85a
དབང་གིས་སེམས་ཤོར་ན། །ཤན་པ་གསོད་པའི་རིག་འཛིན་དུ། །ལྟུང་འགྱུར་སྡིག་པའི་རི་བོ་ཡིན། །རྒྱལ་བ་རྣམས་ནི་གཙང་བས་ན། །གང་ཚེ་བདེ་གཤེགས་རྒྱལ་བའི་ཞལ། །མི་གཙང་རྣམ་པ་སྣ་ཚོགས་ཀྱིས། །ཡོངས་སུ་བསྟབས་པར་གྱུར་
ན་ཀོ། །དེ་ཚེ་ལས་ཀྱི་རྣམ་སྨིན་གྱིས། །ཐར་མེད་ནད་ཀྱིས་བཟུང་ནས་ནི། །འདམ་དུ་བྱིང་བར་མི་འགྱུར་རམ། །ཤ་དང་ཁྲག་ལ་སོགས་པའི་ཟས། །དཀུ་བའི་རྔད་ཟས་ཆེན་པོ་སྟེ། །གང་གིས་ཟོས་པའི་ལུས་རྣམས་ལ། །འབྱུང་པོ་དྲི་ཟ་ཀུན་འདུས་ནས། །དྲི་མནམ་
རོ་དང་བཅུད་རྣམས་འབྱིན། །དེས་ནི་གཟི་མདངས་ཡལ་འགྱུར་ན། །ཅི་ཕྱིར་ཅི་སྟེ་དེ་རྣམས་བཟའ། །སེམས་ཉིད་རིན་ཆེན་ཡོད་བཞིན་དུ། །གཞན་གྱི་རིན་ཆེན་སྤྱོད་བྱེད་པ། །ལོག་པས་ལོག་པ་ལེན་པའི་ཆོས། །འདི་དག་མདུད་པ་དམ་པོ་ཡིན། །དཀར་གནག་ལས་ལ་
ཁྱད་མེད་ཅེས། །ཐམས་ཅད་ཁྲ་བོས་སྤྱོད་པ་ནི། །རིགས་མེད་རིགས་ཆད་ལོག་པའི་ལས། །འབྲས་བུ་ལོག་པའི་ཁམས་སུ་འགྱུར། །བདེ་གཤེགས་མཉེས་བྱའི་ལས་རྣམས་ལ། །ཡན་ལག་ཚིག་ཏུ་མ་དག་ན། །ཉེས་བྱས་ལས་ཀྱི་རྒྱུ་དེས་ནི། །གང་གི་དུས་རྣམས་
ཐམས་ཅད་དུ། །དབང་པོ་ཡན་ལག་མ་ཚང་ཞིང་། །དྲན་པའི་སྙིང་པོ་ཉམས་པར་འགྱུར། །རིག་པ་འཛིན་པའི་རྣལ་འབྱོར་པས། །བདེར་གཤེགས་རྒྱལ་བ་སྒོམ་ཟློས་པ། །ཆོ་འཕྲུལ་ཁྲོ་ཚུལ་བསྟན་པ་ལྟར། །མཚན་མ་ཉིད་དུ་དེར་གོ་ན། །ལས་ཀྱི་སྲིན་པོའི་རིག་འཛིན་
ཡིན། །རྒྱན་དང་ཆ་ལུགས་ཐམས་ཅད་ཀུན། །མཚན་མ་ཉིད་དུ་བརྟགས་གྱུར་ན། །ཅི་ལའང་རྟོག་ཅིང་ཆགས་པ་ཡི། །འཛིན་པའི་ཕུར་པ་ཆེན་པོར་འགྱུར། །ཨ་དང་ཧཱུྃ་ལ་སོགས་པ་ཡི། །རྒྱུ་ཡི་ཡི་གེ་ཐམས་ཅད་ཀུན། །མཚན་མ་ཉིད་དུ་དེར་བརྟགས་ན། །ཙནྡན་
སྦྲུལ་གདུག་ལ་སོགས་པར། །ལྟུང་འགྱུར་རྟོག་པའི་གེགས་ཆེན་ཡིན། །ཁྲག་ལ་སོགས་པའི་རྫས་ཆེན་ལྔ། །དེ་ཉིད་དངོས་པོར་དེ་བརྟགས་ན། །འབྱུང་པོ་ཁྲག་གི་དྲི་མནམ་པའི། །ལུས་ལེན་རིགས་ནི་འཛིན་པ་ཡི། །མ་བདུན་རྔམ་པའི་ཆ་ལུགས་སུ། །གང་
Vol. 98 · folio 85b
ཞིག་རྟོག་པར་དེར་གོ་ན། །སྲིན་མོ་མི་སྡུག་ཤ་ཟ་མོ། །ལངྐའི་ཡུལ་དུ་དེ་དག་འཁོར། །མཚན་མའི་བླ་ཐབས་མགོ་བརྙན་ཅན། །དེར་བཙན་དེར་བཟུང་དམིགས་པས་ནི། །ཤོ་གམ་གནས་ཀྱི་གཅན་ཆེན་རིགས། །འཛིན་ཅིང་གནས་དེར་རྟོག་པར་འགྱུར། །ལས་
ཀྱི་དབང་བཙན་བྲན་མོའི་ཚོགས། །དེ་འདྲ་ཉིད་དུ་དེ་བརྟགས་ན། །གནོད་སྦྱིན་ཆེན་མོའི་ཚོགས་སུ་འགྱུར། །གཞན་གྱི་ཚེ་ལ་འཚེ་བ་ཡིན། །དེས་ན་མདུད་པ་ཆེན་པོ་འདི། །ཁུར་དུ་བཤལ་བའི་གདོས་ཡིན་ཏེ། །འཆལ་པས་ལྟ་བའི་མིག་ལོང་སྟེ། །སེམས་ཀྱི་ནོར་
བུ་རིན་ཆེན་དེ། །རྟག་ཆད་ཁམས་སུ་སྟོར་བར་འགྱུར། །དེ་ལྟའི་སྐྱོན་ཆེན་སྤང་བར་གྱིས། །དེ་སྐད་ཅེས་བཀའ་སྩལ་པ་ལས་ཐོད་པ་ཅན་གྱི་ཚོགས་རྣམས་རྟོགས་པའི་འདུ་ཤེས་ཀྱིས་ཟིན་ཅིང་རང་རང་གི་སྤྱོད་པ་ལ་སྐྱོ་བ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་
ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་དམ་ཚིག་ནི་ལོག་པའི་དཀའ་ཐུབ་ཏུ་འགྱུར་བ་ལགས་ན། འདི་དག་ཡང་དག་པའི་དཀའ་ཐུབ་ཏུ་གནས་པར་འཚལ་ན། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ཅིར་ཡང་འགྱུར་བ་ལགས་
སོ། །གསང་སྔགས་ཆེན་པོའི་སྒོ་ནི་བསྐལ་པ་མེ་དཔུང་ལྟ་བུ་སྟེ། བདག་ཅག་རྣམས་ཀྱི་རྟོག་པ་སོ་སོར་ཇི་ལྟར་མོས་པ་ལྟར་བཤད་དུ་གསོལ་ཞེས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས་དགྱེས་པ་ཆེན་པོའི་བཞད་པ་མཛད་ནས། རིགས་ཀྱི་བུ་རྣམས་ནི་དེ་ལྟར་ཞུ་བ་
ལེགས་ཀྱིས་ཤིན་ཏུ་ཉོན་ཅིག །ཁྱེད་རྣམས་ཀྱི་སྤྱོད་པ་མི་དགག་པར་ཇི་ལྟར་དགའ་བའི་བསམ་པ་སོ་སོར་རངས་པར་བྱ་སྟེ། འཇིག་རྟེན་མཚན་མའི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་རྣམས་གསང་སྔགས་ཀྱི་དཀའ་ཐུབ་ཆེན་པོར་བྱའོ། །རང་རང་གི་སྤྱོད་པ་མ་བཀག་པར་
སྒོ་གསུམ་ལྷུག་པར་སྤྱོད་ཅིག །དེ་ནས་སེམས་དཔའི་རྡོ་རྗེས་ཡང་འདི་སྐད་ཅེས་གསུངས་སོ། །ཀྱེ་མའོ་ཐོད་པ་ཅན་གྱི་ཚོགས། །བུད་མེད་བུད་མེད་ཐམས་ཅད་ཀུན། །སྐྱེད་པར་བྱེད་པའི་རྟེན་ཡིན་ཏེ། །འབྲས་བུ་སྨིན་པའི་ཞིང་ཡང་ཡིན། །བསྒྲལ་ཞིང་གདོན་
Vol. 98 · folio 86a
པའི་གནས་ཡིན་ཏེ། །ཤེས་རབ་དགའ་བའི་ཡུལ་ཡིན་ནོ། །འདི་ལ་སེམས་གསུམ་གནས་པ་སྟེ། །ཡེ་ནས་དག་པ་ཆོས་ཉིད་སེམས། །མཁའ་དང་སྦྱོར་བ་བྱང་ཆུབ་སེམས། །སྙིང་རྗེས་སྒྲོལ་བ་གསུམ་སྦྱར་ཏེ། །ཆོས་ཉིད་གསང་བ་ཉི་ཤར་
ཁྱབ། །སྙིང་རྗེས་སྒྲོལ་བ་གསུམ་གྱིས་སྦྱར། །ཏིང་འཛིན་བྱིན་བརླབས་ཡེ་ཤེས་ཀྱིས། །ཆོས་ཉིད་དུར་ཁྲོད་མཁའ་ལ་བསྒྲལ། །བསྒྲལ་བའི་རྒྱུ་མཆོག་མན་ཆད་ནས། །ཤེལ་ཆེན་ཙ་ར་ལ་སོགས་པ། །དེ་ལ་རྒྱུ་དྲུག་ས་བོན་གདབ། །རང་བཞིན་ཡེ་ནས་དེ་
གཞོམ་བྱ། །ཁྱད་པར་འདས་པའི་ཡི་གེ་ལྔ། །གནས་བཀོད་འཕྲོས་པས་མཐའ་ཡས་བཀང་། །ཐམས་ཅད་སྟོངས་ཤིང་ཟད་བྱས་ནས། །འདུས་པའི་ཡི་གེ་ལྔ་རུ་གསལ། །དེ་ལས་ཕྱག་མཚན་ཡེ་ཤེས་ལྔ། །མི་གནས་ཡེ་ཤེས་ངང་དུ་ཐིམ། །སྒྲིབ་པའི་ཕུང་པོར་སྨིན་
པ་དེ། །རྡོ་རྗེ་རོལ་པའི་རྔམ་ཚོགས་ཀྱིས། །འཇོ་ཚུལ་སྟབས་ཀྱིས་སྦྱར་བར་བྱ། །ཁ་ཊྭཱཾ་ལ་སོགས་སྔགས་བཅས་པས། །བསྒྱེལ་ཏེ་མ་རིག་སྒོ་དབྱེ་བྱ། །རྣམ་ཤེས་དབུགས་ཀྱི་སྒྲོམ་དྲངས་ལ། །རྡོ་རྗེ་རྒྱལ་པོའི་རླུང་སྒྲོམ་དུ། །བསྡུས་ཏེ་རྡོ་རྗེ་དབུགས་ཅན་ལ། །ཧཱུྃ་བྱས་
སྒྲིལ་མ་དེ་ལ་བསླན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །མཚོན་གང་འོད་དུ་བསྟིམ་པར་བྱ། །ཡུ་ཏི་ཨ་ཧྃ་གིས་སྦར་ཏེ། །གསལ་ན་དེ་དང་མཉམ་དུ་གསལ། །རྡོ་རྗེ་ཚེ་ལ་བསླན་པར་བྱ། །རྡོ་རྗེ་རླུང་གིས་དབུགས་སྦར་ཏེ། །ཐུགས་ལས་རླུང་སྒྲོམ་ལམ་དུ་སྦར། །
ནམ་མཁའ་ཆོས་ཀྱི་གཞལ་ཡས་སུ། །ཉི་མའི་སྟེང་ན་ཧཱུྃ་དུ་གསལ། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཉི་ཟླ་གའུའི་བར་ན་གསལ། །ཨ་ཡང་ཕཊ་ཀྱིས་བསྐྱོད་འཕངས་པས། །རྡོ་རྗེ་སེམས་དཔའི་ཐུགས་ཀར་འཕྲོས། །ཡེ་ཤེས་སེམས་དཔར་གསལ་བ་ལ། །
དངོས་པོར་སྣང་བ་འཛིན་དང་བྲལ། །གཡོ་འགུལ་འཕར་འཕྲིག་མ་ཆད་པར། །རྡོ་རྗེ་མིང་གི་དབང་བསྐུར་ཏེ། །རིགས་ཀྱི་ལྷ་དང་སྙིང་པོ་སྦྱིན། །རྡོ་རྗེ་གདུང་བའི་གླུ་བླངས་ཏེ། །མན་ངག་གནས་ཀྱི་སྨོན་ལམ་གདབ། །བཞི་ཚལ་དག་ཏུ་བྱས་ནས་ནི། །སྨན་གྱིས་བཏབ་སྟེ་ཕུང་པོར་
Vol. 98 · folio 86b
བཙལ། །འཁོར་བའི་ཕུང་པོ་དེ་བསྡུས་ལ། །རྡོ་རྗེ་སྟབས་དང་གླུ་ཡིས་སྦྱང་། །གནས་གནས་དག་ཏུ་བསྔོ་བར་བྱ། །ཕུང་པོ་མཆོད་པའི་རྫས་སུ་བསྟིམ། །རྡོ་རྗེ་བྲ་ཡི་ལས་རྣམས་གདབ། །དེས་ནི་མཉེས་དང་སྐོངས་པ་དང་། །རྡོ་རྗེ་ལས་རྣམས་འགྲུབ་པ་ཡིན། །རྣལ་འབྱོར་ལས་
ཀྱི་དབང་ཕྱུག་ཆེ། །མཐོ་གཙང་ཤེས་རབ་གངས་རུམ་ནས། །རིག་པའི་སྡེར་མོ་སྦར་ཤད་ཅན། །ང་རྒྱལ་དྲེགས་པའི་གླང་པོ་འཇོམས། །རྣལ་འབྱོར་རྩལ་རྒྱས་སེང་ཕྲུག་རྣམས། །རྡོ་རྗེ་རྩལ་ཆེན་འདི་སྦྱངས་པས། །རྣལ་འབྱོར་ལྷ་མཆོག་གཤེགས་པའི་རྟེན། །དངོས་གྲུབ་འབྱུང་
བའི་རིན་པོ་ཆེ། །མཐུ་སྟོབས་སྐྱེ་བའི་ཐབས་ཆེན་པོ། །བྱིན་བརླབས་ཕེབས་པའི་དབང་མཆོག་འདིས། །རྒྱལ་བའི་དངོས་གྲུབ་མན་ཆད་ནས། །མཁའ་འགྲོའི་ཆོ་འཕྲུལ་ཐམས་ཅད་དང་། །དྲེགས་པ་མ་རུངས་སྡེ་པ་རྣམས། །ཐམས་ཅད་དབང་དུ་འགྱུར་ངེས་ན། །འབྱུང་པོ་
གཞན་ལྟ་སྨོས་ཅི་དགོས། །འཁོར་བའི་སྐམ་གླིང་ཆེན་པོ་ལ། །རིས་དྲུག་འཁོར་བའི་སེམས་ཅན་རྣམས། །རྒྱུད་དྲུག་འདས་པའི་རྣམ་ཤེས་སྲོག །དུས་གསུམ་མཚོན་གྱིས་བསད་པས་ན། །རྟག་ཆད་མཐར་ཤིའི་རོ་གླིང་ནས། །གཏི་མུག་བམ་ཆེན་རོ་བླངས་ནས། །
བདུད་རྩི་སྨན་ཆེན་ཡེ་ཤེས་ཀྱིས། །རྟག་ཆད་མཐའ་ལས་རོ་བླངས་ཤིང་། །བྱང་ཆུབ་སེམས་སུ་གསལ་བའི་ཕྱིར། །རོ་ཡི་རྫས་རྣམས་བཙལ་བར་བྱ། །ཁྲོ་ཚོགས་རྔམ་པར་བདག་བྱས་ཏེ། །རྡོ་རྗེ་འབར་བའི་མིག་ནང་ནས། །མཐིང་ནག་ཧཱུྃ་གི་སེང་ཆེན་ནི། །འཁོར་
བའི་རོ་གླིང་ཁམས་སུ་སྤྲོ། །བསྒྲལ་བའི་དུར་ཁྲོད་མཐའ་དག་ཀུན། །ཡེ་ཤེས་རོལ་བའི་ཞིང་དུ་བལྟ། །ཁྲོ་བོ་གྱད་ཀྱི་འདོར་ཐབས་ཀྱིས། །ཚམ་ངམ་ཆེན་པོའི་རྔམ་ཚུལ་གྱིས། །དཔའ་བོ་རྡོ་རྗེའི་འཛུར་འགྲོས་སྦྱར། །ཐབས་ཆེན་བཅྭ་བརྒྱད་སྟབས་ཀྱིས་སྦྱར། འཇོ་
ཚུལ་ཐབས་ཀྱི་འགྲོ་སྟབས་ཀྱིས། །འཛེམ་ཚུལ་ལྟ་ཞིང་རྣམ་པར་རྩེན། །སྒྲ་སྐད་སྒྱུར་ཞིང་ཧེ་ཧེས་སྒྲོགས། །འཐབ་ཅིང་རྩོད་པས་རྣམ་པར་རྔམ། །འབྲི་ཚུགས་ལྟ་ཞིང་འདྲོག་ཚུལ་སྤྱོད། །གཡས་སུ་ལྟ་ཞིང་གཡོན་དུ་འགྱུར། །ཡིད་མ་ཆེས་ཏེ་ཕྱིར་ཡང་བལྟ། །
Vol. 98 · folio 87a
སྡང་མིག་ལོགས་ཀྱི་ཁྱབ་པར་བལྟ། །རྡོ་རྗེ་འགྲོས་སུ་རྒྱུག་ཅིང་འགྲོ། །ཧ་ཧ་རུ་ལུའི་རྔམ་སྒྲ་སྒྲོགས། །སོ་སོའི་བརྡ་སྐད་འབྱིན་བྱེད་ཅིང་། །རྟོད་པའི་ཚུལ་གྱིས་མཆོང་ཞིང་རྒྱུག །ཡིད་བཞིན་གཏེར་ཆེན་ཁ་ཕྱེ་ནས། །འདོད་འབྱུང་རིན་ཆེན་ཕུང་པོ་
དེ། །འཁོར་བའི་རྣམ་སྨིན་དཔྱིས་ཕྱུང་ནས། །རྣམ་གསུམ་དུག་ཆེན་གཏན་སྤྲུགས་ནས། །ཐུགས་རྗེ་རྔམ་པའི་ཁ་ལོང་ཁ། །རྡོ་རྗེ་འབར་བའི་ཚོགས་ཆེན་གྱིས། །དངོས་གྲུབ་ལོ་ཏོག་ཕྲལ་ནས་ཀྱང་། །རྡོ་རྗེ་བཞིན་ཕྱོགས་མ་ནོར་བར། །ཤེལ་ཕུར་གཉིས་ཀྱིས་
གསང་གནས་བཟུང་། །ངེས་པར་གཤིན་པའི་གཞི་མ་ལ། །ཅུང་ཞིག་བརྟོད་དེ་ཉེ་འཁོར་བསྒྱུར། །བཞིན་ཕྱོགས་གང་ལྟས་ལེགས་ཉེས་བརྟག །ཕྱི་ཡི་བཟང་ངན་དེ་ཉིད་ནི། །ནང་དུ་ངེས་པར་གསལ་བ་ཡིན། །ཉེས་པའི་མཚན་བྱུང་མཁས་པས་མནན། །གལ་
ཏེ་དྲི་བས་གླེང་སློང་ན། །དེ་ཡི་ཐེ་ཚོམ་གསལ་བ་དག །དངོས་པོར་སྤྱོད་ལ་ཞུགས་རྣམས་ཀྱིས། །མཚན་མར་རྟོག་པ་འདི་དག་རྣམས། །འཇིགས་བྱེད་བཀའ་ལ་བཏགས་པ་ཡི། །འདོད་ཆགས་བདག་པོ་ང་ལ་གསོལ། །ཇི་སྐད་སྨྲས་པ་དེ་བཤད་ཀྱིས། །མཚན་
མའི་རྫས་རྣམས་རྟོགས་པར་གྱིས། །འཇིག་རྟེན་མགོན་ཁྱོད་བདག་ལ་གསོན། །བདག་ཅག་སྤྱོད་པ་གསོལ་བར་བགྱི། །སྣོད་ཀྱི་མཚན་ཉིད་བཟང་ངན་གྱིས། །ཉེས་དང་ལེགས་པ་འདི་ལས་བྱུང་། །སྐྱོན་གྱི་མཚན་མ་བདུན་པ་སྟེ། །ཁ་སྦུབ་པ་དང་གདན་ལས་
བསྐྱོད། །རྒྱུད་མི་འཕེལ་དང་མཚམས་སུ་གས། །བར་ཆད་འབྱུང་དང་བགེགས་ལྡང་བ། །མཚན་མ་ངན་པ་འབྱུང་བའོ། །འདི་དག་མཁས་པས་ཡོང་མི་འཆང་། །ལེགས་པའི་རྒྱུ་ནི་བཅུ་གཅིག་སྟེ། །གསུམ་གྱི་དངོས་གྲུབ་ཐོབ་པ་དང་། །རིག་འཛིན་ལམ་འགྲོ་
ནམ་མཁར་འཕུར། །ཁམས་གསུམ་དབང་བསྡུ་རྡོ་རྗེ་སྤྱན། །ཕ་རོལ་གཡུལ་ཟློག་ཟིལ་གྱིས་གནོན། །མཐུ་དང་བྱིན་བརླབས་ཚེ་འཕེལ་དང་། །མཚན་མ་གསལ་པོ་འབྱུང་བ་དང་། །སློབ་མ་ཆུ་ཡི་རྒྱུད་འཕེལ་བ། །དམིགས་པའི་བསམ་པ་འགྲུབ་པ་དང་། །
Vol. 98 · folio 87b
ཕྱི་མར་སངས་རྒྱས་མྱུར་བ་དང་། །དངོས་གྲུབ་རྣམ་གསུམ་ཐོབ་པ་སྟེ། །སྨོན་ལམ་བཞིན་དུ་འགྲུབ་པའོ། །དེ་ཡང་བྱེ་བྲག་འདི་ལྟ་སྟེ། །ཕྱེད་དུ་འགྱུར་ན་ཐོབ་ཐང་ཡིན། །སུམ་ཆ་ཙམ་ལ་བཏང་སྙོམས་སོ། །དེ་ཡང་སོ་སོའི་མཚན་རྟགས་སུ། །བརྟག་ཅིང་མིང་དུ་
བརྗོད་བྱ་བ། །དཀར་པོ་སྤྲོས་མེད་ཆོས་ཀྱི་སྐུ། །ལྕང་ལོ་ཀུན་རྫོགས་ལོངས་སྤྱོད་ལྡན། །མ་འོངས་སྤྲུལ་པ་མཛད་པའི་རྒྱུན། །འདས་དང་ད་ལྟར་མ་འོངས་པའི། །རྣལ་འབྱོར་ས་ལ་འགྲོ་བའི་རིགས། །བདེར་གཤེགས་དུས་གསུམ་འབྱུང་བའི་རྟགས། །རིན་ཆེན་
གཏེར་གྱི་གའུ་འདི། །ཐབས་ཀྱི་རྒྱལ་པོ་དཔལ་གྱི་དཀོར། །ཕོ་བྲང་རྟགས་ལྡན་སྣོད་བཅུད་རྫོགས། །འཕྲུལ་ཞལ་ཡིད་བཞིན་འདོད་ཞོའི་བ། །རྐང་མེད་མཁའ་ལ་འགྲོ་བའི་མཆོག །ངོ་མཚར་ཐོག་ཐོག་རྐན་སྒྲ་ཅན། །རྨད་འབྱུང་གསང་བའི་རང་སྒྲ་དག །རིག་
འཛིན་རྩལ་ཅན་ཀུན་ལ་སྒྲོགས། །ང་ནི་སྐྱེས་མཆོག་རྩལ་ཅན་གྱི། །རྨད་བྱུང་བསྒྲུབ་པའི་རྫས་ཡིན་པས། །སུ་ཞིག་དངོས་གྲུབ་གང་འདོད་པ། །ཐེ་ཚོམ་མེད་པར་དུས་འདིར་ལོང་། །གང་དག་བཀའ་ལྟར་མི་བྱེད་ཅིང་། །སུ་ཞིག་དམ་ལ་མི་གནས་པ། །ང་ཡི་གཟུགས་
མཐོང་ཙམ་གྱིས་འཚིག །སྒྲ་ཐོས་ཙམ་གྱིས་བརླག་པར་འགྱུར། །ཞེས་པའི་སྒྲ་བྱུང་ཆོ་འཕྲུལ་ནི། །རྒྱལ་བའི་གཞལ་ཡས་ཀུན་ལས་སྒྲོགས། །འདི་དག་དོན་དང་ལྡན་པར་སྤྱོད། །འདི་ལྟར་གྲགས་པ་ངེས་དོན་ནི། །རྣལ་འབྱོར་ཅན་གྱིས་ཤེས་བྱ་བ། །ཐམས་ཅད་
དཔལ་ལྡན་ལྕང་ལོ་ཅན། །ལ་ལ་བཀྲ་ཤིས་མཚན་ལྡན་ཏེ། །དེ་བཞིན་པཾ་ཙ་ཀུ་ལ་ཡིན། །ལ་ལ་དཔྱད་ཀྱི་ན་ཤ་ཡིན། །དེ་བཞིན་མི་འགྱུར་སྲ་མཁྲེགས་ཡིན། །མ་ཧཱ་ཀེ་ས་དཔལ་དང་ལྡན། །ཡེ་ཤེས་ལྔ་ལྡན་ཞེས་ནི་བྱ། །ཨཱ་ཡུཿཕ་ལ་ཚེ་ཡི་མཆོག །ལ་ལ་
མེ་ལེ་དེ་བྱི་བརྟན། །ལ་ལ་དེ་བཞིན་ཁ་སྭ་ཁ། །ཁ་ཧུ་པ་ཡི་དཔལ་དང་ལྡན། །བཀྲ་ཤིས་དོན་འབྱུང་དེ་ལྟའོ། །བདེར་གཤེགས་མཚན་ལྡན་རྫོགས་པ་ཡིན། །གཙུག་ཕུད་དགེ་གཙུག་དཔལ་དང་ལྡན། །ཛྙཱ་ན་མུརྟྟི་དེ་བཞིན་ནོ། །ལ་ལ་ཛྙཱ་ན་ཀུ་ཎྜལི། །དེ་
Vol. 98 · folio 88a
བཞིན་ཁྲོ་པོ་ཀུཎྜ་ལི། །ཨེ་ཀ་ཛ་ཊི་མཚན་ལྡན་པ། །ཨ་བི་མུ་ཀ་རྫོགས་པའོ། །འདོད་པ་བརྟན་ལྡན་བདེ་བ་སྐྱེ། །གཉིས་མེད་དོན་ལྡན་ཐོབ་པའོ། །པུ་ཏྲ་མང་འཕེལ་ལྕུག་ཕྲན་རྒྱས། །རྡོ་རྗེ་བསེ་ཕོར་མཚན་རྫོགས་ནས། །ཤེལ་ཕོར་གསང་
བའི་དོན་འབྱུང་བ། །སྐུ་གསུང་ལྷུན་གྲུབ་ཀ་པཱ་ལ། །ཐམས་ཅད་རེ་བ་ཡིད་བཞིན་སྐོར། །དེ་བཞིན་ཡོན་ཏན་རྫོགས་ཀུན་རྫོགས། །བཀྲ་ཤིས་མཚན་ནི་ཀུན་ལྡན་པ། །དེ་བཞིན་མི་འགྱུར་གཡུང་དྲུང་བརྟན། །མི་ཤིགས་མཛོད་ཡིན་ཀུན་འབྱུང་བའོ། །ཆོ་འཕྲུལ་
རྟགས་འབྱིན་དམ་པ་འབྱུང་། །སྲིད་པ་ཡོངས་སྒྲོལ་ལས་ཀྱི་མཆོག །ཁམས་གསུམ་དབང་སྡུད་ཁྱད་པར་ལྡན། །དྲུག་གསུམ་གཏན་སྤྲུགས་ལས་མཆོག་ཅན། །མཚན་མའི་སྤྲོས་བྲལ་ངེས་པའི་དོན། །རིགས་དྲུག་མདོག་དྲུག་དབྱིབས་དྲུག་དང་། །ཡོན་ཏན་
སྐྱོན་རྣམས་སྦྱར་བར་བྱ། །མང་དང་ཉུང་བའི་གསང་བ་ནི། །བཅས་དཀར་འཕེལ་དང་མགོ་མི་འབྱུང་། །རྗེས་འདྲ་ལ་སོགས་སྐྱོན་རྣམས་སྤང་། །དུག་གསུམ་སྟོངས་མཛད་རྒྱལ་བའི་བཀའ། །སྐུ་གསུམ་སྨིན་པའི་གཡུང་དྲུང་རྟགས། །སྦ་ཐབས་གསང་བའི་
མན་ངག་འདི། །སྐལ་ལྡན་རྣལ་འབྱོར་རྣམས་ཀྱི་སྟེ། །སྐལ་མེད་ཀུན་གྱི་རྟོག་པའི་བདུད། །མིང་ཙམ་འཛིན་ལ་ག་ལ་བརྟེན། །མཁས་པས་བརྟག་ཅིང་བཟང་པོ་བརྟེན། །དངོས་གྲུབ་འབྱུང་བའི་དུས་ཆེན་ཡང་། །གཅིག་དང་གསུམ་ནི་རབ་ཏུ་བཤད། །དེ་
བཞིན་ལྔ་བདུན་འབྲིང་དུ་གྲགས། །དགུ་ནི་དངོས་གྲུབ་ཐ་མ་སྟེ། །བཅུ་གཅིག་ཕན་ཆད་ཡལ་བར་བཤད། །དེ་བས་རྣལ་འབྱོར་རྩལ་ཅན་གྱིས། །ངེས་པར་བརྩོན་ཏེ་བརྟག་པར་རིགས། །འདོད་ཆགས་བདག་པོས་དེ་སྐད་བཤད། །མཚན་མ་ཡིན་ཕྱིར་དེར་ངེས་
པ། །མཚན་མ་ཅན་དང་མཐུན་བྱའི་ཕྱིར། །ཐབས་ཀྱིས་དེ་དང་མཐུན་སྤྱོད་ལ། །ཡང་དག་དོན་ལ་ཁ་ལོ་སྒྱུར། །དེ་དག་རྣམ་པར་སྦྱང་བ་དང་། །འགྲོ་དྲུག་ཤིན་ཏུ་གཡེང་བ་ཅན། །ཡིད་རྣམས་དྲངས་ཏེ་བརྟེན་བྱས་ནས། །ཐབས་ཀྱི་དོན་ལ་སྦྱར་བའི་ཚིག །རྒྱུ་
Vol. 98 · folio 88b
དྲུག་འདུས་པའི་ས་གཞི་ལ། །གླུ་བྲོ་གར་གྱི་རོལ་པ་ཡིས། །སྲིད་གསུམ་ཟིལ་གནོན་དབང་སྡུད་པ། །འཇིག་རྟེན་མཐུན་འཇུག་སྤྱད་པར་བྱ། །དཔེར་ན་འཇིག་རྟེན་ཁམས་དག་ན། །འགྲོ་བས་འགྲོ་བ་འདུལ་བྱེད་པ། །དེ་དགའི་ལས་ལ་དེ་ཞུགས་ཏེ། །དེ་དང་བསམ་
པ་མཐུན་སྦྱད་པས། །དེ་དང་འདྲིས་ནས་དེ་དགའ་བྱས། །དེ་ནས་དེ་ཡི་དྲོད་ལོན་ནས། །དེ་ཡི་འདུ་ཤེས་སྒྱུར་བའི་ཚིག །དེ་སྔ་བདག་གི་གྲོགས་ཁྱོད་ཀྱི། །ལས་ལ་ཞུགས་པ་ཤིན་ཏུ་ནོར། །འདིར་ཉེས་ལས་ཀྱི་བསགས་པ་བགྲང་། །ཉེས་ཀྱང་བདག་གིས་ཁྱོད་དགར་
བྱས། །ད་ནི་བདག་དགའི་ལས་འདི་ལ། །གྲོགས་ཁྱོད་ཤིན་ཏུ་འཇུག་དགོས་སོ། །བྱས་པས་དེ་ཡི་སྔ་སེམས་དེ། །ཟིན་པས་གཅིག་གི་ཕྱི་སེམས་ཀྱང་། །འཛིན་ཅིང་དེ་དགའི་ལས་ལ་འཇུག །སྤྱོད་པའི་ལས་ཀྱང་འདི་ལྟ་སྟེ། །རྒྱུ་དྲུག་འདུས་པའི་ཕུང་པོ་ལ། །
ངན་སོང་གནས་འཇོམས་རྡོ་རྗེའི་རྟགས། །ཡེ་ཤེས་ཐབས་ཀྱིས་སྙན་པའི་གླུ། །རྨད་འབྱུང་གསང་ཆེན་སྒྲོགས་པའི་ཚིག །ཉོན་མོངས་ལྔ་ཡི་ས་གཞི་ལ། །ཡི་གེ་ཡེ་ཤེས་ལྔ་གསལ་བས། །འབར་བ་ཁྲག་འཐུང་སྤྲིན་ཕུང་བཞིན། །ཁྱུ་མཆོག་ལྔ་ཡི་སྟབས་
ཀྱིས་རོལ། །སེང་གེ་ང་རོ་རྔམ་པའི་གླུ། །རྡོ་རྗེ་དོན་རབ་སྒྲོགས་པའི་ཚིག །རྨད་བྱུང་རོལ་པའི་དོན་བྱུང་བ། །ཨེ་མ་ངོ་མཚར་ཡ་མཚན་ཆེ། །དགྱེས་པས་རོལ་བའི་བྱིན་བརླབས་ལས། །རྒྱུད་དྲུག་རྩད་གཅོད་ངོ་མཚར་ཆེ། །མཉམ་པ་ཆེན་པོའི་ནམ་མཁའ་ལས། །
ཡེ་ཤེས་འབར་བའི་མེ་བྱུང་བས། །འཁོར་བ་ཁྲག་གི་རྒྱ་མཚོ་སྐམས། །སྡུག་བསྔལ་དབྱིངས་སུ་ཟད་མཛད་དོ། །མི་གནས་ཀློང་ནས་ཆོ་འཕྲུལ་བ། །གཏུམ་རྔམ་འཁྲུག་པའི་ངོ་བོར་འབར། །ཁྲག་འཐུང་འབར་བའི་སྤྲིན་འཕྲོས་པས། །སྲིད་གསུམ་ཁྲག་མཚོ་
རྔོ་ནས་སྐམས། །དཔའ་བོ་ཚམ་ངམ་གྱད་ཀྱི་སྟབས། །སྲིན་པོ་མ་ཏྲཾ་ཁྲོས་པའི་གླུ། །ཐེག་ཆེན་རྨད་བྱུང་གསང་བའི་ཚིག །ཆགས་པའི་རྟོད་ཕུར་གཏིང་ནས་ཕྱུང་། །མཁའ་བཞི་དབྱིངས་ཀྱི་བདེ་ཀློང་ནས། །ཚོམ་བུ་འབུམ་གྱི་ཆོ་འཕྲུལ་འཕྲོས། །དགྱེས་མཆོག་
Vol. 98 · folio 89a
རོལ་པའི་ཕྲིན་ལས་ལས། །ལ་ལ་ཤེས་རབ་ཐབས་ལ་རོལ། །ལ་ལ་ཐུགས་རྗེ་ལས་ལ་རོལ། །ལ་ལ་གདུལ་བྱའི་ཡུལ་ལ་རོལ། །ལ་ལ་ཡེ་ཤེས་དབྱིངས་ལ་རོལ། །ཐབས་ཀྱི་རྒྱལ་པོ་རྟོགས་པའི་དབང་། །ཆེ་བ་ལུང་གི་ཁྱད་པར་ལས། །རྒྱལ་བ་
ཀུན་དང་མཉམ་པར་སྦྱོར། །རྡོ་རྗེ་པདྨ་རོལ་པའི་སྟབས། །ཆགས་མེད་མཁའ་ལ་གསལ་བའི་ཚིག །དུག་གསུམ་ཟིལ་གྱིས་གནོན་པའི་གླུ། །འཇིག་རྟེན་རིམ་གྱིས་སྦྱང་བའི་ཕྱིར། །འཇིག་རྟེན་ཁམས་སུ་རོལ་པ་བྱུང་། །འཇིག་རྟེན་དྲུག་གི་སྙིང་ལ་རོལ། །བདག་པོ་
གཙོ་བོ་ཟིལ་མནན་ནས། །འཁོར་ནི་སྙན་པའི་ཚིག་གིས་བསྟེན། །འཁོར་བའི་ལམ་ལྔ་རྒྱུད་བཅད་ནས། །རྣམ་ཐར་ནམ་མཁའི་ངང་དུ་བསླན། །གར་མཆོག་གློག་ལྟར་འགྱུ་བ་ཡིན། །རྨད་བྱུང་གསང་བའི་དཀྱིལ་འཁོར་ནས། །ཡི་གེ་འབར་བའི་ཆོ་འཕྲུལ་འཕྲོས། །
འཕྲོ་འདུ་སྐར་ལྟར་འཁྲུག་པ་ལས། །ཁམས་གསུམ་བུད་ཤིང་ཐལ་བར་རླགས། །རྡོ་རྗེ་བུ་ཡུག་སྐར་མདའི་སྟབས། །རྡོ་རྗེ་འབྲུག་ཆེན་ལྡིར་བའི་གླུ། །དོན་གྲུབ་རྡོ་རྗེ་གསང་བའི་ཚིག །གདུག་པའི་དབུང་རྣམས་རྣམ་པར་འཇོམས། །རྡོ་རྗེ་སྤྲུལ་པའི་དཀྱིལ་འཁོར་
བས། །ཐབས་ཀྱི་བྱང་ཆུབ་སེམས་སྤྲིན་སྤྲོས། །དབང་སྡུད་ཆགས་པའི་ཁྱད་པར་ལས། །འཇིག་རྟེན་བུ་མོ་དྲུག་དང་རོལ། །སེང་གེ་རྣམ་པར་རོལ་པའི་སྟབས། །རྡོ་རྗེ་ཁྱུད་སྐད་འགྱུར་བའི་གླུ། །ཆགས་པ་རྩད་ནས་གཅོད་པའི་ཚིག །རྡོ་རྗེ་རོལ་པའི་དོན་ཆེན་པོ། །འཁོར་
ལོ་འབར་བའི་དཀྱིལ་འཁོར་ནས། །མཚོན་ཆ་འབར་བའི་ཡིག་འབྲུ་འཕྲོས། །རྒྱུ་དྲུག་ངོ་བོ་རྩད་ནས་གཅོད། །དུག་ལྔའི་ཕུང་པོ་རྣམ་པར་སྤྲོས། །ཡེ་ཤེས་རྣོ་དབལ་མཚོན་ཆེན་པོ། །ཆོས་ཉིད་བདལ་བའི་ཀློང་ནས་འཕྲོ། །ཐབས་མཆོག་དབྱིག་གི་རྩལ་ཤུགས་
ལས། །འབར་བའི་མཚོན་ཆ་ཆར་ལྟར་འབབ། །ཡི་གེ་ཡེ་ཤེས་མཚོན་ཆའི་ཆར། །རྡོ་རྗེ་ལྕེ་ཡི་ཤུགས་ཀྱིས་དབབ། །རིན་ཆེན་གཏེར་གྱི་ལོངས་སྤྱོད་རྣམས། །རྟོག་པའི་རི་བོ་གཞོམ་པ་དང་། །དུག་གསུམ་ཕུང་པོ་གཞིག་པའི་ཕྱིར། །འཁོར་ལོ་ལྕགས་ཀྱུ་
Vol. 98 · folio 89b
ལ་སོགས་པ། །རྟེན་དང་གསང་ཆེན་ཏིལ་མཆོག་དང་། །དངས་མ་ལ་སོགས་སྒོ་ཀུན་རྣམས། །སོ་སོའི་ཆ་རུ་ཕྱེ་ནས་ནི། །ཐུགས་རྗེས་ཉོན་མོངས་སྦྱོང་བ་ཡི། །སོ་སོ་གཉེར་གྱི་རང་སྐལ་དུ། །ཕྱག་རྒྱ་སོ་སོའི་སྐབས་སུ་གདང་། །དེ་ལྟར་རྫོགས་པར་གྱུར་པ་དང་། །མཎྜལ་
ཀུན་གྱི་ཚད་འདྲ་ལ། །དབུས་སུ་ཐིག་བཞི་ལེ་ཚེ་དགུ། །མཐའ་སྐོར་འཁོར་ལོའི་རྩིབས་བརྒྱད་བྱ། །དེ་ལ་སྒོ་བཞི་སྒོ་ཁྱུད་བཅས། །མཐའ་ཟད་བསྐལ་པའི་མེ་རི་བྲི། །དབུས་སུ་དཀར་དམར་ཁ་སྤྲོད་བྲི། །ཕྱོགས་མཚམས་བརྒྱད་དུ་ཁྃ་བརྒྱད་བྲི། །འཁོར་ལོའི་
བར་མཚམས་མུ་ཁྱུད་ལ། །ནང་དུ་བལྟས་པའི་ཁྃ་བརྒྱད་གསལ། །རྩི་བསལ་ནང་དུ་ལྟ་བ་བརྒྱད། །མུ་ཁྱུད་བརྒྱད་ལ་ཕྱིར་ལྟ་བརྒྱད། །གྲུ་ཆད་བཞི་ལ་ནང་དུ་ལྟ། །ཐིག་ལེ་རྣམ་བཞི་བྲི་བར་བྱ། །ཕྱི་རིམ་བར་ཁྱམས་དེ་དག་ལ། །ཐིག་ལེ་ཉི་ཤུ་རྩ་བརྒྱད་ནི། །ཕྱི་རུ་
ལྟ་བ་བྲི་པར་བྱ། །བསྐལ་བ་ཆེན་པོའི་མེ་ཁྱམས་ལ། །ཐིག་ལེ་ཕྱིར་ལྟ་བཅུ་གསལ་བྲི། །དེ་ལ་ཕྱག་རྒྱ་རིམ་པར་དགོད། །མཎྜལ་སྒོ་རུ་བམ་ཆེན་གཅིག །གླུ་བྲོ་གར་གྱིས་རྣམ་སྦྱངས་ཏེ། །དབུས་སུ་བཞག་སྟེ་ཤར་དུ་བསྟན། །དེ་ཡི་ཕུང་པོ་གཞལ་ཡས་ཁང་། །བྷུྃ་
ལས་བསྐྱེད་དེ་གསལ་བར་བྱ། །དེ་རུ་ཕྱག་རྒྱའི་ཚོགས་ཆེན་བསྒོམ། །རྫས་ཀྱི་གནས་རྣམས་སོ་སོ་ལ། །རིགས་ཀྱི་ལྷ་རྣམས་རིམ་པར་དགོད། །དེ་ནས་རྡོ་རྗེ་བསྙེན་པ་བྱ། །བྱིན་ཕེབས་རྟགས་ལུང་མགུ་པ་ན། །བམ་དེ་བྱང་ཤར་མཚམས་སུ་བསྒྲལ། །རྫས་རྣམས་
སོ་སོར་བསྔོས་ནས་ཀྱང་། །ཕྱག་རྒྱ་བཞུགས་པའི་གནས་རྣམས་སུ། །མ་ནོར་བར་ཡང་དགོད་དེ་སྦྱར། །དཔལ་དང་ལྡན་པའི་སྣོད་དགུ་ལ། །རྨད་དུ་བྱུང་བ་དགུ་བཀོད་དེ། །འབར་བ་ཆེན་པོའི་གནས་གནས་སུ། །བརྗིད་པའི་ཚུལ་དུ་གསལ་བར་བསྒོམ། །ཕྱག་རྒྱ་
གཞན་ཡང་རྫོགས་པར་དགོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་དུ། །དབང་ཆེན་ཟླ་གམ་སྐར་ཚོགས་བཀྲམ། །རྡོ་རྗེ་མི་ཕྱེད་དགུར་འབར་བ། །ཆེ་བ་དགུ་ཡི་ཁྱད་པར་ལས། །དཔལ་ཆེན་དགུ་ནི་སྐུ་ལ་རྫོགས། །ཡུམ་ཆེན་དགུ་ནི་དབྱིངས་ལ་རོལ། །དཔལ་
Vol. 98 · folio 90a
བེའུ་དགུ་ནི་ཐུགས་ལ་འབར། །འབྱུང་ཆེན་དགུ་ནི་ཀློང་དུ་འཁྱིལ། །ཁུ་བྱུག་དགུ་ནི་རང་སྐད་རྫོགས། །བྷན་དྷ་དགུ་ནི་དཔལ་དང་ལྡན། །ཟླ་གམ་དགུ་ནི་ཡུམ་གྱི་དབྱིངས། །ཐིག་ལེ་དགུ་ནི་བྱང་ཆུབ་སེམས། །ཉི་ཟླ་དགུ་ནི་འོད་འཕྲོ་འབར། །དེ་ལྟར་དགུ་
དགུར་གསལ་བ་ཡི། །དགུ་ཀློང་བྷ་ག་གཅིག་གི་དང་། །དགུ་བཀག་གཅིག་ཕྱེ་ཐིག་ལེའི་དོན། །ཐམས་ཅད་འབྱོར་པ་རྒྱས་བྱས་ལ། །བམ་དགུ་ཕན་ཅད་སྨན་དུ་སྦྱར། །རྫས་ཀྱི་དངོས་གྲུབ་བླངས་ཏེ་སྤྱད། །ཅེས་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེས་གསུངས་
སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྨད་བྱུང་རྫས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་མངོན་སུམ་དུ་ཤེས་ཤིང་
རིག་པར་བྱའོ། །མངོན་སུམ་གང་ཞེ་ན། དྲན་པ་མངོན་དུ་བཞག་པས་ཡུལ་ལ་མི་གནས་པའི་ཆོས་ཐམས་ཅད་དང་། ཕྱིས་འབྱུང་བའི་ཆོས་ཐམས་ཅད་དང་། །སྔོན་དུ་བྱུང་བའི་ཆོས་ཐམས་ཅད་མངོན་སུམ་མར་རིག་པའོ། །དེ་ཅིའི་ཕྱིར་ཞེ་ན། མངོན་སུམ་མར་ཤེས་
པ་ནི་ཡེ་ཤེས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་ལྟ་ཞེ་ན། ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་དུ་དྲན་པ་མངོན་དུ་བཞག་ན་མངོན་དུ་གྱུར་པའི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ཡིན་ནོ། །ཆོས་ཉིད་ཕྱིན་ཅི་མ་ལོག་པར་མངོན་དུ་གྱུར་ན་མི་གནས་པའི་ཡེ་
ཤེས་ཆེན་པོ་ཉིད་དེ་ཡིན་ནོ། །དེ་བས་ན་མངོན་པར་ཤེས་པ་རྣམས་དྲན་པ་མངོན་སུམ་མར་ཡིད་ལ་བྱོས་ཤིག་དེ་སྐད་ཅེས་གསུངས་པ་དང་། མངོན་ཤེས་རིག་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མངོན་པར་ཤེས་པ་ནི་
བདག་ཅག་རྣམས་ཀྱི་དམ་ཚིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བདག་ཅག་རྣམས་ཀྱི་དམ་ཚིག་བཤད་དུ་གསོལ་ཞེས་ཞུས་པ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིག་འཛིན་ཆེན་པོ་རྣམས་ཡེ་ཤེས་ཆེན་པོའི་རྒྱུ་མངོན་པར་ཤེས་པ་ནི་རྣམ་པ་
Vol. 98 · folio 90b
ལྔར་རིག་པར་བྱའོ། །མིག་གི་དབང་པོ་ཐམས་ཅད་ལས། །ཞིབ་ཏུ་བཏགས་པའི་ཕྱེ་མར་བྱ། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ནས། །མཐོང་བའི་སྙིང་པོ་འབུམ་བཟླས་ན། །ཐམས་ཅད་མ་ལུས་མཐོང་བར་འགྱུར། །འདི་ནི་མིག་གི་མངོན་ཤེས་སོ། །རྡོ་རྗེ་ལྕེ་ཡིས་
བརྗོད་པའི་ཚིག །དུས་སམ་རྒྱུན་དུ་བརྗོད་པར་བྱའོ། །བཛྲ་ཙཀྵུ་གརྦྷ་བིདྱཱ་ཧཱུྃ། །རྣ་བའི་དབང་པོ་ཐམས་ཅད་ཀྱང་། །བཏགས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །ཐོས་པའི་སྙིང་པོ་འབུམ་བཟླས་ན། །སྒྲ་ཡི་བྱེ་བྲག་ཐམས་ཅད་ཐོས། །འདི་ནི་
རྣ་བའི་མངོན་ཤེས་སོ། །རྡོ་རྗེ་ཚིག་ཏུ་བརྟག་པ་ནི། །བཛྲ་གརྦྷ་སྟམ་སི་ཧོ། །སྣ་ཡི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །དྲི་སྣ་ཚོགས་དང་བསྲེས་པ་ལས། །ཚོར་བའི་སྙིང་པོ་འབུམ་བཟླས་ན། །སྣ་ཡི་
མངོན་ཤེས་ཐོབ་པར་འགྱུར། །རྡོ་རྗེ་ཚིག་ཏུ་གཟུང་བ་ནི། །བཛྲ་ན་མ་སི་ཏྃ་ཧཱུྃ། །ལྕེ་ཡི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ནི། །བཅུད་ཀྱི་སྙིང་པོར་སྦྱར་བྱས་ཏེ། །རོ་ཡི་མཆོག་ལ་སོགས་པ་ལས། །རོ་ཡི་སྙིང་པོ་འབུམ་བཟླས་ཏེ། །སྨྲ་བྱེད་
ལྕེ་ཡི་དཀྱིལ་འཁོར་ནི། །སྟེགས་བུ་ཁྲུ་གང་གྲུ་བཞི་ལ། །དབུས་སུ་གསང་བའི་རྡོ་རྗེ་བྲི། །མཐའ་མ་ལྕེ་ཡི་པདྨས་བསྐོར། །ལྕེ་ལ་ཚིག་གི་འོད་ཟེར་འཕྲོ། །སྨྲ་བའི་བསྒྲུབ་པས་འདི་རྫོགས་ན། །སྨྲ་བའི་དབང་པོ་ཁ་དབྱེ་ཞིང་། །རོ་རྣམས་ཐམས་ཅད་ཤེས་པར་འགྱུར། །
འདི་ནི་ལྕེ་ཡི་མངོན་ཤེས་ཡིན། །རྡོ་རྗེ་ཚིག་ཏུ་བརྟག་པ་ནི། །བཛྲ་པཱ་ཤ་སིཏྱཱ་ཧཱུྃ། །སྙིང་གི་དབང་པོ་ཐམས་ཅད་ཀུན། །བསྐམས་སམ་ཕྱེ་མར་བྱས་ནས་ཀྱང་། །སྙིང་པོ་མཆོག་དང་སྦྱར་བྱས་ཞིང་། །དྲན་པའི་སྙིང་པོ་འབུམ་བཟླས་ཤིང་། །དཔལ་བེའུ་ཙིཏྟའི་དཀྱིལ་
འཁོར་ནས། །དྲན་པའི་རྟེན་གྱིས་ཡོངས་བསྐོར་ཏེ། །སྙིང་གི་དཀྱིལ་འཁོར་རྫོགས་པ་དང་། །དབང་པོ་ཐམས་ཅད་གསལ་བ་དང་། །ཐམས་ཅད་མ་ལུས་ཤེས་པར་འགྱུར། །གཞན་གྱི་སེམས་ནི་ཤེས་པའི་མཆོག །བཛྲ་ཙིཏྟ་སི་དྱཱ་ཧཱུྃ། །ལུས་ཀྱི་དབང་པོ་
Vol. 98 · folio 91a
ཐམས་ཅད་ཀུན། །བཏགས་སམ་ཕྱེ་མར་བྱས་ནས་ནི། །སྲ་མཁྲེགས་བཅུ་དང་སྦྱར་བྱས་ཏེ། །རེག་བྱའི་སྙིང་པོ་འབུམ་བཟླས་ན། །ལུས་ཀྱི་མངོན་ཤེས་ཐོབ་པར་འགྱུར། །མངོན་ཤེས་འདི་དག་ཀུན་རྫོགས་ན། །མི་གནས་ཡེ་ཤེས་ཆེན་པོའི་རྒྱུ། །པྲ་མོའང་
ནན་ཏན་མཆོག་ཏུ་བྱའོ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་མངོན་ཤེས་རིག་པའི་བསྒྲུབ་ལུགས་ཀྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་
པ་ཆེན་པོའི་ཚོགས་མཆོག་ཆེན་པོའི་བསྒྲུབ་ལུགས་ནི་འདི་ལྟར་རིག་པར་བྱའོ། །དོན་ལ་བརྩོན་པའི་རྣལ་འབྱོར་པས། །ལས་ཀྱི་སྟེགས་བུ་ཆག་ཕྱེད་པ། །མེ་རིས་བསྐོར་ཏེ་འབར་བར་བྱ། །དཀྱིལ་འཁོར་དེ་ཡི་མཎྜལ་ནི། །སུམ་བརྩེགས་བྱས་པའི་དབུས་ཟླ་གམ། །
བརྒྱད་ཀྱིས་མཛེས་པར་བྱ་བའོ། །ཕྱི་མཐའ་ཐོད་པའི་ཕྲེང་བས་བསྐོར། །དེ་མཐའ་མེ་དཔུང་འབར་བས་བསྐོར། །དེ་ཡི་ཕྱི་མཐའ་དམར་ཆེན་རྒྱས། །ཟླ་གམ་དབུས་སུ་དཔལ་ཆེན་འབར། །ཟླ་གམ་བརྒྱད་ལ་གནས་བདག་བརྒྱད། །མཐིང་ནག་ཡ་ཐ་མེ་རིར་
འབར། །དེ་འོག་ཐོད་པ་ཚར་གསུམ་དང་། །སྒོ་ཁྱམས་དུར་ཁྲོད་རྫས་ཀྱིས་བསྐོར། །སྒོ་བརྩེགས་སྒོ་ཁྱུད་ཐ་མ་བྲན། །ཐམས་ཅད་གང་ཡིན་དེ་ལྟར་སྦྱར། །ཕུན་སུམ་ཚོགས་པར་གྱུར་པ་ན། །རྣམ་བཞི་ལས་ཀྱི་མཎྜལ་བརྩམ། །འཇིགས་བྱེད་བསྐལ་
པའི་དཀྱིལ་འཁོར་དུ། །ཟ་བྱེད་འབར་བའི་ཕྱག་རྒྱ་ཡིས། །ཐར་པ་ཙ་ར་བསྒྲལ་བའི་ཕྱིར། །དྲོད་ལྡན་མན་ངག་འཆང་བ་དེས། །མཆོག་གི་བྱིན་བརླབས་གཞག་པར་བྱ། །དག་པ་གསུམ་གྱིས་གཞུང་བསྲང་ནས། །གནས་མཆོག་དབེན་པའི་རི་བོ་རྩེ། །རྣ་
ཉན་ཕྲ་གསག་ཅན་དང་བྲལ། །འདུ་འཛི་འགྲོ་འོང་ཆད་པ་དག །གསང་ཆེན་སྤྱོད་པའི་གནས་སུ་ཤིས། །རྣམ་བཞི་ལས་ཀྱི་རྟགས་ཉུང་ནའང་། །གཅིག་གཉིས་ལྡན་ན་འབྲིང་དུ་བཤད། །བསྒྲུབ་པའི་རྒྱལ་པོ་གདེང་ལྡན་པ། །ཤིན་ཏུ་བརྗིད་ཅིང་སྲན་ཚུགས་
Vol. 98 · folio 91b
པ། །ཁུ་འཕྲིག་རྟོག་བྲལ་བརྟུལ་ཞུགས་ཅན། །ལས་ཀྱི་ཕྲེང་བ་ལྷག་ཆད་མེད། །དྲི་ཞིམ་དག་པའི་སྨན་དག་གིས། །ཕྱི་བཀྲུ་ཤི་ནེ་ད་ཧུ་ལས། །ནང་ཡང་དག་པ་ཆེན་པོར་བྱ། །ཚད་མར་སྦྱར་བའི་བཀའ་དང་ནི། །ལྡན་ནས་དུས་བཏབ་ཤིན་ཏུ་བརྩམ། །དེ་ཡང་
བརྟག་པའི་གལ་ཆེན་ནི། །བཀྲ་ཤིས་མཛེས་དང་ལྡན་འགྱུར་བ། །བོང་ཚོད་ལོ་ནི་དར་ལ་བབ། །རིགས་ལྔའི་མཚན་དང་ལྡན་པ་ལ། །བསྒྲལ་བའི་རྫས་སུ་རུང་བ་དག །ཡིད་འོང་འབྱོར་ལྡན་བཙལ་ནས་ནི། །བསྒྲུབ་པའི་རྫས་སུ་བྱ་བ་དེ། །དེ་འདྲའི་མཚན་རྟགས་ཡོད་པ་
ནི། །ས་སྦྱངས་ས་ལ་སླེབས་པའོ། །བསྒྲུབ་པའི་རྒྱུ་མཆོག་དེ་དག་ནི། །འདའ་ཧུ་མན་འདས་དབང་པོ་བསྒྱུར། །རྡོ་རྗེ་པྲ་མཁན་ཕབ་ནས་ནི། །སྣང་སྲིད་ཐམས་ཅད་དྲི་བའམ། །ལེགས་ཉེས་ཐམས་ཅད་དྲི་བར་བྱ། །དབང་པོ་སྒོ་ལྔའི་དཀྱིལ་འཁོར་དུ། །བདུད་རྩི་རྣམ་
ལྔའི་ཐིག་ལེ་གདབ། །རྣམ་ཤེས་འབྱུང་བའི་སྒོ་ལྔ་རུ། །སོ་སོ་འབྱུང་བའི་རྫས་རྣམས་གདབ། །སོ་སོ་རིགས་ཀྱི་ཕྱག་རྒྱས་གདབ། །ཕྱག་རྒྱ་བཀོད་དེ་ཉོན་མོངས་བསྒྲལ། །བསྒྲལ་སྦྱར་ཐམས་ཅད་སྦྱངས་ནས་ནི། །མཆོད་དང་མཉེས་དང་དམ་སྐོངས་དང་། །དངོས་
གྲུབ་རྣམ་གསུམ་གང་ཐོབ་བླང་། །ཐོབ་ནས་ཐམས་ཅད་ཅི་བདེར་སྤྱད། །ཅེས་གསུངས་སོ། །དེ་ནས་སེམས་དཔའི་རྡོ་རྗེས་ཡང་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་བར་དུ་གཅོད་པ་ཐམས་ཅད་བཟློག་པའི་བསྒྲུབ་པ་ཆེན་པོ་ནི་འདི་ལྟར་རིག་པར་
བྱའོ། །གོང་མ་བཞིན་དུ་ལས་བརྩམས་ནས། །ཐར་པའི་རྒྱུ་མཆོག་དེ་དག་ནི། །རུས་པ་རྡོ་རྗེ་ཐལ་བར་བསྒྲུབ། །རུས་པའི་ཚོགས་ནི་ཐམས་ཅད་ཀུན། །བསྲེགས་དང་ལྕེ་པོག་ནག་པོར་སྦྱར། །ཁྱབ་འཇུག་གའུ་ཁ་སྦྱར་དུ། །བཅུག་སྟེ་འཇོམས་པའི་ཕྱག་རྒྱ་དང་། །
དྲག་པོ་སྔགས་ཀྱིས་བསྒྲུབ་བྱས་ནས། །གྲུབ་ན་རྣལ་འབྱོར་དོན་ལྡན་གྱི། །བར་ཆད་ཟློག་པའི་གཉེན་པོར་སྦྱར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་རྡོ་རྗེ་ཐལ་ཆེན་གྱི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་
Vol. 98 · folio 92a
ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་བྲ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ། །མཎྜལ་གྲུ་བཞི་པ་གཅིག་ལ། །ཟླ་གམ་སྒོ་གཅིག་རྡོ་རྗེས་བསྐོར། །མཐའ་ཁྱུད་སྒོ་བཞི་ལྡན་པར་བྲི། །རྒྱུ་མཆོག་དབང་པོ་ཕྱེད་
ལྡན་ཤིས། །ཕྱི་ཡི་ཁྲུས་རྣམས་བྱས་ནས་ནི། །ཤར་དུ་ཁ་བསྟན་དབུས་སུ་གཞག །ལྕེ་ལ་གཟུངས་ཐག་སྣ་ལྔས་གདགས། །རྣལ་འབྱོར་རྣམས་ཀྱིས་བསྐོར་བར་བྱ། །ཕྱག་རྒྱ་རྫས་དང་བཅས་པར་དགྲམ། །དེ་ཡི་ཁོང་དུ་གཞལ་ཡས་བསྐྱེད། །རིམ་པར་བརྩེགས་
པའི་དཀྱིལ་འཁོར་ནི། །འབར་བའི་འབྱུང་ཆེན་འབར་བ་ལྔ། །དོན་གྱི་ལྷ་མོ་ལྔ་རུ་གསལ། །ཀུན་གཞི་ཀུན་དུ་བཟང་མོར་གསལ། །དེ་ཡི་ཐུགས་ཀྱི་ཁོང་ཐག་ཏུ། །ཐིག་ལེ་ཟླ་བ་ཉ་རྒྱས་ལ། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཐུགས་ཀར་ནོར་བུ་རིན་ཆེན་
འབར། །དབུས་སུ་ཉི་མའི་གའུ་ལ། །དཔལ་བེའུ་ཡུངས་འབྲུའི་བུམ་པ་ལ། །ཧཱུྃ་དམར་ཏིལ་འབྲུར་གནས་པ་ནི། །བདེ་ཆེན་བྱང་ཆུབ་སེམས་ཞེས་བྱ། །རྡོ་རྗེ་གསང་ཐག་རྒྱུན་མི་གཅད། །རྡོ་རྗེ་ཁ་པྲ་གདབ་པར་བྱ། །དེ་ནས་མཚན་མ་བྱུང་གྱུར་ན། །དངོས་གྲུབ་བླངས་
ཏེ་དེ་བསྒྲལ་ལ། །བསྐམས་ཏེ་བདུད་རྩི་རྩ་བར་བྱ། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་མཆོག་ཕྲན་ཐབས་ཀྱིས་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་
ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །སྒྱུ་མ་ནི་དངོས་པོར་སྣང་ཡང་རང་བཞིན་མེད་པ་ཡིན་ཏེ། རང་བཞིན་མེད་པའི་དོན་ནི་ཆོས་ཉིད་རྡོ་རྗེ་ཡིན་ནོ། །དེ་བས་ན་སྒྱུ་མའི་ཆོས་ཐམས་
ཅད་ཁོང་དུ་ཆུད་པར་བྱའོ། །དེ་ནས་འཁོར་དེར་འདུས་པར་གྱུར་པའི་ལྷ་མ་ཡིན་གྱི་ཚོགས་བདག་སྒྱུ་མ་མཁན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱི་དམ་ཚིག་ནི་སྒྱུ་མའི་ཆོ་འཕྲུལ་ལ་གནས་ཤིང་སྒྱུ་མ་ཆེད་དུ་བགྱིད་ལགས་
Vol. 98 · folio 92b
ཀྱིས་བདག་ཅག་རྣམས་ཀྱི་དོན་ཆེད་དུ་སྒྱུ་མའི་ཆོས་ཐམས་ཅད་བཤད་དུ་གསོལ་ཞེས་གསོལ་བ་ལས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོགས་བདག་ཆེན་པོ་སྒྱུ་མའི་ཆོ་འཕྲུལ་ནི་འདི་ལྟར་རིག་པར་བྱའོ། །ཆོས་རྣམས་ཐམས་ཅད་སྒྱུ་མར་སྣང་། །སྒྱུ་
མའི་རང་བཞིན་སྟོང་པ་སྟེ། །སྟོང་པའི་དོན་རྣམས་གང་ཡིན་པ། །མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སྟོང་པ་ཉིད་ལ་སྒྱུ་མ་ཡི། །ཆོ་འཕྲུལ་བྱེ་བ་མང་པོ་འབྱུང་། །དེ་བཞིན་སྒྱུ་མའི་ཆོ་འཕྲུལ་ཡང་། །གྱིན་ད་ཙམ་གྱི་རྒྱུ་རྐྱེན་ལས། །ཆོ་འཕྲུལ་གཟུགས་ནི་ཐ་དད་
སྣང་། །སྣང་ཡང་དངོས་པོར་མ་གྲུབ་སྟེ། །འགྱུར་འཇིགས་མེད་པས་རྡོ་རྗེའི་དོན། །ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཀྱང་། །རྡེའུ་དང་ཤིང་བུའི་རྒྱུ་དག་ལས། །སྨན་དང་སྔགས་ཀྱིས་རྐྱེན་སྦྱར་ནས། །འབྲས་བུ་སྒྱུ་མའི་ཆོ་འཕྲུལ་འབྱུང་། །སྒྱུ་མའི་གསང་ཚིག་སྦྱོར་
བ་ནི། །སྒྱུ་མའི་བདག་པོས་འདི་སྐད་བཤད། །རྒྱུ་ལ་འདོད་པའི་གཟུགས་བྱས་ལ། །ཤེའུ་རེའུ་སྨན་གྱིས་བཏབ་ནས་ནི། །གསང་སྔགས་འདི་ཡི་སྦྱོར་བ་བྱ། །ཤེའུ་རེའུ་ཨི་ན་ཡ། །ཨ་མོ་ཁ་ཨ་གུསྶ་གུས། །ཆག་ཤིང་དག་གིས་བརྡབས་བྱས་ན། །ཇི་ལྟར་
འདོད་པ་སྣ་ཚོགས་བྱ། །བསྡུ་བར་འདོད་ན་སླར་བཟློག་བྱ། །དེས་ན་སྒྱུ་མའི་གཡེང་བ་ཅན། །དྲང་བའི་ཐབས་ཀྱིས་བཀྲི་བར་བྱ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་སྒྱུ་མ་རྡོ་རྗེའི་བསྒྲུབ་ལུགས་ཀྱི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།
དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ལ་དབང་སྒྱུར་བར་འདོད་ན་འདི་ལྟར་རིག་པར་བྱའོ། །ཕུན་སུམ་ཚོགས་པ་ཀུན་ལྡན་ནས། །སྟེགས་བུ་ཀུན་དུ་གྲུ་བཞི་ལ། །མུ་ཁྱུད་གཅིག་ཏུ་བསྐོར་
ནས་ནི། །ཟླ་བ་ཁམ་པའི་དབྱིབས་སུ་སུ་སྦྱར། །སྒོ་བཞི་གྲུ་ཆད་བཞིར་ལྡན་བྱ། །དབྱིབས་ཀྱིས་ཐིག་ལེ་ཟླུམ་པོ་ལ། །རྡོ་རྗེ་དང་ནི་ཉི་མས་བསྐོར། །དབུས་སུ་བྷན་དྷ་དཔལ་ལྡན་ལ། །དཔལ་ཆེན་ཡབ་ཡུམ་སྦྱར་ལ་གཞག །ཚལ་བུ་བརྒྱད་ལ་གནས་བརྒྱད་
Vol. 98 · folio 93a
སྦྱར། །ལྟེ་བ་བསྐོར་ཏེ་རིམ་པར་གཞག །ཐིག་ལེ་ཤར་གྱི་སྒོ་གང་དུ། །རྡོ་རྗེ་རྣལ་འབྱོར་གསང་མིང་དང་། །དངོས་གྲུབ་གསོལ་བྱ་བྲིས་ལ་གཞག །མཆོད་པའི་ཁྱམས་སུ་གྱུར་པ་ལ། །བསྒྲུབ་པའི་རྫས་དང་མཆོད་པ་རྣམས། །རིམ་པ་བཞིན་དུ་
མཛེས་པར་དགྲམ། །རྡོ་རྗེ་རྣལ་འབྱོར་དེ་དག་རྣམས། །རྡོ་རྗེ་ལྷགས་པའི་རྟགས་ཀྱིས་མཚན། །ཏིང་འཛིན་དཀྱིལ་འཁོར་རྫོགས་བྱས་ནས། །སྤྱན་དྲངས་མཆོད་པ་ཀུན་བསོགས་ཏེ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་ལས་རྣམས་ཀུན་
རྫོགས་ནས། །རྨད་དུ་བྱུང་བའི་གཏོར་མ་དག །ཆ་གསུམ་དང་པོ་སྦྱིན་སྲེག་བྱ། །བར་མ་མི་ཟད་གཏེར་དུ་སྦ། །བྱང་ཆུབ་སེམས་ཀྱི་ཆུ་བོ་དང་། །ཆོས་ཉིད་ནམ་མཁའི་དབྱིངས་ཆེན་དང་། །བྷ་ག་ཡུམ་གྱི་ས་གཞི་ལ། །ཤིན་ཏུ་སྦ་བའི་ཚུལ་དུ་སྦྱར། །ཆ་གཅིག་གཞལ་
ཡས་ཤར་སྒོ་ནས། །བཅུ་གསུམ་བཅལ་བར་སྟེགས་བུ་བྱ། །དེར་ནི་གནས་བདུན་གཙོ་རྣམས་ཀྱང་། །དེ་བཞིན་བཅུ་གསུམ་ལན་རེ་ལ། །གནས་ཀྱི་མགྲོན་ནི་མ་སྲིང་རྣམས། །བདུན་ཅུ་བར་དུ་ཀུན་རྫོགས་བྱ། །ཐ་མར་མཎྜལ་ཟླ་གམ་ལ། །ནུས་ན་མཁའ་འགྲོ་ནམ་
མཁའི་ཧོམ། །རྫོགས་བྱ་མ་ལུས་དེ་མགུ་བྱ། །ལྷག་མར་གྱུར་པ་ཀུན་རྫོགས་བྱ། །སྙིགས་མར་གྱུར་པ་ཐམས་ཅད་ཀྱང་། །སྦ་འམ་བསྲེག་གམ་ཆུ་ཀླུང་འདོར། །རྡོ་རྗེ་གནས་ཆེན་དེ་བསྲུངས་ཏེ། །གནས་ནི་སྦ་ཕྱིར་སུ་དག་གསང་། །མི་རིགས་ཕྱིར་ན་མཚན་མ་དག །རང་
རང་གནས་སུ་སླེབས་པར་བྱ། །གང་དག་འདུ་ཚེའང་དེ་བཞིན་ནོ། །འདི་ནི་ཐིག་ལེ་གཅིག་པ་ཡི། །བསྒྲུབ་ལུགས་ཡིན་པར་རྒྱལ་བས་བཤད། །འདི་དག་སྒྲུབ་པའི་སྐྱེས་བུ་ནི། །ཟླ་བའི་འཁོར་ལོ་ལ་གནས་ནས། །ཉི་མའི་འཁོར་ལོ་ཐོགས་ནས་ནི། །ཡང་དག་ཆོས་
ཀྱི་དབྱིངས་ཉིད་ལ། །དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར། །ཞེས་གསུངས་སོ། །ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །འདི་ཡང་རིམ་གྱིས་གོང་མ་ལྟར། །ཐམས་ཅད་ཚུལ་བཞིན་སྦྱར་བྱས་ནས། །ཕྱིར་ཀུན་
Vol. 98 · folio 93b
དུ་གྲུ་བཞི་ལ། །ཐིག་ལེ་ཟླ་བ་གཅིག་ཏུ་བྱ། །དེ་ལ་སྲད་བུ་བཞི་བསྣོལ་བས། །ལེའུ་ཚེ་དགུ་རུ་གྱུར་པར་བྱ། །ཕྱི་རོལ་མུ་ཁྱུད་ཐོད་པས་བསྐོར། །གྲུ་བཞི་གྲུ་ཆད་རབ་མཛེས་བརྒྱན། །དེ་ཡི་མཐའ་ཟད་ཁྱམས་གཅིག་ལ། །སྒོ་གདོང་སྒྲུབ་པ་པོ་ལ་ལྟ། །དབུས་
སུ་ཐིག་ལེ་དཀར་དམར་ལ། །ཁ་སྦྱོར་བར་དག་རྡོ་རྗེས་འབྲེལ། །དེར་ནི་དཔལ་ཆེན་ཡབ་ཡུམ་བཞུགས། །ཕྱི་མཚམས་ལེའུ་ཚེ་དེ་བརྒྱད་ལ། །ཟླ་གམ་བརྐྱང་བ་བརྒྱད་བྱས་ཏེ། །ཡེ་ཤེས་གནས་ཀྱི་མ་བརྒྱད་དགོད། །ཕྱི་རོལ་སྒོ་གཅིག་ཁྱམས་དེ་ལ། །བསྒྲུབ་པའི་
རྫས་ཀྱིས་མཛེས་པར་དགྲམ། །བསམ་བྱ་བསྒྲུབ་པ་ལ་སོགས་ཀུན། །ཐམས་ཅད་དེ་བཞིན་འདིར་སྦྱར་བྱ། །འདི་ལྟར་གྲུབ་པའི་སྐྱེས་བུ་གང་། །ཆོས་ཀྱི་རྒྱལ་པོར་གྱུར་པ་སྟེ། །ཐམས་ཅད་ཀུན་ལ་དབང་སྒྱུར་བའི། །སྐྱེས་བུ་ཆེན་པོར་དེ་འགྱུར་རོ། །ཞེས་གསུངས་སོ། །
དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་ཆོ་འཕྲུལ་ཐམས་ཅད་ལ་དབང་སྒྱུར་བ་ཞེས་བྱ་བ་འདི་གསུངས་སོ། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །འདི་ཡང་ཐམས་ཅད་དེ་འདྲར་སྦྱར། །ཀུན་དུ་གྲུ་བཞིར་ལྡན་འགྱུར་བ། །འཁོར་ལོ་རྩིབས་བརྒྱད་དག་ཏུ་བྱ། །གྲུ་ཆད་
བཞི་ཡི་ཕྱི་རོལ་དུ། །སྒོ་བཞི་དག་དང་ལྡན་པར་བྱ། །ཕྱི་ཁྱམས་དམར་ནག་མེ་རི་ཀློང་། །ཤིན་ཏུ་བརྗིད་ཅིང་འཇིགས་པར་བྲི། །ཐིག་ལེ་དབུས་ཀྱི་སྙིང་པོ་ལ། །ཟླ་གམ་འབར་བས་མཚན་པར་བྱ། །རྩིབས་མཆོག་བརྒྱད་ལ་ཟླ་གམ་ནི། །ནང་དུ་ལྟ་བ་དེ་བརྒྱད་
བྲི། །རྩིབས་མཆན་བརྒྱད་ལའང་དེ་བཞིན་ཏེ། །རྡོ་རྗེ་སྒོ་མོ་བཞི་རྣམས་ཏེ། །ཕྱག་རྒྱ་རིམ་པར་བཀྲམ་བྱས་ནས། །བསྒྲུབ་པའི་ལས་རྣམས་ཀུན་རྫོགས་བྱའོ། །དེ་ལྟར་གྲུབ་པའི་རྣལ་འབྱོར་པ། །འཇིག་རྟེན་པ་དང་འཇིག་རྟེན་ལས། །འདས་པའི་ཆོ་འཕྲུལ་
ཐམས་ཅད་ལ། །དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར། །ཞེས་གསུངས་སོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་ཐིག་ལེ་སྒྲུབ་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།དེ་ནས་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words