ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 28 · folio 342a
གང་གིས་གང་ཟག་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་གང་ཟག་རྣམ་པར་དགོད་
པའི་ཆོས་དེ་དག་ཀྱང་སྤྲུལ་པ་ལྟ་བུ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་སྤྲུལ་པ་སྟེ། དེ་ལ་ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ། །ལ་ལ་ནི་རང་སངས་རྒྱས་ཀྱིས་སྤྲུལ་པའོ། །ལ་ལ་ནི་བྱང་ཆུབ་སེམས་དཔས་སྤྲུལ་
པའོ། ལ་ལ་ནི་དེ་བཞིན་གཤེགས་པས་སྤྲུལ་པའོ། །ལ་ལ་ནི་ཉོན་མོངས་པས་སྤྲུལ་པའོ། །ལ་ལ་ནི་ལས་ཀྱིས་སྤྲུལ་པའོ། །རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་སྤངས་པ་ཞེས་བགྱི་བ། རྒྱུན་ཏུ་
ཞུགས་པའི་འབྲས་བུ་འམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། དགྲ་བཅོམ་པ་ཉིད་དམ། རང་སངས་རྒྱས་ཀྱི་ས་འམ། སངས་རྒྱས་ཀྱི་ས་འམ། བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤངས་པའི་ཆོས་དེ་དག་ཀྱང་
སྤྲུལ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བསྐྱེད་པ་འམ། བཀག་པའི་ཆོས་གང་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཆོས་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད་པ་དེ་ནི་མ་སྤྲུལ་པའོ། །གསོལ་པ། དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཉམ་པའི་མྱ་ངན་ལས་འདས་པ་སྟེ། ཆོས་དེ་ནི་མ་སྤྲུལ་པའོ། །གསོལ་པ། བཅོམ་ལྡན་འདས་
ཀྱིས་འདི་སྐད་དུ། སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ། གཉིས་སུ་ཡང་མི་དམིགས་ཏེ། ཆོས་གང་ཡང་སྟོང་པ་ཉིད་མ་ཡིན་པ་དེ་ལྟ་བུ་མེད་དོ་ཞེས་བཀའ་སྩལ་པ། ལྟར་ན་བཅོམ་ལྡན་འདས་མི་མཉམ་པའི་མྱ་ངན་ལས་འདས་པ་ཡང་སྤྲུལ་པར་འགྱུར་རོ། །བཅོམ་ལྡན་འདས་
Vol. 28 · folio 342b
ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། དེ་དག་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མ་བྱས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མ་བྱས་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ལས་དང་པོ་པའི་གང་ཟག་གིས། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་འཚལ་བར་བགྱི་
ན། ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཅི་སྔོན་དངོས་པོ་ཡོད་པར་འགྱུར་ལ། ཕྱིས་དངོས་པོ་མེད་པར་འགྱུར་བ་ཡོད་དམ། རབ་འབྱོར་འདི་ལ་དངོས་པོ་ཡོད་པ་ཡང་མེད། དངོས་པོ་མེད་པ་ཡང་མེད།
ངོ་བོ་ཉིད་ཀྱང་མེད། གཞན་གྱི་དངོས་པོ་ཡང་མེད་ན། དེ་ལ་གང་ཡོངས་སུ་ཤེས་པར་བྱ་བའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ལྟ་ཡོད་པར་འགྱུར་རེ་སྐན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཆོས་ཉིད་མི་འགྱུར་བ་བསྟན་པའི་ལེའུ་སྟེ་བདུན་ཅུ་གཅིག་པའོ་
།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བདུན་ཅུ་དྲུག་པ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཞུས་པ། བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འཚལ་བས། གཟུགས་ལ་ཇི་ལྟར་བསླབ་པར་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་སྐྱེ་མཆེད་དང་། རྣ་
བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་།
Vol. 28 · folio 343a
ཆོས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་།
དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་
ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཇི་ལྟར་བསླབ་པར་བགྱི། མིག་གི་འདུས་ཏེ་རེག་པའི་སྐྱེ་མཆེད་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པའི་སྐྱེ་མཆེད་ལ་ཇི་ལྟར་བསླབ་པར་བགྱི། མ་རིག་པ་ལ་ཇི་ལྟར་བསླབ་པར་བགྱི།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་ཚོར་བ་དང་སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་རྒ་ཤི་ལ་ཇི་ལྟར་བསླབ་པར་བགྱི། སྡུག་བསྔལ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི།
ཀུན་འབྱུང་བའི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་དང་ཆོས་ལ་ཇི་ལྟར་བསླབ་པར་བགྱི། གཟུགས་མེད་པ་དང་། སྣང་བ་དང་བཅས་པ་དང་། སྣང་བ་མེད་པ་དང་ཐོགས་པ་དང་བཅས་པ་དང་།
ཐོགས་པ་མེད་པ་དང་འདུས་བྱས་དང་འདུས་མ་བྱས་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟན་པར་བྱ་བ་དང་། བསྟན་པར་མི་བྱ་བ་དང་། བཟང་པོ་དང་ངན་པ་དང་ནང་གི་དང་
ཕྱིའི་དང་མཐོང་བ་དང་ཐོས་པ་དང་། ཤེས་པ་དང་རྣམ་པར་ཤེས་པ་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དང་། དགེ་བ་དང་མི་དགེ་བ་དང་ལུང་སྟོན་པ་དང་ལུང་མ་བསྟན་པ་དང་། འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་དང་། གཟུགས་
Vol. 28 · folio 343b
མེད་པར་གཏོགས་པ་དང་མ་གཏོགས་པ་དང་། སློབ་པ་དང་མི་སློབ་པ་དང་། སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་དང་། འདོད་ཆགས་དང་། ཁོང་ཁྲོ་བ་དང་། ང་རྒྱལ་དང་། མ་རིག་པ་དང་། ལྟ་བ་དང་ཐེ་ཚོམ་ལ་ཇི་ལྟར་བསླབ་པར་བགྱི། སྦྱིན་པ་དང་སེར་སྣ་དང་།
ཚུལ་ཁྲིམས་དང་ཚུལ་ཁྲིམས་ངན་པ་དང་། བཟོད་པ་དང་གནོད་སེམས་དང་། བརྩོན་འགྲུས་དང་ལེ་ལོ་དང་བསམ་གཏན་དང་། གཡེང་བ་དང་ཤེས་རབ་དང་། ཤེས་རབ་ངན་པ་ལ་ཇི་ལྟར་བསླབ་པར་བགྱི། སྟོང་པ་ཉིད་དང་རྣམ་པར་རྟོག་པ་དང་། མཚན་མ་མེད་པ་དང་།
མཚན་མ་དང་སྨོན་པ་མེད་པ་དང་། ལོག་པའི་སྨོན་ལམ་དང་། མི་དགེ་བའི་ཆོས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ལ་ཇི་ལྟར་བསླབ་པར་བགྱི། ཉོན་མོངས་པ་དང་ཉོན་མོངས་པ་སྤང་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་
དང་། འཁོར་བ་དང་མྱ་ངན་ལས་འདས་པ་དང་། བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས་གཟུགས་མིང་ཙམ་དུ་ཟད་པར་བསླབ་པར་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མིང་ཙམ་
དུ་ཟད་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མིང་ཙམ་དུ་ཟད་པར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་གཟུགས་ཤེས་བགྱི་
བར་མིང་དུ་བརྗོད་པ་འདི་དངོས་པོ་དང་། བཅས་པར་དམིགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བགྱི་བར་མིང་དུ་བརྗོད་པ་འདི་དངོས་པོ་དང་བཅས་པར་དམིགས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མིང་དུ་བརྗོད་པ་འདི་
Vol. 28 · folio 344a
དངོས་པོ་དང་བཅས་པར་དམིགས་ཏེ། འདི་ལྟར་འདུས་བྱས་ཀྱི་མཚན་མ་དེ་དང་དེ་དག་ལ་བརྟེན་ནས་དངོས་པོ་དང་བཅས་པར་དམིགས་ན་དེ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་མིང་ཙམ་དུ་བས་པར་བསླབ་པར་བགྱི། ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མིང་ཙམ་དུ་བས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མིང་ཙམ་དུ་བས་པར་བསླབ་པར་བགྱི། མིང་དེ་ནི་དངོས་པོ་མ་མཆིས་ན། གང་འདི་གཟུགས་སོ་ཞེས་བགྱི་བའི་མིང་ཙམ་པོ་དེ་ཡང་མི་རིགས་སོ། །
གང་འདི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བགྱི་བའི་མིང་ཙམ་པོ་དེ་ཡང་མི་རིགས་པ་ནས། གང་འདི་སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་བར་གྱི་མིང་ཙམ་པོ་དེ་ཡང་མི་རིགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་གང་འདི་གཟུགས་ཤེས་བྱ་བ་འདི་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་མིང་བླ་ཐབས་སུ་བཏགས་པའོ། །གང་འདི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་
པ་ཞེས་བྱ་བ་དེ་ནི་མིང་བླ་ཐབས་སུ་བཏགས་པ་ནས། གང་འདི་སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་མིང་བླ་ཐབས་སུ་བཏགས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་
ལྡན་འདས་གང་གི་སླད་དུ་དེས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མིང་གི་གཟུགས་སོ་ཞེས་བྱ་བའི་མིང་དེ་ལ་ཡིད་ཆེས་ཁོང་དུ་ཆུད་སོ་སོར་རིག་པར་འགྱུར་ཏེ། གཟུགས་ཤེས་བགྱི་བའི་མིང་དེས་ཀྱང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་ཡིད་ཆེས་པར་ཁོང་དུ་ཆུད་
པ་དང་། སོ་སོར་རིག་པར་འགྱུར་ན་དེ་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གང་འདི་གཟུགས་སོ་ཞེས་མིང་བླ་ཐབས་སུ་བཏགས་པར་འགྱུར། བཅོམ་ལྡན་འདས་གང་གི་སླད་དུ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཚོར་བ་ཞེས་བགྱི་བ་དང་། འདུ་ཤེས་དང་།
Vol. 28 · folio 344b
འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་ནས། བཅོམ་ལྡན་འདས་གང་གིས་སླད་དུ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་བར་གྱིས་ཡིད་ཆེས་པ་དང་ཁོང་དུ་ཆུད་པ་དང་། སོ་སོར་རིག་པར་འགྱུར། ཚོར་བ་ཞེས་བགྱི་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བགྱི་བ་དེ་དག་དང་། སངས་རྒྱས་ཀྱི་ཆོས་ཀྱི་བར་གྱི་མིང་དེ་དག་གིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དག་ལ་ཡིད་ཆེས་པ་དང་ཁོང་དུ་ཆུད་པ་དང་། སོ་སོར་རིག་པར་འགྱུར་ན། དེ་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་
དངོས་པོ་དེ་དག་ལ་གང་འདི་ནི་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །ཞེས་པ་ནས། གང་འདི་ནི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུ་མིང་དེ་དག་བླ་ཐབས་སུ་བཏགས་པར་འགྱུར། དེ་སྐད་ཅེས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། དེའི་ཕྱིར་ཁྱོད་ཉིད་ལ་དྲིས། ཁྱོད་ཉིད་ཀྱིས་ཇི་ལྟར་ནུས་པ་དེ་ལྟར་ལན་ཐོབ་ཤིག །བྱམས་པ་དེ་ཇི་སྙམ་དུ་སེམས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གང་
འདི་གཟུགས་ཤེས་བྱ་བའི་མིང་དེ་ལས་གཞི་མ་བླངས་མ་བརྟེན་མི་གནས་པར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་འདི་ནི་གཟུགས་སོ་ཞེས་བྱ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས། འདུ་བྱེད་
ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གང་འདི་ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་དེ། བྱམས་པ་དེ་ཇི་སྙམ་དུ་སེམས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ། གང་འདི་སངས་རྒྱས་ཀྱི་ཆོས་ཤེས་བྱ་
བའི་བར་དུ་མིང་དུ་བཏགས་པ་དེ་དག་ལས་གཞི་མ་བླངས་མ་བརྟེན་མི་གནས་པར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་དེ་ལྟར་འགྱུར་རམ། གསོལ་
Vol. 28 · folio 345a
པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བྱམས་པ་གཞུང་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་
པ་ཞེས་བྱ་བ་གང་ཡིན་པ་དེ་ནི་མིང་བླ་ཐབས་སུ་བཏགས་པའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་མིང་བླ་ཐབས་སུ་བཏགས་པའོ། །བྱམས་པ་དེ་ཇི་སྙམ་དུ་སེམས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་
དག་ལ་མིང་དང་བརྡ་དང་། ཐ་སྙད་དང་། གདགས་པ་རྣམ་པ་སྣ་ཚོགས་ཀྱིས་ཉེ་བར་སྤྱོད་པ་འམ། ཐ་སྙད་དུ་བྱ་བ་འམ། གདགས་པ་འམ། མངོན་པར་ཞེན་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་འགྱུར་རོ། །བྱམས་པ་གཞུང་དེས་ཀྱང་
ཁྱོད་ཀྱིས་དེ་འདི་ལྟར་རིག་པར་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་ཤེས་བྱ་བ་གང་ཡིན་པའི་བར་དུ་
དེ་དག་ནི་མིང་བླ་ཐབས་སུ་བཏགས་པའོ། །ཅི་འདི་ལ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དག་ཉིད་ཁ་ཅིག་ལ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལས་གཞན་བདག་གི་འདུ་ཤེས་སམ། གདགས་པ་འམ། མིང་འམ་ཐ་སྙད་དམ། མངོན་པར་ཞེན་པར་འགྱུར་རམ།
གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་འགྱུར་རོ། །བྱམས་པ་གཞུང་འདིས་ཀྱང་ཁྱོད་ཀྱིས་དེ་འདི་ལྟར་རིག་པར་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་
པ་དང་། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་དེ་དག་ནི་མིང་བླ་ཐབས་སུ་བཏགས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟ་ན། གང་འདུ་བྱེད་ཀྱི་མཚན་
Vol. 28 · folio 345b
མའི་དངོས་པོ་གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཉིད་དུ་མི་འགྱུར་རམ། གང་ལ་བརྟེན་ནས་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་དུ་འགྱུར་བ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་དང་།
སངས་རྒྱས་ཀྱི་ཆོས་ཞེས་བྱ་བའི་བར་དུ་དེ་དག་དམིགས་པ་ཉིད་དུ་མི་འགྱུར་རམ། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་དང་། འདུ་ཤེས་དང་། གདགས་པ་
དང་། ཐ་སྙད་དུ་གཟུགས་ཤེས་བྱ་བ་གང་ཡིན་པ་དེ་ཇི་སྙམ་དུ་སེམས། ངོ་བོ་ཉིད་དམ། རང་བཞིན་ནམ་འོན་ཏེ་བཏགས་པ་ཙམ་དུ་ཟད། གསོལ་པ། བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་སོ། །འོ་ན་བྱམས་པ་ཁྱོད་ཇི་ལྟར་འདི་སྙམ་དུ་གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་
ཉིད་དོ་སྙམ་དུ་སེམས་སོ། །བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་གང་ཡིན་པ་དེ་དག་ཇི་སྙམ་དུ་
སེམས། ངོ་བོ་ཉིད་དམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་བཏགས་པ་ཙམ་དུ་ཟད། གསོལ་པ། བཅོམ་ལྡན་འདས་བཏགས་པ་ཙམ་དུ་བས་སོ། །འོ་ན་བྱམས་པ་ཁྱོད་ཇི་ལྟར་འདི་སྙམ་དུ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་དམིགས་པ་ཉིད་དུ་སེམས། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་དེ་སྟེ། གཟུགས་མིང་དང་། འདུ་ཤེས་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཙམ་ལགས་པ་དང་། བཅོམ་ལྡན་འདས་དེ་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་མིང་དང་། འདུ་
Vol. 28 · folio 346a
ཤེས་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཙམ་ལགས་ཏེ། དེ་ལྟར་གྱུར་ན་གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཉིད་དུ་མི་འགྱུར་རམ། དེ་ལྟར་གྱུར་ན་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་
ཆོས་ཀྱི་བར་དུ་མིང་དང་། འདུ་ཤེས་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཙམ་ཞེས་བགྱི་བ་དེའི་ངོ་བོ་ཉིད་དམིགས་པ་ཉིད་དུ་མི་འགྱུར་རམ། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །
བྱམས་པ་དེ་ཇི་སྙམ་དུ་སེམས། གང་གཟུགས་ཤེས་བྱ་བ་དེ་མིང་དང་། འདུ་ཤེས་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཙམ་འམ། འོན་ཏེ་དེ་ལ་སྐྱེ་བ་འམ། འཇིག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་
ལྡན་འདས་མ་ལགས་སོ། །བཀའ་སྩལ་པ། འོ་ན་བྱམས་པ་ཁྱོད་ཇི་ལྟར་འདི་སྙམ་དུ་གཟུགས་ཀྱི་ངོ་བོ་ཉིད་ཡོད་པར་སེམས། བྱམས་པ་དེ་ཇི་སྙམ་དུ་སེམས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་
བར་དུ་གང་ཡིན་པ་དེ་དག་མིང་དང་། འདུ་ཤེས་དང་། བརྡ་དང་། གདགས་པ་དང་། ཐ་སྙད་ཙམ་མམ། འོན་ཏེ་དེ་ལ་སྐྱེ་བ་འམ། འཇིག་པ་འམ། ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བ་ཡོད། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །
འོ་ན་བྱམས་པ་ཁྱོད་ཇི་ལྟར་འདི་སྙམ་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ངོ་བོ་ཉིད་ཡོད་པར་སེམས། དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་
གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། གཟུགས་རྣམ་པ་ཐམས་ཅད་དང་། མཚན་ཉིད་ཐམས་ཅད་དུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཅི་ལགས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་
Vol. 28 · folio 346b
ཀྱི་ཆོས་ཀྱི་བར་དུ་རྣམ་པ་ཐམས་ཅད་དང་། མཚན་ཉིད་ཐམས་ཅད་དུ་མ་མཆིས་པ་ལགས་སམ། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་བཀའ་སྩལ་ཏོ། །བྱམས་པ་ང་ནི་གཟུགས་རྣམ་པ་ཐམས་ཅད་དང་།
མཚན་ཉིད་ཐམས་ཅད་དུ་མེད་དོ་ཞེས་མི་སྨྲའོ། །བྱམས་པ་ང་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རྣམ་པ་ཐམས་ཅད་དང་། མཚན་ཉིད་ཐམས་ཅད་དུ་མེད་དོ་ཞེས་མི་སྨྲའོ། །དེ་སྐད་བཀའ་སྩལ་པ་དང་
བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་ཇི་ལྟ་བུར་མཆིས་བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཇི་ལྟ་བུར་མཆིས།
དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་གཟུགས་ནི་འཇིག་རྟེན་གྱི་བརྡ་དང་། ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ། །བྱམས་པ་ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་འཇིག་རྟེན་གྱི་བརྡ་དང་། ཐ་སྙད་དུ་ཡོད་ཀྱི་དོན་དམ་པར་ཡོད་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་
སྐད་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་འཚལ་བ་ལྟར་ན། དབྱིངས་འདི་ནི་དོན་དམ་པར་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས་དེ་སྟེ་དོན་དམ་པར་བརྗོད་དུ་མ་མཆིས་པའི་དབྱིངས་ལགས་ན། བཅོམ་ལྡན་
འདས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ཇི་ལྟར་གཟུགས་ཤེས་བགྱི་བའི་མིང་བླ་ཐབས་སུ་གདགས། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལགས་པ་དེ་ལ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་
Vol. 28 · folio 347a
བར་དུ་ཇི་ལྟར་མིང་བླ་ཐབས་སུ་གདགས། དེ་བས་ན་དོན་དམ་པར་མ་མཆིས་སོ། །དེ་སྟེ་དོན་དམ་པར་མ་མཆིས་ན། དེ་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་བརྗོད་དུ་མ་མཆིས་པར་འགྱུར། དེ་བས་ན་བརྗོད་དུ་མ་མཆིས་པའི་དབྱིངས་ཤེས་
བགྱི་བ་མི་རིགས་སོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། དེ་བས་ན་བྱམས་པ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་ནུས་པ་ལན་ཐོབ་ཤིག །བྱམས་པ་དེ་ཇི་སྙམ་དུ་སེམས། ནམ་ཁྱོད་
བརྗོད་དུ་མེད་པའི་དབྱིངས་ལ་ཤེས་རབ་སྤྱོད་པ་དེའི་ཚེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་གང་ལ་མིང་བླ་ཐབས་སུ་གདགས་
པར་བྱ་བ་དེ་དག་ཁྱོད་ཀྱིས་ཡོད་པར་དམིགས་སམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཞུང་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་བརྗོད་
དུ་མེད་པའི་དབྱིངས་ཀྱང་མ་ཡིན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་མིང་བླ་ཐབས་སུ་གདགས་པ་
དེ་དག་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པ་ཡང་མ་ཡིན་ནོ། །བྱམས་པ་དེ་སྟེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་བརྗོད་དུ་མེད་པའི་དབྱིངས་ཡིན་པར་གྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མྱ་ངན་ལས་འདས་པ་འམ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་སངས་རྒྱས་པར་འགྱུར་རོ། །བྱམས་པ་དེ་སྟེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་ཞིག་ཡིན་ན་ནི་བརྗོད་དུ་མེད་པའི་དབྱིངས་གང་ལ། བརྗོད་དུ་མེད་པའི་དབྱིངས་རབ་ཏུ་ཆུད་པར་བྱ་བ་དེའི་མཚན་མ་ཡང་དམིགས་
Vol. 28 · folio 347b
སུ་མེད་པར་འགྱུར་རོ། །བྱམས་པ་གཞུང་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་བརྗོད་དུ་མེད་པའི་དབྱིངས་ཀྱང་མ་ཡིན། གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་
པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཤེས་བྱ་བའི་བར་དུ་མིང་བླ་ཐབས་སུ་གདགས་པ་དེ་དག་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པ་ཡང་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་
སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་སྟེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དབྱིངས་དང་ཉེ་བར་འབྲེལ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཤེས་བགྱི་བའི་བར་དུ་མིང་བླ་ཐབས་སུ་གདགས་པ་གང་ལགས་པ་དེ་དག་དམིགས་སུ་མ་མཆིས་ན། བཅོམ་ལྡན་འདས་དེ་ཅི་ལགས། མཆིས་པ་ལས་དམིགས་སུ་མ་མཆིས་སམ་
འོན་ཏེ་མ་མཆིས་པ་ལགས། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རང་དབང་དུ་ཡོད་པ་ཉིད་དམ། མེད་པ་ཉིད་དུ་འགྱུར་བ་གང་ཡང་མེད་
དོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཁྱོད་གང་གི་ཚེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་རྣམ་པར་རྟོག་པ་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རྣམ་པར་རྟོག་པས་གཟུང་བ་མ་ཡིན་ནམ། གང་གི་ཚེ་བརྗོད་དུ་མེད་པའི་དབྱིངས་དང་ཉེ་བར་འབྲེལ་པའི་ཤེས་རབ་ཀྱི་
སྤྱོད་པ་ལ་གནས་ཤིང་། རྣམ་པར་མི་རྟོག་པ་དེའི་ཚེ་ན་ཡང་། རྣམ་པར་མི་རྟོག་པས་ཟིན་པར་མ་གྱུར་ཏམ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བྱམས་པ་དེ་ལྟ་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་།
Vol. 28 · folio 348a
འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས་བྱ་བར་མིང་བླ་ཐབས་སུ་གདགས་པ་གང་ཡིན་པ་དེ་དག་རྣམ་པར་རྟོག་པ་ཙམ་དུ་ཟད་པ་མ་ཡིན་ནམ། དེ་རྣམ་པར་རྟོག་པ་ཙམ་དུ་ཟད་ན་ཡང་། རྣམ་པར་མི་རྟོག་པའི་དབྱིངས་
ལ་གནས་ཤིང་། རྣམ་པར་རྟོག་པ་བསྩལ་པ་ན། ཡོད་པར་དམིགས་པ་གང་ལ་གཟུགས་ཤེས་བྱ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་ཡོད་པར་དམིགས་པ་དེ་གང་ཡིན། དེ་སྐད་ཅེས་
བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་རབ་ཏུ་འབྱེད་མཁས་པ་ལ་གནས་པས་གཟུགས་རབ་ཏུ་དབྱེ་བ་
རྣམ་པ་དུས་གདགས་པ་འཚལ་བར་བགྱི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ཏུ་དབྱེ་བ་རྣམ་པ་དུས་གདགས་པར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་རབ་ཏུ་འབྱེད་མཁས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་གྱིས་གཟུགས་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་
བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ཏུ་དབྱེ་བ་གདགས་པ་རྗེས་སུ་ཤེས་པར་བྱ་སྟེ། འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་གཟུགས། འདི་ནི་རྣམ་པར་བརྟགས་པའི་གཟུགས་
འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་ཚོར་བ། འདི་ནི་རྣམ་པར་བརྟགས་པའི་ཚོར་བ། འདི་ནི་ཆོས་ཉིད་ཀྱི་ཚོར་བའོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་འདུ་ཤེས། འདི་ནི་རྣམ་པར་བརྟགས་པའི་འདུ་ཤེས། འདི་ནི་
Vol. 28 · folio 348b
ཆོས་ཉིད་ཀྱི་འདུ་ཤེས་སོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་འདུ་བྱེད། འདི་ནི་རྣམ་པར་བརྟགས་པའི་འདུ་བྱེད། འདི་ནི་ཆོས་ཉིད་ཀྱི་འདུ་བྱེད་དོ། །འདི་ལྟར་འདི་ནི་ཡོངས་སུ་བརྟགས་པའི་རྣམ་པར་ཤེས་པ། འདི་ནི་རྣམ་པར་བརྟགས་པའི་རྣམ་པར་ཤེས་པ།
འདི་ནི་ཆོས་ཉིད་ཀྱི་རྣམ་པར་ཤེས་པའོ་ཞེས་བྱ་བ་ནས། འདི་ལྟར་འདི་དག་ནི་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་འདི་དག་ནི་རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས། འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུའོ། །དེ་སྐད་བཀའ་
སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་གཟུགས་གང་ལགས་རྣམ་པར་བརྟགས་པའི་གཟུགས་གང་ལགས། ཆོས་ཉིད་ཀྱི་གཟུགས་གང་ལགས།
བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ལགས། བཅོམ་ལྡན་འདས་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་ལགས། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་
ལགས། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་གང་ལགས། བཀའ་སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་གཟུགས་སོ་ཞེས་མིང་དང་འདུ་ཤེས་དང་ཐ་སྙད་དུ་བྱ་བ་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་འདི་ནི་ཡོངས་སུ་
བརྟགས་པའི་གཟུགས་སོ། །བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་བར་དུ་མིང་དང་། འདུ་ཤེས་དང་། གདགས་པ་དང་ཐ་སྙད་དུ་བྱ་བ་ལ་བརྟེན་ནས་
ཚོར་བའི་ངོ་བོ་ཉིད་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་གང་ཡིན་པ་འདི་དག་ནི། ཡོངས་སུ་བརྟགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་
Vol. 28 · folio 349a
སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་འདི་དག་ནི་ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་སོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་དག་ལ་རྣམ་པར་རྟོག་པའི། ཆོས་ཉིད་ཙམ་དུ་གནས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས། མངོན་པར་སྨྲ་བ་གང་ལ་
འདི་ནི་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་ཀྱི་གཟུགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ་ཞེས་བྱ་བ་གང་ཡིན་པ་འདི་ནི་རྣམ་པར་བརྟགས་པའི་གཟུགས་སོ། །འདི་ནི་
རྣམ་པར་བརྟགས་པའི་ཚོར་བ་རྣམ་པར་བརྟགས་པའི་འདུ་ཤེས་རྣམ་པར་བརྟགས་པའི་འདུ་བྱེད། རྣམ་པར་བརྟགས་པའི་རྣམ་པར་ཤེས་པ་ནས། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་བར་དུའོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་
གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་ཉིད་དང་ཆོས་ཀྱི་གནས་ཉིད་ཀྱི་དབྱིངས་འདི་དག་ནི་གནས་པ་ཉིད་དེ། བརྟགས་པའི་གཟུགས་གང་ཡིན་པ་དེས། རྣམ་པར་བརྟགས་པའི་གཟུགས་དེ་རྟག་ཅིང་རྟག་པའི་དུས་བརྟན་ཞིང་བརྟན་པའི་དུས་སུ་ངོ་བོ་ཉིད་མེད་ཅིང་
ཆོས་བདག་མེད་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་གང་ཡིན་པ་འདི་ནི་ཆོས་ཉིད་ཀྱི་གཟུགས་སོ། །འདི་ནི་ཆོས་ཉིད་ཀྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་འདི་དག་ནི་ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་སོ་ཞེས་བྱ་བའི་
བར་དུའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་གཟུགས་འདི་གསུམ་ལས་གཟུགས་གང་རྫས་མ་མཆིས་པར་བལྟ་བར་བགྱི། གང་རྫས་མཆིས་པ་ལགས། གང་
རྫས་མཆིས་པ་ཡང་མ་ལགས། རྫས་མ་མཆིས་པ་ཡང་མ་ལགས་ལ། དོན་དམ་པས་རབ་ཏུ་ཕྱེ་བ་ལགས། བཅོམ་ལྡན་འདས་ཚོར་བ་འདི་གསུམ་དང་། འདུ་ཤེས་འདི་གསུམ་དང་། འདུ་བྱེད་འདི་གསུམ་དང་། རྣམ་པར་ཤེས་པ་འདི་གསུམ་ནས། སངས་
Vol. 28 · folio 349b
རྒྱས་ཀྱི་ཆོས་འདི་གསུམ་གྱི་བར་དུ་སངས་རྒྱས་ཀྱི་ཆོས་གང་རྫས་མ་མཆིས་པར་བལྟ་བར་བགྱི། གང་རྫས་མཆིས་པར་བལྟ་བར་བགྱི། གང་རྫས་མ་མཆིས་པ་ཡང་མ་ལགས། རྫས་མཆིས་པ་ཡང་མ་ལགས་པར་བལྟ་བར་བགྱི་ཞིང་དོན་དམ་པས་རབ་ཏུ་ཕྱེ་བ་
ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་གཟུགས་གང་
ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་ལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟའོ། །ཡོངས་སུ་བརྟགས་པའི་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་ནས། ཡོངས་སུ་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པའི་བར་དུ་འདི་དག་ནི་རྫས་མེད་པར་བལྟའོ། །རྣམ་པར་བརྟགས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་ནས་རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་གང་ཡིན་པའི་བར་དུ་རྣམ་པར་རྟོག་པ་རྫས་ཡོད་པའི་ཕྱིར་རྫས་ཡོད་པར་བལྟའི། རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །བྱམས་པ་ཆོས་ཉིད་ཀྱི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་གང་ཡིན་པ་ནས། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་གང་ཡིན་པའི་བར་དུ་དེ་དག་ནི་རྫས་མེད་པ་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ་དོན་དམ་པས་རབ་ཏུ་ཕྱེ་བ་ཡིན་པར་བལྟའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་
པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་འདི་ལྟར་གཟུགས་ཤེས་བགྱི་བ་གཉིས་སུ་མ་མཆིས་པར་བརྩིས་འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་དེ་དག་
Vol. 28 · folio 350a
གཉིས་སུ་མ་མཆིས་པར་བརྩིས་ཏེ། དེ་ལྟར་གཟུགས་རབ་ཏུ་དབྱེ་བ་མཛད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་རབ་ཏུ་དབྱེ་བ་མཛད་ན། བཅོམ་ལྡན་འདས་ཀྱིས་ཅི་ལ་
དགོངས་ནས་འདི་ལྟར་གཟུགས་ཤེས་བགྱི་བ་འདི་ལྟར་གཟུགས་ཤེས་བགྱི་བ་འདི་གཉིས་སུ་མ་མཆིས་པར་བརྩིས། འདི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་གཉིས་སུ་མ་མཆིས་པར་
བརྩིས་ཏེ་བསྟན། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་དེ་ཇི་སྙམ་དུ་སེམས། ཡོངས་སུ་བརྟགས་པའི་གཟུགས་ལ་རྫས་མེད་པ་དེ་གཟུགས་སམ། འོན་ཏེ་གཟུགས་མ་ཡིན།
གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །གང་ཡང་དེ་ལ་མིང་དང་། འདུ་ཤེས་དང་། གདགས་པ་དང་། ཐ་སྙད་ཙམ་གྱི་གཟུགས་ཤེས་བྱ་བ་དེ་ཅི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བྱམས་པ་རྣམ་གྲངས་དེས་
ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །ཡོངས་སུ་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་གཟུགས་ཀྱང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན། གཟུགས་ཀྱང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པ་སྟེ། ངས་འདི་
ལ་དགོངས་ནས་འདི་ལྟར་གཟུགས་ཤེས་བྱ་བ་འདི་གཉིས་སུ་མེད་པར་བརྩི་བར་གསུངས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས། རྣམ་པར་བརྟགས་པའི་གཟུགས་རྫས་ཡོད་པ་དེ་ལ་བརྟེན་ནས། མིང་དང་འདུ་ཤེས་དང་། གདགས་པ་དང་། ཐ་སྙད་དུ་འགྱུར་
བ་གང་ཡིན་པ་དེ་ཅི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས། རྣམ་པར་བརྟགས་པའི་གཟུགས་དེ་ཉིད་ལ་ཡོངས་སུ་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མེད་པ་དང་། དེའི་མཚན་ཉིད་མ་ཡིན་པ་
Vol. 28 · folio 350b
གང་ཡིན་པ་དེ་ཅི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བྱམས་པ་གཞུང་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་གཟུགས་ཀྱང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ནོ། །
གཟུགས་ཀྱང་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་པ་གང་ཡིན་པ་དེ་ཡང་གཉིས་སུ་མེད་པ་སྟེ། ངས་དེ་ལ་དགོངས་ནས་འདི་ལྟར་གཟུགས་ཤེས་བྱ་བ་འདི་གཉིས་སུ་མེད་པར་བརྩི་བར་གསུངས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་ཀྱི་གཟུགས་
གཟུགས་བདག་མེད་པར་རབ་ཏུ་ཕྱེ་བ་དེ་ཅི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །ཆོས་ཉིད་ཀྱི་གཟུགས་དེའི་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཡང་ཅི་གཟུགས་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །
བྱམས་པ་གཞུང་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱའོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ནོ། །གང་གཟུགས་ཀྱང་མ་ཡིན་གཟུགས་མེད་པ་ཡང་མ་ཡིན་པ་དེ་ནི་གཉིས་སུ་མེད་པ་སྟེ། ངས་དེ་ལ་དགོངས་
ནས་འདི་ལྟར་གཟུགས་དེ་གཉིས་སུ་མེད་པར་བརྩི་བར་གསུངས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་བར་བྱའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་
ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟར་གཟུགས་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་ཤིང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་དེ་ལྟར་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་པས་མཐའ་གཉིས་སྤངས་ནས་དབུ་མའི་ལམ་ལ་ཞུགས་པས་ཇི་ལྟར་མཚན་ཉིད་ཡོངས་སུ་ཤེས་པ་དང་། ཇི་ལྟར་མཚན་ཉིད་སྤང་བ་དང་། ཇི་ལྟར་མཚན་ཉིད་
Vol. 28 · folio 351a
མངོན་དུ་བགྱི་བ་དང་། ཇི་ལྟར་མཚན་ཉིད་བསྒོམ་པ་བལྟ་བར་བགྱི། དེ་སྐད་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་
སེམས་དཔའ་མཐའ་གཉིས་སྤངས་ནས། དེ་ལྟར་དབུ་མའི་ལམ་ལ་རབ་ཏུ་ཞུགས་པས་གང་གཟུགས་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་
དང་། རྣམ་པར་ཤེས་པ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་གང་ཡོངས་སུ་ཤེས་པ་ཡང་མ་ཡིན། ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ། །གང་གཟུགས་སྤོང་བ་ཡང་མ་ཡིན་མི་སྤོང་བ་ཡང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ། །དེ་
བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་གང་སྤོང་བ་ཡང་མ་ཡིན། མི་སྤོང་བ་ཡང་མ་ཡིན་པ་དེ་ཉིད་དེའི་སྤོང་བའོ། །གང་གཟུགས་སྤོང་བ་མངོན་སུམ་དུ་བྱེད་པ་ཡང་མ་ཡིན་མངོན་
སུམ་དུ་མི་བྱེད་པ་ཡང་མ་ཡིན་པ་དེ་ཉིད་དེའི་མངོན་སུམ་དུ་བྱེད་པའོ། །གང་གཟུགས་སྤོང་བའི་ལམ་སྒོམ་པ་ཡང་མ་ཡིན། མི་སྒོམ་པ་ཡང་མ་ཡིན་པ་དེ་ཉིད་དེའི་སྒོམ་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས།
སངས་རྒྱས་ཀྱི་ཆོས་ཀྱི་བར་དུ་སྦྱར་རོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལྟར་ཡོངས་སུ་
ཤེས་པ་དང་། སྤོང་བ་དང་། མངོན་དུ་བྱེད་པ་དང་། བསྒོམ་པར་ལྡན་པ་དེའི་མྱ་ངན་ལས་འདས་པ་གང་ལགས། དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་
Vol. 28 · folio 351b
དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ཟབ་བོ། །རབ་ཏུ་ཟབ་བོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་
འདས་པ་དེ་ལྟར་ཟབ་ཅིང་རབ་ཏུ་ཟབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་གང་མྱ་ངན་ལས་འདས་པ་ཡང་མ་ཡིན་མྱ་ངན་ལས་མ་འདས་པ་ཡང་མ་ཡིན་ཏེ། དེ་བས་ན་དེ་ཟབ་
ཅིང་རབ་ཏུ་ཟབ་ཅེས་བྱའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་དེ་མྱ་ངན་ལས་འདས་པ་ཡང་མ་
ལགས། མྱ་ངན་ལས་མ་འདས་པ་ཡང་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཞན་གྱི་དོན་ལས་བརྩམས་ཏེ། འཁོར་བ་ཡོངས་སུ་མ་བཏང་བའི་ཕྱིར་མྱ་ངན་ལས་མ་འདས་པའོ། །བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་
འདས་པ་ཡོངས་སུ་མ་བཏང་བའི་ཕྱིར་མྱ་ངན་ལས་འདས་པའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་སྟེ་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལས་བརྩམས་
ཏེ། འཁོར་བ་ཡོངས་སུ་མི་གཏོང་ན། འཁོར་བ་ཡོངས་སུ་མ་བཏང་བས་དེས་ཇི་ལྟར་མྱ་ངན་ལས་འདས་པ་བཏང་བར་མི་འགྱུར་རོ། །བཅོམ་ལྡན་འདས་དེ་སྟེ་བྱང་ཆུབ་སེམས་དཔའ་བདག་གི་དོན་ལས་བརྩམས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་མི་
གཏོང་ན། དེས་ཇི་ལྟར་འཁོར་བ་ཡོངས་སུ་བཏང་བར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། འཁོར་བ་ལ་འཁོར་བར་རྣམ་པར་མི་རྟོག །མྱ་ངན་ལས་འདས་
Vol. 28 · folio 352a
པ་ལ་ཡང་མྱ་ངན་ལས་འདས་པར་རྣམ་པར་མི་རྟོག་སྟེ། དེ་དེ་ལྟར་རྣམ་པར་མི་རྟོག་ན་འདི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་མཚུངས་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འཁོར་བ་ལ་འཁོར་བར་རྣམ་པར་མི་རྟོག་ན་
མྱ་ངན་ལས་འདས་པ་བཞིན་དུ་འཁོར་བར་མི་སྐྱོའོ། །མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པར་རྣམ་པར་མི་རྟོག་ན། འཁོར་བ་བཞིན་དུ་མྱ་ངན་ལས་འདས་པ་ལ་ཞེན་པར་མི་འགྱུར་རོ། །དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པ་དེ་རིགས་པ་འདིས་འཁོར་བ་
ཡོངས་སུ་མི་གཏོང་བ་དང་། མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བར་རིག་པར་བྱའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་ལ་སྤྱོད་པ། རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ཇི་ལྟར་འཁོར་བ་མ་བཏང་བ་དེ་ལྟར་བླངས་པ་ཡང་མ་ལགས་སོ། །མྱ་ངན་ལས་འདས་པ་ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་དེ་སྟེ་མ་བླངས་ན་ཇི་ལྟར་
བཏང་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་ནི་དེ་ལྟར་འཁོར་བ་བླང་བ་འམ། མི་བླང་བར་མི་སྨྲའི། བྱམས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་དམྱིགས་པའི་ཡེ་ཤེས་
ཀྱིས་སེམས་དབང་དུ་གྱུར་པ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཐབས་མཁས་པས་འཁོར་བ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་འཁོར་བ་ཡོངས་སུ་མི་གཏོང་བར་ང་སྨྲའོ། །སྟོང་པ་ཉིད་
དམིགས་སུ་མེད་པ་ལ་གནས་པའི་ཕྱིར་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བར་ང་སྨྲའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་པར་མི་རྟོག་པ་ལ་མཚན་ཉིད་
Vol. 28 · folio 352b
ཐམས་ཅད་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཟུགས་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། སངས་རྒྱས་ཀྱི་ཆོས་གང་ཡིན་པའི་བར་དང་། གཟུགས་
ཀྱི་སྟོང་པ་ཉིད་གང་ཡིན་པ་ནས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་སྟོང་པ་ཉིད་གང་ཡིན་པའི་བར་དུ་ཆོས་དེ་དག་དང་སྟོང་པ་ཉིད་དེ་དག་སྒོམ་པ་དང་། དངོས་པོ་གཉིས་སུ་མེད་པ་དང་། རབ་ཏུ་སྤྲོས་པ་མེད་པ་འདི་ནི་བྱམས་པ་ཐམས་ཅད་ཀྱི་མཚན་ཉིད་ཐམས་ཅད་དུ་བལྟའོ། །
དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལགས། ཉན་ཐོས་ཐམས་ཅད་ཕྱོགས་གཅིག་པ་འམ། ཤིན་ཏུ་མྱ་ངན་ལས་འདས་པ་ལ་གནས་པ་ལགས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱམས་པ་འཇིག་རྟེན་པ་འདི་དག་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་པ་སྟེ། ཁམས་སྣ་ཚོགས་ཁམས་དུ་མ་པའི་འཇིག་རྟེན་པ་དེ་དག་ལ་སེམས་ཅན་གྱི་རིགས་དང་། རང་
བཞིན་རབ་ཏུ་མང་པོ་ཡོད་དེ། བྱམས་པ་སེམས་ཅན་གྱི་རུས་དང་། རིགས་དང་པོ་ནས་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོའི་ཁྱད་པར་ཉིད་ཐོབ་པ་དེ་ལྟ་བུ་ཡང་ཡོད་དོ། །སེམས་ཅན་གྱི་རུས་དང་རིགས་གང་དང་པོ་ནས་ཁྱད་པར་ངན་པ་འདོད་ཅིང་ངན་པ་ཉིད་འཐོབ་སྟེ།
དེ་ཉིད་ཀྱིས་མགུ་བར་འགྱུར་བ་དེ་ལྟ་བུ་ཡང་ཡོད་དོ། །རུས་དང་རིགས་གང་ཐོག་མ་ནས་ངན་པའི་བྱེ་བྲག་འདོད་ཅིང་ངན་པ་ཉིད་འཐོབ་སྟེ། ངན་པ་ཐོབ་ནས་དེ་ཙམ་གྱིས་མགུ་བར་མི་འགྱུར་ཞིང་། དེ་ནས་ཕྱིས་གོང་དུ་བཟང་པོའི་ཁྱད་པར་འདོད་ཅིང་བཟང་པོ་འཐོབ་པར་འགྱུར་
བ་དེ་ལྟ་བུ་དག་ཀྱང་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སེམས་ཅན་གྱི་རུས་དང་རིགས་གསུམ་པོ་དེ་དགྲ་བཅོམ་པ་ཐོབ་ནས། བླ་ན་མ་མཆིས་པ་
Vol. 28 · folio 353a
ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འཚལ་ན། བཅོམ་ལྡན་འདས་ཀྱིས་དེའི་སྐྱེ་བ་ཡང་མ་མཆིས་པར་ལུང་བསྟན་ཏེ། སྐྱེ་བ་མ་མཆིས་ན་ཇི་ལྟར་འཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་སྐྱེ་བ་ལས་
དང་ཉོན་མོངས་པའི་དབང་དུ་གྱུར་པ་ཡིན་པར་ནི་ང་མི་འདོགས་ཀྱི། དེའི་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པ་མྱ་ངན་ལས་འདས་པར་འགྱུར་བར་གདགས་སོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་གསོལ་ཏོ། །བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་རྒྱ་ཆེ་བ་དང་། ལྷག་པའི་བསམ་པ་མཐུ་ཆེ་བ་གང་ལ་དང་པོ་ཉིད་དུ་བཟང་པོའི་ཁྱད་པར་འཚལ་ཞིང་བཟང་པོའི་ཁྱད་པར་ཉིད་འཐོབ་པར་འགྱུར་བ་དེ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་བསམ་པ་རྒྱ་ཆེ་བ་དེ་དག་གང་ལགས། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་དེ་ལ་མ་ཆགས་པའི་བདེ་བ་དང་། མི་འཛིན་པའི་བདེ་བ་དང་། མྱ་ངན་ལས་འདས་པའི་བདེ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་བར་འདོད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་འདི་ལྟར་འཁོར་བ་ཡོངས་སུ་མི་གཏོང་བའི་ཕྱིར་ཏེ། འདི་ནི་དེ་དག་གི་ལྷག་པའི་བསམ་པ་མཐུ་ཆེན་པོ་ཡིན་པར་བལྟའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་ངོ་མཚར་རྨད་དུ་བྱུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་ངོ་མཚར་རྨད་དུ་བྱུང་བ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ངོ་མཚར་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་ཆོས་
ཐོབ་པར་འཚལ་བས། བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ལ་རབ་ཏུ་ཕྱེ་བའི་ལེའུ་སྟེ། བདུན་ཅུ་གཉིས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
Vol. 28 · folio 353b
སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བདུན་ཅུ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཚོལ་འདོད་པའི་རིགས་ཀྱི་བུ་ཕོ་འམ།
རིགས་ཀྱི་བུ་མོ་དེས་རྟག་པར་རབ་ཏུ་ངུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཇི་ལྟར་བཙལ་ཞིང་དེ་ལྟར་སྒྲ་དབྱངས་མི་ཟད་པར་སྒྲོགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དྲུང་ན། ཚངས་པར་སྤྱོད་པ་དེ་ལྟར་བཙལ་བར་
བྱའོ། །དེ་སྐད་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཇི་ལྟར་བཙལ། དེ་སྐད་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་བཀའ་སྩལ་ཏོ། རབ་འབྱོར་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྔོན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚོལ་བ་ན། ལུས་མི་འཕངས་པ་དང་། སྲོག་ལ་མི་ལྟ་
བ་དང་། རྙེད་པ་དང་བཀུར་བསྟི་དང་། གྲགས་པ་ལ་མི་གནས་པས་བཙལ་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚོལ་བ་ན། དགོན་པ་ན་འདུག་པའི་ཚེ་བར་སྣང་ལས་འདི་སྐད་དུ་རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཤིག་དང་། དེ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་
པར་འགྱུར་རོ། །ཅི་ནས་ཀྱང་ལུས་ངལ་བའི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། རྨུགས་པ་དང་གཉིད་ཀྱི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། ཟས་ཀྱི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། སྐོམ་གྱི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། མཚན་མོའི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། ཉིན་པར་གྱི་
ཡིད་ལ་བྱེད་པ་མི་སྐྱེ་བ་དང་། གྲང་བའི་ཡིད་ལ་བྱེད་པ་མི་སྐྱེ་བ་དང་། ཚ་བ་ཡིད་ལ་བྱེད་པ་མི་སྐྱེ་བ་དེ་ལྟར་སོང་ཤིག། ཕྱི་རོལ་དང་ནང་གང་ལའང་སེམས་མ་འཇོག་ཤིག །རིགས་ཀྱི་བུ་གཡོན་དུ་ལྟ་ཞིང་མ་འགྲོ་ཤིག། གཡས་སུ་མ་ལྟ་ཞིག། ནུབ་ཕྱོགས་དང་
Vol. 28 · folio 354a
བྱང་ཕྱོགས་དང་། བླ་དང་འོག་དང་མཚམས་རྣམས་སུ་ལྟ་ཞིང་མ་འགྲོ་ཤིག །རིགས་ཀྱི་བུ་ཅི་ནས་ཀྱང་འཇིག་ཚོགས་ལ་མི་གཡོ་བ་དང་། གཟུགས་ལ་མི་གཡོ་བ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་
ཤེས་པ་ལ་མི་གཡོ་བ་དེ་ལྟར་སོང་ཤིག། གང་དེས་གཡོས་པ་དེ་ནི་འགལ་བར་གནས་སོ། །གང་ལས་འགལ་བར་གནས་ཤེ་ན། སངས་རྒྱས་ཀྱི་ཆོས་ལས་འགལ་བར་གནས་སོ། །གང་སངས་རྒྱས་ཀྱི་ཆོས་རྣམས་ལས་འགལ་བར་གནས་པ་དེ་འཁོར་བ་ན་སྤྱོད་
དོ། །གང་འཁོར་བ་ན་སྤྱོད་པ་དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་རྙེད་དོ་ཞེས་ཟེར་བའི་སྒྲ་ཐོས་པར་གྱུར་ཏོ། །སྒྲ་དེས་དེ་སྐད་སྨྲས་པ་དང་། རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེའི་ལན་འདི་སྐད་སྨྲས་སོ། །དེ་ལྟར་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ཐམས་ཅད་ཀྱི་སྣང་བ་བྱེད་པར་འདོད་ཅིང་། སངས་རྒྱས་ཀྱི་ཆོས་བསྒྲུབ་པར་འདོད་པའི་ཕྱིར་རོ། །དེ་སྐད་སྨྲས་པ་དང་། སྒྲ་དེས་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་སྨྲས་སོ། །
རྟག་པར་རབ་ཏུ་ངུ་བའི་རིགས་ཀྱི་བུ་ལེགས་སོ། །ལེགས་སོ། །དེ་ནས་ཡང་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སངས་རྒྱས་ཀྱི་ཆོས་ལ་ཁྱོད་ཀྱིས་མོས་པ་བསྐྱེད་དེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་བར་བྱའོ། །མཚན་མ་སྤངས་པ་དང་། དངོས་པོ་སྤངས་པ་དང་། སེམས་ཅན་དུ་ལྟ་བ་ཁྱོད་ཀྱིས་སྤང་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་རྣམས་སྤང་བར་བྱའོ། །གང་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། དངོས་པོ་མེད་པ་དང་། མ་འགགས་པའི་ཆོས་འཆད་པའི་དགེ་བའི་བཤེས་གཉེན་དག་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བྱའོ། །རིགས་ཀྱི་
Vol. 28 · folio 354b
བུ་ཁྱོད་ཀྱིས་དེ་ལྟར་བྱས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གླེགས་བམ་དུ་གྱུར་པ་འམ། ཆོས་སྨྲ་བའི་དགེ་སློང་ལས་རིང་པོ་མི་ཐོགས་པར་ཐོས་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་གང་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉན་པ་དེ་ལ་སྟོན་པའི་འདུ་ཤེས་བསྐྱེད་
པར་བྱའོ། །ཁྱོད་ཀྱིས་དྲིན་དུ་གཟོ་བ་དང་། བྱས་པ་དྲན་པར་བྱའོ། །འདི་ནི་བདག་གི་དགེ་བའི་བཤེས་གཉེན་ཏེ། འདི་ལས་བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་སོ། །གང་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་མྱུར་དུ་སླར་མི་
ལྡོག་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ཉེ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་མི་འབྲལ་བའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་དང་། མི་ཁོམ་པ་རྣམས་སྤངས་པར་འགྱུར་བ་དང་།
དལ་འབྱོར་དང་ལྡན་པར་འགྱུར་རོ། །ཞེས་རིགས་ཀྱི་བུ་ཁྱོད་ཀྱིས་ཕན་ཡོན་འདི་དག་ཡོངས་སུ་བརྟག་ཅིང་ཆོས་སྨྲ་བའི་དགེ་སློང་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའི། རིགས་ཀྱི་བུ་ཁྱོད་ཀྱིས་འཇིག་རྟེན་གྱི་ཟང་ཟིང་དང་ལྡན་པའི་སེམས་ཀྱིས་ཆོས་སྨྲ་བའི་དགེ་སློང་ལ་བསྙེན་
པར་མི་བྱའོ། །ཁྱོད་ཀྱིས་ཆོས་དོན་དུ་གཉེར་བ་དང་། ཆོས་ལ་གུས་པས་ཆོས་སྨྲ་བའི་དགེ་སློང་གི་རྗེས་སུ་འབྲང་བར་བྱའོ། །ཁྱོད་ཀྱིས་བདུད་ཀྱི་ལས་རྣམས་ཀྱང་ཤེས་པར་བྱ་སྟེ། རིགས་ཀྱི་བུ་བདུད་སྡིག་ཏོ་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ལ་གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་པ་དག་བསྙེན་པ་དང་། བསྟེན་པ་དང་། སྤྱད་པའི་ཕྱིར་ཁྱེར་ཏེ་འོང་བ་དག་ཀྱང་ཡོད་དོ། །དེ་དག་ཀྱང་ཟིལ་གྱིས་མནན་ནས། ཐབས་མཁས་པས་སོར་བསྙེན་བསྟེན་ཡོངས་སུ་སྤྱོད་དོ། །དེ་ལ་ཡང་རིགས་ཀྱི་བུ་ཁྱོད་
ཀྱིས་ཆོས་སྨྲ་བ་ལ་སེམས་མ་དད་པ་མི་བསྐྱེད་པ་འདི་ལྟར་སེམས་བསྐྱེད་དོ། །བདག་ནི་ཐབས་མཁས་པ་དེ་རབ་ཏུ་མི་ཤེས་ཀྱི། འདི་ནི་ཐབས་མཁས་པས་རབ་ཏུ་ཤེས་སོ། །འདི་ནི་སེམས་ཅན་གྱི་ཚུལ་གྱིས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་གཟུང་བའི་
Vol. 28 · folio 355a
ཕྱིར་ཆོས་འདི་རྣམས་སོ་སོར་བསྙེན་བསྟེན་སྤྱོད་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་གང་ལ་ཡང་ཆགས་པ་འམ་སྒྲིབ་པ་མེད་དོ། །དེའི་ཚེ་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་སོ་སོར་
བརྟག་པར་བྱའོ། །རིགས་ཀྱི་བུ་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་ཡང་གང་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །ཆོས་ཐམས་ཅད་ནི་
སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ་སྟེ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བྲག་ཆ་ལྟ་བུ་གཟུགས་བརྙན་ལྟ་བུའོ། །རིགས་ཀྱི་བུ་ཁྱོད་དེ་ལྟར་ཆོས་རྣམས་ཀྱི་ཡང་དག་པའི་ཚུལ་སོ་སོར་རྟོག་ཅིང་ཆོས་སྨྲ་བའི་རྗེས་སུ་འབྲང་ན། རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་ལས་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདུད་ཀྱི་ལས་གཞན་དག་ཀྱང་ཤེས་པར་བྱ་བ་ནི་རིགས་ཀྱི་བུ་གལ་ཏེ་ཆོས་སྨྲ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོད་པའི་རིགས་ཀྱི་བུ་ལ་གཤེ་ཞིང་མི་ལྟ་ན། དེ་ལ་ཡང་རིགས་ཀྱི་བུ་ཁྱོད་ཀྱིས་སླར་ཀྱལ་
བར་མི་བྱའི། གཞན་དུ་ན་ཆོས་དོན་དུ་གཉེར་བ་དང་། ཆོས་ལ་གུས་པ་དང་། སེམས་མི་སྐྱོ་བས་ཆོས་སྨྲ་བའི་དགེ་སློང་གི་རྗེས་སུ་འབྲང་བར་བྱའོ། །དེ་ནས་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་ལས་གདམས་པ་འདི་ལྟ་བུ་ཐོས་ནས།
ཤར་ཕྱོགས་ཀྱི་ཕྱོགས་ག་ལ་བ་དེར་སོང་ངོ་། །སོང་ནས་རིང་པོ་མ་ལོན་པར་ཡང་དེ་ལ་འདི་སྙམ་དུ་གྱུར་ཏོ། །བདག་གིས་སྒྲ་དེ་ལས་བདག་ཇི་སྲིད་དུ་འགྲོ་དགོས་ཤེས་མ་དྲིས་སོ་སྙམ་ནས། དེ་ས་ཕྱོགས་དེ་ཉིད་དུ་འདུག་སྟེ། ངུ་ཞིང་འབོད་པ་དང་། མྱ་ངན་བྱེད་སྨྲེ་
སྔགས་འདོན་ཅིང་འདི་སྙམ་དུ་སེམས་སོ། །ས་ཕྱོགས་འདི་ཉིད་དུ་ཉིན་ཞག་གཅིག་གམ་གཉིས་སམ། གསུམ་མམ་བཞི་འམ་ལྔ་འམ་དྲུག་གམ་ཉིན་ཞག་བདུན་འདས་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཐོས་ཀྱི་བར་དུ་ལུས་ངལ་བའི་ཡིད་ལ་བྱེད་པ་མི་སྐྱེད།
Vol. 28 · folio 355b
རྨུགས་པ་དང་གཉིད་ཀྱི་ཡིད་ལ་བྱེད་པ་མི་སྐྱེད། བཟའ་བའི་ཡིད་ལ་བྱེད་པ་མི་སྐྱེད། བཏུང་བའི་ཡིད་ལ་བྱེད་པ་མི་སྐྱེད། མཚན་མོ་ཡིད་ལ་བྱེད་པ་མི་སྐྱེད། ཉིན་པར་གྱི་ཡིད་ལ་བྱེད་པ་མི་སྐྱེད། གྲང་བའི་ཡིད་ལ་བྱེད་པ་མི་སྐྱེད་དོ་སྙམ་དུ་སེམས་སོ། །
རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་བུ་གཅིག་པ་ཞིག་དུས་ལས་འདས་ཏེ་སྡུག་བསྔལ་དང་། ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་གྱུར་ཏེ། དེ་བུའི་མྱ་ངན་གྱིས་བུའི་མྱ་ངན་ལས་གཞན་པའི་ཡིད་ལ་བྱེད་པ་མི་འབྱུང་བ་དེ་བཞིན་དུ་རབ་འབྱོར་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡང་དེའི་ཚེ། ནམ་ཞིག་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཐོས་པར་འགྱུར་སྙམ་པ་ལས་གཞན་པའི་ཡིད་ལ་བྱེད་པ་མི་འབྱུང་ངོ་། །རབ་འབྱོར་དེ་ནས་རྟག་པར་རབ་ཏུ་ངུ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཕོངས་ཤིང་
འདུག་པའི་མདུན་དུ། དེ་བཞིན་གཤེགས་པའི་སྐུ་བྱུང་ནས། རིགས་ཀྱི་བུ་ཁྱོད་དེ་སྐད་སྨྲ་བ་ལེགས་སོ། །ལེགས་སོ་ཞེས། ལེགས་པ་བྱིན་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། སྔོན་བྱང་ཆུབ་
སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་ལྟར་ད་ལྟར་ཁྱེད་ཚོལ་བ་དེ་བཞིན་དུ་བཙལ་ཏོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་བརྩོན་འགྲུས་དེ་ཉིད་དང་། སྤྲོ་བ་དེ་ཉིད་དང་། དོན་དུ་གཉེར་བ་དེ་ཉིད་དང་། མོས་པ་དེ་ཉིད་ཀྱིས་རྒྱུན་ཆགས་པར་ཤར་ཕྱོགས་སུ་
སོང་ཤིག་དང་། འདི་ནས་དཔག་ཚད་ལྔ་བརྒྱ་ན། སྤོས་ཅན་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཡོད་དེ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ར་བ་བདུན་རིམ་གྱིས་བསྐོར་བ། འོབས་བདུན་རིམ་གྱིས་བསྐོར་བ། ཤིང་ཏ་ལའི་ཕྲེང་བ་བདུན་གྱིས་བསྐོར་བ། ཆུར་དཔག་ཚད་བཅུ་
གཉིས། ཞེང་དུ་དཔག་ཚད་བཅུ་གཉིས། འབྱོར་ཅིང་དར་བ། བདེ་ཞིང་སྐྱིད་པ། ཉམས་དགའ་བ། མི་མང་པོས་གང་བ། སྲང་གི་ཚོང་ཁང་རི་མོ་ལ་བྲིས་པ་ལྟ་བུ་མཉམ་པ་ལྔ་བརྒྱ་ཡོད་པ། ཁྱོགས་དང་བཞོན་པ་མི་དོག་པར་འགྲོ་བའི་ཟམ་པ་དང་བཅས་པ།
Vol. 28 · folio 356a
གྲོང་ཁྱེར་དེའི་ཁོ་ར་ཁོར་ཡུག་གི་རྩིག་པ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་རྩིག་པ་དེ་དག་གི་རིབ་མ་ཡང་འཛམ་བུ་ན་དའི་གསེར་ལས་བྱས་པ། ཚད་དང་ལྡན་ཞིང་འཕང་མཐོ་བ། རིབ་མ་དེ་དག་རེ་རེ་ལས་ཀྱང་རིན་པོ་ཆེ་
སྣ་བདུན་གྱི་ཤིང་། འབྲས་བུ་སྣ་ཚོགས་དང་ལྡན་པ་རྣམས་སྐྱེས་ཏེ། འབྲས་བུ་དེ་དག་ཐམས་ཅད་ལས་ཀྱང་རིན་པོ་ཆེ་ལས་བྱས་པའི་སྲད་བུས་སྦྲེལ་བའི་ཤིང་གཞན་དག་དང་ལྡན་པ་ཤ་སྟག་གོ །གྲོང་ཁྱེར་དེ་ཐམས་ཅད་ཀྱང་གསེར་གྱི་དྲིལ་བུའི་དྲ་བས་གཡོགས་ཏེ།
གསེར་གྱི་དྲིལ་བུའི་དྲ་བ་དེ་དག་རླུང་གིས་བསྐྱོད་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་ཆགས་པར་འགྱུར་བ་དག་འབྱུང་སྟེ། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རྔ་རོལ་མོ་མཁན་མཁས་པ་རྣམས། ཚོགས་པས་བརྡུངས་པའི་སྒྲ་སྙན་ཅིང་ཡིད་དུ་འོང་ལ། ཆགས་པར་འགྱུར་བའི་
སྒྲ་འབྱུང་བ་དེ་བཞིན་དུ། དྲིལ་བུའི་དྲ་བ་དེ་དག་རླུང་གིས་བསྐྱོད་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་ཆགས་པར་འགྱུར་བ་འབྱུང་ངོ་། །སེམས་ཅན་དེ་དག་ཀྱང་སྒྲ་དེ་དག་གིས་རྩེ་ཞིང་དགའ་བ་དང་ཡོངས་སུ་སྤྱོད་པར་བྱེད་དོ། །གྲོང་ཁྱེར་སྤོས་ཅན་དེའི་ཁོ་ར་ཁོར་ཡུག་གི་འོབས་
ཀྱང་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་ཞིང་རྒྱུན་དུ་འབབ་སྟེ། ཧ་ཅང་ཡང་མི་གྲང་ཧ་ཅང་ཡང་མི་དྲོ་བའི་ཆུ་དེ་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གྲུ། སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ། དེ་དག་ཏུ་སེམས་ཅན་དེ་དག་
ཞུགས་ནས། རྩེ་ཞིང་དགའ་བ་དང་། ཡོངས་སུ་སྤྱོད་པ་བྱེད་དོ། །ཆུ་དེ་དག་ཐམས་ཅད་ཀྱང་ཨུཏྤ་ལ་དང་། པད་མ་དང་ཀུ་མུ་ད་དང་། པུན་དཱ་རི་ཀས་ཁེབས་པ། གཞན་ཡང་མེ་ཏོག་རིགས་ཆེ་ཞིང་བསུང་ཞིམ་པ་དག་གིས་ཡོངས་སུ་ཁེབས་ཏེ། སྟོང་གསུམ་
གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། མེ་ཏོག་གི་རིགས་གང་དང་གང་ཡོད་པ་དེ་དག་ཐམས་ཅད་སྤོས་ཅན་གྱི་གྲོང་ཁྱེར་ན་མེད་པ་གཅིག་ཀྱང་མེད་དོ། །གྲོང་ཁྱེར་དེའི་ཁོ་ར་ཁོར་ཡུག་ན། སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་དེ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་
Vol. 28 · folio 356b
ལས་བྱས་པ། བཟང་ཞིང་བལྟ་ན་སྡུག་པ་ཤ་སྟག་གོ །སྐྱེད་མོས་ཚལ་དེ་རེ་རེ་ན་ཡང་རྒྱང་གྲགས་གཅིག་པའི་མཚོ་ལྔ་བརྒྱ་ཡོད་དེ། མཚོ་དེ་དག་ཐམས་ཅད་ན་ཡང་། རིན་པོ་ཆེ་སྣ་བདུན་གྱི་ཨུཏྤ་ལ་དང་། པད་མ་དང་ཀུ་མུ་ད་དང་། པུན་དཱ་རི་ཀ་མཛེས་ཤིང་བལྟ་ན་
སྡུག་པ་རྣམས་ཀྱིས་ཁེབས་པར་འཁོད་དོ། །ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་དཱ་རི་ཀ་དེ་དག་ཐམས་ཅད་ཀྱང་ཆུ་ཞེང་ཤིང་རྟའི་འཁོར་ལོ་ཙམ་ཤ་སྟག་སྟེ། མཐིང་ཀ་ལ་ཁ་དོག་མཐིང་ཁར་འདུག་པ། མཐིང་ཁ་འདྲ་ཞིང་མཐིང་ཁར་སྣང་བ།
སེར་པོ་ལ་ཁ་དོག་སེར་པོ། སེར་པོ་འདྲ་ཞིང་སེར་པོར་སྣང་བ། དམར་པོ་ལ་ཁ་དོག་དམར་པོ། དམར་པོ་འདྲ་ཞིང་དམར་པོར་སྣང་བ། དཀར་པོ་ལ་ཁ་དོག་དཀར་པོ། །དཀར་པོ་འདྲ་ཞིང་དཀར་པོར་སྣང་བ་ཤ་སྟག་གོ །མཚོ་དེ་དག་ཐམས་ཅད་ན་བྱ་ངང་མོ་དང་།
ཀ་རན་ད་བ་དང་། ཁྲུང་ཁྲུང་དང་། ས་ར་ས་དང་། ངུར་པའི་སྒྲས་ཁྱབ་པར་སྒྲོགས་སོ། །སྐྱེད་མོས་ཚལ་དེ་དག་ཐམས་ཅད་ཀྱང་བདག་གི་བྱ་བ་མེད་པ། ཡོངས་སུ་གཟུང་བ་མེད་པ། སེམས་ཅན་དེ་དག་ཉིད་ཀྱི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་སྟེ།
འདི་ལྟར་ཡུན་རིང་པོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་དང་། ཆོས་ཟབ་མོ་ལ་རབ་ཏུ་མོས་པའི་རྣམ་པར་སྨིན་པ་ལས་བྱུང་བ་ཤ་སྟག་གོ །རིགས་ཀྱི་བུ་སྤོས་ཅན་གྱི་གྲོང་ཁྱེར་གྱི་ལམ་སྲང་གི་མདོའི་དབུས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
ཀྱིས་འཕགས་པའི་ཁྱིམ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ། རིན་པོ་ཆེ་བདུན་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ། བལྟ་ན་སྡུག་པ། ར་བ་བདུན་དང་། ཤིང་ཏ་ལའི་འཕྲེང་བ་བདུན་གྱིས་བསྐོར་བའོ། །ཁྱིམ་དེ་ན་
ཁྱིམ་གྱི་ལོངས་སྤྱོད་དུ་སྐྱེད་མོས་ཚལ་བཞི་ཡོད་དེ། རྟག་པར་རབ་ཏུ་དགའ་བ་ཞེས་བྱ་བའི་སྐྱེད་མོས་ཚལ་དང་། མྱ་ངན་མེད་པ་ཞེས་བྱ་བ་དང་། མྱ་ངན་དང་བྲལ་བ་ཞེས་བྱ་བ་དང་། མེ་ཏོག་མཛེས་པ་ཞེས་བྱ་བའི་སྐྱེད་མོས་ཚལ་ལོ། །སྐྱེད་མོས་ཚལ་དེ་
Vol. 28 · folio 357a
དག་རེ་རེ་ན་ཡང་མཚེའུ་བརྒྱད་བརྒྱད་ཡོད་དེ། བཟང་མོ་ཞེས་བྱ་བ་དང་། བཟང་མོའི་མཆོག་ཅེས་བྱ་བ་དང་། དགའ་བ་ཞེས་བྱ་བ་དང་། དགའ་བའི་མཆོག་ཅེས་བྱ་བ་དང་། བདེ་བ་ཞེས་བྱ་བ་དང་། བདེ་བ་ཅན་ཞེས་བྱ་བ་དང་། ངེས་
པ་ཞེས་བྱ་བ་དང་། རྣམ་པར་མི་འབབ་པ་ཞེས་བྱ་བ་སྟེ། མཚེའུ་དེ་རྣམས་ཀྱི་ངོས་གཅིག་ནི་གསེར་ལས་བྱས། ངོས་གཉིས་པ་ནི་དངུལ་ལས་བྱས། ངོས་གསུམ་པ་ནི་བཻ་ཌཱུརྱ་ལས་བྱས། ངོས་བཞི་པ་ནི་ཤེལ་ལས་བྱས། ནང་གི་གཞི་ནི་ཀར་ཀེ་ཏ་ན་ལས་བྱས་ཤིང་
གཞི་གསེར་གྱི་བྱེ་མ་བཀྲམ་པའོ། །མཚེའུ་དེ་རེ་རེ་ལ་ཡང་འབབ་སྟེགས་ཁྲི་འཕང་ཅན་བརྒྱད་བརྒྱད་ཡོད་དེ། འབབ་སྟེགས་ཀྱི་ངོས་ཀུན་རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་ཅིང་། འབབ་སྟེགས་ཀྱི་བར་ཐམས་ཅད་ནས་འཛམ་བུ་ན་དའི་གསེར་གྱི་ཆུ་ཤིང་དག་
སྐྱེས་སོ། །མཚེའུ་དེ་དག་ཐམས་ཅད་ན་མེ་ཏོག་ཨུཏྤ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་དཱ་རི་ཀ་སྣ་ཚོགས་ཀྱིས་ཁེབས་ཤིང་། བྱ་ངང་མོ་དང་། ས་ར་ས་དང་། ངུར་པའི་སྒྲ་སྒྲོགས་སོ། །མཚེའུ་དེ་དག་གི་ཁོ་ར་ཁོར་ཡུག་ན་མེ་ཏོག་གི་ཤིང་
རྣམ་པ་སྣ་ཚོགས་སྐྱེའོ། །མེ་ཏོག་གི་ཤིང་དེ་དག་རླུང་གིས་བཏབ་པའི་མེ་ཏོག་རྣམས་ཀྱང་མཚེའུ་ནང་དུ་ལྷགས་སོ། །མཚེའུ་དེ་དག་ཐམས་ཅད་ཀྱི་ཆུ་ཡང་ཙན་དན་གྱི་བསུང་ཅན་ལ་ཁ་དོག་དང་དྲི་དང་། རོ་དང་། རེག་པ་ཕུན་སུམ་ཚོགས་པའོ། །དེ་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་རྩེ་བའི་ས་ཡོད་དེ། དེ་འཁོར་དང་བཅས་པ། བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་དང་ལྷན་ཅིག །འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འབྱོར་པས། དེ་ན་རྩེ་དགའ་ཡོངས་སུ་སྤྱོད་དོ། །གྲོང་
ཁྱེར་དེ་ན་གནས་པའི་སེམས་ཅན་སྐྱེས་པ་འམ། བུད་མེད་གང་ཡིན་པ་དེ་དག་ཀྱང་རྟག་པར་རབ་ཏུ་དགའ་ཞིང་སྐྱེད་མོས་ཚལ་དང་། མཚེའུ་རྣམས་སུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་འབྱོར་བས་རྩེ་དགའ་ཡོངས་སུ་སྤྱོད་དོ། །བྱང་ཆུབ་སེམས་དཔའ་
Vol. 28 · folio 357b
སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ཡང་། འཁོར་དང་བཅས་པར་ལྷན་ཅིག་རྩེ་ཞིང་དགའ་བ་ཡོངས་སུ་སྤྱད་ནས། དེའི་འོག་ཏུ་དུས་གསུམ་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་དོ། །གྲོང་ཁྱེར་སྤོས་ཅན་དེ་ན་འཁོད་པའི་སེམས་ཅན་གང་
ཡིན་པ་དེ་དག་ཀྱང་གྲོང་ཁྱེར་གྱི་ལམ་མདོའི་དབུས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་ཆོས་ཀྱི་ཁྲི་འཛུགས་ཏེ། རྐང་པ་གསེར་ལས་བྱས་པ་འམ། དངུལ་ལས་བྱས་པ་འམ། བཻ་ཌཱུརྱ་ལས་བྱས་པ་འམ། ཤེལ་ལས་བྱས་
པའི་སྟེང་། ཤིང་བལ་གྱི་སྟན་ནམ། འགོ་ལི་ཀའི་སྟན་ནམ། ཁོང་ཚང་ཅན་གྱི་སྟན་ནམ། ཀ་ཤི་ཀའི་གོས་བཏིང་བ། འཕང་དུ་རྒྱང་གྲགས་ཕྱེད་ཙམ་ཡོད་པ། སྟེང་གི་བར་སྣང་ལས་ཀྱང་མུ་ཏིག་གིས་བརྒྱན་པའི་བླ་རེ་བྲེས་པས། ཕྱོགས་དེ་ཁོ་ར་
ཁོར་ཡུག་ཏུ་ཡང་། མེ་ཏོག་ཁ་དོག་རྣམ་པ་ལྔས་འཐོར། མངོན་པར་འཐོར། རབ་ཏུ་མངོན་པར་འཐོར་རོ། །བདུག་སྤོས་བསུང་ཞིམ་པོ་སྣ་ཚོགས་ཀྱིས་ཀྱང་ས་ཕྱོགས་དེ་བདུག་པར་བྱེད་དོ། །དེ་འདི་ལྟར་ཆོས་ལ་གུས་པས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ལ་འདུག་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཆད་པ་ལ། བསུང་ཅན་ན་འཁོད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་དེ་ལྟ་བུའི་ཆོས་ལ་གུས་པའི་ཚུལ་
གྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉན་པ་ནི་སྲོག་ཆགས་བརྒྱ་ཕྲག་མང་པོ། སྲོག་ཆགས་སྟོང་ཕྲག་མང་པོ། །སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་རྣམས་ལྷགས་པར་གྱུར་ཏེ། མི་དང་ལྷ་རྣམས་གང་ཉན་པ་དེ་དག་ལས་ཁ་ཅིག་ནི་ཀློག་སློབ། ཁ་ཅིག་ནི་ཁ་
ཏོན་སློབ། ཁ་ཅིག་ནི་ཡོངས་སུ་ཆུད་པར་བྱེད། ཁ་ཅིག་ནི་འཛིན། ཁ་ཅིག་ནི་འཆང་། ཁ་ཅིག་ནི་ཟློས། ཁ་ཅིག་ནི་འདྲི། ཁ་ཅིག་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་རྗེས་སུ་འགྲོའོ། །སེམས་ཅན་དེ་དག་ཐམས་ཅད་ཀྱང་ལྟུང་བའི་ཆོས་ཅན་མ་ཡིན་ལ།
Vol. 28 · folio 358a
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཤ་སྟག་གོ །རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེའི་དྲུང་དུ་སོང་ཤིག་དང་། དེ་ལས་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཐོས་པར་འགྱུར་རོ། །དེ་ནི་རིགས་ཀྱི་བུ་ཁྱོད་ཀྱི་ཡུན་རིང་པོའི་དགེ་བའི་བཤེས་གཉེན་སྟོན་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྐུལ་མ་འདེབས་པ། གཟེང་བསྟོད་པ་རབ་ཏུ་སྤྲོ་བར་བྱེད་པའོ། །རིགས་ཀྱི་བུ་དེས་ཀྱང་སྔོན་ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་ད་ལྟར་ཁྱོད་ཚོལ་བ་བཞིན་དུ་བཙལ་ཏོ། །རིགས་ཀྱི་བུ་ཁྱོད་ཉིན་མཚན་དུ་ངལ་བསོ་བའི་ཡིད་ལ་བྱེད་པ་མ་སྐྱེད་པར་སོང་ཤིག་དང་། རིང་པོ་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྟག་པར་རབ་ཏུ་ངུ་བ་དེ་བཞིན་གཤེགས་པའི་བཀའ་འདི་ཐོས་ནས། དགའ་མགུ་ཡི་རངས་རབ་ཏུ་དགའ། མོས་ཤིང་ཡིད་བདེ་བར་གྱུར་པ་ནི་འདི་ལྟ་སྟེ་དཔེར་ན། མི་ཞིག་དུག་དང་བཅས་པའི་ཟུག་རྔུས་ཟུག་ན། ནམ་ཞིག་བདག་གིས་ཟུག་རྔུ་འབྱིན་པའི་
སྨན་པ་གང་། བདག་གི་ཟུག་རྔུ་འདི་འབྱིན་ཅིང་། གང་བདག་སྡུག་བསྔལ་འདི་ལས་ཐར་བར་བྱེད་པ་ན་མ་རྙེད་པར་འགྱུར་སྙམ་པ་ལས་གཞན་པའི་ཡིད་ལ་བྱེད་པ་མི་སྐྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ཡང་། གང་བདག་
ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་ཅིང་ཆོས་གང་བདག་གིས་ཐོས་ནས། དམིགས་པ་དང་བཅས་པའི་ཡིད་ལ་བྱེད་པ་སྤོངས་པར་འགྱུར་བའི་རིགས་ཀྱི་བུ་དེ་ནམ་མཐོང་བར་འགྱུར་སྙམ་པ་ལས་གཞན་པའི་ཆོས་ཅུང་ཟད་ཀྱང་ཡིད་ལ་མི་བྱེད་དོ། །དེ་ནས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ས་ཕྱོགས་དེ་ཉིད་དུ་འདུག་སྟེ། ཆོས་ཐམས་ཅད་ལ་མི་གནས་པའི་འདུ་ཤེས་སྐྱེས་པར་གྱུར་ཏོ། །དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྒྱུ་དང་། ཚེ་རབས་སྔ་མ་ལ་གོམས་པས་ཏིང་ངེ་འཛིན་གྱི་སྒོ་དུ་
Vol. 28 · folio 358b
མ་མངོན་དུ་གྱུར་པ་ནི་འདི་ལྟ་སྟེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ལ་ཡེ་ཤེས་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་
ཐམས་ཅད་ལ་ཐ་དད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་འགྱུར་བར་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྣང་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མུན་པ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། ཆོས་ཐམས་ཅད་མི་ཤེས་པ་འཇིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་དམིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ཏོག་མངོན་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་བདག་ཉིད་མངོན་པར་སྒྲུབ་པ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། སྒྱུ་མ་རྣམ་པར་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མེ་ལོང་གི་དཀྱིལ་འཁོར་ལྟར་རབ་ཏུ་སྣང་བ་མངོན་པར་སྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་
ཐམས་ཅད་མངོན་པར་དགའ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་མཁས་པའི་རྗེས་སུ་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲ་དང་ཚིག་དང་འབྲུ་སྣ་ཚོགས་མངོན་པར་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མ་མནན་པ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། རང་བཞིན་གྱིས་ཐ་སྙད་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མིང་དང་ངེས་པའི་སྒྲ་དང་ཚིག་དང་འབྲུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
ཆོས་ཐམས་ཅད་རྣམ་པར་མི་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ངེས་པའི་སྒྲ་དང་ཚིག་དང་འབྲུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་སྒྲིབ་པའི་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
Vol. 28 · folio 359a
རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུགས་ཀྱི་རྒྱལ་པོ་ཉེ་བར་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྒྱལ་བ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཕྱིར་མི་ལྡོག་པའི་མིག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཀྱི་དབྱིངས་ལས་བྱུང་
བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དབུགས་འབྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེང་གེའི་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡུལ་དང་རྣམ་པར་བྲལ་བ་ཞེས་བྱ་བའི་
ཏིང་ངེ་འཛིན་དང་། ཀུན་ནས་ཉོན་མོངས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། པད་མོའི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཐེ་ཚོམ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སྙིང་པོ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་
ཐམས་ཅད་ལས་མངོན་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མངོན་པར་ཤེས་པ་དང་། སྟོབས་དང་། མི་འཇིགས་པ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ངེས་པར་རྟོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་
ཅད་ཀྱི་འབྱོར་བ་རྒྱ་མཚོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ལེ་ལོ་ཐམས་ཅད་སྤངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཟབ་མོའི་འོད་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། མི་འཕྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་
དང་། བདུད་ཀྱི་འཁོར་འཇིག་པར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཁམས་གསུམ་ལ་མངོན་པར་མ་ཞེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཟེར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པ་མཐོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ།
དེ་ཏིང་ངེ་འཛིན་དེ་དག་ལ་གནས་པར་གྱུར་ནས། ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་རབ་ཏུ་སྟོན་པ་རྣམས་མཐོང་ངོ་། །
Vol. 28 · folio 359b
དེ་བཞིན་གཤེགས་པ་དེ་དག་ཀྱང་། དེ་ལ་ལེགས་པ་སྦྱིན་ཞིང་དབུགས་ཕྱུང་ནས་འདི་སྐད་བཀའ་སྩལ་ཏོ། །རིགས་ཀྱི་བུ་ངེད་ཀྱིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཙལ་ཏེ། ཏིང་ངེ་འཛིན་འདི་དག་རབ་ཏུ་ཐོབ་པ་ནི་གང་
དེ་ལྟར་ཁྱོད་ཀྱིས་ཐོབ་པའོ། །ཏིང་ངེ་འཛིན་དེ་དག་རབ་ཏུ་ཐོབ་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་གྱུར་ཏོ། །ཕྱིར་མི་ལྡོག་པའི་ཆོས་ལ་རབ་ཏུ་གནས་པར་གྱུར་ཏེ། ངེད་ཀྱིས་ཏིང་ངེ་འཛིན་འདི་དག་གི་རང་བཞིན་དང་ངོ་བོ་ཉིད་ལ་བལྟས་ན། སྙོམས་པར་
འཇུག་པ་འམ། ལྡང་བ་འམ། གང་བྱང་ཆུབ་ཏུ་སྤྱོད་པ་འམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་ཆོས་དེ་ལྟ་བུ་གང་ཡང་མ་མཐོང་ངོ་། །རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ལ་ཡང་སེམས་
པ་མེད་དོ། །རིགས་ཀྱི་བུ་ངེད་ཀྱིས་སེམས་པ་མེད་པ་ལ་གནས་པས། ལུས་གསེར་གྱི་ཁ་དོག་ལྟ་བུ་འདི་ལྟ་བུ་དག་རབ་ཏུ་ཐོབ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་བ་དང་། སངས་རྒྱས་
ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཤེས་རབ་དང་། བླ་ན་མེད་པའི་ཏིང་ངེ་འཛིན་རྣམས་དང་། ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་ཀྱིས་ཀྱང་ཚད་བཟུང་བ་འམ། མཐའ་བསྟན་པར་མི་ནུས་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལྟ་སྨོས་ཀྱང་མི་དགོས་པ་དེ་ལྟ་བུའི་ཡོན་ཏན་གྱི་ཕ་རོལ་ཏུ་ཕྱིན་པ་དག་རབ་ཏུ་ཐོབ་བོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་ཀྱང་ཆོས་འདི་དག་ཉིད་
ལ་གུས་པ་རབ་ཏུ་བསྐྱེད་པར་བྱའོ། །ལྷག་པར་དོན་དུ་གཉེར་བ་དང་། མོས་པར་བྱ་བ་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དོན་དུ་གཉེར་བ་དང་། མོས་པར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་དཀོན་ནོ། །རིགས་ཀྱི་བུ་ཁྱོད་
Vol. 28 · folio 360a
ཀྱིས་དགེ་བའི་བཤེས་གཉེན་ལ་ཡང་གུས་པ་རབ་ཏུ་སྐྱེད་ཅིང་དགའ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་འདི་སྐད་ཅེས་གསོལ་ཏོ། །བདག་གི་དགེ་བའི་བཤེས་གཉེན་གང་ལགས། དེ་བཞིན་
གཤེགས་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་བཀའ་སྩལ་ཏོ། །རིགས་ཀྱི་ཁྱོད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པས་ཡུན་རིང་པོ་ནས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཟུང་། ཐབས་མཁས་པ་ལ་ཡང་བསླབས་ཏེ། དེ་ནི་རིགས་ཀྱི་བུ་ཁྱོད་ལ་ཕན་འདོགས་པ་ཡིན། དགེ་བའི་བཤེས་གཉེན་ཡིན་ནོ། །
རིགས་ཀྱི་བུ་ཁྱོད་ཀྱིས་དེའི་བྱས་པ་གཟུངས་སུ་བཟུང་ངོ་། །གལ་ཏེ་རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ། བསྐལ་པ་གཅིག་གམ། བསྐལ་པ་གཉིས་སམ། བསྐལ་པ་བརྒྱ་འམ།
བསྐལ་པ་སྟོང་ངམ། དེ་བས་ཀྱང་ལྷག་པར་རས་ཀྱི་ཐོད་བཞིན་དུ་མགོ་ལ་ཁྱེར་རམ། བདེ་བའི་ཡོ་བྱད་ཐམས་ཅད་བྱིན་ནམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། གཟུགས་དང་། སྒྲ་དང་དྲི་དང་རོ་དང་རེག་པ་ཇི་སྙེད་
ཡོད་པ་དེ་དག་ཐམས་ཅད་བྱིན་ཡང་དེ་ཙམ་གྱིས་རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལ་ལན་ལོན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེའི་མཐུས་ཁྱོད་འདི་ལྟ་བུའི་ཏིང་ངེ་འཛིན་རྣམས་ཐོབ་པར་གྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པ་
Vol. 28 · folio 360b
ཐོས་པར་གྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རབ་ཏུ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བས། ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ་སྟེ།
བདུན་ཅུ་རྩ་གསུམ་པའོ།། །།དེ་ནས་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དབུགས་ཕྱུང་ནས་མི་སྣང་བར་
གྱུར་ཏོ། །རིགས་ཀྱི་བུ་དེ་ཡང་ཏིང་ངེ་འཛིན་དེ་རྣམས་ལས་ལངས་པར་གྱུར་ཏོ། །ལངས་ནས་ཀྱང་དེ་འདི་སྙམ་དུ་དེ་བཞིན་གཤེགས་པ་འདི་དག་ག་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་སྙམ་སེམས་པར་གྱུར་ཏོ། །དེས་དེ་བཞིན་
གཤེགས་པ་དེ་དག་མ་མཐོང་བ་དང་། མི་དགའ་ཞིང་གདུང་བ་ཆེན་པོར་གྱུར་ཏེ་འདི་སྙམ་དུ་སེམས་པར་གྱུར་ཏོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་གཟུངས་རབ་ཏུ་ཐོབ་ལ། ལྔ་མངོན་
པར་ཤེས་པ་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་སྟེ། བདག་ལ་ཕན་འདོགས་པ། བདག་གི་དགེ་བའི་བཤེས་གཉེན་ཏེ། ཡུན་རིང་པོར་དེས་བདག་གི་དོན་བྱས་པས། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་
གར་བཞུད་ཅེས་བྱ་བའི་དོན་དེ་བདག་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེའི་དྲུང་དུ་ཉེ་བར་སོང་སྟེ། དྲི་བར་བྱའོ་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་
པར་རབ་ཏུ་ངུ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ལ་དགའ་བ་དང་། དང་བ་དང་། རྗེ་ས་དང་། གུས་པ་བསྐྱེད་ནས་སྔར་འདི་སྙམ་དུ་བསམས་སོ། །བདག་གིས་སྟི་སྟང་ཇི་ལྟ་བུ་ཞིག་གིས་འཕགས་
Vol. 28 · folio 361a
པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་བསྙེན་པར་བྱ། བདག་ཀྱང་དབུལ་བས་བདག་ལ་གོས་སམ། རིན་པོ་ཆེ་འམ། གསེར་རམ། མུ་ཏིག་གམ། བཻ་ཌཱུརྱ་འམ། དུང་ངམ། ཤེལ་ལམ།
བྱུ་རུ་འམ། དངུལ་ལམ། མེ་ཏོག་གམ། བདུག་པ་འམ། སྤོས་སམ། ཕྲེང་བ་དང་། བྱུག་པ་འམ། གདུགས་གང་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ལ་སྟི་སྟང་དུ་བྱ་བར་འོས་པ་དེ་ལྟ་བུ་ཅུང་
ཟད་ཀྱང་མེད། བདག་དེ་བཞིན་དུ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེའི་དྲུང་དུ་འགྲོ་བར་ཡང་མི་རིགས་ལ། བདག་དགའ་ཞིང་མགུ་བར་ཡང་མི་འགྱུར་རོ་སྙམ་ནས། དེ་ནས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དེ་ལྟ་བུར་བླ་མ་ལ་གུས་ཤིང་རིམ་གྲོ་བྱ་བའི་དོན་ཡིད་ལ་བྱེད་པས། མཐར་གྱིས་སོང་སོང་ན། གྲོང་ཁྱེར་གཅིག་ཅིག་ཏུ་ཕྱིན་ཏེ། དེར་ཚོང་དུས་ཀྱི་དབུས་སུ་ཕྱིན་པ་དང་། འདི་སྙམ་དུ་བསམས་སོ། །བདག་གི་ལུས་འདི་
བཙོངས་ཏེ། དེའི་རིན་གྱིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པ་བྱའོ། །ཡུན་རིང་མོ་ཞིག་ཏུ་བདག་གི་ལུས་སྟོང་ཙམ་ཞིག་པར་གྱུར། དེངས་པར་གྱུར། བཙོངས་རྨེག་མེད་པར་གྱུར་ཏེ་དཔག་ཏུ་
མེད་པའི་འཁོར་བར་ཡང་དང་ཡང་དུ་འཁོར་བ་ན། དཔག་ཏུ་མེད་པའི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མྱོང་བར་གྱུར་ཏེ། དེ་ཡང་འདོད་པའི་རྒྱུ་དང་འདོད་པའི་གཞིའི་ཕྱིར་གྱི། ཆོས་འདི་ལྟ་བུའི་ཕྱིར་རམ།
བྱང་ཆུབ་སེམས་དཔའ་འདི་ལྟ་བུ་དག་ལ་མཆོད་པའི་ཕྱིར་ནི་མ་ཡིན་ནོ། །སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། ཚོང་དུས་ཀྱི་དབུས་སུ་མི་སུ་ཉོ་མི་སུ་ཉོ་ཞེས་བྱ་བའི་སྒྲ་ཕྱུང་སྟེ་བོས་སོ། །དེ་ནས་བདུད་སྡིག་ཏོ་
Vol. 28 · folio 361b
ཅན་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མྱུར་དུ་རྫོགས་པར་འགྱུར། ཐོས་པ་རྒྱ་མཚོ་ལྟ་བུ་ཐོབ་པར་འགྱུར། བདུད་དང་བདུད་ཀྱི་རིས་སུ་གཏོགས་པའི་ལྷ་རྣམས་ཀྱིས་མི་ཚུགས་
པར་འགྱུར། ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་པར་འགྱུར་ཞེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཐབས་མཁས་པས་ཡོངས་སུ་འདྲི་བར་འགྱུར་ཏེ། དེས་ཀྱང་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་དེ་དག་ཀྱང་བདག་གི་སྤྱོད་ཡུལ་ལས་འདས་པར་འགྱུར་
ལ། སེམས་ཅན་གཞན་དག་ཀྱང་བདག་གིས་སྤྱོད་ཡུལ་ལས་འདས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་གྱིས། དེའི་ཕྱིར་བདག་གིས་དེའི་བར་ཆད་བྱའོ་སྙམ་དུ་བསམས་སོ། །དེ་ནས་བདུད་སྡིག་
ཅན་གྱིས་བྲམ་ཟེ་དང་། ཁྱིམ་བདག་དེ་རྣམས་ལ་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་མི་སུ་ཉོ་མི་སུ་ཉོ་ཞེས་བྱ་བའི་སྒྲ་བརྗོད་པ་དེ་མི་ཐོས་པར་འགྱུར་བ་དེ་ལྟ་བུར་ཟིལ་གྱིས་མནན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་བདག་ཉོ་བ་མ་རྙེད་པ་དང་། ཕྱོགས་གཅིག་ཏུ་སོང་སྟེ་ངུས་ནས་འདི་སྙམ་དུ་ཨེ་མའོ་བདག་གི་ལུས་ཉོ་བ་ཡང་མེད་དེ། རྙེད་པ་རབ་ཏུ་མ་རྙེད་དོ་སྙམ་དུ་སེམས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་འདི་སྙམ་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་ཆོས་འདོད་པའི་ཕྱིར། ཡང་དག་པའི་བསམ་པས་བདག་གི་ལུས་ཡོངས་སུ་གཏོང་ངམ། འོན་ཏེ་མ་ཡིན་པ་བདག་གིས་བརྟག་པར་བྱའོ་སྙམ་དུ་སེམས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་བྲམ་ཟེའི་
Vol. 28 · folio 362a
ཁྱེའུ་ཞིག་ཏུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་
ཀྱི་བུ་ཁྱོད་ཅིའི་ཕྱིར་ཡིད་མི་དགའ་ཞིང་མྱ་ངན་བྱེད་ལ་ངུ་ཞིང་འདུག། རབ་ཏུ་ངུ་བས་བྲམ་ཟེའི་ཁྱེའུ་ལ་འདི་སྐད་སྨྲས་སོ། །བྲམ་ཟེའི་ཁྱེའུ་བདག་ནི་ཆོས་འདོད་པའི་ཕྱིར། བདག་གི་ལུས་བཙོངས་ཏེ་ཆོས་ལ་མཆོད་པར་འདོད་ན། བདག་ཉོ་བ་མ་རྙེད་དེ་
དེ་ལ་བདག་འདི་སྙམ་དུ་གང་བདག་གི་ལུས་བཙོངས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བྱ་ཞིང་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་ཡང་། བཀུར་སྟིར་བྱ་བ་དེ་ལྟ་བུའི་ལུས་ཉོ་བ་ཡང་མ་རྙེད་པ་དེ།
ཨེ་མའོ་བདག་བསོད་ནམས་རེ་ཆུང་སྙམ་དུ་སེམས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་བདག་ལ་མི་ནི་མི་དགོས་ཀྱི། བདག་མཆོད་སྦྱིན་ཞིག་
བྱེད་པས། དེར་མིའི་སྙིང་དང་། ཁྲག་དང་རུས་པ་དང་། རྐང་དགོས་ན་དེ་ཉོར་སྦྱིན་ནམ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་སྙམ་དུ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཁས་པར་བྱ་བའི་ཕྱིར།
ཁྱེའུ་འདི་ལ་བདག་གི་ལུས་དང་། སྙིང་དང་ཁྲག་དང་། རུས་པ་དང་། རྐང་ཉོ་བ་རྙེད་པ་ནི། བདག་གིས་རྙེད་པའི་མཆོག་རབ་ཏུ་རྙེད། བདག་གིས་ལུས་ཀྱང་དོན་ཡོད་པར་གྱུར་ཏོ་སྙམ་དུ་སེམས་ཏེ། དེ་དགའ་མགུ་རབ་ཏུ་དགའ་བའི་སེམས་
སུ་གྱུར་ནས། ཁྱེའུ་དེ་ལ་འདི་སྐད་སྨྲས་སོ། །ཁྱེའུ་ཁྱོད་ལུས་འདི་གང་གི་ཕྱིར་དགོས་པ་དེ་སྦྱིན་ནོ། །དེས་དེ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ལ་རིན་ཅི་ཞིག་སྦྱིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་
Vol. 28 · folio 362b
ཁྱེའུ་དེ་ལ་འདི་སྐད་སྨྲས་སོ། །ཁྱེའུ་ཁྱོད་ཀྱིས་གང་ཡོངས་སུ་བཏང་བ་དེ་བྱིན་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་མཚོན་རྣོན་པོ་ཞིག་ཐོགས་ཏེ་དཔུང་པ་གཡས་པ་ཕུག་ནས་ཁྲག་ཕྱུང་ངོ་། །བརླ་གཡས་པ་ཡང་
བཅད་ནས་ཤ་མེད་པར་བྱས་དེ། རྩིག་པ་ཞིག་གི་དྲུང་དུ་རུས་པ་གཅོག་ཏུ་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་ཐོག་ན་འདུག་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ། བརླའི་ཤ་མེད་པར་བྱས་ནས། རྩིག་པའི་དྲུང་དུ་
རུས་པ་གཅོག་ཏུ་སོང་བ་མཐོང་བ་དང་། དེ་འདི་སྙམ་དུ་རིགས་ཀྱི་བུ་ཅིའི་ཕྱིར་བདག་གིས་བདག་ལ་གནོད་པར་བྱེད། དེ་བདག་གིས་རིགས་ཀྱི་བུ་དེའི་དྲུང་དུ་སོང་སྟེ་དྲིའོ་སྙམ་དུ་སེམས་སོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྟག་པར་རབ་ཏུ་ངུ་བ་གང་ན་བ་དེར་སོང་སྟེ། དེར་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་འདི་ལྟར་བདག་ལ་བདག་གནོད་པར་བྱེད། ཁྲག་དང་རུས་པ་དང་
རྐང་དེ་དག་གིས་ཀྱང་ཅི་ཞིག་བྱ། རྟག་པར་རབ་ཏུ་ངུ་བས་བུ་མོ་དེ་ལ་འདི་སྐད་སྨྲས་སོ། །འདི་དག་ཁྱེའུ་དེ་ལ་བཙོངས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་ཅིང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་
འཕགས་པ་ལ་ཡང་རིམ་གྲོར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་ཚོངས་དཔོན་གྱི་བུ་མོ་དེས་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་སྙིང་དང་། ཁྲག་དང་རུས་པ་དང་རྐང་བཙོངས་ཏེ། འཕགས་པ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་རིམ་གྲོར་བྱས་ན་ཡོན་ཏན་ཅི་ཞིག་ཡོད། དེས་བུ་མོ་དེ་ལ་འདི་སྐད་སྨྲས་སོ། །བུ་མོ་རིགས་ཀྱི་བུ་དེ་ནི་གང་ལ་ངེད་ཀྱིས་བསླབས་ན། སེམས་ཅན་ཐམས་ཅད་རྗེས་སུ་འབྲང་
Vol. 28 · folio 363a
བར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་ནས། ལུས་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་
བརྒྱད་ཅུ་དང་། འོད་འདོམ་གང་བ་དང་། འོད་ཟེར་མཐའ་ཡས་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། ཉམས་པར་མི་འགྱུར་བའི་མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཏིང་ངེ་འཛིན་རྣམ་
པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། ཤེས་རབ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསམ་གྱིས་མི་ཁྱབ་པ་རྣམས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་མངོན་པར་འཚང་རྒྱ་བ་དང་། གང་སེམས་ཅན་ཐམས་ཅད་ལ་བགོར་ཡོད་པ། བླ་ན་མེད་པའི་ཆོས་རིན་པོ་ཆེ་རབ་ཏུ་ཐོབ་པར་འགྱུར་བ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཐབས་མཁས་པ། བདག་ལ་སྟོན་ཏེ་དེ་ལ་
བདག་སློབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་ཚོང་དཔོན་གྱི་བུ་མོ་དེས་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཡོངས་སུ་བསྒྲགས་པའི་ཆོས་རྒྱ་ཆེན་པོ་དེ་དག་ནི་ངོ་མཚར་ཆེ་སྟེ། རིགས་ཀྱི་བུ་
ཆོས་དེ་ལྟ་བུ་རེ་རེའི་ཕྱིར་ཡང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་ཀྱང་ཡོངས་སུ་བཏང་བར་འོས་ན། གཅིག་ལྟ་སྨོས་ཀྱང་ཅི་དགོས། རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱིས་ཆོས་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པ། སེམས་ཅན་ཐམས་ཅད་ལ་
Vol. 28 · folio 363b
ཕན་པ་དང་། བདེ་བར་འགྱུར་བ་འདི་དག་ཡོངས་སུ་བསྒྲགས་སོ། །རིགས་ཀྱི་བུ་ཁྱོད་ཅི་དགོས་པ་གསེར་རམ། དངུལ་ལམ། བཻ་ཌཱུརྱ་འམ། ནོར་བུ་རིན་པོ་ཆེ་འམ། མུ་ཏིག་གམ། མེ་ཏོག་གམ། བདུག་པ་འམ། སྤོས་སམ།
ཕྲེང་བ་འམ། བྱུག་པ་འམ། ཕྱེ་མ་འམ། གོས་སམ། གདུགས་དང་། རྒྱལ་མཚན་དང་། བ་དན་གང་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ལ་རིམ་གྲོར་བྱ་བར་འགྱུར་བ་དེ་དག་བདག་གིས་
ཕ་མ་ལས་བསླངས་ཏེ་སྦྱིན་གྱིས། བདག་ལ་བདག་འདི་ལྟ་བུའི་གནོད་པ་མ་བྱེད་ཅིག །བདག་ཀྱང་ཆོས་དེ་རྣམས་འདོད་དེ། བདག་ཀྱང་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ན་བ་དེར་ཁྱོད་དང་
ལྷན་ཅིག་ཏུ་འགྲོའོ། །བདག་ཀྱང་འདི་ལྟར་ཆོས་དེ་ལྟ་བུ་དེ་དག་ཐོབ་པར་བྱ་བའི་ཕྱིར་ཁྱོད་དང་ལྷན་ཅིག་ཏུ་དགེ་བའི་རྩ་བ་བསྐྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱེའུ་ཡི་ལུས་མི་སྣང་བར་བྱས་ནས། བདག་ཉིད་ཀྱི་ལུས་སུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བའི་མདུན་དུ་འདུག་ནས་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་འདི་ལྟ་བུར་ཡི་དམ་ལ་བརྟན་པ་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ཀྱིས་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཆོས་དོན་དུ་གཉེར་བའི་ཚུལ་འདི་ལྟ་བུས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཐབས་མཁས་པས་བཙལ་ཅིང་དགེ་བའི་བཤེས་གཉེན་ལ་ཡོངས་སུ་དྲིས་ནས།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །རིགས་ཀྱི་བུ་བདག་ལ་ནི་སྙིང་དང་། ཁྲག་དང་རུས་པ་དང་རྐང་མི་དགོས་ཀྱི། ཁྱོད་ལ་ཉམས་སད་པའི་ཕྱིར་འདིར་འོངས་ཀྱིས། རིགས་ཀྱི་བུ་ཁྱོད་ལ་མཆོག་
Vol. 28 · folio 364a
ཇི་ཙམ་ཞིག་སྦྱིན་པར་བྱ་བའི་མཆོག་སློངས་ཤིག །རྟག་པར་རབ་ཏུ་ངུ་བས་བརྒྱ་བྱིན་ལ་སྨྲས་པ། བརྒྱ་བྱིན་བདག་ལ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་བྱིན་ཅིག། བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་ཡུལ་འདི་ནི་བདག་
གི་སྤྱོད་ཡུལ་མ་ཡིན་གྱི། ཡུལ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་བས་ན་མཆོག་གཞན་ཞིག་སློངས་ཤིག །བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བས་སྨྲས་པ། ལྷའི་དབང་པོ་འོ་ན་ཁྱོད་ཐུགས་ཁྲལ་ཆུང་ངུ་
གྱིས་ལ་བཞུགས་ཤིག། བདག་གིས་ལུས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བདག་རང་བདེན་པ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ལུང་བསྟན་ཅིང་། བདག་ལ་སྒྱུ་མེད་པ་དང་ལྷག་པའི་བསམ་པ་ཡོད་པར་བདེན་པའི་བྱིན་གྱིས་བརླབས་བྱའོ། །ལྷའི་དབང་པོ་བདེན་པ་དེ་དང་བདེན་པའི་ཚིག་དེས་བདག་གི་ལུས་སྔ་མ་བཞིན་དུ་གྱུར་ཅིག །དེ་ནས་སྐད་ཅིག་དེ་དང་། ཐང་ཅིག་དེ་དང་།
ཡུད་ཙམ་དེ་ཉིད་ལ་སངས་རྒྱས་ཀྱི་མཐུ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བའི་ལུས་སྔ་མ་བཞིན་དུ་གནས་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྤོབས་པ་མེད་
པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་དེ་ལས་གཞན་ལན་འདེབས་མ་ནུས་ནས། གནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་བདག་གི་ཁྱིམ་གང་ན་བ་དེར་བཞུད་ཀྱིས་ཚུར་སྤྱོན། བདག་གི་ཕ་མ་ལས་ནོར་བསླངས་ཏེ། ཁྱོད་ཆོས་འདོད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཆོད་པ་དང་། འཕགས་པ་བྱང་ཆུབ་
Vol. 28 · folio 364b
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ལ་རིམ་གྲོར་བྱ་བའི་ནོར་དེ་ཁྱོད་ལ་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ཚོང་དཔོན་གྱི་བུ་མོ་དེ་དང་ལྷན་ཅིག་ཏུ་དེའི་ཁྱིམ་གང་ན་བ་དེར་དོང་ངོ་། །དེ་
ནས་ཚོང་དཔོན་གྱི་བུ་མོ་དེ་བདག་གི་ཁྱིམ་དུ་སོང་ནས། ཕ་མ་ལ་འདི་སྐད་སྨྲས་སོ། །ཡབ་ཡུམ་བདག་ལ་ནོར་མང་པོ་སྩལ་དུ་གསོལ། །གསེར་དང་། དངུལ་དང་། རིན་པོ་ཆེ་དང་། ནོར་བུ་དང་། གོས་དང་། མེ་ཏོག་དང་། བདུག་པ་དང་།
སྤོས་དང་། ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་རྒྱལ་མཚན་དང་། བ་དན་རྣམས་དང་སིལ་སྙན་གྱི་བྱེ་བྲག་རྣམ་པ་མང་པོ་རྣམས་བདག་ལ་སྩལ་དུ་གསོལ། ཁྱེད་ཀྱིས་བདག་ལ་འཁོར་དུ་སྩལ་པའི་བུ་མོ་ལྔ་
བརྒྱ་པོ་འདི་རྣམས་དང་། ལྷན་ཅིག་ཏུ་བདག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཆོད་ཅིང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
ཀྱིས་འཕགས་པ་ལ་རིམ་གྲོ་བགྱིད་དུ་མཆི་བར་ཅི་གནང་། དེས་བདག་ཅག་ལ་ཆོས་བཤད་ན། སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་རོ། །དེ་ནས་བུ་མོ་དེའི་ཕ་མ་གཉིས་ཀྱིས་བུ་མོ་དེ་ལ་འདི་སྐད་སྨྲས་སོ། །བུ་མོ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ཞེས་བྱ་བ་དེ་སུ་ཞིག །ད་ལྟ་ག་ལ་འདུག །བུ་མོས་སྨྲས་པ། རིགས་ཀྱི་བུ་དེ་འོ་སྐོལ་གྱི་ཆབ་སྒོའི་དྲུང་ན་མཆིས་ཏེ། རིགས་ཀྱི་བུ་དེ་ཡང་ལྷག་པའི་བསམ་པས། བླ་ན་
མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་ནི་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་དཔག་ཏུ་མ་མཆིས་པའི་འཁོར་བའི་སྡུག་བསྔལ་གྱི་ཚོགས་ལས་ཐར་བར་འཚལ་བའི་སླད་དུ་དམ་པའི་ཆོས་འཚལ་བས། བདག་གི་ལུས་བཙོངས་ཏེ་དམ་
Vol. 28 · folio 365a
པའི་ཆོས་ཀྱི་ཚུལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་རིམ་གྲོ་བགྱི་བར་འཚལ་ན། དེའི་ལུས་ཉོ་བ་ཡང་མ་རྙེད་ནས། དེ་སྡུག་བསྔལ་བར་གྱུར་
ཡིད་མི་དགའ་སེམས་ཁོངས་སུ་ཆུད། ཡི་ཆད་ནས་ངུ་ཞིང་འདུག་པ་དང་། ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱེའུ་ཞིག་གི་ལུས་སུ་སྤྲུལ་ནས། དེ་ལ་ཉམས་སད་པའི་ཕྱིར་རིགས་ཀྱི་བུ་ཁྱོད་སྡུག་བསྔལ་ཞིང་ཡིད་མི་དགའ་བ་དང་། སེམས་ཁོངས་སུ་ཆུད་
དེ་ཡི་ཆད་ནས། ཅིའི་ཕྱིར་ངུ་ཞིང་འདུག་ཅེས་སྨྲས་པ་དང་། དེས་དེ་ལ་བདག་ནི་བདག་གི་ལུས་འཚོང་ན། དེ་ཉོ་བ་ཡང་མེད་དོ་ཞེས་སྨྲས་སོ། །བརྒྱ་བྱིན་ཁྱེའུའི་ལུས་སུ་བསྒྱུར་བས་སྨྲས་པ་རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་བདག་གི་ལུས་འཚོང་། རྟག་
པར་རབ་ཏུ་ངུ་བས་སྨྲས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་རིམ་གྲོར་བྱ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་ཆོས་འདོད་པའི་ཕྱིར་ཏེ། དེ་ལ་བདག་
སངས་རྒྱས་ཀྱི་ཆོས་ཀྱི་རག་ལུས་སོ། །ཁྱེའུའི་གཟུགས་སུ་བསྒྱུར་བའི་བརྒྱ་བྱིན་གྱིས་སྨྲས་པ། རིགས་ཀྱི་བུ་བདག་ལ་མི་ནི་མི་དགོས་ཀྱི། བདག་མཆོད་སྦྱིན་ཞིག་བྱེད་པས། དེར་བདག་ལ་མིའི་སྙིང་དང་། ཁྲག་དང་རུས་པ་དང་རྐང་དག་དགོས་
སོ། །དེ་ནས་རིགས་ཀྱི་བུ་དེ་སེམས་མ་ཞུམ་པར་གྱུར་ནས། དེ་ཡང་སྦྱིན་ནོ་ཞེས་སྨྲས་ཏེ། དེ་མཚོན་རྣོན་པོ་ཞིག་ཐོགས་ཏེ། བདག་གི་དཔུང་པ་ཕུག་སྟེ་ཁྲག་ཕྱུང་བརླ་ཡང་ཤ་མེད་པར་བྱས་ནས། རྩིག་པ་ཞིག་གི་དྲུང་དུ་རུས་པ་གཅོག་ཏུ་སོང་སྟེ།
རུས་པ་དང་རྐང་སྦྱིན་ནོ་སྙམ་པ་ལས། དེ་ཁྲག་ཟག་ཅིང་འདུག་པ་བདག་གིས་ཁང་ཐོག་ནས་མཐོང་བ་དང་། དེ་ལ་བདག་འདི་སྙམ་དུ་མི་འདི་ཅི་བྱེད་པ་ཞིག། འདི་ལྟར་བདག་ལ་བདག་གནོད་པར་བྱེད་སྙམ་ནས། དེའི་དྲུང་དུ་བདག་མཆིས་ཏེ་འདི་སྐད་
Vol. 28 · folio 365b
སྨྲས་སོ། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་བདག་ལ་བདག་ཁྲག་འབྱིན། དེ་ནས་རིགས་ཀྱི་བུ་དེས་བདག་ལ་འདི་སྐད་སྨྲས་སོ། །བྲམ་ཟེའི་ཁྱེའུ་འདི་ལ་ཁྲག་དང་སྙིང་དང་རུས་པ་དང་རྐང་སྦྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་དབུལ་བས་ནོར་གཞན་ཅུང་ཟད་ཀྱང་
མེད་དོ། །དེ་ལ་བདག་གིས་འདི་སྐད་སྨྲས་སོ། །ནོར་དེས་ཁྱོད་ལ་ཅི་ཞིག་བྱ། དེས་བདག་ལ་འདི་སྐད་སྨྲས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་ཅིང་ཆོས་འདོད་པའི་ཕྱིར། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
ཀྱིས་འཕགས་པ་ལ་རིམ་གྲོར་བྱའོ། །དེ་ལ་བདག་གིས་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་དེ་ལས་ཡོན་ཏན་གྱི་རིགས་དང་། ཡོན་ཏན་གྱི་བྱེ་བྲག་ཅི་ཞིག་འབྱུང་། དེས་བདག་ལ་འདི་སྐད་སྨྲས་སོ། །དེ་ནི་བདག་ལ་སངས་རྒྱས་ཀྱི་ཆོས་དང་སངས་
རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྟོན་པར་འགྱུར་ཞིང་། དེ་བཞིན་གཤེགས་པའི་ཆོས་དཔག་ཏུ་མེད་པ་མི་འཕྲོགས་པ་དེ་ལྟ་བུའི་ཆོས་རྣམས་དེ་ལས་ཐོབ་པར་འགྱུར་རོ། །དེ་བདག་གིས་ཐོབ་པ་དང་། དགའ་ཞིང་མགུ་བ་ཆེན་པོ་སྐྱེས་ཤིང་།
སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་དེ་དག་ཐོས་པ་དང་བདག་འདི་སྙམ་དུ་གྱུར་ཏོ། །གང་འདི་ལྟ་བུ་དག་བྱེད་ནུས་པ་ནི། རིགས་ཀྱི་བུ་འདི་དཀའ་བ་སྤྱོད་པ་སྟེ་ངོ་མཚར་ཆེའོ། །རིགས་ཀྱི་བུ་འདི་ནི་ཆོས་འདོད་པའི་ཕྱིར་བདག་གིས་ལུས་ཡོངས་སུ་
གཏོང་ན། བདག་ཅག་གིས་ཅིའི་ཕྱིར་ཆོས་འདི་མཆོད་པར་མི་བྱ་འདི་ལྟ་བུ་དག་གི་གནས་སུ་ཅིའི་ཕྱིར་སྨོན་ལམ་མི་གདབ། བདག་ཅག་ལ་ལོངས་སྤྱོད་རྒྱ་ཆེན་པོ་རབ་ཏུ་མང་དུ་ཡོད་དོ་སྙམ་ནས། བདག་གིས་རིགས་ཀྱི་བུ་འདི་ལ་འདི་སྐད་སྨྲས་སོ། །
རིགས་ཀྱི་བུ་ཁྱོད་བདག་ལ་གནོད་པ་འདི་ལྟ་བུ་མ་བྱེད་ཅིག། བདག་གིས་ནོར་མང་པོ་ཕ་མ་ལས་བསླངས་ཏེ་སྦྱིན་ནོ། །དེས་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་
Vol. 28 · folio 366a
རིམ་གྲོ་བྱོས་ཤིག། བདག་ཀྱང་ཁྱོད་དང་ལྷན་ཅིག་ཏུ། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ན་བ་དེར་སོང་སྟེ། བདག་གིས་ཀྱང་རིགས་ཀྱི་བུ་དེ་ལ་མཆོད་པ་བྱའོ། །བདག་ཀྱང་
འདི་ལྟར་སངས་རྒྱས་ཀྱི་ཆོས་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་བར་དུ་གང་ཁྱོད་ཀྱིས་བཤད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱའོ་ཞེས་སྨྲས་སོ། །དེ་བས་ན་ཡབ་ཡུམ་ནོར་མང་པོ་ཕལ་ཆེར་བདག་ལ་སྩལ་ཏེ། བདག་རིགས་
ཀྱི་བུ་འདི་དང་ལྷན་ཅིག་ཏུ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པ་བགྱིད་དུ་མཆི་བར་ཅི་གནང་།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་
ལྔ་པ། བམ་པོ་བདུན་ཅུ་བརྒྱད་པ། དེ་ནས་བུ་མོ་དེའི་ཕ་མ་གཉིས་ཀྱིས་བུ་མོ་དེ་ལ་འདི་སྐད་སྨྲས་སོ། །བུ་མོ་ཁྱོད་ཀྱིས་རིགས་ཀྱི་བུ་དེའི་གཏམ་བྱས་པ་ནི་རབ་ཏུ་དཀའོ། །འཇིག་རྟེན་ཐམས་ཅད་ལས་འཕགས་པ་སེམས་ཅན་ཐམས་ཅད་
བདེ་བར་བྱེད་པའི་ཆོས་གང་གི་ཕྱིར་རིགས་ཀྱི་བུ་དེ་འདི་ལྟ་བུའི་དཀའ་བ་ཉམས་སུ་ལེན་པའི་ཆོས་དེ་དག་ཀྱང་ཤིན་ཏུ་བསམ་གྱིས་མི་ཁྱབ་བོ། །དེ་བས་ན་བུ་མོ་ཁྱོད་ངེད་ཀྱིས་གནང་ངོ་། །ངེད་ཀྱང་ཁྱོད་དང་ལྷན་ཅིག་ཏུ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་བལྟ་བ་དང་། མཆོད་པ་བྱེད་དུ་འདོང་གིས་སྐབས་བྱིན་ཅིག། དེ་ནས་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པ་དང་། བཀུར་སྟིར་བྱེད་དུ་འདོང་འདོད་པའི་ཕ་མ་གཉིས་
ལ་འདི་སྐད་སྨྲས་སོ། །བདག་ནི་སུ་ལ་ཡང་དགེ་བའི་བར་ཆད་མི་བགྱིད་དོ། །དེ་ནས་ཚོང་དཔོན་གྱི་བུ་མོ་དེ་དང་དེའི་ཕ་མ་ལ་སྩོགས་པས་ཤིང་རྟ་ལྔ་བརྒྱ་བརྒྱན། བུ་མོ་ལྔ་བརྒྱ་པོ་དེ་ཡང་བརྒྱན་ནས། མེ་ཏོག་སྣ་ཚོགས་རྣམས་ཐོགས། གོས་རྣམ་པ་སྣ་
Vol. 28 · folio 366b
ཚོགས་དང་། བདུག་པ་དང་། སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཆོས་གོས་དང་གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ཐོགས། གསེར་གྱི་མེ་ཏོག་དང་། དངུལ་གྱི་མེ་ཏོག་རྣམས་ཐོགས། རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། གསེར་དང་
ནོར་བུ་དང་མུ་ཏིག་དང་། བཻ་ཌཱུརྱ་དང་། དུང་དང་ཤེལ་དང་བྱི་རུ་རྣམས་ཐོགས། བཟའ་བ་དང་། བཅའ་བ་དང་། བཏུང་བ་མང་པོ་ཐོགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དང་ལྷན་ཅིག་ཏུ་ཤིང་རྟ་གཅིག་
ལ་ཞོན། བུ་མོ་ལྔ་བརྒྱ་པོ་དེ་དག་ཀྱང་ཤིང་རྟ་ལྔ་བརྒྱ་ལ་ཞོན་པས་ཡོངས་སུ་བསྐོར། མདུན་དུ་བྱས་ནས་འཁོར་མང་པོ་དང་ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་ཕྱོགས་གང་ན་བ་དེར་ལོགས་སུ་དོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་
མཐར་གྱིས་སོང་སོང་ན། རྒྱང་རིང་པོ་ཞིག་ནས་སྤོས་ཅན་གྱི་གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས་པ་མཛེས་ཤིང་ལྟ་ན་སྡུག་པ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ར་བ་བདུན་གྱིས་བསྐོར་བ། རྟ་བབས་བདུན་དང་ལྡན་པ། འོབས་བདུན་དང་།
ཤིང་རྟ་ལའི་ཕྲེང་བ་བདུན་གྱིས་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས་ཡོད་པ། ཞེང་དུ་ཡང་དཔག་ཚད་བཅུ་གཉིས་ཡོད་པ། ཕྱུག་ཅིང་དར་བ། བདེ་ཞིང་སྐྱིད་པ། མི་མང་པོས་རྒྱས་པ། ཚོང་འདུས་ཀྱི་སྲང་རི་མོ་ལ་བྲིས་པ་ལྟ་བུ་ལྔ་བརྒྱ་
དང་ལྡན་པ། བཞོན་པ་ལྷན་ཅིག་ཏུ་གཤིབས་ཏེ་འགྲོ་བའི་ཟམ་པ་དང་བཅས་པ་དེ་ལྟ་བུ་མཐོང་ངོ་། །ལམ་གྱི་མདོའི་དབུས་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཆོས་ཀྱི་སྟན་གྱི་སྟེང་ན། འཁོར་བརྒྱ་སྟོང་དུ་མས་ཡོངས་
སུ་བསྐོར་ཅིང་མདུན་དུ་བྱས་ནས་ཆོས་འཆད་ཅིང་འདུག་པ་མཐོང་ངོ་། །དེས་མཐོང་མ་ཐག་ཏུ་འདི་ལྟ་བུའི་བདེ་བ་ཐོབ་པ་ནི་དཔེར་ན། བསམ་གཏན་དང་པོ་ལ་མཉམ་པར་བཞུགས་པའི་དགེ་སློང་སེམས་རྩེ་གཅིག་ཏུ་བཞག་པ་དེ་ལྟ་བུའི་བདེ་བ་ཐོབ་པར་གྱུར་ཏོ། །
Vol. 28 · folio 367a
མཐོང་ནས་ཀྱང་འདི་སྙམ་དུ་བདག་ཤིང་རྟ་ལ་ཞོན་བཞིན་དུ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་དྲུང་དུ་འགྲོ་བ་མི་རིགས་སོ་སྙམ་དུ་བསམས་ནས། དེ་ཤིང་རྟ་ལས་བབས་སོ། །
ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཀྱང་ཤིང་རྟ་དེ་དག་ལས་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དེ་ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱས་ཡོངས་སུ་བསྐོར། མདུན་དུ་
བྱས་ནས་དཔག་ཏུ་མེད་པའི་རྒྱན་རྣམས་ཐོགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ན་བ་དེར་སོང་ངོ་། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པས་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པའི་ཁང་པ་རྩེག་མ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཞིག་བྱས་ཏེ། ཙན་དན་དམར་པོས་བརྒྱན་པ། མུ་ཏིག་གི་དྲ་བ་བྲེས་པ། རྩེག་ཁང་གི་གྲུ་བཞིར་མེ་མར་གྱིས་སྣང་བ་བྱ་བའི་ཕྱིར། ནོར་བུ་རིན་པོ་ཆེ་འོད་གསལ་བ་རྣམས་བཀོད་དོ། །
དངུལ་གྱི་པོག་ཕོར་བཞི་ཡང་བར་སྣང་ལས་འཕྱང་དུ་བཅུག་སྟེ། དེ་ན་ཨ་ཀ་རུ་ནག་པོ་གཙང་མའི་བདུག་པ་རྣམས་འཐུལ་བ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པའི་ཕྱིར་རོ། །རྩེག་ཁང་དེའི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་བཞག་སྟེ།
དེའི་སྟེང་དུ་རིན་པོ་ཆེའི་སྒྲོམ་བཞི་བཞག་གོ །དེའི་ནང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་མཐིང་ཀ་ཞུན་མས་བྲིས་པ་བཞུགས་སོ། །རྩེག་ཁང་དེ་ཡང་མེ་ཏོག་དང་དར་སྣ་ཚོགས་ཀྱི་ཕྲེང་བ་རྣམས་ཀྱིས་སྤྱངས་པས་རབ་ཏུ་བརྒྱན་
ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དེ། ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་དང་བཅས་པས་ཁང་པ་རྩེག་མ་དེ་དཔག་ཏུ་མེད་པའི་རྒྱན་གྱིས་བརྒྱན་པ་མཐོང་ངོ་། །ལྷ་སྟོང་ཕྲག་དུ་མ་རྣམས་ཀྱང་མཐོང་།
Vol. 28 · folio 367b
ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་མེ་ཏོག་མན་དཱ་ར་བ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་གསེར་གྱི་ཕྱེ་མ་དང་། ལྷའི་དངུལ་གྱི་ཕྱེ་མས་ཁང་པ་རྩེག་མ་དེ་དག་ལ་ཀུན་དུ་མཐོར། མངོན་པར་འཐོར། རབ་ཏུ་མངོན་པར་འཐོར་བ་དང་། ལྷའི་
སིལ་སྙན་དག་སྒྲོག་པ་ཐོས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་ཁྱོད་ཅིའི་ཕྱིར་ལྷ་སྟོང་ཕྲག་དུ་མ་དང་། ལྷན་ཅིག་ཏུ་རིན་པོ་ཆེའི་ཁང་པ་རྩེག་མ་འདི་
ལ། མེ་ཏོག་མན་དཱ་ར་བ་དང་། ཙན་དན་གྱི་ཕྱེ་མ་ལ་སྩོགས་པས་འཐོར། མངོན་པར་འཐོར། ལྷའི་སིལ་སྙན་འདི་དག་ཀྱང་བར་སྣང་ལས་ལྷ་རྣམས་ཅིའི་ཕྱིར་སྒྲོགས། དེ་སྐད་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་མི་ཤེས་སམ། འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གཅེས་པའི་ཡུམ། སྐྱེད་པར་
མཛད་པ་བསྐྲུན་པ། གཙོ་མོ་ཡིན་ཏེ་གང་ལ་བསླབས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་
འགྱུར་བའོ། །དེ་སྐད་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་གཅེས་པའི་ཡུམ་སྐྱེད་པར་མཛད་པ་སྐྲུན་པའི་གཙོ་མོ་དེ་གང་ན་བཞུགས། བརྒྱ་བྱིན་གྱིས་སྨྲས་པ། འོ་ན་ལྟ་ཁང་པ་རྩེག་མའི་ནང་ན། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་མཐིང་ཀ་ཞུན་མས་བྲིས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
Vol. 28 · folio 368a
ཀྱིས་འཕགས་པས། རྒྱ་བདུན་གྱིས་བཏབ་སྟེ་བཞག་པས། དེ་བདག་ཅག་གིས་ཁྱེད་ལ་བསྟན་དུ་མི་རུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ། ཚོང་དཔོན་གྱི་བུ་མོ་ལ་སོགས་
པ། བུ་མོ་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཚོགས་པས། མེ་ཏོག་དང་ཕྲེང་བ་དང་། གོས་དང་རིན་པོ་ཆེ་དང་བདུག་པ་དང་། སྤོས་དང་བྱུག་པ་དང་། ཕྱེ་མ་དང་ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གསེར་དང་། དངུལ་
གྱི་མེ་ཏོག་བདག་ཅག་གིས་ཁྱེར་ཏེ་འོངས་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱས་ཏེ། དེ་དག་ལས་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པའི་ཕྱིར་བཞག་གོ །དེ་ནས་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། མེ་ཏོག་དང་བདུག་པ་དང་སྤོས་དང་ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་རྣམ་པ་སྣ་ཚོགས་ཀྱིས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་སྔར་མཆོད་པ་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ན་བ་དེར་སོང་ངོ་། །སོང་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མེ་ཏོག་དང་། བདུག་པ་དང་།
སྤོས་དང་། ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་། གོས་དང་གདུགས་དང་རྒྱལ་མཚན་དང་། བ་དན་དང་ཙན་དན་གྱི་ཕྱེ་མ་དང་། གསེར་དང་དངུལ་གྱི་མེ་ཏོག་རྣམས་ཀྱིས་ཆོས་ལ་མཆོད་པ་ཉིད་ཀྱི་ཕྱིར་ཀུན་ཏུ་གཏོར། མངོན་པར་གཏོར། རབ་ཏུ་མངོན་
པར་གཏོར་ཏོ། །དེ་ནས་མེ་ཏོག་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་སྟེང་དུ་མེ་ཏོག་གི་རྩེག་ཁང་དུ་གནས་པར་གྱུར་ཏོ། །གསེར་དང་དངུལ་གྱི་མེ་ཏོག་ཁ་དོག་སྣ་ཚོགས་པ་དེ་དག་ཀྱང་ནམ་མཁའ་ལ་གཞལ་ཡས་ཁང་དུ་གནས་
Vol. 28 · folio 368b
པར་གྱུར་ཏོ། །ཆོས་གོས་དང་། གོས་རིན་པོ་ཆེ་དེ་དག་ཀྱང་བར་སྣང་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲིན་ལྟ་བུར་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དང་། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་
དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་དེ་ལྟ་བུ་མཐོང་ནས་འདི་སྙམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་འདི་དེ་ལྟར་རྫུ་འཕྲུལ་ཆེ་བ་དང་། དེ་ལྟར་
མཐུ་ཆེ་བ་དང་། དེ་ལྟར་གཟི་བརྗིད་ཆེ་བ་ངོ་མཚར་ཆེའོ། །རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་། དེ་ལྟ་བུའི་རྫུ་འཕྲུལ་དག་རྣམ་པར་སྤྲུལ་ན། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་གྱུར་ན།
ལྟ་སྨོས་ཀྱང་ཅི་དགོས། དེ་ནས་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་དགའ་བ་དང་། གུས་པ་སྐྱེས་ནས་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་སེམས་བསྐྱེད་ནས། བདག་ཅག་དགེ་བའི་རྩ་བ་འདིས་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག། བདག་ཅག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་ཆོས་གང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པས་ཐོབ་པའི་ཆོས་དེ་དག་ཉིད་ཐོབ་པར་གྱུར་ཅིག། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བཀུར་བསྟི་བྱེད་པ་དེ་ལྟར་བདག་ཅག་ཀྱང་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བཀུར་བསྟི་བྱེད་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་འདི་ཇི་ལྟར་འགྲོ་བ་མང་པོ་ལ་རབ་ཏུ་སྟོན་པ་དེ་ལྟར་བདག་ཅག་ཀྱང་འགྲོ་བ་མང་པོ་ལ་རབ་ཏུ་སྟོན་པར་གྱུར་ཅིག །འཕགས་པ་བྱང་ཆུབ་
Vol. 28 · folio 369a
སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཐབས་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པར་གྱུར་པ་དེ་བཞིན་དུ་བདག་ཅག་ཀྱང་ཐབས་མཁས་པ་དང་ལྡན་ཞིང་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་དེ་ལྟ་བུའི་
སྨོན་ལམ་དག་ཀྱང་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དང་། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་བྱས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་ཡང་བཀུར་བསྟི་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། རྗེ་ས་དང་བཅས་རིམ་གྲོ་དང་བཅས། ཐལ་མོ་སྦྱར་ནས་
ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་བདག་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་ཚོལ་བ་ན། དགོན་པ་ཞིག་ནས་སྒྲ་ཐོས་པ། རིགས་ཀྱི་བུ་ཤར་ཕྱོགས་སུ་སོང་ཤིག་དང་། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་པར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་བདག་གིས་སྒྲ་དེ་ཐོས་པ་དང་། ཤར་ཕྱོགས་གང་ན་བ་དེ་ལོགས་སུ་
སོང་སོང་བ་ལས། བདག་འདི་སྙམ་དུ་བདག་གིས་སྒྲ་དེ་ལ་བདག་ཇི་སྲིད་ཅིག་ཏུ་འགྲོ་དགོས་པ་དང་། སུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོས་ཤིང་ཐོབ་པར་འགྱུར་བ་མ་དྲིས་སོ་སྙམ་དུ་བསམས་སོ། །དེ་ལྟར་བདག་ཡིད་མི་དགའ་བ་དང་མྱ་ངན་ཆེན་
པོར་གྱུར་ཅིང་། ས་ཕྱོགས་དེ་ཉིད་ན་ཉིན་ཞག་བདུན་ལོན་ཏེ། བདག་ཇི་སྲིད་ཅིག་ཏུ་འགྲོ་དགོས། སུ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉན་དུ་ཡོད་ཅེས་སྒྲ་དེ་ལ་མ་དྲིས་སོ་སྙམ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པའི་མྱ་ངན་ལས་གཞན་
Vol. 28 · folio 369b
པ་ཁ་ཟས་བཟའ་བའི་སེམས་ཀྱང་མ་སྐྱེས་སོ། །དེ་ནས་བདག་གི་མདུན་དུ་དེ་བཞིན་གཤེགས་པའི་སྐུ་བྱུང་ནས། དེས་བདག་ལ་འདི་སྐད་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ནས་དཔག་ཚད་ལྔ་བརྒྱ་ན། སྤོས་ཅན་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཡོད་
དེ། དེར་སོང་ཤིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་ཅིང་འདུག་པ་དེ་ཁྱོད་ཀྱིས་མཐོང་བར་འགྱུར་རོ། །དེ་ནས་བདག་དེ་བཞིན་གཤེགས་པའི་སྐུས་བཀའ་སྩལ་པ་བཞིན་དུ་ཤར་ཕྱོགས་
གང་ན་བ་དེ་ལོགས་སུ་སོང་སོང་བ་ལས་རྒྱང་གིས། འཕགས་པ་ཆོས་འཆད་ཅིང་འདུག་པ་མཐོང་ངོ་། །མཐོང་མ་ཐག་ཏུ་ཡང་དཔེར་ན། བསམ་གཏན་དང་པོ་ལ་མཉམ་པར་བཞག་པའི་དགེ་སློང་གི་བདེ་བ་དེ་ལྟ་བུ་ཐོབ་པར་གྱུར་ཏོ། །བདག་དགའ་ཞིང་བདེ་
བ་དེས་ཁྱབ་པར་གྱུར་ནས། ས་ཕྱོགས་དེ་ཉིད་ནས་མ་གཡོས་པར་ཁྱོད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཆད་ཅིང་འདུག་པ་ཐོས་སོ། །དེ་ཐོས་ནས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་སྐྱེས་པར་གྱུར་ཏོ། །བདག་དེ་ན་འདུག་པའི་ཚེ་ཡང་ཕྱོགས་བཅུ་ནས་དེ་བཞིན་
གཤེགས་པ་རྣམས་བདག་ལ་དབུགས་འབྱིན་པ་མཛད་ཅིང་རིགས་ཀྱི་བུ་ཏིང་ངེ་འཛིན་འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ཡིན་པས་ལེགས་སོ། །ལེགས་སོ། །ངེད་ཀྱིས་ཀྱང་དེ་དག་ལ་གནས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་
སུ་རྫོགས་པར་བྱས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་བདག་ལ་ཤིན་དུ་ལེགས་པར་བསྟན་ནས་མི་སྣང་བར་གྱུར་ཏོ། །བདག་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ནས་འདི་སྙམ་དུ་གྱུར་ཏོ། །དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་
གཤེགས་པ་དེ་དག་གར་གཤེགས་སྙམ་མོ། །དེ་ནས་ཡང་བདག་འདི་སྙམ་དུ་གྱུར་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་དེ་ནི་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དགེ་བའི་རྩ་བ་བསྐྲུན་པ། ཤེས་རབ་ཀྱི་ཕ་རོལ་དུ་
Vol. 28 · folio 370a
ཕྱིན་པའི་ཐབས་མཁས་པ་ལ་བསླབས་པ་ཡིན་པས་དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན་པ་དང་། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་པ་དེ་བདག་ལ་སྟོན་ཏོ་སྙམ་མོ། །དེ་བས་ན་རིགས་ཀྱི་བུ་ཁྱོད་ལ་དེ་བཞིན་
གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གང་དུ་བཞུད་པ་བདག་འདྲི་ཡིས། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་དག་ག་ལས་བྱོན་པ་དང་། གར་བཞུད་པ་ཅི་ནས་ཀྱང་བདག་ཅག་གིས་ཤེས་པར་འགྱུར་བ་
དང་། དེ་བཞིན་གཤེགས་པ་མཐོང་བར་འགྱུར་བ་དེ་ལྟ་བུར་བདག་ལ་སྟོན་ཅིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་རྟག་པར་རབ་ཏུ་ངུ་བའི་ལེའུ་སྟེ། བདུན་ཅུ་རྩ་བཞི་པའོ།། །།དེ་སྐད་སྨྲས་པ་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་གང་ནས་ཀྱང་མ་བྱོན། གང་དུ་
ཡང་མི་བཞུད་དེ། དེ་བཞིན་གཤེགས་པ་རྣམས་ནི་མི་གཡོ་བའོ། །དེ་བཞིན་ཉིད་གང་ཡིན་པ་དེ། དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྐྱེ་བ་མེད་པ་དེ་ནི་འགྲོ་བ་འམ་འོང་བ་མེད་དེ། སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །
རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་ནི་འོང་བ་འམ་འགྲོ་བ་མེད་དེ། ཡང་དག་པའི་མཐའ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྟོང་པ་ཉིད་ལ་ནི་འགྲོ་བ་འམ་འོང་བ་མེད་དེ། སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །
རིགས་ཀྱི་བུ་ཇི་ལྟ་བ་ཉིད་ལ་ནི་འོང་བ་འམ་འགྲོ་བ་མེད་དེ། ཇི་ལྟ་བ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་འདོད་ཆགས་དང་བྲལ་བ་ལ་ནི་འོང་བ་འམ་འགྲོ་བ་མེད་དེ། འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་
Vol. 28 · folio 370b
པའོ། །རིགས་ཀྱི་བུ་འགོག་པ་ལ་ནི་འོང་བ་འམ་འགྲོ་བ་མེད་དེ། འགོག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ནམ་མཁའི་དབྱིངས་ལ་ནི་འོང་བ་འམ་འགྲོ་བ་མེད་དེ། ནམ་མཁའི་དབྱིངས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་
འོ། །རིགས་ཀྱི་བུ་ཆོས་འདི་རྣམས་ལས་གཞན་པ་ཡང་དེ་བཞིན་གཤེགས་པ་མ་ཡིན་ནོ། །རིགས་ཀྱི་བུ་ཆོས་འདི་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་དག་ནི་དེ་བཞིན་ཉིད་གཅིག་སྟེ།
རིགས་ཀྱི་བུ་དེ་བཞིན་ཉིད་ལ་ནི་རྣམ་པ་གཉིས་སུ་མེད་དོ། །རིགས་ཀྱི་བུ་དེ་བཞིན་ཉིད་ནི་གཅིག་སྟེ། གཉིས་མ་ཡིན་གསུམ་མ་ཡིན་ཏེ། རིགས་ཀྱི་བུ་འདི་ལྟར་དེ་བཞིན་ཉིད་ནི་མེད་པའི་ཕྱིར་བགྲང་བ་ལས་འདས་པའོ། །རིགས་ཀྱི་བུ་འདི་
ལྟ་སྟེ་དཔེར་ན། མི་ཞིག་དཔྱིད་ཟླ་ཐ་ཆུངས་ཀྱི་ཉི་མའི་གུང་ལ་དཔྱིད་ཀྱི་ཉི་མ་ཚ་བས་གདུངས་པ་ན། སྨིག་རྒྱུ་གཡོ་བ་མཐོང་བ་དང་། དེ་དེ་དང་དེ་དག་ཏུ་རྒྱུག་ཅིང་འདིར་ཁྲུས་བྱའོ། །འདིར་ཆུ་བཏུང་ངོ་སྙམ་དུ་སེམས་ན། རིགས་ཀྱི་བུ་དེ་ཇི་
སྙམ་དུ་སེམས། ཆུ་དེ་གང་ནས་འོངས། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་འམ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྒྱ་མཚོར་འགྲོ་འམ། གང་དུ་འགྲོ། རྟག་པར་རབ་ཏུ་ངུ་བས་སྨྲས་པ། རིགས་ཀྱི་བུ་སྨིག་རྒྱུ་བ་ལ་
ཆུ་ཡོད་པ་མ་ཡིན་ན། དེ་ལ་འོང་བ་དང་འགྲོ་བ་ལྟ་ག་ལ་ཡོད། རིགས་ཀྱི་བུ་དཔྱིད་ཀྱི་ཚ་བས་གདུངས་པའི་མི་དེ་ནི། སྨིག་རྒྱུ་བ་ཆུ་མེད་པ་ལ་ཆུར་འདུ་ཤེས་སྐྱེད་པས་བྱིས་པའི་རིགས། ཤེས་རབ་རྟུལ་པོའི་རིགས་ཏེ། དེ་ན་ཆུའི་ངོ་བོ་
ནི་ཡོད་པ་མ་ཡིན་ནོ། །ཆོས་ཀྱིས་འཕགས་པས་སྨྲས་པ་རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་གང་སུ་ཡང་རུང་བ་འགའ་ཞིག་དེ་བཞིན་གཤེགས་པ་ལ་གཟུགས་སམ་སྒྲར་མངོན་པར་ཞེན་ནས། དེ་དག་
Vol. 28 · folio 371a
དེ་བཞིན་གཤེགས་པ་བྱོན་པ་དང་། བཞུད་པར་རྟོག་པ་དེ་དག་ཐམས་ཅད་ནི་བྱིས་པའི་རིགས། ཤེས་རབ་རྟུལ་པོའི་རིགས་སོ། །ཞེས་བརྗོད་པར་བྱ་སྟེ། དཔེར་ན་མི་ཞིག་ཆུ་མེད་པ་ལ། ཆུར་འདུ་ཤེས་
སྐྱེད་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པས། གཟུགས་ཀྱི་སྐུར་མི་བལྟའོ། །རིགས་ཀྱི་བུ་ཆོས་ཉིད་ལ་ནི་འགྲོ་བ་འམ། འོང་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་
རྣམས་ལ་ཡང་བྱོན་པ་འམ། བཞུད་པ་མེད་དོ། །རིགས་ཀྱི་བུ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེའི་ཚོགས་སམ། རྟའི་ཚོགས་སམ། ཤིང་རྟའི་ཚོགས་སམ། རྐང་ཏང་གི་ཚོགས་ལ། འོང་བ་འམ། འགྲོ་
བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཡང་བྱོན་པ་འམ། བཞུད་པ་མེད་དོ། །རིགས་ཀྱི་བུ་དཔེར་ན་མི་ཞིག་གི་རྨི་ལམ་དུ། དེ་བཞིན་གཤེགས་པ་གཅིག་གམ། གཉིས་སམ། གསུམ་མམ་
བཞི་འམ། ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། བརྒྱ་འམ། སྟོང་ངམ། བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་མང་བ་མཐོང་ནས་སད་པ་དང་། དེ་བཞིན་གཤེགས་
པ་གཅིག་ཀྱང་མ་མཐོང་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དེ་དག་གང་ནས་བྱོན། དེ་བཞིན་གཤེགས་པ་དེ་དག་གར་བཞུད་རྟག་པར་རབ་ཏུ་ངུ་བས་སྨྲས་པ། རིགས་ཀྱི་བུ་རྨི་ལམ་གྱི་ཆོས་ནི་གང་ཡང་ཡོངས་སུ་
གྲུབ་པ་མེད་དེ། རྨི་ལམ་ནི་བརྫུན་པ་སྟེ་ཡང་དག་པ་མ་ཡིན་པའོ། །ཆོས་ཀྱིས་འཕགས་པས་སྨྲས་པ། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྨི་ལམ་དང་འདྲའོ་ཞེས། དེ་བཞིན་གཤེགས་པས་གསུངས་ཏེ། རིགས་ཀྱི་བུ་གང་སུ་ཡང་རུང་
Vol. 28 · folio 371b
ཆོས་ཐམས་ཅད་ནི་རྨི་ལམ་དང་འདྲའོ་ཞེས། །དེ་བཞིན་གཤེགས་པས་བཤད་པ་ལེགས་པར་མི་ཤེས་པ་དེ་དག་ནི་དེ་བཞིན་གཤེགས་པ་ལ་མིང་གི་ཚོགས་སམ། གཟུགས་ཀྱི་ཚོགས་སུ་མངོན་པར་ཞེན་པས། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་
བྱོན་པ་དང་། བཞུད་པར་རྟོག་སྟེ། འདི་ལྟར་ཆོས་ཉིད་རབ་ཏུ་མི་ཤེས་པའི་ཕྱིར་རོ། །རིགས་ཀྱི་བུ་གང་དེ་བཞིན་གཤེགས་པ་བྱོན་པ་འམ། བཞུད་པར་འདོད་པ་དེ་དག་ཐམས་ཅད་ནི་བྱིས་པ་སོ་སོའི་སྐྱེ་བོ་སྟེ། དེ་དག་ཐམས་ཅད་ནི་འགྲོ་བ་ལྔའི་འཁོར་
བར་དོང་། འདོང་། འདོང་བར་འགྱུར་རོ། །དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐག་རིང་། དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་དང་ཐག་རིང་ངོ་། །རིགས་ཀྱི་བུ་གང་དག་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྨི་ལམ་
ལྟ་བུའོ་ཞེས་བཤད་པ་ལེགས་པར་ཤེས་པ་དེ་དག་ནི། ཆོས་གང་ཡང་འོང་བ་འམ་འགྲོ་བར་མི་རྟོག་གོ །གང་དེ་བཞིན་གཤེགས་པའི་ཆོས་ཉིད་འདི་ལྟ་བུར་རབ་ཏུ་ཤེས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་ཏོ། །
དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའོ། །དེ་དག་ནི་དེ་བཞིན་གཤེགས་པའི་སློབ་མ་སྟེ། གྲོང་ཁྱེར་གྱི་བསོད་སྙོམས་དོན་ཡོད་པར་ཟའོ། །དེ་དག་ནི་འཇིག་རྟེན་པའི་སྦྱིན་གནས་སོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་
པོའི་རིན་པོ་ཆེ་རྣམས་ནི་ཤར་ཕྱོགས་ནས་ཀྱང་མ་འོངས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། མཚམས་རྣམས་དང་། སྟེང་དང་། འོག་དང་། ཕྱོགས་བཅུ་གང་ནས་ཀྱང་མ་འོངས་མོད་ཀྱི། འོན་ཀྱང་སེམས་ཅན་རྣམས་ཀྱི་དགེ་
བའི་རྩ་བའི་རྒྱུས་རྒྱ་མཚོ་ཆེན་པོར་རིན་པོ་ཆེ་རྣམས་འབྱུང་སྟེ། དེ་དག་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་གྱི། རྒྱུ་དང་རྐྱེན་རྣམས་ལ་རག་ལུས་པ། རྟེན་ཅིང་འབྲེལ་པ་ལས་འབྱུང་ངོ་། །རིན་པོ་ཆེ་དེ་དག་མེད་པར་འགྱུར་བ་ན་ཡང་ཕྱོགས་བཅུ་གང་དུ་
Vol. 28 · folio 372a
ཡང་མི་འཕོ་སྟེ་དོང་བ་མེད་མོད་ཀྱི། འོན་ཀྱང་རྐྱེན་གང་རྣམས་ཡོད་པ་ལས། རིན་པོ་ཆེ་དེ་དག་འབྱུང་བར་འགྱུར་བའི་རྐྱེན་རྣམས་མེད་པར་གྱུར་པ་ལས་རིན་པོ་ཆེ་དེ་རྣམས་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་
དུ་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཡང་ཕྱོགས་བཅུའི་འཇིག་རྟེན་གང་ནས་ཀྱང་མ་བྱོན། གང་དུ་ཡང་མི་བཞུད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་དེ་དག་རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་གྱི་སྔོན་གྱི་སྤྱོད་པ་ཡོངས་སུ་
རྫོགས་པའི་རྒྱུ་དང་རྐྱེན་ཚོགས་པ་ལ་རག་ལུས་པ་རྒྱུ་ལས་ཀུན་དུ་བྱུང་བ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་སེམས་ཅན་གྱི་དམིགས་པ་དང་ལྡན་པ་ལས་སྣང་སྟེ། ཕྱོགས་བཅུ་གང་ན་ཡང་ཡོད་པ་ནི་མ་ཡིན་གྱི་རྒྱུ་དང་རྐྱེན་གང་རྣམས་ཡོད་པ་ལས་སྐུ་ཡོངས་
སུ་རྫོགས་པར་འགྱུར་བའི་རྒྱུ་དང་རྐྱེན་དེ་རྣམས་མེད་པ་དང་ཡོངས་སུ་རྫོགས་པར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། པི་ཝང་གི་སྒྲ་འབྱུང་བའི་ཚེ། གང་ནས་ཀྱང་མ་འོངས། འགག་པའི་ཚེ་གང་དུ་ཡང་མི་འགྲོ་གང་དུ་ཡང་འཕོ་བ་མེད་
ལ། རྟེན་ཅིང་ཡང་འབྱུང་བ་རྒྱུ་དང་རྐྱེན་ལ་རག་ལུས་སོ། །འདི་ལྟ་སྟེ་དཔེར་ན། པི་ཝང་གི་ཁོག་པ་དང་། པགས་པ་དང་། ཡུ་བ་དང་། རྒྱུད་དང་བླང་བ་དང་སྦྲེང་ཤིང་དང་མིའི་རྩོལ་བ་ལ་རྟེན་ནས་པི་ཝང་གི་སྒྲ་འབྱུང་སྟེ། སྒྲ་དེ་ཡང་
ཁོག་པ་ལས་ཀྱང་མ་བྱུང་། པགས་པ་དང་། ཡུ་བ་དང་། རྒྱུད་རྣམས་དང་། སྦྲེང་ཤིང་ལས་ཀྱང་མ་བྱུང་། བླང་བ་དང་། མིའི་རྩོལ་བ་ལས་ཀྱང་མ་བྱུང་མོད་ཀྱི། འོན་ཀྱང་ཐམས་ཅད་འདུས་ཤིང་ལྡན་པ་ལས་སྒྲ་འབྱུང་ངོ་། །འགག་པ་ན་ཡང་
སྒྲ་དེ་གང་དུ་ཡང་མི་འགྲོ། རིགས་ཀྱི་བུ་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཡང་། རྒྱུ་དང་རྐྱེན་ལ་རག་ལུས་པ་སྟེ། དགེ་བའི་རྩ་བ་དུ་མ་ལས་ཡོངས་སུ་རྫོགས་པའོ། །རྒྱུ་གཅིག་ལས་མ་བྱུང་། རྐྱེན་གཅིག་
Vol. 28 · folio 372b
ལས་མ་བྱུང་། དགེ་བའི་རྩ་བ་གཅིག་ལས་སངས་རྒྱས་ཀྱི་སྐུ་བྱུང་བ་མ་ཡིན་ནོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ། རྒྱུ་དང་རྐྱེན་དུ་མ་ཚོགས་པ་ལས་བྱུང་བ་དེ་གང་ནས་ཀྱང་མ་བྱོན། རྒྱུ་དང་རྐྱེན་ཚོགས་པ་མེད་ན་ཡང་གང་དུ་ཡང་མི་བཞུད་དོ། །
རིགས་ཀྱི་བུ་དེ་ལྟར་ཁྱོད་ཀྱིས་དེ་བཞིན་གཤེགས་པ་དེ་རྣམས་བྱོན་པ་དང་། བཞུད་པ་བལྟ་བར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི། ཆོས་ཉིད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་།
ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་རབ་ཏུ་ཤེས་ན། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་ལ་ཡང་ངེས་པར་སྤྱོད་པར་འགྱུར་རོ། །དེ་བཞིན་
གཤེགས་པ་རྣམས་བྱོན་པ་དང་། བཞུད་པ་མེད་པ་སྟོན་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ས་ཆེན་པོ་རབ་ཏུ་གཡོས་པར་གྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་
གཡོས། ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ་ཏོ། །བདུད་ཀྱི་གནས་ཐམས་ཅད་ཀྱང་འཁྲུགས། ཉམས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྩི་ཤིང་དང་།
སྨན་དང་། ནགས་ཚལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་གང་ན་བ་དེ་ལོགས་སུ་རབ་ཏུ་འདུད་པར་གྱུར་ཏོ། །དུས་མ་ཡིན་པའི་མེ་ཏོག་རྣམས་ཀྱང་བྱུང་བར་གྱུར།
སྟེང་གི་བར་སྣང་ལས་ཀྱང་མེ་ཏོག་གི་ཆར་རབ་ཏུ་འབབ་པར་གྱུར། རྔའི་སྒྲ་རྣམ་པ་སྣ་ཚོགས་རྣམས་ཀྱང་སྟེང་གི་བར་སྣང་ལས་གྲགས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་། བྱང་ཆུབ་སེམས་
Vol. 28 · folio 373a
དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ། ལྷའི་མེ་ཏོག་མན་དཱ་ར་བ་དང་། ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་མེ་ཏོག་དང་། ཕྱེ་མ་གཞན་དག་གིས་ཀྱང་གཏོར། མངོན་པར་གཏོར། རབ་
ཏུ་མངོན་པར་གཏོར་ནས། ཚིག་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་ཡོན་ཏན་གྱིས་དེང་བདག་ཅག་རྣམས་ཀྱིས་ཀྱང་། དོན་དམ་པ་ལས་བྱུང་བའི་གཏམ་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ། འཇིག་ཚོགས་ལ་གནས་པའི་བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་མ་ཡིན་པ་བཤད་པ་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་འདི་སྐད་སྨྲས་སོ། །ས་
ཆེན་པོ་འདི་གཡོས་པར་གྱུར་པའི་རྒྱུ་གང་ཡིན། རྐྱེན་གང་ཡིན། ཆོས་ཀྱིས་འཕགས་པས་སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་བྱོན་པ་མེད་པ་དང་། བཞུད་པ་མེད་པ་བཤད་པ་འདི་ཁྱོད་ཀྱིས་དྲིས། ངས་བཤད་པ་ན།
སྲོག་ཆགས་བརྒྱད་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར། བྱེ་བ་ཕྲག་བརྒྱད་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད། སྲོག་ཆགས་སྟོང་ཕྲག་དྲུག་ཅུ་རྩ་བཞི་ནི། རྡུལ་མེད་ཅིང་དྲི་མ་མེད་པར་གྱུར་
ནས། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དགའ་ཞིང་རབ་ཏུ་དགའ་བ་རྒྱ་ཆེན་པོ་དང་ལྡན་པར་གྱུར་ཏེ། བདག་གིས་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་དང་། དེ་བཞིན་གཤེགས་པ་རྣམས་བྱོན་པ་དང་། བཞུད་པ་མེད་པའི་ཆོས་བཤད་པ་འདི་ཡོངས་སུ་དྲིས་པ་ལས། སེམས་ཅན་འདི་སྙེད་ཅིག་གི་དོན་བྱས་པ་ནི། བདག་གིས་རྙེད་པ་རབ་ཏུ་རྙེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words