ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ
Sanskrit title (Tibetan script, as in the text) པཉྩ་བིང་ཤ་ཏི་སཱ་ཧ་སྲི་ཀཱ་པྲ་ཛྙཱ་པཱ་ར་མི་ཏཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 28 · folio 373b
ཡོངས་སུ་རྫོགས་པར་བྱ་བའི་བདག་གི་དགེ་བའི་རྩ་བ་ནི་དེ་ཉིད་ཀྱིས་ཆོག་གི །ད་ཕྱིན་ཆད་ནི་བདག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཐེ་ཚོམ་མི་འབྱུང་། བདག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་
འགྱུར་བ་ལ་དོགས་པ་མེད་དོ་སྙམ་ནས་དེ་དགའ་ཞིང་རབ་ཏུ་དགའ་བ་དང་། ཡིད་བདེ་བ་དེ་ཉིད་དང་ལྡན་པས། ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་ནས། ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་གནས་ཏེ། འདི་སྙམ་དུ་
བདག་འདི་ལྟར་བར་སྣང་ལ་འདུག་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་ཅིས་མཆོད་སྙམ་དུ་བསམས་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྟག་པར་རབ་ཏུ་ངུ་བ་ནམ་མཁའ་ལ་འཕགས་པ་མཐོང་ནས་དེ་སེམས་ལ་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ཏེ། ལྷའི་མེ་ཏོག་མན་དཱ་ར་བ་དག་དེ་ལ་བྱིན་ནས་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་མེ་ཏོག་འདི་དག་གིས་འཕགས་
པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པ་བྱོས་ཤིག །རིགས་ཀྱི་བུ་ཁྱོད་ཀྱི་མཐུས་དེང་སེམས་ཅན་སྟོང་ཕྲག་མང་པོ་རྣམས་ཀྱི་དོན་བྱས་པར་གྱུར་པའི་ཕྱིར། རིགས་ཀྱི་བུ་ཁྱོད་ལ་ངེད་ཀྱིས་ཕན་གདགས་
སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་སྤྲོ་བར་བྱས་པ་དེ་ལྟ་བུར། གང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྐལ་པ་ཚད་མེད་གྲངས་མེད་པར་སྤྲོ་བར་བྱེད་པའི་སེམས་ཅན་དེ་ལྟ་བུ་དག་རབ་ཏུ་དཀོན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ལྷའི་དབང་པོ་བརྒྱ་བྱིན་ལས་མེ་ཏོག་མན་དཱ་ར་བ་དག་བླངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་གཏོར། མངོན་པར་གཏོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་
Vol. 28 · folio 374a
ལ་བདག་གི་ལུས་ཀྱིས་ཀྱང་བཀབ་ནས་ཚིག་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ལ་དེང་ཕན་ཆད་གཡོག་བྱ་བའི་ཕྱིར་བདག་གི་ལུས་ཀྱང་འབུལ་ལོ་ཞེས་ནས། དེ་བར་སྣང་ལས་བབས་ཏེ་བདག་ཕུལ་ནས། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་གོ །དེ་ནས་ཚོང་དཔོན་གྱི་བུ་མོ་དང་བུ་མོ་ལྔ་བརྒྱ་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །
རིགས་ཀྱི་བུ་ཁྱོད་ལ་བདག་ཅག་ཀྱང་འདི་ལྟར་ལུས་འབུལ་ལོ། །བདག་ཅག་ཀྱང་དགེ་བའི་རྩ་བ་འདིས་ཆོས་དེ་དག་ཉིད་ཐོབ་པར་གྱུར་ཅིག །ཕྱིན་ཆད་ཀྱང་ཁྱོད་ཉིད་དང་ལྷན་ཅིག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱེད་
པར་གྱུར་ཅིག །ཁྱོད་དང་ལྷན་ཅིག་ཏུ་གནས་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། ཚོང་དཔོན་གྱི་བུ་མོ་དེ་དང་བུ་མོ་ལྔ་བརྒྱ་པོ་དེ་དག་ལ་འདི་སྐད་སྨྲས་སོ། །བུ་མོ་ཁྱོད་སྙིང་ནས་ངའི་བསམ་པ་དང་
འཐུན་པར་བྱེད་ཅིང་། སྙིང་ནས་ང་ལ་ལུས་འབུལ་ན་ནི་ང་ཡང་ཁྱེད་ལེན་ཏོ། །བུ་མོ་དེ་དག་གིས་སྨྲས་པ། བདག་ཅག་ཁྱོད་ལ་སྙིང་ནས་བསམ་པ་དང་འཐུན་པར་བྱེད་ཅིང་། ཁྱོད་ཅི་དགོས་པ་བྱ་བའི་ཕྱིར་སྙིང་ནས་ལུས་འབུལ་ལོ། །དེ་
ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས། ཚོང་དཔོན་གྱི་བུ་མོ་དེ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་རྣམས་རྒྱན་ཐམས་ཅད་ཀྱིས་ཀླུབས། ཤིང་རྟ་ལྔ་བརྒྱ་པོ་དེ་རྣམས་ཀྱང་རྒྱན་གྱིས་བརྒྱན་ནས། ཐམས་ཅད་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་ཕུལ་ཏེ། རིགས་ཀྱི་བུ་ཁྱོད་ལ་བུ་མོ་འདི་རྣམས་དང་། ཤིང་རྟ་ལྔ་བརྒྱ་པོ་འདི་རྣམས་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་དབུལ་ལོ། །ཞེས་སྨྲས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་
Vol. 28 · folio 374b
གྱིས་རིགས་ཀྱི་བུ་དེ་ལ་རིགས་ཀྱི་བུ་ལེགས་སོ། །ལེགས་སོ་ཞེས་ནས། ལེགས་པ་བྱིན་ཏེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་ལྟར་བདོག་པ་ཐམས་ཅད་ཡོངས་སུ་གཏང་བར་བྱའོ། །གཏོང་བའི་སེམས་
དེ་ལྟ་བུ་དག་གིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའོ། །ཆོས་སྨྲ་བ་ལ་དེ་ལྟར་མཆོད་པ་བྱས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་
པ་ཉན་ནུས་པར་འགྱུར་རོ། །སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱིས་ཀྱང་། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། གཏོང་བ་དེ་ལྟ་བུ་ལ་གནས་ནས། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཀུན་དུ་བསྒྲུབས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་ཡང་ཡོངས་སུ་དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པས། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་རྣམས་དང་། ཤིང་རྟ་ལྔ་བརྒྱ་བླངས་སོ། །བླངས་ནས་ཀྱང་རྟག་པར་རབ་ཏུ་ངུ་བའི་
རིགས་ཀྱི་བུ་དེ་ཉིད་ལ་སླར་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་སྟན་ལས་ལངས་ནས་བདག་གི་ཁྱིམ་དུ་སོང་ངོ་། །ཉི་མ་ཡང་ནུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
རྟག་པར་རབ་ཏུ་ངུ་བ་འདི་སྙམ་དུ་གྱུར་ཏོ། །བདག་ཆོས་འདོད་པའི་ཕྱིར་འོངས་ལ། འདུག་པ་འམ། ཉལ་བ་ནི་ལེགས་པ་མ་ཡིན་ལ། བདག་གི་ཆ་མ་ཡིན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་བདག་གི་
Vol. 28 · folio 375a
ཁྱིམ་ནས་ཆོས་འཆད་པའི་ཕྱིར་མ་བྱུང་གི་བར་དུ་འགྲེང་བ་འམ། འཆག་པའི་སྤྱོད་ལམ་གཉིས་ཀྱིས་བསྡད་དོ་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །ཆོས་ཀྱིས་འཕགས་པ་ལོ་བདུན་དུ་
སྙོམས་པར་ཞུགས་པ་གཅིག་ལ་གནས་ཏེ། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་ལས་བྱུང་བ་སྟོང་ཕྲག་གྲངས་མེད་ཚད་མེད་པ་ལས་གནས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་རྟག་པར་རབ་ཏུ་ངུ་བ་ཡང་ལོ་བདུན་དུ་འདོད་པའི་རྣམ་པར་རྟོག་པ་མི་སྐྱེད། གནོད་སེམས་ཀྱི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པ་དང་། རོ་ལ་ཆགས་པ་མི་སྐྱེད་ཀྱི། གཞན་དུ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་
ཀྱིས་འཕགས་པའི་རིགས་ཀྱི་བུ་དེ་གང་ལ་འདུག་ནས་ཆོས་འཆད་པའི་ཆོས་ཀྱི་སྟན་བཏིང་བར་བྱ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་འདི་ལངས་པ་ཇི་ཙམ་ན་མཐོང་སྙམ་པ་དང་། ས་ཕྱོགས་གང་དུ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་འཆད་པའི་ས་ཕྱོགས་དེ་ཡང་ཕྱག་དར་བྱས་ཤིང་ཆག་ཆག་གིས་བཏབ་ལ། མེ་ཏོག་སྣ་ཚོགས་ཀྱིས་ཀུན་དུ་གཏོར་ཏོ་སྙམ་པ་ལས་བསམ་པ་
གཞན་མེད་དོ། །ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་པོ་དེ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བའི་རྗེས་སུ་སློབ་ཅིང་། སྤྱོད་ལམ་གཉིས་པོ་དེ་ཉིད་ཀྱིས་སྡོད་ཅིང་འཁོད་དོ། །བྱ་བ་ཐམས་ཅད་
ཀྱང་དེ་དང་རྗེས་སུ་འཐུན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཞག་བདུན་ན་ཏིང་ངེ་འཛིན་དེ་ལས་ལྡང་སྟེ། ལངས་ནས་ཀྱང་གྲོང་ཁྱེར་གྱི་དབུས་སུ་ཆོས་འཆད་དོ། །ཞེས་ཟེར་བའི་སྒྲ་ནམ་མཁའ་ལས་
Vol. 28 · folio 375b
བྱུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་སྒྲ་དེ་ཐོས་ནས། དགའ་མགུ་ཡིད་རངས་རབ་ཏུ་དགའ་ཞིང་ཡིད་བདེ་བ་
སྐྱེས་པར་གྱུར་ནས། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་རྣམས་དང་ལྷན་ཅིག་ཏུ་ས་ཕྱོགས་དེ་བྱི་དོར་བྱས་ནས། ཆོས་ཀྱི་སྟན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཡང་བཏིང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་མོ་ལ་སྩོགས་པ་བུ་མོ་ལྔ་བརྒྱ་པོ་
ཐམས་ཅད་ཀྱིས་བདག་ཅག་གི་བླ་གོས་ལུས་ལས་ཕུད་དེ་སྟན་གང་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་འདུག་སྟེ། ཆོས་འཆད་པའི་ཆོས་ཀྱི་སྟན་དེར་བླ་གོས་ལྔ་བརྒྱ་སྟན་དུ་བཏིང་ངོ་། །དེ་ནས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ། ས་ཕྱོགས་དེ་ཆག་ཆག་གདབ་པའི་ཕྱིར་ཁོ་ར་ཁོར་ཡུག་ཏུ་ཆུ་བཙལ་ན། ས་ཕྱོགས་དེ་ཆག་ཆག་གདབ་པའི་ཆུ་བདུད་སྡིག་ཏོ་ཅན་གྱིས་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་
རབ་ཏུ་ངུ་བ་ཆུ་མ་རྙེད་ནས། སེམས་ལ་སྡུག་བསྔལ་བ་དང་། ཡིད་མི་དགའ་བ་དང་། སེམས་གཞན་དུ་གྱུར་ཏེ། དེའི་དགེ་བའི་རྩ་བ་མེད་པར་གྱུར་ཅིང་། མཆོད་པ་དེ་ཡང་ངན་པར་འགྱུར་བ་དེ་ལྟ་བུར་བྱ་བའི་ཕྱིར། ཆུ་དེ་མེད་པ་བྱས་པས་
ཆུ་མ་རྙེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་སྙམ་དུ་གྱུར་ཏོ། །འོ་ན་བདག་གི་ལུས་ཕུག་སྟེ། ས་ཕྱོགས་འདི་ཁྲག་གིས་ཆག་ཆག་གདབ་བོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ།
རྡུལ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་ལུས་ལ་མ་རུང་བར་གྱུར་ན། བདག་གི་ལུས་ངེས་པར་འཇིག་པར་འགྱུར་བ་འདིས་ཅི་ཞིག་བྱ། བདག་གི་ལུས་དོན་མེད་པར་ཆུད་ཟོས་པ་བས་འདི་ལྟར་བྱས་ན་བདག་གི་
Vol. 28 · folio 376a
ལུས་མེད་པར་གྱུར་ཀྱང་བླའོ། །བདག་གི་ལུས་སྟོང་ཕྲག་དུ་མ་འདོད་པའི་རྒྱུ་དང་། འདོད་པའི་གཞི་དང་། འདོད་པའི་མཚན་མར་འཁོར་བ་ན་ཡང་དང་ཡང་དུ་འཁོར་བའི་ཚེ། ཆུད་ཟོས་ཀྱི་གནས་འདི་ལྟ་བུ་དག་ཏུ་ནི་མ་
སོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་མཚོན་རྣོན་པོ་ཞིག་ཐོགས་ཏེ་བདག་གི་ལུས་ཀུན་ཕུག་ནས། ས་ཕྱོགས་དེ་ཀུན་བདག་གི་ཁྲག་གིས་ཆག་ཆག་བཏབ་བོ། །ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་
དེ་རྣམས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བའི་རྗེས་སུ་སློབ་པས། ཐམས་ཅད་ཀྱིས་མཚོན་རྣོན་པོ་བླངས་ནས། བདག་ཅག་གི་ལུས་ཕུག་སྟེ། ས་ཕྱོགས་དེ་བདག་ཅག་གི་ཁྲག་གིས་ཆག་ཆག་བཏབ་བོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དང་། བུ་མོ་དེ་རྣམས་ཀྱང་སེམས་གཞན་དུ་མ་གྱུར་ཏེ། བདུད་སྡིག་ཏོ་ཅན་གྱིས་དགེ་བའི་ཕྱོགས་ལ་བར་ཆད་བྱ་བའི་སྐབས་རྙེད་པར་ཡང་མ་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་
འདི་སྙམ་དུ་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་དེ་ལྟར་ཆོས་འདོད་པ་དང་། དེ་ལྟར་ཡི་དམ་ལ་བརྟན་པ་དང་། གོ་ཆ་ཆེན་པོ་བགོས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ལུས་
དང་སྲོག་ལ་མི་ལྟ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷག་པའི་བསམ་པས་འདི་ལྟར་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་དཔག་ཏུ་མེད་པ་ལས་ཡོངས་སུ་ཐར་བར་བྱ་བར་སེམས་པ་
དེ་ངོ་མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་ཐམས་ཅད་ལྷའི་ཙན་དན་གྱི་ཆུར་བྱིན་གྱིས་བརླབས་སོ། །ས་ཕྱོགས་དེ་ཁོ་ར་ཁོར་ཡུག་ཀྱང་། ལྷའི་ཙན་དན་གྱི་ཆུའི་དྲི་བསམ་གྱིས་མི་ཁྱབ་པ་དཔག་ཚད་བརྒྱའི་བར་དུ་བསང་བར་བྱས་སོ། །དེ་
Vol. 28 · folio 376b
ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་བརྩོན་འགྲུས་བསམ་གྱིས་མི་ཁྱབ་པ་དང་། ཁྱོད་ཆོས་འདོད་པ་དང་། ཆོས་ཚོལ་བ་བླ་ན་མེད་པ་དེ་
ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་ལྷག་པའི་བསམ་པ་དེ་ལྟ་བུ་དང་། བརྩོན་འགྲུས་དེ་ལྟ་བུ་དང་། ཆོས་འདོད་པ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་བསྒྲུབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་འདི་སྙམ་དུ་གྱུར་ཏོ། །བདག་གིས་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པའི་ཆོས་ཀྱི་སྟན་ནི་བཏིང་ཟིན། ས་
ཕྱོགས་འདི་ཡང་ཆག་ཆག་བཏབ་ཅིང་ཕྱག་དར་བྱས་ཟིན་ན། ས་ཕྱོགས་འདི་དག་ཏུ་མེ་ཏོག་གིས་གཏོར་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཆོས་འཆད་པ་ལ་གཏོར་བའི་མེ་ཏོག་བདག་གིས་ག་ལས་རྙེད་སྙམ་པ་
དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ལ་འདི་སྐད་སྨྲས་སོ། །རིགས་ཀྱི་བུ་ལྷའི་མེ་ཏོག་མན་དཱ་ར་བ་འདི་རྣམས་ཁྱེར་ལ། འདི་དག་གིས་ས་ཕྱོགས་འདི་ཁྱོད་ཀྱིས་མེ་ཏོག་གིས་གཏོར་
ཅིག། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཆོས་ཀྱི་སྟན་ལ་འདུག་ཅིང་། ཆོས་འཆད་པ་ལ་ཡང་གཏོར་ཅིག་ཅེས་ནས། དེས་ལྷའི་མེ་ཏོག་མན་དཱ་ར་བ་ཁལ་བཞི་བརྒྱ་དེ་ལ་བྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་
ཏུ་ངུ་བས་མེ་ཏོག་དེ་དག་བླངས་ནས། མེ་ཏོག་དེ་དག་ཁ་ཅིག་ནི་ས་ཕྱོགས་དེར་གཏོར། མེ་ཏོག་ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མཆོད་པའི་ཕྱིར་བཞག་གོ །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་
Vol. 28 · folio 377a
པ་ལོ་བདུན་ལོན་པ་དང་། ཏིང་ངེ་འཛིན་དེ་ལས་ལངས་ནས། ཆོས་ཀྱི་སྟན་གང་ན་འདུག་པ་དེར་སོང་ནས། སྟན་བཏིང་བ་ལ་འདུག་སྟེ། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར། མདུན་དུ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་འཆད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་བཅས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ལ་མེ་ཏོག་གིས་མཆོད་པ་བྱས་སོ། །
དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་མཐོང་ནས་དཔེར་ན་དགེ་སློང་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་ཡིད་ལ་བྱེད་པ་རྩེ་གཅིག་ཏུ་གྱུར་པ་དེ་
ལྟ་བུའི་བདེ་བ་རབ་ཏུ་ཐོབ་པར་གྱུར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱིས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཆད་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམ་
པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་དབེན་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དབེན་ནོ། །ཆོས་ཐམས་ཅད་མི་གཡོ་བ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་གཡོ་བ་ཉིད་དོ། །ཆོས་ཐམས་ཅད་སེམས་པ་མེད་པའི་ཕྱིར།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སེམས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་མནན་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མནན་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །
ཆོས་ཐམས་ཅད་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་འགག་པ་མེད་པའི་ཕྱིར། ཤེས་རབ་ཀྱི་
Vol. 28 · folio 377b
ཕ་རོལ་ཏུ་ཕྱིན་པ་འགག་པ་མེད་པ་ཉིད་དོ། །ནམ་མཁའ་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པ་ཉིད་དོ། །རྒྱ་མཚོ་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པ་ཉིད་དོ། །རི་རབ་ལྟ་བུར་རྣམ་པ་སྣ་ཚོགས་
པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པ་སྣ་ཚོགས་པ་ཉིད་དོ། །ནམ་མཁའ་ལྟར་རྣམ་པར་མི་རྟོག་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་མི་རྟོག་པ་ཉིད་དོ། །གཟུགས་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་
ཡས་པ་ཉིད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པ་ཉིད་དོ། །སའི་ཁམས་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་མཐའ་ཡས་པ་ཉིད་དོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པ་ཉིད་དོ། །ནམ་མཁའི་དབྱིངས་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་
ཡས་པ་ཉིད་དོ། །རྡོ་རྗེ་ལྟ་བུར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་དམིགས་
སུ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །ཆོས་ཐམས་ཅད་རྣམ་པར་འབྱེད་པ་མཉམ་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམ་པ་ཉིད་དོ། །ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསམ་གྱིས་མི་ཁྱབ་པ་ཉིད་དུ་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བ་དེ་བཞིན་
Vol. 28 · folio 378a
དུ་འདུག་པ་ལས། དེའི་ཚེ་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ངེས་པར་བྱེད་དོ། །ཆོས་ཐམས་ཅད་རྣམ་པར་དབེན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་
ཐམས་ཅད་གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སེམས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རོ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་།
ཆོས་ཐམས་ཅད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་འགག་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་
འཛིན་དང་། རྒྱ་མཚོ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རི་རབ་རྣམ་པ་སྣ་ཚོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། གཟུགས་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཚོར་བ་
དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། སའི་ཁམས་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་མཐའ་ཡས་པ་ཞེས་
བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའི་ཁམས་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་མི་ཕྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་རྣམ་པར་འཇིག་པ་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་སྤྱོད་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་
Vol. 28 · folio 378b
རྣམ་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཤད་པ་ན་རབ་ཏུ་ཐོབ་པར་འགྱུར་ཏེ། དེ་ལ་སོགས་པ་ཏིང་ངེ་འཛིན་གྱི་སྒོ་སྟོང་ཕྲག་དྲུག་ཅུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་རབ་ཏུ་ཐོབ་པར་གྱུར་ཏོ། །ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ཆོས་ཀྱིས་འཕགས་པའི་ལེའུ་སྟེ། བདུན་ཅུ་རྩ་ལྔ་པའོ།། །།རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་པར་རབ་ཏུ་ངུ་བས་ཏིང་ངེ་འཛིན་གྱི་སྒོ་
བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ་མ་ཐག་ཏུ་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། མཚམས་རྣམས་དང་། བླ་འོག་དང་། ཕྱོགས་བཅུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ན། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བྱས་པ། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ། ཚུལ་འདི་ཉིད་དང་། མིང་འདི་ཉིད་དང་། ཚིག་འདི་ཉིད་དང་། ཡི་གེ་འདི་དག་ཉིད་ཀྱིས་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་འཆད་པ་མཐོང་བ་ནི། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བྱས་ཤིང་། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་བ། ཚུལ་འདི་ཉིད་དང་མིང་འདི་ཉིད་དང་།
ཚིག་འདི་ཉིད་དང་ཡི་གེ་འདི་དག་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འཆད་ཅིང་འདུག་པ་ལྟ་བུའོ། །དེ་བསམ་གྱིས་མི་ཁྱབ་པའི་གཟུངས་རབ་ཏུ་ཐོབ་པས་ཐོས་པ་རྒྱ་མཚོ་ལྟ་བུ་དང་ལྡན་པར་གྱུར་ཏོ། །ཚེ་རབས་ཐམས་ཅད་དུ་ཡང་ནམས་ཀྱང་སངས་རྒྱས་དང་མི་
འབྲལ་བར་གྱུར་ཏོ། །ཚེ་རབས་ཐམས་ཅད་དུ་གང་དང་གང་དུ་ན་སངས་རྒྱས་བཅོམ་ལྡན་འདས་ཡོད་པའི་འཇིག་རྟེན་གྱི་ཁམས་དེ་དང་དེར་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་སུམ་དུ་ཆོས་ཉན་ཏོ། །ཆུང་ངུ་ན་རྨི་ལམ་ན་ཡང་སངས་རྒྱས་
Vol. 28 · folio 379a
མཐོང་བ་དང་མི་འབྲལ་བ་དང་། ཆོས་ཉན་པ་དང་། བྱང་ཆུབ་སེམས་དཔའ་མཐོང་བ་དང་མི་འབྲལ་ལོ། །དེ་མི་ཁོམ་པ་ཐམས་ཅད་སྤངས་ཤིང་དལ་འབྱོར་དང་ལྡན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་
བཀའ་སྩལ་ཏོ། །ཀུན་དགའ་བོ་རྣམ་གྲངས་འདིས་འདི་ལྟར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའོ། །དེ་བས་ན་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱད་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་ལ་ཕན་གདགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་ལ་ཡང་རྒྱས་པར་སྟོན་ཅིག། ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། བསྒྲགས་པར་བྱ། བསྟན་པར་བྱ། བཤད་པར་བྱ། ཁ་ཏོན་དུ་བྱ། རབ་ཏུ་བསྒོམ་པར་བྱ་སྟེ། དེ་བཞིན་
གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ཆུང་ངུ་ན། གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་བར་བྲིས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཁོ་ར་ཁོར་
ཡུག་ཏུ་ཡང་མར་མེའི་ཕྲེང་བ་རྣམ་པ་དུ་མས་མཆོད་ཅིང་། རིམ་གྲོར་བྱ། བླ་མར་བྱ། བསྟི་སྟང་དུ་བྱ། མཆོད་པར་བྱ། བརྗེད་པར་བྱ། གུས་པར་བྱ་སྟེ། འདི་ནི་ངས་རྗེས་སུ་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
Vol. 28 · folio 379b
རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རག་ལུས་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ཇི་སྙམ་དུ་སེམས། ཁྱོད་ཀྱི་སྟོན་པ་དེ་བཞིན་གཤེགས་པ་ཡིན་ནམ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གི་
སྟོན་པ་ལགས་སོ། །བདེ་བར་གཤེགས་པ་བདག་གི་སྟོན་པ་ལགས་སོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པ་ཁྱོད་ཀྱི་སྟོན་པ་ཡིན་ཏེ། ཁྱོད་ཀྱིས་ཡོངས་
སུ་སྤྱད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་བྱམས་པའི་ལུས་ཀྱི་ལས་ཡིད་དུ་འོང་ཞིང་། ཡིད་དུ་མི་འོང་བ་མ་ཡིན་པ་དང་། བྱམས་པའི་དག་གི་ལས་ཡིད་དུ་འོང་ཞིང་ཡིད་དུ་མི་འོང་བ་མ་ཡིན་པ་དང་། བྱམས་པའི་ཡིད་ཀྱི་ལས་ཡིད་དུ་འོང་ཞིང་ཡིད་དུ་མི་འོང་བ་མ་ཡིན་
པས་ཡོངས་སུ་སྤྱད་དོ། །དེ་བས་ན་ཀུན་དགའ་བོ་ང་ད་ལྟར་ལུས་འདི་ལ་གནས་ཤིང་འཚོ་སྐྱོང་བ་ན། གང་ཁྱོད་ཀྱིས་བྱམས་པ་དང་དགའ་བ་དང་། བླ་མར་བྱས་པ་དེ། ད་འདས་པའི་འོག་ཏུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་གྱིས་ཤིག །ཀུན་དགའ་
བོ་ཁྱོད་ལ་ལན་གཉིས་ལན་གསུམ་དུ་གཏད་ཅིང་རྗེས་སུ་གཏད་ཀྱིས། ཁྱོད་ཀྱིས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མེད་པར་མི་འགྱུར་བར་གྱིས་ཤིག །ཀུན་དགའ་བོ་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཇིག་རྟེན་ན་གནས་པ་དེ་སྲིད་དུ་དེ་
བཞིན་གཤེགས་པ་ཡང་བཞུགས་པར་རིག་པར་བྱ། དེ་སྲིད་དུ་དེ་བཞིན་གཤེགས་པ་ཆོས་འཆད་པར་རིག་པར་བྱའོ། །ཀུན་དགའ་བོ་སེམས་ཅན་གང་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་
པར་བྱེད་པ་དང་། སྒྲོགས་པ་དང་། སྟོན་པ་དང་། ཁ་ཏོན་བྱེད་པ་དང་། འདྲི་བ་དང་། རིམ་གྲོར་བྱེད་པ་དང་། བླ་མར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དང་། རྗེད་པར་བྱེད་པ་དང་། གུས་པར་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་།
Vol. 28 · folio 380a
ཕྲེང་བ་དང་། བྱུག་པ་དང་། གོས་དང་། ཕྱེ་མ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་རྣམ་པ་སྣ་ཚོགས་ཀྱི་མཆོད་པས་མཆོད་པར་བྱེད་པའི་སེམས་ཅན་དེ་དག་ནི་སངས་རྒྱས་མཐོང་
བ་དང་མི་འབྲལ་བ། ཆོས་ཉན་པ་དང་མི་འབྲལ་བར་རིག་པར་བྱའོ། །ཀུན་དགའ་བོ་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་ཞམ་རིང་བར་འཁོད་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཐུགས་དགྱེས་པས་དེ་སྐད་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་
འབྱོར་དང་། ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་ཆེན་པོའི་བུ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་ཏ་ཡ་ན་ཆེན་པོ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་རེ་བ་ཏ་
དང་། ཚེ་དང་ལྡན་པ་རཱ་ཧུ་ལ་དང་། འཁོར་རྣམ་བཞི་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་བར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས།
ཡོངས་སུ་གཏད་པའི་ལེའུ་སྟེ། བདུན་ཅུ་རྩ་དྲུག་པའོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་གྱི་སངས་རྒྱས་
དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུམ་རྫོགས་སྷོ།། །།ཉི་ཁྲི་འདི་དགེ་བའི་བཤེས་གཉེན་མྱང་སྒོམ་ཆོས་འབར་གྱི་ཐུགས་དམ་གསེར་ཁྲི་ལ་ཕྱི་མོ་བྱས་ནས་ཞུས་དག་ལན་གཉིས་དང་། ཉི་ཁྲི་ཡེར་པ་མའི་སྟེང་ནས་
ཞུས་དག་ལེགས་པར་བགྱིས་བདོག་པས། སླན་ཆད་བྲི་བ་རྣམས་ཀྱང་འདི་ཁོ་ན་བཞིན་བྲི་བར་བྱའོ། །ཞེས་མ་ཕྱི་འཇང་པར་ལས་བྱུང་ཞིང་། སློབ་དཔོན་སེང་གེ་བཟང་པོས་ཞུས་དག་མཛད་པའི་ཉི་ཁྲི་དང་དཔེ་ལ་ལར་ཆོས་ཉིད་མི་འགྱུར་བའི་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ་ཞེས་པ་ཡན་ལས་མི་འདུག །འདིའི་ཕྱི་མོ་སོགས་དཔེ་ལ་ལར་དེའི་
Vol. 28 · folio 380b
སྟེང་དུ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་རབ་ཏུ་ཕྱེ་བའི་ལེའུ། བྱང་ཆུབ་སེམས་དཔའ་རྟག་པར་རབ་ཏུ་ངུ་བས་ཏིང་ངེ་འཛིན་གྱི་སྒོ་མང་པོ་ཐོབ་པའི་ལེའུ། རྟག་པར་རབ་ཏུ་ངུ་བའི་ལེའུ། ཆོས་འཕགས་ཀྱི་ལེའུ། ཡོངས་སུ་གཏད་པའི་ལེའུ་སྟེ་བདུན་ཅུ་རྩ་དྲུག་འདུག་པ་སྔོན་གྱི་ལོ་རྒྱུས་དང་གསན་ཡིག་ཁུངས་མ་རྣམས་དང་མཐུན་འོན་
ཀྱང་ལེའུ་ཕྱི་མ་ལྔ་པོ་འདི་འགྱུར་ཁྱད་ལྟ་བུའི་དོན་ལ་ཁྱད་མེད་ཀྱང་ཚིག་ཅུང་ཟད་མི་འདྲ་བའི་དཔེ་གསུམ་ཙམ་མཐོང་། ལར་དཔེ་འདི་ཉིད་ཀྱི་དབུ་ཞབས་ཐམས་ཅད་དུ་གཞན་དང་ཚིག་ཟུར་མི་འདྲ་བ་དང་ཚིག་སྣ་རིང་ཐུང་ཅི་རིགས་པ་འདུག །ཁྱད་པར་གླེང་གཞིའི་སྐབས་ཚིག་སྣ་འགའ་ཞིག་འབུམ་དང་མཐུན་པར་སྣང་ངོ་།། །།
༄༅། །ཨོཾ་སྭ་སྟི། །ལྷ་དབང་དབང་པོ་སོགས་ཀྱིས་གུས་བསྟེན་པའི། །མི་མཆོག་མཆོག་གི་རྣམ་འདྲེན་སྐུ་གསུམ་བདག །རྣམ་གྲོལ་གྲོལ་བའི་ལམ་དང་ཚོགས་ཀྱི་མཆོག །མ་ལུས་ལུས་ཅན་མགོན་རྣམས་ཕྱག་གི་ཡུལ། །སྟོང་དང་སྙིང་རྗེ་དབྱེར་མེད་ལྷ་ལམ་ངོས། །ཕྲིན་ལས་ཆུ་འཛིན་འཐུག་པོ་འཁྲིགས་པ་ལས། །
ཕན་དང་བདེ་བའི་བདུད་རྩིའི་ཆར་འབེབས་པའི། །སྲས་བཅས་རྒྱལ་བས་སླར་ཡང་དགེ་ལེགས་ས་སྩོལ། །སྲིད་ཞིའི་རྨད་བྱུང་ཡོན་ཏན་འབྱུང་གནས་མཆོག །མཆོག་གྱུར་ལེགས་གསུངས་དགོས་འདོད་དབང་གི་རྒྱལ། །རྒྱལ་མཚན་ཏོག་ལྟར་མངོན་པར་མཐོ་བའི་རྟེན། །རྟེན་མཆོག་སངས་རྒྱས་བསྟན་པའི་དཔལ་དུ་སྤེལ། །
གང་གང་དམན་མཆོག་གདུལ་བྱའི་བྱེ་བྲག་གིས། །མང་མང་ཐེག་པའི་རིམ་པ་མཐའ་ཡས་ཀྱང་། །ངེས་ངེས་སྡེ་སྣོད་གསུམ་དུ་འདུ་བ་ལས། །ཟབ་ཟབ་བར་པ་མཚན་ཉིད་མེད་པའི་བཀའ། །དྲི་ཟའི་ཡུལ་བཞུགས་བྱེ་བ་ཕྲག་བརྒྱ་པ། །མཆོད་སྦྱིན་བརྒྱ་པའི་གནས་བཞུགས་འབུམ་ཕྲག་བརྒྱ། །གདེངས་ཅན་གྲོང་
བཞུགས་སྟོང་ཕྲག་བརྒྱ་པ་ལ། །རྒྱས་པའི་རྒྱས་འབྲིང་བསྡུས་པའི་རྣམ་གཞག་མཛད། །ཉི་ཁྲི་ཁྲི་བརྒྱད་སྟོང་པ་ཤེས་རབ་ཁྲི། །འབྲིང་གི་རྒྱས་འབྲིང་བསྡུས་པ་ཞེས་སུ་གྲགས། །བརྒྱད་སྟོང་པ་དང་སྡུད་པ་ཚིགས་བཅད་ལ། །བསྡུས་དང་ཤིན་ཏུ་བསྡུས་ཞེས་མཁས་མང་བཞེད། །ཡང་ན་འབུམ་དང་ཉི་ཁྲི་བརྒྱད་སྟོང་
པ། །རྒྱས་འབྲིང་བསྡུས་པར་ཡོངས་སུ་གྲགས་པ་ལས། །རྒྱས་པ་རིས་མེད་འགྲོ་བའི་མཆོད་སྡོང་དུ། །འཛད་མེད་དབང་གི་རྒྱལ་པོའི་ཆར་ཕབས་ནས། །སླར་ཡང་བསྟན་འགྲོའི་དགེ་ལེགས་སྤེལ་བའི་ཆེད། །སྟོང་ཕྲག་ཉི་ཤུ་ལྔ་པའི་རིན་ཆེན་དབྱིག །ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་སྒོ། །
Vol. 28 · folio 381a
གྲངས་མེད་གཅིག་ཆར་འབྱེད་པའི་ངོ་མཚར་དཔྱིད། །ཡངས་པའི་སྡེ་ཆེན་དགེ་བཅུའི་འཚོ་བ་ལ། །ལོངས་སུ་སྤྱོད་པའི་སྐལ་བཟང་སྩོལ་བའི་རྗེ། །རིས་མེད་བསྟན་པ་ཡོངས་ཀྱི་སྲི་ཞུ་མཁན། །ཚེ་རིང་དབང་པོའི་ཁེངས་པ་འཕྲོག་བྱེད་དེས། །དཔལ་ལྡན་ས་སྐྱའི་རིང་ལུགས་
གདུགས་དཀར་གྱིས། །ཡོངས་སུ་ཁྱབ་པའི་ལུགས་གཉིས་མདུན་ས་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་གྲྭ། །ལྷུན་གྲུབ་སྟེང་གི་ཕོ་བྲང་ཆེན་པོ་རུ། །དགེ་བྱེད་ཆུ་སྟག་ཤེལ་དཀར་དངས་པའི་ངོས། །སྣྲོན་ཟླའི་གཞོན་ནུའི་བཞིན་རས་འཆར་བའི་ཚེ། །རྐོ་བྱེད་རྩེར་སོན་བཅུ་ཕྲག་ཉེར་ལྔ་ཡིས། །
ལེགས་ཚོགས་རྟེན་འབྲེལ་ཕུན་སུམ་ཚོགས་པས་བསྒྲུབས། །དགེ་དེས་མི་དབང་སྐུ་ཚེ་ཆབ་སྲིད་བསྟན། །ཡངས་པའི་རྒྱལ་ཁམས་རྫོགས་ལྡན་བདེ་བས་འཚོ། །འབྲེལ་ཐོབ་གྱིས་མཚོན་མར་གྱུར་འགྲོ་བ་རྣམས། །རྣམ་གྲོལ་སྐུ་བཞིའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་སྡེ་དགེ་ས་སྐྱོང་
མིའི་དབང་པོ་བསྟན་པ་ཚེ་རིང་གི་ཞལ་སྔ་ནས་སངས་རྒྱས་ཕལ་པོ་ཆེ་དང་འདི་ཉིད་སྟབས་གཅིག་ཏུ་པར་དུ་བསྒྲུབས་པ་གནང་སྐབས། གོ་རེ་ལེན་དགེ་སློང་བཀྲ་ཤིས་དབང་ཕྱུག་གིས་པར་གྱི་ལས་གྲ་ཚུགས་པའི་གནས་ཤར་ཁ་རྫོང་གསར་ཕོ་བྲང་དུ་བྲིས་པ་ཛ་ཡནྟུ།། །།ཡེ་དྷརྨྨཱ་ཧེ་ཏུ་པྲ་བྷ་ཝཱ་
ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མཧཱ་ཤྲམ་ཎཿ། །། །། །།
།། །། །། །། །།
།། །། །། །། །། །།
Source and licence
Text: Esukhia’s Derge Kangyur e-text (Esukhia/derge-kangyur · commit a582cf47) · public domain
Licence Public Domain · Evidence
README ของ Esukhia/derge-kangyur ที่ commit a582cf471b7c (เปิดอ่านแล้ว ๓ ต.ค. ๒๕๖๙): "This work is a mechanical reproduction of a Public Domain work, and as such is also in the Public Domain." · สำเนาคำต่อคำ: data/kangyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words