རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛ་ཊཱི་ཀཱ་སུ་བི་ཥ་ད་སཾ་པུ་ཊ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 3 · folio 61a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛ་ཊཱི་ཀཱ་སུ་བི་ཥ་ད་སཾ་པུ་ཊ་ནཱ་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་

ཞབས་ནི་དྲན་ཉིད་ལས། །འཁོར་བ་ངེས་པར་གྲོལ་འགྱུར་བ། །བླ་མ་དམ་པ་ཡུམ་དེ་ལ། །བདག་ནི་རྟག་ཏུ་ཕྱག་འཚལ་ལོ། །གཅིག་གཉིས་གསུམ་བཞི་ལྔ་དྲུག་གི། །བདག་ཉིད་མཁའ་འགྲོ་མ་རང་བཞིན། །ཀྱེ་ཡི་རྡོ་རྗེ་དེ་ཡི་བརྡ། །ངག་གི་མེ་ཏོག་གིས་བདག་མཆོད། །མཁའ་དང་མཉམ་

པའི་རོ་མཉམ་དེ་ཉིད་འགའ་ཞིག་དག་ནི་བསྒོམ་པ་ན། །འདོད་ཆགས་ལྡན་པའི་མྱོང་བ་དེ་ལྟར་བདེ་བར་ཡོངས་གྱུར་དེ་ཡི་ཕྱིར། །མཆོག་གི་བླ་མའི་ཞབས་ཀྱི་མན་ངག་བདག་ཉིད་ཆེན་པོ་ལས་གྲུབ་པ། །ཀྱེ་ཡི་རྡོ་རྗེའི་རྒྱུད་ལ་བདག་གི་རྣམ་བཤད་ཤིན་ཏུ་རྣམ་པར་དག །འདི་ནི་ཀྱེའི་རྡོ་རྗེ་ཡང་དག་པར་

རྫོགས་པར་བྱང་ཆུབ་པའོ། །དེ་ནི་རྣམ་པ་བཞི་སྟེ། བཞི་ཀ་ཡང་རྣམ་པར་བྱང་བས་ཡོངས་སུ་རྫོགས་པའི་ངོ་བོའོ། །དེ་ནི་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་ཉིད་ཀྱིས་བསྟན་པའི་སྒོས། ཐེག་པ་ཆེན་པོ་སྔགས་ཀྱི་ཚུལ་གསལ་བར་བྱེད་པ། འགྲོ་བའི་དོན་ཕུན་སུམ་ཚོགས་པའི་ཕྱིར།

འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་ཟེ་འབྲུ་ལ་ནི་ཨཿཡིག་གོ་ཞེས་བྱ་བའི་མཐར་ཐུག་པ་རྣམས་ཀྱིས་ཕྱག་བཅུ་དྲུག་པ་ལ་སོགས་པ་ཧེ་རུ་ཀའི་གཟུགས་རྣམ་པར་དག་པ་ཟུང་དུ་འཇུག་པ་བསྟན་པར་བྱའོ་ཞེས་པའོ། །དེ་ཉིད་གསལ་བར་བྱ་སྟེ། སྒྲ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་དང་།

Vol. 3 · folio 61b

སྒྲ་མ་ཡིན་པ་སྤྱན་མ་ལ་སོགས་པ་གང་ཡིན་པ་དང་། དགོངས་པ་དབྱངས་དང་ཡང་དག་པར་སྦྱོར་བ་དང་། དགོངས་པ་མ་ཡིན་པ་གཞོམ་དུ་མེད་པའོ་ཞེས་པ་དེ་ངེས་པར་བྱ་བའི་དོན་དུ་སྔགས་ཀྱི་ཚུལ་གསལ་བར་བྱའོ། །སྔགས་ཀྱི་སྒྲས་ཡི་གེ་གསུམ་སྟེ་དབྱངས་དང་གསལ་བྱེད་ཀྱི་རང་བཞིན་སྐྱེས་

པ་དང་བུད་མེད་དང་མ་ནིང་གི་ངོ་བོ་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་དང་། ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་སོ། །འདི་གཉིས་ཁོ་ན་ཨཱ་ལི་ཀཱ་ལི་ཞེས་བརྗོད་དེ། འདི་དག་རེ་རེ་ལ་ཡང་ཤེས་རབ་དང་། ཐབས་ཀྱི་དབྱེ་བས་རྡོ་རྗེ་གསུམ་དང་། འབྱུང་བ་བཞི་དང་། ཡེ་ཤེས་

ལྔའི་རང་བཞིན་ནོ་ཞེས་པའོ། །དང་པོ་ཁོ་ནར་སྣང་བའི་མཚན་ཉིད་འགྲོ་བའི་རང་བཞིན་བརྟན་པ་དང་གཡོ་བའི་ངོ་བོ་མ་རིག་པའི་རྐྱེན་ཅན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་བསྐྱེད་པའི་རིམ་པ་རྫོགས་པའི་རིམ་པ་དང་དབྱེར་མེད་པ་སྐུ་རྡོ་རྗེ། རྡོ་རྗེ་གསུམ་ཐ་དད་པ་མེད་པ། ཨོཾ་ཡིག་སྔགས་ཐམས་ཅད་ཀྱི་དང་པོར་བརྗོད་པར་

བྱ་སྟེ། གང་གི་ཕྱིར་སྔགས་ཀྱི་ཚིག་ཐམས་ཅད་ཀྱི་དང་པོར་ཨོཾ་ཡིག་དང་མཐར་སྭཱ་ཧཱ་ཞེས་པ་ལ་སོགས་པའི་གསུང་ལས་སོ། །དེ་གང་ཞེ་ན། དེའི་ཕྱིར་ཨོཾ་ཡིག་གི་དོན་ཉིད་བཤད་པར་བྱ་སྟེ། ཨ་ཡིག་བདག་མེད་མ་ཞེས་བརྗོད། །ཨུ་ཡིག་རྡོ་རྗེ་མཁའ་འགྲོ་མ། །མ་ཡིག་མི་བསྐྱོད་རྡོ་རྗེ་སྟེ། །ཨོཾ་

ཡིག་རྡོ་རྗེ་གསུམ་ཞེས་དྲན། །ཨ་ཡིག་གསུང་ཞེས་བརྗོད་པ་སྟེ། །ཨུ་ཡིག་སྐུ་རུ་བརྗོད་པར་བྱ། །མ་ཡིག་ཐུགས་ཀྱི་རྡོ་རྗེ་སྟེ། །རྡོ་རྗེ་གསུམ་གྱི་ཚུལ་གཅིག་ཨོཾ། །ཡི་གེ་རྣམས་ཀྱི་དང་པོའི་ཕྱིར། །ཡི་གེའི་ཐུ་བོ་ཞེས་པར་དྲན། །དེ་ཕྱིར་ཨཱ་ལི་ཀཱ་ལི་གཉིས། །ཤེས་རབ་དང་ནི་

ཐབས་ཞེས་བརྗོད། །ཨ་ཡིག་ལ་སོགས་དབྱངས་བཅོ་ལྔ། །ཤེས་རབ་ཏུ་ནི་རབ་ཏུ་བསྒྲགས། །གང་ཕྱིར་དབང་པོ་ལྔ་རྣམས་དང་། །ཡུལ་དང་ཤེས་པ་ལྔ་རྣམས་ཀྱང་། །རྡོ་རྗེ་གསུམ་གཅིག་ཐ་དད་ཕྱིར། །ཨོཾ་ཡིག་རྡོ་རྗེ་གསུམ་ཞེས་བརྗོད། །ཀ་སྡེ་ལ་སོགས་ལྔ་པ་ལྔ། །རྟག་པ་

ལ་སོགས་དེ་བཞིན་གཤེགས། །ཉི་ཤུ་རྩ་ལྔའི་དབྱེ་བས་དེ། །སོ་སོར་བརྟག་པ་ལ་སོགས་སོ། །དབང་པོ་ལ་སོགས་དབྱེ་བ་ལས། །དེ་ཡང་བཅོ་ལྔར་རབ་ཏུ་བརྗོད། །ཡ་ར་ལ་ཝའི་མཐར་ཐུག་པ། །གང་ཕྱིར་རླུང་མེ་ས་དང་ཆུ། །སོ་སོར་བཞི་ཡི་བདག་ཉིད་ཕྱིར། །དབྱངས་རྣམས་བཅུ་

Vol. 3 · folio 62a

དྲུག་སྟོང་པ་ཉིད། །ཤ་ཥ་ས་རྣམས་སྐུ་གསུང་ཐུགས། །ཧ་ཡིག་སྲིད་པ་གསུམ་གྱི་གནས། །ཀཱ་ལི་བསྡུས་པ་ཀྵ་ཡིག་སྟེ། །ཨཱ་ལི་བསྡུས་པ་ཨཿཡིག་གོ། །གཉིས་ཀ་བསྡུས་པ་རབ་བརྗོད་པ། །ཀྵ་ཡིག་དབྱེ་བ་མེད་པར་རྟོགས། །བདག་མེད་དག་པ་མཁའ་

འགྲོ་མ། །མཁའ་འགྲོ་མ་ནི་དཀྱིལ་འཁོར་གནས། །དེ་ཕྱིར་མཁའ་འགྲོ་རྡོ་རྗེ་སོགས། །བདག་མེད་མ་དང་དབྱེར་མེད་གྱུར། །བདག་མེད་མ་ནི་དག་པ་ཐབས། །དེ་ཕྱིར་ཡང་དག་ཐབས་བཞིན་ནོ། །དེ་ཕྱིར་དཀྱིལ་འཁོར་གཉི་ག་འདིར། །དབྱེ་བ་མེད་པར་ཐེ་ཚོམ་མེད། །དེ་ལྟར་རྣམ་

པར་སྣང་མཛད་སོགས། །དེ་ཡང་མི་བསྐྱོད་རྣམ་པར་སྦྱོང་། །དེ་ཕྱིར་མི་བསྐྱོད་དང་མཚུངས་པ། །དེ་ཀུན་དཀྱིལ་འཁོར་གཙོ་བོའོ། །མི་བསྐྱོད་པ་དག་མཁའ་འགྲོ་མ། །དེ་ཕྱིར་དེ་ཡང་ཤེས་རབ་བདག །གཉི་ག་གཉི་ག་དབྱེར་མེད་ཕྱིར། །དཀྱིལ་འཁོར་གཉི་ག་ཐ་དད་མེད། །དེ་ཕྱིར་ཡི་

གེ་རེ་རེ་ཡིས། །དཀྱིལ་འཁོར་རེ་རེར་འགྱུར་བ་ཡིན། །དེ་ཕྱིར་མཐའ་དག་འདི་ཉིད་ནི། །དཀྱིལ་འཁོར་ནཱ་དའི་རང་བཞིན་ནོ། །དཀྱིལ་འཁོར་ཨཱ་ལི་ཀཱ་ལི་ཞེས། །ཐ་དད་མེད་ཕྱིར་ཁ་སྦྱོར་འགྱུར། །གང་ཕྱིར་ཨཱ་ལི་ཀཱ་ལི་ཡི། །རང་བཞིན་དཀྱིལ་འཁོར་རབ་ཏུ་བསྟན། །ཡི་གེ་རེ་རེ་དག་གིས་

ཀྱང་། །གང་ཕྱིར་དཀྱིལ་འཁོར་བརྗོད་པ་ཡིན། །དེ་ཕྱིར་ཡི་གེ་གཅིག་དང་ནི། །དུ་མ་ཡིས་ཀྱང་ཐ་དད་མིན། །དེ་ཕྱིར་ཡི་གེ་འདི་ཉིད་གང་། །འགའ་ཞིག་དཀྱིལ་འཁོར་བརྡ་ཡིན་ཏེ། །དཀྱིལ་འཁོར་ཉིད་ཀྱི་ཡི་གེ་ནི། །སྲིད་གསུམ་ཉིད་དུ་རབ་ཏུ་གྲུབ། །སྲིད་གསུམ་ཐ་དད་མེད་རྟོགས་

པས། །སྔགས་ཀྱི་དེ་ཉིད་ཅེས་པར་དྲན། །ཅེས་པ་སྐུ་དང་གསུང་དང་ཐུགས། །སྒྲ་ཞེས་གཅིག་ཏུ་མངོན་པར་བརྗོད། །སྐུ་དང་གསུང་དང་ཐུགས་འདི་ཉིད། །སྐུ་ཞེས་ཀྱང་ནི་ཡང་དག་གནས། །ཐུགས་གསུང་སྐུ་ཡི་རང་བཞིན་ཡང་། །ཐུགས་ཞེས་ཀྱང་ནི་ངེས་པ་ཡིན། །

ཐབས་ནི་མཐའ་ཡས་ཉིད་ཀྱི་ཕྱིར། །ཤེས་རབ་རྣམས་ཀྱང་མཐའ་ཡས་སོ། །སྲིད་གསུམ་རང་བཞིན་དེ་ཤེས་ན། །སྐྱེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ཕྱིར་འཇིག་རྟེན་འགའ་ཞིག་གིས། །སྒྲ་དོན་གང་ཞིག་རབ་བརྟགས་པ། །དེ་ཉིད་ཀྱི་ནི་དོན་གྱི་བརྡ། །རྟོགས་པའི་ཕ་རོལ་

Vol. 3 · folio 62b

སོན་པས་བརྗོད། །འགའ་ཞིག་ཏུ་ནི་དོན་གྱི་བརྡ། །དངོས་པོ་ཡིས་ཀྱང་རྣམ་པར་བསྟན། །དེ་ཕྱིར་དངོས་པོ་དོན་འདི་ཉིད། །གང་དུ་ཡང་ནི་སྒྲ་ཡིས་ངེས། །ཡང་ན་སྒྲ་དང་དོན་འདི་ཉིད། །དངོས་པོ་ཡིས་ནི་ཡོངས་སུ་བརྟགས། །ཡང་ན་དངོས་པོ་ཡི་ནི་བརྡ། །འགའ་ཞིག་དོན་གྱི་དབང་

གིས་བརྟགས། །ཞེས་པ་དངོས་པོ་དང་ནི་སྒྲ། །གཉི་ག་དོན་ལ་ཐ་དད་མེད། །སྒྲ་དང་དངོས་པོ་གཉིས་དེ་བཞིན། །གཉི་ག་དོན་ལས་ཐ་དད་མེད། །དེ་ཕྱིར་དོན་དང་སྒྲ་གཉི་ག །དངོས་པོ་ཉིད་ལས་དབྱེ་བ་མེད། །དེ་ཕྱིར་སྒྲ་དོན་གཉིས་ཀ་ཡང་། །དངོས་པོ་ཉིད་ལས་ཐ་དད་མེད། །དེ་བཞིན་དོན་དང་

དངོས་པོ་གཉིས། །སྒྲ་ལས་ཐ་དད་ཉིད་མ་ཡིན། །དེ་བཞིན་དངོས་དོན་གཉི་ག་ནི། །སྒྲ་ལས་ཐ་དད་ཉིད་མི་འགྱུར། །གང་ཕྱིར་ཐ་མི་དད་གསུམ་དེ། །རིམ་པ་དང་ནི་རིམ་མིན་ལས། །ཤེས་རབ་རྣོན་པོས་དད་པ་ཡིས། །བླ་མ་དམ་པའི་ཞབས་དྲིན་ལས། །ཀྱེ་ཡི་རྡོ་རྗེས་དམན་རྒྱུད་ཀྱི། །

ཚོགས་པ་གང་གིས་རྟོགས་པར་འགྱུར། །དེ་ཕྱིར་རང་གི་སྟོན་པའི་གསུང་། །ཆེན་པོ་རྣམས་ཀྱིས་འདི་གསུངས་ཏེ། །རྒྱུད་རྣམས་ཀུན་གྱི་ཚུལ་ཤེས་ནས། །ཕྱི་ནས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་སོ། །དེ་ལ་དང་པོ་ཁོ་ནར་རྡོ་རྗེ་སྙིང་པོས་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ།

ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པ་སྟེ། དེ་ལ། ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །ཞེས་པ་ཧེའི་སྒྲ་ནི་རེ་ཞིག་འཇིག་རྟེན་པའི་བརྗོད་པ་ལ་སྙིང་རྗེ་ཆེན་པོའི་དོན་མཐོང་བ་མེད་དོ། །དེའི་

ཕྱིར་དངོས་པོ་གཉིས་ཉིད་ཀྱིས་ཆ་དང་བཅས་པ་དང་ཆ་མེད་པའི་ངོ་བོ་སྐྱེས་པ་དང་བུད་མེད་ཀྱི་རང་བཞིན། ཧ་ཡིག་དང་། ཨེ་ཡིག་གི་སྒྲ་གཉིས་ཀྱི་བདག་ཉིད་ཅན་གྱི་ནཱ་དས་སྙིང་རྗེ་ཆེན་པོའི་དོན་རབ་ཏུ་རྟོགས་པར་བྱ་སྟེ། སྙིང་རྗེ་ཞེས་པ་འགྲོ་བའི་དོན་ལ་རབ་ཏུ་འཇུག་པའོ། །དེའི་ཆེན་པོ་

ཉིད་ཀྱང་གང་གི་ཕྱིར་བདག་མེད་པར་རབ་ཏུ་རྟོགས་པའོ། །རྣམ་པ་གཞན་དུ་དམིགས་པའི་ལྟ་བ་ཉིད་ཀྱིས་ཉན་ཐོས་རྣམས་ཀྱི་ལྟར་ཉི་ཚེ་བར་གནས་པར་འགྱུར་ཏེ། ཤེས་རབ་ཡོངས་སུ་དམན་པའི་སྦྱིན་པ་ལ་སོགས་པའི་རང་བཞིན་ནི་སྙིང་རྗེར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་རྗེས་སུ་འབྲེལ་

Vol. 3 · folio 63a

བའི་སྦྱིན་པ་ལ་སོགས་པ་རྣམས་སྙིང་རྗེ་ཆེན་པོའི་དོན་དུ་བརྗོད་དོ་ཞེས་བྱ་བ་སྙིང་རྗེ་ཆེན་པོའི་དོན་ཏོ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་པ། བཛྲའི་སྒྲ་ཡང་ཤེས་རབ་ཏུ་མངོན་པར་བརྗོད་དེ། གང་གི་ཕྱིར་དེ་ཡང་ཤེས་རབ་ཏུ་བརྗོད་ཅེ་ན་ངེས་པའི་དོན་ལས་སོ། །གང་

གི་ཕྱིར། རྡོ་རྗེ་མི་ཕྱེད་ཅེས་བྱར་བརྗོད། །ཅེས་པའི་གསུང་ལས་ཏེ་ཇི་ལྟར་རྡོ་རྗེ་གང་གིས་ཀྱང་དབྱེ་བར་མི་ནུས་པ་དེ་ལྟར་ཤེས་རབ་འདི་ཡང་སྟེ་ཕུལ་དུ་བྱུང་བའི་ཡེ་ཤེས་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པས་འདི་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཞེས་བརྗོད་དོ་ཞེས་པ་དེ་ཁོ་ན་ལྟར་བླ་མ་བརྒྱུད་པའི་རིམ་

པས་རྟོགས་པར་བྱ་སྟེ། ཐེག་པ་ཆེན་པོ་གསང་སྔགས་མངོན་པར་གསལ་བར་བྱ་བའི་ཕྱིར་བླ་མ་བརྒྱུད་པའི་རིམ་པ་ཁོ་ན་ལ་འཇུག་པར་བྱ་བའོ་ཞེས་པའོ། །ཨ་ཡིག་ཐུགས་ཞེས་བརྗོད་པ་སྟེ། །ཡི་གེ་ཐམས་ཅད་གཅིག་སྡོམ་པ། །ཨི་ཡིག་གསུང་ཞེས་རབ་ཏུ་བརྗོད། །ཨུ་ཡིག་ཀྱང་ནི་སྐུ་

ཞེས་པ། །རྡོ་རྗེ་སྦྱོར་སྐྱེས་རྡོ་རྗེ་གསུམ། །དེ་ལྟར་ཡི་གེ་གསུམ་ཞེས་བྱ། །ཨེ་ཡིག་ཐུགས་གསུང་རང་བཞིན་ཏེ། །ཝཾ་ཡིག་སྐུ་དང་ཐུགས་ཡིན་ནོ། །ཨེ་ནི་ཤེས་རབ་ཝཾ་ནི་ཐབས། །གང་ཕྱིར་ཨེ་ཝཾ་རྡོ་རྗེ་གསུམ། །ས་དང་མེ་དག་ཐ་དད་ཕྱིར། །གཉི་ག་སྐྱེད་བྱེད་རྡོ་རྗེ་གསུམ། །མཆོག་

གི་རྣལ་འབྱོར་གྱིས་འདི་དག །གཉི་ག་རྡོ་རྗེ་གསུམ་གྱིས་བསྐྱེད། །སྐུ་གསུང་མཆོག་གི་རྣལ་འབྱོར་གྱིས། །ཐུགས་དང་རླུང་དང་ཆུ་སྐྱེས་ཏེ། །འདི་གཉིས་རྡོ་རྗེ་གསུམ་དུ་འགྱུར། །འབྱུང་བ་བཞི་དང་མཁའ་བསྲེས་པ། །ཡེ་ཤེས་ལྔ་ཞེས་རབ་ཏུ་བརྗོད། །གཅིག་ནི་ལྔ་ལྔ་ཡང་དག་

ལྡན། །དྲུག་ལྔ་གསུམ་གྱི་རིགས་ཞེས་བྱ། །རིགས་གཅིག་ལ་ནི་གྲངས་མེད་པ། །གྲངས་མེད་ལ་ནི་གཅིག་དང་གསུམ། །ལྔ་དང་དྲུག་གི་རིགས་ཉིད་ཀྱང་། །ཞེས་པ་བཅོ་ལྔའི་བདག་ཉིད་འགྱུར། །དྲུག་གི་གྲངས་ཏེ་དགུ་བདག་ཉིད། །འདི་ཉིད་གཉིས་དང་གཉིས་མེད་པ། །གཉིས་

སུ་སྣང་ཕྱིར་བརྟགས་པའོ། །སྐྱེད་བྱེད་མེད་ཕྱིར་བསྐྱེད་བྱ་མེད། །བསྐྱེད་བྱ་མེད་ཕྱིར་སྐྱེད་བྱེད་མེད། །འདི་དག་ཐམས་ཅད་མ་སྐྱེས་པ། །མཚན་མ་མེད་པའི་མིང་དང་བྲལ། །སེམས་མེད་ཆོས་དེ་རྣམས་ཀྱང་མེད། །སྣང་བ་མེད་པ་བདག་མེད་པ། །སངས་རྒྱས་བྱང་ཆུབ་དང་མཚུངས་

Vol. 3 · folio 63b

ཤིང་། །བསམ་གྱིས་མི་ཁྱབ་མཁའ་མཚུངས་པ། །ཞེས་པ་ཐེག་ཆེན་སྔགས་ཀྱི་རིམ། །འདི་ནི་ཤིན་ཏུ་རྙེད་པར་དཀའ། །གལ་ཏེ་བླ་མའི་ཞབས་དྲིན་གྱིས། །ཀྱེ་ཡི་རྡོ་རྗེ་རྟོགས་པར་འགྱུར། །བསྐལ་པ་བྱེ་བ་བརྒྱ་ཡིས་ཀྱང་། །གཞན་དུ་དེ་ཉིད་རྟོགས་མ་ཡིན། །དེ་ཉིད་ཤེས་

ན་རྣམ་པར་གྲོལ། །དངོས་གྲུབ་མཆོག་ཐོབ་གཞན་དུ་མིན། །ཞེས་པའོ། །དེ་ཕྱིར་གང་འདིར་དྲན་པ་ཉམས་པས་འཇིགས་པ་ཡིས། །བླ་མ་རྣམས་ཀྱི་རིམ་པ་ལས་ནི་ཉུང་ངུའི་དོན། །བདག་གི་ཕུལ་དུ་བྱུང་བའི་འབད་པས་ཐོས་པ་ཡིས། །བསམ་པས་རྣམ་བསམས་འདི་ནི་སྐྱོབ་པ་

རྣམས་ལ་མཆོད། །འདི་ནི་མ་ལུས་འགྲོ་བའི་དོན་གྱི་གཏེར་གྱུར་པ། །འབྱུང་བའི་བདག་ཉིད་རྡོ་རྗེ་སྙིང་པོ་སྲིད་གསུམ་གནས། །ཀྱེ་ཡི་རྡོ་རྗེའི་རྒྱུད་ཀྱི་གཟི་བརྗིད་སྣང་གྱུར་ན། །གཏི་མུག་རབ་རིབ་གོ་སྐབས་འདིར་ནི་མཐོང་ངམ་ཅི། །བསྒྲུབ་བྱ་དང་སྒྲུབ་ཐབས་ཀྱི་རང་གི་ངོ་བོ་བརྗོད་པར་

བྱ་བ་དང་། རྗོད་པར་བྱེད་པའི་བདག་ཉིད་ཅན་འགྲོ་བ་རབ་ཏུ་འཇུག་པའི་མཚན་ཉིད་རྒྱུད་ཐམས་ཅད་ཀྱི་གཞིར་གྱུར་པ་གསུངས་པ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་རྣམས་

ལ་བཞུགས་སོ་ཞེས་པ་འདི་ཉིད་མ་ལུས་པའི་སྐྱེད་པར་བྱེད་པའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱང་ཆུབ་པའི་གླེང་གཞི་དང་། བསྒྲུབ་བྱའོ་ཞེས་པ་བསྡུས་པའི་དོན་ཏེ། འབྲས་བུར་གྱུར་པ་ཕྱག་བཅུ་དྲུག་པ་ལ་སོགས་པའི་རང་བཞིན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་

པའི་ཆོས་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཡི་གེ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་ཨེ་ཝཾ་མ་ཡཱ་ཞེས་པ་ལ་སོགས་པས་མངོན་པར་བརྗོད་དོ། །དེ་ལ་དང་པོར་ཨེ་ཡིག་ལ་སོགས་པ། །བཞི་ཡིས་ཞབས་བཞི་དག་ཏུ་འགྱུར། །དེ་ཡི་འོག་ཏུ་ཤྲུ་ཡིག་སོགས། །བརྒྱད་ཀྱིས་ཀྱང་ནི་ཞལ་བརྒྱད་དོ། །

བྷ་སོགས་བཅུ་དྲུག་དག་གིས་ཀྱང་། །ཕྱག་ནི་བཅུ་དྲུག་རྣམས་ཀྱིས་བརྒྱན། །ཡོ་ཡིག་ལ་སོགས་བརྒྱད་ཀྱིས་ནི། །ཉི་ཤུ་རྩ་བཞིའི་སྤྱན་དང་ལྡན། །ར་ཡིག་འགྱུར་མེད་ཀྱེ་རྡོ་རྗེ། །སུམ་ཅུ་རྩ་དྲུག་དང་ལྡན་གཙོ། །སྡོམ་པ་དཔའ་བོ་དཔའ་མོ་དང་། །འདུས་པར་སུམ་ཅུ་རྩ་གཉིས་བཞིན། །

Vol. 3 · folio 64a

ཨེ་ཝཾ་གཉིས་མེད་རྣལ་འབྱོར་གྱི། །ཁ་སྦྱོར་གྱིས་ནི་བཞུགས་པའི་གཙོ། །བདག་མེད་མར་བཅས་དཔའ་བོ་ནི། །འགྲོ་བའི་བླ་མར་བདག་ཕྱག་འཚལ། །དེའི་ཕྱིར་འདི་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་ཚིག་གོ་ཞེས་པ་སྟེ། རྒྱུད་ཐམས་ཅད་ཀྱི་གླེང་

གཞིའི་སྒྲས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་མ་ལུས་པའི་རང་བཞིན་བརྟན་པ་དང་གཡོ་བ་ལ་སོགས་པ་ནི་ཐམས་ཅད་དོ། །དེ་རྣམས་ཀྱི་རྒྱུད་ནི་སྐྱེད་པར་བྱེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེའི་གླེང་གཞི་ནི་དང་པོའི་རྒྱུ་སྟེ། འདི་ནི་རྒྱུ་མཚན་ཨེ་ཝཾ་དུ་གྱུར་པའོ། །བཞུགས་

པའི་ཚིག་གིས་བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་བདག་ཉིད་དོ། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི་པོ་སོ་སོར་རྡོ་རྗེ་གསུམ་དང་ལྡན་པ་རྟོགས་པར་དཀའ་བ་དཀྱིལ་འཁོར་གཉི་གའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཀྱི་རང་བཞིན་ཏེ།

ཡི་གེ་བཞི་ལ་འབྱུང་བ་བཞིའི་བདག་ཉིད་ཀྱིས་ཀྱང་སྟོང་པ་ཉིད་བཅུ་དྲུག་གི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་འགྲུབ་བོ་ཞེས་པའོ། །ཡང་ན་གང་རྒྱུད་ཐམས་ཅད་ཀྱི་སྒྲས་རྒྱུད་བཞི་པོ་རྣམས་སོ། །དེ་ལ་བྱ་བ་སྤྱོད་པའི་རྒྱུད་ནི་དགོད་པར་བརྗོད་དེ། དེ་ཡང་

བཞུགས་སོ་ཞེས་བྱ་བའི་ཚིག་ཉིད་ཀྱིས་མངོན་པར་གསལ་ལོ། །སླར་ཡང་རྣལ་འབྱོར་གྱི་རྒྱུད་ནི་ལྟ་བར་མངོན་པར་བརྗོད་པའོ། །རྣལ་འབྱོར་མའི་རྒྱུད་ནི་ལག་བཅངས་ཀྱི་མིང་ཅན་ནོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་གཉིས་གཉིས་ཀྱི་མིང་ཅན་ནོ་ཞེས་པ་སྟེ། འདི་སྐད་བདག་གིས་ཞེས་པ་ལ་

སོགས་པ་རྣམས་ཀྱིས་སྣ་ཚོགས་པའི་བརྡའི་དོན་མངོན་པར་བརྗོད་པ་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་འདི་རྣམས་ཀྱི་དོན་གཅིག་གོ་ཞེས་རྟོགས་པར་བྱ་སྟེ། རྣལ་འབྱོར་མའི་རྒྱུད་དུ། གསང་ཆེན་མཆོག་ཏུ་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སེམས་དཔའ་

སངས་རྒྱས་ཀུན་རང་བཞིན། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །ཅེས་པའོ། །རྣལ་འབྱོར་བླ་ན་མེད་པར་ནི། །གཞན་གྱི་དོན་མེད་རྩྭ་བཞིན་ནོ། །ཞེས་པ་སྟེ་གཉིས་གཉིས་ཀྱི་རྒྱུད་ནི་ངེས་པའི་དོན་ཁོ་ནའོ་ཞེས་པའོ། །རྣལ་འབྱོར་གྱི་རྒྱུད་ཀྱི་གླེང་གཞིའི་སྒྲ་ཉིད་ཀྱིས་གཉིས་གཉིས་

Vol. 3 · folio 64b

ཀྱི་རྒྱུད་ཟབ་མོ་མངོན་པར་གསལ་བར་བྱ་བའི་ཕྱིར། གསང་ཆེན་ལ་སོགས་པ་ཡི་དོན། །གཞན་ནི་དོན་མེད་ཅེས་པ་ལ་སོགས་པའི་དོན་གྱི་ནང་དུ་གཏོགས་པར་གྱུར་པ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པའི་ཚིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གླེང་གཞིའོ་ཞེས་པ་སྟེ་ཇི་ལྟར་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ནང་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་གྱུར་པ་དེ་བཞིན་དུ་གཉིས་གཉིས་ཀྱི་མིང་ཅན་ཉིད་ཀྱི་ནང་དུ་རྒྱུད་ཐམས་ཅད་འདུས་པར་གྱུར་ཏོ་ཞེས་པ་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རང་བཞིན་ཀྱེའི་རྡོ་རྗེ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ངེས་

པ་གསུངས་པ། ཨེ་ཡིག་ས་རུ་བརྗོད་པ་ཉིད། །ལས་ཀྱི་ཕྱག་རྒྱ་སྤྱན་མ་སྟེ། །མི་ལ་སོགས་པའི་རང་བཞིན་འདི། །འགྲོ་བའི་དོན་ལ་རབ་འཇུག་ཅིང་། །དེ་ནི་སྙིང་རྗེ་ཆེ་ཞེས་བརྗོད། །ཐབས་ཆེན་པོ་ཡི་རང་བཞིན་མ། །དེ་ནི་དེ་བཞིན་གཤེགས་པའི་རིགས། །ཆུ་སྐྱེས་འདབ་མ་དྲུག་

ཅུ་བཞིར། །ལྷ་མོ་སྤྲུལ་པར་ཡང་དག་གནས། །ཀུན་རྫོབ་རྣམ་པའི་གཟུགས་ཅན་མ། །ཕུང་པོ་ལྔ་པོ་གཅིག་པའི་སྐུ། །སྒྱུ་མ་ཆེན་མོ་ཞེས་པར་བརྗོད། །ཝཾ་ཡིག་ཆུ་རུ་རབ་ཏུ་བརྗོད། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །ཨཱ་ལི་ཀཱ་ལིའི་རང་བཞིན་གྱིས། །བྱང་ཆུབ་སེམས་ཀྱི་རང་བཞིན་

ཅན། །ཟླ་བ་ཉི་མ་གཅིག་གཟུགས་ཀྱིས། །ཐབས་དང་ཤེས་རབ་གཅིག་སྡོམ་ཕྱིར། །དེ་ནི་བྱམས་དང་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རགས་རྗེས་འགྲོ། །སྙིང་གར་ཆོས་ཀྱི་འཁོར་ལོ་ལ། །ཆུ་སྐྱེས་འདབ་མ་བརྒྱད་པར་གནས། །མ་ཡིག་མེ་རུ་རབ་ཏུ་བསྟན། །ཕྱག་རྒྱ་ཆེན་མོ་

གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་མ། །ལྷ་མོ་པདྨའི་རིགས་བྱུང་མ། །ཟླ་བ་ཉི་མ་མཉམ་སྦྱོར་བའི། །བདེ་བ་རྗེས་མྱོང་གཟུགས་ཅན་མ། །མགྲིན་པར་ལོངས་སྤྱོད་འཁོར་ལོ་ནི། །ཆུས་སྐྱེས་བརྒྱད་གཉིས་འདབ་མར་གནས། །ཡཱ་ཡིག་རླུང་གི་ཁམས་སུ་འགྱུར། །དམ་

ཚིག་ཕྱག་རྒྱ་སྒྲོལ་མ་སྟེ། །བཏང་སྙོམས་ཡེ་ཤེས་རང་བཞིན་ཅན། །དེ་ཡང་ལས་ཀྱི་རིགས་རྗེས་འགྲོ། །དེ་བཞིན་གཤེགས་པ་འདུས་པ་ཡིས། །ཆགས་པ་ཐམས་ཅད་སྦྱོར་བ་བྲལ། །བདེ་ཆེན་འཁོར་ལོ་ཆེན་པོ་ལ། །སྤྱི་བོ་རུ་ནི་རྟག་ཏུ་གནས། །རྩ་ཡི་འཁོར་ལོ་རྣམ་དག་པ། །

Vol. 3 · folio 65a

འདམ་སྐྱེས་འདབ་མ་སུམ་ཅུ་གཉིས། །དེ་ལྟར་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཀྱི་ལུས། ཡི་གེ་བཞི་པོ་རྣམས་ལས་དང་ཆོས་དང་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་བཞིའི་རང་བཞིན། སྙིང་རྗེ་ཆེན་པོ་དང་ཐབས་ཆེན་པོའི་ངོ་བོ། །བྱམས་པ་དང་

སྨོན་ལམ་གྱི་རང་བཞིན། དགའ་བ་དང་སྟོབས་གྱི་བདག་ཉིད། བཏང་སྙོམས་དང་ཡེ་ཤེས་ཀྱི་རང་བཞིན། ཚངས་པའི་གནས་བཞི་ཐ་དད་པ་མེད་པར་བསྒོམ་པ། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་རང་བཞིན་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་

རྫོགས་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་སུ་རིམ་པ་བཞིན། འདབ་མ་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་པའི་པདྨ་བཞིར་གནས་སོ་ཞེས་པའོ། །འདིར་འཁོར་ལོ་གཉིས་གཉིས་ནི་ཨེ་ཡིག་དང་ཝཾ་ཡིག་གི་རང་བཞིན་ཉིད་དོ། །དེ་

གང་ཞེ་ན། ཤེས་རབ་ཐབས་ཀྱི་རང་བཞིན་ལས། །སྟེང་དང་འོག་ནི་སྙོམས་འཇུག་སྟེ། །ཨེ་ཡིག་ཤེས་རབ་ཉིད་འགྱུར་ཞིང་། །ཝཾ་གྱི་ཡི་གེ་ཐབས་སུ་འགྱུར། །དེ་ནི་བརྒྱན་པ་ཝཾ་ཡིག་སྟེ། །ངེས་པར་མཛེས་པ་ཨེ་ཡིག་གོ། །སྙིང་ག་མགྲིན་པར་ཝཾ་ཡིག་ནི། །རྒྱན་

ནི་ཆེན་པོ་མཆོག་ཡིན་ཏེ། །སྤྱི་བོ་ལྟེ་བར་ཨེ་ཡིག་ནི། །བརྒྱན་པ་ཕན་ཚུན་ཁ་སྦྱོར་ཏེ། །སངས་རྒྱས་ལྔ་ཡི་བདག་ཉིད་སྐུ། །ཨེ་ཡིག་པདྨར་བརྗོད་བྱ་སྟེ། །ཝཾ་ཡིག་རྡོ་རྗེ་ཞེས་པར་བརྗོད། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཆོས་དང་སྤྲུལ་པའི་འཁོར་ལོ་དག །ལོངས་སྤྱོད་འཁོར་

ལོའི་སྦྱོར་བ་དང་། །བདེ་ཆེན་ཡང་དག་རྟོགས་པ་ལས། །དེ་ལྟར་ཐམས་ཅད་བཞིའོ་ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །གཞན་ཡང་གསུངས་པ། ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་

རིན་ཆེན་ཟ་མ་ཏོག །ཅེས་པ་དེ་ལྟར་རྒྱུད་དུ་གསུངས། །ཁམས་གསུམ་པོ་ནི་མ་ལུས་ནས། །ཁམས་གསུམ་པོ་ནི་ཡེ་ཤེས་ཆེ། །འབྱུང་བ་བཞི་ཡི་རང་བཞིན་ཅན། །དབྱངས་ཀྱི་སྦྱོར་བ་ལ་བརྟེན་ནས། །ཟླ་བ་ཉི་མའི་རང་བཞིན་ལས། །རྣམ་ཤེས་ཚོར་བའི་ཕུང་པོ་ཡིས། །རང་བཞིན་

Vol. 3 · folio 65b

མི་བསྐྱོད་རིན་ཆེན་བདག །བདག་མེད་གཽ་རཱིའི་རྣལ་འབྱོར་ལས། །གསུམ་དང་ལྔ་ཡི་ཤེས་རབ་གནས། །བཅོ་ལྔའི་རང་བཞིན་ཡེ་ཤེས་ཏེ། །ཨེ་ཡི་ཡི་གེ་ས་རུ་འདོད། །ཡེ་ཤེས་ཆེན་པོ་གཞོམ་དུ་མེད། །དབྱངས་དང་ལྡན་པར་རབ་ཏུ་གནས། །ཤེས་རབ་ཐབས་ནི་མཉམ་ལྡན་

པ། །རྡོ་རྗེ་གསུམ་དང་བཞི་བདག་ཉིད། །འབྱུང་བ་ལྔ་པོ་ཡེ་ཤེས་ཆ། །ཁ་སྦྱོར་གྱིས་ནི་དགུ་བདག་ཉིད། །ཅེས་པ་དཀྱིལ་འཁོར་ཟུང་གི་བདག །ཡི་གེ་ཨེ་ནི་སྤྱན་མར་འདོད། །དབྱངས་ཀྱི་སྦྱོར་བ་ལ་བརྟེན་ནས། །ཨཱ་ལི་ཀཱ་ལིའི་རང་བཞིན་ལས། །འདུ་བྱེད་རྣམ་ཤེས་

ཕུང་པོ་ཡི། །རང་བཞིན་དོན་ཡོད་རྡོ་རྗེ་བདག །མཁའ་འགྲོ་མཁའ་སྤྱོད་མ་སྦྱོར་ལས། །གསུམ་དང་ལྔ་ཡི་ཡེ་ཤེས་གནས། །བཅོ་ལྔའི་རང་བཞིན་ཡེ་ཤེས་ནི། །ཝཾ་ཡིག་ཆུ་རུ་བརྗོད་བྱ་སྟེ། །ཡེ་ཤེས་ཆེན་པོ་གཞོམ་དུ་མེད། །དབྱངས་དང་ལྡན་པ་རབ་ཏུ་གནས། །ཤེས་

རབ་ཐབས་ནི་མཉམ་ལྡན་པ། །རྡོ་རྗེ་གསུམ་དང་བཞི་བདག་ཉིད། །འབྱུང་བ་ལྔ་པོ་ཡེ་ཤེས་ཆེ། །ཁ་སྦྱོར་གྱི་ནི་དགུ་བདག་ཉིད། །ཅེས་པ་དཀྱིལ་འཁོར་ཟུང་གི་བདག། །ཝཾ་ཡིག་མཱ་མ་ཀཱི་རུ་འདོད། །དབྱངས་ཀྱིས་ཁྱབ་པ་ལ་བརྟེན་ནས། །མཁའ་སྤྱོད་རྡོ་རྗེ་རྣལ་འབྱོར་ལས། །

རྣམ་ཤེས་ཕུང་པོ་ལ་བརྟེན་ཏེ། །ལྷ་མོའི་འཁོར་ལོ་རྣམ་བསྒོམ་ལས། །བཅོ་ལྔའི་རང་བཞིན་ཡེ་ཤེས་ནི། །མ་ཡིག་མེ་རུ་བརྗོད་བྱ་སྟེ། །ཡེ་ཤེས་ཆེན་པོ་གཞོམ་དུ་མེད། །དབྱངས་ཀྱིས་ཁྱབ་པར་ཡང་དག་གནས། །ཤེས་རབ་ཐབས་ནི་མཉམ་ལྡན་པ། །རྡོ་རྗེ་གསུམ་དང་བཞི་བདག་

ཉིད། །འབྱུང་བ་ལྔ་པོ་ཡེ་ཤེས་ཆེ། །ཁ་སྦྱོར་གྱི་ནི་དགུ་བདག་ཉིད། །ཅེས་པ་ལྷ་མོའི་འཁོར་ལོའི་ཚུལ། །དེ་ལྟར་དེ་བཞིན་གཤེགས་པའི་གྲོང་། །གཉི་ག་དབྱེར་མེད་རྫོགས་སངས་རྒྱས། །མ་ཡིག་གོས་དཀར་མོ་རུ་དྲན། །དབྱངས་དང་འབྲེལ་པ་ལ་བརྟེན་ནས། །ཨཱ་ལི་ཀཱ་ལི་

རབ་སྦྱོར་ལས། །མིང་དང་གཟུགས་ཀྱི་བདག་ཉིད་བརྗོད། །འདོད་ཆགས་གཏི་མུག་རང་བཞིན་དག །ཆུ་མ་རྡོ་རྗེ་མཉམ་སྦྱོར་ལས། །གསུམ་དང་ལྔ་ཡི་ཡེ་ཤེས་གནས། །བཅོ་ལྔའི་རང་བཞིན་ཡེ་ཤེས་ནི། །ཡཱ་ཡིག་རླུང་དུ་བརྗོད་བྱ་སྟེ། །ཡེ་ཤེས་ཆེན་པོ་གཞོམ་དུ་མེད། །དབྱངས་

Vol. 3 · folio 66a

དང་ལྡན་པ་རབ་ཏུ་གནས། །ཤེས་རབ་ཐབས་ནི་མཉམ་ལྡན་པ། །རྡོ་རྗེ་གསུམ་དང་བཞི་བདག་ཉིད། །འབྱུང་བ་ལྔ་པོ་ཡེ་ཤེས་ཆེ། །ཁ་སྦྱོར་གྱི་ནི་དགུ་བདག་ཉིད། །ཅེས་པ་དཀྱིལ་འཁོར་ཟུང་གི་བདག །ཡི་གེ་ཡཱ་སྟེ་སྒྲོལ་མར་འདོད། །ཨེ་ཝཾ་མ་ཡཱ་

ཡི་གེ་བཞི། །འབྱུང་བ་བཞི་རུ་རབ་ཏུ་གནས། །སོ་སོར་བཞི་ཡི་བདག་ཉིད་ལས། །ཕྱག་རྣམས་བཅུ་དྲུག་སྟོང་པ་ཉིད། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །ཞལ་རྣམས་རྣམ་པར་དག་པའི་ཕྱིར། །རྣམ་ཐར་བརྒྱད་ཀྱི་ཞལ་རྣམས་སོ། །ཨེ་

ཝཾ་མ་ཡཱ་ཡི་གེ་བཞི། །བདུད་བཞི་རྣམ་པར་དག་པའི་ཕྱིར། །དགའ་ཆེན་ཀྱེ་ཡི་རྡོ་རྗེ་ཡི། །ཞབས་ནི་བཞི་རྣམས་རབ་ཏུ་བརྗོད། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །སོ་སོར་སུམ་འགྱུར་དུ་བྱས་པ། །རེ་རེ་རྣམ་གཉིས་དེ་རྣམས་ཀྱང་། །སྤྱན་ནི་ཉི་ཤུ་རྩ་བཞིའོ། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །

ཡེ་ཤེས་ལྔ་ཡི་རང་བཞིན་ལས། །རེ་རེ་རྣམ་ལྔར་ཕྱེ་བ་རྣམས། །རྣམ་པ་བརྒྱད་དང་དུ་མར་འགྱུར། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །རྡོ་རྗེ་གསུམ་དང་བཞི་བདག་ཉིད། །སོ་སོར་ཕྱེ་བ་ལ་བརྟེན་ནས། །བཅུ་གཉིས་བཞི་ཡི་སྒྲ་དང་ལྡན། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །བཅོ་ལྔའི་ཆ་ཡི་

བདག་ཉིད་ཅན། །དེ་ཡང་ཨ་ཡིག་ལ་སོགས་དབྱངས། །གསལ་བྱེད་ལྔ་པ་ལྔ་རུ་འགྱུར། །མཐར་གནས་རྣམས་ཀྱང་འབྱུང་བ་བཞི། །སྲིད་གསུམ་བདག་ཉིད་ཤ་ཥ་ས། །མི་ཕྱེད་རྡོ་རྗེ་གསུམ་སྦྱོར་བ། །སྲིད་གསུམ་ལས་བྱུང་ཧ་ཡིག་ནི། །ཡེ་ཤེས་ཆེན་པོ་གཞོམ་དུ་མེད། །རྡོ་

རྗེའི་བཟླས་པ་ཞེས་པར་དྲན། །ཨེ་ཝཾ་མ་ཡཱ་ཡི་གེ་བཞི། །སྐྱེ་མཆེད་དྲུག་གི་སྦྱོར་བ་ལས། །རྡོ་རྗེ་གསུམ་ཕྱེ་ལ་བརྟེན་ནས། །རྣམ་པ་བཅོ་བརྒྱད་རྣམས་སུ་འདོད། །ཡེ་ཤེས་ཕུང་པོ་ལྔ་རང་བཞིན། །འབྱུང་བ་བཞི་པོར་རབ་ཏུ་གནས། །རྡོ་རྗེ་གསུམ་གཉིས་དབྱེར་མེད་པ། །རྡོ་རྗེ་

སེམས་དཔའ་ཞེས་པར་དྲན། །ཞེས་པ་སྐུ་གསུམ་བདག་ཉིད་ནི། །ཡི་གེ་བཞི་ལ་རབ་ཏུ་གནས། །མཁའ་ལ་དབང་པོའི་གཞུ་ལྟ་བུར། །ཤེས་ན་འགྲུབ་འགྱུར་རྣལ་འབྱོར་པ། །ཡི་གེ་བཞི་ནི་གྲུབ་པ་སྟེ། །འགྲུབ་པའི་ཐབས་གཞན་ཡོད་མ་ཡིན། །ཡང་ན། ཨེ་ནི་ཤེས་

Vol. 3 · folio 66b

རབ་ཝཾ་ནི་ཐབས་ཏེ། ཨཱ་ལི་དང་ཀཱ་ལི། ཟླ་བ་དང་། ཉི་མ། ཤེས་རབ་དང་ཐབས་ཉིད་ཀྱིས་ཕྱག་གཉིས་པ་སྤྲུལ་པའི་སྐུ་སྟེ། ཨཱ་ལི་དང་ཀཱ་ལི་དག་ལས་ཕྱག་བཞི་པ། ལོངས་སྤྱོད་རྫོགས་པའི་སྐུའོ། །ཟླ་བ་དང་ཉི་མ་དག་ལས་ཕྱག་དྲུག་པ་ཆོས་ཀྱི་སྐུའོ། །སྐུ་གསུམ་གྱི་བདག་ཉིད་ཅན་

ཨེ་ཝཾ་སྟེ། འདི་གཉི་ག་ཐ་དད་མེད་ཅིང་གཉིས་སུ་མེད་པ་དེ་ནི་བཅོམ་ལྡན་འདས་ཕྱག་བཅུ་དྲུག་པ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དོ། །དེ་ནི་བཞུགས་ཤིང་གནས་ཏེ་ཐམས་ཅད་ཁྱབ་པ་ཉིད་ཀྱི་དམིགས་པའི་རང་བཞིན་ཞེས་པའི་དོན་ཏོ། །འདི་དག་ཉིད་གསལ་བར་བྱེད་པ་བདག་གིས་

ཞེས་པ་སྤྲུལ་པའི་སྐུ་ཡི་རྒྱུ་ཡིས་སོ། །ཐོས་པ་ཞེས་པ་ལྷག་པར་རྟོགས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །གཅིག་ནས་ཞེས་པ་རྒྱུ་མཚན་ཏེ་ཆོས་ཀྱི་སྐུའོ། །དུས་ཞེས་པ་སྐུ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་འབྲས་བུའི་རྡོ་རྗེ་འཛིན་པར་རོ། །དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཞེས་པ་དེ་བཞིན་གཤེགས་པའི་སྒྲས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་རྣམས་སོ། །ཐམས་ཅད་ཀྱི་སྒྲས་དངོས་པོ་མ་ལུས་པ་སྟེ་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །དེ་རྣམས་ཐམས་ཅད་ཀྱང་ཡིན་ལ་

དེ་བཞིན་གཤེགས་པ་རྣམས་ཀྱང་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དེ། འདིས་ནི་གང་ཡོད་པ་མ་ཡིན་པ་དེ་དེ་བཞིན་གཤེགས་པའི་ངོ་བོ་མ་ཡིན་ནོ། །དེ་ཉིད་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་སོ། །དེ་རྣམས་ཁོ་ན་རྡོ་རྗེ་སྟེ་མི་ཕྱེད་པའི་ཡེ་ཤེས་སོ། །

དེ་ཉིད་བཙུན་མོ་བདག་མེད་མ་སྟེ་ཆགས་པ་ཐམས་ཅད་དང་བྲལ་བའོ། །དེ་ཉིད་བྷ་ག་རྣམས་ཏེ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་རྣམས་སོ། །དེ་རྣམས་ལ་ཞེས་པ་རྒྱུ་མཚན་དེ་རྣམས་ཁོ་ན་སྟེ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བཞུགས་པ་ནི་རྣམ་པར་བཀྲ་བའི་ཚུལ་གྱིས་

གདུལ་བྱའི་སྐྱེ་བོ་སྣ་ཚོགས་པ་རྣམས་ཀྱི་ཡིད་འཕྲོག་པར་གྱུར་ཏོ་ཞེས་པའོ། །ཡང་ན་བདག་གིས་ཞེས་པ་མེའི་ཁམས་དང་རླུང་གི་ཁམས་དག་ལས་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་

Vol. 3 · folio 67a

སོགས་པ་ཡང་བསྲེག་སྟེ། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཅེས་པ་གང་ཡིན་པ་དེ། ཤྲུ་ཏཾ་ཞེས་པ་འཛག་པའི་བྱ་བ་དང་ལྡན་པར་གྱུར་པ་སྟེ། དེ་གང་ཞེ་ན་བཅོམ་ལྡན་འདས་སོ། །དེ་གང་དུ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་གཉིས་སུ་

མེད་པར་རྟོགས་པའི་སྐད་ཅིག་ཏུའོ། །དེ་ཉིད་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་རྣམ་པར་གནས་ཞེས་པའོ། །ཡང་ན་གང་མ་ཡཱ་ཞེས་པ་དགའ་བའི་

རྒྱུ་ཡིས་སོ། །ཤྲུ་ཏཾ་ཞེས་པ་མཆོག་ཏུ་དགའ་བའོ། །དུས་གཅིག་ན་ཞེས་པ་དེ་ནས་ཁྱད་པར་གྱི་དགའ་བར་གྱུར་པ་ལ། བཅོམ་ལྡན་འདས་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བཙུན་མོའི་བྷ་ག་རྣམས་

ལ་བཞུགས་སོ་ཞེས་པ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པས་འགྲོ་བའི་དོན་གྱི་བྱ་བ་སྒྲུབ་པའི་རྒྱུ་ཞེས་པའི་དོན་ཏོ། །ཡང་ན་གང་མ་ཡཱ་ཞེས་བྱ་ལས་ཀྱི་ཕྱག་རྒྱའོ། །ཤྲུ་ཏཾ་ཞེས་པ་ཆོས་ཀྱི་ཕྱག་རྒྱའོ། །དུས་གཅིག་ན་ཞེས་པ་དམ་ཚིག་གི་ཕྱག་རྒྱའོ། །བཅོམ་ལྡན་འདས་ཞེས་

པ་ཕྱག་རྒྱ་ཆེན་པོའོ། །ཕྱག་རྒྱ་བཞིའི་བདག་ཉིད་ཁོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་སོ། །དེ་རྣམས་ལ་བཞུགས་པ་ནི་འགྲོ་བའི་དོན་གྱི་བྱ་བ་སྒྲུབ་པར་གྱུར་ཏོ་ཞེས་པ་སྟེ་ཨེ་ཝཾ་གྱི་ཡི་གེའི་དོན་ཏོ། །མདོར་བསྡུས་པས་ཡོངས་སུ་

བརྟག་པར་བྱ་བ་གང་ཡིན་པ་དེ་ཐམས་ཅད་རྟག་པ་དང་མི་རྟག་པ་དང་དགེ་བ་དང་མི་དགེ་བ་ལ་སོགས་པ་གཉིས་སོ། །དེ་ཡང་ཨེ་ཡིག་དང་ཝཾ་ཡིག་གིས་རྒྱས་བཏབ་སྟེ་གཉིས་ཀ་དབྱེར་མེད་པ་གང་ཡིན་པ་དེ་ཨེ་ཝཾ་ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། སངས་རྒྱས་ཀུན་

གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེ་ལ་རབ་གནས། །གཞན་ཡང་། ཨེ་ཡིག་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་ཡིག་གིས་བརྒྱན་པ། །བདེ་བ་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །གཞན་ཡང་། གང་ཞིག་ཨེ་ཝཾ་ཡི་གེ་རྟོགས། །མཐའ་དག་མ་ལུས་

Vol. 3 · folio 67b

རྟོགས་པར་འགྱུར། ཆོས་ཀྱི་ཟ་མ་ཏོག་ཕྱུང་སྟེ། །འདི་ནི་ངེས་པར་བསྟན་བྱ་སྐྱེ། །ཞེས་པའོ། །དེའི་ཕྱིར་ཁམས་གསུམ་པ་ཨེ་ཝཾ་ཁོ་ན་སྟེ། གཞན་ནི་མ་ཡིན་ནོ་ཞེས་པ་འདི་ནི་ཡི་གེ་གཉིས་རྣམ་པར་བཤད་པའོ་ཞེས་པ་འདི་ནི་རྒྱུད་ཐམས་ཅད་ཀྱི་གཞིའི་ཚིག་གི་དོན་ངེས་པའོ་ཞེས་པ་སྟེ།

དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔས་དོན་ལ་རབ་ཏུ་རྟོན་པས་གནས་པར་བྱ་སྟེ། སྒྲ་ནི་ཇི་ལྟ་བ་དེ་བཞིན་ནོ་ཞེས་པའོ། །ཡང་ན་གང་། ཨེ་ནི་ཤེས་རབ་བོ། །ཝཾ་ནི་ཐབས་སོ། །འདི་གཉི་གའི་བདག་ཉིད་ཅན་ཨ་ཧཾ་སྐུ་རྡོ་རྗེའོ་ཞེས་པའི་དོན་ཏོ། །དེ་ནས་བདག་གིས་ཐོས་པ་ཞེས་པ་སྒྲ་ལྷག་པར་རྟོགས་

པ་གསུང་རྡོ་རྗེ་ཞེས་པའི་དོན་ཏོ། །དུས་གཅིག་ན་ཞེས་པ་གཅིག་ནི་ལྷན་ཅིག་མ་ཡིན་པའོ། །འདི་ལ་ལྷ་རྣམས་ཚོགས་ཤིང་འདུས་པ་ཞེས་པ་དུས་ཏེ་ཐུགས་རྡོ་རྗེའོ་ཞེས་པའི་དོན་ཏོ། །འདི་ཉིད་ཆོས་ཀྱི་སྐུ་སྟེ་སྐུ་ཉིད་ཀྱི་རྒྱུ་མཚན་འདི་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་

དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཞེས་པ་དེ་རྣམས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཡང་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དེ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་སོགས་པ་རྣམས་སོ། །དེ་ཉིད་སྐུ་དང་གསུང་དང་ཐུགས་ཡིན་ལ་དེ་ཉིད་རྡོ་རྗེ་སྟེ་དེ་

བཞིན་གཤེགས་པའི་སྐུ་གསུམ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་བཙུན་མོ་སྟེ་རྣལ་འབྱོར་མ་དེའི་ཆ་ཤས་ཅན་ཞེས་པའི་གསུང་ལས་དེ་ཉིད་བྷ་ག་ཡེ་ཤེས་རྣམས་ཏེ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པའི་རང་བཞིན་ཅན་རྣམས་སོ། །དེ་རྣམས་ལ་བཞུགས་ཤིང་གནས་

པར་གྱུར་པ་ཁྱབ་བྱ་དང་ཁྱབ་བྱེད་ཀྱི་བདག་ཉིད་ཀྱིས་རྣམ་པར་གནས་པ་གཉིས་སུ་མེད་པ་རྡོ་རྗེ་འཆང་གི་རང་བཞིན་ནོ། །དེ་ཉིད་སྟོན་པ་པོ་དང་སྡུད་པར་བྱེད་པ་ཡང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ། འཆད་པ་པོ་ང་ཆོས་ཀྱང་ང་། །ཉན་པ་རང་དང་ཚོགས་ལྡན་ང་། །ཞེས་པའོ། །

ཨེ་ཝཾ་མ་ཡཱ་ཞེས་པ་ཡི་གེ་བཞི་པོ་འདིས་དེ་ལྟར་ཐམས་ཅད་བཞིའོ་ཞེས་པ་སྟེ། བཞི་རྣམས་ཀྱི་ཐམས་ཅད་དང་། ཐམས་ཅད་ཀྱང་ཨེ་ཝཾ་གྱི་ཡི་གེ་ཉིད་ཀྱིས་བསྡུས་སོ་ཞེས་པའོ། །དེར་ཞེས་པ་དེ་ལྟར་ཡུལ་དང་དུས་དང་འཁོར་དང་སྟོན་པ་དང་ཉེ་བར་བསྟན་པའི་ཁྱད་པར་རྣམས་རབ་ཏུ་བསྟན་

Vol. 3 · folio 68a

པས་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་གྱི་བཅོམ་ལྡན་འདས་རང་ཉིད་ཚད་མར་གྱུར་པ་ནའོ། །དེ་གང་ཞེ་ན། བཅོམ་ལྡན་འདས་དེ་ཡོངས་སུ་གྲུབ་པ་ངོ་བོ་ཉིད་ཀྱི་སྐུའི་བདག་ཉིད་དེའོ། །གསུངས་པ་ཞེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །ད་ལྟར་བ་ཉིད་ཀྱིས་

དུས་གསུམ་པ་ཉིད་དང་། ཐམས་ཅད་ཁྱབ་པ་ཉིད་དང་རྣམ་པ་ཐམས་ཅད་གཅིག་སྡོམ་པ་ཉིད་གསུངས་སོ། །དེ་ལྟར་ཡང་། སངས་རྒྱས་རྣམས་ནི་བྱུང་གྱུར་ཡང་། །སྐལ་མེད་འབྲས་བུ་ཐོབ་མི་འགྱུར། །སྤྲིན་གྱི་ཚོགས་ལས་ཆར་བྱུང་ཡང་། །ས་བོན་མི་རུང་མི་འཁྲུངས་ལྟར། །ཞེས་པ་

དང་། གཞན་ཡང་གསུངས་པ་དེ་བཞིན་གཤེགས་པ་རྣམས་ནི་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ་ཆོས་རྣམས་ཀྱི་ཆོས་ཉིད་འདི་དེ་ཁོ་ན་ལྟར་གནས་སོ་ཞེས་པའོ། །དེ་ཅི་ཞེ་ན། གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྗེ་བཙུན་

གསང་བ་ལས་ཤིན་ཏུ་ཆེས་གསང་བ། ཨེ་མའོ་རྡོ་རྗེ་སྙིང་པོ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའི་སྙིང་པོ་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་པ་དང་། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་ཞེས་པ་སྣང་བའི་མཚན་ཉིད་གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྐྱེ་བའི་ངོ་བོ་ཉིད་ནི་སྐུའོ། །དེ་ཡང་མཚན་མ་དང་བརྡའི་རྣམ་པར་བཞག་པ་ཉིད་ཀྱིས་ཀུན་ཏུ་སྨྲ་བའི་ཕྱིར་གསུང་གི་རང་བཞིན་ནོ། །གསུང་དེ་ཡང་དག་པར་

རིགས་པའི་ངོ་བོ་ཉིད་ཀྱིས་ཐུགས་ཀྱི་ལུས་སོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་སོ། །དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། དེ་བཞིན་གཤེགས་པ་མ་ལུས་པའི་ཡེ་ཤེས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ་རྗེ་བཙུན་ཏེ་ཉན་ཐོས་ལ་

སོགས་པའི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ཐེག་པ་ཆེན་པོ་པ་ཁོ་ནས་མཆོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །གསང་བ་ལས་ཤིན་ཏུ་ཆེས་གསང་བ་ཞེས་པ་སྦས་པ་ལ་གུ་ཧྱ་སྟེ་གསང་བ་འཁོར་བ་ཀུན་རྫོབ་ཀྱི་བདེན་པའོ། །ཤིན་ཏུ་གསང་བ་ནི་དེ་ལས་འདས་པ་ཉིད་ཀྱི་ཕྱིར་མྱ་ངན་ལས་

Vol. 3 · folio 68b

འདས་པ་དོན་དམ་པའི་བདེན་པའོ། །གཉི་ག་ལས་སྒྲོལ་ཞིང་འདས་པར་བྱེད་པའི་ཕྱིར་གསང་བ་ལས་ཤིན་ཏུ་ཆེས་གསང་བའོ། །ཨེ་མའོ་རྡོ་རྗེ་སྙིང་པོ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ནི་ཨེ་མའོ་ཞེས་པ་ངོ་མཚར་བར་བསྟན་པ་སྟེ།

བདག་ཉིད་ཆེན་པོའི་སྤྱོད་ཡུལ་ཉིད་ཀྱི་ཕྱིར་ཞུ་བ་དེ་གསན་པས་ལེགས་སོ་ལེགས་སོ་ཞེས་ངོ་མཚར་བ་དང་བཅས་པས་རྗེས་སུ་ཡི་རང་བའོ། །རྡོ་རྗེ་སྙིང་པོ་ཞེས་པ་མི་ཕྱེད་པའི་སྐུ་སྟེ། སྙིང་རྗེ་ཆེན་པོ་ཞེས་པ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་

པ་དོན་དམ་པའི་བདེན་པའི་རང་བཞིན་ནོ། །འདི་གཉི་གའི་རང་བཞིན་ཉིད་ཀྱིས་རྡོ་རྗེ་སྙིང་པོ་ཉིད་དོ། །རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའི་སྙིང་པོ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུའོ། །སེམས་དཔའ་ཆེན་པོ་ནི་

ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུའོ་ཞེས་པ་སྐུ་གསུམ་ཡེ་ཤེས་སུ་གྱུར་པ་ཀྱེའི་རྡོ་རྗེ་ཞེས་བྱ་བ་གཉིས་སུ་མེད་པ་དང་། རྣམ་པ་གཉིས་དང་། རྣམ་པ་གསུམ་དང་། བཞིའི་བདག་ཉིད་དང་ལྔ་རུ་བརྗོད་པ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་དང་

བདག་མེད་མ་དག་ལ་དབྱེ་བ་མེད་པའི་ཕྱིར་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ཕྱག་བཅུ་དྲུག་པ་ལ་སོགས་པ་ཧེ་རུ་ཀའི་རང་བཞིན་ཀྱེའི་རྡོ་རྗེ་ཞེས་བྱ་བ་ཉོན་ཅིག་ཅེས་པ་མཉན་པའི་ཡུལ་དུ་བྱོས་ཤིག་ཅེས་པའོ། །བཅོམ་ལྡན་འདས་ཀྱི་གསུང་གི་དེ་མ་ཐག་རྡོ་རྗེ་སྙིང་པོས་གསོལ་བ།

གང་ཕྱིར་རྡོ་རྗེ་སེམས་དཔའ་ལགས། །ཇི་ལྟར་སེམས་དཔའ་ཆེན་པོ་ལགས། །གང་གིས་དམ་ཚིག་སེམས་དཔའ་ལགས། །བཅོམ་ལྡན་བདག་ལ་གསུང་དུ་གསོལ། །ཞེས་གསོལ་བ་འདེབས་པའི་བར་མ་ཆད་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་པར་

བརྗོད། །སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཤེས་རབ་རིགས་པ་འདི་ཡིས་ནི། །རྡོ་རྗེ་སེམས་དཔའ་ཞེས་པར་དྲན། །ཞེས་པ་ཤེས་རབ་ཕུལ་དུ་བྱུང་བའི་ཡེ་ཤེས་ཀྱིས་རྡོ་རྗེ་ཉིད་དང་། རིགས་པའི་སྦྱོར་བས་སེམས་དཔའ་ཉིད་དེ་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་

Vol. 3 · folio 69a

སེམས་དཔའ་ཆོས་ཀྱི་སྐུའོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་བརྗོད་པར་བྱ། །ཡེ་ཤེས་ཆེན་པོ་ཞེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཏེ། དེའི་རོ་ནི་སྣ་ཚོགས་པར་མྱོང་བའི་མཚན་ཉིད་དོ། །དེ་ཡིས་གང་བ་ནི་ཉན་ཐོས་དང་རང་

སངས་རྒྱས་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཐོས་པ་ལ་སོགས་པའི་ཡེ་ཤེས་ཀྱིས་མྱོང་བར་གྱུར་པའོ་ཞེས་པ་སེམས་དཔའ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སྐུ་གཉིས་པོ་འདི་ནི་མ་ནིང་ངོ་། །རྟག་ཏུ་དམ་ཚིག་རབ་འཇུག་ཕྱིར། །དམ་ཚིག་

སེམས་དཔར་བརྗོད་པར་བྱ། །ཞེས་པ་རྟག་ཏུ་རྒྱུན་མི་འཆད་པར་དམ་ཚིག་ལྷ་ཐམས་ཅད་ཀྱི་འབྱུང་བ་སྟེ་ཚོགས་ཤིང་འདུས་པར་གྱུར་པའི་ལྷ་རྣམས་དེའི་རང་བཞིན་གྱིས་རབ་ཏུ་འཇུག་ཅིང་གྲུབ་པའི་ཕྱིར་དམ་ཚིག་སེམས་དཔའ་རྡོ་རྗེ་འཛིན་པ་སྤྲུལ་པའི་སྐུའོ་ཞེས་པ་སྐུ་གསུམ་གྱི་རང་བཞིན་ཁོ་ན་ཀྱེའི་

རྡོ་རྗེའོ་ཞེས་ཁོང་དུ་ཆུད་ཅིང་ཀྱེའི་རྡོ་རྗེར་མངོན་པར་བརྗོད་པའི་དོན་ཉིད་རྣམ་པར་རྟོག་པ་གསུམ་གྱིས་མངོན་དུ་བྱེད་པ་རྡོ་རྗེ་སྙིང་པོས་གསོལ་བ། གང་གིས་ཀྱེ་ཡི་རྡོ་རྗེ་ལགས། །མིང་བསྡུས་པ་ནི་འདི་ལྟ་བུ། །ཧེ་ཡིག་གིས་ནི་ཅི་ཞིག་བཤད། །བཛྲ་ཡིས་ནི་དེ་བཞིན་ཅི། །ཞེས་པ་ལ་

གང་གིས་ཀྱེའི་རྡོ་རྗེ་ལགས་ཞེས་པ། ཡི་གེ་གསུམ་པོ་འདི་ཇི་ལྟར་ལགས་ཞེས་པའོ། །མིང་བསྡུས་པས་ནི་འདི་ལྟ་བུ་ཞེས་པ་འདི་ལྟ་བུའི་ཚུལ་གྱིས་མིང་གི་ཐ་སྙད་བསྡུས་ཤིང་སྡུད་པར་བྱེད་པ་ཧེ་ཡིག་གིས་དགོས་པ་ཅི་ཞིག་བརྗོད། །དེ་བཞིན་དུ། བཛྲ་ཡིས་ཀྱང་ཅི་ཞིག་བརྗོད། །ཅེས་

པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་རྗེས་སུ་འབྲེལ་བ་འཇོམས་པར་བྱེད་པའི་ཕྱིར་ཧེའོ། །དེ་ལ་ཀཱ་ར་ཞེས་པ་བྱ་བ་སྟེ་འགྲོ་བའི་དོན་སྒྲུབ་པར་བྱེད་ཅེས་བྱ་བའོ། །

འདི་ནི་མི་འཐད་དེ་གང་གི་ཕྱིར་བྱ་བ་མེད་པ་ལ་བྱ་བའོ་ཞེ་ན། འདི་ཉིད་སྙིང་རྗེ་ཆེན་པོ་སྟེ་གང་དོན་དམ་པའི་བདེན་པ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཡིན་པའི་ཕྱིར་རོ། །ཡང་ན་གང་ཧ་ནི་ཐབས་སོ། །ཨེ་ནི་ཤེས་རབ་བོ། །གཉི་ག་དག་ལས་ཀཱ་ར་བྱེད་པ་སྟེ་གཉིས་སུ་མེད་པ་ཉིད་དོ། །དེ་ནི་སྙིང་

Vol. 3 · folio 69b

རྗེ་ཆེན་པོ་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །འདི་ཉིད་གསལ་བར་བྱེད་པ། བཛྲའང་ཤེས་རབ་བརྗོད་པར་བྱ། །ཞེས་པ་བཛྲ་རྡོ་རྗེ་འཛིན་པ་དང་ཤེས་རབ་བདག་མེད་མ་སྟེ། བརྗོད་པར་བྱ་བ་

རྟོགས་པར་བྱའོ། །ཞེས་པ་ཀྱེའི་རྡོ་རྗེའི་དོན་ཏོ། །འདིར། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པ་ཞུ་བ་གསུམ་གྱི་དོན་མངོན་པར་བརྗོད་པའི་ཕྱིར་ཏེ་དེ་རྟོགས་པར་བྱེད་པ་གསུངས་པ་དེ་ཇི་ལྟ་བུའི་དོན་གྱི་བདག་ཉིད་ཅེ་ན། ཐབས་དང་ཤེས་རབ་

བདག་ཉིད་རྒྱུད། །ཅེས་པ་ཐབས་དང་ཤེས་རབ་དབྱེར་མེད་པར་རྟོགས་པ་ཟབ་ཅིང་སྤྱོད་ཡུལ་མ་ཡིན་པ་སྟེ། ཇི་ལྟར་དོན་དམ་པ་དང་ཀུན་རྫོབ་ཆ་མེད་པ་དང་ཆ་དང་བཅས་པ་དག་དབྱེར་མེད་པར་རྟོགས་པར་བྱ་བའི་སྦྱོར་བས་ནི་འགྲུབ་པར་མི་ནུས་ཏེ། སྦྱོར་བ་མེད་པའི་ཕྱིར་རོ། །སྦྱོར་བ་

དང་བྲལ་བས་ཀྱང་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཡང་དེ་དང་ཡང་དག་པར་ལྡན་པའི་དོན་མེད་དོ། །དེ་མེད་པའི་ཕྱིར་བདེན་པ་གཉི་ག་དབྱེར་མེད་པ་ཡང་མེད་དོ། །འདིར་འདི་ནི་རྒྱུད་དེ་འདི་རྟོགས་པ་ནི་སྤྱོད་ཡུལ་མ་ཡིན་པའོ། །རྒྱུད་དེ་ནི་ང་ཡིས་བཤད་ཀྱིས་དེ་བདག་ཁོ་ནའི་སྨྲ་བའི་

སྤྱོད་ཡུལ་ཡིན་གྱི་གཞན་རྣམས་ཀྱི་ནི་སྤྱོད་ཡུལ་མ་ཡིན་ནོ། །དེ་ཉོན་ཞེས་པ་མཉན་པའི་ཡུལ་དུ་གྱིས་ཤིག་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་དང་དབྱེར་མེད་པ་སྐུ་གསུམ་རྟོགས་པར་བྱེད་པ་ཐེག་པ་ཆེན་པོ་སྔགས་ཀྱི་བདག་ཉིད་ཆེན་པོ་ནི་ཁོ་ན་ཉིད་མཆོག་གོ་ཞེས་པའོ། །བཤད་པ་ཡང་།

རྒྱུད་ཀུན་གྱི་ནི་ཚུལ་ཤེས་ནས། ཕྱི་ནས་ཀྱེ་ཡི་རྡོ་རྗེ་བརྩམ། །ཞེས་པའོ། །སྐུ་གསུམ་པོ་དབྱེར་མེད་པར་རྟོགས་པར་བྱེད་པ་བདེན་པ་གཉི་གའི་རིམ་པས་བསྟན་པར་བྱ་བའི་ཕྱིར་མདོར་བསྡུས་པ་གསུང་པ། ལྟ་སྟངས་དགུག་དང་བརྡ་ཆེན་དང་། །དོན་མཉམ་རྣམ་པ་མང་པོ་

རིག །ལྟ་སྟངས་དགུག་པ་ལ་སོགས་པ་རྣམ་པར་བཤད་པར་བྱ་བ་ནི་ལེའུ་གཞན་དུ་རབ་ཏུ་གྲགས་པ་ཁོ་ནའོ། །གཞན་ཡང་ལྟ་སྟངས་ནི་ལྟ་བ་སྟེ་སེམས་ཀྱི་རྣམ་པའོ། །དགུག་པ་ནི་འགུགས་པར་བྱེད་པ་སྟེ། དབང་པོ་དང་ཡུལ་ལ་སོགས་པ་ཡང་དག་པར་བསྡུ་བས་ཉེ་བར་བསྐྱེད་

Vol. 3 · folio 70a

པའི་ངོ་བོ་ཉིད་ཀྱི་ཕྱིར་སྐུའི་རྣམ་པའོ། །བརྡ་ཆེན་ཞེས་པ་ཆེན་པོའི་བརྡ་སྟེ་མཚན་མེད་པའི་རང་བཞིན་གྱི་ཆོས་མཚན་མས་སྟོན་པའི་ཕྱིར་གསུང་གི་རྣམ་པའོ། །དེ་ལྟར་གྱུར་པ་ནི་དོན་མཉམ་སྟེ། དོན་ནི་དོན་དམ་པའི་དོན་ཏོ། །ཇི་ལྟར་ཞེ་ན། མཉམ་པ་ཉིད་ཀྱིས་ཏ་ཐ་དད་

མེད་པས་གང་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་སུ་གྱུར་པ་དེ་ནི་དོན་མཉམ་མོ། །དེ་ཡང་རྣམ་པ་མང་པོ་རྣམ་པ་སྣ་ཚོགས་པ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །དེ་རིག་པ་ནི་ཤེས་པ་སྟེ། ཡེ་ཤེས་ཀྱི་རྣམ་པས་དོན་དམ་པའི་བདེན་པ་ཉིད་ཀྱིས་ངེས་པར་གྱུར་ཏོ་ཞེས་པའི་དོན་ཏོ། །

རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཞེས་པ་རབ་ཏུ་གྲགས་ཤིང་གསལ་བ་ཁོ་ནའོ། །དོན་གཞན་ཡང་རེངས་པའི་སྒྲས་གཡོ་བ་མེད་པར་སྡུད་པའོ། །སྐྲོད་པའི་སྒྲས་སྤྲོ་བའོ། །སྡེ་རེངས་ཀྱི་སྒྲས་སྡེ་ནི་སྟོབས་ཏེ་དབང་པོ་ལ་སོགས་པ་དེ་རྣམས་ཀྱི་ཚོགས་པ་ནི་

སྡེ་ཡིན་ཞིང་དེ་དག་ངོ་བོ་ཉིད་ཀྱིས་གཡོ་བ་མེད་པ་ནི་རེངས་པའོ། །དེ་ཉིད་ཐམས་ཅད་ནས་མངོན་པར་རྒྱུ་བ་དང་སྤྲོ་བའི་ཚུལ་གྱིས་ཀྱང་གནས་པའི་ཕྱིར། སྡེ་རེངས་བྱེད་དང་མངོན་སྤྱོད་དོ། །ངེས་པར་གསུངས་པའི་ལྟ་སྟངས་དགུག་པ་ལ་སོགས་པ་དང་། རེངས་པར་བྱེད་དང་སྐྲོད་པ་ལ་སོགས་པས་ཡེ་ཤེས་

ལྔའི་ངོ་བོ་ཁོ་ན་སྐུ་གསུམ་དང་སྐུ་གསུམ་དབྱེ་བ་མེད་པ་ཁོ་ན་ཡེ་ཤེས་ལྔའོ་ཞེས་སོ། །དེའི་ཕྱིར་གསུངས་པ། ཇི་ལྟར་རིགས་པའི་རྣལ་འབྱོར་མའི། །བསྐྱེད་པ་དང་ནི་གནས་པའི་རྒྱུ། །ཞེས་པ་འདི་རྣམས་ལ་རྣལ་འབྱོར་ཡོད་པའི་ཕྱིར་རྣལ་འབྱོར་མ་རྣམས་ཏེ། བདག་མེད་མ་ལ་སོགས་པ་བཅོ་ལྔའོ། །ཇི་ལྟར་ཞེ་ན། གང་

གི་ཕྱིར་གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། དེའི་ཆ་ཤས་ཡུལ་ལྔ་དང་། གཟུང་བ་དང་འཛིན་པ་གཉིས་འབྲེལ་བ་ལས་སྐྱེས་པ་བདེ་བ་ལ་སོགས་པའི་རང་བཞིན་ཡེ་ཤེས་ལྔ་རྣམས་ཀྱི་ཕྱིར་བཅོ་ལྔ་སྟེ། འདི་རྣམས་དབྱེ་བ་མེད་པ་ལས་རྣལ་འབྱོར་མ་རྣམས་སོ། །དེ་རྣམས་ཀྱི་ཇི་

ལྟར་རིགས་པ་རིམ་པ་ཇི་ལྟ་བའོ། །བསྐྱེད་པ་དང་ནི་གནས་པའི་རྒྱུ། །ཆ་དང་བྲལ་བ་ཉིད་ཀྱིས་ཉམས་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་བསྐྱེད་པ་དང་གནས་པ་མི་དམིགས་པ་ལས་གཉི་གའི་རྒྱུ་ཉེ་བར་གཞག་པར་བྱ་སྟེ། འདིས་ནི་གཉིས་ཀ་ཡང་རྒྱུ་གཅིག་པ་ཉིད་ཀྱི་ཕྱིར་བསྐྱེད་པའི་རྒྱུ་གང་ཡིན་པ་

Vol. 3 · folio 70b

དེ་གནས་པའི་ཡང་ངོ་། །གཉི་ག་ལས་གཞན་འཇིག་པ་མེད་པའི་ཕྱིར་སྐྱེ་བ་དང་གནས་པ་དང་། འཇིག་པ་རྣམས་ཀྱི་རྒྱུ་གཅིག་ཁོ་ནའོ། །གསུམ་ཆར་ཡང་རྒྱུ་གཅིག་པ་ཉིད་ཀྱི་ཕྱིར་འབྲས་བུ་ལ་ཡང་རྒྱུའི་རང་བཞིན་མེད་དོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་དང་རྒྱུ་འབྲེལ་བ་དང་ཚོགས་པ་མེད་པའོ། །འདི་ཉིད་

རྣལ་འབྱོར་གྱི་རིམ་པའོ་ཞེས་སོ། །གཞན་ཡང་། དོན་མཉམ་ཤེས་པ་རྣམ་ཤེས་དང་། །ལྷ་རྣམས་ཇི་ལྟར་འབྱུང་བའོ། །ཤེས་པ་ནི་རྟོགས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ། །རྣམ་ཤེས་ནི་དེ་ལས་འདས་པ་སྟེ་དོན་དམ་པའི་བདེན་པའོ། །ཤེས་པ་ཉིད་རྣམ་ཤེས་ཏེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་

དམ་པའི་བདེན་པའོ། །དེ་ཉིད་ལྷ་རྣམས་ཏེ་གཟུགས་ལ་སོགས་པ་རྣམས་ཀྱི་ཇི་ལྟར་འབྱུང་བའོ། །དེ་ཉིད་དོན་མཉམ་གཉིས་སུ་མེད་པ་ཞེས་གཉིས་ཀ་དབྱེར་མེད་པ་ཉིད་ཀྱེའི་རྡོ་རྗེར་བསྟན་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། ཧེ་རུ་ཀ་ནི་བསྐྱེད་པའི་རྒྱུ། །དང་པོར་རེ་ཞིག་གཅིག་ཏུ་འགྱུར། །ཞེས་པ་

ཧེ་རུ་ཀའི་བསྐྱེད་པ་ནི་ཧེ་རུ་ཀ་བསྐྱེད་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམས་ཀྱི་འབྱུང་བའོ། །དེའི་རྒྱུ་ནི་བྱེད་པ་སྟེ་གཅིག་གཉིས་སུ་མེད་པ་ཁོ་ནར་འགྱུར་ཏེ་དང་པོར་རེ་ཞིག་གང་ལས་གྱུར་པ་དེའི་ཕྱིར་དང་པོར་རེ་ཞིག་སྟེ། གཞན་ལ་ལྟོས་པ་མེད་པའི་ཕྱིར། །ཞེས་པ་བསྟན་

པའི་རིམ་པའོ། །གཅིག་ཅེས་པ་མ་ནིང་ཉིད་ལས་གཅིག་ནི་ལྷན་ཅིག་མ་ཡིན་པར་གསུངས་ཏེ། ལྷན་ཅིག་རྣམ་པར་སྤངས་པ་ཡིས། །གཅིག་ཉིད་ཀྱང་ནི་འགུགས་པར་བྱེད། །ཅེས་པ་འདིས་དམིགས་པའི་ལྟ་བ་ཐམས་ཅད་ཉེ་བར་སྤྱོད་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར། དངོས་པོ་ཉིད་ཀྱིས་

རྣམ་གྲོལ་འགྱུར། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་འཁོར་བ་ཡིན་ཞིང་གྲོལ་བ་ཐོབ་པར་བྱེད་པ་སྟེ། འཁོར་བ་ལས་འདས་པའི་གྲོལ་བ་འགའ་ཡང་མེད་དོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཞེས་པ། ཁྱད་པར་དང་བཅས་པས་བོད་པ་སྟེ། སྙིང་རྗེ་ཆེན་པོ་ཉིད་

ཀྱིས་དོན་དམ་པའི་བདེན་པའོ། །སྙིང་རྗེ་ཆེན་པོ་ཉིད་ཀྱིས་དེ་ཉིད་ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱང་ངོ་ཞེས་པ་སྟེ། གང་གསུངས་པ། འཁོར་བའི་རྣམ་པ་ཧེ་རུ་ཀ །འགྲོ་བ་རབ་ཏུ་སྒྲོལ་བའི་གཙོ། །ཞེས་པའོ། །དེ་ཇི་ལྟར་འཆིང་བར་འགྱུར་ཞེ་ན། གསུངས་པ། དངོས་པོའི་འཆིང་བས་འཆིང་བར་

Vol. 3 · folio 71a

འགྱུར། །དེ་ཡོངས་ཤེས་པས་གྲོལ་བ་ཡིན། །ཞེས་པ་ལ། དངོས་པོའི་འཆིང་བས་འཆིང་བར་འགྱུར། །ཞེས་པ་དངོས་པོ་ཉིད་གྲོལ་བའི་ཚུལ་གྱིས་བརྟགས་ཏེ། གྲོལ་བའི་རྟོག་པའི་འཆིང་བས་འཆིང་བར་འགྱུར་ཞིང་ཡང་སྲིད་པ་འཐོབ་པར་འགྱུར་རོ། །

དེ་ཡོངས་ཤེས་པས་གྲོལ་བ་ཡིན། །ཞེས་པ་གྲོལ་བ་ཡོངས་སུ་ཤེས་པ་ཉིད་ལས་གྲོལ་བར་འགྱུར་རོ་ཞེས་པའོ། །འདིས་ནི་གྲོལ་བའི་རྟོག་པ་ཡང་འཆིང་བའོ། །འཆིང་བའི་རྟོག་པ་ཡང་གྲོལ་བའི་ཆེད་དུའོ། །དེའི་ཕྱིར་འཆིང་བ་དང་གྲོལ་བ་གཉིས་ཀ་ཡང་ལྟོས་པ་དང་བཅས་པ་སྟེ་

ལྟོས་པ་མེད་པའི་དོན་ལ་ཡང་འཆིང་བ་མེད་ཅིང་གྲོལ་བ་ཡང་མེད་དོ། །དེའི་ཕྱིར། དངོས་པོ་བསྒོམ་བྱ་ཤེས་རབ་ཅན། །དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་དངོས་པོ་ཀུན་རྫོབ་དང་དངོས་པོ་མེད་པ་དོན་དམ་པ་གཉིས་ཀ་ཡང་བསྒོམ་པར་བྱ། །ཟུག་དུ་འཇུག་པར་རྟོགས་

པར་བྱའོ་ཇི་ལྟར་ཞེ་ན། ཡོངས་ཤེས་པས་ཀུན་ནས་ཤེས་པ་ནི་ཡོངས་སུ་ཤེས་པ་སྟེ། ཐམས་ཅད་ལ་ཐོགས་པ་མེད་པའི་རང་བཞིན་གྱིས་གནས་སོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཅན་ཞེས་པ་བོད་པའོ། །ཡང་ན་གང་དངོས་པོར་འགྱུར་རོ། །ཅི་ཞེ་ན། དངོས་པོ་མེད་པ་སྟེ་མ་

སྐྱེས་པའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ཡོངས་ཤེས་པས་ལྷུན་གྱིས་གྲུབ་པའི་དབང་གིས་ཏེ་གང་གི་ཕྱིར་བསྒོམ་བྱ་སྙོམས་པར་འཇུག་པའི་རང་བཞིན་གྱིས་བསྒྲུབ་པར་བྱའོ། །ཡང་ན། དངོས་པོ་ཡང་དངོས་པོ་མེད་པར་འགྱུར་ཞིང་། དངོས་པོ་མེད་པ་ཡང་དངོས་པོར་འགྱུར་ཏེ། དངོས་

པོ་ཞེས་པ་གཉིས་ཀ་དབྱེར་མེད་པ་མ་ནིང་ཧེ་རུ་ཀའོ། །དངོས་པོ་མེད་པ་ཡང་གཉིས་ཀ་དབྱེར་མེད་པ་མ་ནིང་རྡོ་རྗེ་མཁའ་འགྲོ་མའོ། །དེ་གཉིས་ཀ་ལ་གཉིས་ཀ་བསྒོམ་བྱ་སྙོམས་པར་འཇུག་པའི་རང་བཞིན་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། ཡོངས་སུ་ཤེས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཞེས་

གསུངས་པའི་དོན་ཏོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། དེ་ལྡན་ཧེ་རུ་ཀ་བསྒོམ་བྱ། །དངོས་པོ་མེད་པའང་ཡོངས་ཤེས་པས། །ཞེས་པ་གང་བསྒོམ་བྱ་སྙོམས་པར་འཇུག་པའི་རང་བཞིན་ཉིད་ཀྱིས་བསྒྲུབ་པར་བྱ་བ་དེ་ཡོད་པའི་ཕྱིར་དེ་ལྡན་ནོ། །དེ་ཅི་ཞེ་ན། ཧེ་རུ་ཀ་དང་བདག་

Vol. 3 · folio 71b

མེད་མ་དབྱེར་མེད་པ་བདག་མེད་མའི་གནས་སོ། །དེ་ཉིད་དངོས་པོ་མེད་པ་ཡང་། །ཞེས་པ་མེད་པ་བདག་མེད་མ་དང་། དངོས་པོ་རྡོ་རྗེ་འཆང་དང་གཉིས་ཀ་དབྱེར་མེད་པ་ཡེ་ཤེས་སོ། །ཇི་ལྟར་ཞེ་ན། ཡོངས་སུ་ཤེས་པས་ཞེས་པ་སྟེ། །འདིའི་དོན་ནི་བརྗོད་པ་ཉིད་དོ། །འདིར་དངོས་པོ་དང་དངོས་

པོ་མེད་པའི་བདག་ཉིད་ཀྱིས་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཡེ་ཤེས་ཉེ་བར་བསྟན་ཅིང་། བདེན་པ་གཉིས་གཉིས་སུ་བྱར་མེད་པ་ཁོ་ན་གསལ་བར་བྱ་བའི་ཕྱིར་གསུངས་པ། ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཐམས་

ཅད་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་སྐྱེ་བ་ལ་དེ་ཧ་ཞེས་པ་ལུས་བྱེད་པ་ནི་ལུས་དང་སྐྱེ་བ་སྟེ། གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་ལ་དེའི་བདག་ཉིད་ཀྱིས་གཡོ་བ་མེད་པར་གནས་སོ་ཞེས་པའོ། །ལུས་གནས་ཡེ་ཤེས་ཆེན་པོ་ནི། །

དེ་བཞིན་གཤེགས་པ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་སྡོམ་པ་མངོན་པར་རྟོགས་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་ཕྱིར། ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཡང་དག་པའི་རྟོག་པ་ནི་ཀུན་དུ་རྟོག་པ་སྟེ་འཕགས་པའི་བདེན་པ་བཞི་ལ་སོགས་པའོ། །ཐམས་ཅད་ནི་ལྷག་མ་མེད་པ་སྟེ་འདི་དག་གི་བག་

ཆགས་རྗེས་སུ་འབྲེལ་བའི་མཐར་ཐུག་པའོ། །དེ་ཡིས་སྤངས་པ་ནི་ཡོངས་སུ་དོར་བ་སྟེ། དངོས་པོའི་རྣམ་པར་རྟོག་པ་དང་། སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་དང་། མིང་ལ་དོན་ཇི་ལྟ་བ་དང་། དོན་ལ་མིང་ཇི་ལྟ་བ་དང་། གཅིག་ཉིད་དང་། དུ་མ་ཉིད་དང་། སྤྱི་དང་ཁྱད་པར་གྱི་རྣམ་

པར་རྟོག་པ་སྟེ། རྣམ་པར་རྟོག་པ་རྣམ་པ་བཅུའི་རྣམ་པར་གཡེང་བ་སྤངས་པ་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར། །དེ་ཉིད་ཀྱི་ཕྱིར། དངོས་པོ་ཐམས་ཅད་ཁྱབ་པ་པོ། །འདི་ལ་དོན་གནས་པའི་ཕྱིར་དངོས་པོའོ། །དངོས་པོ་དེ་ཐམས་ཅད་ཀྱང་ཡིན་

པའི་ཕྱིར་དངོས་པོ་ཐམས་ཅད་དེ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་དང་། འདོད་པའི་ཁམས་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཁྱབ་པ་པོ་ཕན་ཚུན་གཟུགས་བརྙན་དང་མཉམ་པ་ཉིད་ཀྱིས་མཉམ་པའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ལུས་སྐྱེས་པའི་རྒྱུ་ལས་

Vol. 3 · folio 72a

རྒྱུ་གཞན་ཚད་མས་རྟོགས་པ་མེད་པའི་ཕྱིར་དངོས་པོ་གདོད་མ་ནས་མ་སྐྱེས་པའོ་ཞེས་པའོ། །འདིར་ཡེ་ཤེས་ཆེན་པོ་དེ་ནི་ལུས་ལ་གནས་ཤིང་དངོས་པོ་ཐམས་ཅད་ཁྱབ་པ་ཉིད་ཀྱིས་མི་ཕྱེད་པའི་ཕྱིར། །བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་པ། ཀྱེ་བཅོམ་

ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས་ཞེས་པ་ལུས་དང་ཡེ་ཤེས་ཆེན་པོ་དག་ལ་ཐ་དད་མེད་པ་ཉིད་ཀྱིས་རྡོ་རྗེ་ལུས་ལ། ཀྱེ་བཅོམ་ལྡན་འདས་ཞེས་པ་དབང་ཕྱུག་ལ་སོགས་པ་ཡོན་ཏན་མ་ལུས་པ་གཅིག་པུའི་གཞིར་གྱུར་པ་ཉིད་ཀྱིས་རྣམ་པར་བཀྲ་བའི་ཡེ་ཤེས་ཏེ་ཞེས་བྱ་བ་ལ་སོགས་

པའི་སྒྲིབ་པ་ཟིལ་གྱིས་གནོན་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་དབང་གིས་ཁོང་དུ་ཆུད་པ་ཁྱོད་ཅེས་བོད་པ་སྟེ་འདི་ནི་སྐབས་སུ་བབ་བོ་ཞེས་པའོ། །རྩ་དུ་ལགས་ཞེས་ཞུས་པར་གྱུར་ཏེ། རྩའི་སྒྲས་དཀྱིལ་འཁོར་གཉིས་བརྗོད་དེ། གང་གི་

ཕྱིར་སྒྲ་གཉིས་ཀྱི་རྩའོ། །དུ་ཞེས་པ་ཇི་སྙེད་དེ་བུད་མེད་དང་སྐྱེས་པ་ཐ་དད་མེད་པ་ཉིད་ཞུ་བ་ལས་གསུངས་པ་ནཱ་ཌྱ་བུད་མེད་མཁའ་འགྲོ་མ་རྣམས་སོ། །ཀ་ད་མེ་སྐྱེས་པ་དེ་བཞིན་གཤེགས་པ་རྣམས་ཞེས་པའོ། །དེ་ལྟ་བུ་ཉིད་ཞུས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་

སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ་ཞེས་པ་ཡང་དག་པའི་ཡེ་ཤེས་ཀྱི་གནས་སུ་འཛག་པ་སྤྲོ་བའི་ཚུལ་གྱིས་གནས་པར་གྱུར་པ་སྤྲུལ་པར་སོན་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཡོངས་སུ་གྱུར་པ། སྤྲུལ་

པའི་སྐུ་ཐོབ་པར་གྱུར་པའོ། །ཅི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། ཐིག་ལེ་དང་ནཱ་ད་དག་དབྱེ་བ་མེད་པའི་ཕྱིར་རོ། །ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་པོ་ཉིད་ཐིག་ལེ་བཅུ་དྲུག་པོ་

རྣམས་སོ། །ཞེས་པ་སྐུ་གཉིས་དབྱེ་བ་མེད་པས་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་རྣམས་སོ། །སུམ་ཅུ་རྩ་གཉིས་ཞེས་པ་དེ་རྣམས་ཉིད་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་རྣམས་ཏེ་སྐུ་གཉིས་དབྱེར་མེད་པ་རྣམས་སྤྲུལ་པའི་སྐུའི་དབྱེ་བས་དྲུག་ཅུ་རྩ་བཞི་ཞེས་པའོ། །དེ་ལ་ཨ་ཝ་

Vol. 3 · folio 72b

དྷཱུ་ཏཱི་འཛག་པ་མེད་པ་ནི་བདག་མེད་མ་དབུ་མར་གནས་པའོ། །ལ་ལ་ནཱ་དང་ར་ས་ནཱ་འཛག་པ་མེད་པར་འབྱུང་བ་ཆེན་པོ་བཞིའོ་ཞེས་པ་སྟེ། བྱང་ཆུབ་ཀྱི་སེམས་དྲུག་ཅུ་རྣམས་རྩ་གསུམ་དུ་གཅིག་པ་ཉིད་ཀྱིས་ཉིན་མཚན་སུམ་ཅུ་ལ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་དྲུག་ཅུར་འགྱུར་བའི་ཕྱིར་

ཚེས་གཅིག་ལ་སོགས་པ་བཅོ་ལྔའི་རང་བཞིན་དཀར་པོ་དང་ནག་པོའི་བདག་ཉིད་ཅན་ཟླ་བ་ལ་སོགས་པའི་རིམ་པ་ལ་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ཁྱིམ་བཅུ་གཉིས་མ་རིག་པ་ལ་སོགས་པ་རྣམས་ཏེ། མ་རིག་པའི་རྐྱེན་གྱིས་འདུ་

བྱེད་རྣམས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའོ། །རེག་པའི་རྐྱེན་གྱིས་ཚོར་བའོ། །ཚོར་བའི་རྐྱེན་གྱིས་སྲེད་པའོ། །

སྲེད་པའི་རྐྱེན་གྱིས་ཉེ་བར་ལེན་པའོ། །ཉེ་བར་ལེན་པའི་རྐྱེན་གྱིས་སྲིད་པའོ། །སྲིད་པའི་རྐྱེན་གྱིས་སྐྱེ་བའོ། །སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ་ཞེས་པའོ། །དེ་ལ་མ་རིག་པ་ཞེས་པ་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། མི་གཙང་བ་རྣམས་ལ་བདེ་བ་དང་། རྟག་པ་དང་།

བདག་དང་། གཙང་བར་སྒྲོ་འདོགས་པ་ཕྱིན་ཅི་ལོག་པའོ། །བདེ་བ་དང་། རྟག་པ་དང་། བདག་དང་། གཙང་བར་སྒྲོ་འདོགས་པ་ཕྱིན་ཅི་ལོག་གིས་ཉེ་བར་བསྒྲུབ་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་དོ། །ལས་ཀྱི་རྣམ་པར་སྨིན་པ་དེའི་རྟེན་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་

པའི་རྟེན་ནི་མིང་དང་གཟུགས་སོ། །མིང་གཟུགས་ལས་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་ལྷན་ཅིག་པའི་སེམས་ནི་སྐྱེ་མཆེད་དྲུག་གོ། །སྐྱེ་མཆེད་དྲུག་ལས་དབང་པོ་དང་། ཡུལ་དང་། རྣམ་པར་ཤེས་པ་གསུམ་པོ་རྣམས་ལ་བརྟེན་ནས་སྐྱེས་པ་ནི་

རེག་པའོ། །རེག་པ་དང་ཕྲད་པ་ལས་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་ཀུན་དུ་ཞེན་པ་ནི་སྲེད་པའོ། །སྲེད་པ་འཕེལ་བའི་གཟུགས་ལ་སོགས་པ་ཕུང་པོ་ལྔ་ནི་ཉེ་བར་ལེན་པའོ། །དེ་ལ་གུས་པ་ནི་སྲིད་པའོ། །དེ་གྲུབ་པ་ནི་སྐྱེ་བའོ། །དེ་ཡོངས་སུ་སྨིན་པ་ནི་རྒ་བ་སྟེ་རྒས་པའི་ཕུང་པོ་འགྱེས་པ་ནི་

Vol. 3 · folio 73a

འཆི་བའོ་ཞེས་པ་འདི་རྣམས་ནི་མ་རིག་པ་ལ་སོགས་པའོ། །ཚེས་གཅིག་ལ་སོགས་པ་རྣམས་ནི་གསུམ་པ་ཇི་ལྟ་བ་དེ་ལྟར་བཅུ་གསུམ་པ་དང་བཞི་པ་ཇི་ལྟ་བ་དེ་ལྟར་བཅུ་བཞི་པ་དང་། ལྔ་པ་ཇི་ལྟ་བ་དེ་ལྟར་བཅོ་ལྔ་པ་ཞེས་པ་སྟེ། ཚེས་གསུམ་ནི་ནང་དུ་རྟོགས་ཤིང་ཚེས་

བཅུ་གཉིས་རྣམས་སོ། །དེ་ལ་དང་པོ་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་སོ། །གཉིས་པ་ཞེས་པ་ཤེས་རབ་དང་ཐབས་དག་གོ། །གསུམ་པ་ཞེས་པ་སྐུ་གསུང་ཐུགས་སོ། །བཞི་པ་ཞེས་པ་འབྱུང་བ་ཆེན་པོ་བཞི་རྣམས་སོ། །ལྔ་པ་ཞེས་པ་ཡེ་ཤེས་ལྔ་རྣམས་སོ། །དྲུག་པ་ཞེས་པ་ཡེ་

ཤེས་ལྔ་དང་དབྱེར་མེད་པའི་རྡོ་རྗེ་འཆང་ངོ་། །བདུན་པ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་ལྔ་རྣམས་སོ། །བརྒྱད་པ་ཞེས་པ་དེ་རྣམས་ཉིད་སྐུ་གསུང་ཐུགས་དང་དབྱེར་མེད་པའོ། །དགུ་པ་ཞེས་པ་འབྱུང་བ་བཞི་དང་ཡེ་ཤེས་ལྔ་དབྱེར་མེད་པ་རྣམས་སོ། །བཅུ་པ་ཞེས་

པ་གཉིས་ཀའི་ཡེ་ཤེས་ལྔ་དབྱེ་བ་མེད་པས་སོ། །བཅུ་གཅིག་པ་ཞེས་པ་གཉིས་ཀའི་ཡེ་ཤེས་ལྔ་དང་གཉིས་སུ་མེད་པའི་རང་བཞིན་ཉིད་ཀྱིས་སོ། །བཅུ་གཉིས་པ་ཞེས་པ་དེ་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་སོ། །བཅུ་གསུམ་པ་ཞེས་པ་དེ་ཉིད་སྐུ་གསུང་ཐུགས་ཀྱི་བདག་

ཉིད་ཀྱིས་སོ། །བཅུ་བཞི་པ་ཞེས་པ་དེ་ཉིད་འབྱུང་བ་བཞིའི་རང་བཞིན་གྱི་ཕྱིར་རོ། །བཅོ་ལྔ་པ་ཞེས་པ་གསུམ་དང་ལྔ་དབྱེ་བ་མེད་པས་རྣལ་འབྱོར་མ་བཅོ་ལྔ་རྣམས་སོ། །དེ་རྣམས་ཉིད་འཕེལ་བ་དང་འགྲིབ་པའི་རང་བཞིན་ཉིད་ཀྱིས་ཚེས་སུམ་ཅུ་རྣམས་སོ། །ཚེས་སུམ་ཅུ་རྣམས་ལ་ཡང་ཚེས་

གཅིག་ལས་ཐ་དད་མེད་པའི་ཕྱིར་གནས་པའི་རང་བཞིན་ཉིད་ཀྱིས་ལོངས་སྤྱོད་ཀྱི་གནས་ཀྱི་བཞིའི་རང་བཞིན་རྣལ་འབྱོར་མ་དྲུག་ཅུ་རྣམས་ཉིན་མཚན་གྱིས་དབྱུ་གུའི་གྲངས་རྣམ་པར་གཞག་སྟེ། ཀ་ལ་སོགས་པ་སྡེ་པ་ལྔ་དང་རིམ་པ་མ་ཡིན་པ་ལ་མ་ཡིག་ལ་སོགས་པ་སྡེ་པ་ལྔ་དང་། ས་ྉྤ་ཥ་

ཤ་ྈྐ་ྈྐ་ཤ་ཥ་ྉྤ་ས་ཞེས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་རྣམས་ལ་མཐེ་བོང་ལ་སོགས་པ་སོར་མོ་ལྔ་ལྔ་འབྱུང་བ་བཞིའི་རང་བཞིན་རྣམས་ལ་ལག་པ་གཡས་པ་ལ་སོགས་པ་རྐང་པ་གཡས་པའི་མཐར་སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ཀྱིས་ཚིགས་ཀྱི་མཚམས་རྣམས་སུ་མཐའ་

Vol. 3 · folio 73b

ཡས་པའོ། །དེ་བཞིན་དུ་རྐང་པ་གཡོན་པ་ལ་སོགས་པ་ལག་པ་གཡོན་པའི་མཐར་དེ་ཁོ་ན་ལྟར་མཐའ་ཡས་པའོ། །ལྟག་པ་དང་། རྒྱབ་དང་། ལོགས་གཉིས་པོ་རྣམས་ལ་འབྱུང་བ་བཞི་པོ་རྣམས་སོ། །དབུས་སུ་བདག་མེད་མ་སྟེ་ཉིན་མཚན་གྱི་རང་བཞིན་གྱིས་ཉིན་མོ་བཅོམ་ལྡན་

འདས་དང་། མཚན་མོ་ཤེས་རབ་བོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་བརྗོད་པའོ། །ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཉིན་མཚན་བཅོ་ལྔས་ཕྱོགས་ཏེ། འཆར་བའི་བདག་ཉིད་ཀྱི་ཕྱོགས་རྡོ་རྗེ་འཆང་དང་། ནུབ་པའི་བདག་ཉིད་ཀྱང་གཞན་བདག་མེད་

མའོ། །ཕྱོགས་གཉིས་ཀྱི་བདག་ཉིད་ཅན་ཟླ་བ་སྟེ། དེ་ཉིད་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ནི་ལོ་ཡིན་ལ། དེ་ཉིད་ཟླ་བ་གཉིས་གཉིས་ཀྱི་རྣམ་པར་དབྱེ་བ་དུས་དྲུག་གི་རང་བཞིན་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་པའི་དེ་བཞིན་

གཤེགས་པ་ལྔ་རྣམས་སོ། །ཟླ་བ་དྲུག་དྲུག་རྣམས་ཀྱིས་བགྲོད་པ་གཉིས་ཏེ་གང་གི་ཕྱིར་གཉིས་ཀ་དེ་བཞིན་ཉིད་དོ། །དེ་ལ་སུམ་ཅུ་རྩ་གཉིས་དེ་བཞིན་ཉིད་ཀྱི་ངོ་བོ་དབུགས་གཅིག་སྟེ། དེ་ཉིད་དྲུག་ཅུས་ལྷག་པའི་སུམ་བརྒྱའི་བདག་ཉིད་ནི་དབྱུ་གུའོ། །གསུངས་པའི་བཀའ་ལ་

སོགས་པ་སུམ་ཅུ་དང་རིམ་པ་མ་ཡིན་པའི་ྈྐ་ལ་སོགས་པ་སུམ་ཅུ་ཡང་སྟེ། དེ་ལྟར་དབྱུ་གུ་དྲུག་ཅུ་རྣམས་ཀྱིས་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་དབུགས་རྣམས་སུ་འགྱུར་ཞིང་ལོ་ཡིས་ཀྱང་འདི་སྙེད་ཀྱི་དབྱུ་གུ་རྣམས་སོ། །འདིས་ནི་ལོ་ལ་དབྱུ་གུ་ཇི་སྙེད་པ་དེ་སྙེད་ཀྱི་

དབུགས་ཉིན་མཚན་གྱིས་འགྱུར་ཞིང་། ལོ་ལ་ཉིན་ཞག་ཇི་སྙེད་པ་དབྱུ་གུ་གཅིག་ལ་དེ་སྙེད་ཀྱི་དབུགས་སུ་འགྱུར་ཏེ། འཁོར་ལོ་བཞི་པོ་རྣམས་ལ་འཕོ་བ་བཅུ་དྲུག་གི་དབུགས་གཅིག་གོ་ཞེས་པ་འཕོ་བའི་དབུགས་སོ། །དེ་ལྟར་འཆར་བ་དང་ནུབ་པ་དང་གནས་པའི་རང་

བཞིན་གྱིས་སྲིད་པ་གསུམ་དབྱེར་མེད་པ་ཆ་དང་བྲལ་བ་ཀུན་ཏུ་བཟང་པོ་སྟེ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་བདག་ཉིད་རྒྱུ་སྐར་བདུན་བདུན་རྣམས་ཀྱིས་འབྱུང་བ་བཞིར་གྱུར་པ་རྣམས་ལ་རྣལ་འབྱོར་བཞིའི་རང་བཞིན་ཐ་སྐར་ལ་སོགས་པའི་རིམ་པས་གནས་བཞི་རྣམས་སུ་སྐོར་བ་བདུན་གྱིས་

Vol. 3 · folio 74a

ཤེས་པར་བྱའོ། །ལ་ལ་ནཱ་དང་ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་དང་། ད་རི་ཀ་སྟེ་རྩ་བཞི་པོ་ཉིད་རྣལ་འབྱོར་བཞིར་བྱས་ནས་རྣལ་འབྱོར་བཞི་པོ་དེ་ཉིད་རྣལ་འབྱོར་བཞི་དང་དབྱེར་མེད་པ་ནི་བརྒྱད་ཀྱི་གཞིའོ། །བརྒྱད་ནི་གཟའ་རྣམས་ཏེ་ཉི་མ་ནི་ཤེས་རབ་བོ། །ཟླ་བ་ནི་ཐབས་སོ། །

མིག་དམར་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །སྒྲ་གཅན་ནི་རྡོ་རྗེ་འཆང་སྟེ། དུས་མཐའ་དག་ཀུན་ཏུ་བཟང་པོས་ཁྱབ་པའི་ཕྱིར། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། མྱ་ངན་ལ་སོགས་པ་ཀུན་ཏུ་རྟོག་པ་རྣམས་བླ་མ་དམ་པའི་ཞབས་ཀྱི་དྲིན་ལས་འབད་པ་མེད་པ་ཉིད་ཀྱིས་རྡོ་རྗེ་འཆང་

གི་སྐུས་ཟོས་སོ་ཞེས་པའོ། །དེ་ཉིད་རྩ་སུམ་ཅུ་རྩ་གཉིས་ཏེ། ཤེས་རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱིས་དྲུག་ཅུ་རྩ་བཞིའི་རང་བཞིན་སྤྲུལ་པའི་འཁོར་ལོ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ་ཞེས་བརྗོད་དོ། །དེ་ཉིད་དབྱེ་བ་མེད་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་ཞེས་བརྗོད་

དོ། །དེ་ཉིད་སྟོང་པ་ཉིད་བཅུ་དྲུག་གི་བདག་ཉིད་ཅན་ལོངས་སྤྱོད་རྫོགས་པའི་འཁོར་ལོ་པདྨ་འདབ་མ་བཅུ་དྲུག་པ་ཞེས་བརྗོད་དོ། །དེ་ཉིད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་རང་བཞིན་ཆོས་ཀྱི་འཁོར་ལོའི་པདྨ་འདབ་མ་བརྒྱད་པ་ཞེས་བརྗོད་དོ། །ཡང་ན་དབྱུ་གུ་དྲུག་ཅུ་རྩ་བཞི་རྣམས་ཀྱིས་ཉིན་མོ་དང་མཚན་

མོའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེའི་རང་བཞིན་ཉིད་ཀྱིས་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ། །དེ་ཉིད་ཤེས་རབ་དང་ཐབས་དབྱེར་མེད་པར་གྱུར་པ་དབྱུ་གུ་གཉིས་གཉིས་ཀྱི་ཆུ་ཚོད་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཅན་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དེ་ཉིད་དབྱུ་གུ་བཞི་བཞི་

རྣམས་ཀྱིས་དབྱངས་བཅུ་དྲུག་རྣམ་པར་དག་པའི་འཕོ་བ་སྟེ། པདྨ་འདབ་མ་བཅུ་དྲུག་པའོ། །དེ་ཉིད་དབྱུ་གུ་བརྒྱད་བརྒྱད་རྣམས་ཀྱིས་ཐུན་གྱི་ཚད་དོ། །པདྨ་འདབ་མ་བརྒྱད་པའོ། །དེ་ལ་ཡང་ཐུན་གཉིས་གཉིས་ཀྱིས་ཐུན་མཚམས་བཞིའི་རིམ་པས་བདེ་བ་ཆེན་པོ་ཉིད་དེ་ཟེ་འབྲུ་ལ་པདྨ་འདབ་མ་

བཞི་པའོ་ཞེས་པ་འདི་ཉིད་བླ་མ་བརྒྱུད་པ་ལས་འོངས་པའོ། །དེ་ལ་ཡང་། ཐུན་བཞི་བཞིས་ཉིན་མོ་དང་མཚན་མོ་ཉིད་ཀྱིས་གཉིས་སྦྱོར་རོ། །དེ་ཉིད་གཉིས་ཀ་དབྱེ་བ་མེད་པར་གྱུར་པ་ཉིན་མོ་དང་མཚན་མོ་དབྱེར་མེད་པ་རྡོ་རྗེ་དང་པདྨ་གཉིས་སུ་མེད་པ་ཞེས་བརྗོད་དོ། །དེ་ཉིད་སྣ་ཚོགས་པདྨ་དང་། །

Vol. 3 · folio 74b

སྣ་ཚོགས་རྡོ་རྗེས་མཚན་པའི་ཆོས་འབྱུང་ཁང་པ་བརྩེགས་པ་ཞེས་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་རྣམས་ཀྱི་དབུས་ན་རྩ་གསུམ་ནི་གཙོ་མོ་སྟེ། ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱིའོ་ཞེས་པ། བརྐྱང་མ་ཤེས་རབ་རང་བཞིན་གྱིས། །ཐབས་ཀྱི་རོ་མར་ཡང་དག་གནས། །ཨ་

ཝ་དྷཱུ་ཏཱི་དབུས་གནས་སུ། །གཟུང་དང་འཛིན་པ་སྤངས་པ་ཉིད། །བརྐྱང་མ་ཤེས་རབ་རང་བཞིན་གྱིས། །ཞེས་པ། ཆ་ཤས་དང་བྲལ་བའི་ངོ་བོ་ཉིད་ཀྱིས་སོ། །ཐབས་ཀྱི་རོ་མ་ཞེས་པ་ཆ་ཤས་དང་བཅས་པའི་རང་བཞིན་ཉིད་ཀྱིས་སོ། །ཨ་ཝ་དྷཱུ་ཏཱི་དབུས་གནས་སུ། །ཞེས་པ་དབུས་ཉིད་ཀྱིས་

གནས་པ་ནི་དབུས་གནས་སུ་བརྗོད་དེ། གཉིས་ཀ་དབྱེར་མེད་པ་དེར་གཟུང་དང་འཛིན་པ་སྤངས་པ་ཉིད། གཟུང་བ་ཤེས་བྱ་དང་འཛིན་པ་ཤེས་པའོ། །དེ་དག་སྤངས་པ་ནི་གཉི་ག་དབྱེ་བ་མེད་པ་ཉིད་དུ་གྱུར་པ་སྟེ། ཤེས་པ་དང་ཤེས་བྱ་དག་བསྐྱེད་བྱ་དང་། སྐྱེད་བྱེད་ཉིད་དུ་སྔོན་དང་ཕྱི་མའི་དངོས་པོས་

ཐོབ་པ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། བརྐྱང་མ་མི་སྤྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །ཨ་ཝ་དྷཱུ་ཏཱིར་དེ་རབ་གྲགས། །ཞེས་པ་བསྐྱོད་པ་མེད་གཡོ་བ་མེད་པའི་ཕྱིར་མི་བསྐྱོད་པ་རྡོ་རྗེ་འཆང་སྟེ། དེ་འབབ་པ་ནི་

རྒྱུན་དུ་དེ་ལྷག་པར་གནས་པ་དོན་དམ་པའི་བདེན་པའི་གཟུགས་ཅན་མ་ལ་ལ་ནཱའོ། །ཁྲག་འབབ་ཅེས་པ་ཁྲག་ནི་འདོད་ཆགས་ཀྱི་མཚན་ཉིད་ནི་འོད་དཔག་ཏུ་མེད་པ་སྟེ། དེ་འབབ་པ་ནི་རྒྱུན་དུ་དེ་ལྷག་པར་གནས་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ར་ས་ནཱའོ། །དེ་ཉིད་ཀྱི་ཕྱིར་

ཤེས་རབ་ཟླ་བ་འབབ་པ་ཤེས་རབ་བདག་མེད་མ་དང་། ཟླ་བ་བྱང་ཆུབ་ཀྱི་སེམས་ཏེ། གཉིས་ཀ་འབབ་པ་རྒྱུན་དུ་གཉིས་ཀ་ལྷག་པར་གནས་པ་བདེན་པ་གཉིས་ཀ་དབྱེར་མེད་པའི་གཟུགས་ཅན་མའོ། །ཨ་ཝ་དྷཱུ་ཏཱིར་དེ་རབ་གྲགས། །ཞེས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་

རབ་ལ་ཤིན་ཏུ་གསལ་ལོ་ཞེས་པའི་དོན་ཏོ། །འདི་ལ་འབད་པ་དང་རྩོལ་བ་མེད་པས་ཉོན་མོངས་པ་ལ་སོགས་པ་མི་ཤེས་པ་འདོར་བར་བྱེད་པའི་ཕྱིར་ཨ་ཝ་དྷཱུ་ཏཱིའོ། །ཡང་ན་ཨ་བདག་མེད་མ། ཝ་རྡོ་རྗེ་འཆང་གཉིས་ཀ་དྷཱུ་ཏཱི་སྟེ། ཉེད་ཅིང་བཤིགས་ལ་རང་བཞིན་མེད་པར་གྱུར་པའི་ཕྱིར་ཨ་ཝ་དྷཱུ་ཏཱིའོ། །

Vol. 3 · folio 75a

འདིས་ནི་ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་ཝ་དྷཱུ་ཏཱི་རྣམས་ཀྱིས་སྲིད་པ་གསུམ་དབྱེར་མེད་པ་ཉིད་མཁའ་འགྲོ་མ་རྣམས་སུ་གྲུབ་པའི་ཕྱིར། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་སྤངས་པ་ཉིད། །ཅེས་བཤད་དོ། །འདིས་ནི་མི་ཕྱེད་མ་ལ་

སོགས་པའི་རྩ་རྣམས་ཀྱང་སྟེ། འདི་དག་གི་རང་བཞིན་ཉིད་འཁོར་ལོ་བཞིར་གནས་པའི་མིང་ཅི་ཡིན་པ་རྣམས་དང་། གནས་ཀྱི་ཁྱད་པར་དང་། དངོས་པོའི་ཁྱད་པར་དང་། བྱ་བའི་ཁྱད་པར་གསུམ་ཡང་རྟོགས་པར་བྱ་བའི་ཕྱིར། གདམས་ངག་ལས་བརྗོད་པར་བྱ་སྟེ། མི་ཕྱེད་མ་

ནི་སྤྱི་བོར་གནས། །སོ་དང་སེན་མོ་འབབ་པར་འདོད། །ཕྲ་གཟུགས་མ་ནི་སྤྱི་གཙུག་གནས། །སྐྲ་དང་བ་སྤུ་འབབ་པར་འགྱུར། །རྣ་བ་གཡས་གནས་རྩེ་བ་མ། །པགས་པ་དྲི་མ་འབབ་པར་བརྗོད། །གཡོན་པ་མ་ནི་མགོ་རྒྱབ་ནས། །རྟག་ཏུ་ཤ་ནི་འབབ་པ་མོ། །རྣ་བ་གཡོན་གནས་

ཐུང་ངུ་མ། །ཆུ་རྒྱུས་དག་ནི་འབབ་པར་འགྱུར། །སྨིན་མའི་དབུས་གནས་རུས་སྦལ་སྐྱེས། །ངེས་པར་རུས་པ་འབབ་པར་བྱེད། །མིག་ཏུ་གནས་པ་བསྒོམ་པ་མོ། །རྟག་ཏུ་མཆིན་པ་འབབ་པར་འགྱུར། །དབང་མ་དཔུང་པའི་རྩ་བར་གནས། །སྙིང་ནི་འབབ་པར་བྱེད་པར་འདོད། །སྐྱོན་

མ་མཆན་ཁུང་གནས་གྱུར་པ། །རྩ་ནི་མིག་འབབ་པ་རུ་བྱེད། །འཇུག་མ་ནུ་མར་གནས་པ་ནི། །ངེས་པར་མཁྲིས་པ་འབབ་པ་ཡིན། །ལྟེ་བའི་ཕྱོགས་གནས་མ་མོ་ནི། །གློ་བ་འབབ་པ་དག་ཏུ་འགྱུར། །མཚན་མོ་སྣ་རྩའི་ཕྱོགས་གནས་པ། །རྒྱུ་མའི་ཕྲེང་བ་ངེས་པར་འབབ། །ཁ་ཡི་ཕྱོགས་

གནས་བསིལ་སྦྱིན་མ། །རྩིབ་ལོགས་ཆུ་རྒྱུས་འབབ་པ་མོ། །མགྲིན་པའི་ཕྱོགས་སུ་ཚ་བ་མོ། །ནང་གྲོལ་དག་ནི་འབབ་པར་བྱེད། །སྙིང་གར་གནས་པའི་གཞོལ་མ་ནི། །རྟག་ཏུ་བཤད་པ་འབབ་པར་བྱེད། །མདོམས་པར་གནས་པའི་རངས་མ་ནི། །མཚོག་མ་དག་ནི་འབབ་པར་འདོད། །ལྟག་

གནས་ཤིན་ཏུ་གཟུགས་ཅན་མ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གསང་བའི་ཕྱོགས་གནས་སྤྱི་མ་ནི། །ཐམས་ཅད་ཚེ་ན་རྣག་འབབ་པོ། །བརླ་ཡི་ཕྱོགས་ན་གནས་པའི་རྩ། །ཁྲག་འབབ་དེ་ནི་རྒྱུ་སྦྱིན་མ། །བྱིན་པར་གནས་པའི་སྦྱོར་བྲལ་མ། །རྡུལ་ནི་འབབ་པ་དག་ཏུ་འགྱུར། །སོར་

Vol. 3 · folio 75b

མོའི་ཕྱོགས་ནས་སྡུ་གུ་མ། །ཚིལ་འབབ་པ་ཡི་རང་བཞིན་འགྱུར། །གྲུབ་མ་རྐང་པའི་རྒྱབ་གནས་པ། །མཆི་མ་འབབ་པར་འགྱུར་བ་ཡིན། །འཚེད་མ་མཐེ་བོང་ཕྱོགས་གནས་པ། །ཐམས་ཅད་ཚེ་ན་མཆིལ་མ་འབབ། །པུས་མོའི་ཕྱོགས་ནས་ཡིད་བཟངས་མ། །བྱིས་པའི་སྣ་ཆུ་འབབ་པ་

མོ། །རྩ་ནི་ཉི་ཤུ་རྩ་བཞི་པོ། །འདི་རྣམས་གནས་སོགས་དབྱེ་བས་སོ། །འདོད་མ་དང་ནི་ཁྱིམ་མ་དང་། །གཏུམ་མོ་དང་ནི་བདུད་འདྲལ་མ། །སྙིང་གའི་ཆུ་སྐྱེས་གནས་པའི་ཚེ། །ལྔ་ནི་བདུད་རྩི་ལྔ་འབབ་པོ། །འདི་ནི་སཾ་པུ་ཊའི་རྒྱུད་ལས། དོན་བླངས་ཏེ་རྩའི་གནས་དང་བྱ་བ་བསྟན་

པའོ་ཞེས་པའོ། །རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཇི་ལྟ་བུ་ལགས་ཤེ་ན། གསུངས་པ། སྲིད་གསུམ་ཡོངས་གྱུར་ཐམས་ཅད་ནི། །གཟུང་དང་འཛིན་པ་སྤངས་པ་ཉིད། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་པ་གསུམ་གྱི་སྒྲས་སྐུ་དང་

གསུང་དང་ཐུགས་འདི་གསུམ་ཡིན་པའི་ཕྱིར་སྲིད་གསུམ་གཟུགས་དང་གཟུགས་མེད་པ་ལ་སོགས་པ་སྟེ། དེ་ཡོངས་སུ་གྱུར་པ་ནི་གང་ལ་འཛག་པ་མེད་པ་དེ་དེའི་བདག་ཉིད་ཀྱིས། །སྲིད་གསུམ་ཡོངས་གྱུར་སྲིད་པ་གསུམ་ཟག་པ་མེད་པའི་རང་བཞིན་ནོ། །ཐམས་ཅད་ཅེས་པ་མ་ལུས་པ་སྟེ། དེ་ཉིད་

ཀྱི་ཕྱིར་གཟུང་བ་དང་འཛིན་པ་སྤངས་པ་ཉིད། གཟུང་བ་ནི་འཛིན་པ་ལ་ལྟོས་ཤིང་འཛིན་པ་ཡང་གཟུང་བ་ལ་ལྟོས་པའི་ཕྱིར། གཟུང་བ་དང་འཛིན་པ་དག་ཉེ་བར་དམིགས་པ་མེད་པའོ། །དེ་དམིགས་པ་མེད་པའི་ཕྱིར་དེ་སྤངས་པའོ། །ཡང་ན་ཞེས་པ་ཉེ་བར་བསྡུ་བ་གསུངས་ཏེ། ཐབས་ནི་

ཐམས་ཅད་ཀྱིས་ཅེས་པ་ཐབས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་ཕྱག་དང་ཞལ་དང་ཁ་དོག་དང་དབྱིབས་ཀྱི་དངོས་པོའི་མཚན་ཉིད་ཀྱིས་ཏེ། དེ་ཉིད་བརྟགས་པ་རྩའི་ངོ་བོས་ཐ་སྙད་འདོགས་པའོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས་རྡོ་རྗེ་འཆང་གི་ངོ་བོས་དངོས་པོའི་མཚན་ཉིད་བརྟགས་ཤིང་

བཤིག་པ་གང་ཡིན་པ་དེ་དངོས་པོའི་མཚན་ཉིད་བརྟགས་པ་དེ་སྲིད་པ་གསུམ་ཡོངས་སུ་གྱུར་པ་ཉིད་ཀྱི་ཕྱིར་ཞེས་པ་འདི་ནི་ཟུང་དུ་འཇུག་པ་རྟོགས་པའི་རིམ་པ་ཉེ་བར་བསྟན་པའོ། །དེ་ཉིད་ཀྱི་ཕྱིར་སྡོམ་པའི་དབྱེ་བ་ཡང་བཤད་པར་བྱ་སྟེ། སྡོམ་པ་སྡུད་པ་དང་། དབྱེ་བ་སྤྲོ་བ་སྟེ་སྤྲོ་བ་དང་། སྡུད་

Vol. 3 · folio 76a

པ་དབྱེར་མེད་པ་མ་ནིང་དུ་གྱུར་པ་གང་ཡིན་པ་དེ་བཤད་པར་བྱ་རབ་ཏུ་བསྟན་པར་བྱའོ། །ཡང་ན་གང་། སཾ་ཡང་དག་པ་དང་། བ་ར་མཆོག་དང་། དབྱེ་བ་ཁྱད་པར་ཏེ་གོང་ནས་གོང་གི་ཁྱད་པར་བཤད་པར་བྱ་ཞེས་པའོ། །ཡང་ན་སཾ་བྲི་ཡ་ཏ་ཅེས་པ་སཾ་བ་ར་སྟེ།

ཀུན་རྫོབ་ཀྱི་བདེན་པའོ། །དེའི་དབྱེ་བ་ནི་རྣམ་པ་གཞན་ཏེ་མིང་དང་བྲལ་བ་ཉིད་བཤད་ཅིང་ཐ་སྙད་དུ་བྱ་ཞེས་པའོ། །དེ་ཉིད་གསུངས་པ། ཨཱ་ལི་ཀཱ་ལི་ཨཱ་ལི་ཞེས་པ་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་དང་། ཀཱ་ལི་ཞེས་པ་ཀ་ཡིག་ལ་སོགས་པ་གསལ་བྱེད་རྣམས་ཏེ། གཉིས་

ཀ་ཤེས་རབ་དང་ཐབས་སོ། །ཤེས་རབ་ཅེས་པ་བདག་མེད་མའི་དཀྱིལ་འཁོར་དང་། ཐབས་ཞེས་པ་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ནི། སྐུ་དང་གསུང་དང་ཐུགས་སོ། །སྤྲུལ་པས་སྐུ་དང་ལོངས་སྤྱོད་རྫོགས་པས་གསུང་དང་ཆོས་

ཀྱི་ཐུགས་ཏེ་རིམ་པ་མ་ཡིན་པས་རྟོགས་པར་བྱའོ། །ཨེ་ཝཾ་མ་ཡཱ་ནི། ཨེ་ཡིག་ལ་ནི་ལྷ་མོ་སྤྱན། །ཝཾ་ཡིག་མཱ་མ་ཀཱི་རུ་བརྗོད། །མ་ཡིག་ལྷ་མོ་གོས་དཀར་མོ། །ཡཱ་ཡིག་ལ་ནི་སྒྲོལ་མར་བརྗོད། །ས་ནི་སྤྱན་མར་བརྗོད་པ་ཉིད། །ཆུ་ཁམས་མཱ་མ་ཀཱི་རུ་འདོད། །མེ་ནི་ལྷ་མོ་གོས་

དཀར་མོ། །རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས། །ཞེས་པ་སྔགས་ཀྱི་ཚུལ་འདི་ལ། །ཨཱ་ལི་ཀཱ་ལི་གཉིས་རིམ་ལས། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །སྐུ་གསུམ་པོ་ཡི་ངོ་བོར་འགྱུར། །དེ་ཉིད་སྐུ་དང་གསུང་དང་ཐུགས། །འབྱུང་བ་བཞི་ལ་སོ་སོར་གནས། །དེ་ཉིད་

སྤྱན་མ་ལ་སོགས་ཏེ། །ལྷ་མོ་འཁོར་ལོའི་རིམ་པས་གནས། །འཁོར་ལོ་བཞི་རྣམས་ཉིད་དུ་འདོད། །དེ་ཉིད་གསུངས་པ། སྤྲུལ་པའི་འཁོར་ལོ་ལ་འདབ་མ་དྲུག་ཅུ་རྩ་བཞི་དང་། ཆོས་ཀྱི་འཁོར་ལོ་ལ་བརྒྱད་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་བཅུ་དྲུག་དང་། བདེ་བ་

ཆེན་པོའི་འཁོར་ལོ་ལ་སུམ་ཅུ་རྩ་གཉིས་སོ། །འཁོར་ལོའི་གྲངས་ཀྱི་རིམ་པས་རྣམ་པར་གཞག་པ་ཞེས་པ་སྤྲུལ་པའི་འཁོར་ལོ་ལ་འདབ་མ་དྲུག་ཅུ་རྩ་བཞི་ཞེས་པ་སྤྲུལ་པའི་སྣང་བའོ། །འཁོར་ལོ་ནི་སེམས་སོ། །འདབ་མ་ནི་ནཱ་དའོ། །དེར་སྐུ་གསུང་ཐུགས་ལ། བཞི་ནི་འབྱུང་བ་

Vol. 3 · folio 76b

ཆེན་པོ་བཞིའོ། །དྲུག་ཅུ་ཞེས་དང་དཀྱིལ་འཁོར་དྲུག་ཅུའི་རང་བཞིན་ནོ། །འདི་སཾ་ནི་ཟེ་འབྲུ་ལ་ཧཾ་དང་། འདབ་མ་བཞི་ལ་ཡ་ར་ལ་ཝ་དང་། ཀ་ལ་སོགས་པ་རྣམས་རིམ་པ་དང་། རིམ་པ་མ་ཡིན་པས་ལྔ་བཅུ་དང་། ས་ྉྤ་ཥ་ཤ་ྈྐ་ྈྐ་ཤ་ཥ་ྉྤ་ས་རིམ་པ་དང་། རིམ་པ་མ་ཡིན་པ་དང་། ལྷན་

ཅིག་དྲུག་ཅུ་རྩ་བཞིར་རྣམ་པར་གཞག་གོ། །ཡང་ན་གང་། གཞན་བརྒྱད་ཀྱིས་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་དང་། ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་རྣམས་དང་། ཅུང་ཟད་གསལ་བ་ཌ་ཌྷ་ད་དྷ་ཡ་རྣམས་སོ། །ཆོས་

ཀྱི་འཁོར་ལོ་ལ་བརྒྱད་ཅེས་པ་དཀྱིལ་འཁོར་དྲུག་ཅུ་རྩ་བཞི་རྣམས་བརྒྱད་བརྒྱད་ཀྱིས་བསྡུས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་བཅུ་དྲུག་ཅེས་པ་དེ་ནི་དཀྱིལ་འཁོར་བརྒྱད་ཉིས་འགྱུར་གྱིས་སོ། །བདེ་བ་ཆེན་པོའི་འཁོར་ལོ་ལ་སུམ་ཅུ་རྩ་གཉིས་ཞེས་པ་དེ་ནི་བཅུ་དྲུག་ཉིས་འགྱུར་

གྱིས་ཞེས་པ་སྟེ། སྐུ་བཞིའི་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། རང་བཞིན་མེད་པའི་སྐུའོ་ཞེས་སྐུ་བཞིར་གསུངས་སོ། །སྐད་ཅིག་མ་བཞི་ནི་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའོ་ཞེས་པ། འཁྱུད་

དང་ཙུམྤ་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །འཁྱུད་པ་ལ་སོགས་དགའ་བའོ། །དགའ་བ་དང་མཆོག་ཏུ་དགའ་བའི་ངོ་བོ། །བདག་གིས་བདེ་བ་ཟོས་པ་ཡིས། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །ཅེས་པ་གང་ཡིན་པ་འདིས་ནི་

ཁྱད་པར་གྱི་དགའ་བའི་དོན་ཏེ། བདེ་བ་དང་ཆགས་པ་མཚན་ཉིད་གཅིག་པའོ། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །འདོད་ཆགས་མེད་ཅིང་ཆགས་བྲལ་མེད། །དབུ་མ་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་

ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཅེས་པའི་དོན་ཇི་སྲིད་པར་བཤད་དོ། །སྐད་ཅིག་མ་བཞི་པོ་འདི་ཡང་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་རིམ་པས་སྦྱར་བར་བྱའོ་ཞེས་པ་རྣམ་པར་གཞག་པའོ། །འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་།

Vol. 3 · folio 77a

འགོག་པ་དང་། ལམ་མོ་ཞེས་པ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བ་སྟེ། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཡོངས་སུ་ཤེས་པ་ལས་བདེ་བ་ལ་སོགས་པའི་ཀུན་འབྱུང་

སྤོང་ཞིང་དེ་ལས་འགོག་པ་སྟེ། རྣམ་པར་རྟོག་པ་རྣམ་པ་བཅུའི་རྣམ་པར་གཡེང་བ་དང་བྲལ་བར་འགྱུར་རོ། །དེའི་ཕྱིར་ལམ་བསྒོམ་མོ་ཞེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་འདྲིས་པ་དང་བསྐྱེད་པ་སྟེ། དེ་ཁོ་ན་ལྟར་འཁོར་ལོ་བཞི་ལ་སྦྱར་བར་བྱའོ། །དེ་ཁོ་ན་བཞི་

ནི་བདག་གི་དེ་ཁོ་ན་དང་། སྔགས་ཀྱི་དེ་ཁོ་ན་དང་། ལྷའི་དེ་ཁོ་ན་དང་ཡེ་ཤེས་ཀྱི་དེ་ཁོ་ནའོ་ཞེས་པ་དེ་ལྟར་རིམ་པ་བཞིན་སྦྱར་བར་བྱའོ། །དགའ་བ་བཞི་ནི་དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་པ་ཡང་དགའ་བའི་བདེ་བ་

ཅུང་ཟད་དེ། མཆོག་ཏུ་དགའ་བ་དེ་བས་ལྷག །ཁྱད་པར་དགའ་བས་ཆགས་བྲལ་འགྱུར། །ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད། །ཅེས་བཤད་དོ། །སྡེ་པ་བཞི་ནི། གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། ཀུན་གྱིས་བཀུར་བ་དང་། དགེ་འདུན་ཕལ་ཆེན་

པའོ་ཞེས་པ། གང་ཕྱིར་སྤྲུལ་པ་གནས་བརྟན་ནོ། །སྤྲུལ་པའི་འཁོར་ལོར་གནས་བརྟན་པ། །ཆོས་ནི་སྨྲ་བ་ཡང་དག་བྱུང་། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་ལོར། །གང་ཕྱིར་མགྲིན་པར་ཀུན་རིག་བྱེད། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཏེ། །གང་ཕྱིར་བདེ་ཆེན་མགོར་གནས་

ཏེ། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །ཞེས་བཤད་དོ། །འདི་དག་ཐམས་ཅད་ནི་ཟླ་བ་དང་ཉི་མ། ཟླ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་དང་། ཉི་མ་ཞེས་པ་སི་ཧཱ་སྟེ་འདི་གཉིས་ཁོ་ན་ཨཱ་ལི་དང་ཀཱ་ལི་ནི་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་དང་། ཀ་ཡིག་ལ་སོགས་པ་

གསལ་བྱེད་རྣམས་སོ། །འཕོ་བ་བཅུ་དྲུག་ཅེས་པ་ཉིན་མཚན་གྱིས་ཐུན་བརྒྱད་དེ། ཐུན་ཕྱེད་ཕྱེད་རྒྱུ་བའི་ཕྱིར་རོ། །དབྱུ་གུ་དྲུག་ཅུ་རྩ་བཞི་ཞེས་པ་འཕོ་བ་བཅུ་དྲུག་གི་རེ་རེ་ལ་སྐད་ཅིག་བཞི་བཞིར་ཕྱེ་བས་ཤེས་པར་བྱའོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་ཞེས་པ་འཕོ་བ་བཅུ་དྲུག་ལ་

Vol. 3 · folio 77b

ཐབས་ཤེས་རབ་ཀྱི་དབྱེ་བས་དབྱུ་གུ་གཉིས་གཉིས་སུ་ཕྱེ་བ་ལས་རྟོགས་པར་བྱའོ། །ཐུན་བཞི་ཞེས་པ་ཉིན་མོ་དང་མཚན་མོ་ལ་ཡང་བཞིར་འགྱུར་ཏེ་དེ་ནི་ཐུན་བརྒྱད་རྣམས་སོ། །རྣལ་འབྱོར་མ་རེ་རེ་བརྒྱད་བརྒྱད་དུ་ཕྱེ་བས་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པ་ཐམས་ཅད་ཀྱི་ཡིན་

པའི་ཕྱིར། དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཡང་ཐུན་བཞི་ཞེས་པ་སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པ་འཕོ་བ་བཅུ་དྲུག་གི་སྐད་ཅིག་རེ་རེ་ལ་ནང་དུ་ཐིམ་པའི་ཕྱིར་དགའ་བ་ལ་སོགས་པ་སྐད་ཅིག་བཞིས་ཐུན་བཞི་རྣམས་ཏེ། ཐམས་ཅད་ཀྱི་བདག་ཉིད་ཕུལ་དུ་བྱུང་བས་

ཐམས་ཅད་སྡུད་པའི་ཕྱིར་སྡུད་པ་ཞེས་པའོ། །འདིས་ནི་ཨཱ་ལི་ཀཱ་ལི་ཞེས་པ་ལ་སོགས་པ་ཐུན་བཞི་ཞེས་པའི་བར་གྱིས་སྔགས་ཀྱི་ཚུལ་མཐའ་དག་གིས་ཡེ་ཤེས་ཀྱེའི་རྡོ་རྗེར་གསུངས་པ་བཤད་དོ། །དེ་ལྟར་ན་ཨཱ་ལི་ཀཱ་ལི་དག་གིས་འཕོ་བ་བཅུ་དྲུག་ཞེས་པ་སྟེ། ཨ་ཨི་ཨུ་ཀ་ཙ་ཊ་ཏ་པ་ཡ་

ར་ལ་ཝ་ཤ་ཥ་ས་གཞོམ་དུ་མེད་པས་ཧ་ཡིག་གོ། །དེ་ལྟར་བཅུ་དྲུག་རྣམ་པར་གཞག་པ་ནི་འཕོ་བ་ཞེས་པའོ། །དེ་ཉིད་དབྱུ་གུ་དྲུག་ཅུ་རྩ་བཞི་སྟེ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ། ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་དང་། ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྣམས་དང་། ཅུང་ཟད་གསལ་བ་

ཌ་ཌྷ་ད་ངྷ་ཡ་ལ། དེ་ལྟར་དྲུག་ཅུ་རྩ་བཞིའོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་ཞེས་པ་དབྱངས་བཅུ་དྲུག་ཉིས་འགྱུར་གྱིས་ཀ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་ལྔ་དང་། ཡ་ར་ལ་ཝ་དང་ཤ་ཥ་ས་རྣམས་གཞོམ་དུ་མེད་པ་ལ་འཕོ་བའོ་ཞེས་པ་གཉིས་ཀའི་དབྱེ་བས་སོ། །ཐུན་བཞི་ཞེས་པ་ཉིན་མོ་དང་མཚན་

མོས་བརྒྱད་དེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་རྣམས་སོ། །བཞི་ཞེས་པ་ཐམས་ཅད་ཡ་ར་ལ་ཝ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཨེ་ཝཾ་གྱི་ཡི་གེས་རྒྱས་བཏབ་པ་ཐམས་ཅད་ནི་འབྱུང་བ་བཞིའི་བདག་ཉིད་ཅན་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་སྟེ། བཞི་ཞེས་པ་དགའ་བ་ལ་སོགས་པ་

ལྷན་ཅིག་སྐྱེས་པའི་བར་ཞེས་པའི་དོན་ཏོ། །ད་ནི། ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཐམས་ཅད་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་གསུངས་པའི་ཡེ་ཤེས་ཆེན་པོ་དེ་ཉིད་ཇི་ལྟར་ཉེ་བར་དམིགས་པར་འགྱུར་ཞེ་ན།

Vol. 3 · folio 78a

གསུངས་པ། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེག་སྟེ། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །ཅེས་པ་གཏུམ་མོ་འབར་བས་ཞེས་པ་ཡེ་ཤེས་ཀྱི་མེ་བསྲུབ་པ་དང་སྲུབ་པའི་སྦྱོར་བས་འབར་ཞིང་

གསལ་བར་གྱུར་པའོ། །གང་དུ་ཞེ་ན། །ལྟེ་བ་སྤྲུལ་པའི་འཁོར་ལོར་རོ། །ཅི་བྱེད་ཅེ་ན་བསྲེག་གོ། །གང་ཞེ་ན་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སྟེ། ཆོས་ཀྱི་འཁོར་ལོར་སོན་པ་རྣམས་ལ་ཡུལ་རྣམས་ལྡོག་པར་བྱེད་དོ། །སྤྱན་ལ་སོགས་པ་ཡང་བསྲེག་སྟེ་སྤྱན་ལ་སོགས་པའི་

སྒྲས་གཟུགས་ལ་སོགས་པའི་ཡུལ་གཟུང་བྱར་མངོན་པར་འདོད་པ་སྟེ། དེ་རྣམས་ལ་ཡང་དབང་པོ་རྣམས་ལྡོག་པར་བྱེད་དོ། །བསྲེག་ན་དབང་པོ་དང་ཡུལ་དག་གི་ཡུལ་ལ་དབང་པོ་ལྡོག་པ་དང་། ཡུལ་དང་དབང་པོ་དག་གི་དབང་པོ་ལ་ཡུལ་ལྡོག་པ་ན་ཧཾ་ཡིག་འཛག་སྟེ་ཞུ་བ་ཐོབ་པར་འགྱུར་རོ། །

དེ་ཡང་ཇི་ལྟ་བུའི་ངོ་བོ་ཞེ་ན། གསུངས་པ། རི་བོང་ཅན་ཟླ་བ་བྱང་ཆུབ་ཀྱི་སེམས་བདག་མེད་མ་དང་དབྱེ་བ་མེད་པའི་རྡོ་རྗེ་འཆང་མངོན་པར་གསལ་བ་སྐྱེ་བར་འགྱུར་རོ་ཞེས་པ་སྒྲའི་དོན་ཏོ། །ཡང་ན། ཙཎྜ་ལཱིའི་སྒྲས་ཙཎྜ་ནི་ཉི་མ་དང་ཤེས་རབ་བོ། །ཨཱ་ལི་ཞེས་པ་ཟླ་བ་དང་ཐབས་སོ། །ཨ་ཡིག་དང་

ཧཾ་ཡིག་གཉིས་སོ་སོར་བསྡུས་པའི་རིམ་པ་དང་རིམ་པ་མ་ཡིན་པ་བདག་ཉིད་ཀྱི་སྐུ་ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ཕན་ཚུན་དབྱེར་མེད་པ་སྔགས་དང་ལྷའི་སྐུ་རང་བཞིན་ཙཎྜ་ལཱིའོ། །དེ་འབར་བ་ནི་ཆ་དང་བྲལ་བ་ཉིད་ཀྱིས་འོད་གསལ་བར་གྱུར་པའོ། །གང་དུ་ཞེ་ན། ལྟེ་བ་སྤྲུལ་

པའི་འཁོར་ལོར་སྔར་གསུངས་པའི་འདབ་མ་དྲུག་ཅུ་རྩ་བཞིའི་རང་བཞིན་ནཱ་ད་དྲུག་ཅུ་རྩ་བཞིའི་གོང་བུར་གྱུར་པ་ཞུ་བའི་རྣམ་པ། ཨྃ་ཧཾ་ཧཾ་ཨཾ་གྱི་སྐུ་ཞུ་བའི་རྣམ་པ་ཟླ་བ་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་ན། དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་ཀ་སྡེ་ལ་སོགས་པ་སྡེ་པ་ལྔ་རྣམས་སོ། །སྤྱན་

ལ་སོགས་པ་རྣམས་ཡང་བསྲེག་ཅིང་ཡ་ར་ལ་ཝ་རྣམས་ལ་སོགས་པར་མང་པོའི་ཚིག་གིས་ཀྱང་སྐུ་གསུམ་གྱི་ངོ་བོ་ཤ་ཥ་ས་རྣམས་སོ། །ཨཾ་ཞེས་པ་ཨ་ཡིག་ལ་སོགས་ཨཾ་ཡིག་གི་མཐར་ཐུག་པས། མཁའ་འགྲོ་མ་བཅོ་ལྔའི་ངོ་བོ་ནཱ་ད་བཅོ་ལྔས་བསྡུས་པ་དབྱངས་བཅོ་ལྔ་རྣམས་དང་

Vol. 3 · folio 78b

དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས་ཌ་ཌྷ་ད་དྷ་ཡ་ལ། གསལ་བྱེད་དྲུག་གི་རང་བཞིན་ཅན། །བྱང་ཆུབ་ཀྱི་སེམས་ཀྱི་ཡི་གེ་དྲུག་རྣམས་ཏེ་ནཱ་ད་གཉིས་ཀའི་གོང་བུར་གྱུར་པ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ཀྱི་ནཱ་ད་རྣམས་དང་ྉྤ་ྈྐ་ྈྐ་ྉྤའི་གོང་བུ་ནཱ་

ད་གཉིས་བསྡུས་པ་ཀྵ་ཡིག་དང་ཧ་ཡིག་དང་ཨ་ཡིག་ཡོངས་སུ་གྱུར་པ་གང་ཡིན་པ་དེ་དེ་ལ་བསྲེགས་ན་སྟེ། ཤིང་དང་བྲལ་བའི་མེའི་རང་བཞིན་དུ་གྱུར་པ་ནི་རི་བོང་ཅན་ཧཾ་འཛག་ཅེས་པ་བྱང་ཆུབ་ཀྱི་སེམས་ཟླ་བ་སྡུད་པའི་བདག་ཉིད་ཅན་སྐྱེ་བར་འགྱུར་ཏེ། འཛག་ཅེས་པ་ཆོས་ཀྱི་ཕུང་པོ་སྟོང་

ཕྲག་བརྒྱད་ཅུ་རྩ་བཞིའི་བདག་ཉིད་ཀྱི་ལུས་དང་མཚན་མ་ཐམས་ཅད་ཡང་དག་པར་རྟོགས་པར་འགྱུར་རོ་ཞེས་པ་རིམ་པ་འདི་ནི་མཚོན་པར་དཀའ་བ་བླ་མ་དམ་པས་ཉེ་བར་བསྟན་པ་མཆོག་ལས་ཤེས་པར་འགྱུར་རོ། །ཉེ་བར་བསྟན་པའི་ཁྱད་པར་དང་བཅས་པ་མྱ་ངན་ལས་འདས་པའི་རིམ་པ་སྒྲ་

མ་ཡིན་པ་སྟེ། ཆ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་པའོ། །ཡང་ན་གང་། ལྟེ་བར་གཏུམ་མོ་འབར་བ་ཞེས་པ་ཙཎྜ་དེ་ཉིད་ཀཱ་ལིའི་ངོ་བོ་ནཱ་དའི་ཕྲེང་བ་ཅུང་ཟད་གསལ་བའི་ཌ་ཌྷ་ད་དྷ་ཡ་ལ་དང་ལྷན་ཅིག ནཱ་ད་བཞི་བཅུ་རྣམས་སོ། །ཨཱ་ལི་ཞེས་པ་ཨ་ཡིག་ལ་སོགས་པ་དབྱངས་བཅུ་དྲུག་རྣམས་སོ། །

འདི་གཉིས་དབྱངས་གསལ་བྱེད་དང་། གསལ་བྱེད་དབྱངས་ཀྱི་བདག་ཉིད་ཅན་ཉིད་ཀྱིས་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་རྣམ་པར་དག་པ་དང་། དཔེ་བྱད་བརྒྱད་ཅུའི་རང་བཞིན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་

ཆུབ་པའི་སྐུ་རྣམ་པར་དག་པའོ། །དེ་ལྟར་དབྱངས་དང་གསལ་བྱེད་དག་གིས་ནཱ་ད་བཅུ་གཉིས་ལྷག་པའི་བརྒྱ་རྣམས། བླ་མ་བརྒྱུད་པའི་རིམ་པས་ཉེ་བར་འདུག་སྟེ་སྤྲུལ་པའི་འཁོར་ལོར་ཟླ་བ་དང་ཉི་མའི་དབུས་སུ་ཕྲེང་བའི་རིམ་པས་རྣམ་པར་བཀོད་པ་ནས་ཁ་སྦྱོར་གྱི་དབུས་སུ་གཉིས་ཀའི་བུ་གས་

རྣམ་པར་ཤེས་པ་ལྷག་པར་གནས་པ་ལས། ལས་ཀྱི་རླུང་གིས་བསྐུལ་ཏེ། གཏུམ་མོ་འབར་བར་འགྱུར་རོ། །འབར་བ་ཆོས་ཀྱི་འཁོར་ལོར་སོང་བས་དེ་བཞིན་གཤེགས་པ་ལྔ་རྣམས་བསྲེག་ཅིང་རང་བཞིན་མེད་པར་བྱེད་དོ། །བྱས་ནས་ཀྱང་ལོངས་སྤྱོད་རྫོགས་པའི་འཁོར་ལོར་སོང་བས་

Vol. 3 · folio 79a

ཡུལ་དྲུག་ཟོས་པས་སྤྱན་མ་ལ་སོགས་པ་རྣམས་བསྲེག་གོ། །དེ་ནས་བདེ་བ་ཆེན་པའི་འཁོར་ལོར་སོང་བས་ཧཾ་བསྲེག་གོ། །བསྲེགས་ནས་རང་བཞིན་མེད་པར་བྱས་ན་རི་བོང་ཅན་འཛག་གོ་ཞེས་པ་རྣལ་འབྱོར་གྱི་རིམ་པ་འདིས་གཏུམ་མོའི་རྣལ་འབྱོར་ཞེས་བརྗོད་དོ། །ཡང་

ན་གཏུམ་མོ་བདག་མེད་མའོ། །འབར་བ་ནི་འོད་གསལ་བར་གྱུར་པའོ། །གང་དུ་ཞེ་ན། ལྟེ་བར་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་འབར་བ་ན་དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་དབང་པོ་དྲུག་གི་ངོ་བོ་རྣམས་སོ། །སྤྱན་ལ་སོགས་པ་ཡང་བསྲེག་སྟེ། ཡུལ་དྲུག་གི་ངོ་བོ་རྣམས་སོ། །ཨཾ་

བསྲེགས་ན་དྲུག་པ་རྡོ་རྗེ་འཆང་བསྐྱོད་པས་དབང་པོ་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་རྣལ་འབྱོར་མ་བཅོ་ལྔ་བསྡུས་པ་རྣམས་ལ་ཧཾ་གི་ངོ་བོ་རྡོ་རྗེ་འཆང་དེ་ཡང་འཛག་སྟེ་རང་བཞིན་མེད་པར་འགྱུར་རོ། །རི་བོང་ཅན་བྱང་ཆུབ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་སྤྲོ་བ་དང་

བསྡུ་བ་ཐམས་ཅད་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་འབྱུང་བར་འགྱུར་རོ། །འདིར་ཡང་ཇི་ལྟར་ཡེ་ཤེས་སྐྱེ་བར་འགྱུར་བ་དེ་ལྟར་བླ་མའི་གདམས་ངག་གི་རིམ་པས་ཤེས་པར་བྱ་སྟེ། མདོར་བསྡུས་པ་ཙམ་ཉེ་བར་བསྟན་ཏོ་ཞེས་པའོ། །རྡོ་རྗེའི་རིགས་ཀྱི་ལེའུ་སྟེ་དང་པོའོ། །རྡོ་རྗེ་ནི་མི་ཕྱེད་

པའོ། །རིགས་ནི་སྣ་ཚོགས་པའི་གཟུགས་སོ། །གཉིས་ཀ་གོས་དང་མཚུངས་པ་ནི་ཕཊ་སྟེ་ཕན་ཚུན་གཞུང་གི་ཚོགས་འདི་ཕན་ཚུན་བཀབ་པའི་ཕྱིར་རོ། །དེ་ལེན་པ་དང་འཛིན་པ་དང་རྟོགས་པར་བྱེད་པའི་ཕྱིར་ལེའུའོ། །དེ་ཡང་དང་པོ་ནི་གཉིས་སུ་མེད་པའོ། །དེ་རྫོགས་པ་ནི་

རྣམ་པ་གཉིས་མ་ཡིན་པར་མཉམ་པས་ཐོབ་སྟེ་ཁྱབ་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་དང་པོའོ།། །།དེ་ནི་སྐུ་རྡོ་རྗེ། རྡོ་རྗེ་གསུམ་དབྱེ་བ་མེད་པ་ཉེ་བར་བསྟན་ནས། གསུང་རྡོ་རྗེ་ཡང་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དུ་མངོན་པར་

གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། སྔགས་ཀྱི་ལེའུ་བཤད་པར་བྱའོ་ཞེས་པ་སྔགས་ཀྱི་སྒྲས་གསུང་རྡོ་རྗེའོ། །དེའི་དོན་ནི་འདི་ཡིན་ཏེ། ཡིད་ནི་སྐྱོབ་པར་གྱུར་པའི་ཕྱིར། །སྔགས་ཞེས་མངོན་པར་བརྗོད་པ་ཡིན། །ཞེས་པ་ཡིད་ནི་སེམས་སོ། །དེ་སྐྱོབ་པ་ནི་

Vol. 3 · folio 79b

སྐྱོང་བར་བྱེད་པ་སྟེ་སེམས་ཀྱི་རྡོ་རྗེ་ནཱ་དས་འཁྱུད་པའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འདོད་ཆགས་ཆེན་པོའི་རྗེས་ཆགས་ལས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཅེས་པ་གཡུང་མོའི་སྒྲས་རླུང་བརྗོད་དོ། དེ་ཡང་ནཱ་ད་ཉིད་དོ། །ནཱ་ད་དེ་ཡིས་ཀྱང་ལུས་

མཐའ་དག་ཁྱབ་པ་ཉིད་ཀྱི་ཕྱིར་སྔགས་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ནའི་དོན་སྐུལ་བར་བྱེད་པའི་སྒྲ་ནི་སྔགས་ཏེ། །དེ་ཡང་སྒྲིབ་ཅིང་སྦེད་པ་ནི་ཕཊའོ། །དེ་ལེན་ཅིང་འཛིན་པར་བྱེད་པའི་ཕྱིར་སྔགས་ཀྱི་ལེའུའོ། །དེ་བཤད་པར་བྱའོ་ཞེས་

པ་མངོན་པར་བརྗོད་པའི་ཆོས་ཀྱི་ཕྱིར་སྒྲ་ཡིན་ཞིང་། སྒྲ་ཉིད་ཀྱིས་རབ་ཏུ་བསྟན་པར་བྱ་སྟེ། སྒྲ་ནི་སྒྲ་ཡིས་སོ་སོར་རྟོགས་པས་ནང་གི་བདག་ཉིད་དུ་གྱུར་པའི་སྒྲའོ་ཞེས་པ་རྡོ་རྗེ་འཆང་ཉིད་ཆ་དང་བྲལ་བ་ནཱ་དའི་བདག་ཉིད་ཅན་ཞེས་རབ་ཏུ་བསྟན་ཏོ། །དེ་ལ་སྔགས་པས་བགེགས་

ཐམས་ཅད་བསྐྲད་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མངོན་དུ་བྱའོ་ཞེས་པའོ། །དང་པོ་ཁོ་ནར་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་གསུངས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུ་ཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་འབྱུང་པོ་ཐམས་ཅད་པའི་གཏོར་མའི་

སྔགས་སོ། །འབྱུང་པོ་ནི་སྲོག་དང་ལྡན་པའོ། །ཐམས་ཅད་ཅེས་པ་ལྷག་མ་མ་ལུས་པ་སྟེ། ལྷ་ལ་སོགས་པ་འགྲོ་བ་དྲུག་དུ་གཏོགས་པའོ། །དེ་རྣམས་ཀྱི་གཏོར་མ་ནི་མཆོད་པས་ཚིམ་པར་བྱེད་པའོ། །སྔགས་ཞེས་པ་ནི་དེའི་དོན་དུ་སྟེ་ཨ་ཡིག་གོ། །ཇི་ལྟ་བུ་ཞེ་ན། །ཆོས་ཐམས་ཅད་

ཀྱི་སྒོ་སྟེ། དང་པོའི་རྒྱུའོ། །ཨོཾ་ཞེས་པ་ཁས་ལེན་པའོ། །ཇི་ལྟར་ཞེ་ན། གསུངས་པ། གདོད་མ་ནས་མ་སྐྱེས་པའི་ཕྱིར་ཏེ་ཆོས་རྣམས་ཀྱི་རང་བཞིན་མ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །ཆོས་དེ་རྣམས་ཀྱང་རྡོ་རྗེ་གསུམ་གྱི་ངོ་བོ་སྟེ། ཨོཾ་ཨཱཿཧཱུྃ་གི་ངོ་བོ་ཉིད་ལས་སོ། །ཕཊ་སྭཱ་ཧཱ་ཞེས་པ་ཤེས་

རབ་དང་ཐབས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་ཕཊ་ཤེས་རབ་དང་སྭཱ་ཧཱ་ཐབས་སོ། །འདི་ནི་ཆོས་ཐམས་ཅད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་ངོ་བོ་ཉིད་དོ་ཞེས་བསྟན་ཏོ། །ཡང་ན་ཨོཾ་ཞེས་པ་ཀུན་རྫོབ་ཀྱི་བདེན་པའོ། །ཨ་ཡིག་ཅེས་པ་དོན་དམ་པའི་བདེན་པའོ། །གཉིས་ཀ་ཆོས་ཐམས་ཅད་ཀྱི་སྒོ་སྟེ་གང་གི་

Vol. 3 · folio 80a

ཕྱིར་དང་པོ་ནས་སྐྱེ་བ་མེད་པའི་ཕྱིར་ཏེ། དང་པོ་ནི་ཐོག་མ་ཡིན་ལ་ཨོཾ་ཡིག་གི་ངོ་བོ་ཀུན་རྫོབ་ཀྱི་བདེན་པའོ། །དང་པོ་ནས་མ་སྐྱེས་པའི་ཕྱིར་དོན་དམ་པའི་བདེན་པའི་རང་བཞིན་ཉིད་ལས་སོ། །དེ་ལ་གཉི་ཀ་དབྱེ་བ་མེད་པ་ཡང་མེད་དེ་བརྟགས་པའོ། །དེའི་ཕྱིར་ཨོཾ་ཨཱཿཧཱུྃ་

ཕཊ་གསུམ་ཡང་ཐ་དད་མེད་དེ་དབྱེར་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་སྭཱ་རྡོ་རྗེ་གསུམ་གཅིག་པའི་སྐུ་སེམས་ཙམ་མོ་དེ་ཡང་ཧཱ་ཞེས་པ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའོ། །འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ་ཞེས་པ་སེམས་ཅན་གྱི་ཁམས་མ་ལུས་པ་ཚིམ་

པར་བྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྡོ་རྗེའི་མཆོད་པའི་བདག་ཉིད་དེ་ཁོ་ནའི་དོན་སྐུལ་བར་བྱེད་པའི་བརྡའོ། །ཡང་ན་ཀཱ་རཿབྱེད་པ་དང་བྱ་བ་སྟེ། དེ་ལྟ་བུའི་བྱེད་པ་ནི་ཨ་ཀཱ་རཿའོ། །གང་ཞེ་ན་ཆོས་ཐམས་ཅད་དོ། །གང་གི་ཕྱིར་ཞེ་ན། དང་པོ་ནས་མ་སྐྱེས་པའི་ཕྱིར་རོ། །དེའི་

ཕྱིར་སྒོ་སྟེ་ཨོཾ་ཡིག་རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཡང་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཕཊ་ཤེས་རབ་བོ། །སྭཱ་ཧཱ་ཐབས་སོ། །འདི་གཉིས་ཀ་དབྱེ་བ་མེད་པ་ཨོཾ་ཡིག་གིས་རྡོ་རྗེ་གསུམ་དང་། དེ་བཞིན་དུ་ཨཱཿཡིག་གིས་དང་ཧཱུྃ་ཡིག་གིས་ཀྱང་སྟེ། དེ་ཁོ་ན་གསུམ་གྱི་བདག་ཉིད་ལས།

གསུམ་ནི་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་དུ་གྲུབ་བོ། །ད་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བདག་ཉིད་ཀྱི་སྔགས་བཤད་ནས་སྤྲོ་བའི་ངོ་བོ་གསུངས་པ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ། དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནོ། །བྷྲཱུཾ་རྣམ་པར་སྣང་མཛད་དོ། །ཨྃ་རིན་ཆེན་འབྱུང་

ལྡན་ནོ། །ཛྲཱྀཾ་འོད་དཔག་མེད་དོ། །ཁཾ་དོན་ཡོད་གྲུབ་པའོ། །ཧཱུྃ་མི་བསྐྱོད་པའོ། །འདི་གཉིས་ནི་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་འབྲས་བུའི་རྡོ་རྗེ་འཛིན་པ་ཀྱེའི་རྡོ་རྗེར་བརྗོད་པ་ཕྱག་བཅུ་དྲུག་པ་སྟེ། ཐ་དད་མེད་པའི་ཕྱིར་རོ། །དེའི་སྔགས་བརྗོད་པར་བྱ་སྟེ། །ཨོཾ་དེ་ཝ་པི་ཙུ་

བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའོ། །ཨོཾ་ཞེས་པ་སྐུ་རྡོ་རྗེ་སྟེ་དེ་ཡང་ལྷར་གྱུར་པ་སྤྲོ་བའི་ཚུལ་གྱིས་གནས་པའི་ཕྱིར་དེ་ཝའོ། །དེ་ཡང་པི་ཙུ་ནི་ཕྲ་མོ་སྟེ་བསྡུ་བའི་ངོ་བོའོ། །སྤྲོ་བ་དང་བསྡུ་བ་དབྱེར་མེད་པས་བཛྲའོ། །དེ་ཡང་ཧཱུྃ་ཡིག་གསུམ་གྱི་བདག་ཉིད་ཅན་ཏེ་ཧཱུཾ་ཡིག་རེ་རེ་ནི་རྡོ་རྗེ་

Vol. 3 · folio 80b

གསུམ་ཉིད་དང་ཕཊ་སྭཱ་ཧཱ་ཞེས་པའི་སྒྲ་ཡང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ལས་ཀྱེའི་རྡོ་རྗེ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ཉིད་ཀྱི་ཕྱིར་ཀྱེའི་རྡོ་རྗེའི་སྙིང་པོའི་ཞེས་པའི་དོན་ནི། ཀྱེའི་རྡོ་རྗེར་མངོན་པར་བརྗོད་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཉིད་ཀྱི་

ཕྱིར་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་མེད་པའི་ཕྱིར། འདི་ཡང་ཨཱ་ལི་ཀཱ་ལིའི་བདག་ཉིད་ཀྱི་ཕྱིར། སྔགས་ཀྱི་ཚིག་ཐམས་ཅད་ཀྱི་དང་པོར་ཨོཾ་ཡིག་དང་། མཐར་སྭཱ་ཧཱ་དང་། ཧཱུྃ་དང་ཕཊ་ཡིག་ནི་ནང་དུ་གཞུག་གོ་ཞེས་པ། ཐམས་ཅད་ནི་སྒྲ་སྟེ་ཧཱུྃ་ཕཊ་ཡི་གེ་ནི་ནང་དུ་སྔགས་ཀྱི་ཚིག་གོ་

ཞེས་པའོ། །ཡང་ན་སྔགས་ཀྱི་ཚིག་ཐམས་ཅད་ཅེས་པ་མ་ལུས་པའི་སྒྲ་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་ཕྱིར་རྡོ་རྗེ་འཆང་གིའོ། །དེ་ཉིད་ཀྱི་ཕྱིར་དང་པོར་ཨོཾ་ཡིག་དང་མཐར་སྭཱ་ཧཱ་སྟེ། ཨོཾ་ཡིག་རྡོ་རྗེ་གསུམ་དབྱེ་བ་མེད་པའོ། །དེ་ཉིད་དང་པོ་ནི་དེའི་ངོ་བོ་ཉིད་ལས་སོ། །མཐར་སྭཱ་ཧཱ་

ཨཱཿསྭཱ་སྐུ་གསུམ་མོ། །ཧཱ་ཤེས་རབ་དང་ཐབས་སོ། །འདི་དག་མཐར་གྱུར་པའི་ཕྱིར་མཐར་སྭཱ་ཧཱའོ། །དེ་ཡང་ཨཱཿཞེས་པ་གཉིས་སུ་མེད་པའི་ཧེ་རུ་ཀའོ། །དེ་ཉིད་ཀྱི་ཕྱིར། ཧཱུྃ་ཕཊ་ཡིག་ནི་ནང་དུ་གཞུག །ཅེས་པ། ཧཱུྃ་རྡོ་རྗེ་འཆང་དང་། ཕཊ་བདག་མེད་མ་སྟེ། དེ་དག་གི་བྱེད་པས་

སྤེལ་ཞིང་ནང་དུ་གཞུག་པའོ། །དེ་ཉིད་ཀྱི་ཕྱིར། འགྱུར་མེད་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་ཡི་གེ་འདོད་མ་ཡིན། །ཞེས་བཤད་དོ། །དེ་ཉིད་ཀྱི་ཕྱིར་སྒྲ་རྣམས་ཨཱ་ལི་ཀཱ་ལིའི་ངོ་བོ་ཉིད་ཀྱིས་རྡོ་རྗེ་འཆང་དང་དབྱེ་བ་མེད་པའི་ཕྱིར། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ་གྲོང་ཁྱེར་དཀྲུགས་པའི་སྔགས་

སོ། །ཞེས་པ་གྲོང་ཁྱེར་ནི་ལུས་སོ། །དེ་དཀྲུགས་པར་བྱེད་པ་རང་བཞིན་མེད་པར་བྱེད་པའི་ཕྱིར་གྲོང་ཁྱེར་དཀྲུགས་པའི་སྔགས་ཏེ། དེ་ཡང་ཨོཾ་ཡིག་ནི་རྡོ་རྗེ་གསུམ་མོ། །དེ་ཡང་ཨ་ཞེས་པ་བདག་མེད་མ་ལ་སོགས་པ་རྣལ་འབྱོར་མ་བཅོ་ལྔའི་ངོ་བོ་དབྱངས་བཅོ་ལྔ་རྣམས་སོ། །ཀ་ཙ་ཊ་ཏ་པ་སོ་སོར་

ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་ལྔ་སྟེ། ཡི་གེ་ཉི་ཤུ་རྩ་ལྔ་རྣམས་སོ། །ཡ་ཞེས་པ་ཡ་ར་ལ་ཝ་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཅན་ལྷ་མོ་བཞིའོ། །ཤ་ཞེས་པ་ཤ་ཥ་ས་སྐུ་དང་གསུང་དང་ཐུགས་རྣམས་ཏེ། སྐུ་གསུམ་གྱི་ངོ་བོ་ཡི་གེ་གསུམ་མོ་ཞེས་པ་རྡོ་རྗེ་གསུམ་མོ། །ཧཱ་

Vol. 3 · folio 81a

ཞེས་པ་ཤེས་རབ་དང་ཐབས་གཉིས་སུ་མེད་པ་རྡོ་རྗེ་འཆང་ངོ་ཞེས་པ་གྲོང་ཁྱེར་དཀྲུགས་པའི་སྔགས་སོ། །དེ་ལ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་བསྡུས་པས་ཨ་ཞེས་པ་དེ་ཉིད་རབ་ཏུ་གསལ་བར་བྱེད་པ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཨི་

ཨུ་རྀ་ལྀ་ཞེས་པ་གཉིས་སུ་མེད་པ་ལྔའོ། །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཞེས་པ་ལྔའོ། །ཨེ་ཨོ་ཨཾ་དབྱངས་གཉིས་ཀྱི་བདག་ཉིད་ཅན་རྡོ་རྗེ་གསུམ་མོ། །ཨཻ་ཨཽ་རྡོ་རྗེ་གསུམ་དབྱེར་མེད་པ་བཞི་པ་ཞེས་པའོ། །རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི་འདི་རྣམས་ལ་རྣལ་འབྱོར་ཡོད་པའི་ཕྱིར་རྣལ་འབྱོར་མའོ། །དེ་རྣམས་

ཀྱི་ས་བོན་ནི་སྐྱེ་བ་མེད་པའི་རང་བཞིན་ཅན་བསྐྱེད་པའི་རྒྱུ་སྟེ་མཚན་མ་ཉིད་མཚན་མ་མེད་པར་འགྱུར་བའི་ཕྱིར། ཀ་ཙ་ཊ་ལ་སོགས་པ་རྣམས་ནི་ཀཱ་ལིའི་ངོ་བོས་ཐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རྡོ་རྗེ་གསུམ་ལས་ཕྱག་གཉིས་པའི་སྔགས་ནི། ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གཉིས་ཀྱི་

སྒྲས་ཤེས་རབ་དང་ཐབས་དག་གོ། །དེ་དག་དེའི་ངོ་བོས་ལོངས་སྤྱོད་པའི་ཕྱིར་ཕྱག་གཉིས་པའོ། །དེའི་ཨོཾ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའོ། །གསུམ་གྱི་སྒྲས་སྐུ་གསུང་ཐུགས་སོ། །འཇིག་རྟེན་གྱི་སྒྲས་ཕུང་པོ་ལྔའོ། །གསུམ་དང་འཇིག་རྟེན་ནི་ཏྲཻ་ལོ་ཀྱཱ་སྟེ་གསུམ་དང་ལྔ་ལ་

གསུམ་གྱིས་བསྒྱུར་བས་དགུའི་བདག་ཉིད་དང་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གཉིས་སོ། །དེའི་དངོས་པོ་ནི་ཏྲཻ་ལོ་ཀྱཱའོ། །དེ་འགུགས་པར་བྱེད་པའི་ཕྱིར་ཏྲཻ་ལོ་ཀྱཱ་ཀྵེ་པའོ། །དེ་ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་སུམ་འགྱུར་གྱིས་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་སྭཱ་ཧཱ་ཞེས་པ་ཕཊ་

ཤེས་རབ་བོ། །སྭཱ་ཧཱ་ཐབས་སོ་ཞེས་པའོ། །ད་ནི་ཤེས་རབ་དང་ཐབས་དབྱེར་མེད་པས་བོ་ལ་ཀཀྐོ་ལའི་སྦྱོར་བ་ལས་དགའ་བ་བཞི་རྣམ་པར་དག་པ་བཅོམ་ལྡན་འདས་ཕྱག་བཞི་པའོ། །དེའི་ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའོ། །ཨོཾ་ཞེས་པ་རྡོ་རྗེ་གསུམ་དབྱེ་བ་མེད་པའི་རྡོ་རྗེ་འཆང་

ངོ་། །དེ་ཡང་དགའ་བ་ལ་སོགས་པ་རྣམ་པ་བཞིའི་རིམ་པས་རབ་ཏུ་གསལ་བའི་ཕྱིར་ཛྭ་ལ་ཛྭ་ལའོ། །དེ་ཡང་བྷྱོ་མི་བསྐྱོད་པའོ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་དེ་ཁོ་ན་ལྟར་ཏེ། ཕཊ་སྭཱ་ཧཱ་ཞེས་པ་ཡང་དེ་བཞིན་ནོ། །ད་ནི་ཕྱག་གཉིས་པ་དང་ཕྱག་བཞི་པ་དག་ལས་དྲུག་གི་རང་བཞིན་ཉིད་ཀྱི་ཕྱིར། ཕྱག་

Vol. 3 · folio 81b

དྲུག་པའི་གསུངས་པ། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་ཐམས་ཅད་སྔར་བཞིན་ནོ། །ཀི་ཊི་ཀི་ཊི་ཞེས་པ་རྣལ་འབྱོར་མ་རྣམས་ཀྱི་བཞེད་པ་སྟེ། རྣལ་འབྱོར་མ་འོད་གསལ་བའི་ངོ་བོ་རྡོ་རྗེ་འཆང་ངོ་ཞེས་པའི་དོན་ཏེ་ཀྱེའི་རྡོ་རྗེ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་ནོ་ཞེས་པའོ། །འདི་

དག་ཀྱང་ཕྱག་གཉིས་པ་དང་ཕྱག་བཞི་པ་དང་། ཕྱག་དྲུག་པ་གསུམ་ནི་ཤེས་རབ་དང་ཐབས་གཉིས་དང་། དགའ་བ་བཞི་དང་། དྲུག་གི་རང་བཞིན་སྐུ་གསུང་ཐུགས་རྣལ་འབྱོར་མ་བཅོ་ལྔའི་ངོ་བོ་བཅོ་ལྔའི་བདག་ཉིད་ཅན་གྱི་ཡེ་ཤེས་ཧེ་རུ་ཀ་གསུམ་མོ་ཞེས་པའོ། །དེ་དག་བྱིན་གྱིས་བརླབ་

པའི་སྔགས་ནི། ཨོཾ་ཨཱཿཧཱུྃ་ཞེས་པ་ཡི་གེ་གསུམ་ནི་བྱིན་གྱིས་བརླབ་པའི་སྔགས་ཏེ། ལྷག་པར་བསྐྱེད་པས་ཕན་ཚུན་མཉམ་པར་སྒྲུབ་པའི་ཕྱིར་བརྟན་པར་གནས་པ་ནི་ལྷག་པར་གནས་པའོ། །དེ་ཡང་སྔགས་ནི་ཧེ་རུ་ཀའི་ངོ་བོ་སྟེ། འདི་ལྟར་དེ་ཁོ་ནའི་དོན་སྐུལ་བར་བྱེད་པའི་སྒྲ་ཡིན་

པའི་ཕྱིར། །བཞི་པ་འབྲས་བུའི་རྡོ་རྗེ་འཆང་སྟོང་པ་ཉིད་བཅུ་དྲུག་ལ་སོགས་པ་རྣམ་པར་དག་པ་ཞེས་པའི་དོན་ནོ། །ད་ནི་ཧེ་རུ་ཀ་བཞི་པོ་བྱིན་གྱིས་བརླབ་པ་དང་བཅས་པའི་ངེས་པར་རྟོགས་ནས་དེའི་རང་བཞིན་གྱིས་གནས་པར་བྱ་བའི་ཕྱིར་ས་སྦྱང་བའི་སྔགས་ནི། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་

ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་སའི་སྒྲས་ཆོས་འབྱུང་སྟེ། དེ་ལ་སྦྱོང་བ་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པའོ། །དེ་ལྟར་གྱུར་པའི་སྔགས་ནི་དེ་ཁོ་ནའི་དོན་སྐུལ་བར་བྱེད་པའི་སྒྲའོ། །དེ་ཡང་། ཨོཾ་ཡིག་ནི་སྐུ་རྡོ་རྗེ་ཐབས་སོ། །ར་ཡིག་ནི་ཤེས་རབ་སྟེ། ཤེས་རབ་དང་ཐབས་དབྱེར་མེད་

པ་ཀྵ་ཡིག་གོ། །དེ་ནི་ཉམས་པ་ཡིན་ཡང་ཀྵ་ཞེས་པ་མི་ཟད་པ་སྟེ། འགའ་ཞིག་ཉམས་ཕྱིར་ཐིམ་འགྱུར་ཏེ། །ཉམས་པ་མེད་ཕྱིར་ཟད་པ་མེད། །ཅེས་པའི་ཚིག་ལས་སོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་ཐམས་ཅད་སྔར་བརྗོད་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རེངས་པ་སྟེ། ཨོཾ་ཧཱུྃ་སྭཱ་ཧཱ་

ཞེས་པ་རེངས་པར་བྱེད་པ་གོམས་པ་ནི་རྩ་གཡོ་བ་དང་བཅས་པ་ལའོ། །ཡང་ན་ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་བཞིན་དུ་ཧཱུྃ་དང་། དེ་བཞིན་སྭཱ་སྟེ། གསུམ་རྣམས་དེ་ཁོ་ན་གསུམ་དང་དབྱེར་མེད་པའོ། །ཧཱ་ཞེས་པའི་ཤེས་རབ་དང་ཐབས་དབྱེ་བ་མེད་པའི་ཕྱིར་གཡོ་བ་མེད་པ་ཉིད་

Vol. 3 · folio 82a

རྡོ་རྗེ་སེམས་དཔའ་སྟེ། གནས་པའི་སེམས་ནི་འཕྲོ་བར་འགྱུར། །གནས་པ་མེད་པ་འཕྲོ་མ་ཡིན། །ཞེས་པའི་ཚིག་ལས་སོ། །ཨོཾ་ཨཾ་སྭཱ་ཧཱ། དབང་དུ་བྱེད་པའོ། །ཨོཾ་ཐབས། ཨཾ་ཤེས་རབ། སྭཱ་རྡོ་རྗེ་གསུམ། ཧཱ་ཐམས་ཅད་དབྱེར་མེད་པའི་ཕྱིར་དབང་

དུ་བྱེད་པའི་སྔགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སོ། །ཨོཾ་ཁཾ་སྭཱ་ཧཱ་ཞེས་པ་སྐྲོད་པར་བྱེད་པ་སྟེ། སྔགས་འདིས་གནས་ནས་བསྐྱོད་པར་བྱེད་དོ། །ཡང་ན་སྐྲོད་པ་ནི་སྤྲོ་བ་སྟེ་ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པ་གང་ཡིན་པ་དེ་ཁཾ་ཡེ་ཤེས་ལྔ་རྣམས་སོ། །སྭཱ་ཧཱ་ཞེས་པ་རྡོ་རྗེ་གསུམ་ཤེས་རབ་དང་ཐབས་

ཀྱི་བདག་ཉིད་ཅན་ཉིད་ཀྱིས་རྟ་མཆོག་རྡོ་རྗེ་སྤྲོ་བར་བྱེད་པའོ། །ཨོཾ་ཛྲཱྀཾ་སྭཱ་ཧཱ་ཞེས་པ་སྡང་བ་སྟེ་རྣམ་པར་འབྱེད་པར་བྱེད་པའི་སྔགས་སོ། །ཡང་ན་དྭེ་ཥ་ཞེས་པ་དྭེའི་སྒྲས་ཤེས་རབ་དང་ཐབས་དག་གོ། །དེ་དག་འདོད་པའི་ཕྱིར་དྭེ་ཥ་ཟུང་དུ་འཇུག་པའོ། །དེ་ཡང་ཨོཾ་ཛྲཱྀཾ་སྭཱ་ཧཱ་ཞེས་པ་དེ་ཁོ་ན་གསུམ་དབྱེར་

མེད་པ་འོད་དཔག་མེད་ཀྱིས་སོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་ཞེས་པ་མངོན་སྤྱོད་ཀྱི་སྒྲས་རིམས་ལ་སོགས་པས་བྱེད་པའོ། །ཡང་ན་མངོན་སྤྱོད་ཅེས་པ་དེ་ཉིད་ཞེ་སྡང་རྡོ་རྗེ་སྟེ། ཐམས་ཅད་ཁྱབ་པའི་ཕྱིར་མངོན་སྤྱོད་མ་ནིང་ངོ་། །དེ་ཡང་བྷྲཱུཾ་གྱི་སྒྲས་བྱང་ཆུབ་ཀྱི་སེམས་ཁུ་བར་བརྗོད་པ་རྡོ་རྗེ་གསུམ་

པོ་དེ་ཉིད་ཀྱིས་ཁྱབ་པ་སྟེ་རྣམ་པར་སྣང་མཛད་ཀྱིས་སོ། །ཨོཾ་དང་སྭཱ་ཧཱ་ཞེས་པའི་དོན་ནི་བཤད་ཟིན་ཏོ། །ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་འགུགས་པར་བྱེད་པ་སྟེ། རཾ་བྷ་ལ་སོགས་པ་འགུགས་པའི་ཕྱིར་རོ། །ཡང་ན་ཐམས་ཅད་དབྱེ་བ་མེད་པའི་ཕྱིར་བཤད་ཟིན་པའི་དོན་གྱིས་སྡུད་པ་ནི་འགུགས་པར་

བྱེད་པ་སྟེ། མི་བསྐྱོད་པ་ཡིས་སོ། །ཨོཾ་གྷུ་སྭཱ་ཧཱ་ཞེས་པ་གསོད་པར་བྱེད་པ་སྟེ་འཚེ་བའོ། །ཡང་ན་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་རྣམས་འཇོམས་པ་ནི་གསོད་པའོ། །དེ་ཡང་གྷུཿཡིག་ནི་ཐོག་མར་དང་པོའི་བཞི་པ། མཁའ་འགྲོ་མས་བརྒྱན་པ་རྣམ་པར་བཅད་པའི་

མཐའ་ཅན་ཏེ། ཐམས་ཅད་ཡོངས་སུ་སྤངས་པའི་ཕྱིར་ཞེས་པའི་ཚིག་ལས་སོ། །ཨོཾ་སྭཱ་ཧཱ་ཞེས་པ་གོ་སླའོ། །གསད་པས་བསྡུ་བ་ཉེ་བར་བསྟན་ནས་འགྲོ་བ་དྲུག་མཉམ་པ་ཉིད་གསུངས་པ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཀུ་རུ་ཀུ་ལླེའི་སྔགས་སོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ་ཞེས་པ་སེམས་ཅན་

Vol. 3 · folio 82b

སྣ་ཚོགས་དབང་དུ་བྱེད་པའི་སྔགས་སོ། །ཡང་ན་ཀུ་རུ་ཀུ་ལླེ་ཧྲཱིཿཀུ་རུ་ཀུ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་དགའ་བ་གསུམ་མོ། །དེ་ཡང་ལླེ་ཞེས་པ་ཁ་སྦྱོར་རོ། །དེ་ཡང་ཧྲཱིཿཚེག་དྲག་གི་མཐའ་ཅན་ནི་བཞི་པའོ། །ཨོཾ་དང་སྭཱ་ཧཱ་ཞེས་པ་གོ་སླའོ། །འགྲོ་བ་དྲུག་མཉམ་པ་ཉིད་

ཀྱིས་ཀུ་རུ་ཀུལླེའི་སྔགས་ཉེ་བར་བསྟན་ནས། ད་ནི་དེའི་ནུས་པ་ཉེ་བར་བསྟན་པའི་ཕྱིར་ཆར་དབབ་པའི་ཆོ་ག་གསུངས་པ། ཨཿཕུའི་རྣམ་པས་མཐའ་ཡས་ཀྱི་གཟུགས་བརྙན་བྱས་ལ། བདུད་རྩི་ལྔ་ཡིས་བཀྲུ་ཞིང་། མེ་ཏོག་ནག་པོས་མཆོད་དེ། ཀླུ་འདུལ་བར་བྱེད་པའི་ཁུ་བས་

བྱུག་ཅིང་། གླང་པོ་ཆེའི་ཆང་གིས་མགོ་བོ་བྱུགས་ལ་ཁམ་ཕོར་གཉིས་ཁ་སྦྱར་དུ་བཞག་སྟེ། བ་ནག་མོའི་འོ་མས་དགང་ཞིང་། གཞོན་ནུ་མ་ནག་མོས་བཀལ་པའི་སྐུད་པས་དཀྲིས་ལ། རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ། མཐའ་ཡས་དེར་བཞག་གོ། །དེའི་འགྲམ་དུ་དཀྱིལ་

འཁོར་བྲི་བར་བྱ་སྟེ། དུར་ཁྲོད་ཀྱི་སོལ་བས་རྡུལ་ཚོན་ནག་པོ་དང་། མིའི་རུས་པའི་ཕྱེ་མས་རྡུལ་ཚོན་དཀར་པོ་དང་། བ་བླས་རྡུལ་ཚོན་སེར་པོ་དང་། དུར་ཁྲོད་ཀྱི་སོ་ཕག་གིས་རྡུལ་ཚོན་དམར་པོ་དང་། མིའི་རུས་པ་དང་རྐུན་མའི་ལོ་མ་དག་གིས་རྡུལ་ཚོན་ལྗང་གུ་དང་། མིའི་

རུས་པ་དང་། དུར་ཁྲོད་ཀྱི་སོལ་བ་དག་གིས་རྡུལ་ཚོན་སྔོན་པོ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་དཀྱིལ་འཁོར་གྲུ་གསུམ་པ་བྱའོ། །དེའི་དབུས་སུ་མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་པ།

ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞི་དང་ལྡན་པའོ། །དེ་ནས་སློབ་དཔོན་ནང་གི་ཁྲོ་བོའི་སེམས་ཀྱིས་སྐྱེ་བོས་དབེན་པའི་གནས་སུ་སྔགས་བཟླས་པར་བྱའོ་ཞེས་པ་ཀླུའི་གནས་ནས་ཆུ་ཁ་དོག་སྔོན་པོ་དང་། ས་ཁ་དོག་སྔོན་པོ་ལ། ཨ་ཕུཿཞེས་པའི་

སྔགས་འདིས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་བླངས་ནས་སླར་ཡང་མངོན་པར་བསྔགས་ལ། མཐའ་ཡས་ཞེས་བརྗོད་པའི་ཀླུ་དེའི་གཟུགས་བརྙན་ཏེ། དེའི་རྣམ་པ་བྱས་ནས་བདུད་རྩི་ལྔ་དང་འོ་མ་ལ་སོགས་པས་བཀྲུ་བར་བྱའོ། །མེ་ཏོག་ནག་པོ་ཞེས་པ་ཟར་མེའི་མེ་ཏོག་

Vol. 3 · folio 83a

གིས་མཆོད་པར་བྱ་སྟེ། དེ་མེད་ན་མེ་ཏོག་སྔོན་པོ་གཞན་གྱིས་ཀྱང་མཆོད་པར་བྱའོ། །ཀླུ་འདུལ་བར་བྱེད་པའི་ཁུ་བས་བྱུག་ཅིང་། གླང་པོ་ཆེའི་ཆང་གིས་མགོ་བོ་བྱུགས་ལ། ཁམ་ཕོར་གཉིས་ཁ་སྦྱར་དུ་བཞག་པ་ནི། དེ་ཉིད་ཀྱི་འཇིམ་པའི་ཁམ་ཕོར་སོ་མ་

བཏང་བ་གཉིས་སོ། །དེར་བ་ནག་མོའི་འོ་མས་དགང་ཞིང་། གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་དཀྲི་བར་བྱའོ། །རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ། མཐའ་ཡས་དེར་གཞག་གོ། །དེའི་འགྲམ་དུ་དཀྱིལ་འཁོར་བྲི་བར་བྱ་སྟེ། བདུད་རྩི་ལྔས་བཀྲུ་བ་ལ་སོགས་པ་ལས་

བཅུ་པོ་རྣམས་ལ་སོ་སོར། །ཨཿཕུཿ ཞེས་པའི་སྔགས་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། དཀྱིལ་འཁོར་བྲི་བ་ལ་ཡང་། དུར་ཁྲོད་ཀྱི་སོལ་བས་རྡུལ་ཚོན་ནག་པོ་ནི་མི་བསྐྱོད་པ་རྣམ་པར་དག་པའོ། །མིའི་རུས་པའི་ཕྱེ་མས་རྡུལ་ཚོན་དཀར་པོ་ནི་རྣམ་པར་སྣང་མཛད་རྣམ་པར་དག་

པའོ། །བ་བླའི་རྡུལ་ཚོན་སེར་པོ་ནི་རིན་ཆེན་དབང་པོ་རྣམ་པར་དག་པའོ། །དུར་ཁྲོད་ཀྱི་སོ་ཕག་གིས་རྡུལ་ཚོན་དམར་པོ་ནི་འོད་དཔག་མེད་རྣམ་པར་དག་པའོ། །མིའི་རུས་པ་དང་རྐུན་མའི་ལོ་མ་དག་གིས་རྡུལ་ཚོན་ལྗང་གུ་ནི་དོན་ཡོད་གྲུབ་པ་རྣམ་པར་དག་པའོ། །མིའི་རུས་པ་དང་དུར་

ཁྲོད་ཀྱི་སོལ་བ་དག་གིས་རྡུལ་ཚོན་སྔོན་པོ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་དག་པ་སྟེ། རྡུལ་ཚོན་འདི་རྣམས་ཀྱིས་སོ། །དུར་ཁྲོད་ཀྱི་སྲད་བུས་ཞེས་པ་བཅུ་བཞི་པའམ་བརྒྱད་པ་ལ། ལེགས་པར་འདུས་བྱས་པའི་ས་གཞིར་ཐིག་སྐུད་ལྷག་པར་གནས་པར་བྱ་ཞིང་ཇི་སྲིད་འདུས་བྱ་བ་གྲུབ་པ་དང་སྲད་

བུ་དེས་ཐིག་གདབ་སྟེ། དཀྱིལ་འཁོར་གྲུ་གསུམ་པ་མི་བསྐྱོད་པ་རྣམ་པར་དག་པ་བཞེངས་ནས་དེའི་དབུས་སུ། མཐའ་ཡས་མནན་པའི་ཀྱེའི་རྡོ་རྗེ་བྲི་བར་བྱ་སྟེ། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞི་དང་ལྡན་པའོ། །དཀྱིལ་འཁོར་དེའི་དབུས་

སུ་ཕྱག་བཅུ་དྲུག་གི་མཚན་མ་བྲི་བར་བྱ་ཞིང་། དཀྱིལ་འཁོར་ཉིད་ཀྱི་འདབ་མ་རྣམས་ལ་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱང་ངོ་། །དེ་ནས་ཞེས་པ་དེ་དག་ཐམས་ཅད་བྱས་ནས་སློབ་དཔོན་གྱི་སྔགས་བཟླས་པར་བྱ་སྟེ། ནང་གི་ཁྲོ་བའི་སེམས་ཀྱིས་ནི་ནང་གི་བརྩོན་འགྲུས་ཆེན་པོ་དང་ལྡན་པའོ། །ཁྲོ་

Vol. 3 · folio 83b

བའི་སེམས་ནི་སེམས་ཁྲོ་བའོ། །བྱེད་པ་འདིས་དབེན་པའི་གནས་སུ་ཆར་དབབ་པའི་ཕྱིར་སྔགས་བཟླས་ན་འབབ་པར་འགྱུར་རོ། །ཨོཾ་གྷུ་ཊུ་གྷུ་ཊུ། གྷུ་ཊུ་གྷུ་ཊུ། མ་ཤ་མ་ཤ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། ནཱ་གཱ་དྷི་པ་ཏ་ཡེ་ཧེ་ཧེ་རུ་རུ་ཀ །སཔྟ་པཱ་ཏཱ་ལ་ག་ཏཱན། ནཱ་

གཱན་ཨཱ་ཀ་ཪྵ་ཡ། པཪྵ་ཡ། གརྫ་ཡ། ཏརྫ་ཡ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པའོ། །གལ་ཏེ་ཆར་མི་འབབ་ན་དེའི་ཚེ་སྔགས་འདི་བཟློག་ལ་བཟླས་པར་བྱའོ། །བཟློག་སྟེ་བཟླས་པ་ཡང་སྭཱ་ཧཱ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿཏ་རྫ་ཡ། གརྫ་ཡ། བཪྵ་ཡ།

ཨཱ་ཀཪྵ་ཡ། ནཱ་གཱ་ན། སཔྟ་པཱ་ཏཱ་ལ་ག་ཏཱ་ན། ཀ་རུ་རུ་ཧེ་ཧེ། ནཱ་གཱ་དྷི་པ་ཏ་ཡེ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། གྷོ་ཊ་ཡ་གྷོ་ཊ་ཡ། གྷ་ཊ་གྷ་ཊ། མ་ཤ་མ་ཤ། གྷུ་ཌུ་གྷ་ཌུ། གྷ་ཊུ་གྷ་ཊུ་ཨོཾ་ཞེས་པ་སྟེ་ཆར་འབབ་བོ། །དེ་ལྟར་ན་ཡང་གལ་ཏེ་ཆར་མི་འབབ་ན། དེའི་ཚེ་ཀླུ་རྣམས་ཀྱི་མགོ་འགས་

ཏེ། ཨརྫ་ཀའི་དོག་པ་ལྟར་ཞེས་པ་པཱ་ལ་ཤའི་ལྟར་རོ། །འདས་ཅི་གསུངས་ཤེ་ན། ངེས་པ་ཁོ་ནར་ཆར་འབབ་བོ་ཞེས་པའི་དོན་ཏེ། འདི་ནི་ཆར་དབབ་པའི་ཆོ་གའོ། །སྤྲིན་དྲལ་བ་བཤད་པར་བྱ་སྟེ། གལ་ཏེ་བར་ཆད་མེད་པར་ཆར་བབ་ན། དེའི་ཚེ་རྒྱ་མཚོ་དང་འདྲ་བར་འགྱུར་བའི་ཕྱིར།

སྤྲིན་དྲལ་བའི་ཆོ་ག་ནི་དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་ཞེས་པ་བཅུ་བཞི་ལ་སོགས་པ་ལ་རོའི་གདོང་གཡོགས་པའི་གོས་བླངས་ཏེ། གོས་དེ་ལ་ཉེ་བར་འདུག་ནས་སྔགས་བཟླས་ཤིང་བྲལ་བར་བྱ་སྟེ། ཨོཾ་ཨཱརྱཱ་ཤྨ་ཤཱ་ན་བྲི་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཇི་སྲིད་སྤྲིན་རྣམས་འཐོར་བར་

གྱུར་པ་དེ་སྲིད་དུ་སྔགས་བཟླས་པར་བྱ་སྟེ། དེ་ལས་སྤྲིན་འཐོར་བར་འགྱུར་རོ་ཞེས་པ་སྲིན་དྲལ་བའི་ཆོ་གའོ་ཞེས་པ་སྟེ་ཆར་དབབ་པའི་དོན་ལ་ནི་གོ་སླ་བ་ཉིད་དོ། །ཡང་ན་ཨཿཞེས་པ་གཉིས་མེད་པ་ཚེག་དྲག་གི་མཐའ་ཅན་ནོ། །ཕུཿཞེས་པ་གཉིས་ལ་ཚེག་དྲག་གི་མཐའ་ཅན་ནོ། །ཚེག་དྲག་གི་

མཐའ་ཅན་གཉིས་པོ་འདིའི་བྱེད་པ་ནི་ཨཱ་ལི་ཀཱ་ལི་སྲེག་པར་བྱེད་པའོ། །མཐའ་ཡས་ཀྱི་སྒྲས་འདི་ལ་མཐའ་ཡོད་པ་མ་ཡིན་པའི་ཕྱིར། མཐའ་མེད་དེ་དང་པོ་དང་བར་དང་མཐའ་ལས་རྣམ་པར་གྲོལ་བའོ། །དེའི་གཟུགས་བརྙན་ནི་སོ་སོའི་བྱ་བའོ། །བྱས་ལ་སྟེ་བྱ་བའི་ཚུལ་གྱིས་སོ། །ཡེ་

Vol. 3 · folio 84a

ཤེས་ལྔའི་ངོ་བོའི་བདུད་རྩི་ལྔས་བཀྲུ་བར་བྱ་ཞིང་དབང་བསྐུར་བར་བྱའོ། །མེ་ཏོག་ནག་པོས་མཆོད་དེ་ནག་པོ་ནི་མི་བསྐྱོད་པའོ། །མེ་ཏོག་ནི་བདག་མེད་མའོ། །གཉིས་ཀ་དབྱེ་བ་མེད་པས་དེ་རྣམས་མཆོད་པར་བྱའོ། །ཀླུ་འདུལ་བར་བྱེད་པའི་ཁུ་བས་བྱུག་པ་

ནི་འོང་བ་མེད་འགྲོ་བ་མེད་པའི་ཕྱིར། ནཱ་ག་སྟེ་སྐྱེ་བ་དང་འཇིག་པ་ལས་རྣམ་པར་གྲོལ་བའོ། །དེ་ཡང་འདུལ་བ་ནི་དུལ་བ་དང་ཉེ་བར་ཞི་བའི་ངོ་བོ་ཉིད་ལས་སོ། །དེ་ཡང་གང་ཞེ་ན། ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེའི་ར་ས་ནི་ཉམས་སུ་མྱོང་བའི་མཚན་ཉིད་དོ། །དེས་བྱུག་པ་ནི་དེ་

བཞིན་གཤེགས་པ་དེ་རྣམས་དེའི་རང་བཞིན་དུ་བྱའོ་ཞེས་པའི་དོན་ཏོ། །གླང་པོ་ཆེའི་ཆང་གིས་མགོ་བྱུག་པ་ནི་གླང་པོ་ཆེའི་སྒྲས་འདི་ལ་ལག་པ་ཡོད་པའི་ཕྱིར་ལག་ལྡན་ཏེ། ལྔའི་བདག་ཉིད་ཅན་གྱི་ཡུལ་དང་དབང་པོ་གཉིས་ཀྱིས་ཕུང་པོ་ལྔའི་ངོ་བོ་དེ་བཞིན་གཤེགས་པ་དང་མཁའ་འགྲོ་

མ་རྣམས་སོ། །དེ་རྣམས་ཀྱི་ཆང་ནི་དགའ་བའོ། །དེས་མགོ་བོ་བྱུག་པ་ནི་དེའི་རང་བཞིན་དུ་བྱ་བ་སྟེ། དགའ་བ་བདེ་བ་ཡིས་ཀྱང་འགྲུབ། །ཅེས་པའི་ཚིག་ལས་སོ། །ཁམ་ཕོར་གཉིས་ཁ་སྦྱར་དུ་གཞག་པ་ནི་ཁ་སྦྱོར་གྱི་རྣལ་འབྱོར་གཉིས་སུ་མེད་པ་རྟོགས་པས་གནས་པར་བྱའོ། །བ་ནག་

མོའི་འོ་མས་དགང་བ་ནི། བ་ནག་མོ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའོ། །འོ་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེས་དགང་ཞིང་བརླན་པར་བྱའོ། །གཞོན་ནུ་མ་ནག་མོས་བཀལ་བའི་སྐུད་པས་དཀྲིས་ལ་ཞེས་གཞོན་ནུ་མ་ནག་མོའི་སྒྲས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་

ཡེ་ཤེས་ཏེ། དེས་བཀལ་བའི་སྐུད་པ་ནི། རྒྱུན་བཅད་པ་ཡིན་ཞིང་། དེས་དཀྲིས་ཏེ་ཁྱབ་པར་བྱའོ། །རླུང་གི་ཕྱོགས་སུ་རྫིང་བུ་བྱས་ཏེ་མཐའ་ཡས་དེར་གཞག་གོ་ཞེས་པ་ལ་རླུང་གི་ཕྱོགས་སུ་ཞེས་པ་རླུང་གི་ངོ་བོའི་ནཱ་ད་ལ་སྟེ། དེ་ནི་མཐའ་མེད་པ་རྡོ་རྗེ་སེམས་དཔའོ། །རྫིང་བུ་ཕྱག་རྒྱ་ཆེན་

པོར་བྱས་ཏེ་གཞག་པ་ནི་ཆ་དང་བྲལ་བ་ཉིད་ཀྱིས་གནས་པར་བྱའོ། །རྫིང་བུ་ཕྱག་རྒྱ་ཆེན་པོ་དེའི་འགྲམ་དུ་དེ་དང་ཉེ་བར་དཀྱིལ་འཁོར་བྲི་བར་བྱ་སྟེ། རྡོ་རྗེ་འཆང་བསྒྲུབ་པར་བྱའོ། །དེ་ཡང་སྤྲོ་བའི་བདག་ཉིད་ཅན་གྱི་ཕྱིར་ནག་པོ་ནི་མི་བསྐྱོད་པའོ། །དཀར་པོ་ནི་རྣམ་པར་སྣང་མཛད་དོ། །སེར་

Vol. 3 · folio 84b

པོ་ནི་རིན་ཆེན་དབང་པོའོ། །དམར་པོ་ནི་འོད་དཔག་མེད་དོ། །ལྗང་གུ་ནི་དོན་ཡོད་གྲུབ་པའོ། །སྔོན་པོ་ནི་རྡོ་རྗེ་འཆང་སྟེ་དྲུག་གོ། །འདི་རྣམས་ཀྱང་རྡུལ་ཚོན་གྱི་ངོ་བོ་སྟེ། རྡུལ་ཚོན་ནི་བསྒྱུར་བ་མཁའ་འགྲོ་མ་རྣམས་སོ། །རྡུལ་ཚོན་འདི་རྣམས་ཀྱིས་དཀྱིལ་འཁོར་བཞེངས་པར་བྱ་སྟེ། དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་འཆང་བསྒྲུབས་ནས། བྱ་བ་གཞན་བརྗོད་པར་བྱ་སྟེ་དུར་ཁྲོད་ཀྱི་སོལ་བས་ཞེས་པ། དབུགས་སོང་ཞེས་པའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་པ་གཉིས་ཀའི་ནཱ་དའོ། །ཨོཾ་མཁའ་སྤྱོད་མའོ། །འདིའི་ངོ་བོས་རྗོད་

པར་བྱེད་པ་ནཱ་དའོ། །དེ་ཡིས་ནག་པོ་ནི་མི་བསྐྱོད་པའོ། །མིའི་རུས་པའི་ཕྱེ་མས་ཞེས་པ་ནི་སྐྱེས་བུ་སྐུ་རྡོ་རྗེའོ། །དེ་ཡང་ཨསྠི་ཆ་དང་བྲལ་བའི་རང་བཞིན་ནོ། །ཇི་ལྟར་ཞེ་ན། ཕྱེ་མས་ཞེས་པ་རྡུལ་ཕྲ་རབ་ཀྱི་ཚུལ་གྱིས་དཀར་པོ་རྣམ་པར་སྣང་མཛད་དོ། །བ་བླ་ཡིས་ཞེས་པ་ཁ་སྦྱོར་གྱིས་འོད་

དཔག་མེད་རབ་ཏུ་ཞུགས་པའི་ཕྱིར་སེར་པོ་རིན་ཆེན་དབང་པོའོ། །དུར་ཁྲོད་ཀྱི་སོ་ཕག་གིས་ཞེས་པ་དུར་ཁྲོད་གཉིས་ཀའི་བདག་ཉིད་ཀྱི་ནཱ་ད་ཁྱབ་པར་འདོད་པའི་ཕྱིར་ཏེ། གང་གིས་ཀུན་ཏུ་ཆགས་པའི་མཚན་ཉིད་ཀྱི་བདེ་བས་ཞེས་པ་དམར་པོ་འོད་དཔག་མེད་དོ། །མིའི་རུས་པ་དང་རྐུན་

མའི་ལོ་མ་དག་གིས་ཞེས་པ་ནི་སྐྱེས་པ་ཐབས་སོ། །ཨསྠི་ཤེས་རབ་སྟེ། རྐུན་མ་ནི་གཉིས་ཀའི་གནོད་པ་འཕྲོག་པའོ། །དེ་ཡང་ལོ་མ་ཡེ་ཤེས་ཏེ། སྐུ་ཡེ་ཤེས་ཀྱི་བདག་ཉིད་ཅན་རྣམ་པར་སྣང་མཛད་ལ་རབ་ཏུ་ཞུགས་པའི་ཕྱིར་ལྗང་གུ་དོན་ཡོད་གྲུབ་པ་སྟེ། གཉིས་ཀྱི་ཚིག་གོ། །

མིའི་རུས་པས་ཤེས་རབ་དང་ཐབས་དབྱེར་མེད་པ་སྐུ་རྡོ་རྗེའོ། །དུར་ཁྲོད་ཨཱ་ལི་ཀཱ་ལི་གསུང་རྡོ་རྗེའོ། །སོལ་བ་ཐུགས་རྡོ་རྗེ་སྟེ་སོ་སོར་ཡེ་ཤེས་ལྔ་རྣམས་ལ་རབ་ཏུ་ཞུགས་པའི་ཕྱིར་སྔོན་པོ་རྡོ་རྗེ་འཆང་ངོ་ཞེས་པ་གཉིས་ཀྱི་ཚིག་གོ། །དུར་ཁྲོད་ཀྱི་སྲད་བུས་ཐིག་གདབ་ཅིང་། ཞེས་པ་སྲད་བུ་ནི་

ཨཱ་ལི་ཀཱ་ལི་དག་གི་དབུས་སུ་ཨ་ཝ་དྷཱུ་ཏཱི་སྟེ། དེ་ཡིས་ཐིག་གདབ་པ་ནི་རྒྱུན་དུ་འབབ་པའོ། །དཀྱིལ་འཁོར་ཁྲུ་གསུམ་པ་ནི་བཅོ་ལྔའི་བདག་ཉིད་ཅན་དེ། དེའི་དབུས་སུ་དེའི་ཕྱོགས་ལ་མཐའ་ཡས་མནན་པ་རྣམ་པ་ཐམས་ཅད་པའི་ངོ་བོ་ཀྱེའི་རྡོ་རྗེ་བྲི་ཞིང་དགོད་པར་བྱའོ་ཞེས་པའི་དོན་ཏོ། །

Vol. 3 · folio 85a

ཁྱད་པར་ཅི་ཞེ་ན། ཞལ་བརྒྱད་པ། ཞབས་བཞི་པ། ཕྱག་བཅུ་དྲུག་གིས་བརྒྱན་པ། སྤྱན་ཉི་ཤུ་རྩ་བཞི་དང་ལྡན་པའོ་ཞེས་པ་རྣལ་འབྱོར་མ་བརྒྱད་རྣམ་པར་དག་པ་ཞལ་བརྒྱད་དོ། །དགའ་བ་བཞི་རྣམ་པར་དག་པ་ཞབས་བཞིའོ། །དེ་བཞིན་གཤེགས་པ་ལྔ་རྡོ་རྗེ་

སེམས་དཔའ་དང་ལྷན་ཅིག་གྱུར་པ་དྲུག་རྣམ་པར་དག་པ་དང་། དབང་པོ་ལྔ་དང་ཡུལ་ལྔ་སྟེ་བཅུ་རྣམ་པར་དག་པ་ཕྱག་བཅུ་དྲུག་གིས་བརྒྱན་པའོ། །སྤྱན་ཉི་ཤུ་རྩ་བཞི་དང་ལྡན་པ་ཞེས་པ་གནས་དང་ཉེ་བའི་གནས་ལ་སོགས་པ་ས་བཅུ་རྣམས་ཏེ། གནས་དང་ཉེ་བའི་གནས་དག་གིས་

བརྒྱད་དང་། ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་ཀྱིས་བཅུ་དྲུག་སྟེ། འདི་རྣམས་རྣམ་པར་དག་པའོ་ཞེས་པ་དེ་ལྟར་གྱུར་པའི་ཀྱེའི་རྡོ་རྗེའོ། །དེ་ནས་སློབ་དཔོན་ཁམས་གསུམ་པ་རྣམས་ཀྱིས་མཆོད་པར་གྱུར་པའོ། །སྔགས་བཟླས་པར་བྱ་བ་ནི་ཡེ་ཤེས་མངོན་དུ་བྱའོ་ཞེས་པའོ། །

རྒྱུ་གང་གིས་ཤེ་ན། ནང་གི་ཁྲོ་བའི་སེམས་ཀྱིས་ཏེ། ཀུན་རྫོབ་ཀྱི་བདེན་པའི་ངོ་བོས་ནད་དང་། དོན་དམ་པའི་བདེན་པས་ཁྲོ་བའི་སེམས་ཏེ། གཉིས་ཀ་དབྱེ་བ་མེད་པས་ཞེས་པའི་དོན་ཏོ། །སྐྱེ་བོས་དབེན་པའི་གནས་སུ་ཞེས་པ་སྐྱེ་བོ་དང་བྲལ་བའི་གནས་སུའོ། །ཨོཾ་གྷ་ཊ་གྷ་ཊ། གྷུ་ཊུ་གྷུ་ཊུ།

མ་ཤ་མ་ཤ། གྷ་ཊ་གྷ་ཊ། གྷོ་ཊ་ཡ་གྷོ་ཊ་ཡ། ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། ནཱ་གཱ་དྷི་པ་ཏ་ཡེ། ཧེ་ཧེ་རུ་རུ་ཀ། སཔྟ་པཱ་ཏཱ་ལ་ག་ཏཱ་ན། ནཱ་གཱན། ཨཱ་ཀཪྵ་ཡ། བཪྵ་ཡ། གརྫ་ཡ། ཏརྫ་ཡ། ཕུཿཕུཿཕུཿཕུཿཕུཿཕུཿཕུཿཕུཿཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་སྟེ། ཨོཾ་ཞེས་པ་རྡོ་རྗེ་གསུམ་དབྱེར་

མེད་པའོ། །གྷ་ཊ་གྷ་ཊ་ཞེས་པ་ལ་སོགས་པ་བཞི་ནི་ཤེས་རབ་དང་ཐབས་ཉིས་འགྱུར་གྱིས་ཏེ། བཞི་འགྱུར་གྱིས་སྟོང་པ་ཉིད་བཅུ་དྲུག་གོ། །གྷོ་ཊ་ཡ་གྷོ་ཊ་ཡ། ཞེས་པ་དྲུག་ནི་རྡོ་རྗེ་གསུམ་ཉིས་འགྱུར་གྱིས་རྡོ་རྗེ་འཆང་ངོ་། །ཨ་ནནྟ་ཀྵོ་བྷ་ཀ་རཱ་ཡ། ཁམས་གསུམ་པ་སྡུད་པའི་བདག་

ཉིད་ཀྱི་ཕྱིར་ཨ་ནནྟ་རྡོ་རྗེ་འཆང་ངོ་། །དེ་ཡང་ཀྵོ་བྷ་མི་བསྐྱོད་པ་སྟེ། དེ་ཡང་ཀ་རཱ་ཡ། ཀ་ཐབས་སོ། །རཱ་བདག་མེད་མ་སྟེ། ཨ་ཡ་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་སོ། །དེ་ཡང་། ནཱ་གཱ་དྷི་པ་ཏི། ཞེས་པ་ནཱ་ག་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ལ་བདག་པོ་དང་། གཙོ་

Vol. 3 · folio 85b

བོ་ཉིད་ཀྱིས་ལྷག་པར་གནས་པའི་ཕྱིར། ནཱ་གཱ་དྷི་པ་ཏིའོ། །དེ་ཡང་། ཨེ་སྡེ་བདག་མེད་མ་དང་། གཽ་རཱི་གཉིས་ཀ་དབྱེར་མེད་པ་ལས་སོ། །ཧེ་ཧེ་ཞེས་པ་རྒྱུ་ལ་སོགས་པ་སྤངས་པ་དང་། རྒྱུ་ལ་སོགས་པ་སྤང་བའི་ཕྱིར་ཧེ་ཧེ་གཉིས་སོ། །རུ་རུ་ཞེས་པ་རུ་ཡིག་བཀོད་པ་དང་བྲལ་བ་སྟེ། རྣམ་

པར་རྟོག་པ་དང་རྣམ་པར་བརྟག་པར་བྱ་བའི་ཕྱིར་རོ། །ཀ་ཞེས་པ་གང་དུ་ཡང་གནས་པ་མེད་པའོ། །དེ་ལྷག་པར་གནས་པ་ལས། སཔྟ་པཱ་ཏཱ་ལ་ག་ཏཱ་ན། ཞེས་པ། སཔྟ་དྲུག་པ་རྡོ་རྗེ་འཆང་སྟེ་ཡེ་ཤེས་ལྔ་ལ་རབ་ཏུ་ཞུགས་པ་ལས་སོ། །པཱ་ཏཱ་ལ་ག་ཏཱ་ན་དེ་ཡིས་ཕུང་པོ་ལྔ་རྣམས་འབྱུང་

བ་ཆེན་པོ་བཞིར་སོང་བ་སྟེ། པའི་སྒྲས་གོས་དཀར་མོ་མེའི་ཁམས་སོ། །ཨའི་སྒྲས་ཆུའི་ཁམས་མཱ་མ་ཀཱི་ཞེས་པའི་དོན་ཏོ། །ཏཱའི་སྒྲས་སྒྲོལ་མ་རླུང་གི་ཁམས་ཞེས་པའི་དོན་ཏོ། །ལའི་སྒྲས་སྤྱན་མ་སའི་ཁམས་ཞེས་པའི་དོན་ཏོ། །དེར་སོན་པ་ནི་དེའི་ནང་དུ་ཐིམ་པའོ། །ནཱ་གཱ་ན་དེ་བཞིན་

གཤེགས་པ་རྣམས་ཏེ་འབྱུང་བ་ཆེན་པོ་བཞིའི་ནང་དུ་གནས་པ་རྣམས་སོ། །ཨཱ་ཀཪྵ་ཡ། བསྡུ་པས་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དུ་གྱིས་ཞེས་པའོ། །བཪྵ་ཡ། གརྫ་ཡ། ཏརྫ་ཡ། ཞེས་པ་སྤྲོ་བ་དང་བསྡུ་བའི་ངོ་བོས་གཉིས་སུ་མེད་པར་རྟོགས་པའི་རང་བཞིན་རྡོ་རྗེ་འཆང་ཞེས་པའི་

དོན་ཏོ། །དེ་ཡང་ཕུཿརྣམ་པ་བརྒྱད་ནི་ཤེས་རབ་དང་ཐབས་རྣམ་པར་དག་པ་དང་། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ་ཞེས་པའི་དོན་ཏོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་ནི་ཧཱུཾ་ཞེས་པ་སྐད་ཅིག་བཞི་དབྱེ་བ་མེད་པ་སྟེ། ཕཊ་ཅེས་པའི་ང་སྐད་ཅིག་བཞི་དབྱེར་མེད་པའོ། །སྭཱ་རྡོ་རྗེ་གསུམ་མོ། །ཧཱ་ཤེས་

རབ་ཐབས་དབྱེར་མེད་པ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་ངོ་བོའི་ཆར་དབབ་པའོ་ཞེས་པའི་དོན་ཏོ། །གལ་ཏེ་ཆར་མི་འབབ་ནི་དེའི་ཚེ། སྔགས་འདི་བཟློག་ལ་བཟླས་པར་བྱའོ་ཞེས་པ་སྔགས་ནི་ཡེ་ཤེས་སོ། །དེ་བཟློག་སྟེ་བཟླས་པ་ནི་ཡེ་ཤེས་མེད་པ་ཉིད་དུ་འགྱུར་

བའི་ཕྱིར་ཏེ། ཡེ་ཤེས་འདི་མེད་ན་ཡང་འབབ་སྟེ་བྱ་བ་མེད་པའི་བྱ་བའི་ཚུལ་གྱིས་རྣམ་པར་གནས་པས་སྔགས་བཟློག་སྟེ་བཟླས་པའོ། །བྱ་བ་ཡང་སྔར་གསུངས་པ་ཁོ་ནའོ། །གལ་ཏེ་ཆར་མི་འབབ་ན། དེའི་ཚེ་མགོ་འགགས་སོ་ཞེས་པ་འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཆར་མི་འབབ་ན་སྟེ།

Vol. 3 · folio 86a

གལ་ཏེ་བྱང་ཆུབ་ཀྱི་སེམས་འབྱུང་བར་མི་འགྱུར་བ་དེའི་ཚེ་མགོ་འགས་ཏེ། རྡོ་རྗེ་འཆང་མངོན་པར་གསལ་བར་འགྱུར་རོ། །ཨརྫ་ཀའི་དོག་པ་ལྟར་ཞེས་པ་ཨ་བདག་མེད་མའོ། །ཛའི་སྒྲས་སྡེ་པ་གཉིས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཅན་གྱི་གསུམ་པ་སྟེ་ཁྱད་

པར་གྱི་དགའ་བའོ། །དེ་ཡང་ར་ཡིས་བརྒྱན་པ་ནི་བདག་མེད་མས་ཟོས་ཞེས་པའོ། །ཀ་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ་དེའི་དགོས་པ་ནི་སྣ་ཚོགས་པའི་གཟུགས་སྤྲོ་བའི་ངོ་བོས་ཏེ། སྤྲོ་བ་དང་བསྡུ་བའི་བདག་ཉིད་ཆར་དབབ་པའི་ཆོ་གའོ། །དེ་ཉིད་ཀྱི་ཕྱིར། སྤྲིན་རྣམས་ཀྱི་དྲལ་བ་བཤད་པར་

བྱ་སྟེ་ཞེས་ལྡུགས་པ་ལ་མི་ཧ་སྟེ། སྤྲིན་ནི་ལྡུགས་པར་བྱེད་པའོ། །དེས་ལྡུགས་པ་ནི་བྱང་ཆུབ་ཀྱི་སེམས་འབྱུང་བས་ཏེ་དྲི་མ་མེད་པའི་རང་བཞིན་ཡེ་ཤེས་ལྔ་དང་། སྐུ་གསུམ་པོ་རྣམས་ཀྱི་དྲལ་བ་དང་སྤྲོ་བ་བཤད་པར་བྱ་སྟེ། བསྟན་པར་བྱའོ། །འདིས་ནི་འདི་ལྟར་གསུངས་པར་འགྱུར་

ཏེ། བདེན་པ་གཉིས་དབྱེར་མེད་པ་ཁོ་ན་བདེན་པ་གཉིས་སོ་ཞེས་པའོ། །དུར་ཁྲོད་ཀྱི་རས་ལ་ཉེ་བར་འདུག་ནས་ཞེས་པ་དུར་ཁྲོད་ནི་ཨཱ་ལི་ཀཱ་ལིའོ། །དེ་ཡང་ཕན་ཚུན་གཡོགས་པ་ཉིད་ལ་རས་ཏེ། །དེ་ལ་ཉེ་བར་འདུག་ནས་ཞེས་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་གནས་ཏེ། སྔགས་

བཟླས་ཤིང་ཡེ་ཤེས་མངོན་དུ་བྱའོ། །དེ་ལ་ཡེ་ཤེས་ནི་ཨོཾ་ཨཱརྱཱ་ཤྨ་ཤཱ་ན་པྲི་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་སྟེ། ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཨཱཿརྡོ་རྗེ་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །ར་བདག་མེད་མ་ཐུགས་རྡོ་རྗེའོ། །ཡ་གཡུང་མོ་རླུང་གི་ངོ་བོ་ཉིད་ཀྱི་ཕྱིར་གསུང་རྡོ་རྗེའོ་ཞེས་པ་རྡོ་རྗེ་གསུམ་

མོ། །དེ་ནི་ཤྨ་ཤཱ་ན་ནཱ་དའི་ཕྲེང་བ་གཉིས་ཏེ། དེ་དབྱེ་བ་མེད་པ་ལས་པྲི་ཡ་རྡོ་རྗེ་འཆང་ངོ་། །དེ་ཡང་ཨ་ཡ་ཡེ་ཤེས་ཏེ། ཡེ་ཤེས་དེ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་དབྱེར་མེད་པའོ། །སྭཱ་རྡོ་རྗེ་གསུམ་མོ། །ཧཱ་ཤེས་རབ་དང་ཐབས་དབྱེར་མེད་པའོ་ཞེས་པའི་དོན་ནི་སོང་ཟིན་ནོ། །སྤྲིན་དྲལ་བའི་ཆོ་གའོ། །སྤྲོ་བ་

དང་བསྡུ་བ་གསུངས་ནས། ཕ་རོལ་གྱི་སྡེ་རྣམ་པར་གཞིག་པའི་ཕྱིར་ཁ་ཊི་ཀཱའི་སྒྲུབ་པ་བཤད་པར་བྱ་སྟེ་ཞེས་པ། ཕ་རོལ་ནི་སྒྲ་རྣམས་སོ། །དེ་རྣམས་ཀྱི་སྡེ་ནི་སྟོབས་ཏེ། དེ་རྣམ་པར་གཞིག་པར་འདོད་པས་ཁ་ཊི་ཀཱ་བསྒྲུབ་པར་བྱ་སྟེ་ནི་དེ་བཤད་དེ་གསལ་བར་བྱའོ་ཞེས་པའོ། །ཁ་ཊི་

Vol. 3 · folio 86b

ཀཱའི་སྒྲུབ་པ་དེ་ཇི་ལྟ་བུ་ཞེ་ན། གསུངས་པ། ཁ་ཊི་ཀཱ་དང་། བདུད་རྩི་ལྔ་དང་། ཀུ་ཋཱ་ར་ཙྪིནྣ་དང་ལྷན་ཅིག་བཏགས་ཏེ་རིལ་བུར་བྱའོ། །རིལ་བུར་བྱེད་པ་ལ་ཡང་སྔགས་ནི། ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སཱ་ཧཱ་ཞེས་པའོ། །རིལ་བུ་བསྒྲུབས་ཏེ་དེ་བཟུང་ནས་དངོས་གྲུབ་ཀྱི་དོན་དུ་སྔགས་བྱེ་

བ་བཟླས་ཤིང་སྔོན་དུ་བསྙེན་པ་འབུམ་བྱ་སྟེ། སྔོན་དུ་ཁ་ཊི་ཀཱ་བཟུང་ནས་སྔགས་འབུམ་བཟླས་པར་བྱའོ། །བར་མ་ཆད་པར་སྔགས་བྱེ་བ་བཟླས་ཏེ། ཁ་ཊི་ཀཱ་དེ་བཟུང་ནས་བསྒྲུབ་བྱ་ཕ་རོལ་གྱི་སྡེའི་གཟུགས་བསམས་ཏེ། ཁམ་ཕོར་སྤྱི་བླུགས་ཀྱི་མགྲིན་པར་བསྐོར་ཞིང་བསྐོར་ནས་གཅག་པར་བྱ་

སྟེ། དེ་ལས་དགྲ་བོ་ཐམས་ཅད་མགོ་མེད་པར་འགྱུར་རོ་ཞེས་པ་རྡོ་རྗེ་གྲི་གུག་གི་ཆོ་གའོ། །ཡང་ན། ཕ་རོལ་གྱི་སྡེ་རྣམ་པར་གཞིག་པའི་ཕྱིར་ཞེས་པ། ཕ་རོལ་ཡུལ་རྣམས་དང་སྡེ་ནི་དབང་པོ་རྣམས་ཏེ། འདི་དག་རྣམ་པར་གཞིག་པ་ནི་གཟུང་བ་དང་འཛིན་པ་མངོན་པར་ལྡོག་པའོ། །རྒྱུ་མཚན་

དེའི་ཆེད་དུ་ཁ་ཊི་ཀཱ་བསྒྲུབ་སྟེ། །མཁའ་ལ་འགྲོ་བའི་ཕྱིར་ཁ་ཊི་ཀཱ་མཁའ་སྤྱོད་མའོ། །དེའི་སྒྲུབ་པ་བཤད་དེ་བསྟན་པར་བྱའོ། །ཁ་ཊི་ཀཱ་བཏགས་ནས་ཞེས་པ་མཁའ་སྤྱོད་མ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་བདེ་བ་ཉིད་ཀྱིས་ཆགས་པའི་མཚན་ཉིད་ཆགས་པ་མེད་པར་བྱ་སྟེ། གང་གིས་

ཤེ་ན། བདུད་རྩི་ལྔ་ཡིས་ཏེ། ཡེ་ཤེས་ལྔ་དང་ཀུ་ཋཱ་ར་ཙྪིནྣ་དང་ལྷན་ཅིག་ཅེས་པ། ཀུ་ཋཱ་ར་རྡོ་རྗེ་འཆང་ངོ་། །ཙྪིནྣ་བདག་མེད་མ་སྟེ། དབྱེར་མེད་པའི་ཕྱིར་དེ་དང་ལྷན་ཅིག་རིལ་བུ་ཐམས་ཅད་ཁྱབ་པར་བྱའོ། །འདིའི་སྔགས་ནི་ཨོཾ་བཛྲ་ཀརྟ་རི་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པ་ཨོཾ་རྡོ་རྗེ་གསུམ་

མོ། །བཛྲ་རྡོ་རྗེ་འཆང་ངོ་། །ཀརྟ་རི་བདག་མེད་མའོ། །གཉིས་ཀ་དབྱེར་མེད་པ་ཧེ་བཛྲ་སྟེ། དེ་ཡང་ཨ་ཡ་ཡེ་ཤེས་སོ། །དེ་ཧཱུྃ་སྟེ་དེ་ཡང་སུམ་འགྱུར་ནི་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ལྟར་ཕཊ་སྭཱ་ཧཱ་ཞེས་པ་སྟེ་བཤད་ཟིན་ཏེ། །འདི་ནི་དངོས་གྲུབ་ཀྱི་དོན་ཏེ་དངོས་གྲུབ་ནི་

དགོས་པའོ། །བྱེ་བ་བཟླས་ཞེས་པ། ཀོ་ཊི་ཕུལ་དུ་བྱུང་བའོ། །བཟླས་པ་ནི་དེས་གཉིས་སུ་མེད་པའི་ངོ་བོས་གནས་པར་བྱའོ། །སྔོན་དུ་བསྙེན་པ་འབུམ་བཟླས་ཞེས་པ་སྔོན་ནི་དང་པོའོ། །དེའི་བསྙེན་པ་ནི་ཁས་ལེན་པ་སྟེ། དེ་ཡང་ལཀྵཾ་རྡོ་རྗེ་འཆང་ངོ་། །དེ་ཟློས་པ་ནི་འགོག་པ་སྟེ། དང་པོ་

Vol. 3 · folio 87a

ནས་མ་སྐྱེས་པའི་ཕྱིར་ཞེས་པའོ། །དེ་ཞེས་པ་ཁ་ཊི་ཀཱ་མཁའ་སྤྱོད་མ་སྟེ། བསྒྲུབ་བྱ་བསྒྲུབས་ནས། ཀ་མཎྜ་ལ་གྲཱྀ་ཝཾ། ཀཾ་བདེ་བ་སྟེ། དེའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་ཀ་མཎྜ་ལའོ། །དེའི་མགྲིན་པ་ནི་རྡོ་རྗེ་འཆང་ཀཾ་ངོ་། །དེ་རྣམས་ལ་བསྐོར་བ་ནི་ཁྱབ་པར་བྱ་བ་

སྟེ། ཁྱད་པར་གྱི་དགའ་བའི་མཐར་ཐུག་པས་མཁའ་སྤྱོད་མ་ལ་རྒྱས་བཏབ་པའི་ཕྱིར་རོ། །བསྐོར་ན་སྟེ་ཁྱབ་ནས་གཅག་པར་བྱ་ཞེས་པ་ལྷ་མོའི་པདྨའི་ནང་དུ་སྤྲོ་བར་བྱ་སྟེ། དེ་ལས་ལྷན་ཅིག་སྐྱེས་པ་འཁྲུངས་པ་ན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པའི་

བག་ཆགས་ལ་སོགས་པ་དགྲ་བོ་ཐམས་ཅད་མགོ་མེད་པར་འགྱུར་ཏེ། ཉོན་མོངས་པ་ལ་སོགས་པ་རྣམས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་འགྱུར་རོ་ཞེས་པའི་དོན་ཏོ། །རྡོ་རྗེ་གྲི་གུག་གི་ཆོ་གའོ་ཞེས་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ཡེ་ཤེས་ཀྱི་ཆོ་གའོ་ཞེས་པའི་དོན་ཏོ། །ལྷ་རྣམས་

དགས་པར་འདོད་པས་ཐིག་ལེ་བསྒྲུབ་པར་བྱ་སྟེ་ཞེས་པ་རྣལ་འབྱོར་པ་ནུས་པ་ཆེན་པོ་དང་ལྡན་པ་མུ་སྟེགས་པའི་ལྷ་དགས་པར་འདོད་པས་ཚངས་པའི་ས་བོན་རྒྱལ་ལ་བསྒྲུབས་ཏེ། ཀུ་ཋཱ་ར་ཙྪིནྣ་དང་བསྲེས་པ་ཉི་མ་གཟས་ཟིན་པ་ན། མི་བསྐྱོད་པས་བཏགས་པར་བྱའོ། །བཏགས་ནས་

དགྲ་སྟ་བྱ་སྟེ། དེ་རྐང་པས་མནན་ལ་སྔགས་བཟླས་པར་བྱའོ་ཞེས་པ། ཚངས་པའི་ས་བོན་ནི་པཱ་ལ་ཤའི་འབྲས་བུའོ། །རྒྱལ་ལ་བསྒྲུབས་ཏེ་ཞེས་པ་སྐར་མ་རྒྱལ་ལ། ཀུ་ཋཱ་ར་ཙྪིནྣ་དང་བསྲེས་པ་བྱས་ནས་ཉི་མ་གཟས་ཟིན་པ་ན་མི་བསྐྱོད་པ་རྡོ་རྗེ་ཆུ་ཡིས་བཏགས་པར་བྱའོ། །

བཏགས་ནས་དགྲ་སྟ་བསྒྲུབ་པར་བྱ་སྟེ། དེ་རྐང་པས་མནན་ལ་སྔགས་བཟླས་པར་བྱའོ། །ཨོཾ་བཛྲ་ཀུ་ཋཱ་ར་པཱ་ཊ་ཡ་པཱ་ཊ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་འདི་བྱེ་བ་བཟླས་ནས་ཐིག་ལེ་བྱ་ཞིང་། བྱས་ནས་གང་ན་རེག་པར་གྱུར་པ་ན་དེ་དགས་པར་འགྱུར་ཏེ། ལྷ་དགས་པའི་ཆོ་

གའོ། །ཡང་ན་ལྷ་རྣམས་ཞེས་པ་བརྩེ་བ་དང་རོལ་པའི་ཕྱིར་ལྷ་སྟེ་ཕུང་པོ་ལྔའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་དག་པར་འདོད་པས་སྤྲོ་བའི་ཚུལ་གྱིས་རྣམ་པར་གཞག་པར་འདོད་པའོ། །ཏིལ་དང་འདྲ་བའི་ཕྱིར་ཏིལ་ཏེ་རིགས་གཅིག་དང་འབྲེལ་ཡང་ཁྱད་པར་ཐ་

Vol. 3 · folio 87b

དད་པ་དུ་མའོ། །དེ་ཡང་ཀཾ་ཞེས་པ་དོན་དམ་པའི་ངོ་བོ་སྟེ། གཉིས་ཀ་དབྱེར་མེད་པས་ཐམས་ཅད་བསྐྱེད་པའི་ཕྱིར་རྡོ་རྗེ་འཆང་དེ་ཉིད་བསྒྲུབ་པར་བྱའོ། །གང་གི་ཕྱིར་རྡོ་རྗེ་འཆང་གི་གོ་འཕང་གྲུབ་ན་སྤྲོ་བ་དང་བསྡུ་བ་བྱེད་ནུས་པའི་ཕྱིར་ཏེ། དེ་གང་ལས་སྤྲོ་བ་དང་སྡུད་པར་བྱེད་པའི་རང་བཞིན་

རྡོ་རྗེ་འཆང་ཁོ་ནའོ་ཞེས་པའོ། །ཡང་ན་ཚངས་པའི་ས་བོན་ཞེས་པ་མྱ་ངན་ལས་འདས་པའི་གནས་ཏེ། ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད། །ཅེས་པའོ། །དེའི་འབྲས་བུ་ནི་རྒྱལ་ལ་བསྒྲུབ་ཞེས་པ་རྒྱལ་གྱི་སྒྲས་རྒྱས་པ་ཀུན་རྫོབ་ཀྱི་བདེན་པའོ། །དེའི་བསྒྲུབ་པ་ནི་ཀུན་རྫོབ་མཚན་

ཉིད་དང་བྲལ་བ་དོན་དམ་པ་སྟེ་དངོས་པོ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཀུ་ཋཱ་ར་ཙྪིནྣ་ས་བསྲེས་པ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའོ། །འདི་ཇི་ལྟར་ཞེ་ན། ཉི་མ་གཟས་ཟིན་པ་ན་ཞེས་པ། བདག་མེད་མས་ཟོས་ཟིན་པ་ན་མི་བསྐྱོད་པས་རྡོ་རྗེ་འཆང་གིས་བཏགས་པར་བྱ་གཅིག་ཏུ་

བྱའོ། །དེ་ལྟར་བྱས་ནས་དགྲ་སྟ་བྱ་སྟེ། མི་ཤེས་པ་ཐམས་ཅད་གཅོད་པའི་ཕྱིར་དགྲ་སྟ་ནི་རྡོ་རྗེ་འཆང་ཡིན་ལ་དེ་བྱ་སྟེ། །ཡང་དག་པར་བསྒྲུབ་པར་བྱའོ། །དེ་རྐང་པ་ཡེ་ཤེས་ཀྱིས་མནན་ལ། སྔགས་ཡེ་ཤེས་བཟླས་ཤིང་བསྒྲུབ་པར་བྱའོ། །ཨོཾ་སྐུ། བཛྲ་ཐུགས། ཀུ་ཋཱ་ར་གསུང་

སྟེ། མཚན་མ་ཉིད་ཀྱིས་མཚན་མ་མེད་པ་རྟོགས་པས་མི་ཤེས་པ་གཅོད་པའི་ཕྱིར་རོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའོ། །པཱ་ཊ་ཡ་པཱ་ཊ་ཡཱ་ཞེས་པ་དབང་པོ་དང་ཡུལ་དབྱེ་བ་མེད་པས་སྤྲོ་བའི་ཕྱིར་རྣམ་པ་གཉིས་སོ། །ཧཱུྃ་ཧཱུྃ་ཧཱུྃ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་ཕཊ་ཅེས་པ་རྣམ་པ་

གཉིས་དབྱེ་བ་མེད་པ་སྟེ། སྭཱ་ཧཱ་ཞེས་པ་ཡེ་ཤེས་ལྔ་རྣམས་ཀྱིའོ། །བྱེ་བ་བཟླས་ན་ཕུལ་དུ་བྱུང་བ་བསྒྲུབས་ཏེ། ཐིག་ལེ་རྡོ་རྗེ་འཆང་བྱ་ཞིང་མངོན་སུམ་དུ་བྱའོ། །དེའི་ཕྱིར་ཡང་རྡོ་རྗེ་འཆང་ངོ་། །ཨ་བ་ལ་ག་ཏི། ཨ་བདག་མེད། བ་རྡོ་རྗེ་འཆང་། གཉིས་ཀ་དབྱེར་མེད་པ་ལེན་ཅིང་འཛིན་

པའི་ཕྱིར་ཨ་བ་ལ། དེ་རྟོགས་ཤིང་ཁོང་དུ་ཆུད་པ་ཨ་བ་ལ་ག་ཏ། དེ་ལྟར་གྱུར་པ་ན། ཡ་མ་བ་ལ་ག་ཏིའོ། །དེ་ཉིད་རྡོ་རྗེ་འཆང་སྟེ། འགས་པ་སྤྲོ་བའི་ངོ་བོར་འགྱུར་རོ་ཞེས་པ་ལྷ་སྤྲོ་བའི་ཆོ་གའོ། །ཚ་བའི་རིམས་བྱེད་པར་འདོད་པས་ཨརྐའི་འདབ་མ་ལ། དུག་དང་སྐེ་ཚེ་དང་ཙི་ཏྲ་ཀའི་ཁུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words