རྒྱུད་ཀྱི་རྒྱལ་པོ་དཔལ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་ཏནྟྲ་རཱ་ཛ་ཊཱི་ཀཱ་སུ་བི་ཥ་ད་སཾ་པུ་ཊ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 3 · folio 88a

བས་དགྲ་བོའི་མིང་བྲིས་ཏེ། ཕུབ་མའི་མེ་ལ་བསྐྱུར་ཅིང་སྔགས་ཁྲི་ཕྲག་བཟླས་པར་བྱ་སྟེ། ཨོཾ་ཧེ་བཛྲ་ཛྭཱ་ར་ཛྭཱ་ར་ཤ་ཏྲཱུཾ་བྷྲཱུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕུབ་མའི་མེ་ལ་གཞུག་ཅིང་སྔགས་སྟོང་ཕྲག་བཅུ་བཟླས་པར་བྱ་སྟེ། དེ་ལས་ཚ་བའི་རིམས་སུ་འགྱུར་རོ། །ཞི་བའི་དོན་དུ་དེ་བཀུག་

སྟེ། འོ་མས་བཀྲུ་བར་བྱའོ་ཞེས་པའོ། །ཡང་ན་ཚ་བའི་རིམས་བྱེད་པར་འདོད་པས་ཞེས་པ་གཏུམ་མོའི་རྣལ་འབྱོར་གོམས་པར་བྱ་བར་འདོད་པས། ཨརྐའི་འདབ་མ་ལ་ཞེས་པ་ཨརྐ་ཉི་མའོ། །དེའི་འདབ་མ་ནི་དུམ་བུ་སྟེ་ཀཱ་ལིའོ། །དེ་ལ་དུག་དང་སྐེ་ཚེ་ནི། དུག་ཆུ་དང་ཟླ་བའོ། །དེའི་

སྐེ་ཚེ་ནི་ཨཱ་ལིའི་ཕྲེང་བའོ། །གཉིས་ཀ་དབྱེར་མེད་པས་ཙི་ཏྲའོ། །དེ་ཡང་ཀཾ། བདེ་བ་སྟེ་དེ་རོ་ནི་མྱོང་བའི་མཚན་ཉིད་དོ། །དེ་ཡིས་དགྲ་བོའི་མིང་། དགྲ་བོའི་སྒྲས་དགྲ་བོ་དང་འདྲ་བ་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམས་དགྲ་བོ་སྟེ། ཡུལ་དང་

དབང་པོ་དང་རྣམ་པར་ཤེས་པ་རྣམས་བསྡུས་པའི་ཕྱིར་གཅིག་གི་ཚིག་གོ། །དེའི་མིང་ཐ་སྙད་བྲི་བར་བྱ་སྟེ། ཉམས་སུ་མྱོང་བ་དེའི་བདག་ཉིད་ཀྱིས་གནས་པར་བྱའོ། །ཕུབ་མའི་མེ་ལ་ཞེས་པ་ནི། ཕུབ་མ་ནི་སྙིང་པོ་མེད་པ་གསོག་སྟེ། དེ་ཡང་མེ་ལྟ་བུར་སྲེག་པར་བྱེད་པའི་བདག་ཉིད་ཀྱི་ཕྱིར་

མེའོ། །དེ་ཡང་མྱོང་བ་སྟེ། དེ་ལ་གཞུག་ཅིང་དེའི་བདག་ཉིད་བྱའོ་ཞེས་པ་སྟེ། རིམ་པ་འདིས། སྔགས་ནི་ཡེ་ཤེས་སོ། །ཁྲི་ཕྲག་གཉིས་སུ་མེད་པ་བཟླས་ཏེ་བསྐྱེད་པར་བྱའོ། །རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ལས་ཨོཾ། །ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་ལས་ཧེ་བཛྲ་དེ་ལྟར་ཡེ་

ཤེས་ལྔ་དབྱེར་མེད་པ་ཉིད་ལས་ཛྭཱ་ར་ཛྭཱ་རའོ། །ཛྭཱ་ར་ཛྭཱ་ར་ཞེས་པ་ད་ཧ་ད་ཧའོ། །ད་ཧ་ད་ཧ་ཞེས་པ་ཇི་སྙེད་རང་བཞིན་མེད་པར་གྱིས་གྱིས་ཞེས་པ་སྟེ། །ཕྱི་དང་ནང་གི་དབྱེ་བ་ལས་གཉིས་ཀྱི་ཚིག་གོ། །ཤ་ཏྲཱུཾ་ཞེས་པ་བརྗོད་པ་ཁོ་ནའོ། །བྷྲཱུཾ་གྱི་སྒྲས་སྐུ་རྡོ་རྗེ་སྟེ། དེ་ཡང་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པ་རྡོ་རྗེ་གསུམ་

དབྱེར་མེད་པ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཕཊ་སྭཱ་ཧཱ། ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཕྱིར། ཁྲི་བཟླས་པ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །ཆང་སྐྱུག་པར་བྱ་བར་འདོད་པས། བསྒྲུབ་བྱའི་ལྟེ་བར་མཾ་ཡིག་བསྒོམ་པར་བྱ་ཞིང་། མཾ་ཡིག་

Vol. 3 · folio 88b

ཡོངས་སུ་གྱུར་པར་བལྟས་ནས་ལྟོ་བར་ཆང་བསྒོམས་ཏེ། སྐྱུག་པར་བྱེད་པར་བལྟས་ན་ཆང་སྐྱུག་པར་འགྱུར་རོ་ཞེས་པའི་དོན་ནི་རབ་ཏུ་གསལ་བ་ཁོ་ནའོ། །ཡང་ན་ཆང་སྐྱུག་པར་བྱ་བར་འདོད་པས་ཞེས་པས། མྱོས་པར་བྱེད་པའི་ཕྱིར་མརྱ་ལྷན་ཅིག་སྐྱེས་པའོ། །དེ་སྐྱུག་པར་བྱ་བར་འདོད་པས་

སྤྲོ་བའི་ཚུལ་གྱིས་བསྡུ་བའི་བདག་ཉིད་ཅན་རྣམ་པར་གནས་པར་བྱ་བར་འདོད་པའོ། །བསྒྲུབ་བྱ་རྡོ་རྗེ་འཆང་གི་ལྟེ་བར་སྐྱེ་བའི་གནས་སུ་མཾ་ཡིག་ལྔ་པའི་ལྔ་པ། མཱ་མ་ཀཱི་ཆུའི་ཁམས་བྱང་ཆུབ་ཀྱི་སེམས་ཁུ་བའི་རྣམ་པ་བསྒོམ་པར་བྱ་ཞིང་སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས་གནས་པར་

བྱའོ། །མཾ་ཡིག་ཡོངས་སུ་གྱུར་པ་བྱང་ཆུབ་ཀྱི་སེམས་ནང་དུ་ཐིམ་པའོ། །ཆང་གི་ལྟོ་བ་ཡེ་ཤེས་ཀྱི་གཞི་དེའི་བདག་ཉིད་དུ་བལྟས་ནས་མངོན་སུམ་དུ་བྱས་ཏེ། བསྒོམ་པ་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་སྙོམས་པར་ཞུགས་པར་བྱའོ། །སྐྱུག་པར་བྱེད་པར་བལྟས་ན། བཱནྟཱཾ་ཞེས་པ་བ་ཡིག་ལྔ་

པའི་གསུམ་པའོ། །ཨ་བདག་མེད་མ་སྟེ། དེས་རྣམ་པར་བརྒྱན་པ། བཱ་ཁྱད་པར་དགའ་བའོ། །དེ་ཡང་། ཀུན་ཏུ་ཆགས་པའི་མཚན་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་རང་བཞིན་ནོ། །དེའི་མཐར་གྱུར་པའི་ཕྱིར་བཱ་མཐའ་ལྷན་ཅིག་སྐྱེས་པའི་ངོ་བོའོ། །དེ་ལྟར་བྱེད་པ་ནི་དེ་ལྟར་བསྒྲུབ་པ་སྟེ། ལྟ་བ་ནི་

ཡེ་ཤེས་ཀྱི་མིག་མངོན་དུ་འགྱུར་རོ་ཞེས་པའོ། །ཆང་སྐྱུག་པ་ནི་ཆང་ལྷན་ཅིག་སྐྱེས་པ་སྡུད་པའི་ངོ་བོ་སྐྱུག་པ་སྤྲོ་བའི་ངོ་བོ་ཐོབ་པའི་ཕྱིར་རྡོ་རྗེ་འཆང་འགྲུབ་བོ། །རབ་ཏུ་མྱོས་མ་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་བརྒྱད་པ་ལ། མྱ་ངན་མེད་པའི་འོག་ཏུ་སོང་སྟེ། གོས་དམར་པོ་གྱོན་ནས་མྱོས་

བྱེད་ཀྱི་འབྲས་བུ་ཟ་ཞིང་། ཀཱ་ཀཱ་མ་ཙི་ཀཱའི་ཁུ་བས་ཐིག་ལེ་བྱས་ལ་སྔགས་བཟླས་པར་བྱ་སྟེ། ཨོཾ་ཨཱ་མུ་ཀཱི་མེ་ཧྲཱིཿབ་ཤཱི་བྷ་བ་ཏུ་སྭཱ་ཧཱ། ཞེས་པ་སྔགས་འདི་ཁྲི་བཟླས་ན། དེ་ནས་འོང་བར་འགྱུར་བའི་ཕྱིར། ཁྲི་བཟླས་པས་འོང་བར་འགྱུར་རོ་ཞེས་པ་སྟེ་དོན་གོ་སླ་བ་ཉིད་དོ། །རབ་ཏུ་མྱོས་པ་བདག་

མེད་མ། །དབང་དུ་བྱ་བར་འདོད་པ་འོང་བར་བྱེད་འདོད་པས། མྱ་ངན་མེད་པའི་བརྒྱད་པ་ལ་ཞེས་པ། ཨ་བདག་མེད་མའོ། །དེ་རྒྱས་པར་བྱེད་པའི་ཕྱིར་ཤ་སྟེ། ཨ་ཤཿརྡོ་རྗེ་འཆང་ངོ་། །དེ་ཡང་ཨ་བདག་མེད་མ། ཀ་རྡོ་རྗེ་འཆང་སྟེ། བདག་མེད་མས་འཁྱུད་པའི་རྡོ་རྗེ་འཆང་ངོ་། །བརྒྱད་པ་

Vol. 3 · folio 89a

ནི་རྣལ་འབྱོར་མ་བརྒྱད་དེ་མྱ་ངན་མེད་པ་དང་། བརྒྱད་པ་ནི་མྱ་ངན་མེད་པ་དང་བརྒྱད་པའོ། །དེའི་ལ་ཞེས་པ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ལའོ། །མྱ་ངན་མེད་པའི་འོག་ཏུ་སོང་སྟེ། ཞེས་པ་རྡོ་རྗེ་འཆང་དང་བདག་མེད་མ་འཁྱུད་པའི་རྡོ་རྗེ་འཆང་གི་རང་བཞིན་རྟོགས་ནས།

གོས་དམར་པོ་གྱོན་པ་ནི་དམར་པོ་རཱ་ག་ཆགས་པའི་མཚན་ཉིད་དོ། །དེ་ནི་གོས་ཏེ་སྒྲིབ་པའི་ངོ་བོའོ། །དེ་གྱོན་ཏེ་དེས་ཁྱབ་པར་བྱས་ནས་མྱོས་བྱེད་གྱི་འབྲས་བུ་ཞེས་པ་མྱོས་བྱེད་བྱང་ཆུབ་ཀྱི་སེམས་ཁུ་བའོ། །དེའི་འབྲས་བུ་ལྷན་ཅིག་སྐྱེས་པའི་ངོ་བོ་སྟེ། དེས་ཟ་ཞིང་ཁམས་གསུམ་པ་དེའི་བདག་ཉིད་

ཀྱིས་བཟའ་བར་བྱའོ། །ཀ་ཨ་ཀཱ་ཨཱ་ལི་དང་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་དང་དབྱེར་མེད་པ་ལས་མཱ་མ་ཀཱི་ཆུའི་ཁམས་ཁུ་བ་ཞེས་པ་ཇི་སྲིད་པའོ། །དེ་ཡང་ཨ་བདག་མེད་མ་ལྷན་ཅིག་སྐྱེས་པ་སྟེ། དེའི་ངོ་བོས་བརྒྱན་པའི་ཕྱིར་ཀཱ་མཱ་དེ་སོགས་པ་དང་འཕེལ་བའི་མཚན་ཉིད་ཀུན་རྫོབ་ཀྱི་

བདེན་པས་རྣམ་པར་གནས་པའི་ཕྱིར་ཀྱེའི་རྡོ་རྗེའོ། །དེའི་རོ་ནི་རྗེས་སུ་མྱོང་བའི་མཚན་ཉིད་དེ། དེས་ཐིག་ལེ་རྡོ་རྗེ་འཆང་བྱ་ཞིང་ཀུན་དུ་སྤྲོ་བར་བྱས་ལ། སྔགས་ཡེ་ཤེས་བཟླས་ཤིང་བསྒྲུབ་པར་བྱའོ། །ཨོཾ་ཨ་མུ་ཀཱི་མེ་ཧྲཱིཿབ་ཤཱི་བྷ་བ་ཏུ་སྭཱ་ཧཱ། ཨོཾ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་

ངོ་། །ཨ་མུ་ཀཱི་ཞེས་པ་ཨའི་མིང་ཅན་བདག་མེད་མའོ། །མ་ཞེས་པ་བྱང་ཆུབ་ཀྱི་སེམས་སོ། །ཨེ་ཨེ་ཡིག་གི་རྣམ་པའི་ཕྱག་རྒྱ་བདག་མེད་མ་དང་རྣལ་འབྱོར་མ་སྟེ། དེས་བརྒྱན་པའོ། །དེ་ཡང་ཧྲཱིཿབཞི་པའི་ངོ་བོ་བ་ཤཱི་བྷ་བ་ཏུ། ཞེས་པ་འདི་འོང་བའི་བྱེད་པ་སྟེ། དེ་ཡང་། སྭཱ་རྡོ་རྗེ་གསུམ་

མོ། །ཧཱ་ཤེས་རབ་དང་ཐབས་ཤེས་པ་ཡེ་ཤེས་ལྔའི་ངོ་བོའི་ཡེ་ཤེས་སོ། །འདི་ཡང་ཁྲི་ཡིས་འོང་བར་འགྱུར་ཏེ། ཡུ་ཏཾ་ལྡན་པ་སྟེ་གཉིས་ཀ་དབྱེར་མེད་པ་ཀུན་རྫོབ་དང་དོན་དམ་པ་དབྱེ་བ་མེད་པའོ། །དེ་ཡང་ཨའི་གཟུགས་བདག་མེད་མའི་ངོ་བོ་དེས་འོང་ཞིང་ཁོང་དུ་ཆུད་དེ། ཡང་དག་པར་

རྟོགས་པའི་བདག་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ཟླ་བ་དང་ཉི་མ་དབང་དུ་བྱ་བར་འདོད་པས། ཤཱ་ལི་བཏགས་པའི་རང་བཞིན་གྱི་ཟླ་བ་དང་ཉི་མ་བྱས་ཏེ། རྡོ་རྗེའི་ཆུ་ལ་གཞུག་ཅིང་སྔགས་བཟླས་ཏེ། ཨོཾ་བཛྲཱ་ཨརྐྐ་མཱ་ཙ་ལ་མཱ་ཙ་ལ་ཏིཥྛ་ཏིཥྛ་ཧེ་བཛྲཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། བྱེ་བ་ཕྲག་བདུན་

Vol. 3 · folio 89b

བཟླས་ན། ཟླ་བ་དང་ཉི་མ་གནས་ཏེ་ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ་ཞེས་པ་ཟླ་བ་དང་ཉི་མ་རྣམ་པར་འཛིན་པའི་ཆོ་གའོ་ཞེས་པ་གོ་སླ་བ་ཉིད་དོ། །ཡང་ན་ཉི་མ་དང་ཟླ་བ་དབང་དུ་བྱ་བར་འདོད་པས་ཞེས་པ། ཟླ་བ་རྡོ་རྗེ་འཆང་དང་ཉི་མ་བདག་མེད་མ་གཉིས་ཀ་

དབང་དུ་བྱ་བར་འདོད་པ་གཉིས་ཀ་དབྱེར་མེད་པར་བསྒྲུབ་པར་འདོད་པས། ཤཱ་ལི་བཏགས་པའི་རང་བཞིན་ཞེས་པ་ཤཱ་ལིའི་སྒྲས་དོན་ཡོད་གྲུབ་པ་རླུང་སྟེ། དེ་ཡང་ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་བཏགས་ཤིང་མནན་ཏེ་མཉེས་པས་ཕན་ཚུན་དབྱེ་བ་མེད་པར་གནས་པ་སྟེ། དེ་ཡང་ཀཾ་རྡོ་རྗེ་འཆང་སྟེ། དེའི་རང་

བཞིན་ཟླ་བ་དང་ཉི་མ་བྱས་ཤིང་བསྒྲུབས་ལ་རྡོ་རྗེའི་ཆུ་མི་ཕྱེད་པའི་བྱང་ཆུབ་ཀྱི་སེམས་ལ་གཞུག་ཅིང་། དེའི་བདག་ཉིད་ཀྱིས་གནས་པར་བྱའོ། །སྔགས་བཟླས་ཞེས་པ་འགོག་པར་བྱེད་པའོ། །དེ་ཡང་ཨོཾ་རྡོ་རྗེ་གསུམ། བཛྲ་ཨརྐྐ། བཛྲ་རྡོ་རྗེ་འཆང་། ཨརྐྐ་བདག་མེད་མ། གཉིས་

ཀ་དབྱེར་མེད་པ། མཱ་ཙ་ལ་མཱ་ཙ་ལ་ཞེས་པ་སྤྲོ་བའི་ངོ་བོས་སོ། །ཏིཥྛ་ཏིཥྛ་ཞེས་པ་བསྡུ་བའི་རང་བཞིན་ནོ། །དེ་ཡང་། ཧེ་བཛྲཱ་ཡ་ཞེས་པ་ཀྱེའི་རྡོ་རྗེ་ཡེ་ཤེས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །ཕཊ་སྭཱ་ཧཱ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་སོ། །བྱེ་བ་ཕྲག་

བདུན་བཟླས་ཞེས་པ་དྲུག་ནི་སེམས་ཏེ། དེ་ལས་འདས་པ་ནི་བདུན་པའོ། །དེ་ཉིད་ཀྱི་ཕྱིར་ཀོ་ཊི་ཕུལ་དུ་བྱུང་བ་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །འདི་ལས་སྟེང་དུ་གཉིས་ཀའི་སྔགས་རྣམ་པ་གཉིས་སུ་མེད་པར་རྟོགས་པར་འགྱུར་རོ། །གནས་ཞེས་པ་གཡོ་བ་མེད་པའི་རང་བཞིན་ནོ། །ཟླ་བ་དང་ཉི་

མ་ཞེས་པ་ཤེས་རབ་དང་ཐབས་དག་གོ། །ཉིན་མཚན་བྱེ་བྲག་མེད་པར་འགྱུར་རོ་ཞེས་པ། རྡོ་རྗེ་འཆང་དང་བདག་མེད་མ་དག་ལ་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ། ཐམས་ཅད་གྱི་ཚེ་དུས་གསུམ་ཁྱབ་པར་བྱེད་པའི་ཕྱིར་རོ་ཞེས་པ་ཟླ་བ་དང་ཉི་མ་རྣམ་པར་འཛིན་པའི་ཆོ་གའོ། །ཨ་ཞེས་ཤེས་པར་བྱེད་པའི་

ཕྱིར་ཨི་ཏ་ཡེ་ཤེས་ཏེ་དེ་ལའོ། །ཟླ་བ་དང་ཉི་མ་རྣམ་པར་འཛིན་པ་ནི་གཡོ་བ་མེད་པར་བྱེད་པ་སྟེ། དེ་བསྒྲུབ་པ་ནི་ཆོ་གའོ་ཞེས་པའི་དོན་ཏོ། །ཨོཾ་ན་གྲཱ་ན་གྲཱ་ཞེས་པའི་སྔགས་འདིས་དུས་མ་ཡིན་པའི་དུས་ན། གཞོན་ནུ་མའི་མིག་ལ་དོན་བསྒྲུབ་པའི་དོན་དུ་བརྒྱད་ལྷག་པའི་བརྒྱ་ཡིས་མངོན་པར་བསྔགས་ཏེ།

Vol. 3 · folio 90a

མེ་ཏོག་དང་། བདུག་པ་ལ་སོགས་པས་ཡང་དག་པར་མཆོད་ནས། བསྙན་གསན་དབབ་བོ། །བཅུ་བཞི་པའམ་བརྒྱད་པ་ལ་སྔ་དྲོའི་དུས་ན་བུམ་པ་ལ་སོགས་པ་གཞག་སྟེ། འབྲུ་མར་དང་། ཨ་ལ་ཀྟའི་ཁུ་བ་ལ་སྔགས་འདི་ཉིད་ཀྱིས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། དེ་

ནས་མངོན་པར་བསྔགས་པའི་ཨ་ལཀྟའི་ཁུ་བས་བསྔགས་པའི་མཐེ་བོང་རྒན་པོ་ལ་བསྐུ་ཞིང་འབྲུ་མར་གྱིས་ཀྱང་བཀྲུས་ནས་གཞོན་ནུ་མ་ལ་བསྟན་ཏེ། ངའི་རྫས་སུས་ཁྱེར་སྨྲོས། དེར་དེ་སྨྲ་བར་འགྱུར་ཏེ། ཆེ་གེ་མོས་ཞེས་པ་རྡོ་རྗེ་སྐར་རྩིས་སོ། །འདི་ནི་སྔགས་རྡོ་རྗེའི་མོ་ཞེས་པ་སྟེ། དོན་གསལ་

བ་ཁོ་ནའོ། །ཡང་ན། ཨོཾ་རྡོ་རྗེ་གསུམ་དབྱེར་མེད་པའོ། །དེ་ཡང་། ན་གྲཱ་ན་གྲཱ་ཞེས་པ་ཡི་གེ་བཞི་རྣམས་ཀྱིས་སྐད་ཅིག་བཞི་དང་། གཞན་དགའ་བ་བཞི་རྣམས་སོ་ཞེས་པའི་སྔགས་འདི་དང་ཡེ་ཤེས་འདིས་དུས་མ་ཡིན་པའི་དུས་ན་ཞེས་པ་དུས་གསུམ་དང་བྲལ་བའི་དུས་ནི་དུས་མ་ཡིན་པ་སྟེ།

བདེ་བའི་དུས་དང་སྡུག་བསྔལ་དུས། །བསམ་གྱིས་མི་ཁྱབ་དུས་ཉིད་དོ། །གསུམ་པོ་འདི་གང་ལ་བྲལ་བ་དེ་དུས་མ་ཡིན་པ་སྟེ། འདི་ལྟ་བུའི་སྐད་ཅིག་ལའོ། །བརྒྱད་ལྷག་པའི་བརྒྱ་ཡིས་ཞེས་པ། བརྒྱད་ནི་རྣལ་འབྱོར་མ་རྣམས་སོ། །འདི་རྣམས་ལས་ལྷག་པ་ནི་གཞན་བདག་མེད་མ་

དང་དབྱེར་མེད་པའི་རྡོ་རྗེ་འཆང་སྟེ། དེ་ཡང་རིགས་བརྒྱའི་རབ་ཏུ་དབྱེ་བ་ཐ་དད་པ་ཉིད་ཀྱིས་རྣམ་པ་བརྒྱ་ཡིན་པའི་ཕྱིར་སྔགས་བརྒྱའོ། །རྒྱུ་དེ་ཡིས་གཞོན་ནུ་མ་བདག་མེད་མའི་མིག་བདེན་པ་གཉིས་ལ་མངོན་པར་བསྔགས་ཏེ་ཕན་ཚུན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོར་བྱས་ནས། བཅུ་བཞི་

པ་ཞེས་པ་རྣལ་འབྱོར་མ་བཅུ་བཞི་བདག་མེད་མའི་དཀྱིལ་འཁོར་རོ། །བརྒྱད་པ་ཞེས་པ་རྣལ་འབྱོར་མ་བརྒྱད་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །གཉིས་ཀའི་བདག་ཉིད་ཀྱི་དཀྱིལ་འཁོར་ལ། སྔ་དྲོ་ཞེས་པ་འོད་གསལ་བ་ཉིད་ལའོ། །དེ་བུམ་པ་ལ་སོགས་པ་ནི་བུམ་པ་རྡོ་རྗེ་འཆང་དང་།

ཨ་བདག་མེད་མ་སྟེ་གཉིས་ཀ་དབྱེར་མེད་པ་དང་པོ་ཐོག་མའོ། །དེ་ཡང་ཀཾ་ཡེ་ཤེས་ཀྱི་རྣམ་པ་སྟེ། དེ་གཞག་ཅིང་བསྟན་པར་བྱས་ནས་གཞོན་ནུ་མ་བདག་མེད་མ་དེ་ལ། དྲི་དང་མེ་ཏོག་དང་བདུག་པ་རྣམས་ཀྱང་ཕུལ་ཏེ་ཞེས་པ་སྐུ་དང་གསུང་དང་ཐུགས་དབྱེ་བ་མེད་པ་རྣམ་པར་གནས་

Vol. 3 · folio 90b

པར་བྱ་ཞིང་། འབྲུ་མར་ལ་བརྒྱད་ལྷག་པའི་བརྒྱ་ཡིས་མངོན་པར་བསྔགས་ཏེ་ཞེས་པ་ཏིལ་མར་བྱང་ཆུབ་ཀྱི་སེམས་ཏེ། དེ་ཡང་བརྒྱད་ལྷག་པའི་བརྒྱ་རྡོ་རྗེ་འཆང་ངོ་། །དེ་ཡིས་ཀུན་ནས་ཡེ་ཤེས་ཀྱི་རང་བཞིན་རྟོགས་ཏེ། དེ་ནས་ཨ་ལཀྟ་ཡང་། ཨ་བདག་མེད་མ། ལཀྟ་ཆགས་པ་

འོད་དཔག་མེད། ཀཾ་གཉིས་ཀའི་བདག་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །འདི་ཡང་མངོན་པར་བསྔགས་ཏེ་གཞོན་ནུ་མ་བདག་མེད་མ་དེའི་མིག་ལ་སླར་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་ནས། སྔགས་པའི་མཐེ་བོང་རྒན་པོ་ཞེས་པ་སྔགས་པ་རྡོ་རྗེ་འཆང་གི་མཐེ་བོང་རྒན་པོ་ཞེས་

པ་སོར་མོ་ལྔའི་ཐུ་བོ་ཉིད་ལས་དེ་ཉིད་ཐུན་མོང་བའི་བདག་པོའོ། །དེ་ཡིས་ཨ་ལཀྟའི་རོ་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའི་ཡེ་ཤེས་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་འབྲུ་མར་གྱིས་ཀྱང་བཀྲུས་ནས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་ཏེ། གཞོན་ནུ་མ་བདག་མེད་མ་དེ་ལ་བསྟན་པར་བྱ་ཞིང་། རབ་ཏུ་

གསལ་བའི་མཚན་ཉིད་མངོན་སུམ་དུ་གྱུར་པར་བྱའོ། །ངའི་རྫས་སུས་ཁྱེར་སྨྲོས་ཞེས་པ། སུས་ཡེ་ཤེས་ཀྱིས་ངའི་རྫས་ང་ཉིད་ཀྱི་རང་བཞིན་གྱི་དངོས་པོ་སྟེ། །ཁྱེར་ཞེས་པ་ངེས་པར་ཕྲོགས་པའོ། །སྨྲོས་ཞེས་པ་ལྔ་པའི་གསུམ་པ་བ་ཡིག་འོད་དཔག་མེད་དང་བཞི་པའི་གསུམ་པ་ད་ཡིག་རིན་

ཆེན་དབང་པོ་དང་། གཉིས་ཀ་དབྱེར་མེད་པས་འཕྲོག་པར་བྱེད་ཅིང་བསྡུས་ཞེས་པའོ། །མཚན་མ་མེད་པའི་རང་བཞིན་བདག་མེད་མདོན་དམ་པའི་བདེན་པའི་ངོ་བོ་དེ་སྨྲ་བར་འགྱུར་ཏེ། ཐ་སྙད་བྱེད་ཅིང་ཀུན་རྫོབ་ཀྱི་བདེན་པ་མངོན་པར་གསལ་བར་བྱེད་དོ། །ཆེ་གེ་མོས་ཁྱེར་རོ་ཞེས་པ་ཨའི་མིང་ཅན་གྱིས་བསྡུས་ཞེས་

པའོ། །རྡོ་རྗེ་སྐར་མ་ཞེས་པ་བཛྲ་ནི་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཛྱོ་ཡ་ཏིཿཞེས་པ་དེ་འོད་གསལ་བ་ཨཱཿཡིག་གི་རྒྱས་བཏབ་པའོ། །འོད་གསལ་བ་ཉེ་བར་བསྟན་ནས་སྒྲིབ་པ་ལྔ་རབ་ཏུ་སྤང་བའི་ཕྱིར་སྔགས་ལྔ་གསུངས་པ། བེ་ཌུ་ཡཱ་བེ་ཌུ་ཡཱ་ཞེས་བརྗོད་ན་ལག་ལྡན་འབྲོས་པར་འགྱུར་རོ་ཞེས་བྱ་བ་དོན་རབ་

ཏུ་གསལ་བ་ཁོ་ནའོ། །ཡང་ན་བེ་ཌུ་ཡཱ་བའི་སྒྲས་ལྔ་པའི་གསུམ་པ་འོད་དཔག་མེད་དེ། དེ་ཡང་ཨེ་ཡིག་གིས་བརྒྱན་པ་བདག་མེད་མ་དང་དབྱེར་མེད་པའོ། །ཌ་ཡི་སྒྲས་གསུམ་པའི་གསུམ་པ་མི་བསྐྱོད་པ་སྟེ། དེ་ཡང་རྡོ་རྗེ་མཁའ་འགྲོ་མས་བརྒྱན་པའོ། །ཡའི་སྒྲས་གཡུང་མོ་སྟེ་དེ་

Vol. 3 · folio 91a

ཡང་རྡོ་རྗེ་མས་བརྒྱན་པའོ། །དེ་ལྟར་གཉིས་ཀ་དབྱེར་མེད་པ་བདེན་པ་གཉིས་ཏེ་དྲུག་ནི་དྲུག་པ་རྡོ་རྗེ་འཆང་ངོ་། །འདི་ལྟ་བུའི་ངོ་བོའི་ལག་ལྡན་འབྲོས་པར་འགྱུར་ཏེ། དབང་པོ་དང་ཡུལ་གྱི་དབྱེ་བའི་ཉོན་མོངས་པ་ལྡོག་པར་འགྱུར་རོ་ཞེས་པ་གཏི་མུག་རྣམ་པར་དག་པའོ། །མ་མྨཱ་

མ་མྨཱ་ཞེས་བརྗོད་ན་སྟག་འབྲོས་པར་འགྱུར་རོ་ཞེས་པའི་དོན་རབ་ཏུ་གསལ་བ་ཁོ་ནའོ། །ཡང་ན། མའི་སྒྲས་མི་བསྐྱོད་པ་སྟེ། དེ་ཡང་རྡོ་རྗེ་གསུམ་དབྱེར་མེད་པའོ། །མ་དོན་ཡོད་གྲུབ་པ་རླུང་གི་ཁམས་གསུང་རྡོ་རྗེའོ། །མ་མི་བསྐྱོད་པ་ཐུགས་རྡོ་རྗེའོ། །ཨ་རྡོ་རྗེ་མ་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་

རྡོ་རྗེ་སྟེ། རྡོ་རྗེ་གསུམ་དབྱེར་མེད་པ་རྡོ་རྗེ་འཆང་མ་མྨཱ་ཞེས་བྱ་བའི་དོན་གསལ་བའོ། །དེ་ཡང་ལན་གཉིས་བཟླས་པ་ནི་དྲུག་པ་རྡོ་རྗེ་འཆང་སྟེ། འདིས་སྟག་འབྲོས་པར་འགྱུར་རོ་ཞེས་པ་སྟག་ལྟ་བུར་འཚེ་བ་ཉིད་ཀྱིས་སྡུག་བསྔལ་བསྐྱེད་པའི་ཕྱིར་གཏི་མུག་ལ་སོགས་པ་སྟེ། དེ་དེ་ཉིད་དུ་ཐིམ་པའི་ཕྱིར་ང་རྒྱལ་

རྣམ་པར་དག་པའོ། །ཏི་ལླི་ཡཱ་ཏེ་ལླི་ཡཱ་ཞེས་བརྗོད་ན་བསེ་འབྲོས་པར་འགྱུར་རོ་ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན་ཏའི་སྒྲས་བཞི་བའི་དང་པོ་དོན་ཡོད་གྲུབ་པ་མཐའ་དག་གཅིག་ཏུ་སྡོམ་པའི་ནཱ་ད་སྟེ། དེ་ཡང་། ཨེ་ཡིག་གིས་བརྒྱན་པའི་ཕྱིར་ཐུགས་རྣམ་པར་དག་པའོ། །ལླི་ཞེས་པ་ས་དང་

རྣམ་པར་སྣང་མཛད་དབྱེར་མེད་པའི་ཕྱིར་ལ་ཡིག་གཉིས་རབ་ཏུ་སྦྱར་བ་སྟེ། དེ་ཡང་། ཨི་ཡིག་དང་བཅས་པ་ནི་ཚོར་བའི་ཕུང་པོ་གཽ་རཱིས་བརྒྱན་པ་སྐུ་རྣམ་པར་དག་པ་སྟེ། གཏི་མུག་ལ་གཏི་མུག་ནང་དུ་ཐིམ་པའི་ཕྱིར་རོ། །ཡའི་སྒྲས། ཡང་། རླུང་དང་གཡུང་མོ་དང་གསུང་རྡོ་རྗེ་སྟེ། ཨ་བདག་མེད་མས་

བརྒྱན་པ་ཐུགས་རྡོ་རྗེས་བྱིན་གྱིས་བརླབས་པའོ། །ཨ་རྡོ་རྗེ་མ་གཟུགས་ཀྱི་ཕུང་པོའི་རང་བཞིན་སྐུ་རྡོ་རྗེའི་བདག་ཉིད་དེ། འདི་ནི་རྡོ་རྗེ་གསུམ་གྱི་རང་བཞིན་གསུང་རྣམ་པར་དག་པའོ་ཞེས་པ་རྡོ་རྗེ་གསུམ་རྣམ་པར་དག་པའོ། །དེ་ཉིད་རྡོ་རྗེ་གསུམ་གྱི་ངོ་བོའི་ཡེ་ཤེས་དང་དེའི་རང་བཞིན་གྱིས། ཏེ་ལླི་ཡཱ་ཏེ་ལླི་

ཡཱ་ཞེས་ལན་གཉིས་བརྗོད་པ་ལས་རྡོ་རྗེ་གསུམ་དབྱེར་མེད་པས་བསེ་འབྲོས་པར་འགྱུར་ཏེ། འདི་ཡང་འཚེ་བ་ཉིད་ཀྱིས་སྡུག་བསྔལ་བསྐྱེད་པའི་ཕྱིར། ང་རྒྱལ་ལ་སོགས་པ་རྣམ་པར་དག་པས་འདོད་ཆགས་རྣམ་པར་དག་པའོ། །ཨི་ལི་མི་ལི་ཕུཿཕུཿཞེས་བརྗོད་ན་སྦྲུལ་འབྲོས་པར་འགྱུར་རོ་ཞེས་པའི་

Vol. 3 · folio 91b

དོན་གསལ་བ་ཁོ་ནའོ། །ཡང་ན། ཨི་ལི་མི་ལི་ཞེས་པ། ཨིའི་སྒྲས་གཽ་རཱི་ཚོར་བའི་ཕུང་པོའི་ངོ་བོ་ཉིད་ཀྱིས་མེའི་ཁམས་སོ། །ལིའི་སྒྲས་མེའི་ཁམས་དང་ལྡན་པའི་སའི་ཁམས་སོ། །མི་ཞེས་པ་མེའི་ཁམས་དང་བཅས་པའི་རླུང་གི་ཁམས་སོ། །ལི་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་

མེའི་ཁམས་ལ་སོགས་པ་སྟེ་ཁམས་གསུམ་པོ་སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་རྡོ་རྗེ་གསུམ་དང་དབྱེར་མེད་པ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེའི་སྔགས་ནི། ཕུཿཕུཿཞེས་པ་ལྔ་པའི་གཉིས་པ་རིན་ཆེན་དབང་པོ་སྟེ། དེ་རྡོ་རྗེ་མཁའ་འགྲོ་མས་བརྒྱན་པའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནོ། །

སླར་ཡང་ལེན་གཉིས་བཟླས་པ་ནི་བཞི་པའི་ངོ་བོ་ཉིད་ཀྱིས་དགའ་བ་བཞིའོ། །དེས་སྦྲུལ་འབྲོས་པར་འགྱུར་རོ་ཞེས་སྦྲུལ་ལྟ་བུར་དུག་གི་བདག་ཉིད་ཀྱི་ཕྱིར་སྦྲུལ་ཏེ། ཡུལ་རྣམས་རྣམ་པར་མ་དག་པ་དང་དུག་ལྟ་བུའོ། །དེ་རྣམས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པར་དག་

པ་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཕྱིར། སྦྲུལ་འབྲོས་པར་འགྱུར་ཞེས་པ་སྟེ། འདོད་ཆགས་ལ་སོགས་པ་རྣམ་པར་དག་པས་ཕྲག་དོག་རྣམ་པར་དག་པའོ། །ནོར་སྐྱོང་འདུལ་བའི་ཕྱག་གིས་ལག་པ་བསྟན་ན། ཁྱི་འབྲོས་པར་འགྱུར་རོ་ཞེས་པའི་དོན་གསལ་བ་ཁོ་ནའོ། །ཡང་ན་དྷའི་སྒྲས་བཞི་པའི་

བཞི་པ་དོན་ཡོད་གྲུབ་པའོ། །ནའི་སྒྲས་བཞི་པའི་ལྔ་པ་མི་བསྐྱོད་པ་སྟེ། དེ་གཉིས་སྐྱོང་བ་ནི་དབྱེ་བ་མེད་པས་གནས་པའི་ཕྱིར་ནོར་སྐྱོང་རྡོ་རྗེ་འཆང་ངོ་། །དེ་འདུལ་བའི་ཕྱག་ཡེ་ཤེས་ལྔའི་ངོ་བོས་ལྷག་པ་ཡེ་ཤེས་ལྔའི་རང་བཞིན་ཅན་གྱི་ཡེ་ཤེས་བསྟན་ཅིང་འོད་གསལ་བར་གྱུར་པར་བྱའོ། །དེས་

ཁྱི་འབྲོས་པར་འགྱུར་ཏེ། ཁྱི་དང་འདྲ་བ་བེམས་པོ་དང་རྣམ་པར་ཤེས་པའི་ངོ་བོ་གཟུང་བ་དང་འཛིན་པར་མངོན་པར་འདོད་པ་རྣམ་པར་ཤེས་པའི་རྣམ་པ་ནི་ཁྱིའོ། །འབྲོས་པ་ནི་བེམས་པོ་མེད་པར་རྟོགས་པའི་རྣམ་པས་འོད་གསལ་བ་ཉིད་ཐོབ་པར་འགྱུར་རོ་ཞེས་པ་ཕྲག་དོག་ལ་སོགས་པ་རྣམ་

པར་དག་པས་ཞེ་སྡང་རྣམ་པར་དག་པའོ། །མ་རིག་པ་ཟོས་པའི་ཕུང་པོ་ལྔ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་བདག་ཉིད་ཅན་ལག་ལྡན་ལ་སོགས་པ་ལྔ་པོ་འདི་རྣམས་ཏེ། ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ནོ། །ཇི་ལྟར་ཞེ་ན།

Vol. 3 · folio 92a

གསུངས་པ། རྡོ་རྗེ་མ་དང་། དཀར་མོ་དང་། ཆུ་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། བདག་མེད་མ་རྣམས། ས་སྤྱོད་མ་དང་། མཁའ་སྤྱོད་མའི་རྣལ་འབྱོར་ལས་རེངས་པ་ལ་སོགས་པ་རྣམས་བྱའོ། །བརྟུལ་ཞུགས་ཅན་ཞེས་པ་འདི་རྣམས་ཀྱང་གཟུགས་དང་། ཚོར་བ་དང་།

འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་དག་པའོ། །ཇི་ལྟར་ཞེ་ན། གསུངས་པ། ས་སྤྱོད་མ་དང་། མཁའ་སྤྱོད་མའི་རྣལ་འབྱོར་ལས་ཞེས་པ། ས་སྤྱོད་མ་སྲིད་པའི་རང་བཞིན་དང་། མཁའ་སྤྱོད་མ་མྱ་ངན་ལས་འདས་པའི་རང་བཞིན་གཉིས་དབྱེར་མེད་པས་རྣལ་

འབྱོར་ཏེ་དེའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། སྲིད་དང་ཞི་བའི་རང་བཞིན་གྱིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །ཞེས་པའོ། །རྒྱུ་འདིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལས་རེངས་པ་ལ་སོགས་པ་ཕྱི་རོལ་དུ་གྲགས་པ་དང་ནང་གི་བདག་ཉིད་ཅན་གཡོ་བ་མེད་པ་ལ་

སོགས་པ་རྣམས་བྱ་ཞིང་བསྒྲུབས་ཏེ་བརྟུལ་ཞུགས་ཅན་རྡོ་རྗེ་འཆང་གི་ངོ་བོ་ཞེས་པའི་དོན་ཏོ། །འདིས་ཅི་གསུངས་ན། ཡེ་ཤེས་ལྔའི་རང་བཞིན། ཤེས་རབ་དང་ཐབས་དབྱེར་མེད་པ་ཡུལ་དང་དབང་པོ་རྣམ་པར་དག་པ་རྡོ་རྗེ་གསུམ་མི་ཕྱེད་པ། བདག་མེད་མའི་དཀྱིལ་འཁོར། ཆོས་ཀྱི་དབྱིངས་

ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་ཅན། དྲུག་པ་རྡོ་རྗེ་འཆང་དང་ཐ་དད་མེད་པ། བཞི་པའི་རང་བཞིན། རང་བྱུང་གི་ཡེ་ཤེས་ཀྱི་བདག་ཉིད་ཅན་གསུངས་སོ། །རྡོ་རྗེ་འཆང་གི་དཀྱིལ་འཁོར་ཡང་འདི་དང་འདྲ་བ་ཁོ་ནར་གསུངས་ཏེ། དཀྱིལ་འཁོར་གཉིས་དབྱེར་མེད་པའི་ཕྱིར་རོ། །

ཨཱ་ལི་ཀཱ་ལི་གཉིས་ཀྱི་ནཱ་དའི་ཕྲེང་བ་སོ་སོར་སྔགས་ཀྱི་དེ་ཁོ་ན་འབྱུང་བར་འགྱུར་ཏེ། རྣམ་པ་གཞན་དུ་འདི་ལས་བཟློག་པ་རྟོག་པ་ལས་གསུངས་པའི་སྔགས་རྣམས་འགྲུབ་པར་མི་འགྱུར་བའི་ཕྱིར་རོ། །ཨོཾ་ཞེས་པ་རང་འབྱུང་སྟེ། དེ་ཉིད་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཨཱ་ལི་ཀཱ་ལི་གཉིས་

ཀྱིས་རྣམ་པ་གཉིས་སོ། །གཉིས་ཀའི་དབྱེ་བས་ཀྱང་སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད་ཀྱིས་རྣམ་པ་གསུམ་མོ། །དེ་ལ་ཡང་བདེ་བ་ལ་སོགས་པའི་རྣམ་པར་རྟོག་པས་རྣམ་པ་བཞིའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་བདག་ཉིད་ཀྱིས་ཡེ་ཤེས་ལྔའོ། །འདི་རྣམས་ནི་བཅོ་ལྔའོ། །དེ་

Vol. 3 · folio 92b

རྣམས་ཀྱང་ཡེ་ཤེས་ཀྱི་ལུས་ཡིན་པའི་ཕྱིར་དྲུག་པ་རྣམ་པར་ཤེས་པའོ། །དེ་ཡང་། དེའི་ངོ་བོ་ཉིད་ཀྱིས་དེ་ལས་འདས་པའི་ཕྱིར་ལྔ་པ་དང་དྲུག་པ་དང་བདུན་པའོ། །གསུམ་པོ་སོ་སོར་རྡོ་རྗེ་གསུམ་གྱི་རང་བཞིན་གྱི་ཕྱིར་དགུའི་བདག་ཉིད་དེ། དེའི་ཕྱིར་དཀྱིལ་འཁོར་གཉིས་དབྱེར་མེད་པ་ཁོ་ན་སྔགས་ཀྱི་དེ་ཁོ་ནའོ་

ཞེས་པ་སྟེ་ཀ་སྡེ་ནི་དང་པོ་མི་བསྐྱོད་པའོ། །ཙ་སྡེ་ནི་གཉིས་པ་དོན་ཡོད་གྲུབ་པའོ། །ཊ་སྡེ་ནི་གསུམ་པ་རིན་ཆེན་འབྱུང་ལྡན་ནོ། །ཏ་སྡེ་ནི་བཞི་པ་རྣམ་པར་སྣང་མཛད་དོ། །པ་སྡེ་ནི་ལྔ་པ་འོད་དཔག་མེད་དོ། །འདི་རྣམས་ཀྱང་སོ་སོར་ཡེ་ཤེས་ལྔ་དང་འབྱུང་བ་ལྔའི་བདག་ཉིད་ཅན་དེ་མི་བསྐྱོད་པ་ལ་སོགས་

པའི་རིམ་པས། ཀ་ཁ་ག་གྷ་ང་། ཉི་ཤུ་རྩ་ལྔའི་རབ་ཏུ་དབྱེ་བའོ། །དེ་རྣམས་རེ་རེ་ལ་ལྔའི་བདག་ཉིད་དང་། དེ་རྣམས་ཀྱང་ལྔའི་བདག་ཉིད་ཀྱིས་མཐའ་ཡས་པའི་རིགས་རྣམས་སུ་འགྱུར་བའི་ཕྱིར། ཡི་གེ་ཐམས་ཅད་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལྔའི་རྣམ་པའོ་ཞེས་པ་སྔགས་ཀྱི་དེ་ཁོ་ན་

གསུངས་སོ། །དེ་བཞིན་དུ་སྔགས་བཏུ་བའི་ཞར་ལ་ཡང་བཤད་དེ། དང་པོའི་དང་པོ་དང་ཞེས་པ་ལ་སོགས་པ་དང་། གཉིས་པའི་གསུམ་པ་ཞེས་པ་ལ་སོགས་པ་དང་། གཉིས་པའི་དང་པོ་ཞེས་པ་ལ་སོགས་པ་དང་། གསུམ་པའི་གཉིས་པ་ཞེས་པ་ལ་སོགས་པ་དང་། བཞི་པའི་གསུམ་པ་ཞེས་པ་ལ་སོགས་པ་དང་། ལྔ་པའི་བཞི་པ་

ཞེས་པ་ལ་སོགས་པ་དང་། བདག་མེད་མ་ཡིས་བརྒྱན་ཞེས་པ་ལ་སོགས་པ་རྣམས་སོ། །སྭཱ་ཞེས་པས་ཁུ་བ་འོད་དཔག་ཏུ་མེད་པ་གསུང་རྡོ་རྗེའོ། །བ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །ཨ་བདག་མེད་མ་ཐུགས་རྡོ་རྗེའོ་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ནི་སྔགས་ཏེ། དེ་ཡང་། ཧཱ་ཞེས་པ། ཧ་

ཐབས། ཨ་ཤེས་རབ་གཉིས་ཀ་དབྱེར་མེད་པ་སྔགས་སོ། །ཕཊ་ཡིག་ནང་དུ་གཞུག་པ་ནི་དབྱེ་བ་དང་ལྡན་པའི་ཕྱིར་ཞེས་པའི་དོན་ཏོ། །དེའི་ཕྱིར་གང་སྔགས་མེད་པ་དང་། གང་ཕྱག་རྒྱ་མེད་པ་དང་། གང་དཀྱིལ་འཁོར་མེད་པ་དང་། གང་ལྷའི་རྣམ་པ་མེད་པ་དང་། གང་བདག་མེད་མའི་རྣམ་པ་

མེད་པ་དང་། གང་རྡོ་རྗེ་འཆང་དང་བདག་མེད་མ་དབྱེར་མེད་པའི་རྣམ་པ་མེད་པ་ནི་འདིར་མི་འགྱུར་རོ། །དེའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་བརྡ་གཉིས་ཀྱི་སྒྲས་བྱ་བར་གྱུར་པ་ཐམས་ཅད་སྔགས་ཉིད་དོ་ཞེས་པ་སྟེ། མདོར་བསྟན་པ་ཙམ་བྲིས་པ་འདི་ནི་བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ་སྟེ། བདག་

Vol. 3 · folio 93a

ཉིད་རྗེས་སུ་དྲན་པའི་དོན་དང་བདག་དང་མཉམ་པའི་སེམས་ཅན་གྱི་དོན་དུ་ཡང་། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པར་སྔགས་ཀྱི་ལེའུ་སྟེ་གཉིས་པའོ། །ཀྱེའི་རྡོ་རྗེ་ཞེས་པ་གཉིས་ཀ་དབྱེར་མེད་པ་སྟེ། གང་གི་ཕྱིར་མཁའ་འགྲོ་མའི་དྲ་བ་རྣལ་འབྱོར་མའི་འཁོར་ལོའོ། །

མཆོག་དང་སྡུད་པར་བྱེད་པ་དེའི་བདག་ཉིད་ཀྱིས། དེའི་བདག་ཉིད་རབ་ཏུ་འཇུག་པའི་ཕྱིར། མཁའ་འགྲོ་མ་དྲ་བ་སྡོམ་པའོ། །དེར་སྔགས་ཀྱི་ལེའུ། སྔགས་ནི་ཡེ་ཤེས་ཏེ། པ་ཊ་ནི་དེ་སྦས་པའོ། །ལ་ནི་དེ་འཛིན་ཅིང་འཛིན་པའི་ཕྱིར་རོ། །དེ་ཡང་གཉིས་པ་ནི་སྤྲུལ་པའི་སྐུ་དང་དབྱེར་མེད་པ་ཉིད་

ཀྱིས་ཆོས་ཀྱི་སྐུ་དང་དབྱེར་མེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དང་པོར་འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་སོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནོ། །དེ་ནས་ཕྱག་བཅུ་དྲུག་པའིའོ། །དེ་ནས་སྔགས་ཐམས་ཅད་ཀྱི་ཚིག་གི་དང་པོར་ཨོཾ་ཡིག་དང་མཐར་སྭཱ་ཧཱ་དང་ཧཱུྃ་དང་

ཕཊ་ཡིག་ནང་དུ་གཞུག་པའོ། །དེ་ནས་གྲོང་ཁྱེར་དཀྲུགས་པའོ། །དེ་ནས་རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནོ། །དེ་ནས་ཕྱག་གཉིས་པའིའོ། །དེ་ནས་ཕྱག་བཞི་པའིའོ། །དེ་ནས་ཕྱག་བཅུ་དྲུག་པའིའོ། །དེ་ནས་བྱིན་གྱིས་བརླབ་པའོ། །དེ་ནས་སྦྱོང་བའོ། །དེ་ནས་རེངས་པ་དང་།

དབང་དུ་བྱ་བ་དང་། སྐྲོད་པ་དང་། དབྱེ་བ་དང་། མངོན་སྤྱོད་དང་། འགུགས་པ་དང་། གསད་པ་དང་། ཀུ་རུ་ཀུ་ལླེའི་སྔགས་དང་། ཆར་དབབ་པ་དང་། སྤྲིན་དྲལ་བ་དང་། ཁ་ཊི་ཀཱ་བསྒྲུབ་པ་དང་། ལྷ་དགས་པ་དང་། ཚ་བའི་རིམས་བྱེད་པ་དང་། ཆང་སྐྱུག་པའི་ཆོ་ག་དང་། མྱོས་མ་

དབང་དུ་བྱ་བ་དང་། ཟླ་བ་དང་། ཉི་མ་གཟུང་བ་དང་། རྡོ་རྗེ་སྐར་རྩིས་དང་། གླང་པོ་ཆེ་འབྲོས་པ་དང་། སྟག་འབྲོས་པ་དང་། བསེ་འབྲོས་པ་དང་། སྦྲུལ་འབྲོས་པ་དང་། ཁྱི་འབྲོས་པའི་སྔགས་ཏེ། རྡོ་རྗེ་རིགས་ཀྱི་ལེའུར་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་ཀྱི་འཁོར་ལོ་སྤྲོ་བ་ནི་སྤྲུལ་པའི་

སྐུའི་བདག་ཉིད་ཅན། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་སྔགས་སུམ་ཅུ་རྩ་གཉིས་རྣམས་སོ་ཞེས་པ་སྔགས་ཀྱི་ལེའུའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་གཉིས་པའོ།། །།ད་ནི་རྡོ་རྗེ་རིགས་ཀྱི་ལེའུར་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཉེ་བར་བསྟན་ནས།

Vol. 3 · folio 93b

སྔགས་ཀྱི་ལེའུར་ཡང་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་པར་བརྗོད་དེ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ལྷའི་ལེའུ་བཤད་པར་བྱའོ་ཞེས་པའོ། །དེ་ནི་རྣམ་པ་གཉིས་ཏེ་ལུས་དང་ལྡན་པ་དང་། སྔགས་ཀྱི་རང་བཞིན་ནོ། །གཉིས་ཀ་ཡང་བཤད་མ་ཐག་

པའི་ལེའུ་གཉིས་པོར་མཚོན་པར་བྱའོ། །ད་ནི་དེ་གཉིས་ཀ་དབྱེར་མེད་པ་ཡེ་ཤེས་ཀྱི་རང་བཞིན་གྱིས་ལྷ་གསལ་བར་བྱ་བའི་ཕྱིར་གསུངས་པ། ལྷའི་ལེའུ་བཤད་པར་བྱའོ་ཞེས་པའོ། །དེ་ལ། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། །གསུམ་པར་དགའ་བ་བསྒོམ་

བྱ་སྟེ། །ལྷག་མ་ཐམས་ཅད་བཏང་སྙོམས་སོ། །ཞེས་པའོ། །དེའི་ཕྱིར། སླར་ཡང་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་སྟེ། དང་པོར་ཞེས་པ་སྔོན་དུ་སྟོང་པ་ཉིད་བྱང་ཆུབ་སྟོང་པ་དང་།

མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་པར་བྱའོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་དེའི་རྗེས་ལ་གང་ལྷ་བསྒོམ་པར་བྱ་བ་དེའི་བསྐྱེད་པའི་སྔགས་བསྡུ་བ་ཡང་དག་པར་སྡུད་པའི་ངོ་བོ་ནི་གཉིས་པའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་ཕྱག་དང་།

ཞལ་དང་སྐུ་མདོག་དང་། མཚན་མ་ལ་སོགས་པའི་རྣམ་པས་རྫོགས་པར་བྱེད་པ་ནི་གསུམ་པའོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་འགྱུར་བ་མེད་པའི་ཕྱིར་འགྱུར་མེད་རྡོ་རྗེ་འཆང་ངོ་། །དེ་ཡང་དགོད་ཅིང་བསྐྱེད་པ་གཡོ་བ་མེད་པའི་རང་བཞིན་ཏེ། སྤྱི་བོར་རང་གི་རིགས་ཀྱི་དབང་པོར་འགྱུར་

རོ་ཞེས་པའི་གསུང་ལས་རིམ་པ་དེ་ལྟ་བུས་ལྷ་བསྒོམ་པར་བྱའོ་ཞེས་པ་བཞི་པའོ། །ཡང་ན། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །ཞེས་པ་དང་པོ་ནི་གཉིས་སུ་མེད་པའོ། །དེ་ཡང་། སྟོང་ཉིད་བྱང་ཆུབ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ཐུགས་རྡོ་རྗེ་ནཱ་ད་ལ་ཞོན་པའི་ཕྱིར་རོ། །

དེ་ཡང་གཉིས་པས་ས་བོན་གྱི་ཚུལ་གྱིས་ཡང་དག་པར་སྡུད་ཅིང་བསྡུ་བའོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་སྐུ་ནི་ཨཱ་ལི་དང་ཀཱ་ལི་ན་དའི་བདག་ཉིད་ཀྱིས་སྐུ་བསྐྱེད་པའི་ཕྱིར་རོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་འགོད་པར་བྱེད་པ་ནི་དགོད་པ་སྟེ། རྡོ་རྗེ་གསུམ་མི་ཕྱེད་པའོ། །དེ་

Vol. 3 · folio 94a

ཡང་ཡིག་འབྲུ་སྟེ། དེ་ནི་གཡོ་བ་མེད་པའོ། །དེ་བསྒོམ་པར་བྱ་ཞིང་སྙོམས་པར་འཇུག་པའི་སྦྱོར་བས་རྫོགས་པར་བྱའོ་ཞེས་པ་འདི་ནི་རིམ་པའོ། །ལས་ཀྱི་ཕྱག་རྒྱ་ལ་ནི་དགའ་བ་ལ་སོགས་པའི་རིམ་པས་འདིའི་རིམ་པའོ། །ཆོས་ཀྱི་ཕྱག་རྒྱ་ལ་ནི་འཁོར་ལོ་བཞིའི་རིམ་པས་གཏུམ་

མོའི་རྣལ་འབྱོར་གྱི་རིམ་པའོ། །ཕྱག་རྒྱ་ཆེན་པོ་ལ་ནི་ཕྱག་རྒྱ་གསུམ་དབྱེ་བ་མེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རིམ་པ་བཞིན་ནོ། །དེའི་ཕྱིར་སླར་ཡང་བྱམས་པ་བསྒོམ་པར་བྱ། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུར་དགའ་བར་འདོད་པའོ། །

གཉིས་པར་སྙིང་རྗེ་ནི་འབྲས་དང་། ཕོལ་མིག་ལ་སོགས་པ་སྡུག་བསྔལ་གྱི་རྣམ་པ་དང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་རང་བཞིན་རྣམས་ལས་ཡང་དག་པར་གདོན་པར་འདོད་པ་དང་། ཡང་དག་པར་བསྒྲལ་བར་འདོད་པའོ། །དགའ་བ་ནི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་

རྒྱུ་ལས་གྲོལ་བར་གྱུར་ཅིང་བདེ་བ་དང་ལྡན་པར་གྱུར་པ་རྣམས་ལ་གང་ཞིག་སེམས་རངས་པ་དེ་ནི་དགའ་བའོ། །བཏང་སྙོམས་ཞེས་པ་འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་བའི་མཚན་ཉིད་དེ། ལྷག་མ་ཐམས་ཅད་ཅེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཐར་ཐུག་པར་རོ། །ཡང་ན་གང་།

བྱམས་པ་ཞེས་པ་བུ་གཅིག་པ་ལྟ་བུར་དགའ་བ་ཉིད་དེ། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་ས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་པའི་གསུང་ལས་སོ། །གཉིས་པར་སྙིང་རྗེ་ཞེས་པ་གསུངས་པའི་རང་བཞིན་རྣམས་ཞེས་

པའོ། །གསུམ་པར་དགའ་བ་ཞེས་པ་དེའི་བདག་ཉིད་ཀྱིས་གཉིས་ཀ་དབྱེར་མེད་པའོ། །ལྷག་མ་ཐམས་ཅད་བཏང་སྙོམས་སོ་ཞེས་པ་གཉིས་ཀ་དབྱེར་མེད་པ་རྟོག་པ་ལས་འདས་པ་ཞེས་པའི་དོན་ཏོ། །ཡང་ན། དབང་པོ་དང་ཡུལ་ཐ་དད་པ་མེད་པ་ནི་བྱམས་པ་སྟེ། དགའ་བའི་རང་བཞིན་ནོ། །སྙིང་

རྗེ་ཞེས་པ་ཀཾ་བདེ་བ་སྟེ། རུ་ཎ་འཐུང་ཞིང་བདག་ཉིད་ལ་རབ་ཏུ་འཇུག་པའི་ཕྱིར་སྙིང་རྗེ་མཆོག་དགའི་རང་བཞིན་ནོ། །དགའ་བ་ཞེས་པ་བདེ་བ་དང་ཆགས་པའི་རང་བཞིན་ཁྱད་པར་གྱི་དགའ་བའི་རང་བཞིན་ནོ། །བཏང་སྙོམས་ཞེས་པ་ཆགས་པ་དང་ཆགས་བྲལ་རྣམ་པར་འདྲེས་པར་གྱུར་པ་ལྷན་ཅིག་

Vol. 3 · folio 94b

སྐྱེས་པའི་རང་བཞིན་ནོ། །ཡང་ན་བྱམས་པའི་སྒྲས་གཉིས་སུ་མེད་པར་རྟོགས་པ་ཤེས་རབ་བོ། །སྙིང་རྗེ་ཞེས་པ་སྤྲོ་བའི་རང་བཞིན་ཐབས་སོ། །དགའ་བའི་ཞེས་པ་གཉིས་ཀ་དབྱེར་མེད་པའི་ཕྱིར་རྡོ་རྗེ་གསུམ་གྱི་མཚན་ཉིད་དོ། །བཏང་སྙོམས་ཞེས་པ་རྡོ་རྗེ་གསུམ་དབྱེ་བ་མེད་པའི་མཚན་ཉིད་

དེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །བཞི་པོ་འདི་ཤེས་རབ་དང་ཐབས་གཉིས་དབྱེར་མེད་པ་ནི་རྣམ་པར་ཐར་པ་བརྒྱད་ཀྱི་རང་བཞིན་ཏེ། ལྷའི་བདག་ཉིད་མ་ལུས་པ་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པས། རང་བྱིན་གྱིས་བརླབ་པ་དང་ཟུང་དུ་

འཇུག་པ་དག་ལས་སོ་སོར་རྟོག་པར་བྱ་བའི་ཕྱིར་གསུངས་པ། རེ་ཕས་ཉི་མ་སྔོན་དུ་རྣམ་བསྒོམ་ཞིང་། །ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པར་བྱ། །ཞེས་པ་ཉི་མ་ནི་ཉི་མའི་དཀྱིལ་འཁོར་རོ། །སྔོན་དུ་དང་པོར་རྣམ་བསྒོམ་ཞིང་བསམས་

ནས། དེའི་རྗེས་ལ་ཉི་མའི་དཀྱིལ་འཁོར་དེ་གཞིར་གྱུར་པ་ལ། ཧཱུྃ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །ཧཱུྃ་ཡིག་དང་དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་སྒོ་ཐམས་ཅད་ནས་རྡོ་རྗེའོ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རབ་བསམ་ཞིང་རྣམ་པར་བསྒོམ་པར་བྱ་སྟེ། དང་ཡིག་གིས་ཕྲེང་བ་ལ་སོན་པའི་འོད་ཟེར་གྱིས་བསྒོམ་

པར་བྱ་ཞེས་པའོ། །གུར་བཅིང་པ་ཡང་ཞེས་པ་གུར་ལྟ་བུ་ནི་གུར་དེ་དེའི་བཅིང་བ་ནི་དབྱིབས་སོ། །ཡཾ་ཡིག་གི་འོག་ཏུ་སོན་པའི་འོད་ཟེར་གྱིས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། སྟེང་དུ་སོན་པས་བླ་རེ་སྟེ། འདིས་ནི་ཁང་པ་བརྩེགས་པའོ། །ཡང་ན་རེ་ཕས་ཞེས་པ་རིན་ཆེན་དབང་པོས་ཉི་

མ་བདག་མེད་མ་དེ་ལ་ཧཱུྃ་འོད་དཔག་མེད་ཟླ་བ་བྱང་ཆུབ་ཀྱི་སེམས་སོ། །དེ་གཉིས་ཀ་ལས་བྱུང་བ་སྣ་ཚོགས་ཁམས་གསུམ་པ་སྟེ། དེ་ཡང་རྡོ་རྗེ་དབྱེ་བ་མེད་པའི་ཡེ་ཤེས་སོ། །རྡོ་རྗེ་དེ་ཉིད་ཀྱིས་ནི་ཡེ་ཤེས་དེ་ཉིད་ཀྱིས་ཏེ། ར་བ་ཕུལ་དུ་བྱུང་བའི་རྣམ་པ་སྐུ་མདོག་དང་ཕྱག་དང་ཞལ་དང་དབྱིབས་ལ་

སོགས་པའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པའི་ངོ་བོ་ནི་རྣམ་པའོ། །དེ་ཡང་ཀཾ་དོན་དམ་པའི་བདེན་པའི་རང་བཞིན་ཏེ། གཉིས་ཀ་དབྱེར་མེད་པས་ཟུང་དུ་འཇུག་པ་ནི་གུར་བཅིང་བའོ། །དང་པོར་རོ་ནི་བསྒོམ་བྱ་བ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རིག །ཅེས་པ་ཁང་པ་བརྩེགས་པ་དེ་དང་པོ་ཐོག་མར་རོ་བསྒོམ་

Vol. 3 · folio 95a

པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རིག །ཆོས་འདུ་བྱེད་ཐམས་ཅད་དོ། །དེ་རྣམས་ཀྱི་དབྱིངས་ནི་རང་བཞིན་ཏེ། དེའི་བདག་ཉིད་རང་བཞིན་མེད་པའི་ངོ་བོའོ། །རིག་པ་ནི་ཤེས་པ་སྟེ་ཡེ་ཤེས་ཀྱི་རྣམ་པས་དེ་རྟོག་པ་ཞེས་པའི་དོན་ཏོ། །

ཡང་ན་དེ་ཉིད་ཀྱེའི་རྡོ་རྗེར་བརྗོད་དེ། དང་པོ་གཉིས་སུ་མེད་པའོ། །རོ་ནི་རང་བཞིན་མེད་པ་སྟེ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དང་། །དེའི་ངོ་བོ་ནི་ཆོས་རྣམས་ཀྱི་དབྱིངས་སོ། །སྒྲོགས་པ་དང་རྗོད་པར་བྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་དེ། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའོ། །རིག་

པ་ཡེ་ཤེས་ཀྱི་རྣམ་པས་རྣམ་པར་གཞག་པར་བྱའོ་ཞེས་པའི་དོན་ཏོ། །དེའི་སྟེང་རྣལ་འབྱོར་པ་གནས་ནས། །ཧེ་རུ་ཀ་ཉིད་རྣམ་པར་བསྒོམ། །ཞེས་པ། རོའི་སྟེང་དུ་རྣལ་འབྱོར་པ་གནས་ནས་ཧེ་རུ་ཀ་ཉིད་ཧེ་རུ་ཀའི་རྣམ་པར་བསྒོམ་པར་བྱའོ། །ཡང་ན། རྣལ་འབྱོར་པ་འདི་ལ་རྣལ་འབྱོར་ཡོད་པའི་

པའི་ཕྱིར་རྣལ་འབྱོར་པ་ཟུང་འཇུག་གི་རིམ་པ་ལ་གནས་པའོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ་བཤད་ཟིན་པའི་དོན་གྱི་རང་བཞིན། དེའི་སྟེང་དུ་གཡོ་བ་མེད་པར་གྱུར་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་གནས་ནས། ཧེ་རུ་ཀ་ཉིད་ཅེས་པ། ཧེ་ནི་རྒྱུ་སོགས་སྤངས་པ་སྟེ། །རུ་

ནི་བཀོད་པ་དང་བྲལ་བ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ། དེ་ལྟར་གྱུར་པའི་ཧེ་རུ་ཀ་དེའི་དངོས་པོ་དེ་ཉིད་རྣམ་པར་བསྒོམ་ཞིང་རྣམ་པ་སྣ་ཚོགས་པ་སྙོམས་པར་འཇུག་པའི་རྣལ་འབྱོར་གྱིས་རྣམ་པར་གནས་པར་བྱའོ་ཞེས་པའི་དོན་ཏོ། །རེ་བས་ཉི་མ་སྔོན་དུ་རྣམ་བསྒོམ་ཞིང་། །ཞེས་མདོར་

བསྟན་པའི་རྒྱས་པར་བཤད་པ་གསུངས་པ། རང་གི་སྙིང་གར་རེ་ཕ་བསྒོམ། །ཞེས་པ། དེ་གང་དུ་བསྒོམ་པར་བྱ་ཞེས་དོགས་པ་ལ་གསུངས་པ། རང་གི་སྙིང་གར་རང་གི་སེམས་ལ་རེ་ཕ་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། །དེར་ནི་ཧཱུྃ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་

བཞིན་ཅན། །ཞེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་ཡེ་ཤེས་ཐམས་ཅད་བཤད་ཟིན་ཏེ་རང་གི་སྙིང་གར་ཞེས་པ་ཆོས་འབྱུང་ལ། ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པ་ཐབས་སྣ་ཚོགས་རྡོ་རྗེ་དང་། ཤེས་རབ་སྣ་ཚོགས་པདྨ་དང་། །འདི་དག་གི་རང་བཞིན་ནི་ཀཾ་ཡེ་ཤེས་ཏེ།

Vol. 3 · folio 95b

ཆོས་འབྱུང་དང་སྣ་ཚོགས་རྡོ་རྗེ་དང་། སྣ་ཚོགས་པདྨ་ནི་རྡོ་རྗེ་གསུམ་དབྱེར་མེད་པ་ཞེས་པའི་དོན་ཏོ། །རྡོ་རྗེ་དེ་ལ་ཧཱུྃ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པ། ཁ་དོག་ནག་པོ་ཏེ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོར་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས་པ། །ཡང་ནི་ཧཱུྃ་གི་དེ་ཉིད་བསྒོམ། །ཞེས་པ་ཧཱུྃ་གི་

དེ་ཉིད་ཡང་བསྒོམ་པར་བྱའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ལྟེ་བའི་དབུས་གནས་པ། རྡོ་རྗེའི་དབུས་སུ་གནས་པ་ཁ་དོག་ནག་པོ་འཇིགས་ཆེན་པོ། །བལྟ་བར་མི་བཟོད་པའི་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་དེའི་དབུས་སུ་གནས་པ་ཞེས་པའི་དོན་ཏོ། །ཧཱུྃ་ཡིག་ཡོངས་སུ་གྱུར་བལྟས་ནས། །ཞེ་སྡང་

བདག་ཉིད་རྣམ་པར་བསྒོམ། །ཧཱུྃ་ཡིག་དེ་ཡོངས་སུ་གྱུར་པར་བལྟས་ཏེ། ཞེ་སྡང་བདག་ཉིད་མི་བསྐྱོད་པའི་རང་བཞིན་རྣམ་པར་བསྒོམ་པར་བྱའོ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཡང་ན་སྔོ་དང་དམར་བའི་མདོག །དད་པས་ངེས་པར་བསྒོམ་པར་བྱ། །ཞེས་པ་རྡོ་

རྗེ་སྐྱེ་བ་ནི་གང་ཞིག་རྡོ་རྗེའི་ངོ་བོར་སྐྱེས་ཤིང་བྱུང་བ་དེ་རྡོ་རྗེ་སྐྱེ་བའོ། །དེ་ཉིད་ཀྱི་ཕྱིར་ནག་པོ་ཆེ་ཤིན་ཏུ་སྔོན་པོ་གཉིས་སུ་མེད་པའོ། །འདམ་སྐྱེས་སྔོན་པོ་འདྲ་བ་ནི་དཀར་པོ་དང་ནག་པོ་འདྲེས་པའི་ཁ་དོག་གི་ངོ་བོ་རྣམ་པ་གཉིས་སོ། །ཡང་ན། སྔོ་དང་དམར་པོའི་མདོག་ཅེས་པ་དཀར་པོ་དང་ནག་པོ་དང་

དམར་པོ་བསྲེས་པའི་ཁ་དོག་གི་རང་བཞིན་རྣམ་པ་གསུམ་བསྒོམ་པར་བྱའོ། །འདི་ལས་ཁ་དོག་གཅིག་ལ་ཐ་དད་པའི་རང་གི་བསམ་པས་ངེས་པར་བསྒོམ་པར་བྱ་སྟེ། །ཧེ་རུ་ཀ་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་གསུམ་ནི་གཅིག་གོ་ཞེས་དགོངས་པའོ། །ཡང་ན། ཁ་དོག་ནག་

པོ་ཞེས་པ་ནག་པོའི་ལུས་སུ་གྱུར་པའི་ཡི་གེ་ཨཱ་ལི་ཀཱ་ལིའི་ངོ་བོ་གང་ཡིན་པ་དེ་ཁ་དོག་ནག་པོ་སྟེ་ཆ་དང་བྲལ་བ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར། འཇིགས་པ་ཆེན་པོ་ནི་ཤིན་ཏུ་དམིགས་པ་མེད་པའི་རང་བཞིན་ནོ། །བྱུང་བའི་རྡོ་རྗེ་ཞེས་པ་མི་ཕྱེད་པའི་ངོ་བོས་ཡང་དག་པར་གནས་པའོ། །གང་ལས་ཤེ་ན།

ཧཱུྃ་ཡིག་ལ་སྟེ། ཤེས་རབ་དང་ཐབས་དབྱེར་མེད་པ་ལས་སོ། །དེ་ལྟར་གྱུར་པའི་རྡོ་རྗེའི་ལྟེ་བའི་དབུས་གནས་པ། བ་བྱང་ཆུབ་ཀྱི་སེམས་ཐབས་དང་། ར་ཤེས་རབ་གཉིས་ཀ་རྟོགས་པའི་ཕྱིར་ལྟེ་བ་སྟེ། དེ་ཡང་ཀཾ་ངོ་། །དེའི་དབུས་གནས་ཞེས་ཤེས་རབ་དང་ཐབས་དབྱེར་མེད་པའོ། །དེ་ལྟར་གྱུར་

Vol. 3 · folio 96a

པའི་ཧཱུྃ་གི་དེ་ཉིད་དེ་ཁོ་ན་ཡང་དག་པའི་ཡེ་ཤེས་བསྒོམ་བྱ་སྟེ། ཡང་ཞེས་པ་འདི་ཡང་ནས་ཡང་བར་ཆད་མེད་པ་ཁོ་ནར་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ཧཱུྃ་ཡིག་གི་རང་བཞིན་ཁོ་ནས་འབྲས་བུ་དང་རྒྱུ་དབྱེར་མེད་པའི་ཕྱིར་བལྟས་ནས་ཞེས་པ། རྟོགས་ནས་ཞེ་སྡང་

གི་བདག་ཉིད་འཁོར་བ་དང་རྣམ་པར་བྱང་བ་དབྱེ་བ་མེད་པའི་ཕྱིར་གཉིས་འདོད་པ། །གང་ཡང་མི་འདོར་བ་ནི་ཞེ་སྡང་ངོ་། །དེ་ཉིད་གང་གི་ལུས་ཡིན་པ་དེ་ནི་བདག་ཉིད་དེ། དེ་བསྒོམ་པར་བྱའོ་ཞེས་གསུངས་པའི་དོན་ཏོ། །ཡང་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། གསུངས་པ། རྡོ་རྗེ་སྐྱེ་བ་ཞེས་པ་ལ་སོགས་པ་

སྟེ། སྐྱེ་བ་ནི་འབྱུང་བའོ། །ནག་པོ་ཆེ་ནི་འཇིག་པ་སྟེ། གཉི་ག་ཡང་དབྱེར་མེད་པ་ནི་རྡོ་རྗེ་ཡིན་པའི་ཕྱིར། རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །སྔོན་པོ་ནི་དཀར་པོ་དང་ནག་པོ་ཉིད་ལས་སོ། །སྔོན་པོ་དེ་ཡང་འདམ་སྐྱེས་ཏེ། །པདྨ་དང་ཆོས་འབྱུང་ངོ་། །དེ་ལ་ཡང་དག་པར་ལྷག་

པ་མེད་པས་གསལ་ཞིང་སོ་སོར་གསལ་བའི་ཕྱིར་འདམ་སྐྱེས་སྔོན་པོ་འདྲ་བའི་མདོག་སྟེ། སྐྱེ་བ་དང་འཇིག་པ་དབྱེར་མེད་པ་ནི། ཆོས་འབྱུང་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཡང་ན། སྔོ་དང་དམར་བའི་མདོག་ཅེས་པ། ཁ་དོག་གཉིས་ཀའི་བདག་ཉིད་ཅན་སྔོན་པོ་དང་དཀར་པོ་དང་དམར་པོའི་ཚུལ་

གྱིས་འཇིག་པ་དང་སྐྱེ་བ་དང་། གནས་པའི་ངོ་བོས་མཚུངས་པའི་ཕྱིར་སྔོན་པོ་དང་། དམར་པོའི་མདོག་གོ། །དེ་ལྟར་གྱུར་པ་དད་པའི་དབང་པོ་སྟེ། དབང་པོ་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར། དད་པས་བསྒོམ་པར་བྱ་ཞིང་ངེས་པས་མཉམ་པར་རྟོགས་པར་བྱའོ། །ཡང་ན། རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །

ཞེས་པ་འདི་ནི་གཉིས་སུ་མེད་པའི་རང་བཞིན་གྱིས་ཡོངས་སུ་དག་པའི་ཡེ་ཤེས་སོ། །དེ་ཉིད། འདམ་སྐྱེས་སྔོན་པོ་འདྲ་བའི་མདོག །ཅེས་པ། ཤེས་རབ་དང་ཐབས་དབྱེར་མེད་པ་ཡང་ངོ་། །ཡང་ན། སྔོ་དང་དམར་བའི་མདོག་ཅེས་པ། །ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་རྡོ་རྗེ་གསུམ་

དབྱེར་མེད་པ་ཡང་ངོ་ཞེས་བསྒོམ་པར་བྱ་ཞིང་། སྙོམས་པར་འཇུག་པས་གནས་པར་བྱ་སྟེ། དད་པས་ངེས་པར་ཞེས་པའི་དོན་བཤད་ཟིན་ཏོ། །ཡང་ན་གང་སྐྱེ་བ་འབྱུང་བ་དང་། ནག་པོ་ཆེ་འཇིག་པ་སྟེ་དེ་ཡང་རྡོ་རྗེའོ། །དེ་ཉིད་ཀྱི་ཕྱིར་སྔོན་པོ་གཉིས་ཀ་དབྱེར་མེད་པ་སྟེ། གཉིས་པོ་དབྱེར་མེད་པ་ཡང་

Vol. 3 · folio 96b

གནས་པ་ཐིམ་པ་ཉིད་དོ་ཞེས་པ་སྔོ་དང་དམར་བ་ཉིད་ལས་སྐྱེ་བ་དང་འཇིག་པ་དང་གནས་པ་རྣམས་སོ། །འདི་གསུམ་ཡང་ཨའི་གཟུགས་བདག་མེད་མ་དབྱེ་བ་མེད་པས་སྣང་བར་འགྱུར་བ་དེའི་བདག་ཉིད་ཀྱིས་གནས་པར་འགྱུར་རོ་ཞེས་པ་སྔོ་བ་དང་དམར་པོའི་མདོག་གོ། །དེ་ལྟར་གྱུར་པའི་རྗེ་བཙུན་གང་

དུ་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། གསུངས་པ། ནམ་མཁར་རྗེ་བཙུན་ཞེས་པ་ནམ་མཁར་ཆོས་འབྱུང་ཁང་པ་བརྩེགས་པའི་ནང་དུ། རྗེ་བཙུན་ཞེས་པ་འགྲོ་བའི་མངའ་བདག་གོ། །བལྟས་ནས་རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །བལྟས་

ནས་ཞེས་པ་ཡང་དག་པར་དམིགས་ནས་ཁྱད་པར་ཅི་ཞེ་ན། རྡོ་རྗེ་སྐྱེ་བ་ཞེས་པ་རྡོ་རྗེ་འཆང་ངོ་། །སྙིང་རྗེ་ཆེ་ཞེས་པ་སྟོན་པ་བླ་མ་རྗེ་བཙུན་ནོ། །སྙིང་ག་ནས་དམིགས་པའི་མཆོད་པས་མཆོད་པར་བྱ་སྟེ། ལྷ་མོ་བརྒྱད་ཅེས་པ། གཽ་རཱི་ལ་སོགས་པ་རྣལ་འབྱོར་མ་བརྒྱད་པོ་རྣམས་ཀྱིས་སོ། །ཁྱད་པར་ཇི་

ལྟ་བུ་རྣམས་ཀྱིས་ཤེ་ན། རྒྱན་རྣམས་ཐམས་ཅད་འཛིན་པའི་ཞེས་པ་རྒྱན་འཁོར་ལོ་དང་རྣ་རྒྱན་ལ་སོགས་པའི་ཕྱག་རྒྱ་དེ་རྣམས་འཛིན་པ་ཡིས་སོ། །དཀར་མོ་རི་དགས་མཚན་མ་འཛིན། །ཞེས་པ་བྱང་ཆུབ་ཀྱི་སེམས་ཟླ་བའོ། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །ཅེས་པ་ཐོད་པར་གནས་

པའི་རིན་ཆེན་དབང་པོ་ཉི་མའོ། །རོ་ལངས་མ་ནི་ཆུ་ལག་མ། །ཞེས་པ་མི་བསྐྱོད་པས་གང་བའི་ཐོད་པ་འཛིན་པའོ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །ཞེས་པ་སྨན་ནི་རྣམ་པར་སྣང་མཛད་དེ། དེས་གང་བའི་ཐོད་པ་འཛིན་པའོ། །པུཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་པ་རྡོ་རྗེ་ནི་ཤ་སྟེ། དོན་ཡོད་གྲུབ་པ་སྐུ་རྡོ་

རྗེ་ལ་རབ་ཏུ་ཞུགས་པའི་ཕྱིར་དེ་ཉིད་རྡོ་རྗེའི་ལག་པའོ། །དེ་བཞིན་རི་ཁྲོད་མ་རོ་འཛིན། །ཞེས་པ་རོ་ནི་སྦྲང་རྩི་ལ་སོགས་པའི་བཅུད་ཀྱི་མཚན་ཉིད་དེ་དེ་འཛིན་པའི་ཕྱིར་རོ་འཛིན་པའོ། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །གཡུང་མོས་སྐུ་ལ་འཁྱུད་པ་

ཉིད། །ཇི་ལྟར་གཡུང་མོས་སྐུ་ལ་འཁྱུད་པར་གྱུར་པ་དེ་ལྟར་གཡུང་མོ་དེས་མཆོད་པའོ། །ཇི་ལྟར་ཞེ་ན། འདོད་ཆགས་ཆེན་པོའི་རྗེས་ཆགས་ལས། །ཞེས་པ་འདོད་ཆགས་ཆེན་པོ་ནི་རྡོ་རྗེ་འཆང་ངོ་། །དེའི་རྗེས་ཆགས་ལས་ཞེས་པ་འདིས་ཧེ་རུ་ཀ་བཞི་པོའི་ཡང་སྟེ། འདི་ནི་མཁའ་

Vol. 3 · folio 97a

འགྲོ་མའི་དཀྱིལ་འཁོར་ལ་ཡང་ངོ་། །ཡང་ན་ནམ་མཁར་རྗེ་བཙུན་ཞེས་པ་ལ་སོགས་པ་ནི་ནམ་མཁར་ཞེས་པ་ཆོས་འབྱུང་ཨེ་ཡིག་གི་དབྱིབས་ལ། རྗེ་བཙུན་བྱང་ཆུབ་ཀྱི་སེམས་བཾ་ཡིག་གི་དབྱིབས་སོ། །བལྟས་ནས་ཞེས་པ་ལྟ་བ་ནི་ཡེ་ཤེས་ཏེ། དེའི་རང་བཞིན་དུ་

བྱས་ནས། རྡོ་རྗེ་སྐྱེ་བ་གཉིས་ཀ་དབྱེར་མེད་པའི་ངོ་བོས་སྐྱེས་པའོ། །སྙིང་རྗེ་ཆེ་ཞེས་པ་རྣམ་པ་ཐམས་ཅད་པའི་རང་བཞིན་ནོ། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །ཅེས་པ་ལྷ་མོ་བརྒྱད་ཀྱི་རང་བཞིན་གྱིས་བསྐྱེད་པར་བྱ་ཞེས་པའོ། །རྒྱན་རྣམས་ཐམས་ཅད་འཛིན་པ་ཞེས་པ་འཁོར་ལོ་དང་རྣ་རྒྱན་ལ་

སོགས་པ་དེ་བཞིན་གཤེགས་པ་རྣམ་པར་དག་པའི་རྒྱན་འཛིན་པའི་ཕྱིར། དེ་རྣམས་དེ་བཞིན་གཤེགས་པ་རྣམ་པར་དག་པ་སྟེ། གཉིས་ཀ་མཉམ་པའི་ཕྱིར། བཅོམ་ལྡན་འདས་ཀྱང་དེ་ལྟ་བུ་ཁོ་ནའོ། །དཀར་མོ་རི་དགས་མཚན་མ་འཛིན། །ཞེས་པ། གཟུགས་རྡོ་རྗེ་མ་གཽ་རཱི་མེ་ལོང་ལྟ་བུའི་ཡེ་ཤེས་

ཀྱི་རང་བཞིན་སྐུ་རྡོ་རྗེ་འཛིན་པའོ། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །ཅེས་པ་སྒྲ་རྡོ་རྗེ་མ་ཆོམ་རྐུན་མ་ནཱ་ད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ལས་གསུང་རྡོ་རྗེའོ། །རོ་ལངས་མ་ནི་ཆུ་ལག་མ། །ཞེས་པ་དྲི་རྡོ་རྗེ་མ་རོ་ལངས་མ་སེམས་ནཱ་ད་ལ་འཁྱུད་པའི་ཕྱིར་དེ་ཡང་ས་བོན་སོ་སོར་རྟོག་པའི་

ཡེ་ཤེས་ཐུགས་རྡོ་རྗེའོ། །གྷསྨ་རཱི་ནི་སྨན་འཛིན་ཅིང་། །ཞེས་པ་རྡོ་རྗེ་གསུམ་མི་ཕྱེད་པའི་ཕྱིར་བདུད་རྩི་ལྔ་ནི་སྨན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །པུཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་པ་ས་ནི་པུཀྐ་སཱི་རུ་བཤད་དེ་སྐུ་རྡོ་རྗེའོ། །དེ་ཡང་རྡོ་རྗེ་གསུམ་མི་ཕྱེད་པ་སྟེ། དེའི་ཕྱིར་རྡོ་རྗེའི་ལག་པ་ཆོས་ཀྱི་དབྱིངས་ཤིན་

ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་བཞིན་རི་ཁྲོད་མ་རོ་འཛིན། །ཞེས་པ། ཆུའི་ཁམས་རི་ཁྲོད་མ་བྱང་ཆུབ་ཀྱི་སེམས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དབྱེར་མེད་པ་སྟེ། རོ་འཛིན་ཞེས་པ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་དབྱེར་མེད་པ་ཞེས་པའི་དོན་ཏོ། །གདོལ་བ་མོ་

ནི་ཅང་ཏེའུ་བརྡུང་། །ཞེས་པ། མེའི་ཁམས་ནི་གདོལ་བ་མོ་སྟེ་བདག་མེད་མའོ། །དེ་ཡང་ཅང་ཏེའུ་གཞོམ་དུ་མེད་པའི་སྒྲ་སྒྲོགས་པ་ནཱ་ད་དང་ཐ་དད་མེད་པ་ཆ་དང་བྲལ་བ་རྟོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །ཅེས་པ་འདི་རྣམས་ཀྱི་བདག་ཉིད་ཅན་བཅོམ་ལྡན་

Vol. 3 · folio 97b

འདས་ཞེས་པའི་དོན་ཏོ། །དེ་ཡང་ཇི་ལྟར་ཞེ་ན། གསུངས་པ། འདོད་ཆགས་ཆེན་པོའི་རྗེས་ཆགས་ལས། །གཡུང་མོ་སྐུ་ལ་འཁྱུད་པ་ཉིད། །ཅེས་པ་གཡུང་མོ་ནི་རླུང་སྟེ། ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་སོ། །དེ་ཡིས་སྐུ་ལ་འཁྱུད་པ་ནི་སེམས་ཀྱི་རྡོ་རྗེ་དེས་འཁྱུད་པའི་ཕྱིར་རོ། །ཇི་ལྟར་ཞེ་

ན། འདོད་ཆགས་ཆེན་པོའི་རྗེས་ཆགས་ཏེ། འདོད་ཆགས་ཆེན་པོ་ནི་རྡོ་རྗེ་འཆང་ངོ་། །དེའི་རྗེས་སུ་ཆགས་པ་ནི་དེ་ལ་མངོན་པར་ཞུགས་པའི་ཕྱིར་ཏེ། དེ་ཡང་རྡོ་རྗེ་གསུམ་དབྱེར་མེད་པའོ། །ཨཱ་ལི་ཀཱ་ལི་ནཱ་དའི་ཕྲེང་བ་གཉིས་ཀ་ཡང་སྐུ་ལས་གཞན་མ་ཡིན་ཞིང་དེ་ཡང་ཐུགས་ལས་གཞན་མ་ཡིན་

ནོ། །དེའི་ཕྱིར་གསུངས་པ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །ཨཱ་ལི་ཟླ་བ་ཞེས་པ་ཨ་ཡིག་ལ་སོགས་པ་དབྱངས་བཅོ་ལྔ་ནི་ཟླ་བའོ། །ཀཱ་ལི་ཉི་ཞེས་པ་ཀ་ཡིག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞི་ནི་ཉི་མ་སྟེ། འདི་དག་གི་ནང་དུ་སོན་པ་ནི་ས་བོན་ནང་དུ་སོན་གྱུར་པའོ། །ཡང་ན། ས་བོན་ནང་

དུ་སོན་གྱུར་པ། །ཞེས་པ་གཉིས་ཀའི་ནཱ་ད་དབྱེར་མེད་པ་གང་ཡིན་པས་ས་བོན་ཏེ། དེ་ནང་དུ་སོན་པ་ཡེ་ཤེས་སུ་གྱུར་པའོ། །དེ་ཉིད་རྡོ་རྗེ་འཆང་སེམས་དཔའ། །ཞེས་གསུངས་ཏེ། སེམས་དཔའ་སྲིད་པ་གསུམ་གཅིག་པ། །ཞེས་པའི་གསུང་ལས་ཤེས་རབ་དང་ཐབས་དབྱེར་མེད་པའི་ཡེ་ཤེས་དེ་ཡང་

སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་སྲིད་པ་གསུམ་མོ། །གཅིག་པ་ནི་དབྱེར་མེད་པ་ཉིད་དེ་དེ་ནི་སེམས་དཔའོ། །དེ་ཡང་། མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །ད་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་

ཚིག་གི་དཀྱིལ་འཁོར་དག་ལ་ཐ་དད་མེད་པར་བསྟན་པའི་དོན་དུ། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་པ་དང་། ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །ཞེས་གང་གསུངས་པ་དེ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །རྡོ་རྗེ་སྐྱེ་བ་སྙིང་རྗེ་ཆེ། །ལྷ་མོ་བརྒྱད་པོ་

རྣམས་ཀྱིས་མཆོད། །ཅེས་གང་གསུངས་པ་དེ་ནི་དམ་ཚིག་གི་དཀྱིལ་འཁོར་རོ། །དེ་གཉིས་ཀ་དབྱེར་མེད་པའི་དཀྱིལ་འཁོར། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ཞེས་པ་ལ་སོགས་པ་གསུངས་མ་ཐག་པ་གང་ཡིན་པ་དེ་ཉིད་གསལ་བར་བྱེད་པ། རང་གི་ལུས་མཚུངས་རྣམ་པར་སྤྲོ། །ཞེས་པ་རང་གི་ལུས་

Vol. 3 · folio 98a

ནི་རང་ཉིད་ཀྱི་ལུས་ཏེ་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་དང་མཚུངས་པ་ནི་འོད་དེ། འོད་ཟེར་སྣ་ཚོགས་པའི་ཚུལ་གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་རང་བཞིན་དུ་གྱུར་པ། དེ་རྣམས་རྣམ་པར་སྤྲོ་བའོ། །ནམ་མཁའི་དཀྱིལ་འཁོར་ཁྱབ་པ་ཡི། །ཞེས་པ་དེ་རྣམས་ཀྱི་རང་

བཞིན་ཁམས་གསུམ་པ་ཉིད་ཀྱིས་ནམ་མཁའི་དཀྱིལ་འཁོར་དུ་ཡང་དེ་རྣམས་མི་ཤོང་བ་ལྟ་བུ་ཞེས་པའི་དོན་ཏོ། །བསྡུས་ནས་སྙིང་གར་བཀུག་པ་ན། །ཡོ་གཱི་ཞེ་སྡང་བདག་ཉིད་འགྱུར། །ཞེས་པ་དེ་རྣམས་བསྡུས་ནས་གཅིག་ཏུ་བྱས་ཏེ། སྙིང་གར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་དགུག་

ཅིང་གཞུག་པར་བྱའོ། །དེ་ཉིད་ཀྱི་ཕྱིར། ཡོ་གཱི་ཞེ་སྡང་བདག་ཉིད་འགྱུར། །ཞེས་པ་གཉིས་ཀ་དབྱེར་མེད་པའི་དཀྱིལ་འཁོར་རྡོ་རྗེ་འཆང་ངོ་། །འདིས་ཅི་གསུངས་ན་བདེན་པ་གཉིས་ཀྱི་བདག་ཉིད་ཁོ་ན་བཅོམ་ལྡན་འདས་སོ་ཞེས་པའོ། །བཅོམ་ལྡན་འདས་དེ་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། དེའི་

ཕྱིར་གསུངས་པ། སྔོ་དང་དམར་བ་མཚུངས་པའི་མདོག །ཅེས་པ་ཤིན་ཏུ་མནག་པ་ཞེས་པའི་དོན་ཏོ། །བན་དུ་དམར་པོའི་སྤྱན་དང་ལྡན། །ཞེས་པ་མེ་ཏོག་བན་དུ་ཀ་ལྟར་དམར་བའི་སྤྱན་དང་ལྡན་པའོ། །སྐྲ་སེར་གྱེན་དུ་འཁྱིལ་བ་ཡང་། །ཞེས་པ་གང་གི་སྐྲ་སེར་པོ་ཁམ་པ་སྟེང་དུ་སོན་པ་

དེ་བཞིན་དུ། དེའི་འཁྱིལ་པ་རྫི་མ་ཡང་ངོ་། །ཕྱག་རྒྱ་ལྔ་པོ་རྣམས་ཀྱིས་བརྒྱན། །ཕྱག་རྒྱ་འདི་རྣམས་ཀྱང་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའོ། །དེའི་ཕྱིར་གསུངས་པ། འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ། །འདི་

རྣམས་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པའོ། །ཡང་ཁྱད་པར་ཅི་ཞེ་ན། སྡང་མིག་ནི་ཞེས་པ། གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་པའོ། །བརྒྱད་གཉིས་ལོའི་ཚུལ་ཞེས་པ་ཐམས་ཅད་ཀྱི་ཚེ་གཞོན་ནུའི་ཚུལ་ཉིད་དོ། །འདིའི་མཚན་མ་ཡང་། གཡོན་ན་རྡོ་རྗེ་ཐོད་པ་དང་། །ཕྱག་གཡོན་

པར་རྡོ་རྗེ་ཐོད་པ་ཞེས་པ་རྡོ་རྗེས་མཚན་པའི་ཐོད་པའོ། །ཁཾ་ཊྭཱཾ་ག་ཡང་གཡོན་པ་ནས། །ཞེས་པ་གཡོན་ལོགས་ཁ་ཊྭཱཾ་གའོ། །གཡས་ན་རྡོ་རྗེ་ནག་པོ་ཉིད། །རྡོ་རྗེ་དེ་ཇི་ལྟ་བུ་ཞེ་ན། གསུངས་པ། ཧཱུྃ་ཡིག་འདོན་པའི་བདག་ཉིད་ཅན། །ཧཱུྃ་ཡིག་གི་སྒྲ་རྫོགས་པ་ཞེས་པའི་དོན་ཏོ། །དུར་ཁྲོད་དུ་ནི་མགོན་

Vol. 3 · folio 98b

པོ་རོལ། །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་བ། །དུར་ཁྲོད་ཀྱི་སྒྲའི་དོན་བཤད་པར་བྱ་སྟེ། དབུགས་རྒྱུ་ཞེས་པའི་རིགས་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །དེར་རོལ་ཞིང་གནས་ཏེ། དེ་ཡང་། འགྲོ་བའི་དོན་གྱི་བྱ་བ་ལ་རབ་ཏུ་འཇུག་པའི་ཕྱིར་རོ། །རྣལ་འབྱོར་མ་གཽ་རཱི་ལ་སོགས་པ་

བརྒྱད་པོ་རྣམས་ཀྱིས་ཡོངས་བསྐོར་ཐམས་ཅད་ནས་ཕྱོགས་དང་ཕྱོགས་བྲལ་གྱི་རིམ་པས་བསྐོར་བའོ་ཞེས་པ་ཕྱག་གཉིས་པ་བསྐྱེད་པ་སྟེ། འདིའི་ཤེས་རབ་ནི་ཁ་ཊྭཱཾ་གའི་གཟུགས་ཅན་ནོ། །ཕྱག་བཞི་པ་ཡང་། ཕྱག་བཞི་ནི་བདུད་བཞི་ལས་རྒྱལ་བ་རྣམ་པར་དག་པ་སྟེ། ཕུང་པོ་དང་ཉོན་མོངས་པ་

དང་འཆི་བདག་ཅེས་པ་འདི་རྣམས་རྣམ་པར་སྦྱོང་བས་ཕྱག་བཞིའོ། །གོང་དུ་བརྗོད་པའི་གཟུགས་དང་། སྐུ་མདོག་དང་། ཧཱུྃ་ལས་བྱུང་བ་ནི། ཧཱུྃ་ཡིག་གི་ས་བོན་ལས་བྱུང་བའོ། །འདིའི་མཚན་མ་ཡང་ཕྱག་གཡོན་གྱི་དང་པོ་ན། སྐྱེས་པའི་ཐོད་པ་ཞེས་པ་མིའི་ཐོད་པ་ཨ་ཡིག་ལས་བྱུང་བ།

ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་གང་བའོ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ཧཱུྃ་ལས་བྱུང་བའོ། །ཕྱག་ལྷག་མ་གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ་ནི། ཤེས་རབ་ལ་འཁྱུད་པར་གྱུར་ཅིང་ཤེས་རབ་ཀྱིས་ཀྱང་འཁྱུད་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་རྡོ་རྗེ་ཕག་མོ་ཞེས་པ་ཤེས་རབ་ནི་

བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཡིན་ཞིང་། དེ་ཡང་རྡོ་རྗེ་ཕག་མོའོ། །རྣལ་འབྱོར་མ་རྣམས་ཀྱང་ཕྱག་གཉིས་པའི་དཀྱིལ་འཁོར་ལ་ཇི་ལྟ་བ་དེ་བཞིན་ཏེ། ཕྱག་བཞི་པ་བསྐྱེད་པའོ། །ཕྱག་དྲུག་པ་ཡང་ཕྱག་དྲུག་པ་ཞལ་གསུམ་པ་གཡོན་དམར་བ་ཞེས་པ་ཞལ་གཡོན་པ་དམར་

པོའོ། །གཡས་ཟླ་བ་དང་། ཉི་མ་ལྟ་བུ་ཞེས་པ་ཞལ་གཡས་པ་དཀར་པོའོ། །དང་པོ་སྔོན་པོ་ཞེས་པ་ཞལ་དང་པོ་སྔོན་པོའོ། །གཅེར་བུ་གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཅན་ནོ། །འདིས་ནི་ཧེ་རུ་ཀ་གཞན་རྣམས་ལ་སྟག་གི་པགས་པའི་ཤམ་ཐབས་ཡོད་པའོ། །ཕྱག་རྣམས་

ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་རྣམས་རྣམ་པར་དག་པའི་ཕྱག་རྣམས་སོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། ཕྱག་གཡོན་གྱི་གཉིས་པ་ན་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་ན་གྲི་གུག །

Vol. 3 · folio 99a

ཕྱག་ལྷག་མ་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་མ་ལ་སྙོམས་པར་འཇུག་པ། བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟར་ཤེས་རབ་སྟེ། ཤེས་རབ་ཀྱི་གཡས་པ་དང་། གཡོན་པ་ན་གྲི་གུག་དང་ཐོད་པའོ། །ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་

ཉིད་ཅན་གྱི་ཁམས་གསུམ་པ་མནན་ནས་གནས་པ་ཞེས་པའི་དོན་ཏོ། །ཡང་ན། ཨཱ་ལི་ཟླ་བ་ཀཱ་ལི་ཉི། །ས་བོན་ནང་དུ་སོན་གྱུར་པ། །དེ་ཉིད་སེམས་དཔའ་ཞེས་གསུངས་ཏེ། །མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་གང་གསུངས་པ། དང་པོར་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ལ་ནི་ས་

བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །བསྒོམ་པར་བྱའོ་ཞེས་པའོ། །དེ་ཉིད། དཀར་མོ་རི་དགས་མཚན་མ་འཛིན། །ཞེས་པ་ལ་སོགས་པ། པུཀྐ་སཱི་ནི་རྡོ་རྗེའི་ལག །ཅེས་པ་ལ་སོགས་པའི་མཐར་ཐུག་པས་མེ་ལོང་ལྟ་བུ་ལ་སོགས་པ་

ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ། །ཕྱག་གཉིས་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། ཨཱ་ལི་ཟླ་བ་ཀཱ་ལི་ཉི། ཞེས་པ་ཤེས་རབ་དང་ཐབས་དག་སྟེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །ཞེས་པ་ཡེ་ཤེས་གཉིས་ཏེ། དབྱེར་མེད་པ་ལས་སྟོང་ཉིད་བྱང་ཆུབ་

ཅེས་བརྗོད་པར་བྱའོ། །འདི་དག་གི་ནང་དུ་སོན་པའི་ས་བོན། ཨཱ་ལི་ཀཱ་ལི་དག་གི་ཡི་གེ་གང་ཅི་ཡང་རུང་པ་གཉི་གའི་བདག་ཉིད་ཅན་ནི་སོ་སོར་རྟོག་པའི་ཡེ་ཤེས་ཞེས་བརྗོད་པར་བྱའོ། །གཉིས་པ་ལ་ནི་ས་བོན་བསྡུ། །དེ་ཉིད་སེམས་དཔའ་ཞེས་གསུངས་ཏེ། །ཞེས་པ་འདི་གསུམ་ཀ་དབྱེར་མེད་

པ་ནི་སེམས་དཔའ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །ཞེས་པ་དང་། མཆོག་ཏུ་དགའ་བའི་རང་བཞིན་ཅན། །ཞེས་པ་རྡོ་རྗེ་འཆང་གི་ངོ་བོ་ཞེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་

པ་རི་ཁྲོད་མ་དང་། གདོལ་པ་མོ་དང་། གཡུང་མོ་ནི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཡིན་པའི་ཕྱིར་སྐུ་ལ་འཁྱུད་པ་སྟེ། ཇི་ལྟར་དབྱེར་མེད་པར་གྱུར་པ་དེ་ལྟར་འདོད་ཆགས་ཆེན་པོའི་རྗེས་ཆགས་རྡོ་རྗེ་འཆང་གི་རང་བཞིན་ཞེས་པའི་དོན་ཏོ། །རྣམ་པར་སྤྲོ་ཞེས་པ་ལ་སོགས་པ་རྣམ་པ་སྣ་

Vol. 3 · folio 99b

ཚོགས་པའི་རྣམ་པས་སྤྲོ་བ་སྟེ། སྤྲོ་བའི་ཚུལ་གྱིས་བསྐྱེད་པའོ། །ཅི་ཞེ་ན། རང་གི་ལུས་མཚུངས་ཏེ། རང་གི་ལུས་ཀྱི་འོད་ཟེར་རྣམས་སོ། །ཁྱད་པར་ཅི་ཞེ་ན། ནམ་མཁའི་དཀྱིལ་འཁོར་ཁྱབ་པ་སྟེ། ནམ་མཁའི་དཀྱིལ་འཁོར་གྱི་སྒྲས་བདག་མེད་མའི་དཀྱིལ་འཁོར་རོ། །དེ་ཁྱད་པ་ནི་དེའི་

བདག་ཉིད་ཀྱིས་གཉིས་སུ་མེད་པར་གྱུར་པ་སྤྲོ་ཞེས་པའི་དོན་ཏེ་གཉིས་སུ་མེད་པ་རྟོགས་པ་ཉིད་ཀྱིས་སྡུད་པ་དེ་བསྒྲུབས་ན། རྣལ་འབྱོར་པ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཀྱིས་ཞེ་སྡང་བདག་ཉིད་འགྱུར་ཏེ། གཉིས་འདོད་པའི་ཕྱིར་ཞེ་སྡང་ངོ་། །གང་གི་རང་བཞིན་དེ་ལྟར་གྱུར་པ་དེ་ནི་བདག་ཉིད་

དེ་རྫོགས་པར་གྱུར་པའོ། །རྣམ་པ་གཞན་དུ་སྤྲོ་བ་དང་། །བསྡུ་བའི་བདག་ཉིད་དུ་མི་འགྱུར་རོ་ཞེས་པའོ། །དེ་ཡང་ཁྱད་པར་ཅི་ཞེ་ན། གསུངས་པ། སྔོ་དང་ཉི་མ་མཚུངས་པའི་མདོག །ཅེས་པ་ལ་སོགས་པ་སྟེ། སྔོན་པོ་ནི་དཀར་པོ་དང་ནག་པོའོ། །ཉི་མ་ནི་དམར་པོ་སྟེ། སྔོ་དང་ཉི་མ་ཞེས་པ་

རྡོ་རྗེ་གསུམ་མོ། །དེ་ཡང་ཨ་བདག་མེད་མ་སྟེ། དེའི་ངོ་བོས་སྣང་ཞིང་སོ་སོར་གསལ་བའི་ཕྱིར་སྔོ་དང་ཉི་མའི་འོད་དོ། །ཁ་དོག་ཇི་ལྟ་བུ་ཞེ་ན། ནཱ་ད་གཉི་གའི་བདག་ཉིད་ཀྱིས་སོ། །བན་དུ་དམར་པོའི་སྤྱན་དང་ལྡན། །ཞེས་པ། དམར་པོ་ནི་ཆགས་པ་དང་ཀུན་དུ་ཆགས་པའི་མཚན་ཉིད་དེ། དེ་

ཡང་། སྣང་བ་སྐུ་རྡོ་རྗེ་ཞེས་པའི་དོན་ཏོ། །བན་དུ་ཀ་ཞེས་པ་འཆིང་བའི་ཕྱིར་བན་དུ་ནཱ་ད་གཉིས་གསུང་རྡོ་རྗེའོ། །ཀའི་སྒྲས་ཐུགས་རྡོ་རྗེའོ་ཞེས་པ་བན་དུ་དམར་པོའོ། །གང་ཞིག་དེ་ལྟ་བུའི་སྤྱན་ཡེ་ཤེས་ཡོད་པ་དེ་དེ་དང་ལྡན་པ་སྟེ། འདིས་ནི་བཅོམ་ལྡན་འདས་ལ་སྤྱན་གསུམ་ཁོ་ནའོ། །སྐྲ་

སེར་གྱེན་དུ་འཁྱིལ་པ་ཡང་། ཞེས་པ་དམར་སེར་གཉིས་ལས་སེར་པོའོ། །སྟེང་དུ་སོན་པའི་ཕྱིར་གྱེན་དུ་སྟེ། གྱེན་དུ་སེར་པོ་ནི་ཉི་མའོ། །སྐྲ་ཞེས་པ་ཀཾ་བདེ་བའོ། །དེའི་དབང་པོ་ནི་གཙོ་བོ་སྟེ། བདེ་བ་སྤངས་ནས་དེར་མི་འགྱུར། །ཞེས་པའི་གསུང་ལས། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་

ཟླ་བའོ་ཞེས་པ་ཟླ་བ་དང་ཉི་མའི་བདག་ཉིད་ཅན་ནོ། །འཁྱིལ་པ་ནི་ལམ་སྟེ། གང་ཞིག་སྐྲ་སེར་གྱེན་དུ་འཁྱིལ་པ་དེའོ། །དེ་ཉིད་ཀྱི་ཕྱིར་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཕྱག་རྒྱ་ལྔ་པོ་འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་

Vol. 3 · folio 100a

དང་། ལག་གདུབ་དང་། སྐ་རགས་རྣམས་ཀྱིས་བརྒྱན་པ་ཡེ་ཤེས་ལྔའི་རང་བཞིན་ཅན་ཞེས་པའི་དོན་ཏོ། །འདི་ཉིད་གསུངས་པ། འཁོར་ལོ་རྣ་ཆ་མགུལ་རྒྱན་དང་། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་པ་སྟེ། །ཤེས་རབ་དང་ཐབས་དང་

སྐུ་གསུམ་དང་འབྱུང་བ་ཆེན་པོ་བཞི་དང་ཡེ་ཤེས་ལྔ་རྣམ་པར་དག་པ་ནི་རྡོ་རྗེ་འཆང་ངོ་ཞེས་པའི་དོན་ཏོ། །དེ་ཡང་ཁྱད་པར་ཅི་ཞེ་ན། གསུངས་པ། སྡང་མིག་ནི། གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཅེས་པ་སྟེ། གདུག་པ་ནི་དབང་པོ་དང་ཡུལ་ལ་ལྷག་པར་གནས་པའི་ཉོན་མོངས་པ་དང་ཉེ་

བའི་ཉོན་མོངས་པ་རྣམས་སོ། །འདི་རྣམས་འདུལ་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བྱེད་པའི་ཕྱིར་ཏེ། དེའི་ཕྱིར་ཁྲོ་བོའོ། །མིག་ཅེས་པ་མཐོང་བ་ཡེ་ཤེས་ཏེ། དེ་དེ་ལྟར་གྱུར་པའི་ཕྱིར་སྡང་མིག་ཅེས་པའོ། །ཡང་ན་སྡང་བ་ནི་ཁྲོ་བོའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་

པའི་རང་བཞིན་ནོ། །མིག་ནི་མཐོང་བ་ཡེ་ཤེས་དོན་དམ་པའི་བདེན་པའི་རང་བཞིན་ཏེ། གཉིས་ཀ་དབྱེར་མེད་པའི་ཕྱིར་སྡང་མིག་ཅེས་པའོ། །བརྒྱད་གཉིས་ལོ་ཡི་ཚུལ་ཞེས་པ། །བརྒྱད་གཉིས་ནི་བཅུ་དྲུག་གོ། །ལོ་ནི་ཨ་བ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་སྟོང་པ་ཉིད་བཅུ་དྲུག་གོ། །འདི་དག་

གི་ཚུལ་ནི་འདི་དག་གི་རྣམ་པ་སྟེ། སྟོང་པ་ཉིད་བཅུ་དྲུག་རྣམ་པར་དག་པའོ། །ལོ་ནི་མཁའ་འགྲོ་མ་རྣམས་ཏེ། དེ་རྣམས་ཀྱང་ཤེས་རབ་དང་ཐབས་ཀྱི་རང་བཞིན་བརྒྱད་ཉིས་འགྱུར་གྱིས་བཅུ་དྲུག་གོ། །གང་གི་རང་བཞིན་འདི་ལྟ་བུར་གྱུར་པ་དེ་ནི་ཚུལ་ལོ། །འདིས་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་

ཚིག་གི་དཀྱིལ་འཁོར་དབྱེར་མེད་པ་རྡོ་རྗེ་འཆང་ངོ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་པའི་མཚན་མ་གསུངས་པ། གཡོན་ན་རྡོ་རྗེ་ཐོད་པ་དང་། །ཁ་ཊྭཱཾ་ག་ཡང་གཡོན་པ་ནས། །གཡོན་ན་ཞེས་པ་ཕྱག་གཡོན་པར་ཏེ། ཡེ་ཤེས་ལྔའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཨཱ་ལི་ནཱ་དའི་

ངོ་བོ་ཟླ་བ་ལ་རྡོ་རྗེ་ཐོད་པ་སྟེ། །རྡོ་རྗེ་བྱང་ཆུབ་ཀྱི་སེམས་སོ། །དེ་ཡང་ཀཾ་ཐོད་པ་ནི་ཀཾ་བདེ་བའི་ཡེ་ཤེས་ཏེ། དེ་སྐྱོང་བར་བྱེད་པའི་ཕྱིར་རྡོ་རྗེ་ཐོད་པའོ། །ཁ་ཊྭཱཾ་ག་ཡང་གཡོན་པ་ནས། །ཁ་ཊྭཱཾ་ག་གཟུགས་ཤེས་རབ་སྟེ། །ཞེས་པའི་གསུང་ལས་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་བཅོ་ལྔ་སྟེ། ཆ་བཅོ་

Vol. 3 · folio 100b

ལྔའི་བདག་ཉིད་ཀྱིས་གཡོན་པ་ཉིད་དང་ཟླ་བ་ཉིད་དོ་ཞེས་པའོ། །ཡང་ན། ཁ་ཊྭཱཾ་ག་ཡང་གཡོན་པ་ནས། །ཞེས་པ་ཁ་ཊྭཱཾ་ག་ནི་བརྗོད་པ་ཉིད་དེ། དེ་ཡང་གཡོན་པ་ནས་ཞེས་པ་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་ཏེ། བ་རྣམ་པར་སྣང་མཛད་སྐུ་རྡོ་རྗེའོ། །ཨ་ནཱ་ད་གསུང་རྡོ་རྗེའོ། །མ་ལྔ་པ་བསྡུས་པས་མི་བསྐྱོད་པ་ཐུགས་

རྡོ་རྗེ་སྟེ། དབྱེར་མེད་པའི་ཕྱིར་རོ། །གཡས་ན་རྡོ་རྗེ་ནག་པོ་ཉིད། །ཅེས་པ་གཡས་ཉི་མ་ལ། རྡོ་རྗེ་ནག་པོ་ཞེས་པ་ནག་པོ་དེ་ཉིད་རྡོ་རྗེ་སྟེ། མི་ཕྱེད་པའི་ཕྱིར་རོ་ཞེས་པ་སྟེ། གཡོན་པ་དང་གཡས་པ་ཤེས་རབ་དང་ཐབས་དག་གིས་ཧཱུྃ་ཡིག་གོ། །གང་གསུངས་པ། ཡི་གེ་ལས་བྱུང་གོང་བུ་ནི། །ཧཱུྃ་སྟེ་ཕཊ་ཡིག་

འདོད་མ་ཡིན། །ཞེས་པའི་གསུང་ལས་ཧཱུྃ་ཡིག་ཁོ་ན་ཤེས་རབ་དང་ཐབས་དག་གིས་ས་བོན་ཏེ། དེའི་ཕྱིར་ཕཊ་ཡིག་ཐ་དད་པའི་བྱ་བ་འདོད་མ་ཡིན་ཞེས་པ་མི་འདོད་པ་ཉིད་དོ། །འདི་གཉིས་ཀ་དབྱེར་མེད་པ་གང་ཡིན་པ་དེ་བརྗོད་པའི་བདག་ཉིད་ཅན། ནཱ་དའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་གསུང་

པ། དུར་ཁྲོད་དུ་ནི་མགོན་པོ་རོལ། །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་བ། །ཞེས་པ་དུར་ཁྲོད་ཀྱི་སྒྲའི་དོན་ནི་བཅོམ་ལྡན་འདས་རང་ཉིད་ཀྱིས་གསལ་བར་མཛད་དེ། དབུགས་རྒྱུ་བ་དབུགས་འབྱུང་བ་དང་། འཇུག་པར་བྱེད་པ་ཨཱ་ལི་དང་ཀཱ་ལི་ནཱ་དའི་བདག་ཉིད་ཀྱིས་

ཞེས་པའི་རིགས་པ་འདིས་གཉི་ག་དབྱེར་མེད་པའི་སྦྱོར་བས། དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །ཅེས་པའོ། །འདི་ལ་སྤྲོ་བའི་ཚུལ་གྱིས་གནས་པ་ནི་རོལ་པའོ། །རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་བ། །ཞེས་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཚུལ་གྱིས་གནས་པ་སྟེ། དེ་ཉིད་

ཀྱི་ཕྱིར་མགོན་པོ་འཇིག་རྟེན་གསུམ་གྱི་བླ་མ་ཞེས་པའི་དོན་ཏོ་ཞེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཉིད་ཀྱིས་ཕྱག་གཉིས་པ་གསུངས་པའོ། །དེ་ཉིད་རྡོ་རྗེ་འཆང་ཕྱག་བཞི་པའོ། །གང་གི་ཕྱིར་བདུད་བཞི་ལས་རྒྱལ་བ་རྣམ་པར་དག་པ་སྟེ་ཞེས་པ་བདུད་བཞི་ནི་ཕུང་པོའི་བདུད་གཟུགས་ལ་སོགས་པ་

ཕུང་པོ་ལྔའི་བདག་ཉིད་དོ། །ཉོན་མོངས་པའི་བདུད་ནི་ཉོན་མོངས་པར་བྱེད་པ་སྟེ། དབང་པོ་དང་ཡུལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པས་རབ་ཏུ་འཇུག་པའི་ཕྱིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རང་བཞིན་ནོ། །ལྷའི་བུའི་བདུད་ནི་ལྷ་ཞེས་པ་རྩེ་ཞིང་རོལ་པའི་ཕྱིར་རྣམ་པར་ཤེས་

Vol. 3 · folio 101a

པའོ། །དབང་པོ་དང་ཡུལ་ལ་སོགས་པ་རྣམས་ནི་དེའི་བུ་སྟེ། དེས་བསྐྱེད་པའི་ཕྱིར་ལྷའི་བུ་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །འཆི་བདག་གི་བདུད་ནི་འཆི་བདག་གཤིན་རྗེ་འཇིག་བྱེད་ཅེས་པ་སྟེ། དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་ཀྱིས་བསྐྱེད་པ་

བདེ་བ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བའོ། །དེ་ཡང་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འགོག་པའི་རང་བཞིན་ཡིན་ཡང་ཆགས་པའི་མཚན་ཉིད་ཀྱི་ཕྱིར་བདུད་ཉིད་དོ་ཞེས་པ་བདུད་བཞི་སྟེ། དེ་རྣམས་ལས་རྒྱལ་བ་ནི་ལྷག་མ་མེད་པར་བརྟུལ་བའོ། །དེ་རྣམ་པར་དག་པ་ཞེས་པ་བདེ་བ་ལ་

སོགས་པའི་རང་བཞིན་ཉམས་སུ་མྱོང་བའི་མཚན་ཉིད་ལས་འདས་པ་རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །དེ་ཡང་གོང་དུ་བརྗོད་པའི་སྐུ་མདོག་དང་། གཟུགས་ཅན་ཧཱུྃ་ལས་བྱུང་བའོ། །མཚན་མ་ཡང་ཐ་དད་མེད་པའི་མཚན་ཉིད་ཁོ་ན་ཐ་དད་པས་གསུངས་པ། ཕྱག་གཡོན་གྱི་དང་པོ་ན་སྐྱེས་པའི་

ཐོད་པ་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་གང་བ་ཞེས་པ། དང་པོ་ནི་གཉིས་སུ་མེད་པ་སྟེ། མཁའ་འགྲོ་མ་ཐམས་ཅད་སྡུད་པའི་བདག་ཉིད་ཀྱི་ཕྱིར་གཡོན་པ་ནི་ཟླ་བའོ། །དེ་ཡང་དགའ་བ་བཞི་ལོངས་སྤྱོད་པའི་རང་བཞིན་གྱིས་ཕྱག་སྟེ། དེ་ལས་སྐྱེས་པའི་ཐོད་པ་ནི་མིའི་བདེ་བ་རྡོ་རྗེ་འཆང་གི་ཡེ་

ཤེས་སོ། །ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་གང་བ་ནི་བརྩེ་བའི་ཕྱིར་ལྷ་གཟུགས་ལ་སོགས་པའི་ཕུང་པོ་ལྔ་སྟེ། ལྷ་མ་ཡིན་ནི་ཡུལ་ལྔའོ། །དེ་རྣམས་ཀྱི་ཁྲག་ནི་འདོད་ཆགས་ཏེ། དེ་རྣམས་ལ་ཆགས་པའི་མཚན་ཉིད་དོ། །དེ་ཡིས་གང་བ་ནི་དེའི་བདག་ཉིད་ཀྱིས་སྤྲོ་བའི་ངོ་བོས་རྣམ་པར་གནས་

སོ་ཞེས་པའོ། །ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ་ཞེས་པ་གཡས་ན་ཉི་མ་སྟེ། དེ་ཡང་ཕྱག་ནི་ཁམས་གསུམ་པ་ཟ་བའི་བདག་ཉིད་ཅན་ནོ། །དང་པོ་ནི་གཉིས་སུ་མེད་པ་སྟེ། དེ་ལ་རྡོ་རྗེ་ཞེས་པ་མི་ཕྱེད་པའི་ཡེ་ཤེས་སོ། །ཕྱག་ལྷག་མ་གཉིས་ཀྱིས་ཞེས་པ། གཡོན་པ་དང་གཡས་པའི་ཕྱག་གཉིས་པོ་ཟླ་བ་དང་

ཉི་མ་དག་འདྲེས་པར་གྱུར་པའི་ཕྱིར་རོ། །ལྷག་མ་ནི་ལྷག་མ་ཉིད་དེ་ཤེས་རབ་ལ་འཁྱུད་པ་ནི་གཉིས་པོ་དག་གིས་འཁྱུད་པའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དོ་ཞེས་པའོ། །དེའི་ཕྱིར་གསུངས་པ། ཤེས་རབ་རྡོ་རྗེ་ཕག་མོ་ནི། །བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཏེ། །བདག་མེད་མ་དང་རྡོ་རྗེ་དག་ལ་ཐ་དད་

Vol. 3 · folio 101b

མེད་པ་ཉིད་དོ་ཞེས་པ་ཀྱེའི་རྡོ་རྗེ་ཕྱག་བཞི་པའོ། །དེ་ཉིད་ཕྱག་དྲུག་པ་སྟེ། ཕྱག་དྲུག་པ། ཞལ་གསུམ་པ་ཞེས་པ་ལ་སོགས་པ་དྲུག་བསྡུས་པའི་རྣམ་པ་སྟེ། དེ་ཡང་ཞལ་གསུམ་ཞེས་པ་སྐུ་གསུམ་གྱི་རང་བཞིན་ནོ། །གཡོན་དམར་བ་ཞེས་པ་གཡོན་ཟླ་བའོ། །དེ་ཉིད་དམར་བ་ནི་ཉི་མ་སྟེ། གཉི་ག་དབྱེར་མེད་

པའོ། །གཡས་ནི་ཉི་མའོ། །དེ་ཉིད་ཟླ་བ་སྟེ། དེ་ཡང་ཉི་མ་ལྟ་བུ་ནི་ཨ་བདག་མེད་མའོ། །དེའི་ངོ་བོས་སྐྱེས་པའི་ཕྱིར་ཨ་རུ་ཎ་སྟེ། ལྟ་བུ་ནི་འདིས་སོ་སོར་གསལ་བའི་ཕྱིར་ཉི་མ་ལྟ་བུའོ། །དེ་ཡང་དང་པོ་ནི་གཉིས་སུ་མེད་པ་སྟེ། དེ་ཉིད་ཀྱི་ཕྱིར་སྔོན་པོ་དཀར་པོ་དང་ནག་པོའི་བདག་ཉིད་དོ། །དེ་ཉིད་

ཀྱི་ཕྱིར་གཅེར་བུ་སྒྲིབ་པ་དང་བྲལ་བའི་རང་བཞིན་ནོ། །གོང་དུ་བརྗོད་པའི་སྐུ་མདོག་དང་གཟུགས་ཅན་ཞེས་པ་ཧཱུྃ་ཡིག་གི་རང་བཞིན་ཁོ་ན་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ་ཞེས་པ་ཕྱག་རྣམས་ཀྱི་རྣམ་པར་དག་པ་བསྡུས་པའོ། །གང་ཞེ་ན། སྦྱིན་

པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ། །འདིས་ནི་བཅོམ་ལྡན་འདས་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་ཞེས་པའི་དོན་ཏོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ་ཞེས་པ་གཡོན་པ་ནི་ཟླ་བའོ། །ལོངས་སྤྱོད་ཅིང་ཟ་བའི་ཕྱིར་ཞེས་པའི་དོན་ལས་ཕྱག་ནི་ཉི་མའོ། །འདི་གཉིས་ཀ་ཡང་དང་པོ་གཉིས་

སུ་མེད་པ་སྟེ། ཕྱག་གཡོན་གྱི་དང་པོའོ། །དེ་ལ་རྩེ་གསུམ་པ་ཞེས་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་མོ། །ཕྱག་གཡས་ཀྱི་དང་པོ་ན་ཞེས་པ་གཡས་པ་ནི་ཉི་མའོ། །ཕྱག་ནི་བཤད་ཟིན་པའི་དོན་ཏོ། །དང་པོ་ནི་རྣམ་པར་སྣང་མཛད་སྐུ་རྡོ་རྗེ་སྣང་བའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་རྡོ་རྗེ་

འཆང་སྟེ། །ཉི་མ་ཡང་བདག་མེད་མ་ཡིན་པའི་ཕྱིར་ཕྱག་གཡས་ཀྱི་དང་པོ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའོ། །རྡོ་རྗེ་ནི་སྐུ་རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་སོ། །ཕྱག་གཡོན་གྱི་གཉིས་པ་ན་དྲིལ་བུ་ཞེས་པ་གཡོན་པ་ནི་ཟླ་བའོ། །གཉིས་པ་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་ཡང་ཕྱག་ནི་སྡུད་པའི་རྣམ་པ་

སྟེ། དེར་དྲིལ་བུ་ཞེས་པ་དེ་ལ་ཨཱ་ལི་ཀཱ་ལི་གཉིས་ཀའི་ནཱ་ད་དབྱེ་བ་མེད་པའི་རང་བཞིན་གསུང་རྡོ་རྗེའོ། །ཕྱག་གཡས་ཀྱི་གཉིས་པ་ན་གྲི་གུག་ཅེས་པ་གཡས་པ་ནི་ཉི་མའོ། །དེའི་གཉིས་པ་ནི་ཟླ་བ་ཡིན་པའི་ཕྱིར་གཡས་ཀྱི་གཉིས་པ་སྟེ། དེ་དག་འདྲེས་པར་གྱུར་པ་ནི་ཕྱག་གོ། །གྲི་གུག་གིས་མི་ཤེས་

Vol. 3 · folio 102a

པ་ཐམས་ཅད་གཅོད་པར་བྱེད་པ་ཐུགས་རྡོ་རྗེ་མི་ཕྱེད་པའི་ཡེ་ཤེས་སོ། །ཕྱག་ལྷག་མ་གཉིས་ལ་རྡོ་རྗེ་ལྕགས་སྒྲོག་མ་སྙོམས་པར་ཞུགས་པ་ཞེས་པ། ལྷག་མ་ནི་མ་ལུས་པ་རྡོ་རྗེ་གསུམ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ལྷག་མ་གཉིས་ཀྱང་ཕྱག་གཉིས་ཤེས་རབ་

དང་ཐབས་དབྱེར་མེད་པར་གྱུར་པ་ལ་ཞེས་ཕྱག་ལྷག་མ་གཉིས་སོ། །དེར་རྡོ་རྗེ་ལྕགས་སྒྲོག་མ་སྙོམས་པར་ཞུགས་ཞེས་པ་རྡོ་རྗེ་ལྕགས་སྒྲོག་མའི་སྒྲས་ནི་རྡོ་རྗེ་ནི་རྡོ་རྗེ་འཆང་ངོ་། །དེ་ལྕགས་སྒྲོག་གི་ཚུལ་གྱིས་ཕན་ཚུན་དབྱེ་བ་མེད་པས་འཆིང་བ་རྡོ་རྗེ་ལྕགས་སྒྲོག་མ་བདག་མེད་མའོ། །དེ་ཡིས་ལྷན་

ཅིག་སྙོམས་པར་ཞུགས་པ་ཞེས་པ་མཉམ་པའི་རང་བཞིན་ཐ་དད་མེད་པའི་ངོ་བོས་ཞུགས་པ་ཡང་དག་པའི་ཡེ་ཤེས་སོ། །རྒྱུ་དེས་ན་བཅོམ་ལྡན་འདས་ཇི་ལྟ་བ་དེ་ལྟ་བུའི་ཤེས་རབ་སྟེ། དེ་ཉིད་ཀྱི་ཕྱིར་ཤེས་རབ་དང་ཐབས་དག་ལ་དབྱེ་བ་འགའ་ཡང་མེད་དོ་ཞེས་པའི་དོན་ཏོ། །གཡས་པ་དང་

གཡོན་པ་ན་གྲི་གུག་དང་ཐོད་པ་ཞེས་པ་གཡས་པ་ནི་ཉི་མ་ཆ་དང་བྲལ་བའོ། །གཡོན་པ་ན་ནི་ཟླ་བ་ཆ་དང་བཅས་པ་སྟེ། ཆ་དང་བྲལ་བ་ཉིད་ཆ་དང་བཅས་པ་ཞེས་པའོ། །འདི་དག་གི་བྱེད་པ་ཁོ་ན་གྲི་གུག་དང་ཐོད་པ་སྟེ། གྲི་གུག་བདག་མེད་མ་དང་ཐོད་པ་རྡོ་རྗེ་འཆང་གཉིས་ཀ་དབྱེར་མེད་པ་ཉིད་

ཀྱིས་གཅིག་གི་ཚིག་གོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པ་སྟེ། ཁམས་གསུམ་གྱི་སྒྲས་རྡོ་རྗེ་གསུམ་མོ། །དེའི་བདག་ཉིད་ཅན་དེའི་ངོ་བོའི་རོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །མནན་པ་ཞེས་པ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོས་མནན་པ་ཞེས་

པའི་དོན་ཏོ་ཞེས་པ་ལྷའི་ལེའུ་སྟེ་གསུམ་པའོ་ཞེས་པ་གང་གི་ཕྱིར་ལུས་ལ་བྱུང་བའི་ཕྱིར། ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་པའི་གསུང་ལས་ལྷ་ནི་ནཱ་དས་འཁྱུད་པའི་ཐུགས་རྡོ་རྗེའོ། །དེ་ཡང་ཕཊ་གཡོགས་པ་སྟེ། དེ་ལེན་ཅིང་འཛིན་པའི་ཕྱིར་ལྷའི་ལེའུའོ། །དེ་ཡང་གསུམ་པ་ནི་སྐུ་གསུང་

ཐུགས་གསུམ་པོ་རྣམས་ཀྱི་རྫོགས་པ་སྟེ། སྐུ་མདོག་དང་ཕྱག་དང་དབྱིབས་ཀྱི་རྣམ་པས་སྐུ་རྡོ་རྗེའོ། །དེ་ཡང་ས་བོན་ལས་སྐྱེས་པའི་ཕྱིར་སྔགས་ཀྱི་རྣམ་པ་དང་བཞི་པ་ལ་ནི་ཡིག་འབྲུ་དགོད་ཅེས་པའི་གསུང་ལས་ཡེ་ཤེས་ཀྱི་རྣམ་པ་སྟེ། ལེའུ་གསུམ་པ་འདི་ནི་ལེའུ་གསུམ་གྱི་བདག་ཉིད་དོ་ཞེས་པའོ། །ནཱ་ད་རྣམ་

Vol. 3 · folio 102b

ཤེས་ལས་སྐྱེ་ཞིང་། །ནཱ་ད་ལས་ནི་སྐུ་སྐྱེ་འགྱུར། །ཞེས་པ་སྐུ་དང་ནཱ་ད་དང་། རྣམ་ཤེས་གསུམ་པོ་གཉིས་སུ་མེད། །རྣམ་ཤེས་ལས་སྐྱེས་ནཱ་ད་སྟེ། །དེ་ཡིས་ཀྱང་ནི་སྤྲུལ་པ་སྐུ། །གཉིས་པོ་བསྐྱེད་པར་གྲུབ་པ་སྟེ། །རྣམ་པར་ཤེས་པ་གང་གིས་སྤྲུལ། །མ་སྐྱེས་པ་ཡི་རང་བཞིན་ཉིད། །རྣམ་ཤེས་དེ་ནི་

འོད་གསལ་ལོ། །དེ་ཡིས་ཀྱང་ནི་བསྐྱེད་པ་གང་། །དེ་ཡང་ཇི་ལྟར་སྐྱེས་པར་བརྗོད། །དེ་ཕྱིར་སྐུ་དང་ནཱ་ད་སྟེ། །གཉིས་པོ་འདི་ནི་མ་སྐྱེས་པ། །གཉིས་ཀ་སྐྱེས་པར་མ་གྲུབ་ན། །མ་སྐྱེས་པ་ནི་བདེན་པར་བརྗོད། །ཞེས་པ་འགྲོ་ཀུན་མ་སྐྱེས་པ། །འོད་གསལ་བ་ཡི་རང་བཞིན་ཉིད། །མ་རིག་པ་ཡི་གདུག་

སེམས་ཀྱིས། །སྐྱེ་བ་རུ་ནི་ཡོངས་སུ་བརྟག །དེ་ནི་རྣམ་དག་དོན་འདི་ཉིད། །སྙིང་བརྩེ་ལྡན་པ་གཙོ་ཆེན་པོ། །གཉིས་ཀ་དབྱེར་མེད་ཀྱི་རྡོ་རྗེ། །དག་པ་དག་ནི་བཤད་པ་ཡིན། །དེ་ཉིད་ཀྱི་ཕྱིར་ཐུགས་རྣམ་པར་དག་པ་ནག་པོ་ཆེན་པོ་ཕྱག་གཉིས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན། ཤེས་རབ་དང་བྲལ་

བའོ། །ཕྱག་བཞི་པ་སྔོན་པོ་ནི་དཀར་པོ་དང་ནག་པོ་ཉིད་ལས་ཤེས་རབ་དང་ཐབས་དབྱེར་མེད་པས་སྔོ་དང་དམར་བའོ། །ཕྱག་དྲུག་པ་སྔོན་པོ་ནི་དཀར་པོ་དང་ནག་པོ་དང་། ཉི་མ་ནི་དམར་པོ་ཉིད་ལས་རྡོ་རྗེ་གསུམ་དབྱེར་མེད་པ་སྟེ་ཤེས་རབ་དང་ཐབས་ཀྱི་ཕྱག་དྲུག་པའོ། །ཕྱག་བཅུ་དྲུག་པ་ནི་ནག་པོ་དང་དམར་

པོ་དང་དཀར་པོའི་ཞལ་གསུམ་མོ། །དུ་བ་ལྟ་བུས་རྡོ་རྗེ་གསུམ་དབྱེར་མེད་པའོ། །ལྷག་མའི་ཞལ་ནི་བུང་བ་བཞིན། །ཞེས་པ་སྟེ། དགའ་བ་བཞིའི་དབྱེ་བས་ཞལ་བརྒྱད་དང་ཤེས་རབ་དང་ཐབས་རྣམ་པར་དག་པས་ཕྱག་བཅུ་དྲུག་པའོ་ཞེས་པ་ཕྱག་གཉིས་པ་དང་། ཕྱག་བཞི་པ་དང་། ཕྱག་དྲུག་པ་དང་

ཕྱག་བཅུ་དྲུག་པའི་ཧེ་རུ་ཀ་བཞི་པོ་འདི་དག་གོང་ནས་གོང་དུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པས་བལྟ་བར་བྱའོ་ཞེས་པ་ལེའུ་གསུམ་པོ་ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་དྲི་མ་མེད་པ་ལས་ལེའུ་གསུམ་པའོ།། །།ད་ནི་རྡོ་རྗེ་རིགས་ཀྱི་ལེའུ་ལ་སོགས་པ་

གསུམ་གྱིས་རྡོ་རྗེ་གསུམ་མངོན་པར་བརྗོད་ནས། དེ་དག་དབྱེར་མེད་པ་བཞི་པ་དབང་བསྐུར་བའི་ལེའུ་བཤད་པར་བྱའོ་ཞེས་གསུངས་ཏེ། དབང་བསྐུར་བ་ནི་ཀུན་ནས་འཁྱུད་པ་སྟེ་ཇི་སྲིད་སྒྲིབ་པ་དང་བྲལ་བ་ཉིད་ཀྱིས་རྣམ་པར་དག་པ་དང་། དྲི་མ་མེད་པར་བྱེད་པ་ཞེས་པའོ། །ལྷ་རྣམས་ཀྱིས་དབང་བསྐུར་བ་

Vol. 3 · folio 103a

ནི་ལྷ་དབང་བསྐུར་བའོ། །དེ་ཡང་པ་ཊ་ནི་གཡོགས་པ་སྟེ། དེ་ལེན་ཅིང་འཛིན་པའི་ཕྱིར་ལྷ་དབང་བསྐུར་བའི་ལེའུའོ། །དེ་བཤད་པར་བྱ་སྟེ། རབ་ཏུ་བསྟན་པར་བྱ་ཞེས་པའོ། །རང་གི་སྙིང་གར་རང་གི་ས་བོན་ལས་འཐོན་པའི་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པས། ཁམས་

གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །རང་གི་སྙིང་གར་ཞེས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་དབྱེར་མེད་པའི་ལྷའི་སྙིང་གར་རང་གི་ས་བོན་ཧཱུྃ་ཡིག་སྟེ། ས་བོན་དེ་ཡོངས་

སུ་གྱུར་པ་ལས་རྡོ་རྗེའོ། །དེའི་ལྟེ་བའི་ནང་ནས་འཐོན་ཅིང་སྤྲོས་ཏེ་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པ་སྡིགས་མཛུབ་ལྟ་བུ་མཚོན་པར་བྱེད་པའི་རང་བཞིན་དེས། མཚོན་པར་བྱ་བའི་རང་བཞིན་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་བཀུག་ཅིང་སྤྱན་དྲངས་ལ། མ་མོ་བརྒྱད་རྣལ་

འབྱོར་མ་བརྒྱད་པོ་རྣམས་ཀྱིས་ཡང་དག་པར་མཆོད་དེ། པི་ཝང་མ་དང་། གླིང་བུ་མ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་པ་བྱས་ནས། རྗེས་སུ་ཕྱེ་ནས་དོན་དུ་གཉེར་ཞིང་གསོལ་བ་གདབ་པར་བྱའོ་ཞེས་པའོ། །ཡང་ན་རང་གི་སྙིང་གར་ཞེས་པ་བསྡུས་ནས་སྙིང་གར་བཀུག་པ་ན། ཡོ་གཱི་ཞེ་

སྡང་བདག་ཉིད་འགྱུར། །ཞེས་པ་འདིས་མི་བསྐྱོད་པའི་ངོ་བོས་རྫོགས་པའི་ལྷའི་སྙིང་གར་རང་གི་ས་བོན་ལས་ཞེས་པ་ཧཱུཾ་ཡིག་གི་རང་བཞིན་རྡོ་རྗེ་འཆང་ལས་འཐོན་པའི་འོད་ཟེར་ནག་པོ་ཞེས་པ། སྤྲོས་པའི་མི་བསྐྱོད་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་སོ། །འོད་ཟེར་ལྕགས་ཀྱུའི་རྣམ་པ་དེས། །ཞེས་

པ་ཨཱཾ་ཨ་ཡིག་ལ་སོགས་པ་ཨཾ་ཡིག་གི་བར་གྱིས་མཁའ་འགྲོ་མ་བཅོ་ལྔའོ། །དེ་རྣམས་རྟོགས་པའི་ཕྱིར་ཨཾངྐུ་ཤའོ། །དེ་ཡང་རྣམ་པ་ནི་བདག་མེད་མའི་རང་བཞིན་ཏེ། རྡོ་རྗེ་འཆང་དང་བདག་མེད་ཡང་བྱེར་མེད་པ་དེས། ཁམས་གསུམ་ན་བཞུགས་པ་སྐུ་གསུང་ཐུགས་དབྱེར་མེད་པ་ནི་

ཁམས་གསུམ་མོ། །དེར་བཞུགས་པ་ནི་དེའི་བདག་ཉིད་ཀྱིས་རྣམ་པར་གནས་པའི་སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་བཞིན་གཤེགས་པ་ལྔ་རྣམས་སྤྱན་དྲངས་ཤིང་བསྡུས་ལ། མ་མོ་བརྒྱད་ཀྱིས་ཅེས་པ་གཽ་རཱི་ལ་སོགས་པ་ལྔས་ཡུལ་ལྔ་དང་། ཤ་བ་རཱི་

Vol. 3 · folio 103b

ལ་སོགས་པ་གསུམ་གྱིས་རྡོ་རྗེ་གསུམ་མོ། །འདི་རྣམས་ཀྱང་མ་ལྟ་བུར་སྐྱེད་པར་བྱེད་པ་སྟེ། གཟུང་བས་མངོན་པར་ཞེན་པས་འཛིན་པ་ཉེ་བར་དམིགས་པའི་ཕྱིར་རོ། །གཉིས་ཀ་ཡང་ལྷའི་རྣམ་པས་རྣམ་པར་སྦྱང་བར་བྱ་ཞིང་སྒྲིབ་པ་དང་བྲལ་བའི་ཆེད་དུའོ། །ཡང་དག་པར་མཆོད་དེ། ཡང་དག་པའི་

མཆོད་པ་བྱས་ནས། དབང་པོ་དང་ཡུལ་དག་ལ་མངོན་པར་ཞེན་པ་མེད་པ་རབ་ཏུ་འཇུག་པ་འདི་ཉིད་ནི་ཡང་དག་པའི་མཆོད་པ་ཞེས་བྱའོ། །གསོལ་བ་གདབ་པར་བྱའོ་ཞེས་པ་རྗེས་སུ་མཚུངས་པ་ལ། མཚུངས་པ་ཉིད་ཀྱིས་གསོལ་བ་གདབ་སྟེ། མགོན་པོའི་ངོ་བོར་གྱུར་པར་བྱའོ། །འདིས་ནི་དེ་བཞིན་

གཤེགས་པ་དང་མཁའ་འགྲོ་མ་དག་ལ་དབྱེ་བ་མེད་དོ་ཞེས་པའོ། །དེ་ཅི་ལྟར་གསོལ་བ་གདབ་ཅེ་ན། དེའི་ཕྱིར་གསུངས་པ། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏཱ་ཐ་ག་ཏཱ་ཞེས་པ་རྣམ་པ་ཐམས་ཅད་ཀྱིས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་བདག་དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་དུ་

གསོལ་ཞེས་པའོ། །ཡང་ན་བདག་ལ་དབང་བསྐུར་དུ་གསོལ། སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་མཛད་དུ་གསོལ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པ་རྡོ་རྗེ་འཆང་ཞེས་པའི་དོན་ཏོ། །སངས་རྒྱས་དེ་རྣམས་ཀྱིས་ཧེ་རུ་

ཀའི་རྣམ་པའི་གཟུགས་ཀྱིས། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །སངས་རྒྱས་དེ་རྣམས་ཀྱིས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་ཞེས་པ་ཉེ་བར་མཚོན་པ་སྟེ། གཞན་དུ་ལྷ་གང་བསྒོམ་པར་བྱ་བའི་ལྷ་དེ་དང་དེ་ཉིད་ཀྱི་གཟུགས་

ཀྱིས་བལྟ་བར་བྱའོ་ཞེས་དགོངས་པའོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན། བདུད་རྩི་ལྔར་བསྒྲུབས་པའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཞིང་བཀྲུ་བར་བྱའོ་ཞེས་པའོ། །ཡང་ན། སངས་རྒྱས་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔའི་རང་བཞིན་དེ་རྣམས་ཀྱིས་ཧེ་རུ་ཀའི་རྣམ་པའི་གཟུགས་

གཉིས་སུ་མེད་པའི་རང་བཞིན་གྱིས་སོ། །དེ་ཉིད་ཀྱི་ཕྱིར་བདུད་རྩི་ལྔར་གྱུར་པའི་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་ཏེ། དེ་ཉིད་བདུད་རྩི་ལྔའོ། །བུམ་པ་དེ་རྣམས་ཀྱིས་ཀཾ་བདེ་བའི་ཡེ་ཤེས་དང་། ལ་ཤ་ཞེས་པ་རོལ་སྒེག་གི་ཕྱིར་ཡེ་ཤེས་ཀྱི་ངོ་བོར་གཅིག་པའི་བུམ་པ་ལྔའི་བདག་ཉིད་དེ་རྣམས་ཀྱིས་ཕུང་པོ་

Vol. 3 · folio 104a

ལྔ་པོ་འདི་རྣམས་ལ་དབང་བསྐུར་བར་བྱ་སྟེ། རྣམ་པ་ཐམས་ཅད་ཀྱིས་སྒྲིབ་པ་དང་བྲལ་བ་ཉིད་ཐོབ་པར་བྱའོ་ཞེས་པའོ། །དབང་བསྐུར་ཞིང་ཁྲུས་བྱ་བ་འདི་ལྟ་བུའི་སྐད་ཅིག་ལ་སྤྱི་བོར་རང་གི་རིགས་ཀྱི་དབང་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པའོ། །ཡང་ན་དབང་

བསྐུར་བ་ན་ཞེས་པ་སྒྲིབ་པ་དང་བྲལ་བ་ཉིད་ཐོབ་པར་གྱུར་པ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ་ཞེས་པ་མེ་ཏོག་རྡུལ་དང་ཆར་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བ་ནི་མེ་ཏོག་གི་ཆར་འབབ་པ་སྟེ། གཉིས་སུ་མེད་པ་རྟོགས་པས་སྤྲུལ་པའི་སྐུར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ་ཞེས་པ་རྔའི་སྒྲ་ནི་

ནཱ་དའི་ཕྲེང་བ་གཉིས་ཀྱི་བདག་ཉིད་ཅན་ཨཱ་ལི་ཀཱ་ལིའི་རང་བཞིན་གྱི་ནཱ་ད་སྟེང་དུ་འབྱུང་ཞིང་ནཱ་ད་གཉིས་ཀ་དབྱེར་མེད་པའི་ཡེ་ཤེས་སྤྲོ་བའི་ཕྱིར། ལོངས་སྤྱོད་རྫོགས་པའི་སྐུར་འགྱུར་རོ། །གུར་གུམ་གྱི་ཆར་འབབ་པར་འགྱུར་རོ་ཞེས་པ་གུར་གུམ་ནི་བདག་མེད་མ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་

པའོ། །ཆར་ནི་ཐབས་ཀྱི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཞུ་བ་སྟེ། གཉིས་ཀ་དབྱེར་མེད་པར་འབབ་པ་ཆོས་ཀྱི་སྐུར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ་ཞེས་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་རྡོ་རྗེ་གསུམ་དབྱེར་མེད་པ་དེ་ལས་གཟུགས་རྡོ་རྗེ་མ་དང་།

སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ཞེས་པ་དྲུག་མི་ཕྱེད་པས་བསྐྱེད་པ་ནི་མཆོད་པའོ། །མི་ཕྱེད་པའི་སྒྲ་ནི་རྡོ་རྗེའི་གླུ་སྟེ། སྤྱན་ལ་སོགས་པ་འབྱུང་བ་ཆེན་པོ་བཞིའི་རང་བཞིན་རྣམས་ཀྱིས་བླང་བར་བྱ་ཞིང་མཚོན་པར་བྱ་སྟེ། མཚན་མ་མེད་པའི་རང་

བཞིན་དཀྱིལ་འཁོར་གཉིས་ཀྱི་བདག་ཉིད་རྡོ་རྗེ་འཆང་གི་ཡེ་ཤེས་རབ་ཏུ་རྟོགས་པར་བྱ་ཞེས་པའོ། །དབང་བསྐུར་ཏེ། སྒྲིབ་པ་དང་བྲལ་བའི་རང་བཞིན་འོད་གསལ་བ་ཉིད་ཐོབ་པར་གྱུར་པ་ན། སྤྱི་བོར་སྤྱི་གཙུག་ཏུ་བྱང་ཆུབ་ཀྱི་སེམས་ཞུ་བའི་རང་བཞིན་ལ། རང་གི་རིགས་ཀྱི་དབང་པོ་མི་བསྐྱོད་

པ་ལྷན་ཅིག་སྐྱེས་པའི་ངོ་བོར་འགྱུར་རོ་ཞེས་པའོ། །འདིས་ནི་རྒྱུ་འདིས་ཧེ་རུ་ཀ་རྫོགས་པའོ་ཞེས་པ་རྫོགས་པ་ཞེས་བྱ་བ་ནི་ཧེ་རུ་ཀ་ཉིད་དེ་ཧེ་རུ་ཀའི་སྒྲའི་དོན་ཡང་། བཅོམ་ལྡན་འདས་ཉིད་ཀྱིས་རྒྱུ་སོགས་སྤངས་པ་ཞེས་པ་འདིས་གསལ་བར་བཤད་དོ། །ཐུན་གསུམ་དུ་བྱིན་གྱིས་བརླབས་པའི་

Vol. 3 · folio 104b

བསྒོམ་པ་རྣམ་པར་བསྒོམས་ནས་ལངས་ཏེ། ལྷའི་སྐུར་གཞག་པར་བྱའོ་ཞེས་པ་སྔ་དྲོ་དང་ཉིན་གུང་དང་ཕྱི་དྲོའི་དུས་སུ་བྱིན་གྱིས་བརླབ་པའི་སྒོམ་པ་བསྐྱེད་པར་སྙོམས་པར་འཇུག་པ་རྣམ་པར་བསྒོམས་ནས་གཉིས་སུ་མེད་པའི་ངོ་བོར་གནས་པའི་ཕྱིར་ལངས་ཏེ། སྤྲོ་བས་གནས་པར་བྱའོ་ཞེས་པའོ། །ཡང་ན་

ཐུན་གསུམ་དུ་བྱིན་གྱིས་བརླབ་པ་བསྒོམ་པ་ཞེས་པ། ཐུན་གསུམ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་དང་། གཉི་ག་དབྱེར་མེད་པའི་དཀྱིལ་འཁོར་གྱི་ཡེ་ཤེས་སོ། །བྱིན་གྱིས་བརླབས་པ་བསྒོམ་པ་ཞེས་པ་དབང་བསྐུར་བའི་བར་གྱིས་སྒྲིབ་པ་མེད་པའི་གནས་ཐོབ་

པའོ། །བསྒོམས་ནས་ལངས་ཏེ་ཞེས་པའི་དོན་ནི་བརྗོད་ཟིན་ཏོ། །ལྷའི་སྐུར་གཞག་པར་བྱའོ་ཞེས་པ། ལྷ་ནི་ཡེ་ཤེས་ཏེ་དོན་དམ་པའི་བདེན་པའོ། །སྐུ་ནི་ཀུན་རྫོབ་ཀྱི་བདེན་པ་སྟེ། བདེན་པ་གཉིས་ཀའི་བདག་ཉིད་ཀྱིས་ལྷའི་སྐུའོ། །གཞག་པར་བྱའོ་ཞེས་པ་རྡོ་རྗེ་འཆང་གི་གནས་རྫོགས་པར་བྱའོ་ཞེས་

པའི་དོན་ཏོ། །དབང་བསྐུར་བའི་ལེའུ་སྟེ་བཞི་པའོ་ཞེས་པ། ཀུན་ནས་སྒྲིབ་པ་དང་བྲལ་བར་བྱེད་པའོ། །དེ་ཡང་། པ་ཊ་ནི་གཡོགས་པ་སྟེ་དེ་ལེན་ཅིང་འཛིན་པའི་ཕྱིར་ལེའུའོ། །བཞི་པ་ནི་བཞི་རྣམས་ཀྱི་རྫོགས་པ་སྟེ། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ། །རྡོ་རྗེ་རིགས་ཀྱི་ལེའུས་སྐུ་རྡོ་རྗེ་དང་།

སྔགས་ཀྱི་ལེའུས་གསུང་རྡོ་རྗེ་དང་། ལྷའི་ལེའུས་ཐུགས་རྡོ་རྗེ་དང་། དབང་བསྐུར་བའི་ལེའུས་རྡོ་རྗེ་གསུམ་དབྱེར་མེད་པའོ་ཞེས་པ་བཞི་པའོ། །ལས་ཀྱི་ཕྱག་རྒྱ་ལ་དགའ་བ་བཞིའི་རིམ་པས་སོ། །ཆོས་ཀྱི་ཕྱག་རྒྱ་ལ་འཁོར་ལོ་བཞིའི་རིམ་པས་གཏུམ་མོའི་རྣལ་འབྱོར་རོ། །ཕྱག་རྒྱ་ཆེན་པོ་ལ་ཕྱག་རྒྱ་བཞི་

དབྱེར་མེད་པས་སོ། །དམ་ཚིག་གི་ཕྱག་རྒྱ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཞེས་པ་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས་ལེའུ་བཞི་པའོ།། །།ད་ནི་དེ་ནས་དེ་ཁོ་ནའི་ལེའུ་བཤད་པར་བྱའོ་ཞེས་པའོ། །དེ་ལ་དེ་ཁོ་ན་བཞི་སྟེ། བདག་གི་

དེ་ཁོ་ན་དང་། སྔགས་ཀྱི་དེ་ཁོ་ན་དང་། ལྷའི་དེ་ཁོ་ན་དང་། ཡེ་ཤེས་ཀྱི་དེ་ཁོ་ནའོ། །རྡོ་རྗེ་རིགས་ཀྱི་ལེའུར་བདག་གི་དེ་ཁོ་ནའོ། །སྔགས་ཀྱི་ལེའུར་སྔགས་ཀྱི་དེ་ཁོ་ནའོ། །ལྷའི་ལེའུར་ལྷའི་དེ་ཁོ་ནའོ། །དབང་བསྐུར་བའི་ལེའུར་ཡེ་ཤེས་ཀྱི་དེ་ཁོ་ནའོ་ཞེས་པ་དེ་ཁོ་ན་བཞི་མངོན་པར་བརྗོད་ནས་བཞི་པོ་དབྱེར་མེད་

Vol. 3 · folio 105a

པ་ལས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་འཆང་ཉིད་རབ་ཏུ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་པ་དེ་མ་ཐག་པར་མ་ཆད་པ་ཉིད་ཀྱིས་དེ་ཁོ་ནའི་ལེའུ་རབ་ཏུ་བཤད་པར་བྱའོ་ཞེས་པའོ། །དེའི་ཕྱིར་གསུངས་པ། ངོ་བོས་གཟུགས་མེད་ཅེས་པ་རང་གི་གཟུགས་ནི་ངོ་

བོ་སྟེ། གང་གི་གཟུགས་གང་ཡིན་པ་དེ་ནི་དེའི་གཟུགས་ཏེ། དེ་ནི་ངོ་བོའོ། །དེ་ན་དེ་མེད་དེ། དེ་ལྟར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་གི་ཚེ། གཟུགས་ཉིད་གཟུགས་ཀྱི་རང་བཞིན་དང་བྲལ་བའོ། །ཚོར་བ་ཉིད་དང་། འདུ་ཤེས་ཉིད་དང་། འདུ་བྱེད་རྣམས་ཉིད་དང་། གང་གི་ཚེ་རྣམ་པར་ཤེས་པ་

ཉིད་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བའོ་ཞེས་པ་ལ་སོགས་པའོ། །མཐོང་བ་ཡང་མེད་ཅེས་པ་མཐོང་བ་ཡང་མཐོང་བའི་རང་རང་གི་ངོ་བོས་མེད་དོ་ཞེས་པ་སྟེ། ལེའུ་དང་པོ་བདག་གི་དེ་ཁོ་ནའོ། །སྒྲ་མེད་ཐོས་པ་པོ་ཡང་མེད། །ཅེས་པ། དེ་ཁོ་ན་ལྟར་ཐམས་ཅད་དུ་ངོ་བོས་ཞེས་པ་སྦྱར་བར་བྱ་སྟེ། སྒྲ་

ནི་སྒྲའི་ངོ་བོས་མེད་དོ། །ཐོས་པ་ནི་ཐོས་པའི་ངོ་བོས་མེད་དོ་ཞེས་པ་སྔགས་ཀྱི་ལེའུ་སྔགས་ཀྱི་དེ་ཁོ་ནའོ། །དྲི་མེད་སྣོམ་པ་པོ་ཡང་མེད། །ཅེས་པ་དེ་ཁོ་ན་བཞིན་དུ་སྦྱར་ཏེ། དྲི་ནི་སྣའི་དབང་པོའི་གཟུང་བ་ཡིན་པའི་ཕྱིར་དང་། སྣའི་དབང་པོ་ནི་ནཱ་དའི་ནང་དུ་ཐིམ་པའི་ཕྱིར་དང་། སེམས་ནི་ནཱ་དས་འཁྱུད་

པའི་ཕྱིར་དེ་ཁོ་ན་གསུམ་གྱིས་ལྷའི་ལེའུ་ལྷའི་དེ་ཁོ་ནའོ། །རོ་མེད་མྱོང་བ་པོ་ཡང་མེད། །ཅེས་པ། རོ་ནི་མྱོང་བའི་མཚན་ཉིད་དེ། །དེ་ཡང་དབང་བསྐུར་བའི་ལེའུ་ཡེ་ཤེས་ཀྱི་དེ་ཁོ་ནའོ། །རེག་མེད་རེག་པ་པོ་ཡང་མེད། །ཅེས་པ་དེ་ཁོ་ན་བཞི་བསྡུས་པའི་བདག་ཉིད་ཀྱི་ཕྱིར་དགའ་བ་ལ་སོགས་པ་ཁྱད་

པར་གྱི་དགའ་བའི་བར་ནི་རེག་པའོ། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་པ་ལྷན་ཅིག་སྐྱེད་པའི་དགའ་བ་ནི་སེམས་ལས་འདས་པའི་ཕྱིར་དྲུག་པ་རྡོ་རྗེ་འཆང་ངོ་། །ཡང་ན་ངོ་བོས་གཟུགས་མེད་ཅེས་པ་ལ་སོགས་པ་བཞིས་དེ་ཁོ་ན་བཞིའོ། །གཉིས་པོ་དག་ཤེས་རབ་དང་ཐབས་ཀྱིས་

ཕྱེ་བ་ལས། རེག་མེད་རེག་པ་པོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་པ་དེ་ཁོ་ན་བཞི་བསྡུས་པའོ། །དེ་ལྟར་རིམ་པས་མེད་པའི་ཕྱིར། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱི་ཁམས་ཏེ། ཡུལ་དྲུག་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་

Vol. 3 · folio 105b

དང་། ཡིད་དེ། དབང་པོ་དྲུག་པོ་འདི་དག་གིས་རང་བཞིན་ཁམས་གསུམ་པའོ་ཞེས་བརྟགས་པ་ཡོངས་སུ་སྤང་བའི་དོན་དུ། བསྐྱེད་པ་དང་ནི་སྲིང་མོ་ཉིད། །རྣལ་འབྱོར་རིགས་པས་རྟག་ཏུ་མཆོད། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་མ་དེ་བཞིན་བྲམ་ཟེ་མོ། །ཐབས་དང་ཤེས་རབ་ཆོ་ག་ཡིས། །

དེ་ཉིད་དགའ་བས་རྟག་ཏུ་མཆོད། །ཅེས་པའི་དོན་གོ་སླ་བ་ཉིད་དོ། །ཡང་ན་བསྐྱེད་པའི་སྒྲས་གཟུགས་ལ་སོགས་པ་ཡུལ་ལྔ་སྟེ། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཞེས་པའི་གསུང་ལས་ཕལ་ཆེར་གཟུང་བར་མངོན་པར་ཞན་པས་མིག་ལ་སོགས་པའི་དབང་པོ་རྣམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །སྲིང་མོའི་

སྒྲས་མིག་ལ་སོགས་པའི་དབང་པོ་ལྔ་སྟེ། གང་ཕྱིར་སྐལ་བ་སྟོན་པའི་ཕྱིར། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །ཅེས་པའི་གསུང་ལས། མིག་ལ་སོགས་པའི་དབང་པོ་ལྔ་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་འཛིན་པའི་ཕྱིར་རོ། །གཉིས་ཀ་དག་ལས་རྣལ་འབྱོར་ཏེ། །དེ་རིག་པའི་ཕྱིར་རྣལ་འབྱོར་རིག་པའོ། །

རྟག་ཏུ་ཐམས་ཅད་ཀྱི་ཚེ་བར་ཆད་མེད་པ་ཉིད་ཀྱིས་མཆོད་ཅིང་གཉིས་སུ་མེད་པའི་རྣམ་པས་ཉེ་བར་ལོངས་སྤྱོད་པར་བྱའོ་ཞེས་པ་འདིས་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབ་པའོ། །འདིས་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་ཡང་བསྟན་ཅིང་དབང་པོ་དང་ཡུལ་ཕྲད་པ་ལས་སྐྱེས་པ་རྣམ་པར་ཤེས་པ་

ཡིན་པའི་ཕྱིར་སྐུ་གསུམ་བྱིན་གྱིས་བརླབ་པ་ཡང་མཚོན་ནོ། །གར་མ་དང་ཚོས་མ་དང་རྡོ་རྗེ་མ་དང་གདོལ་བ་མོ་དང་བྲམ་ཟེ་མོ་སྟེ། རིགས་ལྔའི་ཆ་དང་ལྡན་པ་འདི་རྣམས་མཆོད་ཅིང་གོམས་པར་བྱའོ། །ཅི་ལྟར་ཞེ་ན། ཐབས་དང་ཤེས་རབ་ཆོ་ག་ཡིས། །ཞེས་པ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡུལ་དང་

དབང་པོ་དབྱེར་མེད་པར་རྟོགས་པས་སོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་དགའ་བ་ནི་དེ་ཁོ་ན་ལ་རྗེས་སུ་ཆགས་པའོ། །རྒྱུ་འདི་ཉིད་ཀྱིས་རང་གི་ངོ་བོས་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས། གཟུགས་མེད་མཐོང་བ་པོ་ཡང་མེད། །ཅེས་པ་ལ་སོགས་པ་ནས། སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་པའི་བར་

རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་ཀྱིས། དེ་ཁོ་ན་སྟེ། དབང་པོ་ལྔ་དང་། ཡུལ་ལྔ་དང་། ཡེ་ཤེས་ལྔ་དབྱེར་མེད་པས་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་རོ། །རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པས་ཡུལ་དྲུག་དང་། དབང་པོ་དྲུག་དང་། རྣམ་པར་ཤེས་པ་དྲུག་གི་རང་བཞིན་གྱིས་བཅོ་བརྒྱད་

Vol. 3 · folio 106a

དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱང་ངོ་། །ཇི་ལྟར་བྱེ་བར་མི་འགྱུར་བར། །རབ་ཏུ་འབད་པས་བསྟེན་པར་བྱ། །ཞེས་པ་འདི་རྣམས་བསྟེན་པ་ནི་འཇིག་རྟེན་པ་དང་འགལ་བ་སྟེ། དེའི་ཕྱིར་གསུངས་པ། ཇི་ལྟར་བྱེ་བར་མི་འགྱུར་བར། །ཞེས་པ་ཇི་ལྟར་འགའ་ཡང་ཤེས་

པར་མི་འགྱུར་བ་དེ་ལྟར་རབ་ཏུ་འབད་པ་ཕུལ་དུ་བྱུང་བ་འབད་པས་བསྟེན་པར་བྱ་སྟེ། འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །ཞེས་པའི་གསུང་ལས་སོ། །ཡང་ན་བསྟེན་པར་བྱ་ཞིང་གོམས་པར་བྱ་སྟེ། རབ་ཏུ་འབད་པར་བར་ཆད་མེད་པས་སོ། །དེ་ཉིད་ཀྱི་ཕྱིར། ཇི་ལྟར་བྱེ་བར་མི་འགྱུར་བར། །ཞེས་པ་ཇི་ལྟར་དབྱེར་མེད་

པར་གྱུར་པ་སྟེ། །དེ་ལྟར་ཡང་། བཅོམ་ལྡན་འདས་ཀྱིས་གསུངས་པ། དབྱེར་མེད་མཚན་ཉིད་གྲུབ་པ་ན། །ཕྱག་རྒྱ་རྣལ་འབྱོར་བས་འགྲུབ་འགྱུར། །ཞེས་སོ། །གལ་ཏེ་བྱེ་བར་གྱུར་ན་དེའི་ཚེ་ཅིར་འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། མ་གསང་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མེ་ཡིས་སྡུག་བསྔལ་

བྱེད། །གལ་ཏེ་གསལ་པོར་བསྟན་པར་གྱུར་ན། དེའི་ཚེ་སྡུག་བསྔལ་བྱེད་དོ། །གང་གིས་ཤེ་ན། སྦྲུལ་དང་ཆོམ་རྐུན་དང་མེ་དང་ས་སྤྱོད་རྣམས་ཀྱིས་ཏེ། ས་སྤྱོད་ནི་སྟག་ལ་སོགས་པའོ། །དེ་རྣམས་ཀྱིས་མི་ཟད་པའི་གནོད་པས་དུས་བྱེད་པར་འགྱུར་ཏེ། དེ་ནས་དམྱལ་བར་འགྲོ་བ་ལ་སོགས་པས་

སྡུག་བསྔལ་ལ་བརྒྱུད་མར་འགྱུར་རོ་ཞེས་པའོ། །ཡང་ན་མ་གསང་བར་བྱེ་བ་གཟུང་བ་དང་། འཛིན་པར་མངོན་པར་ཞེན་ན་སྡུག་བསྔལ་བྱེད་དེ། སྦྲུལ་དང་ཆོམ་རྐུན་དང་མེ་དང་ས་སྤྱོད་རྣམས་ཀྱིས་སྡུག་བསྔལ་བསྐྱེད་པ་ལས། འཁོར་བ་པའི་སྡུག་བསྔལ་བྱེད་པ་འཇུག་པར་འགྱུར་རོ། །ཉོན་མོངས་པ་

དང་ཉེ་བའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱིས་ཞེས་པའི་དོན་ཏོ། །གལ་ཏེ་འདི་རྣམས་བསྟེན་པ་བྱེ་བ་ལས་ནི་སྐྱོན་དུ་འགྱུར་ན། འདི་རྣམས་བསྟེན་པས་དགོས་པ་ཅིར་འགྱུར་ཞེས་དོགས་པ་ལ་གསུངས་པ། རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །གར་མ་

དང་། ཚོས་མ་དང་རྡོ་རྗེ་མ་དང་གདོལ་པ་མོ་དང་བྲམ་ཟེ་མོ་རྣམས་ནི་རིགས་ལྔའི་ཕྱག་རྒྱ་ཞེས་པ་ཐར་པའི་རྒྱུར་བརྗོད་པར་བྱ་སྟེ། ཐར་པའི་རྒྱུ་ལས་སོ། །ཡང་ན། དེ་བཞིན་གཤེགས་པ་ལྔ་པོ་དེ་ཉིད་རིགས་ལྔའི་ཕྱག་རྒྱ་ཞེས་བརྗོད་པར་བྱ་སྟེ་དོན་བཤད་ཟིན་ཏོ། །ཡང་ན། བྱེ་བ་མེད་པར་གྱུར་ན་དེ་ཉིད་

Vol. 3 · folio 106b

ཕྱག་རྒྱ་ལྔ་སྟེ། དེ་བཞིན་གཤེགས་པའི་མཚན་མ་ཞེས་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ལྔ་དང་དབྱེར་མེད་པའི་རང་བཞིན་ཁོ་ན་ཡུལ་ལྔའི་རང་བཞིན་ཕྱག་རྒྱ་ལྔའོ། །དེ་ཉིད་ཀྱི་ཕྱིར་ཐར་པ་ཐོབ་པའི་རྒྱུར་འགྱུར་རོ། །ཕྱག་རྒྱའི་སྒྲ་ནི་འདི་རྣམས་ཅི་ལྟར་ཞེ་ན། གསུངས་པ། རྡོ་རྗེ་འདིས་ནི་

གདབ་བྱ་སྟེ། །དེ་ལ་ཕྱག་རྒྱར་བརྗོད་པར་བྱ། །ཞེས་པ། གང་རྡོ་རྗེ་ཞེས་བརྗོད་པའི་རྡོ་རྗེ་མི་བསྐྱོད་པ་ཐུགས་རྡོ་རྗེ་དེ་ཡིས་ཏེ། ཡིད་ནི་དམ་པའི་བདེ་བ་ཟ། །ཞེས་པའི་ཚིག་ལས་རེག་བྱ་ནི་ཡིད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །གར་མ་ཚོས་མ་རྡོ་རྗེ་མ། །གདོལ་པ་མོ་དང་བྲམ་ཟེ་མོ། །ཞེས་པ། གང་

གསུངས་པ་དེ་རྣམས་ཀྱི་དབུས་སུ་གནས་པའི་རྡོ་རྗེའི་རིགས་ཉིད་དང་པོར་གསུངས་ཏེ། སེམས་ནི་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་རིན་ཆེན་ཉིད། །སླར་ཡང་གོང་དུ་གཞག་པའི་ཕྱག་རྒྱ་གཉིས་ནི་གར་མ་པདྨའི་རིགས་ཏེ། འོད་དཔག་

ཏུ་མེད་པའི་རིགས་གསུང་རྡོ་རྗེའོ། །ཚོས་མ་ལས་ཀྱི་རིགས་ཏེ་དོན་ཡོད་གྲུབ་པའི་རིགས་སྐུ་རྡོ་རྗེའོ། །སླར་རིམ་པ་མ་ཡིན་པས་མཐའ་ནས་བརྩམས་ཏེ། བྲམ་ཟེ་མོ་དེ་བཞིན་གཤེགས་པའི་རིགས་སྐུ་རྡོ་རྗེ་སྟེ། དོན་ཡོད་གྲུབ་པ་ནི་འདི་ཉིད་ལ་རབ་ཏུ་ཞུགས་པའི་ཕྱིར། འདི་དང་པོར་གསུངས་

སོ། །གདོལ་པ་མོ་རིན་ཆེན་རིགས་ཏེ། རིན་ཆེན་དབང་པོའི་རིགས་འོད་དཔག་མེད་གསུང་རྡོ་རྗེ་ལ་རབ་ཏུ་ཞུགས་པས་གསུང་རྡོ་རྗེའོ། །འོད་དཔག་མེད་ཟླ་བ་དང་རིན་ཆེན་དབང་པོ་ཉི་མ་སྟེ། ཟླ་བ་དང་ཉི་མའི་བདག་ཉིད་ལས་གཉིས་ཀ་བདག་མེད་མ་དང་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་

རྒྱས་གདབ་པར་རིགས་སོ་ཞེས་རིན་ཆེན་དབང་པོའི་རིགས་མཐའ་ཉིད་དུ་གསུངས་སོ་ཞེས་པའོ། །སྙིང་རྗེ་ཆེན་པོ་དམ་པ་ཡི། །རིགས་ནི་རྣམ་པ་ལྔ་རུ་བརྗོད། །ཅེས་པ་རིམ་པ་འདིས་རིགས་རྣམ་པ་ལྔ་སྟེ། ཀྱེའི་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ཞེས་བོད་པའོ། །གཉིས་ཀ་དབྱེར་མེད་པ་

ལས་གཟུགས་ལ་སོགས་པ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་དང་། རྣམ་པར་སྣང་མཛད་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ལུགས་ལས་བཟློག་པ་དང་། ལུགས་དང་མཐུན་པའི་རིམ་པས་བྲམ་ཟེ་མོ་དང་། །གདོལ་པ་མོ་དང་། གར་མ་

Vol. 3 · folio 107a

དང་། ཚོས་མ་དང་། གཡུང་མོ་རྣམས་གསུངས་སོ་ཞེས་པའོ། །ཡང་ན། རྡོ་རྗེ་འདིས་ནི་གདབ་བྱ་སྟེ། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །གདབ་པར་བྱ་ཞིང་མཚོན་པར་བྱ་སྟེ། རྒྱུ་འདིས་ནི་ཕྱག་རྒྱ་ཞེས་བརྗོད་པར་བྱའོ། །དེ་ཡང་གང་ཞེ་ན། རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་

གཤེགས་པ་རིན་ཆེན་ཉིད། །མི་ཕྱེད་པའི་རྡོ་རྗེའི་རྒྱུ་དེས་ན། འདི་དག་ཐམས་ཅད་ཕྱག་རྒྱ་ཞེས་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་དམ་པའི་རིགས་ནི་ལྔ་ཉིད་དུ་བརྗོད་དེ་ཡེ་ཤེས་ཀྱི་ངེས་པར་གྱུར་པའོ། །དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་བོད་པ་སྟེ། ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ཡེ་ཤེས་

ལྔའི་བདག་ཉིད་ཅན་འདི་ཉིད་ཡེ་ཤེས་ཏེ། མཐོང་བ་པོ་དང་། མཐོང་བར་བྱ་བ་ལ་སོགས་པ་དབྱེ་བ་མེད་པ་ལས་ཤེས་རབ་དང་ཐབས་ཀྱི་ཆོ་གས་དེ་ཁོ་ན་ལ་དགའ་བས་མཆོད་པར་བྱའོ་ཞེས་པའོ། །ཡང་ན་སྐུའི་སྒྲས་ཆོས་འབྱུང་བདག་མེད་མའོ། །དེ་ལེན་ཅིང་འཛིན་པ་སྟེ། དེ་དང་ལྷན་ཅིག་དབྱེར་

མེད་པའི་རང་བཞིན་དུ་གྱུར་པའི་ཕྱིར་རིགས་རྣམས་སོ། །དེ་ཡང་རྣམ་པ་ལྔ་སྟེ། རྒྱས་པར་ནི་རྣམ་པ་མཐའ་ཡས་པའི་རིགས་ཉིད་ལས་ཇི་ལྟར་མཐའ་ཡས་པའི་རིགས། སྔགས་ཀྱི་ལེའུར་རབ་ཏུ་བཤད་ཅིང་ལེའུ་གཞན་དུ་ཡང་བཤད་པར་བྱའོ། །འདི་ཉིད་ཀྱི་ཕྱིར་དམ་པ་ཀུན་རྫོབ་དང་དོན་དམ་པ་

དབྱེར་མེད་པ་ཉིད་ལས་སྙིང་རྗེ་ཆེན་པོ་ཉིད་དང་། དེ་ཉིད་དབྱེ་བ་མེད་པའི་མཚན་ཉིད་སོ་སོར་བསྟན་པའི་ཕྱིར་ལུགས་དང་མཐུན་པ་དང་། ལུགས་ལས་བཟློག་པས་འཁྲགས་འཁྲུགས་སུ་གསུངས་པ། རྡོ་རྗེའི་ཕྱག་རྒྱ་གཡུང་མོར་འགྱུར། །དེ་བཞིན་པདྨ་གར་མ་ཉིད། །ལས་ནི་ཚོས་མར་ཡང་དག་

བཤད། །དེ་བཞིན་གཤེགས་པ་བྲམ་ཟེ་མོ། །རིན་ཆེན་གདོལ་མར་ཤེས་པར་བྱ། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །མདོར་བསྡུས་པས་ཞེས་པ་ཡུལ་དང་རྣམ་པར་ཤེས་པ་ནི་དེ་བཞིན་གཤེགས་པ་རྣམས་ལ་དེའི་

བདག་ཉིད་ཀྱིས་རབ་ཏུ་ཞུགས་པའི་ཕྱིར་རྡོ་རྗེ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཡིན་ཏེ། ངོ་བོས་གཟུགས་མེད་མཐོང་བའང་མེད། །ཅེས་པ་ལ་སོགས་པ་ཐམས་ཅད་གསུངས་པ་ཉིད་དོ། །ཡང་ན། གང་གི་ཕྱིར་གཡུང་མོ་ལ་སོགས་པ་རྣམས་ནི་ཕྱག་རྒྱའི་ངོ་བོ་ཉིད་དོ། །

Vol. 3 · folio 107b

དེའི་ཕྱིར་འདི་རྣམས་ནི་རྡོ་རྗེ་སྟེ། མི་ཕྱེད་པའི་རང་བཞིན་གྱི་ཕྱིར་རྡོ་རྗེ་ཉིད་དོ། །དེའི་ཕྱིར་རྣམ་པར་ངེས་ཏེ། དེ་བཞིན་གཤེགས་པའི་རིགས་ཞེས་པ་བྲལ་བའི་རང་བཞིན་བྲལ་བར་ངེས་པའམ་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་ངེས་པ་སྟེ། དེ་རྣམས་སྟོང་པ་ཉིད་དང་། སྙིང་རྗེ་དབྱེར་མེད་པའི་རང་

བཞིན་གྱི་ཕྱིར་ཞེས་པའི་དོན་ཏོ། །འདི་རྣམས་དེ་བཞིན་གཤེགས་པའི་རིགས། །མདོར་བསྡུས་པས་ནི་བརྗོད་པར་བྱ། །ཞེས་པ་རིགས་ནི་ཡེ་ཤེས་ཏེ། འདི་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱང་ངོ་། །ཇི་ལྟར་ཞེ་ན། མདོར་བསྡུས་པས་ཡུལ་དང་རྣམ་པར་ཤེས་པ་ནི། དེའི་བདག་ཉིད་ཀྱི་

ཕྱིར། དེ་རྣམས་ལ་རབ་ཏུ་བསྲེས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ཞེས་པའོ། །དེ་བཞིན་གཤེགས་པའི་སྒྲའི་དོན་ཅི་ཞེ་ན། དེའི་ཕྱིར་གསུངས་པ། དཔལ་ལྡན་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་དུ་ཡང་བྱོན་པ་ཉིད། །ཤེས་རབ་རིགས་པ་འདི་ཡིས་ནི། །དེ་བཞིན་གཤེགས་

པར་མངོན་པར་བརྗོད། །ཅེས་པ་དེ་བཞིན་ཉིད་ནི་གཡུང་མོ་ལ་སོགས་པ་མཁའ་འགྲོ་མ་རྣམས་སོ། །དེ་རྣམས་སུ་གཤེགས་པ་ནི་རྡོ་རྗེ་ལ་སོགས་པ་ཕྱག་རྒྱའི་ངོ་བོས་རབ་ཏུ་ཞུགས་པའོ་ཞེས་པ་དེ་བཞིན་ཉིད་དུ་གཤེགས་པའོ། །བྱོན་པ་ཞེས་པ་མཁའ་འགྲོ་མ་དེ་རྣམས་ཉིད་ལ་རྡོ་རྗེ་ལ་སོགས་པ་

ཕྱག་རྒྱའི་ངོ་བོས་བདག་ཉིད་ངེས་པར་རྟོགས་པར་གྱུར་པའོ་ཞེས་པ་དེ་བཞིན་དུ་ཡང་བྱོན་པ་ཉིད་དེ་བཞིན་ཉིད་ཀྱི་ཕྱིར་དཔལ་ལྡན་ཤྲཱི་ཡིག་གཉིས་སུ་མེད་པའི་ཡེ་ཤེས་དེ། འདི་ལ་ཡོད་པའི་ཕྱིར་དེ་དང་ལྡན་པའོ། །ཡང་ན་དེ་བཞིན་ཉིད་ནི་རྣམ་པར་མི་རྟོག་པ་སྟེ། དེར་གཤེགས་པ་ནི་དེའི་ནང་དུ་ཐིམ་

པ་ཇི་སྲིད་དེའི་ངོ་བོར་གྱུར་པའོ། །དེ་བཞིན་དུ་ཡང་བྱོན་པ་ཉིད་ཅེས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ལ་སྤྲོ་བའི་ཚུལ་གྱིས་ཀྱང་རྣམ་པར་གནས་སོ་ཞེས་པ་སྟེ། དཔལ་ལྡན་ཞེས་པའི་དོན་བཤད་ཟིན་ཏོ། །ཤེས་རབ་ཅེས་བརྗོད་པའི་རིམ་པ་དོན་དམ་པའི་བདེན་པ་དང་རིགས་པ་ཞེས་བརྗོད་

པའི་རིམ་པ་ཀུན་རྫོབ་ཀྱི་བདེན་པ་སྟེ། འདིས་ནི་དེ་བཞིན་གཤེགས་པར་མངོན་པར་བརྗོད་ཅེས་པ་རྡོ་རྗེ་འཆང་གིས་ཐ་སྙད་དུ་མཛད་པའོ། །ད་ནི་ངོ་བོས་གཟུགས་མེད་ཅེས་པ་ལ་སོགས་པའི་སྡུད་པ་གསུངས་པ། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །ཅེས་པ། མིག་དང་རྣ་བ་སྣ་དང་ནི། །ལྕེ་དང་ལུས་

Vol. 3 · folio 108a

དང་དེ་བཞིན་ཡིད། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་སྟེ། །ཆོས་ཀྱི་ཁམས་ཀྱི་རང་བཞིན་ཉིད། །འདི་རྣམས་རིགས་ནི་དྲུག་ཡིན་ནོ། །མདོར་བསྡུས་པ་ནི་རྣམ་པ་ལྔ། །ཞེས་པ་དེ་རྣམས་མདོར་བསྡུས་པ་ལས་རྣམ་པ་ལྔ་སྟེ། ཡིད་ནི་དེ་རྣམས་

ལ་བརྗོད་དོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་པ་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དག་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སྐུ་རྣམ་པར་གཞག་པའི་ཕྱིར་དོན་ཡོད་གྲུབ་པ་ནི་རྣམ་པར་སྣང་མཛད་ལ་བསྡུས་སོ། །དེ་བཞིན་དུ་གསུང་གི་འོད་

དཔག་མེད་དང་། རིན་ཆེན་དབང་པོ་དག་རྣམ་པར་གཞག་པས་རིན་ཆེན་དབང་པོ་ནི་འོད་དཔག་མེད་ལ་བསྡུས་སོ། །དེ་བཞིན་དུ་ཐུགས་ཀྱི་སྐུ་དང་གསུང་དང་ཐུགས་དག་རྣམ་པར་གཞག་པས་རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དག་ལས་བསྡུས་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་དབྱེ་བའོ། །དེའི་ཕྱིར་

ཕྱི་ནས་གཞན་རྣམ་པ་གསུམ་དུ་འགྲོ་བར་འགྱུར་བ་རྟོགས་པར་བྱའོ། །ཡང་ན། རིགས་ནི་རྣམ་པ་དྲུག་དུ་བརྗོད། །མདོར་བསྡུས་པ་ནི་རྣམ་པ་ལྔ། །རྣམ་པ་དྲུག་ཅེས་པ་མིག་ལ་སོགས་པ་རྣམ་པ་དྲུག་གི་རང་བཞིན་གང་ཡིན་པ་དེ་རྣམས་ནི་རྣམ་པ་དྲུག་སྟེ། རིགས་དེ་རྣམས་བརྗོད་པ་ནི་སྐུ་བདག་མེད་

མའོ། །དེ་ལེན་ཅིང་འཛིན་པ་སྟེ། དེའི་བདག་ཉིད་ཀྱིས་བདག་ཉིད་ལ་རབ་ཏུ་ཞུགས་པའི་ཕྱིར་རིགས་རྣམས་སོ། །བརྗོད་པ་ནི་ཤེས་པའོ། །ཅི་ལྟར་ཞེ་ན། མདོར་བསྡུས་པས་དེ་རྣམས་བསྡུས་ན་སླར་རྣམ་པ་ལྔ་སྟེ། སྤྲོ་བའི་རང་བཞིན་རྣམ་པ་ལྔའོ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་

ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །རྣམ་པ་གསུམ་གང་གི་རྣམ་པ་ཡིན་པ་དེ་ནི་རྣམ་པ་གསུམ་སྟེ། སྐུ་གསུང་ཐུགས་ཀྱི་བདག་ཉིད་དབྱེར་མེད་པ་ལས་གཅིག་གི་ཚིག་གོ། །ཇི་ལྟར་ཞེ་ན། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར་པའི་དབྱེ་བ་

སྤྲོ་བའི་ཚུལ་གྱིས་སྐུ་གསུང་ཐུགས་ཀྱི་དབྱེ་བས་ཐ་དད་དུ་རྣམ་པར་གཞག་པའི་སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས་ཇི་སྲིད་རིམ་པ་ལས་འདས་པ་རང་བཞིན་མེད་པ་ཞེས་པའོ། །རིགས་དང་འབྱུང་བ་ལྔ་རྣམས་དང་། །ཕུང་པོ་ལྔ་ཡི་རང་བཞིན་ཅན། །རིགས་དང་བགྲང་བྱ་འདི་ཡིས་ནི། །དེས་ན་

Vol. 3 · folio 108b

རིགས་ཞེས་མངོན་པར་བརྗོད། །གལ་ཏེ་རིགས་ལྔ་པོ་རྣམས་མི་བསྐྱོད་པ་ལ་སོགས་པར་འགྱུར་ན། སྐུ་གསུང་ཐུགས་ཀྱི་དབྱེ་བས། རྣམ་པ་གསུམ་དུ་འགྱུར་བ་དེ་རྣམས་ཀྱི་རིགས་ཉིད་ཅི་ལྟར་ཞེ་ན། གསུངས་པ། རིགས་སུ་བྱ་བ་དང་། བགྲང་བར་བྱ་བ་གྲངས་ཀྱིས་ཡོངས་སུ་བཅད་པའི་ཕྱིར།

རྒྱུ་དེས་ན་རིགས་ཞེས་མངོན་པར་བརྗོད་པར་བྱའོ། །འབྱུང་བ་ལྔ་རྣམས་ཞེས་པ་ལ་སོགས་པ་འབྱུང་བ་ཆེན་པོ་ལྔ་པོ་རྣམས་ཏེ། དེ་ཉིད་ཀྱི་ཕྱིར་ཕུང་པོ་ལྔའི་རང་བཞིན་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། དེ་རྣམས་གང་ལ་ཡོད་པ་དེ་ནི་ཕུང་པོ་ལྔའི་རང་བཞིན་

ཅན་ནོ། །དེ་རྣམས་ཀྱི་རིགས་ཉིད་གང་ལས་ཤེ་ན། དེའི་ཕྱིར་གསུངས་པ། རིགས་དང་བགྲང་བྱ་གྲངས་སུ་བྱ་བ་ལྔ་ཡིས་གྲངས་ཀྱིས་ཡོངས་སུ་བཅད་པའི་ཕྱིར་རྒྱུ་དེས་ན། རིགས་ཞེས་བརྗོད་པར་བྱའོ། །ཡང་ན། རིགས་ཞེས་པ་བདག་མེད་མ་རྣལ་འབྱོར་མའི་རང་བཞིན་རྣམས་ཏེ། དེ་ནས་རྒྱས་

པར་འབྱུང་བ་ལྔའི་ངོ་བོས་ཇི་ལྟ་བ་བཞིན་རྣམ་པར་གཞག་གོ། །ཕུང་པོ་ལྔའི་རང་བཞིན་ཅན་ཕུང་པོ་ནི་གཟུགས་ལ་སོགས་པའོ། །དེ་ཡང་རྒྱས་པར་ན་ལྔ་སྟེ། རྒྱུ་དེས་ན་རང་བཞིན་དེ་ཡང་དག་པར་ཇི་ལྟ་བ་བཞིན་ཡོད་པའི་ཕྱིར་རང་བཞིན་ཅན་ནོ། །དེ་རྣམས་ཀྱི་རིགས་དང་བགྲང་བྱ་ལྔ་པོ་ཉིད་རེ་རེ་ལ་ལྔའི་

རང་བཞིན་ཏེ། དེ་རྣམས་ཀྱང་རེ་རེ་ལ་ལྔའི་ངོ་བོར་འགྱུར་བའི་ཕྱིར་མཐའ་ཡས་ཤིང་གྲངས་མེད་པ་སྟེ། རྒྱུ་འདིས་ནི་རིགས་ཡིན་ཞིང་དེའི་ངོ་བོས་མངོན་པར་བརྗོད་དོ། རྣམ་པར་གཞག་པར་བྱའོ། །འདིས་ནི་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཉིད་ཀྱིས་རྡོ་རྗེ་འཆང་ཉིད་ཅེས་པའོ། །དེ་ཉིད་ཀྱི་ཕྱིར།

སྒོམ་པ་པོ་མེད་བསྒོམ་བྱ་མེད། །ཅེས་པ་རྡོ་རྗེ་གསུམ་དབྱེར་མེད་པས་ཕུང་པོ་ལྔའི་རང་བཞིན་ཉིད། ངོ་བོས་གཟུགས་མེད་མཐོང་བའང་མེད། །ཅེས་པ་ལ་སོགས་པ་གང་གསུངས་པ་དེ་སྡུད་པ་གསུངས་པ་སྟེ། བསྒོམ་པ་པོ་མཐོང་བ་མེད། བསྒོམ་བྱ་གཟུགས་མེད། སྔགས་མེད་ཅེས་པ། སྔགས་

སྒྲ་མེད། ཐོས་པ་པོ་ཡང་མེད། ལྷ་མེད་ཅེས་པ། དྲི་མེད་སྣོམ་པ་པོ་ཡང་མེད་པ་སྟེ། འདིས་ནི་སྐུ་དང་གསུང་དང་ཐུགས་གསུམ་པོ་དབྱེར་མེད་པའོ། །ཐམས་ཅད་སྟོང་པ་ཉིད་ཡིན་པ་དེ་ལྟར་ན་མེད་པའི་ལྟ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། སྔགས་དང་ལྷ་ནི་ཡང་དག་གནས། །ཅི་ལྟར་

Vol. 3 · folio 109a

ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས་སྔགས་དང་ལྷ་གསུང་རྡོ་རྗེ་དང་ཐུགས་རྡོ་རྗེ་དག་སྤྲོས་པ་ནི་སྐུའོ། །དེ་ཡང་མ་ལུས་པ་དེ་ལས་གཞན་མ་ཡིན་པའི་ཕྱིར་ཐམས་ཅད་རང་བཞིན་ཉིད་ཀྱིས་རྣམ་པར་གནས་སོ་ཞེས་པའི་དོན་ཏོ། །ཡང་ན། སྒོམ་པ་པོ་མེད། གང་འཛིན་པ་ཉིད་དུ་

བརྟགས་པ་དེ་དགག་པའོ། །བསྒོམ་བྱ་མེད་ཅེས་པ་གང་གཟུང་བ་ཉིད་དུ་བརྟགས་པ་དེ་ཡང་དགག་པའོ། །དེ་ཉིད་ཀྱི་ཕྱིར་སྔགས་མེད་མཚན་མ་མེད་པ་སྟེ། རང་བཞིན་མཚན་མ་མེད་པ་ཉིད་ལས་སོ། །ལྷ་མེད་རྣམ་པར་ཤེས་པ་ཡང་ཡོད་པ་མ་ཡིན་ཏེ། འདིས་ནི་སྒོམ་པ་པོ་དང་བསྒོམ་པར་བྱ་བ་དག་

བཀག་པའི་ཕྱིར་རོ། །ཆོ་ག་ཡང་གསུངས་པའི་ཕྱིར། སྔགས་དང་ལྷ་ནི་ཡང་དག་གནས། །ཅི་ལྟར་ཞེ་ན། སྤྲོས་པ་མེད་པའི་རང་བཞིན་ལས་སྤྲོས་པ་ནི་རྒྱས་པ་ཀུན་རྫོབ་ཀྱི་རང་བཞིན་ཏེ། དེ་ཐམས་ཅད་དང་བྲལ་བ་ཉིད་ལས་སྤྲོས་པ་མེད་པའོ། །འདི་ནི་རང་བཞིན་ཏེ། འདིའི་རང་བཞིན་མེད་

པའི་ཕྱིར་འདི་རྣམས་ནི་འགོག་པ་མ་ཡིན་ནོ། །ཡང་ན། སྤྲོས་པ་མེད་པའི་རང་བཞིན་ལས། །ཞེས་པ་སྤྲོས་པ་ལས་འདས་པ་ཉིད་ལས། སྔགས་དང་ལྷ་མཚན་མ་མེད་པ་ཉིད་མཚན་མར་གནས་ཏེ། རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་དེ་ཁོ་ནར་ཉེ་བར་བསྟན་ཏོ་ཞེས་པ་སྒོམ་པ་པོ་མེད་བསྒོམ་བྱ་མེད་ཅེས་པ་བདག་གི་དེ་

ཁོ་ན་རྡོ་རྗེའི་རིགས་ཀྱི་ལེའུའོ། །སྔགས་མེད་ཅེས་པ་སྔགས་ཀྱི་དེ་ཁོ་ན་སྔགས་ཀྱི་ལེའུའོ། །ལྷ་མེད་ཅེས་པ་ལྷའི་དེ་ཁོ་ན་ལྷའི་ལེའུའོ། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་པ་ཡེ་ཤེས་ཀྱི་དེ་ཁོ་ན་དབང་བསྐུར་བའི་ལེའུའོ། །སྒོམ་པ་པོ་ཉིད་

ཀྱིས་མིག་ལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པས་རྣམ་པར་སྣང་མཛད་ལ་སོགས་པ་རིགས་དྲུག་པོ་རྣམས་བསྒོམ་བྱ་དང་སྒོམ་བྱེད་ཀྱི་རྣམ་པར་གཞག་པས་རྣམ་པར་ཤེས་པའི་ནང་དུ་ཐིམ་པའི་ཕྱིར། སེམས་དཔའ་ནི་ཐམས་ཅད་ན་ཡོད་པ་ཉིད་དོ་ཞེས་པའོ། །ཚངས་པ་ཁྱབ་འཇུག་ཞི་བ་དང་།

ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཕུང་པོ་ལྔའི་རང་བཞིན་དེ་ཁོ་ན་ཉིད་དང་སེམས་དཔར་བརྗོད་དེ། སེམས་པ་སྲིད་པ་གསུམ་གཅིག་པ་ཞེས་པའི་གསུང་ལས་བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པ་གཉིས་ཀ་དབྱེར་མེད་པ་བདེ་བ་ལ་སོགས་པ་རྟོགས་པ་རྣམ་པར་ཤེས་པའི་རང་བཞིན་ཉིད་ལས་སྲིད་པ་

Vol. 3 · folio 109b

གསུམ་སྟེ། དེའི་གཅིག་ནི་དབྱེར་མེད་པ་ཉིད་དོ་ཞེས་པ་དེ་ཁོ་ནའི་ངོ་བོར་བརྗོད་དོ། །ཡང་ན་ཚངས་པ་ནི་རྣམ་པར་སྣང་མཛད་དོ། །ཁྱབ་འཇུག་ནི་མི་བསྐྱོད་པའོ། །ཞི་བ་ནི་དོན་ཡོད་གྲུབ་པའོ། །ཐམས་ཅད་ནི་རིན་ཆེན་དབང་པོའོ། །སངས་རྒྱས་ནི་འོད་དཔག་ཏུ་མེད་པའོ། །དེ་ཉིད་ནི་སེམས་

དཔའ་ཞེས་པའོ། །ཡང་ན་རྣམ་པར་སྣང་མཛད་ལ་སོགས་པ་རིགས་དྲུག་པོ་རྣམས་དེའི་ངོ་བོ་ཉིད་ཀྱིས་ལྔ་ཉིད་དང་། མཐའ་ཡས་པའི་རིགས་རྣམས་སུ་འགྱུར་རོ། །དེའི་ཕྱིར་གསུངས་པ། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་ནི། །ཚངས་པ་ཁྱབ་འཇུག་ཞི་བ་

དང་། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་དེ་ཉིད་དུ་འཐད་མོད་ཀྱི། ཚངས་པ་ལ་སོགས་པ་རྣམས་ཀྱི་ཡང་། ཅི་ལྟར་ཞེ་ན། དེའི་ཕྱིར་གསུངས་པ། ཚངས་པ་མྱང་འདས་སངས་རྒྱས་ཏེ། །ཞེས་པ།

ཚངས་པ་མྱ་ངན་ལས་འདས་པ་རྟོགས་པ་ལས་སངས་རྒྱས་ཞེས་བརྗོད་པར་བྱ་སྟེ། ཉི་ཚེ་བ་རྟོགས་པའི་ཕྱིར་ཞེས་པའོ། །ཉམས་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞེས་པ་ཉམས་པ་ལ་བི་ཤ་སྟེ། ཉམས་པ་ནི་འཇིག་པ་ཡིན་ཞིང་འཇིག་པའི་རང་བཞིན་ལས་ཁྱབ་འཇུག་སྟེ། ཉི་ཚེ་བ་རྟོགས་

པས་གནས་པའོ། །ཡང་ན། འཇུག་ཕྱིར་ཞེས་པ་འཇུག་པ་ལ་བི་ཤ་སྟེ། ཐམས་ཅད་དུ་འཇུག་ཅིང་རབ་ཏུ་འཇུག་པའི་ཕྱིར་ཁྱབ་འཇུག་སྤྲོ་བ་ཙམ་རྣམ་པར་གནས་པ་ཁྱབ་འཇུག་སངས་རྒྱས་ཞེས་བརྗོད་པར་བྱའོ། །རྟག་ཏུ་དགེ་བས་ཞི་བ་ཉིད། །ཅེས་པ་ཞི་བ་ནི་དབང་ཕྱུག་ཆེན་པོ་སྟེ།

དེ་ཡང་སངས་རྒྱས་སོ། །ཇི་ལྟར་ཞེ་ན། རྟག་ཏུ་ཐམས་ཅད་ཀྱི་ཚེ་དགེ་ལེགས་ཐོབ་པར་བྱེད་པའི་ཕྱིར་ཏེ། འདི་ཡང་ཉི་ཚེ་བ་ཉིད་དོ། །ཐམས་ཅད་ཀུན་བདག་ལ་གནས་ཕྱིར། །ཞེས་པ། ཐམས་ཅད་ཀྱང་ཀུན་གྱི་བདག་ཉིད་ཐམས་ཅད་ཀྱི་བདག་ལ་གནས་པའི་ཕྱིར་ཏེ། མུ་སྟེགས་པས་

བརྟགས་པའི་བདག་ཉིད་ཀྱི་ངོ་བོ་ཉིད་ལས་སོ། །དམ་པའི་བདེ་བས་དེ་ཉིད་དེ། །དགའ་བ་རྟོགས་ཕྱིར་རྣམ་སད་དོ། །ཞེས་པ་སངས་རྒྱས་རྣམས་རྣམ་སད་དེ། སྟོང་པ་ཉིད་ཀྱི་བདག་མེད་མ་རྣལ་འབྱོར་མའི་ཡེ་ཤེས་རྟོགས་པ་ལས། དགའ་བ་རྟོགས་པའི་ཕྱིར་རོ། །ཅི་ལྟར་ཞེ་ན།

Vol. 3 · folio 110a

དམ་པའི་བདེ་བ་ཡང་དག་པ་ཡེ་ཤེས་ཀྱིས་ཏེ། རྒྱུ་འདིས་ནི་དེ་ཉིད་ཅེས་པའོ། །ཡང་ན། རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའ་ནི། །ཞེས་པ་མིག་ལ་སོགས་པ་དབང་པོ་དྲུག་པོ་འདི་རྣམས་དང་། གཟུགས་ལ་སོགས་པ་

ཡུལ་དྲུག་པོ་རྣམས་ཤེས་རབ་དང་ཐབས་དབྱེར་མེད་པས་ཕུང་པོ་ལྔའི་རང་བཞིན་ཉིད་ཀྱིས་ཚངས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཁོ་ནའོ་ཞེས། ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་རྣམ་སད་དེ་ཉིད་བརྗོད། །ཚངས་པ་ཉིད་ཁྱབ་འཇུག་སྟེ། ཚངས་པ་ཇི་ལྟ་

བུའི་རང་བཞིན་ཞེ་ན། དེའི་ཕྱིར་གསུངས་པ། ཚངས་པ་མྱང་འདས་སངས་རྒྱས་ཏེ། །ཞེས་པ། མྱ་ངན་ལས་འདས་པའི་ངོ་བོ་ནི་ཚངས་པ་དོན་དམ་པའི་བདེན་པ་ཉིད་ཀྱིས་རྣམ་པར་གནས་སོ། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །ཞེས་པ། ཐམས་ཅད་དུ་འཇུག་པ་སྤྲོ་བའི་རང་བཞིན་གྱིས་

ཀུན་རྫོབ་ཀྱི་བདེན་པས་རྣམ་པར་གནས་པའི་ཕྱིར། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པ་ཡང་དེ་ཉིད་ཅེས་པ་ཚངས་པ་ཉིད་ཁྱབ་འཇུག་སྟེ། གཉིས་སུ་མེད་པའི་ངོ་བོ་ཉིད་ལས་དེ་ཉིད་ཅེས་བརྗོད་པར་བྱའོ། །ཞི་བ་ཉིད་ཐམས་ཅད་དེ། དེ་ཡང་དེ་ཉིད་དུ་བརྗོད་པར་བྱའོ། །ཅི་ལྟར་རྟག་ཏུ་དགེ་བས་ཐམས་

ཅད་ཀྱི་ཚེ་རང་བཞིན་མེད་པ་ཉིད་ཀྱིས་དགེ་བ་ཐོབ་པར་བྱེད་པའི་ཕྱིར་སྡུད་པའི་ངོ་བོའོ། །ཐམས་ཅད་ཀུན་བདག་ལ་གནས་ཕྱིར། །ཐམས་ཅད་ཀྱི་ལུས་ལ་གནས་པའི་ཕྱིར་ཏེ་སྤྲོ་བའི་ཚུལ་གྱིས་གནས་པའི་ཕྱིར། སྤྲོ་བ་དང་སྡུད་པའི་བདག་ཉིད་གཉིས་ཀ་དབྱེར་མེད་པ་ལས་དེ་ཉིད་དུ་བརྗོད་དོ། །དེའི་

ཕྱིར་རྣམ་སད་ཁྱད་པར་དུ་འཕགས་པའི་རྟོགས་པས་གནས་པའོ། །ཇི་ལྟར་དགའ་བ་རྟོགས་ཕྱིར་སྟོང་པ་ཉིད་ཀྱིས་ངོ་བོས་ཁམས་གསུམ་པ་རྟོགས་པའི་ཕྱིར་དམ་པའི་བདེ་བ་ཡང་དག་པའི་ཡེ་ཤེས་ཉིད་ཀྱིས་དེ་ཉིད་ཅེས་བརྗོད་དོ། །ཡང་ན། རྣམ་པར་སྣང་མཛད་ལ་སོགས་པ་སེམས་དཔའི་མཐར་

ཐུག་པ་དྲུག་དང་ཚངས་པ་ལ་སོགས་པ་དེ་ཉིད་ཀྱི་མཐར་ཐུག་པ་དྲུག་སྟེ། དྲུག་ཚན་གཉིས་པོ་འདི་སེམས་དཔའ་དང་དེ་ཉིད་དབྱེར་མེད་པའི་ཕྱིར་སྐུ་གསུང་ཐུགས་དབྱེར་མེད་པ་རྟོགས་པ་ལས་དེ་ཉིད་གཉིས་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་མཁའ་འགྲོ་མ་བཅོ་ལྔའི་རང་བཞིན་གྱི་དཀྱིལ་འཁོར་ཏེ། ཤེས་རབ་

Vol. 3 · folio 110b

དང་ཐབས་ཀྱི་རང་བཞིན་གྱིས་བཅོ་བརྒྱད་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཅན་རྡོ་རྗེ་འཆང་གི་དཀྱིལ་འཁོར་རོ། །གཉིས་ཀ་དབྱེར་མེད་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་དག །ཐ་དད་མེད་པའི་ཕྱིར་རྡོ་རྗེ་འཆང་བསྐྱེད་པ་ན་མི་བསྐྱོད་པ་ཉིད་རྡོ་རྗེ་འཆང་དུ་གྲུབ་བོ་

ཞེས་པའོ། །ལྷའི་ངོ་བོ་ཉིད་རྟོགས་པར་བྱ་བའི་ཕྱིར་སྟོན་པ་གསུངས་པ། གང་ཕྱིར་ལུས་སུ་བྱུང་བའི་ཕྱིར། །ལྷ་ཞེས་མངོན་པར་བརྗོད་པར་བྱ། །ཞེས་པ། ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཞེས་པའི་གསུང་ལས་སོ། །ཡང་ན། ལུས་ཕུང་པོ་ལྔའི་བདག་ཉིད་ཅན་འཕེལ་བའི་ངོ་བོར་བྱུང་

བ་སྟེ། དེའི་བདག་ཉིད་ཀྱིས་རྣམ་པར་གནས་པར་གྱུར་པའི་ཕྱིར། ལྷ་ཞེས་མངོན་པར་བརྗོད་དེ་ཐ་སྙད་དུ་བྱའོ། །ལྷ་དེ་ཉིད་བཅོམ་ལྡན་འདས་ཞེས་བརྗོད་པར་བྱ་སྟེ། ཅི་ལྟར། སངས་རྒྱས་འདི་ལ་བྷ་ག་མངའ། །བཅོམ་ལྡན་ཞེས་ནི་བརྗོད་པར་བྱ། །བྷ་གའི་སྒྲ་ཉིད་ཀྱིས་ཅི་ཞིག་བརྗོད་པར་

འགྱུར་ཞེ་ན། དེའི་ཕྱིར་གསུངས་པ། བྷ་ག་རྣམ་པ་དྲུག་དུ་བརྗོད། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཡང་ན་ཉོན་མོངས་ལ་སོགས་བདུད། །འཇོམས་ཕྱིར་བཅོམ་ལྡན་ཞེས་པའོ། །དབང་ཕྱུག་ལ་སོགས་ཡོན་ཏན་ཀུན། །ཞེས་པ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །གྲགས་

པ་དང་ནི་དཔལ་བརྩོན་འགྲུས། །ཡེ་ཤེས་ཕུན་སུམ་ཚོགས་པ་སྟེ། །དྲུག་ནི་བྷ་ག་ཞེས་པར་བརྗོད། །དབང་ཕྱུག་ཕུན་སུམ་ཚོགས་པ་ཞེས་པ་བག་ཆགས་མཐའ་དག་སྤངས་པའི་བདག་ཉིད་ཅན། ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་དབང་

ཕྱུག་ཕུན་སུམ་ཚོགས་པ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་དེ་ལས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཕུན་སུམ་ཚོགས་པ་ཞེས་པ་དངོས་པོ་མཐའ་དག་གཟུགས་བརྙན་དང་མཚུངས་པར་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་འབྱུང་བའི་རྒྱུ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་གཟུགས་

ཕུན་སུམ་ཚོགས་པའོ། །གྲགས་པ་ཕུན་སུམ་ཚོགས་པ་ཞེས་པ་སྙིང་རྗེ་ལ་སོགས་པ་ཡོན་ཏན་རིན་པོ་ཆེའི་མཐུ་ལས་འགྲོ་བ་མཐའ་དག་གི་ཕན་པ་སྒྲུབ་པར་ནུས་པ་ཉིད་ཀྱིས་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་གཙོ་བོར་གྱུར་པའི་སྦྱོར་བ་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གྲགས་

Vol. 3 · folio 111a

པ་ཕུན་སུམ་ཚོགས་པའོ། །དཔལ་ཕུན་སུམ་ཚོགས་པ་ཞེས་པ་དངོས་པོ་མཐའ་དག་ཕྱིན་ཅི་མ་ལོག་པར་སོ་སོར་གཟིགས་པ་ཉིད་ཀྱིས་སོ་སོར་རྟོག་པའི་ཡེ་ཤེས་སོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞེས་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ལས་

བྱུང་བ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ཞེས་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔའི་བདག་ཉིད་ཅན་འདི་ནི་དབང་ཕྱུག་ལ་སོགས་པ་སྟེ། བྷ་ག་དྲུག་པོ་དེ་རྣམས་ལྡན་པའི་ཕྱིར་

བཅོམ་ལྡན་ནོ། །ཡང་ན་ཞེས་པ་ཕྱོགས་གཞན་ཏེ། ཉོན་མོངས་པ་ལ་སོགས་པ་ཞེས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ཕུང་པོ་དང་འཆི་བདག་དང་། ལྷའི་བུ་རྣམས་ཏེ། དེ་རྣམས་འཇོམས་ཕྱིར་སྒྲིབ་པ་དང་བྲལ་བ་ལས་བཅོམ་ལྡན་འདས་ཞེས་པའོ། །ཡང་ན་

སངས་རྒྱས་འདི་ལ་བྷ་ག་མངའ། ཡེ་ཤེས་ཀྱི་རྣམ་པ་ནི་བཅོམ་ལྡན་ཞེས་བརྗོད་པར་བྱ་སྟེ། བྷ་ག་རྣམ་པ་དྲུག་ནི་དབྱེ་བ་དྲུག་སྟེ། ཅི་ལྟར་མིག་ལ་སོགས་པ་དྲུག་དང་། གཟུགས་ལ་སོགས་པ་དྲུག་དང་གཉིས་ཀ་དབྱེར་མེད་པ་རྣམ་པར་ཤེས་པ་དྲུག་ཅེས་པ་བཅོ་བརྒྱད་དེ། ཕུང་པོ་དང་ཁམས་དང་སྐྱེ་

མཆེད་རྣམས་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་གྱི་རང་བཞིན་ནོ། །བརྗོད་པ་ནི་ཡེ་ཤེས་ཀྱི་རྣམ་པར་ཏེ། རྒྱུ་འདི་ཉིད་ལས་དབང་ཕྱུག་ལ་སོགས་པ་གསུངས་པའི་ཡོན་ཏན་མ་ལུས་པ་རྣམས་སུ་འགྱུར་རོ། །འདིས་ནི་བཅོམ་ལྡན་འདས་ཉིད་ལ་མཆོག་གི་ཡོན་ཏན་དེ་རྣམས་ཡོད་ཀྱི་གཞན་

རྣམས་ལ་ནི་མ་ཡིན་ནོ། །ཡང་ན་ཉོན་མོངས་ལ་སོགས་བདུད། །ཉོན་མོངས་པ་ལ་སོགས་པ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་རྣམས་ཏེ། ཉོན་མོངས་པར་བྱེད་པ་གཟུང་བ་དང་འཛིན་པ་ལ་སོགས་པར་མངོན་པར་ཞེན་པས་འཇུག་པའི་ཕྱིར་ཉོན་

མོངས་པ་ནི་དབང་པོ་དྲུག་གོ། །ཉེ་བའི་ཉོན་མོངས་པ་ནི་གཟུང་བའི་མངོན་པར་ཞེན་པས་དེ་རྣམས་ལ་དབང་པོ་རྣམས་འཇུག་པའི་ཕྱིར་ཡུལ་དྲུག་པོ་རྣམས་སོ། །ཀུན་ནས་ཉོན་མོངས་པ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པས་འཇུག་པ་ན་བདེ་བ་ལ་སོགས་པའི་རྣམ་པས་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ་

Vol. 3 · folio 111b

ཞེས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པ་རྣམས་སོ། །དེ་ཉིད་བདུད་དེ་ཡེ་ཤེས་རྣམས་ལ་རོལ་པ་མ་ཡིན་པའི་ཕྱིར་སེམས་ཅན་རྣམས་བདུད་དོ། །དེ་རྣམས་ཀྱི་སྣོད་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་རྣམ་པར་བཀོད་པའོ། །དེའི་ཕྱིར་བཅོམ་

ལྡན་ཞེས་པའོ། །ད་ནི་བསྐྱེད་མ་དང་ནི་སྲིང་མོ་ཞེས་པ་ལ་སོགས་པ་མདོར་བསྟན་པ་རྣམས་ཀྱི་དོན་རྒྱས་པར་བཤད་པས་གཞན་དུ་གསུངས་པ། གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་བསྐྱེད་མར་བརྗོད་པར་བྱ། །གང་ཕྱིར་སྐལ་བ་སྟོན་པ་ཡིས། །ཤེས་རབ་སྲིང་མོ་ཞེས་བྱ་ཉིད། །

ཅེས་པའི་དོན་རབ་ཏུ་གསལ་བ་ཉིད་དོ། །ཡང་ན། ཤེས་རབ་བསྐྱེད་མར་བརྗོད་པར་བྱ། །ཞེས་པ་ཤེས་རབ་ཀྱི་སྒྲས་ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་སྟེ། ཤིན་ཏུ་རྣམ་པར་དག་པའི་རྣམ་པར་ཤེས་པ་དེ་ནི་བསྐྱེད་མ་ཞེས་བརྗོད་དོ། །གང་གི་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར་ཞེས་པ་སྐྱེ་འགྲོ་ནི་

གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་ཅན་མིག་ལ་སོགས་པའི་དབང་པོའོ། །དེ་ཉིད་ཤེས་རབ་སྲིང་མོ་ཞེས་བརྗོད་པར་བྱ་སྟེ། ཇི་ལྟར། གང་ཕྱིར་སྐལ་པ་སྟོན་པའི་ཞེས་པ། གང་ཕྱིར་རྒྱུ་གང་ལས། སྐལ་པ་ཐ་དད་པ་ཡུལ་ལ་སོགས་པའི་རང་བཞིན་སྟོན་ཅིང་རྟོགས་པར་བྱེད་པའོ། །ཡང་

ན་ཐ་དད་དང་བྲལ་བ་ནི་བྷ་ག་སྟེ། ཐ་དད་མེད་པ་ཞེས་པའི་དོན་ཏོ། །དེ་གང་ལས་སྟོན་པ་ཆོས་ཐམས་ཅད་ཀྱི་སེམས་ཀྱི་ལུས་ཉིད་ལས་ཞེས་པའི་དོན་ཏོ། །ཚོས་མ་དང་ནི་བུ་མོ་དང་། །གར་མ་ཞེས་པར་རབ་བརྗོད་པ། །ཚོས་མ་དང་གར་མ་ལ་སོགས་པ་དེ་རྣམས་ནི། བུ་མོར་ཡང་བརྗོད་དེ།

སེམས་ཅན་ཐམས་ཅད་འཚེད་པའི་ཕྱིར། །ཚོས་མ་ཞེས་ནི་དེ་བཞིན་བརྗོད། །གར་མ་ལ་སོགས་པ་ནི་བུ་མོ་ཉིད་དེ། གང་ལས་ཤེ་ན། དེའི་ཕྱིར་གསུངས་པ། ཡོན་ཏན་འཇོ་ཕྱིར་ཤེས་རབ་ནི། །བུ་མོ་ཞེས་ནི་བརྗོད་པར་བྱ། །ཤེས་རབ་གར་མར་བརྗོད་བྱ་སྟེ། །ཅི་ལྟར་ཞེ་ན། གཡོ་བའི་ཕྱིར་ཏེ།

དེ་ཡང་བུ་མོའི་དོན་དེ་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་པ་བོད་པའོ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་པར་བྱ། །འདི་ཡང་བུ་མོའོ། །ཨཱ་ལི་ཀཱ་ལི་རབ་བརྗོད་ཕྱིར། །བརྗོད་པ་བཟླས་པ་ཡིན་པར་བཤད། །ཅེས་པ་འདིས་ནི། །གདོལ་པ་མོ་དང་བྲམ་ཟེ་མོ་དག །ཨཱ་

Vol. 3 · folio 112a

ལི་ཀཱ་ལིའི་རང་བཞིན་གྱིས་རྣམ་པར་གནས་པའོ། །ཡང་ན། ཆོས་མ་དང་ནི་བུ་མོར་ཡང་། །བརྗོད་པར་བྱ་ཞེས་པ་སྟེ། སེམས་ཅན་ཐམས་ཅད་འཚེད་པའི་ཕྱིར། ཚོས་མ་ཞེས་པ་སེམས་ཅན་ཐམས་ཅད་ནི་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ཉིད་

ཅན་ཏེ། དེ་རྣམས་ཐམས་ཅད་དང་སེམས་ཅན་ཡང་ཡིན་པའི་ཕྱིར་རོ། །དེ་རྣམས་འཚེད་མ་ཆགས་པའི་མཚན་ཉིད་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པ་སྐུ་རྡོ་རྗེ་ཚོས་མ་སྟེ། དེ་རྣམས་ཉིད་དོན་དམ་པའི་བདེན་པས་རྣམ་པར་གཞག་པའི་ཕྱིར་ཡོན་ཏན་འཇོ་ཕྱིར་བུ་མོ་ཞེས་པའོ། །ཤེས་རབ་

གར་མར་བརྗོད་བྱ་སྟེ། །གཡོ་བའི་ཕྱིར་ནི་སྙིང་རྗེ་ཆེ། །ཞེས་པ། གཡོ་བའི་ཕྱིར་ཞེས་པ་ནི་རླུང་གཡོ་བའི་རང་བཞིན་གྱི་ཕྱིར་ཏེ། ཨཱ་ལི་ཀཱ་ལི་ནཱ་དའི་བདག་ཉིད་ནི་རླུང་ངོ་། །གར་མ་ནི་གསུང་རྡོ་རྗེ་སྟེ། དེ་ཡང་བུ་མོའོ། །གང་ཕྱིར་བཅོམ་ལྡན་མི་རེག་པ། །དེ་ཕྱིར་གཡུང་མོར་བརྗོད་

པར་བྱ། །ཞེས་པ། །ཡིད་ནི་དམ་པའི་བདེ་བ་ཟ། །ཞེས་པའི་གསུང་ལས་ཐུགས་རྡོ་རྗེ་གཡུང་མོ་སྟེ། དེ་ཡང་བུ་མོའོ། །འདི་རྣམས་ཀྱང་རྡོ་རྗེ་གསུམ་དབྱེར་མེད་པའི་ཕྱིར་སྤྲུལ་པའི་སྐུ་ཉིད་ཀྱིས་རྡོ་རྗེའི་རིགས་ཏེ་ལེའུ་དང་པོ་བདག་གི་དེ་ཁོ་ནའོ། །རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་བསྟན་

པའི་ཕྱིར་གསུངས་པ། ཨཱ་ལི་ཀཱ་ལི་རབ་བརྗོད་ཕྱིར། །བརྗོད་པ་བཟླས་པ་ཡིན་པར་བཤད། །ཅེས་པ། ཨཱ་ལི་རིན་ཆེན་དབང་པོ་རྣམ་པར་དག་པ་ཉིད་ལས་གདོལ་པ་མོ་དང་། བདག་མེད་མ་རྣལ་འབྱོར་མའོ། །ཀཱ་ལི་རྣམ་པར་སྣང་མཛད་རྣམ་པར་དག་པ་ཉིད་ལས་བྲམ་ཟེ་མོ་དང་ཐབས་

སོ། །གཉིས་ཀ་བརྗོད་པ་ནི་གཉིས་སུ་མེད་པས་རྣམ་པར་གནས་པའོ། །བརྗོད་པ་བཟླས་པ་ཡིན་པར་བཤད། །ཅེས་པ་ངེས་པ་ཉིད་ཀྱིས་གསུངས་སོ་ཞེས་པ་སྟེ། འདིས་ནི་སྔགས་ཀྱི་ལེའུ། སྔགས་ཀྱི་དེ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་པ།

རྐང་པ་ནི་ཆ་ཤས་ཏེ། རྗེས་ནི་དེས་སྣ་ཚོགས་པའི་གཟུགས་སྤྲོ་བ་དམ་ཚིག་གི་དཀྱིལ་འཁོར་རོ། །འདུས་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །འདུས་པ་ནི་འཛིན་པ་སྟེ། གཡོ་བ་མེད་པར་བྱེད་པ་ཇི་སྲིད་སྡུད་པའོ། །དེའི་ཕྱིར་ཡང་དཀྱིལ་འཁོར་དུ་བརྗོད་དོ་ཞེས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཏེ།

Vol. 3 · folio 112b

དཀྱིལ་འཁོར་གཉིས་སོ། །ཡང་ན། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་པ་རྐང་པ་ནི་ཡེ་ཤེས་ཏེ། རྒྱུ་དེས་ན་རྗེས་ནི་སྤྲོ་བའོ་ཞེས་པ་ལྷའི་དེ་ཁོ་ན་ལྷའི་ལེའུ་ཆོས་ཀྱི་སྐུའོ། །འདུས་ཕྱིར་དཀྱིལ་འཁོར་ཞེས་པ་སྤྱི་བོར་རང་གི་རིགས་ཀྱི་དབང་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པའོ་

ཞེས་པ་དབང་བསྐུར་བའི་ལེའུ་ཡེ་ཤེས་ཀྱི་དེ་ཁོ་ན་སྐུ་གསུམ་དབྱེར་མེད་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་པའོ། །ཡང་ན། རྐང་པའི་རྗེས་ནི་དཀྱིལ་འཁོར་ཡིན། །ཞེས་པ་གང་། རྐང་པའི་རྗེས་ནི་དཀྱིལ་འཁོར་དུ་འགྱུར་ཏེ། རྐང་པ་ནི་བཞི་པ་ལྷན་ཅིག་སྐྱེས་པའོ། །རྗེས་ནི་ཚུལ་

འདིས་ཡང་དག་པར་བསྐྱེད་པ་སྟེ། དེ་ཉིད་དཀྱིལ་འཁོར་ཞེས་བརྗོད་དོ། །འདུས་ཕྱིར་འཛིན་པའི་ཕྱིར་ཏེ། གཡོ་བ་མེད་པའི་རང་བཞིན་གྱིས་ཞེས་པའི་དོན་ཏོ། །ལེའུ་འདི་ཉིད་དུ། རྡོ་རྗེ་འདིས་ནི་གདབ་བྱ་སྟེ། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་མདོར་བསྟན་པ་དེ་ཉིད་ཀྱིས་རྒྱས་

པར་བཤད་པ་གསུངས་པ། ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །ཞེས་པ་ལག་པ་དག་གིས་ཕན་ཚུན་ཉེད་པ་འདི་ཉིད་ཕྱག་རྒྱའོ། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་སོར་མོ་དག་གིས་ཕན་ཚུན་ཉེད་པ་འདི་ཡང་ཕྱག་རྒྱའོ། །ཡང་ན་ལག་པ་བསྒྱུར་བ་ཞེས་པ་ཀ་རྡོ་རྗེ་འཆང་། ར་བདག་

མེད་མ། གཉིས་ཀའི་བདག་ཉིད་སྤོ་ཊ་ནི་སྒྲ་སྟེ། ཕྱག་རྒྱ་དང་མཚན་མར་འགྱུར་རོ། །རིགས་ལྔའི་རིམ་པས་རིགས་བརྒྱ་ལ་སོགས་པ་རབ་ཏུ་དབྱེ་བ་ཐ་དད་པ་དང་། ཐ་དད་པ་མེད་པར་འགྱུར་ཞེས་པའོ། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་པ་སོར་མོའི་སྒྲས་ལྔའི་བདག་ཉིད་ཅན། ཡུལ་དང་

དབང་པོའི་རང་བཞིན་རིགས་ལྔའོ། །དེ་ཉེད་པ་ནི་སྡུད་པ་སྟེ། འདི་མཐར་ཐུག་པ་ཁོ་ན་ཡིན་ཞིང་དཀྱིལ་འཁོར་གཉིས་དབྱེར་མེད་པ་དང་སྤྲོ་བ་དང་སྡུད་པའི་བདག་ཉིད་ཅན་ཞེས་པའོ། །ལྷ་ནི་རྣམ་པ་གཉིས་ཏེ་ལུས་དང་ལྡན་པ་དང་། སྔགས་ཀྱི་རང་བཞིན་ནོ། །དེ་ཇི་ལྟར་དེ་ཁོ་ནའི་རྣལ་

འབྱོར་ཀྱིས་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ནི་བསམ་བྱ་སྟེ་བསམ་པར་བྱ་སྟེ། གང་བསམ་པ་གང་དང་གང་བསམས་པའི་ཡུལ་དུ་བྱས་པའོ། །གང་ལས་ཤེ་ན། གང་ཕྱིར་རྣམ་བསམས་སྣ་ཚོགས་པའི་ཚུལ་གྱིས་མཚན་མར་བྱེད་པ་གང་ཡིན་པ་དེ་བསམ་པར་

Vol. 3 · folio 113a

བྱའོ། །ཡང་ན། དེ་ནི་བསམ་བྱ་དེ་གཟུང་བ་དང་ཡུལ་གྱི་རང་བཞིན་ཏེ། གང་ལས་ཤེ་ན། གང་བསམས་པ་དབང་པོ་རྣམས་ཀྱིས་འཛིན་པའི་ཚུལ་གྱིས་ཡུལ་དུ་དབང་བྱས་པ་གང་ཡིན་པའོ། །རྣམ་བསམས་ནི། དབང་པོའི་རང་བཞིན་གང་ཡིན་པ་སྟེ། དེ་

གང་གི་ཕྱིར་བསམ་བྱ་གཟུང་བ་ཡུལ་གྱི་རང་བཞིན་ནོ། །དེ་དག་མཚན་ཉིད་ཐ་དད་པ་མེད་དེ། གང་གི་ཕྱིར་རྣམ་བསམས་ཞེས་པ་དབང་པོ་དང་ཡུལ་དབྱེར་མེད་པ་ཉིད་ལས་ཤེས་པའོ། །ལུས་དང་ལྡན་པ་དང་སྔགས་ཀྱི་རང་བཞིན་གྱི་ལྷའི་དེ་ཁོ་ན་རྣལ་འབྱོར་པས་ཐམས་ཅད་ཀྱི་ཚེ་བསྒོམ་

པར་བྱའོ་ཞེས་པ་ལེའུ་དང་པོ་དང་གཉིས་པར་རོ། །ལྷ་གང་ཡིན་པའང་ལྷའི་ལེའུ་དང་། དབང་བསྐུར་བའི་ལེའུར་གསུངས་སོ། །དེ་རྣམས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་གསུངས་པ། ཕ་ལ་ཐོབ་པའི་བདེ་བ་གང་། །བདེ་བ་དེ་ནི་རང་གིས་བཟའ། །བདེ་བ་གང་གིས་འཆི་བ་འདིར། །

བདེ་བ་དེ་ནི་བསམ་གཏན་བརྗོད། །ཕ་ལ་ཞེས་པ་སྐྱེད་པར་བྱེད་པ་ཡིད་ལའོ། །དེ་ལས་ཐོབ་པའི་བདེ་བ་གང་དབང་པོ་དང་ཡུལ་ལས་སྐྱེས་པའི་ཤེས་པ་བདེ་བ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་བཟའ་ཞིང་མྱོང་བར་བྱ་སྟེ། རང་གིས་ཞེས་པ་བདག་ཉིད་ཀྱིས་སོ། །འདིས་ནི་སེམས་ལས་ཐ་

དད་པ་ཅི་ཡང་མེད་དོ་ཞེས་པའོ། །དེ་ལྟར་ཡང་འཕགས་པས་གསུངས་པ། ལྷ་ཡི་དམིགས་པ་ཐ་དད་ནི། །མོས་པ་སྣ་ཚོགས་རྒྱུ་ཉིད་དེ། །སེམས་ཀྱི་རྡོ་རྗེ་རྣམ་གྲོལ་ན། །ལྷ་ནི་གཞན་དུ་བརྗོད་མི་བྱ། །ཞེས་པའོ། །བདེ་བ་དེ་ནི། ཡེ་ཤེས་དེ་ཉིད་བསམ་གཏན་བརྗོད། །འདིར་ཀྱེའི་རྡོ་རྗེའི་རྒྱུད་

འདི་ནི་བསམ་གཏན་ཞེས་བརྗོད་པར་བྱ་སྟེ། གང་ལས་བདེ་བ་གང་གིས་ཞེས་པ་ཡེ་ཤེས་གང་གིས་འཆི་བ་ནི་འཆི་བ་ལྟ་བུར་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་འགོག་པའོ། །གང་གི་ཕྱིར་དེ་ནི་ཡེ་ཤེས་ལས་གཞན་རྟོགས་པའི་ཆེད་དུ་ཡེ་ཤེས་གཞན་མེད་དོ་ཞེས་པའི་དོན་ཏོ། །ཡང་ན། ཕ་

ལ་ཞེས་པ་སྐྱེད་པར་བྱེད་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་རང་བཞིན་རབ་ཏུ་རྟོགས་པ་ན། ཐོབ་པའི་བདེ་བ་གང་ཡེ་ཤེས་གང་ཞིག་སྐྱེས་པའི་ཡེ་ཤེས་དེ་ཉིད་རང་གིས་ཞེས་པ་བདག་ཉིད་ལ་བཟའ་ཞིང་བསྐྱེད་པར་བྱའོ། །བདེ་བ་ཡེ་ཤེས་དེ་ཉིད་ནི་འཆི་བ་ཞེས་ཀྱང་བརྗོད་དེ། བདེ་བ་གང་གིས་ཞེས་

Vol. 3 · folio 113b

པ་ཡེ་ཤེས་གང་གིས་འདིར་བསམ་གཏན་བསམ་པ་ཞེས་འདིར་བརྗོད་དེ། གནས་སོ་ཞེས་རྣམ་པར་གཞག་པའོ། །དེའི་ཕྱིར་བསྐྱེད་པ་དང་གནས་པ་དང་འཇིག་པ་ནི་ཤེས་པ་གཅིག་པུ་དང་འབྲེལ་པའི་ཕྱིར་ཡེ་ཤེས་ནི་ངེས་པར་རྡོ་རྗེ་གསུམ་དབྱེར་མེད་པ་ཉིད་དོ་ཞེས་པའོ། །ཡང་ན། ཕ་ལས་ཐོབ་པའི་

བདེ་བ་གང་། །སྐྱེད་བྱེད་ཀྱིས་བསྐྱེད་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་ཕྱིར་ཡེ་ཤེས་ཏེ། ཡེ་ཤེས་དེ་ཉིད་རང་གིས་བཟའ། །བདག་ཉིད་ཅེས་ཡོངས་སུ་བརྟག་པར་བྱའོ། །དེ་ཡང་རང་བཞིན་མེད་པ་ཉིད་དོ་ཞེས་གསུངས་པ། བདེ་བ་དེ་ནི་འཆི་བར་བརྗོད་པར་བྱ། །ཞེས་པ། ཡེ་ཤེས་

དེ་ཉིད་རྒྱུ་གང་གིས་འཆི་བ་ཉིད་ཀྱིས་བརྟག་པར་བྱ་བ་དེའི་ཕྱིར། ཡེ་ཤེས་དེ་ཉིད་ཀྱིས་བསམ་གཏན་དུ་ཡང་བརྗོད་དེ་བསམ་པར་བརྗོད་ཅེས་པའོ། །དེའི་ཕྱིར་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། རང་བཞིན་ཡོངས་སུ་དག་པའི་ཕྱིར་ཞེས་པའི་དོན་ཏོ། །ཡང་ན་ཕ་ལ་སྐྱེད་པར་བྱེད་པ་བསམ་

གཏན་དང་བསམ་པར་བྱ་བ་དག་དབྱེར་མེད་པར་རྟོགས་པར་གྱུར་ན་བདེ་བ་གང་ཡེ་ཤེས་གང་ཡིན་པ་དེ་ནི་བསམ་གཏན་ཞེས་བརྗོད་དོ། །དེ་ཡང་རང་གིས་བཟའ་ཞེས་པ་འདི་རང་རིག་པར་བྱ་བའོ། །བསམ་གཏན་དེ་ཡང་འཆི་བ་ལྟ་བུར་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་འགོག་པའི་ཕྱིར་

འཆི་བ་སྟེ། བདེ་བ་གང་གིས་འདིར་ཡེ་ཤེས་གང་གིས་འདི་རྟོགས་པའོ། །དེ་ཁོ་ན་དང་ལྡན་པའི་བསམ་གཏན་ནི་ཡེ་ཤེས་ཞེས་བརྗོད་དོ། །ལེའུ་བཞིས་གང་གསུངས་པ། དེ་ཐམས་ཅད་དེ་ཁོ་ནའི་ལེའུས་བསྡུས་སོ་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་

ཐུགས་ཀྱེའི་རྡོ་རྗེའི་དེ་ཁོ་ནའི་ལེའུ་སྟེ་ལྔ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ཤེས་རབ་དང་ཐབས་དབྱེར་མེད་པ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་ཡེ་ཤེས་ལྔ་དབྱེར་མེད་པ་མིག་ལ་སོགས་པ་ལྷག་པར་གནས་པའི་ཡེ་ཤེས་སོ། །སྐུ་དང་གསུང་དང་ཐུགས་

ཞེས་པ་སྐུ་གསུམ་ལྷག་པར་གནས་པའོ། །ཀྱེའི་རྡོ་རྗེ་ཞེས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་ཁོ་ན་ཞེས་པ་གཉིས་སུ་མེད་པའི་ཡེ་ཤེས་ཏེ། འདི་ཐམས་ཅད་རྡོ་རྗེ་འཆང་གི་ངོ་བོ་ཉིད་ཅེས་པའོ། །ལྔ་པ་ནི་ལྔ་རྣམས་ཀྱི་རྫོགས་པ་དང་གང་བ་སྟེ། དེ་ཉིད་ཀྱི་ཕྱིར་རྫོགས་པ་རྣམ་པ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words