རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ
Sanskrit title (Tibetan script, as in the text) བཛྲ་པཱ་ད་སཱ་ར་སཾ་གྲ་ཧ་པཉྩི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 4 · folio 58b
༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ད་སཱ་ར་སཾ་གྲ་ཧ་པཉྩི་ཀཱ །བོད་སྐད་དུ། རྡོ་རྗེའི་ཚིག་
གི་སྙིང་པོ་བསྡུས་པའི་དཀའ་འགྲེལ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་སྤྲུལ་པ་མཆོག །རྡོ་རྗེ་སེམས་དཔའ་རབ་རྟོགས་མཛད། །འབྱུང་བ་ལྔ་ཡི་བདག་ཉིད་མགོན། །དཔལ་ལྡན་བླ་མར་བདག་ཕྱག་འཚལ། །སྒྱུ་མ་ལྟ་སོགས་དཔེ་རྣམས་ཀྱིས། །གང་གི་ངོ་
བོ་རྟོགས་བྱ་བ། །ཕྱག་རྒྱ་ཆེན་མོ་དེ་ཉིད་ལ། །ཀུན་དུ་གུས་པས་བདག་ཕྱག་འཚལ། །དཔྲལ་ནས་རྡོ་རྗེ་ནོར་བུའི་མཐར། །དགའ་བ་སོགས་ཀྱིས་རབ་གང་བ། །གང་ཞིག་གང་བའི་མཐར་སྐྱེ་བ། །ལྷ་མོ་དེ་ལ་བདག་ཕྱག་འཚལ། །ད་ནི་རེ་ཞིག་འདིར་དཔལ་དང་པོའི་སངས་རྒྱས་རྒྱུད་ཀྱི་
མཆོག་གི་རིམ་པ་ཇི་ལྟ་བ་བཞིན་དང་། དཔལ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། དཔལ་ཕྱག་ན་རྡོ་རྗེའི་གསུང་རབ་དང་རྒྱུད་གཞན་མ་ལུས་པ་ལེགས་པར་བཤད་པ་ལས་ཕྱུང་སྟེ། ལུང་སྣ་ཚོགས་ནས་གསུངས་པའི་ཕྱག་རྒྱ་དང་དཀྱིལ་འཁོར་དང་སྔགས་དང་སྦྱིན་སྲེག་དང་ལས་རབ་འབྱམས་ལ་སོགས་
Vol. 4 · folio 59a
པ་རྒྱ་ཆེ་བ་གཏིང་མི་རྟོགས་པའི་ཟབ་པས་འཇིགས་པ་ཉིད་ཀྱིས་ཤིན་ཏུ་བསྡུས་ནས། དཔལ་ཀྱེའི་རྡོ་རྗེའི་ཚིག་ངེས་པར་བྱ་བ་ཅུང་ཟད་ཅིག་བླ་མ་དམ་པའི་བརྒྱུད་པའི་མན་ངག་གི་རིམ་པ་ཐོབ་པའི་ཁ་ཆེ་ཆེན་པོས་བདག་ཉིད་དྲན་པའི་ཆེད་དང་། སློབ་མ་རྣམས་ཀྱིས་རྟོགས་པའི་ཆེད་དུ་
ཡང་དག་པར་བསྡུས་ཏེ་བྲི་བར་བྱའོ། །སྙན་དངགས་བཀོད་ཚིག་མུ་སྟེགས་པས། །བཤད་པས་མ་ཡིན་ཁེངས་པས་མིན། །ཀུན་མཁྱེན་གསུངས་པ་བཤད་པ་ལ། །དེ་ཕྱིར་མཁས་པ་རྣམས་བཟོད་མཛོད། །དེ་ལ་དང་པོར་རེ་ཞིག་དཔལ་དང་པོའི་སངས་རྒྱས་ཀྱི་རིམ་པས། དཔལ་ཀྱེའི་
རྡོ་རྗེའི་རྒྱུད་ཀྱི་དོན་བསྟན་པ་དྲང་བ་དང་། ངེས་པའི་དོན་གྱི་རིམ་པས་གསལ་བར་བྱའོ། །མདོར་བསྟན་པ་ཡིས་ཇི་ལྟར་བྱུང་། །རྒྱས་པར་བཤད་པས་རྣམ་སྦྱོང་བྱེད། །སྦས་དོན་རབ་ཏུ་རྒྱས་བསྟན་པས། །རྒྱུད་ལ་བསྟན་པ་རྣམ་པ་གསུམ། །རྡོ་རྗེ་ཐེག་པ་མངོན་འདོད་པའི། །རྣལ་འབྱོར་
ལྡན་པས་ཤེས་པར་བྱ། །བརྒྱུད་པའི་རིམ་པ་ཁོ་ན་ཡིས། །དྲང་དོན་ངེས་དོན་སྦྱར་བར་བྱ། །རེངས་པ་ལ་སོགས་ཐམས་ཅད་ཀྱི། །སྔགས་དང་དཀྱིལ་འཁོར་ལྷ་རྣམས་དང་། སྤྱོད་བརྡ་དེ་བཞིན་ལྟ་སྟངས་དང་། །སྦྱིན་སྲེག་དོན་དང་དམ་ཚིག་སོགས། །ངེས་པའི་དོན་གང་གསལ་བར་བྱ། །
དེ་རྣམས་དྲང་དོན་ལ་རྟོགས་སླའོ། །རྒྱུད་ཀྱི་ཐོག་མ་བར་དང་མཐའ། །ཀུན་དུ་འདི་ནི་ངེས་པ་ཡིན། །དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ་ཡང་འདིར། ཐམས་ཅད་མཁྱེན་པ་སྟོན་པ་པོ། །ལ་སོགས་པ་སྡུད་པར་བྱེད་པ་རྣམས་ཀྱིས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་དོ། །སྒྲ་བཟང་པོ་སྨྲ་བ་
དེ་རྣམས་ཀྱི་སྒྲ་བཟང་པོའི་འཛིན་པ་བཤིག་པའི་ཆེད་དུ་དོན་ལ་རྟོན་པ་ཉིད་ལ་བརྟེན་ཏེ། ཁ་ཅིག་ཏུ་དོན་ལ་སྒྲ་ཉམས་པ་དང་། ཁ་ཅིག་ཏུ་རིང་པོ་ལ་ཐུང་ངུ་དང་། ཁ་ཅིག་ཏུ་ཐུང་ངུ་ཡང་རིང་པོ་དང་། ཁ་ཅིག་ཏུ་ལྔ་པའི་དོན་ལ་བདུན་པ་དང་། བཞི་པའི་དོན་ལ་དྲུག་པ་དང་། ཁ་ཅིག་ཏུ་གཅིག་གི་ཚིག་
ལ་མང་པོའི་ཚིག་དང་མང་པོའི་ཚིག་ལ་ཡང་གཅིག་གི་ཚིག་དང་། འགའ་ཞིག་ཏུ་ཕོའི་རྟགས་ཅན་ལ་མ་ནིང་གི་རྟགས་དང་ཁ་ཅིག་ཏུ་མ་ནིང་གི་རྟགས་ཅན་ལ་ཕོའི་རྟགས་དང་། འགའ་ཞིག་ཏུ་སྤྱི་བོ་ལས་བྱུང་བ། སོ་ལས་བྱུང་བ་རྐན་ལས་བྱུང་བ་དག་དང་། ཁ་ཅིག་ཏུ་སོ་ལས་བྱུང་བ་ལ་རྐན་ལས་
Vol. 4 · folio 59b
བྱུང་བ་དང་སྤྱི་བོ་ལས་བྱུང་བ་དག་སྟེ། དེ་བཞིན་དུ་གཞན་རྣམས་ཀྱང་རྗེས་སུ་རྟོགས་པར་བྱའོ། །དེའི་ཕྱིར་ཀུན་མཁྱེན་ལམ་དོན་གཉེར་བ་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་མོ་ནི། །སྣ་ཚོགས་ཡུལ་སྐད་ངན་པ་ཡིས་ཀྱང་ཆེན་པོ་རྣམས་ཀྱི་ལམ་ལ་རྟག་ཏུ་འཇུག །སེམས་ཅན་རྣམས་ཀྱི་མོས་
པའི་སེམས་ཀྱི་དབང་ལས་ཐམས་ཅད་མཁྱེན་པའི་གསུང་མཆོག་ལ། །བརྡ་སྤྲོད་པ་ལ་ལྷ་ཀླུས་བཀོད་པ་སྒྲ་ལ་རྩོད་པ་དོན་གཉེར་རྣམས་ཀྱི་གཞན། སྒྲ་ཉམས་པ་དང་ཡུལ་གྱི་སྐད་ལས་ཀྱང་། །རྣལ་འབྱོར་ལྡན་པས་དོན་ནི་འཛིན་བྱེད་དེ། །ཆུ་ལ་འོ་མ་ངེས་པར་ཞུགས་པ་དེ། །ངང་པས་གྱེན་
དུ་བྱུང་སྟེ་འཐུང་བར་བྱེད། །དོན་དམ་དེ་ཁོ་ན་ཉིད་ཡུལ་ལ་ནི། །རྟག་ཏུ་ཆེ་རྣམས་ཚིག་ལ་རྟོན་པ་མིན། །བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་པ། ཡང་རྟོན་པ་བཞི་རྣམས་ཏེ། འདི་ལྟ་སྟེ། དོན་ལ་རྟོན་པ་ཉིད་ཡིན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་དང་། ཡེ་ཤེས་ལ་རྟོན་པ་ཉིད་ཡིན་གྱི་རྣམ་
པར་ཤེས་པ་ལ་རྟོན་པ་ཉིད་མ་ཡིན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཉིད་ཡིན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཉིད་མ་ཡིན་པ་དང་། ཆོས་ལ་རྟོན་པ་ཉིད་ཡིན་གྱི་གང་ཟག་ལ་རྟོན་པ་ཉིད་མ་ཡིན་པའོ། །བཅོམ་ལྡན་འདས་ཀྱི་གསུང་འདིའི་ཕྱིར་ཚིག་འབྲུའི་རྗེས་སུ་འབྲང་བ་ཉིད་མ་
ཡིན་ནོ། །འདིར་སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་དབང་ལས་ཐམས་ཅད་མཁྱེན་པ་དུ་མ་དང་། ཐམས་ཅད་མཁྱེན་པའི་སྐད་དུ་མ་དང་། བཞུགས་པའི་གནས་དུ་མ་དང་། གསོལ་བ་འདེབས་པ་པོ་དུ་མ་དང་། ཆོས་སྟོན་པ་དུ་མའོ་ཞེས་པ་སྟེ། དེ་ཕྱིར་དེ་བཞིན་གཤེགས་པས་རྒྱུད་
ཐམས་ཅད་སྟོན་པ་ནི་ཨེ་ཝཾ་མཱ་ཡ་ཤྲུ་ཏ་ཞེས་པ་ལ་སོགས་པས་མགྲིན་པ་དང་། རྐན་ལ་སོགས་པའི་འབད་རྩོལ་གྱིས་སྐྱེས་པ་ལྷའི་སྐད་གཅིག་པུས་མ་ཡིན་ནོ། །འདིར་དང་པོར་རེ་ཞིག་ཉན་ཐོས་ཀྱི་ཚུལ་སྡེ་སྣོད་གསུམ་ལ་སོགས་པ་ལ་ཆོས་བསྟན་པ་ནི་མ་ག་དྷའི་སྐད་ཀྱིས་སོ། །དེ་ལྟར་དེ་བཞིན་
གཤེགས་པ་ཡུལ་དུ་མའི་ཡུལ་གྱི་སྐད་ཀྱིས་ཐེག་པ་གསུམ་སྟོན་པར་མཛད་པ་སྟེ། ཨེ་ཝཾ་མཱ་ཡ་ཤྲུ་ཏ་ཞེས་བྱ་བ་ལ་སོགས་པར་ལེགས་པར་སྦྱར་བའི་སྐད་གཅིག་པུས་ནི་མ་ཡིན་ནོ། །འདིར་གལ་ཏེ་ཨེ་ཝཾ་མཱ་ཡ་ཤྲུ་ཏ་ཞེས་བྱ་བ་ལ་སོགས་པ་ལེགས་པར་སྦྱར་བའི་ཚིག་མགྲིན་པ་དང་། རྐན་
Vol. 4 · folio 60a
ལ་སོགས་པའི་འབད་རྩོལ་ལས་སྐྱེས་པ་ཉི་ཚེ་བས་དེ་བཞིན་གཤེགས་པ་ཆོས་སྟོན་པ་ཡིན་ན། དེའི་ཚེ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུས་དུ་མར་ཡང་དེ་བཞིན་གཤེགས་པས་སྟོན་པར་མི་ནུས་ཤིང་། སྡུད་པ་པོས་བྲི་བར་ཡང་མི་ནུས་ཏེ། ཉི་ཚེ་བའི་ཚིག་ཡིན་པ་
ཉིད་ཀྱི་ཕྱིར་རོ། །འདིར་སྤྲུལ་པའི་སྐུ་མཐའ་ཡས་པ་མེད་པའི་ཕྱིར་ན་མཐའ་ཡས་པ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སེམས་ཅན་མཐའ་ཡས་པ་མཐའ་ཡས་པའི་སྒྲ་རྣམས་ཀྱི་ཅིག་ཅར་ཆོས་སྟོན་པར་མི་འགྱུར་ཞིང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པ་མེད་པའི་
ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །འདིར་སངས་རྒྱས་ཚད་མེད་པ་དང་ཆོས་ཚད་མེད་པ་དང་། དགེ་འདུན་ཚད་མེད་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང་གི་ཕྱིར་སྟོན་པ་པོ་ཐམས་ཅད་མཁྱེན་པ་གཅིག་མ་ཡིན་ཞིང་། ཐམས་ཅད་མཁྱེན་
པའི་སྐད་གང་སེམས་ཅན་ཐམས་ཅད་ཀྱི་སྐད་ཅིག་རྣམས་ཀྱིས་དོན་རྟོགས་པར་བྱེད་པ་གཅིག་མ་ཡིན་ནོ། །བཞུགས་པའི་གནས་ངེས་པར་བསྟན་པ་གཅིག་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དང་གསོལ་བ་འདེབས་པ་པོ་གཅིག་མ་ཡིན་ནོ། །དཔལ་དང་
པོའི་སངས་རྒྱས་སུ་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ཉིད་ལ་འཇུག་པར་བྱ་སྟེ། དུད་འགྲོ་ཡི་དགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་མིན་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་གསུང་ཞིང་། །རང་རང་སྐད་
གཞན་རྣམས་ཀྱིས་སྲིད་གསུམ་མ་ཚད་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱིས་མིན། །སླར་ཡང་དེ་ཉིད་དུ་གསུངས་པ། སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་ཞི་དང་ཆགས་སོགས་དངོས་
པོ་རྣམས་ཀྱིས་ནི། །བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་སྨོན་ལམ་ཡོན་ཏན་དབང་གིས་མཐོང་། །དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག །གནས་ཅན་རྣམས་ཀྱི་བསོད་ནམས་སླད་དུ་འཁོར་ལོ་ལ་གནས་བསོད་
Vol. 4 · folio 60b
སྙོམས་རྣམ་པར་རྒྱུ་རུ་གཤེགས། །དེ་སྐད་དུ་ཡང་གསུངས་པ། ཇི་ལྟར་ཆུ་འཛིན་ལས་ནི་བསིལ་ཞིམ་དང་ཞིང་འཇམ་ལ་ཡང་བའི་ཆུ་བྱུང་བ། །དེ་ནི་ས་གཞིར་རྒྱུ་དང་གནས་ཀྱི་དབྱེ་བས་རྣམ་པ་མང་པོའི་རོ་ཉིད་འགྱུར། །དེ་བཞིན་ལེགས་ཡངས་ཐུགས་རྗེའི་སྤྲིན་གྱི་སྙིང་པོ་ལས་བྱུང་ཡན་ལག་
བརྒྱད་ལྡན་ལམ། །རྒྱུད་དང་གནས་ཀྱི་དབྱེ་བས་སྐྱེ་དགུ་རྣམས་ལ་རྣམ་པ་མང་པོའི་རོ་ཉིད་འགྱུར། །དེའི་ཕྱིར་སེམས་ཅན་གྱི་དོན་གྱི་ངོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངལ་དུ་རབ་ཏུ་འཇུག་པ་རྣམས་དང་། དམྱལ་བར་གཤེགས་པ་ཡང་བྱིས་པའི་སྐྱེ་བོ་རྣམས་ཀྱིས་
བརྟག་པར་ནུས་པ་མ་ཡིན་ཏེ། དཔལ་ཨ་རལླིའི་རྒྱུད་ཆེན་པོར་གསུངས་པ། དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་རྐང་གཉིས་ཀྱི་མཆོག་ཉིད་ཐོབ་སྟེ། སངས་རྒྱས་ཀྱི་ཟློས་གར་སྟོན་པར་མཛད་དོ་ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། དེ་ནས་བཅོམ་ལྡན་
ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་སོ། །དེའི་ཕྱིར། ལ་ལར་རྫོགས་པའི་བྱང་ཆུབ་མཛད། །ལ་ལར་དཀའ་བ་སྤྱོད་པ་དང་། ལྷ་ལས་བབས་པ་སྤྲུལ་པ་དང་། དེ་བཞིན་ཁབ་ནས་ངེས་འབྱུང་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ལ་ལར་རབ་ཏུ་འབྱུང་
བར་མཛད། །འདུལ་བ་སྟོན་མཛད་དེ་བཞིན་དུ། །བསམ་གྱིས་མི་ཁྱབ་མངོན་པའི་ཆོས། །ལ་ལར་སྔགས་ཀྱི་ཚུལ་འཆང་མཛད། །ལ་ལར་ཕ་རོལ་ཕྱིན་པའི་ཚུལ། །ལ་ལར་བྱེ་བྲག་སྨྲ་བའི་ལམ། །ལ་ལར་མདོ་སྡེ་སྟོན་པ་སྟེ། །ལ་ལར་རྣམ་ཤེས་སྨྲ་བ་ཡང་། །ལ་ལར་དེ་
བཞིན་དབུ་མའོ། །ལ་ལར་དམྱལ་བར་གཤེགས་པ་དང་། །ལ་ལར་སེམས་ཅན་རྗེས་སྲུང་བ། །སེམས་ཅན་གདུལ་བ་རྒྱུར་བྱས་ནས། །སྙིང་རྗེའི་བསམ་པས་གར་མཛད་དོ། །ཞེས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཕྱིར་མི་ལྡོག་པ་ཕྱིར་མི་
འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ངེས་འབྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །ཞེས་པ་ལ་སོགས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་རྣམ་པར་
Vol. 4 · folio 61a
སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཆེན་པོར་གསུངས་པ། ཇི་ལྟར་རྒྱལ་བའི་དབང་པོ་ཕྱོགས་བཅུར་གནས། །དེ་ཡི་སྐུ་ལས་རྐང་རུས་ཤ་མེད་ཀྱང་། །སེམས་ཅན་ཕན་ཆེད་རིང་བསྲེལ་རབ་འཇོག་ཅིང་། །སྤྲུལ་པའི་སྐུ་ཡིས་བྱ་བ་མཛད་པའོ། །ཞེས་སོ། །
གསུངས་པ་ཡང་། སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། མི་མཉམ་འདི་རྣམས་དགྲོལ་བའི་སླད་དུ་སྲས་
བཅས་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་གཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེས་བྱང་ཆུབ་བསྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་སྟེང་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་
བཅོམ་ལྡན་འདས་ནི་བདག་པོའི་སྐུ་ཅན་དེ་ཁོ་ནའོ། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པའི་ཡོན་ཏན་གྱི་ལེའུར་ཡང་བཀའ་སྩལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཅན་ཏེ། དགེ་སློང་རྣམས་འདི་ནི་འཇིག་ཚོགས་ཀྱི་སྐུར་མ་སེམས་ཅིག །
དགེ་སློང་རྣམས་ང་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པར་ལྟོས་ཤིག །དེ་བཞིན་གཤེགས་པའི་སྐུ་འདི་ནི་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ་ཞེས་པའོ། །དེའི་ཕྱིར་རྒྱལ་བའི་དག་པའི་སྐུ་ནི་སྐྱེས་ཤིང་མ་ཉམས་སྲིད་པ་གསུམ་པོ་ལ་ཡང་གནས། །བཅོམ་ལྡན་དེ་ཡིས་
ཐམས་ཅད་དུས་སུ་སེམས་ཅན་དོན་ནི་མི་འདོར་ལས་ཀྱིས་བཅིངས་མ་ཡིན། །དེ་ལྟར་འཇིག་རྟེན་དབང་ཕྱུག་བདག་ནི་སྲིད་གསུམ་གནས་སུ་ལས་ཀྱི་སར་གནས་ཉི་མ་ཀྱེ། །སེམས་ཅན་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་འཕྲོག་ལྷ་གཞན་ནམ་ཡང་མ་ཡིན་ནོ། །ཞེས་སོ། །
གསུངས་པ་ཡང་། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཕ་རོལ་ཏུ་ཕྱིན་པ་བཅུས་ངེས་པར་བྱུང་བ་ས་བཅུའི་
Vol. 4 · folio 61b
དབང་ཕྱུག་དབང་བཅུ་ཐོབ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པའི་སྐུ་དུ་མ་རྣམས་ཀྱིས་བྱང་ཆུབ་སེམས་དཔས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་སྟོན་པར་མཛད་དེ། བྱང་ཆུབ་སེམས་དཔའ་དེ་དུ་མ་ནི་མ་ཡིན་ནོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་
འདས་ནི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའོ། །གསུངས་པ་ཡང་། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་
པ་པོ། །ཞེས་སོ། །མི་འཇིགས་པ་ལ་སོགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཅན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་རྣམས་སུ་མཐའ་ཡས་པ་མཐའ་ཡས་པའི་སྤྲུལ་པའི་སྐུའི་སྒྱུ་མ་སྒྲིབ་པ་མེད་པ་རྣམས་ཀྱིས་མཐའ་ཡས་
པ་མཐའ་ཡས་པའི་སེམས་ཅན་རྣམས་ལ། །མཐའ་ཡས་པ་མཐའ་ཡས་པའི་སྐད་རྣམས་ཀྱིས་གསོལ་བ་འདེབས་པ་པོ་སྣ་ཚོགས་ཀྱིས་གསོལ་བ་བཏབ་པས། ཐམས་ཅད་མཁྱེན་པའི་སྐད་སེམས་ཅན་ཐམས་ཅད་ཀྱི་སྒྲ་ལ་རབ་ཏུ་ཞུགས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་
འདས་པའི་ཆོས་རབ་ཏུ་སྟོན་པར་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷའི་ལེའུར་གསུངས་པ་ཡང་། རབ་འབྱོར་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པས། འཇིག་རྟེན་རང་
བཞིན་གྱིས་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཆེད་དུ་ཆོས་སྟོན་ཏོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་རང་བཞིན་གྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཆེད་དུ་ཆོས་སྟོན་ཏོ། །དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་ཅིང་
འགག་པ་མེད་པའི་ཆེད་དུ་ཆོས་སྟོན་ཏོ་ཞེས་སོ། །གསུངས་པ་ཡང་། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །འཕན་འདོད་སེམས་ཅན་
Vol. 4 · folio 62a
མཉེས་གཤིན་པ། །ཞེས་སོ། །དཔལ་ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་དུ་ཡང་གསུངས་པ། ཨེ་མ་བྱང་ཆུབ་སེམས་ཁྱོད་ནི། །གདུལ་བྱར་བསམ་པ་མཉེས་གཤིན་པ། །ཐུགས་རྗེའི་ལྕགས་ཀྱུས་དྲངས་ནས་ནི། །རྣམ་པ་དུ་མས་ཐ་དད་དོ། །ཞེས་སོ། །
དེ་བཞིན་དུ་བཟང་པོ་སྤྱོད་པའི་སྨོན་ལམ་དུ་ཡང་གསུངས་པ། ལྷ་ཡི་སྐད་དང་གླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་རྣམས་དང་མི་ཡི་སྐད་རྣམས་ཏེ། །འགྲོ་བ་ཀུན་གྱི་སྐད་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་སོ། །དེ་ལྟར་ཐམས་ཅད་མཁྱེན་པ་
གཅིག་ཡིན་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ནི་གཅིག་ཁོ་ན་སྟེ། དཔལ་ཐབས་ལ་མཁས་པའི་མདོ་སྡེར་གསུངས་པ། །ཐེག་པ་གཅིག་དང་ཚུལ་ཡང་གཅིག་པུ་སྟེ། །འདྲེན་པ་རྣམས་ཀྱི་བསྟན་པ་འདི་གཅིག་པུ། །བདག་གིས་ཐབས་ལ་མཁས་པའི་རང་
བཞིན་གྱིས། །ཐེག་པ་གསུམ་པོ་རྣམས་ནི་ཉེ་བར་བསྟན། །ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གིས་འབྲས་བུར་གནས། །
ཞེས་སོ། །ཞེས་པ་ལ་སོགས་པ་དོན་ལ་རྟོན་པ་ཉིད་སྒྲུབ་པའོ། །ད་ནི་རྒྱུད་སྣ་ཚོགས་སུ་གསུངས་པའི་ཕྱག་རྒྱ་བཞིའི་མན་ངག་གི་རིམ་པས་དབང་བསྐུར་བཞི་པ་རྟོགས་པར་བྱས་ནས་རྒྱུད་སྟོན་པར་བྱེད་པར་བྱའོ། །ལས་དང་ཡེ་ཤེས་ཕྱག་རྒྱ་ཆེ། །དམ་ཚིག་ཞེས་བྱ་འོད་གསལ་
རྣམས། །རྒྱུ་དང་བསྒོམ་བྱ་དེ་བཞིན་དུ། །ཐོབ་བྱ་བཞི་པ་འཇིག་པ་མེད། །མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བཤད་པར་བྱ་སྟེ། རྒྱུ་ཞེས་པ་ནི་དང་པོར་རེ་ཞིག་ལས་ཀྱི་ཕྱག་རྒྱ་ལས་བྱུང་བ་གང་། ལྷན་ཅིག་སྐྱེས་པ་འཕོ་བ་མེད་པའི་བདེ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །
དེ་ནི་བདེན་པ་ཁོ་ན་སྟེ་འོན་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་པའི་དཔེ་ཡིས་མེ་ལོང་ལྟ་བུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །དེའི་ཕྱིར་དབང་པོ་རྣོན་པོས་ལས་ཀྱི་ཕྱག་རྒྱ་གཟུང་བར་བྱ་བ་མ་ཡིན་ནོ། །བསྒོམ་བྱ་ཞེས་བྱ་བ་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ལྷའི་རྣམ་
Vol. 4 · folio 62b
པས་སྦྱངས་ནས་དཀྱིལ་འཁོར་གྱི་འཁོར་ལོ་ཆོ་ག་ཇི་ལྟ་བར་གསལ་བར་བྱས་ཏེ། བསྲུབ་ཅིང་སྲུབ་པའི་སྦྱོར་བས་ཡེ་ཤེས་ཀྱི་མེ་སྦར་ལ། ཇི་སྲིད་དུ་ཧཾ་ཡིག་བསྲེགས་པ་འཛག་པ་ནི། རི་བོང་ཅན་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་རྡོ་རྗེ་དང་པདྨའི་ལྟེ་བར་དང་པདྨའི་ལྟེ་བར་འོངས་པའི་བྱང་ཆུབ་
ཀྱི་སེམས་ཀྱི་ངོ་བོས་ཡུལ་དང་དབང་པོ་མཐའ་དག་བདེ་བ་ཆེན་པོར་རོ་མཉམ་པའི་གོ་འཕང་ལ་གང་གཅིག་ཏུ་འདྲེས་པར་གྱུར་ཏེ། དེའི་རང་བཞིན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་ནས་ཇི་སྲིད་དུ་དཔལ་ཕྱག་རྒྱ་ཆེན་པོ་མངོན་དུ་ཕྱོགས་པར་གྱུར་པའི་བར་དུ་གནས་པར་བྱའོ། །
ཐོབ་བྱ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོ་སྟེ། རྨི་ལམ་དང་མིག་འཕྲུལ་དང་ཡིད་ཀྱི་རང་བཞིན་དང་འདྲ་བ་སྟེ། དེ་ལ་འཁྱུད་ནས་དམ་ཚིག་གི་ཕྱག་རྒྱ་ཇི་སྲིད་པར་མངོན་དུ་བྱའོ། །འཇིག་པ་མེད་པ་ནི་མཆོག་ཏུ་མི་འགྱུར་བའི་ངོ་བོ་ཅན་ནོ། །དེ་ལྟར་ལུས་དང་ངག་དང་སེམས་དང་ཡེ་ཤེས་རྣམ་པར་དག་པས་
ཕྱག་རྒྱ་བཞིའི་ངོ་བོ་ཇི་ལྟ་བའོ། །དཔལ་དང་པོའི་སངས་རྒྱས་ལ་འཇུག་པར་བྱ་སྟེ། པདྨར་རྡོ་རྗེ་ཞུགས་དང་རྩེ་མོ་ཅན་ལ་རླུང་དང་ཐིག་ལེ་མི་ལྷུང་གསུམ་པའོ། །འདི་རྣམས་རྣལ་འབྱོར་གསུམ་གྱི་རབ་གསལ་ངེས་པར་ལུས་དང་ངག་དང་སེམས་ཀྱི་ཕྱག་རྒྱའོ། །ཆགས་དང་ཆགས་མེད་དང་
པོའི་མཐར་སོན་དང་པོ་མཆོག་བདེའི་གཏེར་ནི་རྣལ་འབྱོར་བགྲོད་བྱ་བཞི་པ་སྟེ། །ཕྱག་རྒྱ་རྣམས་ཀྱི་ལགས་པའི་མ་རྒྱུད་དེ་འགྱུར་རྣམ་བཅུ་དཔལ་ལྡན་བླ་མའི་ཞལ་འདིའོ། །ཞེས་སོ། །དེ་བཞིན་དུ་ཡང་གསུངས་པ། །འགྱུར་དང་འགྱུར་མེད་དེ་ནས་གཡོ། །མི་གཡོ་དྲི་མ་མེད་པ་གཞན། །
ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་དུ་ཡང་གསུངས་པ། དེ་ཉིད་ལ་འཇུག་པར་བྱ་སྟེ། ལས་ཀྱི་ཕྱག་རྒྱ་ཡོངས་བསྒྲུབས་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་བསྒོམ་བྱ། །དེ་ལས་སྟེང་དུ་ཕྱག་རྒྱ་ཆེ། །དེ་ལས་དམ་ཚིག་ཡང་དག་
འབྱུང་། ཞེས་སོ། །དེ་སྐད་དུ་དཔལ་མཆོག་གི་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། །ཡེ་ཤེས་ཕྱག་རྒྱའི་དམིགས་པ་དང་། །ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས། །མི་འགྱུར་བ་དེ་འཕེལ་བར་འགྱུར། །ཞེས་སོ། །དེ་བཞིན་དུ།
Vol. 4 · folio 63a
དཔལ་དོན་དམ་པའི་བསྙེན་པར་ཡང་གསུངས་པ། ཐར་པའི་དཔལ་མོ་མ་ཉམས་བདེ་བ་དེ། །དོར་ནས་དགེ་མེད་གཞོན་ནུ་མར་རྩེ་བ། །ཕལ་ཆེར་སྔོན་བསགས་དྲགས་པའི་ལས་གང་གིས། །བདུད་རྩི་དོར་ནས་དུག་ནི་འཐུང་བར་བྱེད། །ཅེས་སོ། །དཔལ་དང་པོའི་སངས་
རྒྱས་སུ་ཡང་གསུངས་པ། སྙིང་ནི་རྙོག་བཅས་ལས་ཀྱི་ཕྱག་རྒྱ་འདི་དང་བརྟགས་པའི་ཡེ་ཤེས་ཕྱག་རྒྱ་བཏང་བྱས་ཏེ། །ཡང་དག་རྫོགས་པའི་བྱང་ཆུབ་སླད་དུ་རྒྱལ་བ་མཆོག་བསྐྱེད་མཆོག་གི་ཕྱག་རྒྱ་གོས་པ་མེད། །རྣམ་པར་འགྱུར་བ་མེད་པ་མཁའ་མཉམ་མུན་བཅོམ་ཁྱབ་བྱེད་རྣལ་འབྱོར་
བགྲོང་བྱ་ཐེར་ཟུག་གནས། །ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཕྲོག་ཅིང་དུས་ཀྱི་འཁོར་ལོས་རྗེ་རིགས་བསྒོམ་པར་བྱ། །དེ་བཞིན་དུ་ཡང་གསུངས་པ། གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་དག་བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་
ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་རྣམས་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། །ཞེས་སོ། །སླར་ཡང་དེ་
ཉིད་དུ་གསུངས་པ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་སྲས་ཀྱིས་བསྟེན་གང་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་རྒྱས་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་
དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད་ཅེས་སོ། །ཅི་ལྟར་ཞེ་ན། གསུངས་པ། འགྱུར་མེད་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། མི་གཙང་བ་དང་གཙང་བའི་
གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཀུན་དུ་དུས་ཀུན་དུ། །རབ་དགའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་དང་བཏུང་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཞེས་སོ། །དེ་བཞིན་དུ་འདི་ཉིད་དུ་
Vol. 4 · folio 63b
ཡང་གསུངས་པ། །བཟའ་དང་བཏུང་དང་དེ་བཞིན་ཁྲུས། །སད་དང་ཉལ་ཡང་བསམ་པར་བྱ། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །དེ་ནས་རྟག་པ་ཉིད་དུ་འགྲོ། །ཞེས་པ་དང་། ཆུ་བོའི་རྒྱུན་ནི་རབ་འབབ་དང་། །མར་མེའི་འོད་ཀྱི་རྒྱུན་བཞིན་དུ། །རྟག་ཏུ་གོམས་པའི་རྣལ་འབྱོར་གྱིས། །ཉིན་དང་
མཚན་མོར་གནས་པར་བྱ། །ཞེས་སོ། །གསུངས་པ་ཡང་། ཇི་ལྟར་ཤིང་གི་སྙིང་པོར་མེ། །གནས་པ་མ་གཙུབས་འབྱུང་མི་འགྱུར། །དེ་ལྟར་གོམས་མེད་བྱང་ཆུབ་ནི། །སྐྱེ་བ་འདི་ལ་སྐྱེ་བ་མིན། །ཞེས་པ་ལ་སོགས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། །ཆོས་ཀྱི་
སྦྱིན་བདག་གཙོ་བོ་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །ཞེས་སོ། །ད་ནི་དང་པོར་རེ་ཞིག་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ངེས་པའི་དོན་གྱི་རིམ་པས་གསལ་བར་བྱ་སྟེ། །དཔལ་དྲི་མ་
དང་བྲལ་བའི་འོད་དུ་གསུངས་པ་ཡང་། ཨེ་ཡིག་ནམ་མཁའི་ཁམས་དབུས་སུ། །སངས་རྒྱས་ཀུན་གྱི་བདེ་བའི་གཞིར། །ཝཾ་གྱི་རྡོ་རྗེ་སེམས་དཔའ་འདི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས། །ཐིག་ལེ་ཟླ་བ་ཁུ་བ་སྐུ། །རྣམ་པར་བཅད་པ་རྡུལ་ཉི་གསུང་། །ཨ་ཡིག་མུན་ཅན་ཐུགས་རབ་བརྗོད། །
མཁའ་ཁམས་ཨེ་ལ་རྣམ་པར་གནས། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སྐུ་གསུང་ཐུགས་ཀྱི་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་ལ་གནས་པའོ། །ཞེས་སོ། །དེ་བཞིན་དུ་གསུངས་པ། མཁའ་དབྱིངས་རྡོ་རྗེའི་དབུས་གནས་པར། །
རྡོ་རྗེའི་དཀྱིལ་འཁོར་བསྒོམ་པ་སྟེ། །ལུས་ངག་སེམས་ཀྱི་ང་རྒྱལ་ནི། །བསམས་ནས་བསྐལ་བར་དེ་གནས་སོ། །ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། རིགས་གསུམ་འཆང་བ་གསང་སྔགས་མཁན། །དམ་ཚིག་ཆེན་པོ་གསང་སྔགས་འཆང་། །གཙོ་བོ་དཀོན་
མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་སོ། །དེ་ལྟར་བརྡ་རྣམ་པ་སྣ་ཚོགས་རྣམས་ཀྱིས་གནས་པར་བྱས་ནས། །དེ་རྣམས་སུ་ཆེར་གསལ་ཏེ། །ཡིད་ལ་མི་བྱེད་པའི་རྣལ་འབྱོར་གྱིས་རྟག་ཏུ་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་པའི་རྒྱུ་འདིའི་ལྷ་རྣམས་ཡོངས་
Vol. 4 · folio 64a
སུ་སྨིན་པའི་ཆེད་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཐོབ་པའི་ཆེད་དུ་དཔལ་འདུས་པ་ལ་སོགས་པ་དང་། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོར་ཡང་། འདི་སྐད་བདག་གིས་ཐོས་པ་ཞེས་པ་ལ་སོགས་པས་བཞུགས་པའི་གནས་ངེས་པར་བསྟན་པ་བཅོམ་ལྡན་འདས་
ཀྱིས་གསུངས་སོ། །དངོས་པོ་གང་ཞིག་དཔལ་འདུས་པ་ལ་སོགས་པར་མིང་འདིས་གསུངས་པའི་དངོས་པོ་དེ་ཉིད་མངོན་པར་བརྗོད་པ་འབུམ་པ་ལ་སོགས་པའི་རྒྱུད་ཀྱི་རྒྱལ་པོར་གསང་བ་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པས་གསུངས་སོ། །དེ་ཡང་བླ་མ་དམ་པའི་མན་ངག་
ལས་རྒྱུད་ནི་རྒྱུད་གཞན་གྱིས་དང་དགོངས་པའི་སྐད་གཞན་གྱིས་རྟོགས་པར་བྱའོ། །གསུངས་པ་ཡང་། དང་པོའི་གསང་ཆེན་ནི་ཨེ་ཝཾ་དུ་གྱུར་པ་སྔོན་སྒོམ་པའི་རིག་པའོ། །མཐའ་སྟེ་ཐ་མའི་དགྱེས་པ་ནི་ཤྲུ་ཏཾ་བརྟེན་པར་བཤད་པའོ། །དབུས་སུ་མཱ་ཡ་ནི་མཆོག་སྟེ་ཤིན་ཏུ་ཁྱད་དུ་འཕགས་པའོ། །
དུས་གཅིག་ན་ནི་བཅོམ་ལྡན་འདས་ཐམས་ཅད་ཀྱི་བདག་ཉིད་ལ་རྟག་ཏུ་བཞུགས་པའོ་ཞེས་པའོ། །དགོས་པ་ཅི་ཞིག་གིས་ན་སྡུད་པར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྣམས་ལ། ཨེ་ཝཾ་མཱ་ཡ་ཞེས་པས་ངེས་པར་བསྟན། ཨི་དམ་མ་ཡཱ་དང་། ཨེ་ཏད་མཱ་ཡ་ཞེས་པ་
འདི་ལྟ་བུ་ལ་སོགས་པར་ཡང་སྨྲ་བར་ནུས་པ་ཁོ་ནའོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྡ་ཤེས་རབ་དང་ཐབས་གསལ་བར་བྱེད་པ། ཨེ་ཝཾ་ཞེས་པ་འདི་གསུང་རབ་ཀྱི་དང་པོར་ངེས་པར་བརྗོད་པར་བྱའོ། །སྨྲས་པ། གལ་ཏེ་དེ་ལྟ་ན་སྡུད་པར་བྱེད་པས་འདིར་
བདག་གིས་ཞེས་པ་ལ་སོགས་པའི་ཚིག་རྣམས་འབྱུང་བར་མི་འགྱུར་ཏེ། འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན། འདི་ནི་བདེན་མོད་འདིར་སྡུད་པར་བྱེད་པ་པོ་ནི་ཡོད་པ་མ་ཡིན་ནོ། །སྨྲས་པ། ཅིའི་དོན་དུ་བཙུན་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པར་བྱེད་པ་རྣམས་འཇིག་རྟེན་དུ་ཡང་དག་པར་བསྟན་
ཞེ་ན། སྨྲས་པ། འདིར་ཀུན་དགའ་བོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེ་ཡིན་ལ་གཞན་མ་ཡིན་གྱི་རྡོ་རྗེ་འཆང་ཆེན་པོ་ཁོ་ནའོ། །གཞན་དུ་ན་མདོ་སྡེ་ལ་སོགས་པའི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་། རྡོ་རྗེ་ཐེག་པ་ཡང་དེ་བཞིན་གཤེགས་པའི་དྲུང་ནས་ཆད་པ་དང་
Vol. 4 · folio 64b
ལྷག་པ་མེད་པར་ལན་ཅིག་ཐོས་ནས་འཛིན་པར་ག་ལ་ནུས། འདི་ནི་བཅོམ་ལྡན་འདས་ཀྱིས་ཐུན་མོང་མ་ཡིན་པའི་གསང་བ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་འཁོར་ཕུན་སུམ་ཚོགས་པ་བཤད་པར་བྱའོ། །འདི་ལྟ་སྟེ། རྒྱལ་པོ་ཆེན་
པོ་ཟས་གཙང་མ་ནི་འཇམ་དཔལ་དུ་འགྱུར་རོ། །ལྷ་མོ་ཆེན་མོ་སྒྱུ་མ་ནི་འཇིག་རྟེན་དབང་ཕྱུག་ཏུ་འགྱུར་རོ། །ལྷ་མོ་དཔལ་ནི་གྲགས་འཛིན་མར་རོ། །སྒྲ་གཅན་འཛིན་ནི་རྡོ་རྗེ་སེམས་དཔའོ། །ཤཱ་རིའི་བུ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །གནས་བརྟན་འཕགས་པ་ཀུན་དགའ་བོ་ནི་ཀུན་
ཏུ་བཟང་པོའོ། །གནས་བརྟན་ལྷས་བྱིན་ནི་ལྷའི་དབང་པོའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ནི་རྣམ་པར་སྣང་མཛད་ཆེན་པོར་འགྱུར་རོ་ཞེས་སོ། །དེ་བཞིན་དུ་དཔལ་ཨཱ་རལླི་ཆེན་པོའི་རྒྱུད་དུ་ཡང་གསུངས་པ། རྒྱལ་པོ་ཆེན་པོ་ཟས་གཙང་ནི། །ཨཱ་རལླི་རུ་ཡང་དག་
གསལ། །སྒྱུ་མ་ཆེན་མོ་རི་གི་དེར། །འགྲོ་བ་ཤེས་རབ་ཐབས་བདག་ཉིད། །རྡོ་རྗེ་སེམས་དཔའ་དོན་ཀུན་གྲུབ། །མཆོག་ཏུ་དགའ་བ་བདེ་བ་ཆེ། །ལྷ་མོ་ས་འཚོ་ཕྱག་རྒྱ་ཆེ། །སྒྲ་གཅན་འཛིན་བཟང་བདེ་བ་ཆེ། །ས་འཚོ་མ་ནི་སྒྱུ་འཕྲུལ་ཆེ། །སྒྱུ་མའི་རང་བཞིན་སྤྲོས་པ་ལས། །ལྷན་
ཅིག་སྐྱེས་དགའ་དགའ་རབ་བཤད། །རྡོ་རྗེ་སྒྱུ་མའི་རྣམ་འཕྲུལ་གྱིས། །སླར་ཡང་བཅོམ་ལྡན་རྡོ་རྗེ་ཅན། །སྐྱེད་པ་པོར་ནི་རབ་ཏུ་གྲགས། །སྒྱུ་མ་ཆེན་མོ་སྐྱེད་མོར་འགྱུར། །དེ་ཉིད་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་སོ། །རིགས་པ་འདིའི་སྡུད་པར་བྱེད་པ་པོ་ནི་འཁོར་རོ་ཞེས་པའོ།། །།
དཔལ་དང་པོ་སངས་རྒྱས་སུ་གསུངས་པ་ཡང་། ལྷ་མིན་བླ་མ་མཐོ་རིས་འཇིག་རྟེན་དུ་ང་དབང་པོ་ས་སྟེང་དུ་ནི་འཁོར་ལོས་སྒྱུར། །ས་འོག་ཀླུ་ཡི་རྒྱལ་པོ་གདེངས་ཅན་རིགས་ཀྱིས་བཏུད་དང་ཀུན་འགྲོ་མཆོག་ང་ཡེ་ཤེས་དང་། སངས་རྒྱས་ཐུབ་དབང་འགྱུར་མེད་མཆོག་དང་ཁྱབ་བདག་རྣལ་
འབྱོར་རྣམས་ཀྱི་རྡོ་རྗེ་རྣལ་འབྱོར་དང་། རིག་བྱེད་ཨོཾ་གྱི་ཡི་གེ་གཙང་མའི་རྒྱལ་པོ་དངོས་པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང་། །ཞེས་སོ། །ལས་དང་པོ་པའི་སེམས་ཅན་རྣམས་གཞུག་པའི་ཆེད་དུ་འདི་ནི་སངས་རྒྱས་ཀྱི་ཟློས་གར་རབ་ཏུ་བསྟན་པའོ། །འདི་ལ་གསུངས་པ། སངས་རྒྱས་མྱ་
Vol. 4 · folio 65a
ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་གདུལ་དོན་དུ། །མྱ་ངན་འདས་པ་ཉེ་བར་བསྟན། །ཞེས་སོ། །སྨྲས་པ། ཨེ་ཝཾ་ཞེས་པའི་ཡི་གེ་གཉིས་པོ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་ལགས་མོད། །འདི་ཡང་ཇི་
ལྟར་ཤེས་པར་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོས་ཡོངས་སུ་ཞུས་པར་གསུངས་པ། བརྒྱ་བྱིན་གྱིས་གསོལ་བ། ཨེ་ཝཾ་ཞེས་འདི་ཅི་དོན་དུ། །ཅི་ཕྱིར་དང་པོ་རབ་ཏུ་སྦྱར། །འདི་ཅི་བདེ་གཤེགས་གསུངས་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་ཐེ་ཚོམ་
འདི་རྣམས་ཀུན། །སྲིད་མཐར་མཛད་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲས་པ་ཡིས། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ལས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་དོན་ཐམས་ཅད་གཟིགས་པ་ཡིས། །དང་པོར་ཨེ་ཝཾ་ཞེས་
གསུངས་པ། །དེ་ནི་གོ་རིམས་ཇི་བཞིན་ཁྱོད། །ལྷ་ཡི་བདག་པོ་མཉན་པར་གྱིས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་རྣམས་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་བདག་གིས་བཤད། །ཨེ་ཡི་ཡི་གེ་མ་རུ་འགྱུར། །ཝ་ཡིག་ཀྱང་ནི་ཕ་རུ་བཤད། །
ཐིག་ལེ་དེར་ནི་སྦྱོར་བར་འགྱུར། །སྦྱོར་ཏེ་མཆོག་ཏུ་རྨད་བྱུང་བའོ། །ཨེ་ཡིག་པདྨ་ཞེས་བཤད་དེ། །ཝཾ་ཡིག་རྡོ་རྗེ་ཁོ་ན་ཡང་། །ཐིག་ལེ་དེར་ནི་ས་བོན་འགྱུར། །དེ་ལས་འགྲོ་བ་གསུམ་པོ་སྐྱེས། །ཨེ་ཡི་ཡི་གེ་ཤེས་རབ་འགྱུར། །ཝཾ་ཡིག་རབ་དགའི་བདག་པོའོ། །ཐིག་ལེ་
གཞོམ་མེད་དེ་ཉིད་དེ། །དེ་ལས་སྐྱེས་པ་ཡི་གེ་རྣམས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེ་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར། །སྐྱེ་བོ་གང་གིས་ཡི་གེ་གཉིས། །མི་ཤེས་རྟག་ཏུ་འདོན་བྱེད་པ། །དེ་ནི་སངས་རྒྱས་ཆོས་
རྣམས་ལས། །ཕྱི་རོལ་ལོངས་སྤྱོད་སྤངས་སྒྲ་བཞིན། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་སྟེ། །འདིར་ནི་ཐམས་ཅད་མཁྱེན་པ་བཞུགས། །དེ་ཕྱིར་དམ་ཆོས་བསྟན་བཅོས་ཀྱི། །ཐོག་མར་དེ་ནི་རབ་ཏུ་བཤད། །དེ་ཕྱིར་བརྒྱ་བྱིན་ལྷ་བདག་པོ། །གལ་ཏེ་རྟག་པའི་གནས་འདོད་ན། །ཡིག་གཉིས་
Vol. 4 · folio 65b
སྒྱུ་མ་དྲན་བྱ་ཞིང་། །དམ་པའི་ཆོས་ལ་བླ་མར་བྱོས། །ཞེས་གསུངས་པ་ཡང་། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་སོ། །འདི་སྐད་བདག་གིས་ཞེས་པ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ཀྱི་དོན་ཡང་བཤད་པའི་རྒྱུད་ལ་འཇུག་པར་
བྱ་སྟེ། ཨེ་ཝཾ་རྡོ་རྗེ་ཆུ་སྐྱེས་དང་། །ནོར་བུའི་ནང་གནས་ཐིག་ལེ་འཛིན། །དེ་ཉིད་ཐ་དད་མེད་བདག་ཉིད། །མ་མཱ་ཞེས་པས་རབ་གསལ་བྱས། །འདི་སྐད་བདག་གིས་ཐོས་ཞེས་བརྗོད། །འཁོར་ལོས་སྒྱུར་བའི་གཟུགས་ཅན་གྱིས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །དེ་ནི་སྟོན་བྱེད་བདེ་བ་
ང་། །ཐོས་པ་ཞེས་པ་བདག་གིས་ནི། །བདག་ཉིད་ཁོ་ནས་བདག་ཉིད་ཀྱིས། །ཞེས་སོ། །གསུངས་པའང་། ང་ལས་འགྲོ་བ་ཐམས་ཅད་བྱུང་། །ང་ལས་ས་གསུམ་པོ་ཡང་བྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བ་རང་བཞིན་གཞན་མ་མཐོང་། །ཞེས་སོ། །སླར་ཡང་འདི་
ཉིད་དུ་གསུངས་པ། །འཆང་བ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པ་ང་། །འགྲོ་བའི་སྟོན་པ་བསྒྲུབ་བྱ་ང་། །འཇིག་རྟེན་པ་ང་འཇིག་རྟེན་དང་། །ལྷན་ཅིག་སྐྱེས་དགའི་རང་བཞིན་ང་། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །དངོས་དང་དངོས་པོ་མེད་པ་ང་། །དངོས་པོ་རྟོག་
ཕྱིར་སངས་རྒྱས་ང་། །གང་ཞིག་ལེ་ལོས་བསྣུན་པ་དང་། །རྨོངས་པ་གང་གིས་ང་མི་ཤེས། །རྡོ་རྗེ་བཙུན་མོའི་བྷ་ག་ནི། །བདེ་བ་ཅན་དུ་ང་གནས་སོ། །ཞེས་སོ། །དཔལ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དུ་ཡང་གསུངས་པ། སྤྲོ་དང་སྡུད་པའི་གནས་ལ་ནི། །གསང་
ཆེན་དམ་པ་རྨད་བྱུང་བར། །ཤེས་རབ་བདུད་རྩིའི་མཚོ་གནས་སུ། །བཅོམ་ལྡན་འདས་ནི་སྐྱེ་མེད་བཞུགས། །སྟོང་པ་མ་ཡིན་མི་སྟོང་མིན། །རྣམ་པར་མི་རྟོག་གཞི་མེད་པ། །སྤྲོས་པ་མེད་ཅིང་སྣང་བ་མེད། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་
སུ་ཡང་གསུངས་པ། །ཕུང་པོ་ལྔའི་རང་བཞིན་རྣམས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཐུགས་རྗེས་བཞུགས། །ངེས་པ་རྣམ་པར་མ་བསྒྲུབས་བསོད་ནམས་མིན་པ་བསགས་པའི་སེམས་ཅན་རྣམས་སྨིན་དོན་དུ་སྟེ། །གཙང་མའི་གནས་ལ་སོགས་པར་བཅོམ་ལྡན་གང་ཞིག་རྣམ་པར་
Vol. 4 · folio 66a
བཞུགས་པ་ཉན་ཐོས་རྣམས་སླད་དུའོ། །གང་ཞིག་ཨེ་ཝཾ་ཡི་གེ་ལ་གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་དགོད་དོན་དུའོ། །ཞེས་སོ། །དུས་གཅིག་ན་ཞེས་པ་ལ་སོགས་པ་འདིའི་དོན་ནི་སྐད་ཅིག་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནའོ། །
གསུངས་པ་ཡང་། མཁས་པ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཞེས་སོ། །རྒྱུད་གཞན་དུ་ཡང་གསུངས་པ། །ས་བོན་གཟུགས་ཀྱིས་ཡང་དག་འདྲེས། །ལྷ་ཡི་འཁོར་ལོ་དམ་པ་སྟེ། །མཆོག་ཏུ་དགའ་བའི་དུས་འདི་ནི། །དུས་གཅིག་ན་ཞེས་བརྗོད་པར་
བྱ། །ཞེས་སོ། །བཅོམ་ལྡན་འདས་ཞེས་པ་འདིའི་དོན་འདི་ཡིན་ཏེ། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གོ་འཕང་གནས། །དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་
ཀྱིས་ཆོས་གང་བཅོམ། །དེ་ནི་བཅོམ་ལྡན་འདས་ཞེས་བཤད། །ཅེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་འདིའི་དོན་ནི་འདི་ཡིན་ཏེ། རྒྱལ་བ་ཕུང་པོ་ལྔ་རྣམས་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཤད། །ཅེས་བྱའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
དམྱལ་བའི་ལེའུར་ཡང་གསུངས་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལས་གཞན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཉིད་ནི་སྟོང་པ་དབེན་པ་ཞི་བ་ཡིན་པའི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ནི་གཉིས་སུ་མེད་གཉིས་སུ་བྱར་མེད་དེ། སྟོང་པ་ཉིད་དང་། དབེན་པ་ཉིད་ཀྱི་ཕྱིར་དམིགས་སུ་མེད་དོ། །གང་ཆོས་ཐམས་ཅད་ཀྱི་དམིགས་སུ་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་པར་བྱའོ། །ཞེས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་རྡོ་
རྗེ་ཞེས་པ་འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་གསུངས་ཏེ། བདག་ཉིད་ཀྱི་ནི་སྐུ་གསུང་ཐུགས། །སྙིང་འདི་རྡོ་རྗེ་བདེ་བ་ཆེ། །རྡོ་རྗེ་རྡོ་རྗེ་ཞེས་གསུངས་པ། །ཅིས་འདི་རྡོ་རྗེར་བརྗོད་ཅེ་ན། །སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །གཅད་མེད་དབྱེར་མེད་མཚན་ཉིད་ཅན། །མི་འཚིག་འཇིག་པ་མ་ཡིན་
Vol. 4 · folio 66b
པ། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །འགྲོ་དྲུག་འཁོར་ལོ་ཉེས་བྱས་ཀྱང་། །རྡོ་རྗེ་ཡིས་ནི་འཇོམས་པར་བྱེད། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཉོན་མོངས་ཐམས་ཅད་འཇོམས་པར་བྱེད། །ཅེས་སོ། །བཙུན་མོ་ཞེས་བྱ་འདིའི་དོན་ནི་འདི་ཡིན་ཏེ། བཙུན་མོ་ལགས་སྦྱངས་ཕྱག་རྒྱ་
སྟེ། །བྷ་ག་ལེགས་སྦྱར་པདྨའོ། །ཞེས་པའོ། །དགོངས་པ་ལུང་སྟོན་པའི་རྒྱུད་དུ་གསུངས་པ་ཡང་། །སངས་རྒྱས་ཀུན་གྱིས་གང་བསྟེན་པ། །བཅུ་གསུམ་པ་ཡི་སར་གྱུར་གང་། །དེར་ནི་བཙུན་མོ་ཡང་དག་བཤད། །དམ་ཆོས་བྷ་ག་ཞེས་པར་ཡང་། །དེ་ལ་ཅི་ཕྱིར་བྷ་ག་ཞེས་བྱ་ཞེ་ན། འདིའི་དོན་ནི་འདི་
ཡིན་ཏེ། གནས་གང་ཞིག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་དང་། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་གྱུར་པ་བཞུགས་པ་དེ་ཁོ་ན་ནི། དམ་ཚིག་སེམས་དཔའ་ཉིད་ཡིན་པའི་ཕྱིར། བཅོམ་
ལྡན་འདས་ཀྱིས་བྷ་ག་ཞེས་གསུངས་ཏེ། འདོད་པའི་འདོད་ཆགས་གཅོད་བྱེད་ཅིང་། །ཉོན་མོངས་རྣམས་བཅོམ་གཞན་མི་ཐུབ། །དེ་ཕྱིར་དེ་ནི་བྷ་གར་བརྗོད། །མཆོག་ཏུ་གྱུར་པའི་གནས་པའི་ཆེད་དུ་ཡིན་པས་ན་བཞུགས་སོ་ཞེས་པའི་དོན་ཏོ། །ཚིག་འདི་བརྟན་པར་བྱེད་པའི་དོན་དུ་གསུངས་
པ། །དཔལ་རྡོ་རྗེ་གསང་བའི་རྒྱུད་དུ་བཀའ་སྩལ་ཏེ། དེ་ནས་ཉམས་དགའ་བ་ཡི་གནས། །ནམ་མཁའ་ཀུན་ལ་རབ་གནས་པ། །རྡོ་རྗེ་རིན་ཆེན་འོད་ཀྱིས་གསལ། །དྲི་མེད་གཟི་བརྗིད་ཀྱིས་བརྒྱན་པ། །དྲ་བ་མེ་ལོང་མེ་ཏོག་ལྡན། །མེ་ཏོག་ཕྲེང་བ་རྒྱན་ལྡན་པ། །བདེ་བ་ཆེན་པོ་རྡོ་རྗེ་ཆེ། །
རྡོ་རྗེ་ཀུན་གྱི་འདུས་བྱས་པ། །རྡོ་རྗེ་སེམས་དཔའི་གནས་ཆེན་པོ། །སངས་རྒྱས་ཀུན་གྱིས་རྗེས་བསྟེན་པ། །བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག །རྡོ་རྗེ་འཛིན་པ་ཀུན་གྱི་གཞི། །བདེ་བ་ཆེན་པོ་རྡོ་རྗེ་ཆེའི། །ནོར་བུ་རིན་ཆེན་མཆོག་ཅེས་བྱ། །རྡོ་རྗེ་ཆེན་པོའི་གཞལ་ཡས་ན། །རྡོ་རྗེ་འཛིན་པ་
ཐིག་ལེ་ཡི། །གཟུགས་ཀྱིས་བཞུགས་ཤིང་གནས་པའོ། །ཞེས་སོ། །དེ་ཁོ་ན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཅིག་པའི་སྐུ་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ངོ་བོ་སྣ་ཚོགས་གཟུགས་འཛིན་པ་གཞོམ་དུ་མེད་པའོ་ཞེས་པའོ། །དཔལ་
Vol. 4 · folio 67a
མཚན་ཡང་དག་པར་བརྗོད་པར་གསུངས་པ། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་བྱ་བརྗེད་བྱ་དྲང་སྲོང་ཆེ། །རིགས་གསུམ་འཆང་བ་གསང་སྔགས་མཁན། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །ཡང་དེ་ཉིད་དུ་བཀའ་སྩལ་པ། འཇིག་རྟེན་
དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཛིན་པ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། །དེ་བཞིན་དུ་དཔལ་དང་པོའི་སངས་རྒྱས་སུ་ཡང་
བཀའ་སྩལ་པ། རྒྱུད་རྣམས་སུ་གང་འདི་སྐད་བདག་གིས་ཐོས་ཞེས་གསུངས་ཏེ་འདི་ལྟར་བདག་གིས་ཞེས་པ་སྟེ། རྡོ་རྗེ་ཅན་ནི་ཟ་བ་ཞུ་ལས་གང་ཞིག་སྤྱི་མགྲིན་སྙིང་གའི་ཆུ་སྐྱེས་ལྟེ་གསང་བ། །རྡོ་རྗེ་བུད་མེད་རྣམས་ཀྱི་བྷ་གར་ཐིག་ལེ་གྲོལ་བ་གསུམ་གྱིས་མཆོག་གི་པདྨར་གནས། །དེ་འདིར་སངས་
རྒྱས་ཞིང་དུ་རབ་ཞུགས་བཅོམ་ལྡན་འདས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །ཞེས་སོ། །འདི་ཉིད་དུ་ཡང་གསུངས་པ། །སྟོན་པ་སུམ་ཅུ་གཉིས་མཚན་ཅན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བའི་མིང་གིས་རྣམ་པར་གནས། །ཞེས་སོ། །
མཐའ་ཡས་རྟོགས་ལས་ངེས་གྲོལ་བ། །ཟླ་བ་ཤར་ཁ་ལྟར་དང་བ། །དེ་ལས་རང་ཉིད་ཆེ་ཉིད་ཀྱིས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །སྤྲུལ་པ་པ་ཡི་སྐུར་མཛད་དེ། །སུམ་ཅུ་རྩ་གཉིས་མཚན་མཆོག་ཅན། །གང་གི་སྲིད་པའི་རྩེ་མོ་ནས། །མནར་མེད་བར་གྱི་ཁམས་གསུམ་
ཁྱབ། །ཅེས་པའོ། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། །
སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་སོ། །དཔལ་ཐམས་ཅད་མཁྱེན་པ་འཇིགས་བྱེད་ཀྱི་རྒྱུད་དུ་ཡང་གསུངས་པ། །དེ་ནས་ཤིན་ཏུ་ཆེན་པོ་དེས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །སྤྲུལ་པ་པ་ཡི་སྐུར་མཛད་དེ། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །དེ་མེད་བདེ་བ་ཉིད་མི་འགྱུར། །
Vol. 4 · folio 67b
བདེ་བ་སྤངས་ནས་དེ་མ་ཡིན། །ཁུ་བའི་རྣམ་པ་བཅོམ་ལྡན་འགྱུར། །དེ་ཡི་བདེ་བ་འདོད་མར་བཤད། །དེ་ནི་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱི་སྤྱོད་ཡུལ་མིན། །སངས་རྒྱས་སྲས་ཀྱི་སྤྱོད་ཡུལ་ལོ། །རྡོ་རྗེ་པདྨ་ལས་བྱུང་བའོ། །ཞེས་པ་ལ་སོགས་པ་ངེས་པའི་དོན་ཏོ། །དཔལ་
ནམ་མཁའ་དང་མཉམ་པའི་རྒྱུད་དུ་ཡང་གསུངས་པ། །འགྲོ་བ་འདི་ཀུན་སངས་རྒྱས་མངའ་བདག་ཉིད། །སྣ་ཚོགས་ཟློས་གར་ཡིད་འོང་བལྟ་བར་གྱིས། །མཆོག་ཏུ་བདེ་བ་ཆེན་པོ་གཅིག་པུ་དེ། །གཅིག་དང་དུ་མའི་ཉམས་ཀྱིས་གར་མཛད་དོ། །ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ན། གཅིག་
དང་གཅིག་མིན་རྣམ་བྲལ་འདི། །སྐད་ཅིག་ལས་གཅིག་མཆོག་དགའོ། །རང་གི་རིག་བྱའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །འདི་ནི་བྱིན་རླབས་རིམ་པ་སྟེ། །ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ནམ་མཁའ་ཉིད་ཐམས་ཅད། །རང་
བཞིན་རིག་པའི་ཚོར་བ་ནི། །སྐད་ཅིག་ལས་ནི་གནོད་མི་འགྱུར། །མཐོ་རིས་ས་སྟེང་ས་འོག་རྣམས། །སྐད་ཅིག་ལས་ནི་སྐུ་གཅིག་འགྱུར། །རང་བཞིན་ཆ་ཡི་རྣམ་རྟོག་གིས། །གནོད་པར་ནུས་པ་ཉིད་མ་ཡིན། །ཞེས་སོ། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། །ཐུབ་པ་མེད་པ་
དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་ནོ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་མཁྱེན་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །
ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་སོ། །དེ་ལྟར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྐུ་བཞིའི་བདག་ཉིད་ཅན་བཅོམ་ལྡན་འདས་ཀྱེའི་རྡོ་རྗེས་བཅུ་གཉིས་ཀྱི་དབང་ཕྱུག་ནི་ཆོས་སྟོན་པ་པོའོ། །ད་ནི་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའི་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། །ཨེ་མའོ་རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ་ལེགས་སོ་ལེགས་སོ། །ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྙིང་པོ་ཅི་ཞིག་ཏུ་བརྗོད་པར་བྱ་ཞེ་ན། །རྡོ་རྗེའི་སྒྲ་ཡིས་ཤེས་རབ་ཡིན་ལ། དེའི་པདྨ་སྙིང་པོ་སྟེ། བྱང་ཆུབ་སེམས་ཀྱི་ངོ་བོས་གནས་པ་ཉིད་ཀྱི་ཕྱིར་ན། རྡོ་རྗེ་སྙིང་པོ་ཞེས་བརྗོད་པར་བྱའོ། །རྡོ་རྗེ་
Vol. 4 · folio 68a
སྙིང་པོས་གསོལ་པ། ཅི་ཡིས་རྡོ་རྗེ་སེམས་དཔའ་ལགས། །ཅི་ལྟར་བྱང་ཆུབ་སེམས་དཔར་འགྱུར། །ཅི་ཕྱིར་སེམས་དཔའ་ཆེན་པོ་ལགས། །ཅི་ལྟར་དམ་ཚིག་སེམས་དཔའ་གཙོ། །ཞེས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། །དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་
ཕྲག་བཅུ་གཉིས་པར་གསུངས་པ། །རང་འབྱུང་རྡོ་རྗེ་སེམས་དཔའ་འདི། །དོན་ཆེན་མཆོག་ཏུ་མི་འགྱུར་བ། །འདོད་ཆགས་ཆེན་པོ་སེམས་དཔའ་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ། །ཉོན་མོངས་སྒྲ་ཆེན་ཟད་པ་པོ། །དམ་ཚིག་སེམས་དཔའ་གཏི་
མུག་ཆེ། །གཏི་མུག་བློ་ཡིས་གཏི་མུག་སེལ། །དམ་ཚིག་ཟླ་བ་བདུད་རྩི་ཡི། །ཁུ་བ་འཕོ་མེད་དེ་ཟ་བ། །དམ་ཚིག་སེམས་དཔའོ་ཚུལ་འདི་ཡིས། །གཏི་མུག་བློ་ཅན་གཏི་མུག་སེལ། །ཞེས་སོ། །དེ་བཞིན་དུ་དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། ཤེས་རབ་ཐབས་ཀྱི་བདག་ཉིད་
སྦྱོར། །དབྱིབས་སྐུ་རྫུ་འཕྲུལ་བགྲོད་པ་ཅན། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །བྱང་ཆུབ་སེམས་དཔའ་དམ་ཚིག་སེམས། །དེ་བཞིན་གཤེགས་པས་གསུངས་པ་སྟེ། །དངོས་དང་དངོས་མེད་ཟད་ཁྱབ་བདག །ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་སེམས་ཏེ་མཆོག་མི་འགྱུར། །ཞེས་
སོ། །དེ་བཞིན་དུ་འབུམ་ཕྲག་ལྔ་པར་ཡང་བཀའ་སྩལ་ཏེ། དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་མི་ཕྱེད་ཅེས་བཤད་པ། །ཝཾ་གྱི་ཡི་གེར་རབ་ཏུ་གྲགས། །མི་ཕྱེད་པ་ནི་སྐུ་གསུང་ཐུགས། །ཡི་གེ་ཝཾ་གྱིས་མངོན་བརྗོད་བྱ། །སེམས་དཔའ་སྲིད་
གསུམ་གཅིག་ཉིད་ནི། །ཨེ་ཡི་ཡི་གེས་བརྗོད་པར་བྱ། །ཨེ་ཡིག་ཤེས་རབ་དང་ལྷན་ཅིག །ཝཾ་ཡིག་རིགས་གསུམ་བདག་ཉིད་ཅན། །ལྟེ་བའི་དབུས་གནས་དཔའ་བོ་ནི། །ཟེ་འབྲུ་གསང་བའི་སྤྱོད་ཡུལ་ན། །རང་འདྲའི་ཤེས་རབ་དང་ལྡན་ཏེ། །རྡོ་རྗེ་སེམས་དཔར་རབ་བརྗོད་བྱ། །ཕྱག་
གཉིས་ཧེ་རུ་ཀ་རུ་བཤད། །འཇིག་རྟེན་གསུམ་བསྐྱོད་ཉིད་དེའོ། །དེ་ཉིད་ངོ་བོ་ཉིད་དུ་བརྗོད། །སངས་རྒྱས་སྐུ་སྟེ་བདེ་བ་ཆེ། །དེ་ཉིད་ཡེ་ཤེས་རྡོ་རྗེར་འགྱུར། །དེ་ཉིད་ལྷན་ཅིག་སྐྱེས་དགའ་ཉིད། །རྒྱུ་མཐུན་པར་ཡང་དེ་ཉིད་བཤད། །རྡོ་རྗེ་རྩེ་གཅིག་པ་རུ་བརྗོད། །གསུངས་པ་ཡང་། ཉིན་དང་
Vol. 4 · folio 68b
མཚན་མོར་བསམ་གཏན་དབང་ལས་ནི། །གང་ཚེ་རིམ་གྱིས་སེམས་ནི་དབུ་མར་གནས། །མཐའ་ཡས་སྐུ་ཅན་ཤིན་ཏུ་རྣམ་དག་སྐུ། །རྡོ་རྗེ་རྩེ་མོ་གཅིག་པར་རྒྱལ་བའི་དབང་། །ཞེས་པའོ། །དེ་ཡང་བཞི་པའི་གནས་སྐབས་ཟད། །རྣམ་དག་མཆོག་ཏུ་མི་འགྱུར་བའོ། །བྱང་ཆུབ་ལ་གནས་
གང་ཞིག་ནི། །སྙིང་གའི་པདྨའི་དབུས་གནས་པ། །ཧཱུཾ་ཡིག་ཁོ་ན་སེམས་དཔར་བརྗོད། །མི་བསྐྱོད་པ་ནི་དེ་ཁོ་ནའོ། །ཐུགས་ཀྱི་རྡོ་རྗེར་དེ་ཉིད་བརྗོད། །ཁྱབ་འཇུག་ཉིད་དེ་ཕྱག་བཞི་པ། །དེ་ཉིད་ཛྭ་ལ་ཛྭ་ལ་བྷྱོ། །དེ་ཉིད་ཆོས་ཀྱི་སྐུ་རུ་བཤད། །ཆོས་འཁོར་ལོར་གནས་རྡོ་རྗེ་ཅན། །ཁྱད་དགའི་དགའ་
བའི་ཚུལ་འཆང་བ། །དེ་ཉིད་རྣམ་པར་སྨིན་པར་བཤད། །གཉིད་སྟུག་ཟད་པར་བྱེད་པའོ། །ཡེ་ཤེས་ཆེན་པོའི་རོས་གང་བ། །སེམས་དཔའ་ཆེན་པོར་དེ་བརྗོད་བྱ། །མགྲིན་པར་ལོངས་སྤྱོད་འཁོར་ལོའི་དབང་། །འོད་དཔག་མེད་དུ་མངོན་བརྗོད་བྱ། །དེ་ཉིད་གསུང་གི་རྡོ་རྗེར་བཤད། །པདྨའི་
ཕྱག་ཅན་དེ་བཞིན་གཤེགས། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་ཏུ་བརྗོད། །ཀུན་རྫོབ་དང་ནི་བཟློག་པ་སྟེ། །དེ་ཡང་རྨི་ལམ་གནས་སྐབས་ཟད། །དེ་ཉིད་ལོངས་སྤྱོད་རྫོགས་སྐུར་འགྱུར། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་མཛད། །དེ་ཉིད་བདེ་བྱེད་རབ་ཏུ་བརྗོད། །
ཞལ་གསུམ་རྣམ་པ་ཕྱག་དྲུག་དེ། །ཀི་ཊི་ཀི་ཊི་རྡོ་རྗེ་ཉིད། །ཧེ་རུ་ཀ་ནི་གསུམ་པར་འགྱུར། །རྟག་ཏུ་དམ་ཚིག་ལ་གནས་པས། །གང་ཞིག་གནས་པ་ཡོངས་རྟོགས་བྱ། །དམ་ཚིག་རི་བོང་འཛིན་ཁུ་བ། །བདེ་བ་ཆེན་པོར་དཔྲལ་བར་གནས། །བདུད་རྩི་ལེགས་གནས་སེམས་དཔའོ། །ཡི་གེ་
ཨོཾ་དུ་རབ་ཏུ་བཤད། །དེ་ཉིད་རྣམ་པར་སྣང་མཛད་བརྗོད། །བྱང་ཆུབ་སེམས་ཏེ་མཆོག་མི་འགྱུར། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །དེ་ཉིད་ཡོངས་སུ་བཤད་པར་བྱ། །དགའ་བ་ཚངས་པའི་ངོ་བོ་སྟེ། །གཟུགས་ཀྱི་སྐུ་རུ་དེ་བརྗོད་བྱ། །དེ་ཉིད་ཕྱག་ན་འཁོར་ལོར་བཤད། །སྐུ་ནི་སྤྲུལ་པའི་མཚན་
ཉིད་ཅན། །དོན་དམ་པས་དེ་དྲི་མ་མེད། །སད་པའི་གནས་སྐབས་ཟད་དེ་ཉིད། །དེ་ཉིད་པི་ཙུ་བཛྲར་འགྱུར། །ཞལ་བརྒྱད་ཧེ་རུ་ཀ་རུ་བཤད། །དཔའ་བོ་ཆེན་པོ་ཞབས་བཞི་པ། །བཅུ་དྲུག་ཕྱག་དང་ཡང་དག་ལྡན། །དེ་ལྟར་སྐུ་ཡི་དབྱེ་བ་ཡིན། །ཧེ་རུ་ཀ་ནི་བཞི་པར་བཤད། །ངོ་བོ་ཉིད་ལས་
Vol. 4 · folio 69a
ཆོས་སུ་འགྱུར། །ཆོས་ལས་ལོངས་སྤྱོད་རྫོགས་པ་ཉིད། །དེ་ལས་སྤྲུལ་པའི་སྐུར་འགྱུར་ཏེ། །དེ་ལྟར་སྐུ་ནི་བཞི་ཡིན་ནོ། །ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཁྱབ་འཇུག་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཞེས་སོ། །རྩ་བའི་
རྒྱུད་དུ་རྒྱས་བཤད་པ། །རིགས་ནི་གསུམ་དུ་ངེས་པར་བརྗོད། །ངོ་བོ་ཉིད་དང་ཡང་དག་ལྡན། །རིགས་བཞི་ཞེས་པར་བཤད་པ་ཡིན། །མཛད་པ་བཞི་ཡི་བྱེ་བྲག་གིས། །རིགས་རྣམས་ཀྱི་ནི་རྣམ་གཞག་དེའོ། །སངས་རྒྱས་ལམ་ནི་འདོད་པ་ཡི། །རྣལ་འབྱོར་ལྡན་པས་ཤེས་པར་བྱ། །ཅེས་སོ། །
ད་ནི་བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་པ། །མཚན་བསྡུས་པ་ནི་འདི་ལྟ་བུ། །ཅི་ཡིས་ཀྱེ་ཡི་རྡོ་རྗེ་ལགས། །ཧེ་ཡིག་གིས་ནི་ཅི་ཞིག་བཤད། །དེ་བཞིན་བཛྲ་ཡིས་ཀྱང་ཅི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲའང་ཤེས་རབ་བརྗོད་
པར་བྱ། །མདོར་བསྟན་པའི་ཆོ་ག་འདིའི་རྒྱས་པར་བཤད་པ་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཆོས་དང་དམིགས་པ་མེད། །སྙིང་རྗེ་འདི་ནི་རྣམ་གསུམ་བཤད། །འདིར་སེམས་ཅན་ལ་དམིགས་པ་ནི་དཀར་པོའི་ཚེས་གཅིག་ལ་སོགས་པ་ཚེས་
ལྔ་རྣམས་སོ། །ཆོས་ལ་དམིགས་པ་ནི་དྲུག་པ་ལ་སོགས་པ་ཚེས་ལྔ་རྣམས་སོ། །དམིགས་པ་མེད་པ་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་རྣམས་སོ། །ཉའི་མཐའ་དང་ནག་པོའི་ཚེས་གཅིག་འཇུག་པའི་དང་པོའི་དབུས་སུ་སྙིང་རྗེ་བཅུ་དྲུག་པའོ། །འདི་དག་གཅིག་པ་ཉིད་སྟོང་པ་ཉིད་
བཅུ་དྲུག་པ་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཅེས་སོ། །ཧེ་ཡིག་གིས་ནི་མངོན་པར་བརྗོད། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ཡིས། །སྔར་བཤད་ཝཾ་ཡིག་དེ་ཉིད་དོ། །རྡོ་རྗེའི་སྒྲ་ཡིས་ཡི་གེ་ཨེ། །རྣམ་པ་ཐམས་ཅད་སྟོང་པ་ཉིད། །འདི་དག་སྙོམས་འཇུག་གང་ཡིན་པ། །རྣལ་འབྱོར་སྒྲ་ཡིས་མངོན་བརྗོད་བྱ། །ཤེས་
རབ་ཐབས་ཀྱི་བདག་ཉིད་རྒྱུད། །རྣལ་འབྱོར་རྒྱུད་དུ་རབ་བརྗོད་བྱ། །འདིར་མིང་དང་མིང་གིས་བརྗོད་པར་བྱ་བའི་འབྲེལ་བ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གཉིས་སུ་མེད་པའི་རྣལ་འབྱོར་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་མཚན་ཉིད་ཅན་དུ་འགྱུར་བ་མ་ཡིན་ནོ། །རྣལ་འབྱོར་གྱི་སྒྲ་ནི་ཐབས་ཀྱི་དོན་
Vol. 4 · folio 69b
ཉིད་རྗོད་པར་བྱེད་པའམ། །ཤེས་རབ་ཀྱི་དོན་ཉིད་བརྗོད་པ་མ་ཡིན་གྱི། རྣལ་འབྱོར་གྱི་སྒྲ་ནི་ཤེས་རབ་དང་། །ཐབས་ཀྱི་དོན་རྗོད་པར་བྱེད་པའོ། །དེ་སྐད་དུ་ཡང་གསུངས་པ། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུས་འགྱུར་བ་མིན། །ཤེས་རབ་ཐབས་ནི་སྙོམས་འཇུག་པ། །དེ་
བཞིན་གཤེགས་པས་རྣལ་འབྱོར་གསུངས། ཞེས་སོ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཞེས་པ་ལ་སོགས་པ་འདིའི་ངེས་པའི་དོན་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་དུ་གསུངས་པ། ཅིའི་དོན་ཤེས་རབ་བརྗོད་པར་བྱ། །རབ་སྦྱར་སྦྱོར་བྱེད་ཤེས་ལྡན་ཞིང་། །ཕུལ་དུ་བྱུང་བར་
རྟོགས་བྱེད་པ། །དེ་བཞིན་ཉིད་ཀྱི་བདེན་པ་ཤེས། །ཤེས་རབ་ཤེས་རབ་ཅེས་བརྗོད་བྱ། །ཐབས་ཀྱི་སྒྲ་ཡིས་དེ་ཉིད་དེ། །དགའ་བ་བཞི་ཡི་མཚན་ཉིད་ཅན། །གང་གིས་དེ་ཡི་རང་བཞིན་བྱ། །རྣལ་འབྱོར་པ་རྟག་རྣལ་འབྱོར་རིག །རྒྱུད་ཀྱི་སྒྲ་ཡིས་ཅི་བརྗོད་བྱ། །རྒྱུད་ནི་རྒྱུན་ཆགས་ཞེས་
བརྗོད་དེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །དེ་ཉིད་གསང་དང་གསང་ཆེན་ཞེས། །ཕྱི་མའི་རྒྱུད་དུ་བརྗོད་པར་བྱ། །ཞེས་སོ། །ད་ནི། ལྟ་སྟངས་དགུག་དང་བརྡ་ཆེན་དང་། །དོན་མཉམ་རྣམ་པ་མང་པོ་རིག །རེངས་པར་བྱེད་དང་སྐྲོད་པ་ཉིད། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཞེས་པ་གསལ་
བར་བྱ་སྟེ་ལྟ་སྟངས་དགུག་པ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་དགུག་པའོ། །བརྡ་ཆེན་ནི་འདྲ་བའི་ངོ་བོའོ། །དོན་མཉམ་ཞེས་པ་ནི་ཐམས་ཅད་དབྱེར་མེད་པའི་རྣལ་འབྱོར་རོ། །རྣམ་མང་ཞེས་པ་ནི་རྣམ་པ་སྣ་ཚོགས་པས་ཡེ་ཤེས་བསྐྱེད་ནས་སྣ་ཚོགས་པས་ལྟ་བར་བྱེད་
པའོ། །རེངས་པར་བྱེད་པ་ཞེས་པ་ནི་དབང་པོ་རྣམས་ཡེ་ཤེས་སུ་དམིགས་པའོ། །སྐྲོད་པ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་གནས་གཅོད་པའོ། །སྡེ་ནི་གཟུགས་ལ་སོགས་པའི་རྒྱུན་གྱི་ངོ་བོ་སྟེ། མངོན་སྤྱོད་ནི་འདི་རྣམས་དག་པས་གཞན་གསལ་ནས། སེམས་ཀྱི་རྡོ་རྗེ་ལ་
རབ་ཏུ་བཅུག་སྟེ་རེངས་པར་བྱེད་དོ། །ཞེས་པ་ནི་སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཞེས་པའོ། །ད་ནི་རྣལ་འབྱོར་མ་རྣམས་བསྐྱེད་པ་དང་གནས་པའི་རྒྱུ་བརྗོད་པར་བྱ་སྟེ། རྒྱུད་འདིར་རྣལ་འབྱོར་མ་རྣམས་ནི་ཕུང་པོ་ལྔ་རྣམས་དང་ཁམས་བཞི་རྣམས་དང་། སྐྱེ་མཆེད་དྲུག་རྣམས་ཏེ། ཟླ་བའི་ཆ་བཅོ་
Vol. 4 · folio 70a
ལྔའི་དབྱེ་བས་བདག་མེད་མ་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་བསྐྱེད་པ་དང་གནས་པའི་རྒྱུའོ། །དེ་ལས་དེ་རྣམས་ཀྱི་དོན་མཉམ་ཞེས་པ་རྣམ་ཤེས་དང་། ལྷ་རྣམས་ཇི་ལྟར་འབྱུང་བའོ་རུ་འགྱུར་རོ། །འདི་རྣམས་ཀྱི་རྒྱས་པར་བསྟན་པ་ལེའུ་བརྒྱད་པར་བརྗོད་པར་
བྱའོ། །ད་ནི་ཀྱེའི་རྡོ་རྗེའི་སྐྱེ་བ་དང་གནས་པའི་བྱེད་རྒྱུ་བརྗོད་པར་བྱའོ། །དང་པོར་རེ་ཞིག་གཅིག་ཏུ་འགྱུར། །ཞེས་པ་ཨེ་ཝཾ་གྱི་ཡི་གེ་ནི་ཧེ་རུ་ཀའི་དང་པོའི་བྱེད་རྒྱུའོ། །ཧཱུཾ་ཡིག་ནི་གཉིས་པའི་སྐྱེད་པའི་བྱེད་རྒྱུའོ། །ཞེས་པ་ངེས་པའོ། །དེ་ལས་དངོས་པོ་འབྱུང་བ་ནི། །གཟུང་དང་འཛིན་པའི་བྱེ་
བྲག་ལས། །ཡུལ་དང་དབང་པོའི་སྦྱོར་བ་ཡིས། །རྣམ་ཤེས་རྣམས་ཀྱི་སོ་སོའོ། །དངོས་པོའི་འཆིང་བས་འཆིང་བར་འགྱུར། །དངོས་པོའི་འཆིང་བ་དེས་རྣམ་པར་ཤེས་པ་རྣམས་དང་། མིག་ལ་སོགས་པ་རྣམས་འཆིང་བར་འགྱུར་རོ། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཡུལ་དང་དབང་
པོ་དེ་རྣམས་འགོག་པས་དེ་ཡོངས་སུ་ཤེས་པས་ཞེས་པའོ། །དེའི་ཕྱིར། དངོས་པོ་ཉིད་ཀྱིས་རྣམ་གྲོལ་འགྱུར། །ཞེས་པ་ལྷའི་མིག་ལ་སོགས་པ་རྣམས་ཀྱིས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ཡུལ་མཐོང་བས་རྣམ་པར་ཤེས་པ་དྲུག་རྣམས་གྲོལ་ལོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའི་རྗེས་སུ་ཡི་རང་བའི་ལེའུར་གསུངས་པ་ཡང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྣང་བར་མཛད་པ་མ་ཡིན་ཏེ། གང་འདས་པ་དེ་ནི་ཟད་པ་འགགས་པས་བྲལ་བར་རྣམ་པར་གྱུར་བའོ། །གང་མ་འོངས་པ་དེ་ཡང་མ་ཐོབ་པའོ། །ད་ལྟར་བྱུང་
བ་ནི་གནས་པ་དམིགས་སུ་མེད་པའོ་ཞེས་སོ། །དེ་བཞིན་དུ་ལྷའི་མིག་དང་ལྷའི་རྣ་བ་དང་། ལྷའི་སྣ་དང་། གཞན་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་རྫུ་འཕྲུལ་ཏེ་མངོན་པར་ཤེས་པ་དྲུག་རྣམས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་ལ་སོགས་པ་གཞན་རྣམས་སོ། །
ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། ཤེས་རབ་ཡེ་ཤེས་རང་བཞིན་ལས་གང་བདེ་མཉམ་ཐམས་ཅད་དུས་སུ་གཞོམ་དུ་མེད་པར་འགྱུར། །ལྷ་ཡི་སྤྱན་གྱི་མཐུ་ལས་མིག་གིས་མ་མཐོང་བ་དང་སྲིད་རྣམ་གསུམ་ཡང་མཐོང་
Vol. 4 · folio 70b
བར་འགྱུར། །ལྷ་ཡི་རྣ་བའི་མཐུ་ལས་སྲོག་ཆགས་ཀྱིས་བརྗོད་སྙིང་དང་ག་ཡི་སྒྲ་ནི་ཐོས་པར་འགྱུར། །དེ་བཞིན་སྐུ་གསུང་ཐུགས་ཀྱི་སྦྱོར་ལས་མ་ཡི་བདག་པོ་རེག་བྱ་ལ་སོགས་ཐམས་ཅད་འགྱུར། །ཞེས་སོ། །དེ་བཞིན་དུ་གཟུགས་གཞན་ནོ་ལ་སོགས་པ་ཡང་སྟེ། དེའི་ཕྱིར། ཐམས་ཅད་ནས་
ནི་ཕྱག་ཞབས་སོགས། །ཐམས་ཅད་དུ་ནི་སྤྱན་ཞལ་དབུ། །ཀུན་ནས་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ལ་ནི་ཁྱབ་ནས་བཞུགས། །ཞེས་པའོ། །ད་ནི་སྔར་བཤད་པའི་ཤེས་རབ་དང་ཐབས་དག་གིས་དོན་དམ་པའི་སྒོམ་པ་བརྗོད་པར་བྱ་སྟེ། དངོས་པོ་བསྒོམ་བྱ་ཞེས་པ་ལ་སོགས་པའོ། །
འདིར་ནམ་མཁའ་ལ་དངོས་པོ་བསྒོམ་བྱ་ནི་རྨི་ལམ་ལྟ་བུ་སྟེ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པའོ། །དེ་ཡོངས་སུ་ཤེས་པས་ནི་དངོས་པོ་མེད་པ་བསྒོམ་པར་བྱ་སྟེ། །རྟོག་པ་དང་བྲལ་བའི་སེམས་ཀྱིས་སྣང་བརྙན་སྣང་བ། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ནི་མངོན་གསུམ་ཞེས་བརྗོད་པར་བྱའོ། །
ནམ་མཁའ་ཞེས་པ་ནི་ཤེས་རབ་ཨེ་ཡིག་ཏུ་འགྱུར་ལ། །དེ་བཞིན་ཧེ་རུ་ཀ་ཞེས་པ་དངོས་པོ་མེད་པ་བསྒོམ་བྱ་སྟེ། །ཤེས་རབ་ཀྱི་ཡེ་ཤེས་སུ་འགྱུར་རོ། །ཧེ་རུ་ཀ་ནི་བདེ་བ་ཆེན་པོ་སྟེ་ཤེས་རབ་ཇི་ལྟ་བར་ཐབས་ཀྱང་དེ་བཞིན་ནོ། །དེ་ཡོངས་སུ་ཤེས་པས། དངོས་པོ་མེད་པ་ཡང་བསྒོམ་པར་བྱ་བ་སྟེ།
ཐབས་སུ་འགྱུར་རོ། །དེ་བཞིན་གྱི་སྒྲ་ལས་རྒྱུ་ཇི་ལྟ་བ་དེ་ལྟར་འབྲས་བུའོ་ཞེས་པའོ། །དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང་གསུངས་པ། སྟོང་པ་ལས་བྱུང་གཟུགས་བརྙན་རྒྱུ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ལ་འབྲས་བུས་རྒྱས་བཏབ་ཅིང་། །
འབྲས་བུ་རྒྱུ་ཡིས་རྒྱས་བཏབ་པའོ། །སྟོང་ཉིད་གཟུགས་བརྙན་འཛིན་པ་རྒྱུ། །སྙིང་རྗེ་འགྱུར་མེད་འབྲས་བུའོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་བྱ། །ཞེས་སོ། །སླར་ཡང་དེ་ཉིད་དུ་གསུངས་པ། །འབྲས་བུ་རྒྱུ་ཡིས་ཕན་ཚུན་དུ། །གཞན་དང་གཞན་ལ་
རྒྱས་བཏབ་མེད། །རྒྱུ་དང་འབྲས་བུ་ཐམས་ཅད་གང་། །དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་། །ཤེས་རབ་མ་ཡིན་ཐབས་ཀྱང་མིན། །ལྷན་སྐྱེས་ཤེས་རབ་དང་ལྷན་ཅིག །ཀུན་ནས་ཡོངས་སུ་བདེ་བ་རྫོགས། །སྒྲིབ་པ་ཐམས་ཅད་སྤངས་པའོ། །ཞེས་སོ། །དཔལ་སམྦུ་ཊར་ཡང་གསུངས་
Vol. 4 · folio 71a
པ། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་པར་ཡོངས་སུ་བསྒྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །སེམས་ཅན་དོན་མཛད་སྙིང་རྗེའོ། །དམིགས་མེད་གནས་སུ་ཤེས་རབ་དང་། །དམིགས་མེད་སྙིང་རྗེ་ཆེན་པོ་ནི། །བློ་དང་ལྷན་ཅིག་
གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་སོ། །དེ་བཞིན་དུ་འདི་ཉིད་དུ་ཡང་གསུངས་པ། ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །རྣལ་འབྱོར་སྙིང་རྗེ་ཐབས་སུ་འགྱུར། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བཤད་པའོ། །དཔལ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པར་ཡང་གསུངས་པ། །ཆོས་ཐམས་ཅད་ནི་རྣམ་པར་རྟོག་པ་མེད་པ། ཆོས་ཐམས་ཅད་ནི་སྟོང་པ། ཆོས་ཐམས་ཅད་ནི་མཚན་མ་མེད་པ། ཆོས་ཐམས་ཅད་ནི་སྨོན་པ་མེད་པ། ཆོས་ཐམས་ཅད་ནི་འདུས་བྱས་པ་དང་བྲལ་བ། ཆོས་ཐམས་ཅད་ནི་སྐྱེ་བ་དང་བྲལ་བ། ཆོས་ཐམས་
ཅད་ནི་འགྱུར་བ་མེད་པ་རྣམས་སོ། །ཞེས་སོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། རྣམ་རྟོག་མེད་པའི་ཆོས་རྣམས་ལ། །དངོས་པོ་མེད་ཅིང་སྒོམ་པའང་མེད། །རྣམ་རྟོག་མེད་པར་མོས་པ་ཡིས། །བརྟག་བྱ་ཐམས་ཅད་བརྟག་པར་བྱ། །རྣམ་རྟོག་མེད་པའི་ཆོས་རྣམས་ལ། །
སེམས་ཅན་དོན་ལ་ཡོངས་སུ་བརྟག །དེ་བཞིན་གཤེགས་པའི་ཆོས་རྣམས་ཀུན། །ཆོས་མིན་ཆོས་ཉིད་ཀྱང་མ་ཡིན། །ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཨེ་ཝཾ་གྱི་ཡི་གེ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནི་ལུས་གནས་ཏེ་ལྟེ་བར་གནས་པའོ། །དེ་ལྟར་ན།
ལུས་གནས་ཡེ་ཤེས་ཆེན་པོ་ནི། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །ཞེས་པ་གྲུབ་སྟེ་དཀྱིལ་འཁོར་གྱི་འཁོར་ལོ་དང་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་རྟོག་པ་དང་བྲལ་བའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། བསམ་གཏན་དང་ནི་སྔགས་ཀྱི་བཟླས་པ་བྱེད་པ་དཀྱིལ་འཁོར་ཆེན་པོ་
རྣམས་དང་གདན་རྣམས་དང་། །སྦྱིན་སྲེག་སྔགས་ཀྱི་རབ་གནས་ཚོན་ལ་རྒྱལ་བའི་རིགས་རྣམས་སྤྱན་དྲང་བསྐུལ་བ་མེད་པར་ཡང་། །བུད་མེད་སྦྱོར་རྣམས་སྤངས་ནས་རབ་མཆོག་ཁྱབ་བདག་བདེ་བ་ཕྱག་རྒྱའི་དངོས་གྲུབ་སྟེར་བར་བྱེད། །དེ་ཕྱིར་དེ་ནི་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་ཐར་
Vol. 4 · folio 71b
པའི་རྒྱུར་བསྒོམ་བྱ། །ཞེས་སོ། །ཤེས་རབ་ཕ་རོལ་ཕྱིན་པའི་ཡེ་ཤེས་རྣམ་པར་རྟོག་པ་དང་བྲལ་བ་མཆོག་ཏུ་མི་འགྱུར་བའི་བདེ་བའོ་ཞེས་པའོ། །འདིའི་དོན་ནི་འདི་ཡིན་ཏེ་དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། ཉན་ཐོས་རང་རྒྱལ་ཕྱི་རོལ་གྱི། །ཤེས་རབ་ལས་ནི་མཆོག་ཏུ་བཤད། །ཕ་རོལ་དེ་
བཞིན་ཉིད་གཞོལ་འདི། །ཤེས་རབ་ཕ་རོལ་ཕྱིན་པར་བཤད། །དེ་ཉིད་རྣམ་ཤེས་ཤེས་གྱུར་པ། །སླར་ཡང་ཆོས་ཀྱི་རྟོག་པ་མེད། །ཆད་དང་རྟག་པར་སྨྲ་བ་ནི། །དེ་བཞིན་ཉིད་གཞན་ཤེས་པར་བྱ། །ཞེས་པ་ངེས་པའོ། །དེ་ཁོ་ན་ནི་རྡོ་རྗེ་སེམས་དཔའ་འཇིག་རྟེན་གསུམ་སྐྱོང་བའི་ཧེ་རུ་ཀ་ངོ་བོ་
ཉིད་ཀྱི་སྐུའོ། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པ་ནི། ཕུང་པོ་དྲུག་ནི་གཟུགས་ལ་སོགས། །རྣམ་ཤེས་མཐར་ཐུག་སྙིང་རྗེ་ཆེ། །དབང་པོ་དང་ནི་ཡུལ་ཉིད་དང་། །དབང་པོའི་རྣམ་པར་ཤེས་པ་ཉིད། །རྣལ་འབྱོར་མ་རྣམས་གོ་བྱའི་ཆེད། །ཁམས་ནི་བཅོ་བརྒྱད་རྣམས་སུ་བཤད། །དངོས་
པོ་འདི་རྣམས་ལ་ཁྱབ་པར་བྱེད་པ་ཡེ་ཤེས་ཀྱི་སྐུའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་ཏེ། དཔལ་སམྦུ་ཊ་རུ་གསུངས་པ། །གང་ཚེ་ལས་ཀྱི་ལུས་ཞིག་ན། །དེ་འདྲ་བ་ཡི་ལྷ་རུ་འགྱུར། །ཇི་སྲིད་ལས་དང་ལས་མིན་འགྱུར། །དེ་སྲིད་ལུས་ལ་རྣམ་
པར་གནས། །ཞེས་སོ། །ད་ནི་རྡོ་རྗེའི་ལུས་ལ་རྩ་རྣམས་བཤད་པར་བྱ་སྟེ། འདིར་རྡོ་རྗེ་སྙིང་པོས་གསོལ་བ། །ཀྱེ་བཅོམ་ལྡན་འདས་རྡོ་རྗེའི་ལུས་ལ་རྩ་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་
འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པ་རྣམས་སོ་ཞེས་པ། འདིར་བདེ་བ་ཆེན་པོ་ཞེས་པ་ནི་བདེ་བ་ཆེན་པོ་མྱོང་བར་བྱེད་པའི་ཕྱིར་བདེ་བ་ཆེན་པོར་བརྗོད་པར་བྱའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། དང་པོར་མཐའ་དག་རྒྱལ་བའི་ལུས་ནི་དངོས་གྲུབ་རྒྱུ་རུ་སྔགས་པས་ཡང་
དག་བསྲུང་བར་བྱ། །ལུས་མེད་ན་ནི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་མཆོག་བདེ་ཐོབ་པར་འགྱུར་བ་འོང་མེད། །དེ་ཕྱིར་ལུས་ཀྱི་དོན་རྒྱུར་ཉིན་ཞག་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ། །ལུས་ནི་གྲུབ་ན་གཞན་པའི་དངོས་གྲུབ་སྲིད་གསུམ་གནས་སུ་མངག་གཞུག་ཉིད་དུ་རབ་ཏུ་
Vol. 4 · folio 72a
འགྱུར། །ཞེས་སོ། །དཔལ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། །འོག་ཏུ་ཕྱོགས་པ་བདུད་རྩི་འབབ་པ་སུམ་ཅུ་རྩ་གཉིས་རྣམས་བརྗོད་པར་བྱ་སྟེ། མི་ཕྱེད་མ་ལ་སོགས་པ་རྣམས་སོ་ཞེས་པ་སྟེ། འདིར་ཡར་ངོ་ལ་དབྱངས་བཅོ་ལྔའི་ཆ་རྣམས་ཏེ་བཅུ་དྲུག་པ་ནི་
ཐིག་ལེའོ། །རྩ་དེ་རྣམས་ཀྱིས་འཕྱང་མ་ལ་བསྐོར་ནས་གནས་སོ། །འདི་ལྟ་སྟེ། ཚེས་གཅིག་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་ཡོན་ཏན་རྣམས་ནི་དྲུག་པ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ནོ། །ཡ་ན་རུ་བསྒྱུར་བ་
རྣམས་ནི་བཅུ་གཅིག་པ་ལ་སོགས་པ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་ནོ། །ཐིག་ལེ་ནི་དབུས་སུ་སྟེ་བཅུ་དྲུག་པ་འཕྱང་མའོ། །དེ་ལྟར་རྐན་ལས་སྟེང་དུ་དབྲལ་བར་ཁུ་བའི་ཆའི་རང་བཞིན་གྱི་བདུད་རྩི་འཛག་སྟེ་ཕྱི་རོལ་དུ་བསིལ་བ་དང་ནང་དུ་ཁུ་བའོ། །དེ་བཞིན་དུ་རྩ་སོ་སོ་སྟེ། འདི་ལྟ་སྟེ། མི་ཕྱེད་
མ་དང་ཕྲ་གཟུགས་མ། །མཆོག་མ་གཡོན་པ་ཐུང་ངུ་མ། །ཞེས་པ་ཚེས་གཅིག་ལ་སོགས་པ་ལྔ་རྣམས་སོ། །དེ་ནས། རུས་སྦལ་སྐྱེས་སྒོམ་དབང་བསྐུར་མ། །སྐྱོན་ལྡན་མ་དང་བཤད་པ་མ། །ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ། །མ་མོ་མཚན་མོ་བསིལ་སྦྱིན་མ། །དྲོད་བསྐྱེད་མ་
དང་ལ་ལ་ནཱ། །ཞེས་པ་བཅུ་གཅིག་པ་ལ་སོགས་པ་རྣམས་ཏེ་རིམ་པ་ཇི་ལྟ་བ་བཞིན་ནོ། །ལ་ལ་ནཱ་བཅོ་ལྔ་པའི་བདག་ཉིད་དང་། ཨ་བ་དྷཱུ་ཏཱི་ནི་བཅུ་དྲུག་པ་སྟེ་དགའ་བ་བཅུ་དྲུག་རྣམ་པར་དག་པས་དཀར་པོའི་ཕྱོགས་ལ་ལྷན་ཅིག་སྐྱེས་པ་མ་ཉམས་པའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་
པའོ། །དེ་ནས་ནག་པོའི་ཚེས་གཅིག་ལ་སོགས་པ་རྣམས་ར་ས་ནཱའི་ཚེས་བཅོ་ལྔ་རྣམས་ཏེ། འདི་རྣམས་ཀྱི་དབུས་སུ་ར་ས་ནཱ་ལ་སོགས་པ་རྣམས་སོ། །འདི་ལྟ་སྟེ་རོ་མ་དང་འབབ་མ་དང་མདོག་ནག་མ་དང་སྤྱི་མ་དང་། རྒྱུ་སྦྱིན་མ་རྣམས་ཞེས་པ་རྣམས་ནི་ཚེ་གཅིག་ལ་སོགས་པ་ལྔ་
རྣམས་སོ། །སྦྱོར་བྲལ་མ་དང་གདུ་གུ་མ་དང་། གྲུབ་མ་དང་། འཚེ་མ་དང་། ཡིད་བཟངས་མ་ཞེས་པ་དྲུག་པ་ལ་སོགས་པ་རྣམས་སོ། །སུམ་སྐོར་མ་དང་འདོད་མ་དང་ཁྱིམ་མ་དང་གཏུམ་མོ་དང་། ཀཱ་ཏྱཱ་ཡ་ནི་ཞེས་པ་བཅུ་གཅིག་པ་ལ་སོགས་པ་སྟེ། དེ་ལྟར་བཅོ་ལྔ་ནི་ནག་པོའི་
Vol. 4 · folio 72b
ཕྱོགས་ལ་ཆ་ཉམས་པའོ། །ལྕེའི་དབུས་སུ་བདུད་བྲལ་མ་སྐུད་པ་ནག་པོའི་རང་བཞིན་གྱིས་ལྕེའི་རྩེ་མོར་བྱུང་བ་རོ་འཛག་ཏུ་འཇུག་པ་བཅུ་དྲུག་པ་རྣམ་པར་གཅོད་པའོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་ཡོངས་སུ་སྤང་བར་མི་བྱ་བའོ་ཞེས་པའི་དོན་ཏོ། །དཔལ་སམྦུ་ཊར་ཡང་
གསུངས་པ། །འཁོར་ལོ་བཞི་ཡི་རབ་དབྱེ་བས། །བཅུ་ཕྲག་གཉིས་ལྷག་བརྒྱ་ཡིན་ཏེ། །བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་ནི་སུམ་ཅུ་རྩ་གཉིས་མཆོག །ཅེས་སོ། །སླར་ཡང་དེ་ཉིད་དུ་གསུངས་པ། བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །གང་ཚེ་འདིར་ནི་གང་བར་འགྱུར། །
དབང་པོ་ཕུང་པོ་འབྱུང་བ་རྣམས། །དེ་མ་ཐག་ཏུ་སངས་རྒྱས་ཉིད། །ཅེས་སོ། །འདིའི་དོན་ནི་འདི་ལྟ་སྟེ། དཔལ་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པར་ཡང་གསུངས་པ། ཤེས་རབ་ཆགས་པས་ཞུ་བ་ཡི། །ཐིག་ལེ་རིམ་པས་མགོ་བོ་ལས། །རྫོགས་པའི་གནས་
སུ་བཞུགས་པ་རྣམས། །འཆིང་བ་དམ་པའི་དོན་ལས་སོ། །ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་ཉམས་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །དེ་བཞིན་ཡེ་ཤེས་སྐྱེས་རིམ་པས། །ས་རྣམས་ཀྱིས་ནི་རྫོགས་པར་འགྱུར། །ཉོན་མོངས་
ལ་སོགས་ཉམས་པ་རྫོགས། །ཡེ་ཤེས་ཆད་དང་རྫོགས་པ་མིན། །ཞེས་པ་ལ་སོགས་པའོ། །རྡོ་རྗེ་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རྩ་རྣམས་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་གསུམ་ཡོངས་གྱུར་ཐམས་ཅད་རྣམས། །གཟུང་དང་འཛིན་པ་རྣམ་པར་
སྤངས། །ཐམས་ཅད་རྣམས་ཞེས་པ་ནི་ཕུང་པོ་དང་དབང་པོ་ཡོངས་སུ་གྱུར་པ་རྣམས་སོ། །ཡང་ན་ཐབས་ནི་ཐམས་ཅད་ཀྱིས། །དངོས་པོའི་མཚན་ཉིད་དུ་ནི་བརྟགས། །ཞེས་པ་ནི་གསུངས་པ། ཡང་ཉེ་བའི་རྩ་རྣམས་དུ་མའི་ཁམས། །ལུས་བཀང་ནས་ནི་ལེགས་གནས་པ། །སྟོང་ཕྲག་
བདུན་ཅུ་རྩ་གཉིས་པོ། །དེ་སྙེད་དེ་རྣམས་ལྷ་རྣམས་སོ། །ཞེས་སོ། །ད་ནི་སྡོམ་པའི་དབྱེ་བ་བཤད་པར་བྱ་སྟེ། དཔལ་རྡོ་རྗེ་མཁའ་འགྲོར་ཡང་གསུངས་པ། རང་གི་མཚན་མ་ལྷ་མོའི་དཔལ། །གོས་དང་རྒྱན་གྱིས་བརྒྱན་རྣམས་ཀྱིས། །གཞག་བྱ་རྟག་ཏུ་མཆོད་པར་བྱ། །ཡང་དང་ཡང་དུ་
Vol. 4 · folio 73a
འདོད་པར་བྱ། །དེ་ལྟར་བཤད་པ་ལྷ་མོ་ཡི། །སྡོམ་པ་བདེ་བ་མཆོག་ཏུ་འདོད། །འདིར་ཡང་གསུངས་པ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། །ཨེ་ཝཾ་ཡི་གེར་རབ་ཏུ་གནས། །ཞེས་སོ། །ཨཱ་ལི་དང་ཀཱ་ལི་དང་། ཟླ་བ་དང་། ཉི་མ་དང་ཤེས་རབ་དང་ཐབས་ཞེས་པ་ལ་སོགས་པ་འདིའི་
དོན་ནི་འདི་ཡིན་ཏེ། དཔལ་གདན་བཞི་པར་ཡང་གསུངས་པ། ཀཱ་ལི་རྡོ་རྗེ་ཞེས་བཤད་དེ། ཨཱ་ལི་ཡང་དེ་བཞིན་གཤེགས་མའོ། །ཨཱ་ལི་ཀཱ་ལིའི་རབ་སྦྱོར་གྱིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །མཐའ་དག་སེམས་ཅན་དོན་ཉིད་ཀྱང་། །འདི་ལྟའི་ངོ་བོས་བསྒྲུབ་པར་བྱ། །ཤེས་
རབ་ཐབས་ལས་ཕྱི་འགྱུར་རྣམས། །འཁོར་བ་ལས་སྒྲོལ་ག་ལ་ཞིག །ཅེས་སོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པ་དེ་ནི་རབ་ཏུ་གསལ། །བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཡིན་ཏེ། །གསང་བའི་སྙོམས་པར་འཇུག་པ་འདིས། །ཕྱི་རོལ་གཉིས་གཉིས་བསྟན་པ་
མིན། །སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་ངོ་བོས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་འདོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་སྙིང་མགྲིན་མགོ་བོ་ལ། །སྐུ་གསུམ་པོ་ནི་རྣམ་པར་གནས། །
མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་དུ་རབ་བརྗོད་པ། །དེར་ནི་སྤྲུལ་པའི་སྐུར་འགྱུར་ཏེ། །གང་ཕྱིར་སྤྲུལ་པ་གནས་བརྟན་ནོ། །གང་གིས་བསྐྱེད་དང་སྤྲུལ་བྱེད་པ། །སྐུ་ནི་སྤྲུལ་པ་པ་རུ་བཤད། །ཆོས་ནི་སེམས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ནི་སྙིང་གར་འགྱུར། །རོ་རྣམས་དྲུག་གི་
རང་བཞིན་གྱི། །བཟའ་བ་ཡང་དག་ལོངས་སྤྱོད་བརྗོད། །མགྲིན་པར་ལོངས་སྤྱོད་འཁོར་ལོ་སྟེ། །བདེ་བ་ཆེན་པོ་སྤྱི་བོར་གནས། །ཨེ་ཝཾ་ཡི་གེར་རྒྱུ་མཐུན་ཏེ། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལ། །སྐྱེས་བུའི་བྱེད་པའི་ལོངས་སྤྱོད་ལ། །བདེ་བ་འཁོར་ལོར་དྲི་མ་མེད། །རྒྱུ་མཐུན་སོགས་ཀྱིས་
རྣམ་ཕྱེ་བ། །འབྲས་བུ་རྣམ་པ་བཞི་རུ་བརྗོད། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་པར་བསྒྲགས་པ་ཡིན། །རྣམ་པར་སྨིན་པ་དེ་ལས་བཟློག །ལས་ཆུང་འབྲས་བུ་ཆེ་བའོ། །རྣལ་འབྱོར་དག་པས་དྲི་མ་མེད། །སྐྱེས་བུའི་བྱེད་པ་ཉེར་བསྒྲུབ་པའོ། །སྤྲུལ་པའི་འཁོར་ལོ་གནས་བརྟན་པ། །
Vol. 4 · folio 73b
གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །ཐམས་ཅད་ཡོད་སྨྲ་ཆོས་འཁོར་ལོར། །ཆོས་ནི་སྨྲ་བ་ཡང་དག་འབྱུང་། །ལོངས་སྤྱོད་འཁོར་ལོར་ཀུན་བཀུར་ཏེ། །གང་ཕྱིར་མགྲིན་པར་ཀུན་རིག་བྱེད། །བདེ་བའི་འཁོར་ལོར་དགེ་འདུན་ཆེ། །གང་ཕྱིར་བདེ་ཆེན་མགོར་གནས་ཕྱིར། །འདབ་མ་དྲུག་ཅུ་རྩ་
བཞི་པར་དང་། འདབ་མ་བརྒྱད་པར་དང་། འདབ་མ་སུམ་ཅུ་རྩ་གཉིས་པར་དང་། འདབ་མ་བཅུ་དྲུག་པར་ཏེ་ལྟེ་བ་དང་སྙིང་ག་དང་། མགྲིན་པ་དང་། དཔྲལ་བ་ལའོ། །དཔྲལ་བར་ལོངས་སྤྱོད་དོ། །མགྲིན་པར་དབང་བྱེད་དོ། །སྙིང་གར་ཐིམ་པའོ། །ལྟེ་བར་བདག་པོ་ཉིད་དོ། །དེ་ལྟར་ཐམས་ཅད་
བཞིའོ་ཞེས་པ་ལ་སོགས་པ་ནི་ཇི་ལྟ་བ་བཞིན་དུ་རྩ་བའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས། རྒྱུད་ནི་རྒྱུད་གཞན་དུ་གསུངས་པའི་རྣམ་པས་རིགས་དྲུག་གི་དབྱེ་བས་འཁོར་ལོ་དྲུག་རྣམས་སུ་སྡོམ་པའོ། །རིགས་ལྔའི་དབྱེ་བས་རིགས་ལྔ་རྣམས་སུ་སྡོམ་པའོ། །རིགས་གསུམ་ལ་སོགས་པའི་དབྱེ་བས་
རིགས་གསུམ་རྣམས་སུ་སྡོམ་པའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེ་ནི་གཏུམ་མོའི་རྣལ་འབྱོར་བརྗོད་པར་བྱ་སྟེ། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་སོགས་རྣམས་ཀྱི་ཡང་བསྲེགས་ཏེ། །བསྲེགས་ནས་རི་བོང་ཅན་ཧཾ་འཛག །
ཅེས་པ་མདོར་བསྟན་པའི་ཚིག་འདིའི་རྒྱས་པར་བཤད་པའི་ཚིག །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །ཞེས་སོ། །དཔལ་དྲི་མ་དང་བྲལ་
བའི་འོད་དུ་ཡང་གསུངས་པ། གཏུམ་མོའི་དེ་ཁོ་ན་ཉིད་ལས་མེ་སྟེ་དེའི་མགོ་བོ་ནི་འོད་ཟེར་ཡིན་ལ། དེའི་མགོ་བོའི་སྟེང་དཔྲལ་བར་ཟླ་བ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་སུ་གཞག་པར་བྱ་བ་ཞུ་བར་གྱུར་ཏེ། གང་དང་གང་ཐིག་ལེ་སེམས་ཀྱི་ཐིག་ལེ་ཞུ་བ་དཔྲལ་བ་ནས་མགྲིན་པ་དང་སྙིང་ག་དང་
ལྟེ་བ་དང་གསང་བར་སོན་ཞིང་འགག་པར་འགྱུར་ལ། སྲོག་རྩོལ་གྱི་མེ་ཡིས་ལུས་ཀྱི་ཐིག་ལེ་གསང་བར་འགགས་པའོ། །བདུད་རྩི་ཁུ་བའི་གཟུགས་ཅན་ནི། །ཐིག་ལེའི་གཟུགས་ཀྱིས་འཛག་པར་བྱེད། །ཐིག་ལེའི་རྣལ་འབྱོར་ཞེས་པར་བཤད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་
Vol. 4 · folio 74a
མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཕྲ་མོའི་རྣལ་འབྱོར་ཞེས་པར་བཤད། །རྒྱུ་མཐུན་ལ་སོགས་སྟེང་དུ་འགྲོ། །ཞེས་སོ། །དཔལ་འདུས་པར་ཡང་གསུངས་པ། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་
ཙམ། །སྣ་ཡི་རྩེ་མོར་འབད་པ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དཔལ་འདུས་པ་ཕྱི་མར་ཡང་གསུངས་པ། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་པར་བསྒོམ། །ཞེས་
པ་སྟེ། འདིར་ནི་རིན་ཆེན་ལྔའི་སྒྲས་ར་ས་ནཱ་དཀྱིལ་འཁོར་ལྔའི་ཆོས་ཅན་ས་ལ་སོགས་པ་ཁམས་ལྔ་པོ་རྣམས་སོ། །དེའི་རང་བཞིན་ཅན་གྱི་དབུགས་ནི། རིན་ཆེན་ལྔ་ཡི་རང་བཞིན་དབུགས། །ཞེས་པ་སྟེ་སྣ་བུག་གཡས་པ་ལའོ། །སངས་རྒྱས་རྣམས་ནི་ལ་ལ་ནཱ་དཀྱིལ་འཁོར་ལྔའི་ཆོས་
ཅན་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམས་སོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་དབུགས་ནི། །སྣ་བུག་གཡོན་པ་ལའོ་ཞེས་སོ། །གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །ཞེས་པ་འདིར་གོང་བུ་ནི་གཡས་པ་དང་གཡོན་པའི་དཀྱིལ་འཁོར་གྱི་བདག་ཉིད་དབུ་མ་དྷཱུ་ཏཱིར་
གཅིག་པ་ཉིད་ཀྱི་སྲོག་གི་རླུང་ཞེས་པའོ། །སྲོག་གི་རླུང་དེ། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རྣམ་བསྒོམ་བྱ། །ཞེས་པ། འདིར་སྣའི་སྒྲས་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་དཔྲལ་བ་དང་། གཙུག་ཏོར་གྱི་པདྨའི་ཟེ་འབྲུ་བརྗོད་དེ། དེའི་རྩེ་མོར་བསྒོམ་པར་བྱ་བ་ནི་སྣའི་རྩེ་
མོར་བསྒོམ་པར་བྱ་བའོ། །དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་གསུངས་པ། །སྣ་རྩེར་ཡུངས་ཀར་ཞེས་བྱ་བ། །སྲོག་དང་རྩོལ་བར་བརྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་རྣམས་སུ་སངས་རྒྱས་གསུངས། །མགྲིན་པ་སྙིང་ག་ལྟེ་བ་དང་། གསང་བའི་པདྨར་འགྲོ་འོང་སྟོན། །
ཐུན་ཕྱེད་དུས་སུ་རྣམ་པར་གནས། །རྒྱུ་བའི་རིམ་པ་ཇི་ལྟ་བར། །དེ་ལྟར་ཟེའུ་འབྲུའི་ལྟེ་བའི་དབུས་སུ་ཐིག་ལེའི་གནས་སུ་གོང་བུའི་གཟུགས་སྲོག་འགགས་པའོ་ཞེས་པའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་གཉིས་ཀྱི་ཡང་སྲོག་
Vol. 4 · folio 74b
གི་རླུང་ནི་ཆེན་པོ་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཅན་ལ་རབ་ཞུགས། །དངོས་དང་དངོས་མེད་གཅིག་གྱུར་རྣམ་གསུམ་སྲིད་པ་ལ་གནས་གཞོམ་མེད་ལེགས་པར་རབ་རྟོགས་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ཅིའང་མེད་པ་མཆོག་གི་གོ་
འཕང་འགྲོ། །ཞེས་སོ། །འདི་ཉིད་དུ་ཡང་གསུངས་པ། སྤྲུལ་པའི་འཁོར་ལོར་དབྱུ་གུ་དྲུག་ཅུ་རྩ་བཞི་དང་ལོངས་སྤྱོད་རྫོགས་པའི་འཁོར་ལོར་དབྱུ་གུ་གཉིས་ཀྱི་བདག་ཉིད་ཅན། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་ཆུ་ཚོད་གཉིས་ཀྱི་བདག་ཉིད་ཅན། འཕོ་བ་བཅུ་དྲུག་དང་
ཆོས་ཀྱི་འཁོར་ལོར་ཐུན་ཚོད་བརྒྱད་དོ། །དེ་ལྟར་ན་ཉིན་ཞག་ལ་དབུགས་འབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་སོ། །གཞུང་མངས་པའི་འཇིགས་པས་འདིར་བདག་གིས་གྲངས་མ་བྱས་སོ་ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པར་བྱེད་པ་
ཟབ་མོའི་རྡོ་རྗེའི་ཚིག་འབྱེད་པའི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྡོ་རྗེ་རིགས་ཀྱི་ལེའུ་སྟེ་དང་པོའོ།། །།ད་ནི་སྔགས་ཀྱི་ལེའུ་བཤད་པར་བྱའོ། །སྔགས་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་པའི་ཕྱིར་མན་ཏེ་འགྲོ་བ་སྐྱོབ་པར་བྱེད་པའི་ཕྱིར་ཏྲའོ་ཞེས་པ་མནྟྲ་སྟེ་ཏིང་ངེ་འཛིན་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་སོ་
ཞེས་པའི་དོན་ཏོ། །འདི་ལྟ་སྟེ་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་སྔགས་ཞེས་པ་ཐམས་ཅད་ཀྱང་དེ་ཡིན་ལ་འབྱུང་པོ་ཡང་ངོ་ཞེས་པ་འབྱུང་པོ་ཐམས་ཅད་དེ་རྣམས་ཀྱི་སྔགས་ནི་རིམ་པ་ཇི་ལྟ་བ་དང་། གྲངས་ཇི་ལྟ་བའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་འདིར་ཨ་ཡིག་
གི་སྒྲ་ནི་གཞོམ་དུ་མེད་པའི་སྒྲ་སྟེ། གསུངས་པ་ཡང་། རྫོགས་པའི་སངས་རྒྱས་ཨ་ཡིག་འབྱུང་། །ཨ་ཡིག་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་འགྱུར་མེད་དམ་པ་སྟེ། །སྲོག་ཆེན་པོ་ནི་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པ་ལ་སོགས་པར་རིག་པར་བྱའོ། །དེ་སྐད་དུ་
ཡང་རྩ་བའི་རྒྱུད་དུ་གསུངས་སོ། །ས་ལ་སོགས་པའི་འབྱུང་བ་རྣམས་ལ་སྐྱེས་པ་ནི་འབྱུང་པོ་རྣམས་ཏེ། ཕུང་པོ་ལྔའི་ངོ་བོའི་ཆོས་ཅན་ནོ། །དེ་རྣམས་ཀྱི་སྔགས་ནི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་ཡི་གེ་ལྔ་སྟེ། ཨོཾ་ཡིག་གིས་དེ་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་སྐུ་རྡོ་རྗེའོ། །ཨ་ཡིག་གིས་འདུ་
Vol. 4 · folio 75a
ཤེས་ཀྱི་ཕུང་པོ་སྟེ་གསུང་རྡོ་རྗེའོ། །ཧཱུཾ་ཡིག་གིས་རྣམ་པར་ཤེས་པའི་ཕུང་པོ་ཐུགས་རྡོ་རྗེའོ། །སྭཱ་ཡིག་གིས་ཚོར་བའི་ཕུང་པོའོ། །ཧཱ་ཡིག་གིས་འདུ་བྱེད་ཀྱི་ཕུང་པོའོ། །འདིའི་ངེས་པའི་དོན་ནི་དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་བཅུ་པར་གསུངས་པ། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། གལ་ཏེ་གཟུགས་ཀྱི་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་འདུ་ཤེས་དང་། འདུ་བྱེད་རྣམས་དང་།
རྣམ་པར་ཤེས་པ་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཟུགས་ཀྱི་ཡོངས་སུ་ཉམས་པ་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པའི་འགྲིབ་པ་
ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །ཆོས་མ་ཡིན་པ་ཡང་དག་པར་རྗེས་སུ་མཐོང་བ་མེད་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ལྟ་ན་འདིའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོ། །དེ་རྣམས་ལ་གཏོར་མ་ནི་ཚིམ་པར་བྱེད་པའོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ལྟ་སྟེ། ཨོཾ་ཡིག་གིས་རྣམ་པར་སྣང་མཛད་སྤྱི་བོར་རོ། །ཨཾ་ཡིག་གིས་རིན་ཆེན་འབྱུང་ལྡན་ཏེ་ལྟེ་བར་རོ། །
ཧྲཱིཿཡིག་གིས་འོད་དཔག་མེད་སྟེ་མགྲིན་པར་རོ། །གསང་བར་ཁཾ་ཡིག་གིས་དོན་ཡོད་གྲུབ་པའོ། །ཧཱུྃ་ཡིག་གིས་མི་བསྐྱོད་པ་སྟེ་སྙིང་གར་རོ། །དེ་ལྟར་པི་ཙུ་བཛྲའི་ལུས་ལ་དགོད་པར་བྱས་ནས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཡང་ངེས་པའོ། །དེ་ནས་ཕྱག་བཅུ་
དྲུག་པའི་ངེས་པ་ནི། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདིར་ངེས་པའི་ཚིག་ནི། ཨོཾ་ཡིག་གིས་ལྷ་རྣམས་ཀྱི་གདན་ཡིན་པ་ཇི་ལྟ་བ་དེ་ལྟར་སྔགས་ཀྱི་ཡི་གེ་དང་པོས་ལྷ་འགྲུབ་པའོ། །སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱི་ངོར་རྩེ་བར་བྱེད་རོལ་པར་བྱེད་པས་ན་ལྷའོ། །ཐུགས་
Vol. 4 · folio 75b
རྗེའི་ཡན་ལག་གིས་པི་ཙུ་སྟེ་ཤིན་ཏུ་དང་བ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་ནི་མི་ཕྱེད་པ་ཉིད་ཀྱི་ཕྱིར་ཏེ་ཤེས་རབ་དང་ཐབས་ཀྱི་ཡན་ལག་གིས་སོ། །སྔགས་འདི་ནི་ཕྱག་བཅུ་དྲུག་པའིའོ། །གྲོང་ཁྱེར་གཅིག་དཀྲུགས་པ་ནི་གྲོང་ཁྱེར་གྱི་སྒྲས་བདེ་བ་ཆེན་པོའི་འཁོར་ལོ་བརྗོད་པར་བྱ་སྟེ། དེ་ཡང་དག་པར་བསྐྱོད་
པའི་རང་བཞིན་ལས་རྣམ་པ་གཞན་ཉིད་ན་གྲོང་ཁྱེར་བསྐྱོད་པའོ། །དེ་ཉིད་དབང་དུ་འགྱུར་བ་ནི། བྱམས་པ་ལ་དམིགས་པས་གང་ཡིན་པ་སྟེ། དེའི་ཕྱིར་རྣལ་འབྱོར་པས་སྔགས་འདི་བཟླས་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དྲང་བའི་དོན་གྱི་ནི་གོ་སླའོ། །ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྭཱ་ཧཱ།
རྣལ་འབྱོར་མ་རྣམས་ཀྱི་ས་བོན་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ། འདིའི་ངེས་པའི་དོན་ནི་ཆ་བཅུ་དྲུག་རྣམས་དགའ་བའི་རིམ་པའི་དབྱེ་བས་རྟོགས་པར་བྱའོ། །ཕྱག་གཉིས་པའི་ཨོཾ་ཏྲཻ་ལོཀྱ་ཀྵེ་པ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྱག་བཞི་པའི། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ།
ཕྱག་དྲུག་པའི། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། སྐུ་དང་གསུང་དང་ཐུགས་བྱིན་བརླབ་པའི་སྔགས་ནི། ཨོཾ་ཨཱཿཧཱུྃ། ད་ནི་ཀུ་རུ་ཀུལླེའི་སྔགས་བརྗོད་པར་བྱ་སྟེ། དཔྲལ་བར་ཨོཾ་མོ། །ལྕེ་ལ་ཧྲཱིཿའོ། །མགྲིན་པར་ཀུའོ། །སྙིང་གར་རུའོ། །ལྟེ་བ་ལ་ཀུའོ། །གསང་བར་ལླེའོ་
ཞེས་དགོད་པའོ། །དབུགས་འཇུག་པས་བཀང་སྟེ། བཟླས་པ་འབུམ་ཕྲག་གཅིག་བྱས་ནས་དབུགས་དབྱུང་བའི་དུས་སུ་བགྲང་ཕྲེང་བསྐྱོད་པར་མི་བྱའོ། །འདིའི་ངེས་པའི་དོན་ནི་ཕྱག་རྒྱ་ལྔའི་མན་ངག་གི་ལེའུ་བཤད་པར་བྱའོ། །ཟླ་བ་དང་ཉི་མ་རྣམ་པར་འཛིན་པ་ཞེས་པ་ལ། ཟླ་བ་ཞེས་པ་ནི་
གཡོན་པའི་རྩ་བརྐྱང་མའོ། །ཉི་མ་ཞེས་པ་ནི་རོ་མ་རྩ་གཡས་པ་སྟེ་གཉིས་པོ་དག་གི་འཆར་བ་དང་། ནུབ་པ་དང་འཇུག་པ་དང་ཕྱིར་འབྱུང་བ་འཕོ་བ་འགོགས་པའི་ཕྱིར་ཟླ་བ་དང་ཉི་མ་རྣམ་པར་འཛིན་པའོ་ཞེས་པའོ། །དྲན་པའི་དོན་གྱིས་ནི་གོ་སླའོ། །སྔགས་ཀྱི་ཚིག་རྣམས་ཐམས་ཅད་ལ་དང་པོ་ཨོཾ་
ཡིག་དང་ཧཱུྃ་ཕཊ་ཡིག་སྤེལ་བ་རྟོགས་པར་བྱའོ། །འདིར་སྔགས་བཏུ་བའི་ལེའུར་ཧཱུྃ་དང་ཕཊ་ཡིག་ནི་མན་ངག་ལས་ཤེས་པར་བྱའོ། །འདིར་རྩ་བའི་རྒྱུད་དུ་རིམ་པ་དང་རིམ་པ་ལས་བཟློག་པས་ཐམས་ཅད་སློབ་དཔོན་གདུག་པ་ཅན་རྣམས་ལ་སྦས་ཏེ་བླ་མ་དམ་པ་བརྒྱུད་པའི་རིམ་པས་ཤེས་པར་བྱའི།
Vol. 4 · folio 76a
གླེགས་བམ་ཀློག་པས་ནི་མ་ཡིན་ནོ། །གཞན་ཐམས་ཅད་རྒྱུད་གཞན་བལྟས་ནས་གང་རིགས་པས་འཐད་ཅིང་རྒྱུད་མང་པོ་དང་མཐུན་པའི་བཅོམ་ལྡན་འདས་ཀྱི་གསུང་གཟུང་བར་བྱའི་དད་པས་རྨོངས་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ།
ངའི་གསུང་ནི་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ། །གསུངས་པ་ཡང་། ཐོག་མ་མེད་ནས་སྤྲོས་མེད་བདག །དེ་བཞིན་ཉིད་དག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་གསུངས། །ཡང་དག་མཐའ་ལ་
རྣམ་པར་གནས། །ཞེས་སོ། །དེ་ལྟར་སླར་ཡང་དང་པོའི་དགེ་བ་བར་དང་ཐ་མར་མི་དགེ་བ་མ་ཡིན་ཞིང་དང་པོ་དང་བར་དུ་མི་དགེ་ཞིང་ཐ་མར་དགེ་བ་ཇི་ལྟར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་ཀུན་དུ་བརྟགས་པ། དང་པོ་རྣམ་པར་རྟོག་པའི་བསྒོམ་པ་དང་། བར་དུ་དབང་པོ་གཉིས་ཀྱི་བདེ་བ་བསྒོམ་པ་དང་། མཐར་
རྣམ་པར་མི་རྟོག་པ་བསྒོམ་པ་སྟེ་བདེ་བ་ཆེན་པོ་བསྒོམ་པའོ། །ཞེས་པ་དེ་ནི་ངན་པའི་ཚིག་སྟེ། ཐམས་ཅད་དུ་རྒྱུ་དང་འདྲ་བའི་འབྲས་བུ་མཐོང་གི། །ཀོ་ཏྲ་ཝ་ཡི་ས་བོན་ལས། སཱ་ལུའི་མྱུ་གུ་འབྱུང་མེད་ཕྱིར། །རྣམ་རྟོག་ས་བོན་ལས་འབྱུང་བ། །རྣམ་རྟོག་བཅས་པའི་འབྲས་བུར་འགྱུར། །རྣམ་པར་མི་
རྟོག་ལས་སྐྱེས་པ། །རྣམ་པར་མི་རྟོག་འབྲས་བུར་འགྱུར། །རྒྱུ་དེའི་ཕྱིར་དང་པོར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའོ། །ཇི་ལྟར་ས་བོན་དེ་བཞིན་ལྗོན། །ཇི་ལྟར་སྡོང་པོ་དེ་བཞིན་འབྲས། །འཇིག་རྟེན་འདི་ཀུན་དུ་མཐོང་སྟེ། །དེ་ནི་རྟེན་ཅིང་འབྲེལ་འབྱུང་ཉིད། །ད་ནི་རེངས་པ་དང་དབང་དུ་བྱ་བ་
ལ་སོགས་པ་ལས་རབ་འབྱམས་གསུངས་པ། ཨོཾ་ཧཱུྃ་སྭཱ་ཧཱ། རེངས་པར་བྱེད་པའོ། །དེ་བཞིན་དུ་དབང་དུ་བྱ་བ་དང་། དེ་བཞིན་དུ་སྐྲོད་པ་དང་། དེ་བཞིན་དུ་སྡང་བར་བྱེད་པ་དང་། །མངོན་སྤྱོད་དང་འགུགས་པ་དང་གསོད་པ་ཞེས་པ་ལ་སོགས་པ་གསལ་བར་བྱ་སྟེ། ཀྱེའི་རྡོ་རྗེས་རྩ་རྒྱུད་དུ། ཇི་ལྟར་
བདག་ལ་གསལ་གསུངས་པ། །དེ་བཞིན་ཉུང་རྒྱུད་འདི་རུ་ནི། །བཀས་གནང་བ་ལས་དེ་བརྗོད་བྱ། །ས་ཡི་ས་བོན་གྱིས་རེངས་བྱེད། །རྨོངས་དང་ཕུར་གདབ་དེ་བཞིན་ནོ། །རྟག་ཏུ་ཞི་བྱེད་ཆུའི་ས་བོན། །དེ་བཞིན་རྒྱས་དང་དུག་མེད་བྱེད། །མེ་ཡི་ས་བོན་ཆེན་པོས་འགུགས། །དབང་དང་བསྐྱོད་
Vol. 4 · folio 76b
པ་རྣམ་ཀུན་དུའོ། །སྡང་བྱེད་བསྐྲད་པ་རླུང་རྣམས་ཀྱིས། །དེ་བཞིན་དུ་ནི་དུག་འཕོ་བའོ། །སྟོང་པའི་ས་བོན་གྱིས་དུག་གཅོད། །དེ་བཞིན་གསོད་དང་འཚོ་བ་བྱེད། །གསོ་དང་བསླང་དང་དགའ་བ་ནི། །ཡེ་ཤེས་ས་བོན་གྱིས་གྲུབ་བྱེད། །ལྐུགས་པ་ཉིད་དང་འོན་ཉིད་དང་། །མ་ནིང་བྱེད་པ་ཉིད་ཀྱང་ནི། །ཐུགས་
གསུང་སྐུ་ཡི་ས་བོན་གྱིས། །སྔགས་པས་རིམ་པ་ཇི་བཞིན་བསྒྲུབ། །ས་ཆུ་མེ་རླུང་སྟོང་པ་དང་། །ཡེ་ཤེས་དཀྱིལ་འཁོར་རྣལ་འབྱོར་ལས། །རེངས་པ་ལ་སོགས་ལས་རྣམས་ནི། །སྒྲུབ་པོ་མཆོག་གིས་བསྒྲུབ་པར་བྱ། །འདིའི་དོན་ནི་འདི་ཡིན་ཏེ། །ས་ཆུ་མེ་རླུང་སྟོང་པ་དང་། །ཞེས་པ་ནི་འབྱུང་
བ་ལྔའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །ཡེ་ཤེས་དཀྱིལ་འཁོར་སྦྱོར་བ་ལས། །ཞེས་པ་བྱང་ཆུབ་ཀྱི་ཐིག་ལེ་དེ་ཉིད་དཔྲལ་བ་ལས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་། རྡོ་རྗེ་པདྨའི་ཟེ་འབྲུའི་རྩེ་མོར་མ་འཕོས་པ་བདེ་བ་ཆེན་པོས་ཡོངས་སུ་རྫོགས་པར་གྱུར་པས་ནི་རེངས་པ་དང་དབང་དུ་བྱ་བ་ལ་སོགས་པ་སྒྲུབ་པར་
བྱེད་དོ་ཞེས་པ་ངེས་པའི་དོན་ཏོ། །ད་ནི་རེངས་པ་ལ་སོགས་པ་རྣམས་འགྲུབ་པའི་གནས་གསུངས་སོ། །གསུངས་པ་ཡང་། །རི་བོ་ཚང་ཚིང་སྨན་ལྗོངས་དང་། །རྒྱ་མཚོ་ཆེན་པོའི་འགྲམ་རྣམས་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་དེ། །གནས་འདི་རྣམས་སུ་བྱ་བ་ཡིན། །སྔགས་བཟླས་དེ་བཞིན་
བསམ་གཏན་དང་། སྦྱིན་སྲེག་དཀྱིལ་འཁོར་བཞེངས་པ་དང་། །རབ་གནས་ལས་ཀྱི་ངོ་བོ་ཡིས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །འདི་ཡི་དོན་ནི་འདི་ཡིན་ཏེ། །དཔལ་རྡོ་རྗེ་མཁའ་འགྲོར་གསུངས་པ། །ནགས་ཆེན་ཞེས་པ་འདོད་ཆགས་སོགས། །ཉོན་མོངས་ཤིང་གིས་གཏིབས་
པ་སྟེ། བུད་མེད་ཕྱག་རྒྱ་བརྟེན་པའི་ཐབས། །དག་པས་བྱང་ཆུབ་ཕྱོགས་སུ་འགྱུར། །དེ་ཡང་རྣམ་པར་དག་པ་ནི། །རབ་ཀྱི་མཐར་ཐུག་སོན་པ་ལས། །ཡུལ་ཕྱོགས་ཆོས་འབྱུང་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་ཀུན་གྱིས། །རབ་བསྔགས་རྡོ་རྗེའི་རིགས་སོགས་ཀྱི། །ཁྱད་
འཕགས་གཞོན་ནུ་མ་ཡི་རིགས། །ལས་བྱུང་ཉིད་ཀྱི་སྐྱེ་བོས་དབེན། །དེ་ཁོ་ན་གཡོ་བ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ངོ་བོ་ཉིད་ཀྱི་ཕྱིར། སེམས་ཅན་དམན་པ་རྣམས་ཀྱིས་འཇུག་པ་མི་ནུས་པ་ཉིད་ཀྱི་ཕྱིར་ཚང་ཚིང་ངོ་། །མཛོད་དུ་གྱུར་པ་ཉིད་ཀྱི་ཕྱིར་སྨན་ལྗོངས་སོ། །འགྲམ་རྣམས་སུ་
Vol. 4 · folio 77a
ཞེས་པ་དེ་དང་ཡང་དག་པར་སྦྱོར་བའི་ཤེས་རབ་ཀྱི་རྒྱ་མཚོའི་འགྲམ་རྣམས་སུ་སྟེ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་རྒྱུད་དང་དུ་ལོང་བ་ནི་དུར་ཁྲོད་དོ། །གདོད་ནས་གྲུབ་པ་ཞེས་པ་རྟག་ཏུ་གྲུབ་ཅིང་ཡོངས་སུ་རྫོགས་པ་སྟེ་འཆར་བ་དང་ནུབ་པ་དང་བྲལ་བའོ། །
ཐལ་བས་རྟག་དུ་བདེ་བ་ཆེན་པོའི་རྣམ་པར་ཐོབ་ཅིང་དེའི་རང་བཞིན་དུ་བྱ་བ་སྟེ། དེ་ལྟར་ན་སྒྲའི་བདེན་པ་ཉིད་རྟོགས་པར་བྱེད་དོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། སྐྱེད་མོས་ཚལ་ལམ་རི་བོ་སྐྱེ་བོ་རི་དགས་བྲལ་བར་ཞི་བའི་སྔགས་རྣམས་བསྒྲུབ་པར་བྱ། །དྲག་པོ་རྣམས་ནི་དྲག་པོའི་
དུར་ཁྲོད་དུ་སྟེ་ལྷ་མཆོག་རྣམས་སུ་རེངས་དང་རྨོངས་པ་ཡང་། །དབང་དང་དགུག་པ་སྔགས་པས་མཆོག་གི་ཁྱབ་བདག་བདེ་བ་ཕྱག་རྒྱ་ཀུན་དང་རབ་སྦྱོར་ལ། །གནས་གཞན་སྐྱེ་གནས་གཞན་དུ་མི་རྣམས་ཀྱིས་ནི་སྐྱེ་བ་འབུམ་ཕྲག་གིས་ཀྱང་འགྲུབ་མི་འགྱུར། །ཞེས་སོ། །ཡང་དེ་ཉིད་དུ་གསུངས་
པ། །སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས་ཕྲན་ཚེགས་རིག་པ་ལ་རྗེས་ཆགས། །རིག་པ་འདི་ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་གི་དབང་དུ་བྱེད་པའོ། །ཞེན་པའི་བསམ་པ་བརྐམ་ཆགས་སེམས་ཀྱིས་ཡེ་ཤེས་སྦྱིན་པ་རྣམ་པར་
སྤངས་ན་དམྱལ་བར་རབ་ཏུ་འཇུག །རྒྱབ་ཏུ་རྫས་དང་རང་གི་ཁྱིམ་ཐབ་གཞན་གྱི་དབང་འགྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་འཇུག །ཅེས་སོ། །དེ་བཞིན་དུ་དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་གསུངས་པ། སོ་སོར་སྡུད་དང་དམིགས་པར་བཤད། །བརྡ་དང་དོན་དམ་པ་ཡིན་ནོ། །
སོ་སོར་སྡུད་པ་སྤྱི་ཡིན་ཏེ། །སངས་རྒྱས་ཉིད་ཀྱི་དམིགས་པ་ཉིད། །བརྡ་ནི་སྔགས་ཀྱི་དེ་ཉིད་བཤད། །དེ་བཞིན་ཉིད་ནི་དོན་དམ་པའོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། ཁྱིམ་དང་གྲོང་དུ་བགྲང་ཕྲེང་རྣམས་ཀྱིས་ཉིན་དང་མཚན་དུ་སྔགས་ཀྱི་བཟླས་པ་བྱས་ནས་ནི། །ངལ་ཞིང་
རྨོངས་ཏེ་ཆགས་བྲལ་སླར་ཡང་འདི་ནི་སྔགས་ཀྱི་དངོས་གྲུབ་མེད་པ་རྗོད་པར་བྱེད། །གནས་དང་སྟོང་པ་དུས་དང་མཆོག་གི་མཚན་མོ་ལ་གནས་ཡང་དག་པར་ནི་ཤེས་མིན་ཉིད། །རྐང་པའི་སོར་མོ་རྣམས་ཀྱི་ནད་ལ་སྤྱི་བོར་སྨན་རྣམས་ཀྱིས་ནི་རབ་བྱུག་བྱེད་པ་བཞིན། །ཞེས་སོ། །དཔལ་སམྦུ་ཊར་
Vol. 4 · folio 77b
ཡང་གསུངས་པ། །ནང་གི་དབྱེ་བ་འདི་ཉིད་ནི། །ཤིན་ཏུ་གསལ་བར་བླ་མ་ཡི། །ཞལ་ལས་རྙེད་འགྱུར་གང་རྣམས་ནི། །བླ་མས་དམན་པའི་སེམས་ཅན་ལ། །སྔགས་དང་ཕྱག་རྒྱ་མི་རྙེད་དོ། །དེ་ཕྱིར་འཛམ་གླིང་གྲུ་གསུམ་པ། །དག་པ་སངས་རྒྱས་བཞུགས་པ་འདིར། །ཨེ་
ཡིག་དབྱིབས་ཅན་གང་དབུས་སུ། །ཇི་ལྟར་ཨེ་ཝཾ་དུ་འགྱུར་བར། །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར། །རྡོ་རྗེ་རོལ་པ་རྣམས་སྤྲོས་འབྱུང་། །ཆོས་འབྱུང་ཞེས་ནི་བཤད་པ་སྟེ། །བཙུན་མོའི་བྷ་ག་ཞེས་ཀྱང་ངོ་། །དེ་ཡི་དབུས་སོན་པདྨ་ནི། །འདབ་མ་བརྒྱད་པ་ཟེའུ་འབྲུར་བཅས། །
དེར་ནི་ཨཱ་ལི་ཀཱ་ལི་སྤེལ། །སྡེ་ཚན་བརྒྱད་རྣམས་རྣམ་པར་གནས། །ལས་ཀྱི་ཚོགས་རྣམས་བྱེད་པ་སྟེ། །གསང་སྔགས་གཟུགས་ཀྱིས་ལུས་ཅན་གྱིའོ། །ཡི་གེ་ལྔ་བཅུ་རྣམས་ཉིད་ནི། །རིག་བྱེད་སོགས་སུ་གནས་པ་རྣམས། །ཕྱག་རྒྱ་ཉིད་དང་རྒྱུད་རྣམས་དང་། །ཕྱི་རོལ་བསྟན་བཅོས་
ངོ་བོར་རོ། །རྡོ་རྗེ་སྙིང་པོ་འདི་རྣམས་ཀྱི་རང་བཞིན་རྣམས་ནི་ལུས་ལས་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་དགའ་བ་ཡི་གེ་ལྔ་བཅུ་རུ་མཉམ་པ་རྣམས། རྡོ་རྗེ་རོལ་པ་པདྨར་སོན་པ་རྣམས་འདབ་མ་སོ་སོ་ལ་ཕྱོགས་བརྒྱད་རྣམས་སུ་རིག་པར་བྱས་པའོ། །འདི་
རྣམས་དབུས་སུ་ཟེའུ་འབྲུ་ལ། །མཆོག་གི་དབང་ཕྱུག་ཡོད་པ་ཡིན། །སྡེ་ཚན་བརྒྱད་ཀྱིས་བསྐོར་བྱས་པའོ། །མཆོག་གི་ཡི་གེ་ཉིད་ཀྱང་ངོ་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེའི་འདྲེན་པ་སྟེ། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །དེ་ཉིད་ལས་ནི་ཡང་དག་འབྱུང་། །
ཞེས་སོ། །གསུངས་པ་ཡང་། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ངག་ཀུན་རབ་ཏུ་འོད་གསལ་བའོ། །ཞེས་སོ། །དེ་བཞིན་དུ་དཔལ་རྡོ་རྗེ་སྙིང་པོའི་རྒྱན་དུ་ཡང་གསུངས་པ། །སྙིང་གི་དབུས་སུ་གཞོམ་མེད་པ། །སྒྲོན་མ་འབར་བ་དང་མཚུངས་ཤིང་། །མི་འགྱུར་མཆོག་ཏུ་ཕྲ་བ་ཡི། །
ཨ་ཡིག་དམ་པ་གཙོ་བོའོ། །ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །རིག་པའི་རྒྱལ་མཆོག་སྔགས་དབང་པོ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །ཅེས་སོ། །སངས་
Vol. 4 · folio 78a
རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨཱ་ལིའི་གཟུགས་ཀྱིས་འཇུག་པར་འགྱུར། །ཞེས་པ་ལ་སོགས་པ་ཡང་ངོ་། །དཔལ་ལང་ཀར་གཤེགས་པར་ཡང་གསུངས་པ། སྐྱེས་བུ་གང་ལ་ལ་ཞིག་སྒྲོན་མ་བཟུང་ནས་ནོར་ཚོལ་བར་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་
ངག་ཏུ་རྣམ་པར་བརྟག་པའི་སྒྲའི་སྒྲོན་མས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ངག་ཏུ་རྟོག་པ་དང་བྲལ་བའི་སོ་སོ་རང་གི་བདག་ཉིད་རྟོགས་པ་ལ་རྗེས་སུ་འཇུག་པར་འགྱུར་རོ་ཞེས་སོ། །དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་གསུངས་པ། །དང་པོ་གཅིག་པུ་དགུ་
དབུས་ན། །གང་ཞིག་བཅུ་ཡིས་མི་འཆིང་བ། །དེ་ནི་བཅིངས་མེད་ཤེས་བྱ་སྟེ། །དེ་ཤེས་པ་ནི་མཆོག་གི་གནས། །དབྱངས་དང་གསལ་བྱེད་ཡི་གེ་རྣམས། །གྲངས་དགུ་ཡིས་ནི་རྗེས་འཇུག་པ། །ཨས་བཅིངས་ཕན་ཚུན་ཡང་དག་སྦྱོར། །གང་ཞིག་རིག་དང་འགྲོ་བའི་བླ། །དཔལ་
འདུས་པ་ཕྱི་མར་ཡང་གསུངས་པ། རིག་པའི་ཚུལ་གྱི་ཆོ་ག་ཡིས། །ཐུན་མཚམས་བཞི་ཡི་སྦྱོར་བ་ལས། །སྔགས་ཀྱི་ཡན་ལག་དབྱེར་མེད་པ། །མཚོན་བྱ་མཚན་ཉིད་བྲལ་བ་བཟླས། །ཞེས་སོ། །གཉིས་སུ་མེད་པ་མཉམ་པ་རྣམ་པར་རྒྱལ་བ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་གསུངས་པ་
ཡང་། རྣམ་པར་ཤེས་ལས་ཡང་དག་བྱུང་། །གསང་སྔགས་འབུམ་ཕྲག་དྲུག་བཟླས་ནས། །རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ། །དཔལ་མཆོག་གི་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། །བདེ་བ་ཆེན་པོའི་རང་བཞིན་
ནི། །ཉ་ཡི་སྒྲ་ཡིས་བརྗོད་པར་བྱ། །གཞན་ནི་བསྒོམ་པའི་བར་ཆོད་ཅན། །སྤྲོ་དང་བསྡུ་བ་བྱེད་པ་ཀུན། །ཞེས་པ་ལ་སོགས་པའོ། །དེ་ལ་བརྟུལ་ཞུགས་བཤད་པ་མེད། །སྔགས་དང་ཕྲེང་བ་ཡོད་མ་ཡིན། །འཛིན་དང་སྦྱིན་སྲེག་ལས་ཀུན་མེད། །ཐམས་ཅད་གཞན་དང་གཞན་དུ་འཇུག །
རྣལ་འབྱོར་བསྒོམ་པའི་བར་ཆད་ཅན། །ཕྱི་རོལ་བཟླས་པ་སྤང་བར་བྱ། །སྔགས་དོན་བཅོམ་ལྡན་རྡོ་རྗེ་ཅན། །རྡོ་རྗེའི་བདག་ཉིད་ཅི་ལྟར་བཟླས། །ཞེས་སོ། །གསུངས་པ་ཡང་། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་སོ། །གླང་ཆེན་
Vol. 4 · folio 78b
རྙེད་ནས་འཕྲལ་དུ་ནི། །གླང་ཆེན་རྗེས་ནི་ཚོལ་བ་ལྟར། །རང་ཉིད་སྔགས་ལུས་དངོས་ཡིན་ན། །གཞན་པ་ཅི་ཞིག་ཚོལ་བར་བྱེད། །སྔགས་ཀྱི་དེ་ཉིད་གསལ་བ་འདི། །གསུང་གི་རྡོ་རྗེའི་སྒྲུབ་ཐབས་ཏེ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱོར། །ཞེས་
སོ། །དཔལ་དགོངས་པ་ལུང་སྟོན་པའི་རྒྱུད་དུ་ཡང་གསུངས་པ། ཡི་གེ་གང་རྣམས་སྔར་བཤད་དང་། །གང་ཡང་མངོན་དུ་ཕྱོགས་དེ་རྣམས། །བུད་མེད་སྐྱེས་པ་མ་ནིང་སྟེ། །བྱིངས་ལ་སོགས་པར་ཡོངས་བརྟགས་ཤིང་། །འོག་དང་སྟེང་དུ་ཡང་དག་སྦྱར། །ཤེས་ཤིང་རྟོགས་ན་
དེར་སྦྱར་བའོ། །དོན་གྱི་རྗེས་འགྲོའི་བཟླས་པ་ནི། །རང་བཞིན་མེད་པ་མཛེས་པ་ཡིས། །མ་ནིང་གོ་འཕང་ལ་གནས་པས། །སྔགས་ཀྱི་ཡན་ལག་དབྱེར་མེད་གནས། །དཔལ་ལང་ཀར་གཤེགས་པར་གསུངས་པ་ཡང་། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་
དོན་ལ་རྟོན་པར་བྱའི་ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཚིག་འབྲུའི་རྗེས་སུ་འབྲང་བ་ནི་བདག་ཉིད་ཉམས་པར་བྱེད་ཅིང་དོན་དམ་པའི་མཐའ་ཡང་རྟོགས་པར་མི་འགྱུར་རོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ལ་ལ་ཞིག་འགའ་ཞིག་ལ་སོར་མོའི་རྩེ་མོས་
ཅུང་ཟད་ཅིག་སྟོན་པར་བྱེད་ཅིང་དེ་སོར་མོའི་རྩེ་མོ་ཉིད་ལ་བལྟ་བའི་ཕྱེད་དུ་སྟོན་པར་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་བྱིས་པའི་རིགས་ཅན་བྱིས་པ་སོ་སོའི་སྐྱེ་བོ་ཤེས་རབ་འཚལ་བའི་རང་བཞིན་ཅན་གྱི་ཚོགས་རྣམས་སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་ལ་མངོན་པར་ཞེན་ཅིང་མངོན་པར་ཞེན་པ་དེ་བཞིན་ཁོ་
ནར་དུས་བྱེད་པར་འགྱུར་རོ། །སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་སྤངས་ནས་དོན་དམ་པ་ཚོལ་བར་མི་བྱེད་དོ་ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསླབ་པའི་ལེའུར་ཡང་གསུངས་པ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་སྐྱེས་བུའི་སྲོག་གི་དབང་པོ་འགགས་ན་དབང་པོ་རྣམས་ཐམས་ཅད་
འགག་པར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་བཞིན་པའི་མི་ཤེས་པ་འགགས་ན། མི་དགེ་བའི་ཆོས་རྣམས་ཐམས་ཅད་འགག་པར་འགྱུར་རོ། །དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཐམས་ཅད་ཀྱང་
Vol. 4 · folio 79a
ནང་དུ་འདུས་ཤིང་ཡོངས་སུ་གཟུང་བར་འགྱུར་རོ། །ཞེས་སོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་འདོད་པས་འབྱུང་བར་བྱ་ཞིང་དེའི་ཕྱིར་ཕྱིན་ཅི་ལོག་པ་སྒྲ་ཇི་བཞིན་པར་དོན་ལ་མངོན་པར་ཞེན་པ་སྤང་བར་བྱའོ། །ཞེས་པའི་དོན་ཏོ། །གསུངས་པ་ཡང་། །
སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ནི་བྱིས་པ་བཞིན་དུ་སྤྱད། །དེ་ལྟར་སྔགས་རྣམས་འགྲུབ་པར་འགྱུར། །རྣམ་པར་མི་རྟོག་ཆོས་ལས་སོ། །ཞེས་སོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། །འདིར་སྔགས་ཀྱི་ཚུལ་ལ། སྲིད་པ་གསུམ་གྱི་བདག་པོས་དྲག་པོའི་
ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་གསུངས་གང་། །དེ་རྣམས་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིག་པ་སྐྱེད་བྱེད་སྲོག་ཆགས་རྣམས་ལ་ནམ་ཡང་མིན། །འདིར་བདུད་རྣམས་ཀྱི་ནི། གང་ཞིག་དྲན་པ་རྣམས་ཀྱི་བྱེད་པོ་གཡུལ་གྱི་ཡུལ་དགའ་གསོད་བྱེད་གཞན་ཡང་མུ་སྟེགས་
པ། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། གང་ལ་རིགས་ནི་ཚད་མར་གྱུར་པ་དེ་ལ་མི་ཡི་བདག་པོ་རིག་བྱེད་ཚད་མར་འགྱུར། །གང་ལ་རིག་བྱེད་ཚད་མ་དེ་ལ་ངེས་པར་ས་གཞིའི་གནས་སུ་མཆོད་སྦྱིན་ཚད་མ་སྟེ། གང་ལ་མཆོད་སྦྱིན་ཚད་མ་དེ་ལ་རྣམ་མང་ཕྱུགས་དང་མི་
རྣམས་ལ་འཚེ་ཚད་མར་འགྱུར། །གང་ལ་འཚེ་བ་ཚད་མར་གྱུར་པ་དེ་ལ་དམྱལ་བའི་འཇིགས་བྱེད་སྡིག་པ་ཚད་མའོ། །ཞེས་སོ། །དེའི་ཕྱིར་འདིར་རྣལ་འབྱོར་མའི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་མ་གང་ཡིན་པ་དེ་རྣམས་ནི་ཕྱུགས་ཀྱི་སྐྱེ་བོ་སྟེ་མི་ཤེས་པ་རྣམས་གསད་པའི་དོན་དུ་སངས་རྒྱས་པ་མཁས་
པ་རྣམས་ཀྱིས་གསོལ་བ་གདབ་པར་མི་བྱ་སྟེ། གང་ལ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་གསུམ་བླ་མས་དེ་རྣམས་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ། དེའི་ཕྱིར་མཆོག་གི་སྙིང་རྗེ་དང་ལྡན་པ་དེ་རྣམས་ནི་འཇིག་རྟེན་རྣམས་སྲུང་བར་བྱེད་ཅིང་འཇིག་རྟེན་སླུ་བར་བྱེད་པའི་སྒྲུབ་པོ་ལ་
སྡང་བར་བྱེད་དོ། །ཅི་སྟེ་གསད་པ་ལ་སོགས་པའི་ལས་བྱས་པར་གྱུར་པ་ན། གལ་ཏེ་བསྒྲུབ་བྱ་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་དེའི་ཚེ་འདི་ནི་སྒྲུབ་པ་པོའི་བདུད་ཡིན་ཏེ། བདག་གིས་གསད་དོ་ཞེས་པའི་ང་རྒྱལ་ལས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྲིང་མོ་གང་གཱའི་ལྷ་མོའི་ལེའུར་གསུངས་
Vol. 4 · folio 79b
པ་ཡང་། །ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བཅོམ་ལྡན་འདས་ཀྱིས་གསུངས་པ། །དེ་ལྟ་ན་དེའི་ལས་བསགས་པ་དང་། ཉེ་བར་བསགས་པར་མི་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅི་སྟེ་སྐྱེས་བུ་དེ་གཉིད་སད་པ་ན་གལ་ཏེ་ཀུན་དུ་རྣམ་པར་རྟོག་པར་བྱེད་ཅིང་གསད་པའི་འདུ་ཤེས་སྐྱེད་
པར་བྱེད་ན་དེའི་ལས་བསགས་པའམ། ཉེ་བར་བསགས་པར་འགྱུར་རོ། །ཅི་ལྟར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་རྟོག་པར་བྱེད་ཅིང་གསད་པའི་འདུ་ཤེས་སྐྱེད་པར་བྱེད་དེ། །དེ་གལ་ཏེ་རྨི་ལམ་གྱི་ནང་དུ་སྲོག་གཅོད་པར་བྱས་ནས་གཉིད་སད་པར་གྱུར་པ་ན། ཨེ་མ་བསད་དོ་ལེགས་པར་
བསད་དོ། །ཤིན་ཏུ་བསད་དོ། །ངས་བསད་དོ། །ཞེས་རྣམ་པར་རྟོག་པར་བྱེད་ན་དེའི་ལས་བསགས་པའམ་རྣམ་པར་བསགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་རྣམ་པར་རྟོག་པར་མཛད་ཅིང་ཟད་པའི་འདུ་ཤེས་སྐྱེད་པར་མཛད་ན་དེའི་ཡང་ལས་རྣམས་བསགས་པའམ། ཉེ་བར་
བསགས་པར་འགྱུར་རོ་ཞེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་གནས་བརྟན་དུལ་བའི་དཔལ་བཤེས་གཉེན་གྱིས་གསོལ་བ་བཏབ་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །།ད་ནི་ལྷའི་ལེའུ་བཤད་པར་བྱའོ། །
ལུས་སུ་བྱུང་བའི་ཕྱིར་ཞེས་པ་ལ་སོགས་པས་ན་སྟེ། དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། གང་གི་ཕྱིར་ལུས་འབྱུང་བ་ལྔའི་བདག་ཉིད་ལ་ཀུན་རྫོབ་ཀྱི་བདེ་བ་ཡང་དག་པར་འབྱུང་བ་དེའི་ཕྱིར་ལྷ་ཞེས་བརྗོད་པར་བྱའོ། །དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་གསུངས་པ། ཅིའི་ཕྱིར་ལྷ་
ཞེས་བརྗོད་ཅེ་ན། ལུས་ལ་ལུས་ཅན་གནས་པ་སྟེ། །རྟོགས་ཕྱིར་རྟོགས་པ་པོ་ཞེས་བཤད། །རང་ཉིད་རྟོགས་ཕྱིར་ལྷ་ཉིད་དེ། །དེ་ཕྱིར་ལྷ་ཞེས་བཤད་པའོ། །དང་པོ་བྱམས་པ་བསྒོམ་པར་བྱ། །ཞེས་པ་ནི་གཉེན་བཤེས་ཐ་མལ་པ་དང་དགྲ་བོ་རྣམས་ལ་ཕ་རོལ་པོ་ལ་ཕན་པ་དང་བདེ་བ་ཉེ་
བར་སྒྲུབ་པར་སེམས་པ་ནི་བྱམས་པའོ། །གཉིས་པ་སྙིང་རྗེ་ཞེས་པ་ལ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་སེམས་ཅན་རྣམས་ཐམས་ཅད་རང་གི་ལུས་དང་སྲོག་གིས་ཀྱང་འདོན་པར་འདོད་པ་ནི་སྙིང་རྗེའོ། །གསུམ་པ་དགའ་བ་བསྒོམ་པར་བྱ། །ཞེས་པ་གཞན་ལ་ཕན་པ་ལ་རངས་པ་
Vol. 4 · folio 80a
ནི་དགའ་བའོ། །བཞི་པ་བཏང་སྙོམས་བསྒོམ་པར་བྱ། །ཞེས་པ་གཞན་གྱི་སྐྱོན་ལ་བཏང་སྙོམས་པ་ནི། ཀུན་གྱི་ལྷག་མར་བཏང་སྙོམས་སོ། །ཞེས་པའོ། །ད་ནི་ཁ་དག་པ་ལ་སོགས་པ་བྱས་ནས་ཕྱི་ནས་འཇམ་པའི་སྟན་ལ་ཉེ་བར་འདུག་སྟེ། རྫས་བཅུའི་རང་བཞིན་གྱི་རིལ་བུ་བྱས་
ནས་ཁར་གཞུག་གོ། །དེ་ནས་རང་གི་སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་རྣམས་ཀྱིས་ནམ་མཁའི་མཐིལ་ཡོངས་སུ་བཀང་སྟེ། །མོས་པ་ཇི་ལྟ་བ་བཞིན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་བཅས་པའི་རྗེ་བཙུན་གཙོ་བོ་རང་གི་ཤེས་རབ་ལ་འཁྱུད་པ། །མ་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་
བ་ནམ་མཁར་བསམ་པར་བྱའོ། །དེ་ནས་འོད་ཟེར་དེ་རྣམས་ལོག་སྟེ་རང་གི་སྙིང་གར་ཞུགས་པ་དང་ཧཱུྃ་ཡིག་ལས་ལྷ་མོ་བརྒྱད་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཆེད་དུ་དབྱུང་བར་བྱའོ། །འདིར་སྤྱན་དྲངས་པ་དང་ལྷན་ཅིག་པ་རྣམས་སྤྲོ་ཞིང་། རྒྱན་རྣམས་ཐམས་ཅད་འཛིན་པ་ཡི། །ལྷ་མོ་
བརྒྱད་པོ་རྣམས་ཀྱིས་མཆོད། །གཽ་རཱི་རི་དགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཞིང་། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་འཁྲོལ། །གཡུང་མོ་ཆགས་པས་
གར་མཛད་དོ། །ཟླ་བ་ཁུ་བ་ཉི་མ་རྡུལ། །ཆུ་ནི་མི་བསྐྱོད་པ་རུ་བརྗོད། །སྨན་ནི་ཤ་དང་མྱོས་བྱེད་དོ། །རྡོ་རྗེ་རྣམ་པར་སྣང་མཛད་བཤད། །རོ་ནི་རོ་དྲུག་ཡང་དག་བཤད། །གོ་ཀུ་སོགས་སྟོབས་ཅང་ཏེའུ། །གར་ནི་ཆང་གི་བཏུང་བ་སྟེ། །ཞེས་འདི་དམ་ཚིག་བརྒྱད་དུ་བཤད། །རྣལ་
འབྱོར་པ་ཡིས་འདི་རྣམས་ཀྱིས། །ཀྱེ་རྡོར་གཙོ་བོ་འཁོར་བཅས་མཆོད། །དེ་ནས་དེ་མདུན་སྔགས་པ་ཡིས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སྡིག་པ་རྣམས་ནི་བཤགས་པར་བྱ། །བསོད་ནམས་རྣམས་ལ་རྗེས་ཡི་རང་། །རང་གི་ལུས་ཉིད་དབུལ་བ་དང་། །ལམ་ལ་བརྟེན་པ་
ཉིད་ཀྱང་ངོ་། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ནས་སངས་རྒྱས་གཤེགས་སུ་གསོལ། །སྟོང་པ་ཉིད་ལ་དམིགས་དོན་དུ། །སྨོན་ལམ་ལ་སོགས་རྣམ་སྤྱད་བྱ། །རང་བཞིན་མེད་ཕྱིར་སྟོང་པ་སྟེ། །རྒྱུ་མེད་ཕྱིར་ན་མཚན་མ་མེད། །ཇི་ལྟར་སྒྱུ་མ་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་
Vol. 4 · folio 80b
ཇི་བཞིན་དུ། །དེ་བཞིན་སེམས་ཅན་སངས་རྒྱས་རྣམས། །དེ་ཉིད་བསྒོམ་པས་བལྟ་བར་བྱ། །ཇི་ལྟར་སྒྲ་བརྙན་དེ་བཞིན་དུ། །སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་རྟག་ཏུ་ངུའི་ལེའུར་གསུངས་པ་ཡང་། གང་ཟག་མེད་པ་སྒྱུ་མ་ལྟ་བུ་སྒྲ་བརྙན་ལྟ་བུ་སྟེ།
རིགས་ཀྱི་བུ་ཁྱོད་དེ་ལྟར་ཆོས་རྣམས་ཡང་དག་པའི་ཚུལ་ལ་སོ་སོར་རྟོག་པས་ཆོས་སྨྲ་བའི་རྗེས་སུ་འབྲངས་ནས་རིང་པོར་མི་ཐོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་རོ། །དེ་ལྟར་རྣམ་པར་སྤྱད་ནས་ནི། །འཁོར་བའི་བར་དུ་སྲིད་པ་རུ། །སེམས་ཅན་རྗེས་སུ་གཟུང་
བའི་རྒྱུར། །བྱང་ཆུབ་སེམས་དཔའ་གནས་པར་མཛད། །བདུད་དང་ཉོན་མོངས་སྙོམས་འཇུག་དང་། །ཤེས་བྱའི་སྒྲིབ་པ་ཉིད་ཀྱང་ནི། །ཁྲོ་བོ་ཆེན་པོས་ངེས་བསྲེགས་ཀྱང་། །ཆ་ཤས་ཙམ་ནི་སྲུང་མཛད་པའོ། །གསུངས་པ་ཡང་། སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་
སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་སོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད། །ཐམས་ཅད་ཡོངས་སུ་རྣམ་སྤྱད་ནས། །སྟོང་པ་ཉིད་ལ་དམིགས་པར་བྱ། །སྔགས་འདི་རྣམས་ནི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་
ཀོ྅ཧཾ། དེ་ནས་སྨོན་ལམ་དྲན་པར་བྱ་ཞིང་། སྨོན་ལམ་གྱི་སེམས་དེ་སྔགས་པས་རང་གི་སེམས་ཀྱིས་ལྷའི་ང་རྒྱལ་བསྒོམ་པར་བྱ་སྟེ། འགྲོ་བ་རྣམས་རོལ་པར་བྱ་བའི་ཆེད་དུའོ། །འདིར་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པར་བསམས་ནས། དེའི་དབུས་སུ་
པདྨ་འདབ་མ་བརྒྱད་པ་དང་། ཉི་མའི་དཀྱིལ་འཁོར་དང་། དེ་ནས་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན་གྱི་རོ་ཉི་མའི་སྟེང་དུ་བསྒོམ་པར་བྱའོ། །སངས་རྒྱས་མཚན་གྱི་རྒྱུ་ལས་ནི། །ཟླ་བ་དབྱངས་རྣམས་སུམ་ཅུ་གཉིས། །གསལ་བྱེད་བརྒྱད་ཅུ་ཉི་མ་ལའོ། །དེ་དག་དབུས་སུ་ཧཱུྃ་ཡིག་སྟེ། །དེ་ཉིད་
སེམས་དཔའ་ཉིད་དུ་བརྗོད། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། །མེ་ལོང་མཉམ་ཉིད་ཡེ་ཤེས་དང་། །སོ་སོར་རྟོག་པའི་རིམ་པ་ལས། །དེ་རྣམས་གཅིག་ཉིད་བྱ་བ་སྒྲུབ། །གཟུགས་ནི་ཡོངས་སུ་རྫོགས་པ་ཡང་། །ཆོས་ཀྱི་དབྱིངས་སུ་འདི་བརྗོད་དོ། །ཡེ་ཤེས་ལྔ་པ་མཆོག་ཡིན་ནོ། །
Vol. 4 · folio 81a
གསུངས་པ་ཡང་། ཕུང་པོ་འདི་རྣམས་སངས་རྒྱས་འདི། །རིགས་འདི་རྣམས་ཀྱང་ཡེ་ཤེས་རྣམས། །ཨ་ཡིག་ལ་སོགས་ཤེས་པ་འདི། །མེ་ལོང་ལ་སོགས་རབ་ཏུ་གྲགས། །ཞེས་སོ། །རྣམ་ལྔ་མངོན་པར་བྱང་ཆུབ་པ། །ཕྱག་གཉིས་ཀྱེ་ཡི་རྡོ་རྗེར་
བསྒོམ། །སྔོ་དང་སྐྱ་རེངས་མཚུངས་པའི་མཆོག །བནྡུ་དམར་པོའི་སྤྱན་དང་ལྡན། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །མི་བསྐྱོད་པ་ཡིས་ཐོད་བྱས་ལ། །འཁོར་ལོ་ཅན་དང་རྣ་ཆ་དང་། །མགུལ་རྒྱན་ལག་གདུབ་སྐ་རགས་ཉིད། །སངས་རྒྱས་ལ་ནི་རྣམ་དག་པས། །འདི་རྣམས་ཕྱག་རྒྱ་ལྔ་རུ་
བསྒྲགས། །འཁོར་ལོ་ཅན་ལ་མི་བསྐྱོད་གནས། །རྣ་ཆར་འོད་དཔག་མེད་པ་བཞུགས། །མགུལ་གྱི་ཕྲེང་བས་རིན་ཆེན་དབང་། །གདུ་བུར་རྒྱལ་བ་རྣམ་སྣང་མཛད། །སྐ་རགས་ལ་ནི་དོན་ཡོད་གནས། །དེ་ལྟར་སངས་རྒྱས་རྣམས་རབ་བཞུགས། །གཏི་མུག་རྡོ་རྗེ་སོགས་ལྷ་མོ། །མིག་
སོགས་སྐྱེ་མཆེད་རྣམས་ལའོ། །ལུས་ངན་སེམས་ཀྱི་རྡོ་རྗེ་ལ། །ཨོཾ་ཨཱཿཧཱུྃ་ནི་རྣམ་པར་དགོད། །ཡེ་ཤེས་དཀྱིལ་འཁོར་དབང་བསྐུར་དང་། །བསྟོད་དང་མཆོད་པ་རྣམས་ཀྱང་བྱ། །གཡོན་ན་རྡོ་རྗེ་ཐོད་པ་དང་། །ཁ་ཊྭཱཾ་ག་ཡང་གཡོན་པ་ན། །གཡས་ན་རྡོ་རྗེ་ནག་པོ་སྟེ། །ཧཱུྃ་ཡིག་འདོན་པའི་བདག་
ཉིད་ཅན། །དུར་ཁྲོད་དུ་ནི་མགོན་པོ་རོལ། །རྣལ་འབྱོར་མ་ཡིས་ཡོངས་སུ་བསྐོར། །དབུགས་རྒྱུ་ཞེས་པའི་རིག་པ་འདིས། །དུར་ཁྲོད་ཅེས་ནི་མངོན་པར་བརྗོད། །གསུངས་པ་ཡང་། དེ་འདྲའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་ཡོངས་སུ་བསྐོར་བའི་བཅོམ་ལྡན་འདས་དུར་ཁྲོད་ནའོ་ཞེས་པ་འདི་ནི་དཔའ་
བོ་གཅིག་པ་མ་ཡིན་ནོ། །དེའི་ཕྱིར་དུར་ཁྲོད་དུ་རོལ་ཞེས་གསུངས་ཏེ། །འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ཕྱིར་རོ། །དེ་བཞིན་དུ་འདིར་ཡང་ལྷན་ཅིག་སྐྱེས་པའི་སྐུ་རོ་ཡིས་བརྗོད་པའོ། །འདི་ནི་དགོངས་པ་ཡིན་ཏེ་ཇི་ལྟར་དུར་ཁྲོད་ནི་སེམས་ཅན་རྣམས་བདག་མེད་པ་དེ་ལྟར་ཐམས་ཅད་དུའོ་ཞེས་པ་
སེམས་ཅན་ཐམས་ཅད་བདག་མེད་པར་གནས་པའི་ཕྱག་རྒྱ་ནི་དུར་ཁྲོད་དོ། །སེམས་ཅན་རྣམས་སེམས་ཅན་གྱི་རང་བཞིན་གྱིས་སྟོང་པ་སེམས་ཅན་གྱི་གནས་རྣམས་ཀྱང་སེམས་ཅན་གྱི་གནས་ཀྱི་རང་བཞིན་གྱིས་སྟོང་པའོ། །ཞེས་པ་དུར་ཁྲོད་ཀྱི་དོན་ཏོ། །དེ་ལྟར་ཕྱག་གཉིས་པའི་སྒྲུབ་ཐབས་ཀྱི་
Vol. 4 · folio 81b
ངེས་པའོ། །ཕྱག་བཞི་པ་ནི་བདུད་བཞི་རྣམ་པར་དག་པ་སྟེ། གོང་དུ་བརྗོད་པའི་གཟུགས་དང་སྐུ་མདོག་ཅན་ཧཱུྃ་ལས་བྱུང་བའོ། །ཕྱག་གཡོན་གྱི་དང་པོས་སྐྱེས་པའི་ཐོད་པ་ལྷ་དང་ལྷ་མ་ཡིན་རྣམས་ཀྱི་ཁྲག་གིས་གང་བ་དང་། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེའོ། །ཕྱག་ལྷག་མ་དག་གིས་
ཤེས་རབ་མ་ལ་འཁྱུད་པ་སྟེ། ཤེས་རབ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །ཕྱག་དྲུག་པ་ནི་ཞལ་གསུམ་གཡོན་དམར་བ། གཡས་པ་ཟླ་བ་དང་སྐྱ་རེངས་ལྟ་བུ། ཞལ་དང་པོ་སྔོ་བ། གཅེར་བུ་སྔར་བརྗོད་པའི་ཁ་དོག་དང་གཟུགས་ཅན། ཕྱག་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་
པར་དག་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པའོ། །བརྩོན་འགྲུས་ཆེན་པོ་ཕ་རོལ་གནོན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་
པོ་ལུས་འཆང་བ། །ཞེས་སོ། །འདིའི་ངེས་པའི་དོན་ནི་དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། །ནོར་སྟོང་སྦྱིན་པ་ཡིད་དང་བུད་མེད་འགྲོགས་པ་ལས་ཀྱང་འཕོ་བ་མེད་པའི་ཚུལ་ཁྲིམས་ཏེ། །བཟོད་པ་དགྲ་སོགས་མི་འཇུག་པ་སྟེ་རླུང་གི་གཉི་གའི་བསྒྲོད་འཇིག་བརྩོན་འགྲུས་ཉིད། །
བསམ་གཏན་ཤེས་རབ་དག་ཀྱང་ལྷན་སྐྱེས་བདེ་ལ་གནས་སེམས་ཀུན་དུ་འགྲོ་བྱེད་ཀུན་གྱི་སྐད། །དེ་ལས་སེམས་ཅན་དོན་དང་རྫུ་འཕྲུལ་སྲིད་པ་མཐར་བྱེད་མི་སྐྱེ་ཐོབ་སྟེ་གཞན་བཞི་རྣམ་ཤེས་སོ། །ཕྱག་གཡོན་གྱི་དང་པོ་ན་རྩེ་གསུམ་པ། ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། ཕྱག་གཡོན་གྱི་
གཉིས་པ་ན་དྲིལ་བུ། ཕྱག་གཡས་ཀྱི་གཉིས་པ་ན་གྲི་གུག །ཕྱག་ལྷག་མ་གཉིས་ཀྱིས་རྡོ་རྗེ་ལྕགས་སྒྲོག་མ་ལ་སྙོམས་པར་ཞུགས་པའོ། །བཅོམ་ལྡན་འདས་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་མ་སྟེ། གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པའོ། །ཁམས་གསུམ་པའི་བདག་ཉིད་ཅན་གྱི་
རོ་མནན་པའོ། །དེ་ལྟར་ཕྱག་གཉིས་པ་དང་ཕྱག་བཞི་པ་དང་། ཕྱག་དྲུག་པའི་སྒྲུབ་ཐབས་ཀྱི་ངེས་པའོ་ཞེས་པ་ནི་དྲང་བའི་དོན་ཏོ། །ད་ནི་རྫོགས་པའི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ཉིད་དུ་གསུངས་པ། བསྐྱེད་པའི་རིམ་པ་ཉིད་དང་ནི། །རྫོགས་པ་ཡི་ཡང་རིམ་པ་ཉིད། །རིམ་གཉིས་མཉམ་
Vol. 4 · folio 82a
པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་སྟོན་ཏོ། །དེས་ན་དཔལ་སམྦུ་ཊ་ལ་སོགས་པ་རྒྱུད་སྣ་ཚོགས་ཀྱི་རིམ་པས་ངེས་པའི་དོན་གསལ་བར་བྱ་སྟེ། །རྐང་པའི་མཐིལ་དུ་རླུང་ཆེན་པོ། །རྩོལ་ཆེན་རླུང་ནི་གཞུ་ཡི་དབྱིབས། །སུམ་མདོ་སྐྱེད་པའི་ཕྱོགས་གནས་པ། །དེ་བཞིན་
མེ་ནི་གྲུ་གསུམ་མོ། །ཆུ་ནི་ཟླུམ་པོའི་རྣམ་པ་ཅན། །ངོ་བོ་ལྟེ་བར་གནས་པའོ། །སྙིང་གར་ས་གཞི་ཉིད་ཀྱང་ནི། །ཀུན་ནས་གྲུ་བཞི་པ་ཡིན་ན། །ཀེང་རུས་དབྱུག་པའི་ངོ་བོ་ནི། །དེ་བཞིན་རི་རྒྱལ་ལྷུན་པོའོ། །དེ་ནས་སྤྱི་བོའི་ཆར་གནས་པ། །སུམ་ཅུ་གཉིས་འདབ་འདམ་སྐྱེས་ལ། །དབྱངས་
དང་གསལ་བྱེད་ཡང་དག་འབྱུང་། །བྱང་ཆུབ་ཡིག་ནི་སུམ་ཅུ་གཉིས། །མགོ་བོའི་དབུས་གནས་ཀླད་པ་རུ། །གང་ཞིག་བརྗོད་པ་དེ་ཡིན་ཏེ། །དེ་ཡི་དབུས་སུ་ཧཾ་ཡིག་ནི། །ཐིག་ལེའི་གཟུགས་ཅན་གཞོམ་དུ་མེད། །བདུད་རྩི་འཛག་པའི་ངོ་བོ་ཡིས། །ཉིན་དང་མཚན་དུ་རྣམ་པར་གནས། །མེ་ནི་
ཡང་དག་དགའ་བྱེད་པ། །དེ་ཡིས་ནཱ་ད་འབྱེད་པའོ། །དེར་གསེར་གྱི་གདན་བཀྲ་བའི་དབུས་སུ་གནས་པ་མིང་ལ་སོགས་པ་དང་མིང་མེད་པ་ལྷན་ཅིག་སྐྱེས་པ་དྲི་མ་མེད་པ་ཟླ་བའི་འོད་ཅན། ཡན་ལག་ཐམས་ཅད་ཀྱི་ཚིགས་སུ་རིམ་གྱིས་འགྲོ་བར་བྱེད་ཅིང་། པདྨའི་སྣ་རྩེའི་ཕྱོགས་སུ་ཉེ་བར་འབྱུང་སྟེ།
དེ་ནི་བརྟན་དང་གཡོ་བདག་ཉིད། །འཇིག་རྟེན་ཀུན་གྱི་རྩ་བའོ། །ས་བོན་ངོ་བོར་གནས་པ་ནི། །མི་གསལ་གསལ་བའི་རང་བཞིན་ཅན། །ལུས་ཅན་ཀུན་གྱི་ངོ་བོ་ནི། །དང་པོར་དེ་ལས་སྐྱེས་པ་ཡིན། །དེ་ཉིད་དཀྱིལ་འཁོར་ཞེས་བཤད་དོ། །དངོས་པོ་རྣམས་ཀྱི་སྙིང་པོ་མཆོག །དེ་ནི་འཛིན་ཅིང་
ལེན་པའི་ཕྱིར། །ལུས་ནི་དཀྱིལ་འཁོར་ཡིན་པར་འདོད། །སུམ་ཅུ་རྩ་གཉིས་རྩ་ཆེན་ནི། །འཁོར་ལོ་འདུ་བར་བྱེད་པར་འདོད། །བྱང་ཆུབ་སེམས་ནི་རིན་ཆེན་ཆེ། །དཀྱིལ་འཁོར་དེ་ཉིད་དཀྱིལ་འཁོར་ལོ། །དེ་ཡིས་ཡོངས་རྫོགས་དཀྱིལ་འཁོར་དུ། །འགྱུར་བ་ཉིད་དེ་ཐེ་ཚོམ་མེད། །དེར་གནས་ས་བོན་ལས་
རྫོགས་པ། །དེ་དཔལ་ཧེ་རུ་ཀ་རུ་བརྗོད། །ཤྲཱི་ཡིག་ཡང་དག་བཤད་པ་ནི། །ཐམས་ཅད་སྐྱེད་ལ་བྱེད་རྒྱུའོ། །ཤྲཱི་ཡིག་ཀླ་ཀློའི་སྐད་ཀྱིས་ནི། །བྷ་གའི་དོན་ལ་མངོན་པར་བརྗོད། །སེམས་ནི་ཧེ་རུ་ཀ་ཉིད་དེ། །དེ་དཔལ་ཧེ་རུ་ཀ་རུ་བརྗོད། །ཤྲཱི་སྒྲ་གཉིས་མེད་དོན་གྱི་སྟེ། །ཧེ་ཡིག་རྒྱུ་དང་བྲལ་བའོ། །
Vol. 4 · folio 82b
རུ་ཡིག་ངོ་བོ་མཉམ་པའི་དོན། །ཀ་ཡིག་གང་དུའང་མི་གནས་པའོ། །དེ་ལྟར་ལྟེ་བ་དང་གསང་བ་དང་རྡོ་རྗེ་ནོར་བུར་ལུས་དང་ངག་དང་སེམས་ཀྱི་ཆོས་ཀྱིས་ལྷན་ཅིག་སྐྱེས་པའི་དགའ་བ་ནི་བཅོམ་ལྡན་འདས་ཧེ་རུ་ཀ་རུ་བརྗོད་པར་བྱའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་དགའ་བ་ཡེ་ཤེས་རྡོ་རྗེ་བཞི་པ་སྟེ། དེ་ནི་ཕྱི་
དང་ནང་གི་ངོ་བོས་ཐམས་ཅད་ལ་ཁྱབ་ནས་རྣམ་པར་གནས་པའི་ལྷན་ཅིག་སྐྱེ་བའི་སྐུ་དེ་ཁོ་ན་སེམས་ཅན་གྱི་དོན་བྱེད་པའི་ཆེད་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་བདག་ཉིད་དེ་དཔལ་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའོ། །མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། དུས་གསུམ་དུ་འཇུག་པའི་སངས་
རྒྱས་རྣམས་ཀྱི་ཐུགས་ལ་གནས་པའི་ཡེ་ཤེས་ཀྱི་སྐུ་ངའོ། །ཞེས་སོ། །གསུངས་པ་ཡང་། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །སྣང་བ་མེད་ཅིང་གསལ་བྱེད་མིན། །མ་སྐྱེས་མ་བྱས་དག་པ་སྟེ། །དངོས་མེད་ལ་སོགས་རྣམ་པར་སྤངས། །ཞེས་སོ། །གསུངས་པ་ཡང་། ཇི་ལྟར་མེ་ལོང་གཟུགས་
ལ་ཆེས་དང་བར། །ཡན་ལག་མཐའ་དག་ལྡན་པའི་གཟུགས་སྣང་བ། །དེ་ལྟར་རྡོ་རྗེ་འཛིན་པ་རྟག་ཉིད་དུ། །དཔེ་བྱད་བརྒྱད་ཅུའི་མཚན་གྱིས་ཕྱུག་པའོ། །ཇི་ལྟར་ནམ་མཁའ་དབང་པོའི་མཚོན་ཆ་ཁ་དོག་དུ་མར་མཐོང་། །འཇིག་རྟེན་པ་ལ་དགེ་བ་ལ་སོགས་ལས་ནི་སྟོན་པར་བྱེད། །དེ་ལྟར་རྡོ་རྗེ་འཛིན་པ་དཀར་
སོགས་ཁ་དོག་ཐོབ་ནས་ནི། །ངེས་པར་ལས་ནི་མ་ཚང་མེད་པ་ཕུན་སུམ་ཚོགས་པར་བྱེད། །གསུངས་པ་ཡང་། གཟུགས་མེད་གཟུགས་དང་ལྡན་པ་མཆོག །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །
ཞེས་སོ། །གསེར་དང་དངུལ་དང་ནོར་བུ་དུང་གི་རྡོ་དང་བྱི་རུ་དང་། །བཻ་ཌཱུརྱ་དང་ཟངས་དང་ར་གན་ལ་སོགས་གང་གནས་པ། །དེ་ནི་རི་བོང་ཅན་ཉིད་གཅིག་པུ་ནམ་མཁའི་ནང་དབུས་ནས། །འཇུག་བཞིན་པ་ཡི་ལུས་ཀྱི་སོ་སོར་སྣང་བ་ཇི་ལྟ་བར། །དེ་བཞིན་ངེས་པར་ཐུགས་ཀྱི་རྡོ་རྗེ་མགོན་པོ་དེ་ཉིད་ནི། །སྣ་
ཚོགས་རྣམ་པས་སྐྱེ་བོའི་ཚོགས་ལ་གནས་པར་མཛད་པ་སྟེ། །དེ་ཡང་ཟད་མིན་རང་བདག་ཉིད་ལ་སྣ་ཚོགས་ངོ་བོ་ཅན། །སྒྱུ་མའི་རང་བཞིན་མཐའ་དག་འཇིག་རྟེན་རྣམས་ལ་ཁྱབ་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་
Vol. 4 · folio 83a
ཆེན་པོའི་དོན་བསྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། །སངས་རྒྱས་རྣམས་ཀྱིའང་རྟོག་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་ནི། །
སྒྱུ་མ་སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་བྱེད་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད། །སྣ་ཚོགས་དངོས་རྣམས་ཀྱིས་ཆེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་ནི། །རབ་ཞུགས་འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་མཁའ་བཞིན་འདིར་ནི་སྐྱེ་བར་འཁྲུལ་སྟེར་བའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པར་ཡང་གསུངས་པ། རབ་འབྱོར་དེ་ཅི་སྙམ་དུ་སེམས། སྒྱུ་མ་ཡང་མ་ཡིན་སྒྱུ་མ་ལྟ་བུ་ཡང་མ་ཡིན་པའི་སེམས་གང་ཡིན་པ་དེ་ཡང་དག་པར་རྗེས་སུ་མཐོང་ངམ། དེ་ཅི་ཁྱོད་ཀྱིས་སྒྱུ་མའམ་སྒྱུ་མ་ལྟ་བུའི་སེམས་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་
པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་དེ་ནི་ལགས་སོ། །བཅོམ་ལྡན་འདས་བདག་གིས་སྒྱུ་མའམ་སྒྱུ་མ་ལས་གཞན་དུ་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་
ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ་ཞེས་སོ། །དཔལ་དམ་ཚིག་གསུམ་གྱི་རྒྱན་དུ་ཡང་གསུངས་པ། སྒྱུ་མའི་ངོ་བོར་ཀུན་རྟོགས་ནས། །རང་བཞིན་གྱིས་ཡོངས་མྱ་ངན་འདས། །སྒྱུ་མའི་རང་བཞིན་སེམས་ཀྱིས་ནི། །འདིར་ནི་སྒྱུ་མའི་དཀྱིལ་འཁོར་ཉིད། །ནམ་མཁའི་ཁམས་ཀྱི་མཐར་
ཐུག་པར། །མ་མའི་ཚོགས་ཀྱིས་ཡང་དག་འཁྲིགས། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཆོས་ཀྱི་དབྱིངས་ཀྱིས་རྣམ་རོལ་པའོ། །ཞེས་སོ། །རྣལ་འབྱོར་པ་ཡིས་འདི་ཀུན་སྤྲོ། །བདག་ཉིད་ཀྱིས་ནི་བསྡུ་ཡང་བྱ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །དཀྱིལ་འཁོར་རྣམས་ཀྱང་རྒྱ་ཆེ་བ། །
གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་རེག་བྱ་མཛེས་པ་ཡང་། །འདོད་ཆགས་ཆེན་པོའི་ཚུལ་གནས་པའི། །རྣལ་འབྱོར་པ་ཡིས་རྟག་མྱོང་བྱ། །གསུངས་པ་ཡང་། འདོད་པའི་ཡོན་ཏན་ལྔ་ཡི་བདེ། །བྱིས་པ་རྣམས་ནི་འཆིང་བར་འདོད། །རྣལ་འབྱོར་པ་རྣམས་ཆོས་དེ་ཡིས། །སངས་རྒྱས་
Vol. 4 · folio 83b
ཉིད་ཀྱང་ཐོབ་པར་བྱེད། །མང་དུ་བརྗོད་པས་འདིར་ཅི་བྱ། །རྡོ་རྗེ་ཐེག་པ་དེ་ཉིད་ལས། །རྣལ་འབྱོར་པ་ཡིས་གང་གང་དམིགས། །དེ་དེ་སྒྱུ་མ་ལྟ་བུར་བརྟག །གང་གང་དབང་པོའི་ལམ་ཉིད་དུ། །གྱུར་པ་དེ་དེ་རང་བཞིན་ལས། །མཆོག་ཏུ་གྲུབ་པའི་རྣལ་འབྱོར་གྱིས། །སངས་རྒྱས་ཀུན་གྱི་རང་བཞིན་ཐོབ། །
གསུངས་པ་ཡང་། འདི་ནི་གཉིས་མེད་ཅེས་བཤད་དེ། །འདི་ནི་བྱང་ཆུབ་སེམས་མཆོག་ཉིད། །ཤེས་རབ་ཕ་རོལ་ཕྱིན་ཉིད་ཀྱང་། །ཕ་རོལ་ཕྱིན་པ་ཀུན་རང་བཞིན། །འགྲོ་བ་བརྟན་དང་གཡོ་བ་རྣམས། །འདི་ཉིད་དུ་ནི་ཐམས་ཅད་སྐྱེས། །མཐའ་ཡས་བྱང་ཆུབ་སེམས་དཔའ་དང་། །སངས་རྒྱས་ཉན་ཐོས་
སོགས་རྣམས་སོ། །ཞེས་པ་ལ་སོགས་པའོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་འབྱེད་པ་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་ལྷའི་ལེའུ་སྟེ་གསུམ་པའོ།། །།ད་ནི་དབང་བསྐུར་བའི་ལེའུ་བཤད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། །རང་གི་སྙིང་གའི་ས་
བོན་ལས་འོད་ཟེར་ངེས་པར་ཕྱུང་སྟེ། སྔོན་པོ་ལ་སོགས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་དེ་རྣམས་ཀྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་དེ་རྣམས་སྤྱན་དྲངས་ལ། །མ་མོ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་གསོལ་བ་གདབ་པར་བྱའོ། །ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པའོ། །དེ་ནས་
སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩིས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་བར་བྱའོ། །དབང་བསྐུར་བཞིན་པ་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །ལྷ་རྣམས་ཀྱི་རྔ་བོ་ཆེའི་སྒྲ་རྣམས་བྱེད་དོ། །གུར་ཀུམ་གྱི་ཆར་བ་འབྱུང་ངོ་། །
གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དོ། །སྤྱན་མ་ལ་སོགས་པ་རྣམས་ཀྱང་རྡོ་རྗེའི་གླུ་བླང་བར་བྱའོ། །དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་དབང་པོར་འགྱུར་རོ། །འདིས་ནི་ཧེ་རུ་ཀ་རྫོགས་པར་འགྱུར་རོ། །དེ་ནས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱ་སྟེ།
ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ལྟར་ཐུན་གསུམ་དུ་བྱིན་གྱིས་བརླབས་པར་བསྒོམས་ནས་ལངས་ཏེ་དུས་ཐམས་ཅད་དུ་ལྷའི་གཟུགས་ཀྱིས་གནས་པར་བྱའོ་ཞེས་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་།
Vol. 4 · folio 84a
འཁོར་བར་མི་ཉིད་དུ་ནི་འགྱུར་བ་འགའ་ཞིག་ཏུ་སྟེ་ཆོས་ཀྱི་བློ་ཡང་རེས་འགའ་ན། །དེ་བས་སངས་རྒྱས་རྗེས་ཆགས་དགེ་བའི་དབང་གིས་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་བས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་
འཇུག །དེ་ལས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་ལ་འཇུག་ཨེ་མ་ཤིན་ཏུ་དཀའ། །ཉུང་ངུའི་རྒྱུད་འདིར་དབང་བསྐུར་བའི་ལེའུའི་དོན་རྩ་བའི་རྒྱུད་དུ་ཡང་གསུངས་པས་དེའི་ཕྱིར་དེ་ཉིད་ལ་འཇུག་པར་བྱའོ། །དེའི་ཕྱིར་རྩ་བའི་རྒྱུད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་ལྟར་
བསྐྱེད་པའི་རིམ་པ་ནི། །རྡོ་རྗེ་སྙིང་པོས་བཤད་ཀྱིས་ཉོན། །སྒོ་ང་སྐྱེས་དང་མངལ་ནས་སྐྱེས། །སྲིད་པ་སྐྱེ་བའི་རིམ་རྣམ་གཉིས། །སྒོང་སྐྱེས་ཚངས་པའི་སྒོ་ང་སྐྱེས། །བཤད་དེ་འཇིག་རྟེན་ཁམས་འབྱུང་བའོ། །མངལ་ནས་སྐྱེས་པ་གཉིས་པ་སྟེ། །བུད་མེད་མངལ་དུ་འབྱུང་བའོ། །དང་པོ་སྟོང་ཉིད་བྱང་ཆུབ་
ནི། །འཆི་མཐར་འཕོ་བའི་བདེ་བའོ། །གཉིས་པར་ས་བོན་བསྡུ་བ་ནི། །མ་ཡི་མངལ་དུ་ཁུ་བ་རྡུལ། །ཁུ་བ་རྡུལ་དང་སྔགས་དང་ནི། །སྲོག་དང་རྣམ་ཤེས་ཁོ་ན་སྟེ། །ལྔ་པོ་རྣམས་ཀྱིས་ལུས་རྫོགས་པ། །གཟུགས་བརྙན་རྫོགས་པར་བརྗོད་པར་བྱ། །རྣམ་ལྔ་མངོན་རྫོགས་བྱང་ཆུབ་པའོ། །ཨ་བ་དྷཱུ་ཏཱིར་བདེ་བས་
རྒྱལ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། མ་རིག་ཞུགས་པའི་འཆི་བ་ན། །དེ་ལ་འདུ་བྱེད་རྣམས་སྐྱེ་བའོ། །དེ་ཉིད་དང་པོའི་མགོན་པོར་བརྗོད། །མཆོག་ཏུ་མི་འགྱུར་སྣ་ཚོགས་གཟུགས། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །
དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་གཉིས་རྟོགས་མེད། །ཅེས་སོ། །འདིར་གཟུགས་རྫོགས་པ་ན། ཕ་དང་མ་ཡི་དཀར་དང་ཁྲག །དེ་བཞིན་སྲོག་དང་ཐུར་སེལ་གཉིས། །སེམས་ཀྱི་རྡོ་རྗེ་ཡང་དག་ལྡན། །ལུས་བསྐྱེད་པ་ཡི་རྒྱུ་ཡིན་ནོ། །སྲོག་དང་
ཐུར་སེལ་རིམ་ཇི་བཞིན། །འོད་དཔག་མེད་དང་རིན་ཆེན་འཛིན། །ལུས་ངག་ཡིད་དང་ཆགས་པ་རྣམས། །སེམས་ཀྱི་རྡོ་རྗེ་ཅན་གྱི་སྒོ། །ཁུ་བ་ལས་ནི་ཟླ་བ་སྐྱེ། །ཁྲག་ལས་ཉི་མ་ཡང་དག་འབྱུང་། །སྲོག་ལས་སྒྲ་གཅན་ངེས་པར་རྫོགས། །ཐུར་སེལ་ལས་ཀྱང་དུས་ཀྱི་མེ། །ཁུ་བ་ལས་ནི་རྩ་རྣམས་
Vol. 4 · folio 84b
སྐྱེ། །རུས་པ་ཁུ་བ་ལས་བྱུང་བའོ། །རྡུལ་ལས་ཁྲག་ནི་ཡང་དག་འབྱུང་། །ཁྲག་ལས་ཤ་ནི་ཀུན་ནས་སྐྱེ། །ཤ་ལས་པགས་པ་སྐྱེ་བ་ཡིན། །རུས་པ་ལས་ནི་རྐང་སྐྱེ་འགྱུར། །ཕྱི་རོལ་སྐྱེ་མཆེད་ལོངས་སྤྱོད་ཆེ། །བདེ་བ་ཆེན་པོ་སད་བྱེད་དེ། །པུཀྐ་སཱི་དང་རི་ཁྲོད་མ། །གདོལ་པ་དེ་བཞིན་
གཡུང་མོ་སྟེ། །ས་དང་ཆུ་དང་མེ་རླུང་གིས། །རྨི་ལམ་གནས་སྐབས་རང་བཞིན་ལས། །བྱིས་པ་དེ་རྣམས་ཀྱིས་བླང་བ། །མ་ཡི་མངལ་ནས་ཕྱིར་བྱུང་བའོ། །སད་པའི་གནས་སྐབས་ཡང་དག་ཐོབ། །མིག་ལ་སོགས་པ་བྱིན་བརླབས་པ། །རྣམ་ཤེས་དྲུག་པོའི་རབ་སྦྱོར་ལས། །ཡུལ་
ལྔ་པོ་རྣམས་འཛིན་པར་བྱེད། །དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། །བྱིས་པ་སྐྱེས་ལ་མ་ཡིས་ནི། །ཆུ་ཡིས་འཁྲུ་བའི་དབང་སྐུར་བྱེད། །དེ་ཡི་གཙུག་ཕུད་རབ་གཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བརྟགས། །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱངས་དབང་བསྐུར་ཞེས་
པར་བཤད། །བྱིས་པ་དགོད་དང་སྨྲ་བ་ནི། །དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ། །ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་གིས་མིང་གི་དབང་བསྐུར་རོ། །ཀློག་ལ་སོགས་པའི་རྗེས་སྣང་བ། །ཕ་བདག་གིས་ནི་རྟག་ཏུ་སྟེར། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་
གྲགས། །དེ་ཡི་བག་མ་ལེན་བྱེད་པ། །གསང་བའི་དབང་བསྐུར་ཞེས་པར་བཤད། །དེ་ཡི་ཤེས་རབ་གཏོད་པ་ནི། །དེ་ཡི་ལག་པས་འཛིན་པ་བརྗོད། །ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །འཆི་བའི་མཐའ་ནི་དེ་བདེར་འདོད། །དེ་བཞིན་དུ་དཔལ་རྩ་བའི་རྒྱུད་དུ་གསུངས་པ་ཡང་། རིགས་
ཀྱིས་བྱིས་པ་རྒྱས་བཏབ་ཅིང་། །བྱིས་པས་རིགས་ལ་རྒྱས་བཏབ་པ། །ཕ་ཡིས་བུ་ནི་རྒྱས་བཏབ་ཅིང་། །བུས་ཀྱང་ཕ་ལ་དེ་བཞིན་ནོ། །འབྲས་བུས་རྒྱུ་ལ་རྒྱས་བཏབ་ཅིང་། །རྒྱུ་ཡིས་འབྲས་བུར་རྒྱས་བཏབ་པའོ། །འབྲས་བུ་བྱེད་རྒྱུའི་འབྲེལ་བ་ནི། །རྣམ་པར་དཔྱད་པས་དམིགས་སུ་མེད། །
འབྲས་བུ་བྱེད་རྒྱུ་བརྟག་པ་འདི། །དེ་ཕྱིར་བཤད་པར་བྱ་ཡིས་ཉོན། །ས་བོན་སྡོང་པོའི་རང་བཞིན་གྱིས། །བྱེད་རྒྱུའི་འབྲས་བུའི་མཚན་ཉིད་དུ། །བྱིས་པས་ཐམས་ཅད་ཀུན་དུ་བརྟགས། །རྒྱུ་ལ་འབྲས་བུ་འགྱུར་བ་སྟེ། །ས་བོན་རྒྱུ་ལ་ལྟོས་པ་ནི། །འབྲས་བུ་ལྗོན་པ་འགྱུར་ཇི་བཞིན། །
Vol. 4 · folio 85a
དེ་ལྟར་རྒྱུ་ལ་འབྲས་བུར་འགྱུར། །འབྲས་བུ་ལ་ཡང་བྱེད་རྒྱུར་འགྱུར། །འབྲས་དང་བྱེད་རྒྱུ་གཉིས་དག་འགྱུར། །དེ་ལྟར་དེ་རྣམས་བཞི་ཉིད་དོ། །ས་བོན་མེད་པར་སྡོང་བུ་མིན། །ལྗོན་ཤིང་མེད་པར་ས་བོན་མིན། །བྱེད་རྒྱུ་མེད་པར་འབྲས་བུ་གང་། །དམ་བཅའ་
བྱ་བ་དོན་མེད་འགྱུར། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། གང་གིས་མྱུ་གུ་འདི་བསྐྱེད་སྐྱེད་བྱེད་དེ་ནི་དངོས་པོ་སྐྱེས་ནས་རྣམ་པ་ཉམས་པར་འགྱུར། །ཉམས་པ་དེ་ཡིས་སྐྱེས་པར་རབ་ཏུ་འགྱུར་ཏེ་སླར་ཡང་ས་བོན་རྒྱལ་པོ་སྐྱེད་བྱེད་དོ། །སྔ་མ་གང་དེ་བཞིན་གྱི་དངོས་ལས་
ཤིང་ཞེས་ཚིག་སྟེ་རང་གི་ངོ་བོས་སྐྱེས་པ་མིན། །གང་གིས་སྟོང་པ་ནས་ནི་སླར་འོངས་བདེ་བའི་སྐད་ཅིག་དེ་ཡིས་སྟོབས་བཅུ་འགྲོ་བར་འགྱུར། །དཔལ་མྱ་ངན་ལས་འདས་པའི་མདོར་ཡང་གསུངས་པ། དེ་ནས་བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །
བསམ་གཏན་དང་པོ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ། །བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་
སོ། །བསམ་གཏན་བཞི་པ་ལ་གནས་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་སོ། །དེའི་ཕྱིར་བཅོམ་ལྡན་འདས་སླར་ཡང་སྐྱེ་བ་དང་ཞིག་པ་ལ་མ་ཡིན་ཏེ། དེ་ཉིད་བཅོམ་ལྡན་འདས་ཀྱི་དག་པའི་སྐུའོ། །ཞེས་པ་ལ་སོགས་པའོ། །གསུངས་པ་ཡང་། སངས་
རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་རབ་སྲིད་འབྱུང་སྐྱེ་གནས་ཏེ། །ཆོས་ཀྱི་སྐྱེ་གནས་སྲིད་མཐར་བྱེད། །ཅེས་སོ། །བདེ་བ་གང་གིས་ཕུང་པོར་འགྱུར། །དེ་རྣམས་ཀྱིས་ནི་བདེ་བའང་འགྱུར། །བདེ་གནས་བདེ་ལ་རྗེས་ཆགས་སྐད་ཅིག་འདིར་ནི་ལྷན་
སྐྱེས་དངོས་པོ་གཞན་ལ་རྗེས་ཆགས་མིན། །ཕུང་པོ་གང་རྣམས་དེ་ཡིས་བསྐྱེད་རྣམས་སླར་ཡང་བདེ་བའི་སྐད་ཅིག་དེ་ཡི་སྐྱེད་བྱེད་དོ། །དག་པ་ལས་ཆོས་དེ་ལས་གཞན་ཏེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་དག་པའོ། །དག་པའི་ས་ལས་ས་བོན་བཏབ་ལས་རྩ་བ་རྣམས་དང་ལོ་མ་མེ་ཏོག་འབྲས་བུ་
Vol. 4 · folio 85b
བཞིན། །དཔལ་ཞི་བའི་ལྷའི་ཞབས་ཀྱིས་ཀྱང་གསུངས་པ། བསྐལ་པ་དུ་མར་རབ་དཔྱོད་མཛད་པ་ཡིས། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །གང་ཕྱིར་བདེ་བ་ཉིད་ཀྱིས་བདེ་འཕེལ་དང་། །ཚད་མེད་སྐྱེ་བོའི་ཚོགས་རྣམས་སྒྲོལ་བར་མཛད། །ཅེས་སོ། །དེའི་ཕྱིར།
རྡོ་རྗེ་སེམས་དཔའ་སྐྱེད་པོར་འགྱུར། །ཕུང་པོ་རྣམས་ཀྱི་འཆི་ལས་བདེ། །ཕུང་པོ་རྣམས་དེའི་སྐྱེད་བྱེད་འགྱུར། །འཆི་དང་འཕོ་བའི་རྒྱུ་ལས་སོ། །བདེ་བ་མེད་པར་ཕུང་པོ་མིན། །ཕུང་པོ་མེད་པར་བདེ་བ་མིན། །རྒྱུ་མེད་པར་ནི་འབྲས་བུ་མེད། །འབྲས་བུ་མེད་པའི་རྒྱུ་ཡོད་མིན། །རྒྱུ་
དང་འབྲས་བུ་དག་གཉིས་འགྱུར། །དེ་ལྟར་དེ་རྣམས་ངེས་པ་བཞི། །འདི་ཡི་དོན་ནི་འདི་ཡིན་ཏེ། །དེར་ནི་བཞི་ཡི་རྒྱས་འདེབས་པ། །སུ་ཡིས་རབ་ཏུ་བརྟག་པར་ནུས། །སླར་ཡང་བཞི་པོ་བཞི་རྣམས་ཏེ། །སྤྲོ་དང་བསྡུ་བའི་ཆོས་ལས་སོ། །རྣམ་པར་གནས་མེད་ཐལ་འགྱུར་བས། །
འཁོར་བའི་སྲིད་པའི་བར་གནས་སོ། །ཞེས་པའོ། །དཔལ་སྣང་བ་བསམ་གྱིས་མི་ཁྱབ་པའི་ཁྱེའུའི་མདོ་སྡེར་ཡང་གསུངས་པ། །ཁྱེའུས་གསོལ་པ། །སེམས་ཅན་འདི་ནི་དམིགས་མིན་ན། །ཐུབ་ཁྱོད་སེམས་ཅན་སུ་ཞིག་སྐྱོབ། །ཅི་སྟེ་ཆོས་དེ་གཟིགས་མེད་ན། །སུ་ཡི་ཉོན་
མོངས་སྐྱེ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངག་འདི་ཉིད་ནི་དེ་བཞིན་ཏེ། །སེམས་ནི་རྟག་ཏུ་འོད་གསལ་བའོ། །སེམས་ཅན་གློ་བུར་ཉོན་མོངས་པ། །དམ་པ་མིན་པས་རྟག་ཉོན་མོངས། །ཁྱེའུས་གསོལ་པ། ཕྱིའམ་ནང་གི་འགའ་ཞིག་ཏུའང་། །ཉོན་མོངས་
རྣམས་ནི་དམིགས་མིན་ན། །དེ་རྣམས་གློ་བུར་ཅི་ལྟར་ལགས། །བདག་གིས་ཞུ་བ་འདི་གསུང་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཇི་ལྟར་བར་སྣང་སྤྲིན་རྣམས་ནི། །མཐོང་ཡང་དེ་རྣམས་དེ་བཞིན་མེད། །དེ་ལྟར་ཉོན་མོངས་སྐྱེ་བ་ནི། །མཐོང་སྟེ་དེ་ཡང་དེ་བཞིན་མེད། །
ཁྱེའུས་གསོལ་པ། ལོག་པའི་ཆོས་དེ་གང་གནས་པ། །དེ་ལ་དེ་ནི་ཆོས་ཉིད་ན། །འོ་ན་དེ་ལྟའི་མཚན་ཉིད་ཆོས། །ལོག་པའི་དམིགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ། །དེ་བཞིན་ད་ལྟར་བྱུང་བ་ཉིད། །སྐད་ཅིག་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words