རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ

Sanskrit title (Tibetan script, as in the text) བཛྲ་པཱ་ད་སཱ་ར་སཾ་གྲ་ཧ་པཉྩི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 4 · folio 86a

གཅིག་གིས་རྟོགས་ན་ང་། །མཉམ་པ་ཉིད་ནི་སྟོན་པར་བྱེད། །ཁྱེའུས་གསོལ་པ། ཆོས་རྣམས་ཡི་གེ་མེད་པ་ནི། །ཐུབ་པ་སྟོན་པར་རིགས་མ་ཡིན། །ཆོས་མེད་པ་ལ་ཆོས་གསུངས་པ། །ཁྱོད་ཀྱིས་འཇིག་རྟེན་སླུ་བར་མཛད། །བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། །ང་ནི་འཇིག་རྟེན་སླུ་བ་མིན། །ཆོས་མིན་སྨྲ་བའང་ང་མ་ཡིན། །ཕྱིན་ཅི་ལོག་འགྱུར་སེམས་ཅན་གྱིས། །ཉོན་མོངས་ང་ནི་སེལ་བར་བྱེད། །དམ་པ་མ་ཡིན་འདུ་ཤེས་ལྡན། །བྱིས་པས་ལོག་པར་བརྟགས་ཞེས་བྱ། །དོན་དུ་ཁོང་དུ་ཆུད་དོན་དུ། །འདྲེན་པ་རྣམས་

ནི་འབྱུང་བར་བྱེད། །སྐྱེ་དང་ཟད་པའི་ཆོས་ཀྱིས་ནི། །འབྲས་བུ་རྒྱུ་དག་སྲིད་པར་གནས། །འབྲས་བུ་རྒྱུ་དག་འགོག་པ་ཡིས། །དེ་དག་སྐྱེ་མེད་འཇིག་པ་མེད། །དཔལ་བདུན་བརྒྱ་པར་ཡང་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འཇམ་དཔལ་གང་གི་ཚེ་ཁྱོད་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དེའི་ཚེ། ཅི་ཞིག་ལ་གནས་ནས་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་གྱི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ན། གང་ལ་ཡང་མི་གནས་པ་དེའི་དུས་སུ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་སྒོམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་མི་གནས་པ་ལ་ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་ཅི་ཞིག་ཡིན། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གང་ཅི་ལ་ཡང་མི་གནས་པ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པའོ་ཞེས་

སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དེ་བཞིན་ཉིད་ཀྱི་ལེའུར་བཀའ་སྩལ་པ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདིར་དེ་བཞིན་ཉིད་ལ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་ཆོས་འགའ་ཞིག་གཅིག་ཀྱང་ཡང་དག་པར་རྗེས་སུ་མཐོང་ངམ་ཅི་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་

ནི་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བདེན་པ་ལ་གནས་པས་བྱང་ཆུབ་སེམས་དཔའི་ཆོས་ཉེ་བར་མི་དམིགས་ན། ཁྱོད་ལ་འདི་ལྟར་འདི་ནི་ཉན་ཐོས་ཀྱི་ཐེག་པའོ། །འདི་ནི་རང་སངས་རྒྱས་ཀྱི་ཐེག་པའོ། །འདི་ནི་ཐེག་པ་ཆེན་པོའོ་ཞེས་པ་ག་ལ་ཡིན་ཞེས་

Vol. 4 · folio 86b

སོ། །དཔལ་འདུས་པར་གསུངས་པ་ཡང་། ཨེ་མ་རྡོ་རྗེ་ཨེ་རྡོ་རྗེ། །ཨེ་མ་རྡོ་རྗེ་སྟོན་མཛད་པ། །འདི་ལ་ལུས་དང་སེམས་མེད་ཅིང་། །དེ་ལ་གཟུགས་ནི་རྣམ་པར་སྒོམ། །རང་བཞིན་དག་པ་བདག་མེད་པ། །ཆོས་ཀྱི་དབྱིངས་ནི་བདག་མེད་ལ། །བརྟགས་པའི་རྡོ་རྗེ་ལས་བྱུང་བ། །སྨྲ་

བར་བྱེད་དང་སྨྲ་བའང་མིན། །ཞེས་སོ། །དཔལ་ཏོག་ཙེ་བའི་ཞབས་ཀྱིས་གསུངས་པ་ཡང་། རྟོག་དང་མི་རྟོག་སྦྱོར་བ་ཡིས། །གཉིས་མེད་མཆོག་ནི་བསྒོམ་མི་བྱ། །རྟོག་མེད་བསམ་གྱིས་མི་ཁྱབ་པས། །རྡོ་རྗེ་ཅན་གྱི་བདེ་བ་འཐོབ། །ད་རི་ཀ་པའི་ཞབས་ཀྱིས་ཀྱང་གསུངས་པ། སྲིད་

པ་ཁོ་ན་བྱང་ཆུབ་སེམས། །རང་བཞིན་གྱིས་སེམས་ཡོངས་ཤེས་ཏེ། །གཉིས་དག་རོ་མཉམ་བྱས་ནས་ནི། །སེམས་དང་སེམས་མེད་རྣམ་པར་སྤངས། །ཞེས་སོ། །དེ་བཞིན་དུ་དཔལ་ལ་ཀྵྨཱིའི་སྒྲུབ་ཐབས་སུ་ཡང་གསུངས་པ། ཇི་སྲིད་བརྟན་དང་གཡོ་བའི་དངོས། །སྲིད་གསུམ་

གནས་འདིར་ཡོད་པ་རྣམས། །དེ་ཀུན་དེ་ཉིད་རྣལ་འབྱོར་གྱིས། །རྡོ་རྗེ་འཛིན་པ་ཇི་བཞིན་བལྟ། །དཔལ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་ཀྱང་གསུངས་པ། ཇི་ལྟར་ནམ་མཁའ་མི་གནས་པ། །ཁྱབ་ཅིང་མཚན་ཉིད་རྣམ་པར་སྤངས། །འདི་དེ་དེ་ཉིད་དམ་པའོ། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །

དཔལ་ཡན་ལག་མེད་པའི་ཞབས་ཀྱིས་ཀྱང་གསུངས་པ། རྣམ་འགྱུར་མེད་ཅིང་དགོངས་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །དང་པོའི་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་བཞིན་དུ་མཁས་པས་སྒོམ། །འདི་ཉིད་དུ་གསུངས་པ་ཡང་། སྒོམ་པ་པོ་མེད་བསྒོམ་བྱ་མེད། །

སྔགས་མེད་ལྷ་རྣམས་ཡོད་པ་མིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྷའི་ལེའུར་ཡང་གསུངས་པ། ཐོབ་པ་མེད། མངོན་པར་རྟོགས་པ་མེད། ལྷག་པར་རྟོགས་པ་མེད། ལམ་མེད།

ལམ་གྱི་འབྲས་བུ་མེད། ཡེ་ཤེས་མེད་ཤེས་པ་མེད། སྐྱེ་བ་མེད། འཇིག་པ་མེད། འབྱུང་བ་མེད། ཟག་པ་མེད། འགོག་པ་མེད། རྣམ་པར་སྒོམ་པ་མེད་ཅེས་སོ། །དེ་བཞིན་དུ་དཔལ་གསང་བའི་དབང་པོའི་ནོར་བུའི་ཐིག་ལེར་གསུངས་པ་ཡང་། དེ་ཉིད་དངོས་པོ་ཐམས་ཅད་ཀྱིས། །

Vol. 4 · folio 87a

དུས་ཀུན་དུ་ནི་ཡང་དག་གནས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དམ་པའི་བདེ། །ཞེས་སོ། །གསུངས་པ་ཡང་། སྟོང་ཉིད་གཟུགས་བརྙན་རྣལ་འབྱོར་གྱིས། །ཁམས་རྣམས་ཇི་ལྟར་བདེ་སྤྱད་ནས། །བྱང་ཆུབ་དྲི་མ་མེད་རྟོགས་

པ། །གཞན་གྱི་སེམས་ལ་ལྷག་གནས་འགྱུར། །མགོན་པོ་བྱམས་པས་གསུངས་པ་ཡང་། །འདི་ལ་གསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །གསུངས་པ་ཡང་། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་

གོམས་གྱུར་པ། །བསྒོམས་པའི་སྟོབས་ནི་རྫོགས་པ་ན། །བདེ་གསལ་མི་རྟོག་བློ་འབྲས་བུ། །འདི་སྐད་བཤད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་གྲུབ་ཐོབ་སྣ་ཚོགས་པའི་རིམ་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཡོངས་སུ་དག་པའི་རང་བཞིན་གྱི་ཆོས་གཅིག་པུ་སྟེ། དེ་རྣལ་

འབྱོར་པ་རྣམས་ཀྱིས་ཡིད་ཆེས་པ། བརྟན་པ་ཉིད་འཐོབ་པའི་ཆེད་དུ་རབ་ཏུ་གསལ་བར་བྱས་པའོ་ཞེས་པའོ་ཞེས་པ། དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འདི་ལས་

དེ་ཁོ་ན་ཉིད་ཀྱི་ལེའུ་བཤད་པར་བྱའོ། །ཅི་ཞིག་དེ་ཁོ་ན་ཉིད་དུ་བརྗོད་པར་བྱ་ཞེ་ན། ཡོད་མིན་མེད་ཡིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བའོ། །དེ་ཁོ་ན་ཉིད་བདེ་བ་ཆེན་པོར་རིག །འདི་ཡི་དོན་ནི་འདི་ཡིན་ཏེ། །དཔལ་དྲི་མ་མེད་པའི་འོད་

དུ་ཡང་གསུངས་པ། འདིར་ཤེས་རབ་ནི་ཆ་བཅོ་ལྔའི་བདག་ཉིད་དེ་དཀར་པོའི་ཕྱོགས་སོ། །ཟླ་བའི་ཉམས་པ་ནི་ནག་པོའི་ཕྱོགས་ཏེ་ཐབས་སོ། །དེ་ལྟར་ན་དཀར་པོ་ནི་མཚན་མོའོ། །ནག་པོ་ནི་ཉིན་མོའོ། །དེའི་ཕྱིར་ལྷན་ཅིག་སྐྱེས་པའི་སྐུ་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་སངས་རྒྱས་

རྣམས་ཀྱི་ལྷན་ཅིག་སྐྱེས་པའི་སྐུ་སྟེ། དེ་ལྟར་ཡོད་པ་དཀར་པོའི་ཕྱོགས་མ་ཡིན་ལ། མེད་པ་སྟེ་ཆའི་དངོས་པོ་མེད་པ་ནག་པོའི་ཕྱོགས་མ་ཡིན་ནོ། །ཡོད་མེད་མིན་ཏེ་འདི་དག་ཕན་ཚུན་འགལ་བའི་ཕྱིར་ཚོགས་པ་མེད་དོ། །གཉིས་ཀའི་བདག་ཉིད་མེད་པ་ཡང་མིན། །ཞེས་པ་ནི་ནག་པོ་དང་དཀར་པོའི་ཕྱོགས་འདི་དག་ལས་

Vol. 4 · folio 87b

མ་གཏོགས་པའི་ལྷན་ཅིག་སྐྱེས་པའི་བདེ་བ་དེ་མེད་དོ། །དེ་ལྟར་མཐའ་བཞི་ཡོངས་སུ་དག་པ་ཆ་བཅུ་དྲུག་པ་སྟོང་པ་ཉིད་ཀྱི་ཆོས་ཅན་ནི་ལྷན་ཅིག་སྐྱེས་པའི་སྐུར་བརྗོད་པར་བྱ་སྟེ། བཞི་པ་ཟད་པ་ལས་རྒྱུ་མཐུན་པའི་མཚན་ཉིད་དུ་རྣལ་འབྱོར་པས་རིག་པར་བྱའོ། །དེ་ལྟར་མ་ནིང་ངོ་ཞེས་གྲུབ་པོ། །ལྷ་མོ་

བཞིས་ཞུས་པར་ཡང་གསུངས་པ། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ། །གང་རྣམས་དེ་ཉིད་མི་ཤེས་པ། །དེ་རྣམས་ཐམས་ཅད་འབྲས་བུ་མེད། །ཅེས་སོ། །དེ་ཉིད་རིན་ཆེན་མ་ཐོབ་པར། །ནམ་ཡང་དངོས་གྲུབ་མིན་པ་ཉིད། །ཞིང་རབ་རྣམ་པར་དག་གྱུར་

ཀྱང་། །ས་བོན་མེད་པར་མྱུ་གུ་བཞིན། །ཞེས་སོ། །ངོ་བོས་གཟུགས་མེད་ཅེས་པ་ལ་སོགས་པ་གསལ་བར་བྱ་སྟེ། ངོ་བོ་ནི་རང་གིས་རིག་པར་བྱ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་སོ། །ངོ་བོ་དེས་ཏེ་གཟུང་བ་དང་འཛིན་པ་བྱེད་པ་དང་། འཛིན་པ་ཁམས་བཅོ་བརྒྱད་ཀྱི་རྣམ་པར་འགྱུར་བ་དང་

བྲལ་བ་དེས་རྣལ་འབྱོར་པ་རྣམས་ལ་ཕྱི་རོལ་གྱི་གཟུགས་མེད་མཐོང་བ་པོ་མེད། མིག་གི་རྣམ་པར་ཤེས་པ་མེད། དེ་བཞིན་དུ་ཐོས་པ་པོ་མེད། སྒྲ་མེད་རྣ་བའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་དྲི་མེད་སྣོམ་པ་པོ་མེད། སྣའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རོ་མེད་མྱོང་བ་པོ་མེད་

ལྕེའི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་རེག་བྱ་མེད་རེག་པ་པོ་མེད། ལུས་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་བཞིན་དུ་ཆོས་ཀྱི་ཁམས་མེད། འཛིན་པ་པོ་མེད་ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །དེ་ལྟར་མིག་ལ་སོགས་པ་རྣམས་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལྟར་ཁམས་བཅོ་བརྒྱད་དང་

བྲལ་བའི་དེ་ཁོ་ན་ཉིད་རིན་པོ་ཆེ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། གཟུགས་ལ་གནས་པར་མི་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བྱའོ། །སའི་ཁམས་ལ་གནས་པར་

མི་བྱའོ། །ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་། སྟོང་པ་ཉིད་ཀྱི་ཁམས་ལ་གནས་པར་མི་བྱའོ་ཞེས་སོ། །འདི་ཉིད་དུ་གསུངས་པ་ཡང་། མཆོག་དགར་བསྒོམ་བྱ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་དེ་གཟུང་བ་མེད་ཅིང་འཛིན་པའང་མེད། །ཅེས་པ་ལ་སོགས་པའོ། །

Vol. 4 · folio 88a

དེའི་ཕྱིར་ཆོས་ཐམས་ཅད་བདག་མེད་པར་ཡང་དག་པར་རྗེས་སུ་བལྟ་བར་བྱའོ། །ཕྱི་དང་ནང་གི་བདག་ཉིད་ཐམས་ཅད་སྟོང་པ་ཉིད་ཅེས་པའོ། །དཔལ་རྩ་བའི་རྒྱུད་དུ་ཡང་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འགྱུར་བའི་མ་རིག་འགོག་པ་ཡིས། །

འདུ་བྱེད་ངེས་པར་འགག་པར་བྱེད། །འདུ་བྱེད་ངེས་པར་འགོག་པ་ཡིས། །རྣམ་པར་ཤེས་པ་འགག་པར་བྱེད། །རྣམ་པར་ཤེས་པ་འགོག་པ་ཡིས། །མིང་དང་གཟུགས་ནི་འགག་པར་བྱེད། །མིང་དང་གཟུགས་ནི་འགོག་པ་ཡིས། །སྐྱེ་མཆེད་དྲུག་རྣམས་འགོག་པར་བྱེད། །སྐྱེ་མཆེད་

དྲུག་རྣམས་འགོག་པ་ཡིས། །རེག་པ་ཡང་ནི་འགག་པར་བྱེད། །རེག་པ་འགོག་པ་ཡིས་ཀྱང་ནི། །ཚོར་བ་ངེས་པར་འགག་པར་བྱེད། །ཚོར་བ་ངེས་པར་འགོག་པ་ཡིས། །སྲེད་པ་ཡང་ནི་འགག་པར་བྱེད། །སྲེད་པ་འགོག་པ་ཡིས་ཀྱང་ནི། །ཉེ་བར་ལེན་པར་འགག་པར་བྱེད། །ཉེ་

བར་ལེན་པ་འགོག་པ་ཡིས། །སྲིད་པ་ཡང་ནི་འགག་པར་བྱེད། །སྲིད་པ་འགོག་པ་ཡིས་ཀྱང་ནི། །སྐྱེ་བའང་ངེས་པར་འགག་པར་བྱེད། །སྐྱེ་བ་འགོག་པ་ཡིས་ཀྱང་ནི། །རྒ་ཤི་ངེས་པར་འགོག་པར་བྱེད། །ཕུང་པོ་ཁམས་རྣམས་ངེས་འགོག་པ། །དེ་ཉིད་ཉེ་བར་ཞི་བར་བརྗོད། །

ཅེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་མེ་ཏོག་བཀྲམ་པའི་ལེའུར་གསུངས་པ། རབ་འབྱོར་དུས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པ་མངོན་པར་བསྒྲུབས་པ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྣམ་པར་ལྟ་བར་བྱེད་པ་

དེའི་ཚེ་མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་མ་ཡིན། མིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་མ་ཡིན། རེག་པ་མ་ཡིན། ཚོར་བ་མ་ཡིན། སྲེད་པ་མ་ཡིན། ལེན་པ་མ་ཡིན། སྲིད་པ་མ་ཡིན། སྐྱེ་བ་མ་ཡིན། རྒ་

ཤི་མ་ཡིན། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཡང་དག་པར་རྗེས་སུ་མཐོང་བ་མ་ཡིན་ནོ་ཞེས་སོ། །དེ་ལྟར་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་འགོག་པས་ལུས་ཀྱང་འགོག་པའོ། །ལུས་འགོག་པས་སྲོག་

Vol. 4 · folio 88b

ཀྱང་འགོག་པའོ། །སྲོག་འགོག་པས་བྱང་ཆུབ་ཀྱི་སེམས་འགོག་པའོ། །བྱང་ཆུབ་ཀྱི་སེམས་འགོག་པས་འཕོ་བ་འགོག་པའོ། །འཕོ་བའི་སྐད་ཅིག་འགོག་པས་རྣལ་འབྱོར་པ་རྣམས་ཀྱི་སངས་རྒྱས་ཉིད་དོ། །དེ་ལྟར་ཉོན་མོངས་པ་འགོག་པས་ལས་ཀྱང་འགོག་གོ། །ལས་འགོག་པས་སྡུག་

བསྔལ་ཡང་འགོག་པའོ། །སྡུག་བསྔལ་འགོག་པས་ཉོན་མོངས་པ་འབྱུང་བར་འགྱུར་བ་མ་ཡིན་ཏེ། །ཉོན་མོངས་པ་འབྱུང་བ་མེད་པས་ལས་འབྱུང་བ་མ་ཡིན་པ་ཁོ་ནའོ། །སད་པ་རྨི་ལམ་ཤིན་ཏུ་གཉིད། །བཞི་པའི་གནས་སྐབས་བཞི་པོ་ཡིས། །རྒྱུ་འབྲས་གང་ཚེ་འགགས་དེའི་ཚེ། །སངས་

རྒྱས་ཉིད་དུ་ཐེ་ཚོམ་མེད། །ད་ནི་དེ་སྒྲུབ་པའི་ཆེད་དུ་ཀུན་རྫོབ་ཀྱི་ཕྱག་རྒྱ་བརྗོད་པར་བྱའོ། །དཔལ་ཉུང་ངུའི་རྒྱུད་དུ་ཡང་གསུངས་པ། སྐྱེད་བྱེད་མ་དང་སྲིང་མོ་དང་། །བུ་མོ་སྲིང་མོའི་བུ་མོ་ནི། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་པ་ལ་སོགས་

པའོ། །རྣལ་འབྱོར་ཞེས་པ་གཟུང་བ་དང་འཛིན་པའི་སེམས་དག་གཅིག་པ་ཉིད་དེ། །ལ་ལ་ནཱ་དང་ར་ས་ནཱ་དག་གཅིག་པ། གཏུམ་མོ་དང་ཁུ་བ་དག་གཅིག་པ་སྟེ་དེ་ལས་ངེས་པར་གྲུབ་པའི་དབང་ཕྱུག་ཁུ་བ་མ་འཕོས་པའི་ཚངས་པར་སྤྱོད་པ་མི་འགྱུར་བའི་བདེ་བས་ཤེས་རབ་དང་ཐབས་སྙོམས་པར་འཇུག་

པས་མཆོད་པར་བྱའོ། །གསུངས་པ་ཡང་། འདིར་རྒྱུད་རྣམས་ཐམས་ཅད་དུ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཐུན་མོང་དུ་གསུངས་ཏེ། རྣལ་འབྱོར་པ་རྣམས་རྗེས་སུ་ཆགས་པར་བྱེད་པའི་ཆེད་དུའོ། །དེ་ཡང་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི། གཞན་

རྣམས་ཀྱི་ནི་མ་ཡིན་ནོ། །གཞན་འཇིག་རྟེན་གྱི་ཐ་སྙད་ཀྱི་བུད་མེད་རྣམས་གནས་སྐབས་ཀྱི་དབྱེ་བས་མ་ལ་སོགས་པ་རྣམས་སུ་འགྱུར་རོ། །འདིར་གང་གི་ཚེ་རྣལ་འབྱོར་པ་བུད་མེད་ལ་སེམས་པར་བྱེད་ན། དེའི་ཚེ་སེམས་ཀྱིས་བསམ་པར་བྱས་པས་མ་རུ་འགྱུར་རོ། །རེག་པས་

ནི་སྲིང་མོའོ། །རྡོ་རྗེ་ཞུགས་པས་བུ་མོར་འགྱུར། བྱེད་པ་དང་བཅས་ཤིན་ཏུ་དགའ་བར་གྱུར་པ་ནི་སྲིང་མོའི་བུ་མོར་འགྱུར་རོ། །ཐིག་ལེ་ལྟུང་བར་གྱུར་པས་ན་ཆུང་མའོ། །གཞན་གྱི་རིགས་གྱུར་གཏུམ་མོའི་རྣལ་འབྱོར་མར་ནི་འདོད་ཆགས་ཉམས་པར་གྱུར་པ་ལས་ཏེ་ཆགས་བྲལ་ལས་འགྱུར་

Vol. 4 · folio 89a

རོ། །འདི་རྣམས་རྣལ་འབྱོར་ཕྱག་རྒྱ་དྲུག་སྟེ་རྣལ་འབྱོར་པས་ས་ལ་སོགས་པ་རྣམས་སུ་རིག་པར་བྱའོ། །ཕྱི་རོལ་དུ་ནི་རིགས་དང་ཡུལ་གྱི་ཐ་སྙད་ཀྱིས་མ་ལ་སོགས་པ་རྣམས་སོ། །དེ་བཞིན་དུ། གར་མ་ཚོས་མ་གཡུང་མོ་དང་། །གཏུམ་མོ་དེ་བཞིན་བྲམ་ཟེ་མོ། །

རྣལ་འབྱོར་རིག་པས་ཞེས་པ། སྔར་བཤད་པ་ཡི་ཆོ་གས་དང་། ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །དུས་ཐམས་ཅད་དུ་མི་འཕོ་བའི་བདེ་བས། །འབད་པ་ཡིས་ནི་བསྟེན་པར་བྱ། །ཕྱི་རོལ་དུ་ཇི་ལྟར་བྱེ་བར་མི་འགྱུར་བར་བྱ་བ་ནི་ངེས་པའི་དོན་གྱིས་བྱང་

ཆུབ་ཀྱི་སེམས་འཕོ་བའོ། །དྲང་བའི་དོན་གྱིས་ཕྱི་རོལ་དུ་སྐྱེ་བོས་སྨོད་པའོ། །དེའི་ཕྱིར་མ་ལ་སོགས་པ་རྣམས་ལ་གསལ་བོར་བསྟེན་པར་བྱ་བ་མ་ཡིན་ནོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །གང་གི་ཚེ་གསལ་བོར་བསྟེན་ན་རྒྱལ་རིགས་ལ་སོགས་པ་རྣམས་ཀྱིས་བྱིས་པའི་རྣལ་འབྱོར་

པ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་དོ། །གང་ཕྱིར་སྐྱེ་འགྲོ་བསྐྱེད་པའི་ཕྱིར། །ཤེས་རབ་མ་ཞེས་བརྗོད་པར་བྱ་སྟེ། རྡུལ་གྱི་ཁམས་སོ། །དེ་བཞིན་དུ་ཐབས་ནི་ཁུ་བའི་ཁམས་སོ། །རྡུལ་དང་ཁུ་བ་ལས་ཡང་དག་པར་བྱུང་བ་ནི་མ་ལ་སོགས་པ་རྣམས་སོ། །གང་ཕྱིར་རྣམ་དབྱེ་སྟོན་

པའི་ཕྱིར། །ཤེས་རབ་དེ་ཉིད་སྲིང་མོར་བརྗོད་པར་བྱ་སྟེ་ཁམས་ཀྱི་རྣམ་འགྱུར་སོ་སོ་བ་སྤུ་དང་པགས་པ་དང་ཤ་དང་ཁྲག་གོ། །དེ་བཞིན་དུ་སྲིང་མོའི་བུ་མོ་ནི་རྩ་དང་རུས་པ་དང་རྐང་གི་རྣམ་པར་དབྱེ་བའི་ཆ་རུ་འཇུག་པར་བྱེད་པ་དེའི་ཕྱིར་རོ། །ཤེས་རབ་དེ་ཉིད་ནི། ཡོན་ཏན་འཇོ་ཕྱིར་བུ་མོར་ཡང་

བརྗོད་པར་བྱ་སྟེ་ཡོན་ཏན་གྱི་ཚིག་གིས་ནི་སྒྲ་དང་། རེག་དང་རོ་དང་གཟུགས་དང་དྲིའི་ཁམས་ཀྱི་ཡུལ་རྣམས་ཡིན་ཏེ། དེ་རྣམས་འཇོ་བའི་ཕྱིར་རོ། །ཞེས་པའོ། །ཤེས་རབ་ནི་ཆུང་མར་བརྗོད་པར་བྱ་སྟེ་ཆགས་བྲལ་དུ་མི་བྱེད་པའི་ཕྱིར་རོ། །རེག་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་མཐར་སྐྱེས་

མར་བརྗོད་པར་བྱའོ་ཞེས་པ་ཕྱག་རྒྱ་དྲུག་གི་ངེས་པའོ། །ཁམས་ཐམས་ཅད་ཀྱི་བདེ་མཉམ་གྱི་རོ་འབབ་པར་བྱེད་པའི་ཕྱིར་དེ་ཁོ་ན་བྲམ་ཟེ་མོ་ཞེས་བརྗོད་པར་བྱའོ། །གསུངས་པ་ཡང་། རྣམ་པར་མི་རྟོག་ཁམས་མི་ཟད། །ཆོས་ཁམས་དམ་པ་ཟད་པ་མེད། །ཅེས་སོ། །འཚེད་ཕྱིར་

Vol. 4 · folio 89b

ཤེས་རབ་ཚོས་མའོ། །ཁམས་རྣམས་གཡོ་ཕྱིར་གར་མའོ། །གཏུམ་པའི་ལས་ནི་བྱེད་པའི་ཕྱིར། །གཏུམ་མོ་རུ་ནི་བརྗོད་པ་ཡིན། །རེག་མིན་ཕྱིར་ནི་གཡུང་མོར་བཤད། །དེ་ལྟར་བྱ་བ་ལྔའི་རང་བཞིན་ལས། །བྲམ་ཟེ་མ་སོགས་ཤེས་པར་བྱ། །དེའི་ཕྱིར་རང་བཞིན་གྱིས་བུད་

མེད་ཐམས་ཅད་དང་སྐྱེས་པ་ཐམས་ཅད་མིའི་རིགས་གཅིག་ཏུ་ཡང་དག་པར་བྱུང་བ་སྟེ། དེ་རྣམས་ལ་རིགས་གཞན་ཡོད་པ་མ་ཡིན་ནོ་ཞེས་པ་རྒྱུད་ཐམས་ཅད་དུ་དེ་བཞིན་གཤེགས་པའི་ངེས་པའོ། །རིགས་ལྔའི་ཕྱག་རྒྱ་ཞེས་བྱ་བ། །ཐར་པའི་རྒྱུར་ནི་བརྗོད་པར་བྱ། །ཞེས་པ། ཐར་པ་ཞེས་

པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་སྟེ། དེ་ཁོ་ན་རྣལ་འབྱོར་པ་རྣམས་ཀྱི་རྒྱུའོ་ཞེས་པ་ངེས་པའི་དོན་ཏོ། །འདིར་ཐར་པའི་རྒྱུར་ཕྱག་རྒྱ་ཞེས་བྱ་བ་དེ་བཞིན་གཤེགས་པ་ལྔའི་རིགས་ཅན་རྣམས་ཡིན་ལ། རྡོ་རྗེ་ཡིས་ཏེ། བྱང་ཆུབ་སེམས་འདིས་རྒྱས་གདབ་བྱ། །ཞེས་པ་ཕྱག་རྒྱ་སྟེ།

ཨ་བ་དྷཱུ་ཏཱིའོ། །འདིར་རྡོ་རྗེ་ཞེས་པ་ལ་སོགས་པས་མ་ལ་སོགས་པའི་ཕྱག་རྒྱ་རྣམས་འཁྲགས་འཁྲུགས་སུ་གསུངས་མོད་རིམ་པ་ཇི་ལྟ་བ་བཞིན་དུ་གཟུང་བར་བྱ་སྟེ། འདིར་མ་ནི་དེ་བཞིན་གཤེགས་པའི་རིགས་དང་བྲམ་ཟེ་མོ་དང་སྤྱན་མ་དང་ལྟེ་བའི་པདྨ་དང་། སའི་ཁམས་སོ། །སྲིང་མོ་

ནི་མཱ་མ་ཀཱི་དང་། སྙིང་གར་རྡོ་རྗེའི་རིགས་ཅན་དང་གཡུང་མོ་དང་ཆུའི་ཁམས་ཀྱི་རིགས་སོ། །པདྨའི་རིགས་ཅན་མ་ནི་བུ་མོ་དང་། གར་མ་དང་། གོས་དཀར་མོ་དང་། མགྲིན་པ་དང་། མེའི་ཁམས་སོ། །ལས་ཀྱི་རིགས་ཅན་མ་ནི་ཚོས་མ་དང་དཔྲལ་བར་ཏེ་སྲིང་མོའི་བུ་མོ་དང་སྒྲོལ་མ་

དང་རླུང་གི་ཁམས་སོ། །ཆུང་མ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རིན་པོ་ཆེའི་རིགས་དང་གཏུམ་མོ་དང་། གཙུག་ཏོར་དུ་ནམ་མཁའི་ཁམས་སོ། །མཐར་སྐྱེས་མ་ནི་ཡེ་ཤེས་ཀྱི་ཁམས་དང་། རྡོ་རྗེ་སེམས་དཔའི་རིགས་ཅན་མ་དང་གསང་བའི་པདྨར་རོ། །དཔལ་ལྡན་དེ་བཞིན་

ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་བྱོན་པ་ཉིད། །ཤེས་རབ་ལྡན་པ་འདི་ཡིས་ནི། །དེ་བཞིན་གཤེགས་པ་བརྗོད་པར་བྱ། །ཞེས་པ་ཤེས་རབ་སྟོང་པ་ཉིད་འདི་དང་ལྷན་ཅིག་ལྡན་པ་སྟེ། སྟོང་པ་ཉིད་ཀྱི་གཟུགས་དང་ལྷན་ཅིག་པའོ། །དེ་བཞིན་ཉིད་དུ་སྟེ། གསང་བའི་པདྨར་

Vol. 4 · folio 90a

རྡོ་རྗེ་ནོར་བུའི་མཐར་ཐུག་པར་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་གཙུག་ཏོར་ནམ་མཁའི་ཁམས་ནས་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་གསང་བའི་པདྨ་རླུང་དང་མེ་དང་ཆུ་དང་ས་དང་། ཡེ་ཤེས་གྱི་རང་བཞིན་གྱི་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་སུ་

ཞུགས་པར་གྱུར་ཏོ་ཞེས་པ་དཔལ་ལྡན་བྱང་ཆུབ་ཀྱི་སེམས་ཀྱི་རྡོ་རྗེ་གཤེགས་པའོ། །དེ་བཞིན་བྱོན་པ་ཞེས་པ་ཇི་ལྟར་འོག་གི་ཆར་གཤེགས་པ་དེ་ལྟར་བྱོན་པ་སྟེ། རྡོ་རྗེ་ནོར་བུ་དང་གསང་བའི་པདྨ་ཡེ་ཤེས་ཀྱི་ཁམས་ནས་ལྟེ་བ་དང་སྙིང་ག་དང་། མགྲིན་པ་དང་དཔྲལ་བ་དང་། གཙུག་

ཏོར་དུ་གྱེན་དུ་ཁུ་བའོ། །དེ་ལྟར་ན་ཇི་ལྟར་བྱོན་པ་དེ་བཞིན་གཤེགས་པའོ་ཞེས་གྲུབ་བོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་འཕགས་ཀྱི་ལེའུར་གསུངས་པ་ཡང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་ངེས་པར་འགའ་ཞིག་ནས་བྱོན་པའམ་བཞུད་པ་མེད་དེ། དེ་བཞིན་ཉིད་ནི་གཡོ་བ་མེད་པ་སྟེ། གང་དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྐྱེ་བ་མེད་པ་ལ་ནི་འགྲོ་

བའམ་འོང་བ་མེད་དེ། །གང་སྐྱེ་བ་མེད་པ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཡང་དག་པའི་མཐའ་ལ་ནི་འོང་བའམ་འགྲོ་བ་རབ་ཏུ་ཤེས་པ་མ་ཡིན་ཏེ། གང་ཡང་དག་པའི་མཐའ་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་སྟོང་པ་ཉིད་ལ་ནི་འོང་བའམ་འགྲོ་བར་རབ་ཏུ་

གདགས་པ་མེད་དེ་གང་སྟོང་པ་ཉིད་དེ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་ཇི་ལྟ་བ་བཞིན་ཉིད་ལ་ནི་འོང་བའམ་འགྲོ་བར་རབ་ཏུ་གདགས་པ་མེད་དེ། གང་ཇི་ལྟ་བ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །དཔལ་རྡོ་རྗེ་རྩེ་མོར་ཡང་གསུངས་པ། དེ་ཁོ་ན་ཉིད་ཆོས་གནས་པས། །

དེ་བཞིན་མ་ཡིན་སླར་མི་འགྱུར། །དེ་ཁོ་ན་ཉིད་ལམ་སྟོན་པ། །དེ་བཞིན་གཤེགས་པར་དེ་བརྗོད་བྱ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་སོ། །དེ་བཞིན་དུ་དཔལ་ཤེས་རབ་

Vol. 4 · folio 90b

ཀྱི་ཕ་རོལ་ཏུ་ཕྱིན་པར་འཇིག་རྟེན་སྟོན་པའི་ལེའུར་ཡང་གསུངས་པ། གནས་བརྟན་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་བཞིན་གཤེགས་པ་ཉིད་ཁོ་ན་བསམ་གྱིས་མི་ཁྱབ་པ་མཉམ་པ་མེད་པ། གཞལ་དུ་མེད་པ། བགྲང་དུ་མེད་པ། མི་མཉམ་པ་དང་

མཉམ་པ་ལགས་སམ། དེ་ལྟར་སངས་རྒྱས་ཉིད་དང་། དེ་ལྟར་རང་བྱུང་ཉིད་དང་། དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསམ་གྱིས་མི་ཁྱབ་པ། མཉམ་པ་མེད་པ། གཞལ་དུ་མེད་པ། གྲངས་མེད་པ། མི་མཉམ་པ་དང་མཉམ་པ་ལགས་ཞེས་སོ། །ཡན་ལག་བཅུ་གཉིས་འགོག་

པས་ས་བཅུ་གཉིས་ཐོབ་པའོ། །ཇི་ལྟར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་དགའ་བ་དང་། མཆོག་ཏུ་དགའ་བ་དང་ཁྱད་དགའི་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བའི་དབྱེ་བས་དཔྲལ་བ་ནས་འོག་ཏུ་འོངས་པ་དེ་བཞིན་དུ་བཟློག་པས་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུའི་བྱེད་པ་དང་།

དྲི་མ་མེད་པའི་གསང་བ་ནས་དཔྲལ་བར་སོང་བའོ། །དེ་སྐད་དུ་ཡང་གསུངས་པ། ལྟེ་བར་རྒྱུ་མཐུན་ཉིད་དུ་བརྗོད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལའོ། །སྐྱེས་བུའི་བྱེད་པའམ་ལོངས་སྤྱོད་ལ། །བདེ་བ་ཆེན་པོར་དྲི་མ་མེད། །ཅེས་པའི་ངེས་པ་འཆད་པར་འགྱུར་བ་ལའོ། །དེ་ལྟར་ན་ཇི་ལྟར་

ཚེས་གཅིག་ལ་སོགས་པའི་ཆ་བཅོ་ལྔའི་དབྱེ་བས་ཆའི་རང་བཞིན་གྱིས་རྫོགས་པ་དང་། གཙུག་ཏོར་ནས་གསང་བའི་པདྨར་ཆའི་རང་བཞིན་གྱིས་རྫོགས་པར་འོངས་པ་ཀུན་རྫོབ་ཏུ་འོག་ཏུ་ཁུ་བ་ཡེ་ཤེས་ཀྱི་སེམས་ཡིན་པ་དེ་ལྟར་རྡོ་རྗེ་ནོར་བུ་ལས་རྣལ་འབྱོར་གྱི་སྟོབས་ཀྱིས་དྲངས་པས་གསང་བའི་

པདྨ་ནས་དོན་དམ་པར་ཚེས་གཅིག་ལ་སོགས་པའི་ཆའི་དབྱེ་བས་སྟེང་དུ་ཁུ་བས་དཔྲལ་བའི་པདྨར་གཤེགས་པ་སྟེ། གཙུག་ཏོར་དུ་ཆ་བཅུ་དྲུག་པའི་རང་བཞིན་གྱིས་སོ་ཞེས་སོ། །དེ་སྐད་དུ་ཡང་གསུངས་པ། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་

རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་དོ། །དེ་ཕྱིར་ཟླ་བ་བདུད་རྩི་ནི། །སྟེང་དུ་བགྲོད་བྱ་མི་ཡི་བདག །འོག་ཏུ་ཉི་མ་རྡུལ་སྒྲ་གཅན། །རྣམ་འགྱུར་མེད་བདེ་བ་ལའོ། །གསུངས་པ་ཡང་། ནཱ་ད་ཐིག་ལེ་ཡང་དག་ལྡན། །གང་ཚེ་དུས་ཀུན་དུ་འགྱུར་བ། །དེ་ཚེ་རྣལ་འབྱོར་པ་

Vol. 4 · folio 91a

མཆོག་གི། །འབྲས་བུ་ཞེས་པར་བཤད་ཅིང་སྨྲ། །གང་ཕྱིར་ཐིག་ལེ་ཐམས་ཅད་ཁྱབ། །གང་ཚེ་རྟགས་ནི་འགྱུར་མེད་གྱུར། །དེ་ཚེ་དགའ་བ་ཕུན་ཚོགས་འབྱུང་། །དགའ་བ་ལས་ནི་ལྷན་སྐྱེས་འགྱུར། །ཞེས་པ་ངེས་པའི་དོན་ཏོ། །དོན་དམ་པས་འཆད་

པར་འགྱུར་བ་ནི། །བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་པ་དགའ་བ་བཅུ་དྲུག་གི་ངེས་པའོ། །རྣམ་པར་མི་རྟོག་ཡིད་ལ་ནི། །སྒོམ་པ་པོ་མེད་བསྒོམ་བྱའང་མེད། །སྔགས་

དང་ལྷ་ནི་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལས། །སྔགས་དང་ལྷ་ནི་ཡང་དག་གནས། །དེ་ཉིད་ཀྱིས་ན་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་རྣམ་པར་རྟོག་པའི་རྙོག་པ་མཐའ་དག་སོ་སོར་ནུབ་པའི་ངོ་བོས་སོ། །ཞེས་པའོ། །ད་ནི་ཕུང་པོ་དྲུག་པོ་རྣམས་ཀྱི་ཀུན་རྫོབ་དང་དོན་

དམ་པའི་དབྱེ་བ་བརྗོད་པར་བྱ་སྟེ། རྣམ་སྣང་ཞེས་པ་ལ་སོགས་པས་སོ། །འདིར་རྣམ་པར་སྣང་མཛད་ནི་སའི་འཁོར་ལོ་ལ་འདྲེན་པའོ། །མི་བསྐྱོད་པ་ནི་ནམ་མཁའི་འཁོར་ལོ་ལ་འདྲེན་པའོ། །འོད་དཔག་ཏུ་མེད་པ་ནི་ཆུའི་འཁོར་ལོ་ལ་འདྲེན་པའོ། །རིན་ཆེན་འབྱུང་ལྡན་ནི་མེའི་འཁོར་ལོ་ལ་

འདྲེན་པའོ། །དོན་ཡོད་གྲུབ་པ་ནི་རླུང་གི་འཁོར་ལོ་ལ་འདྲེན་པའོ། །སེམས་ཅན་ནི་ཡེ་ཤེས་ཀྱི་འཁོར་ལོ་ལ་འདྲེན་པའོ། །དེ་རྣམས་ཀྱང་གྲངས་ཇི་ལྟ་བ་བཞིན་དུ། །ཚངས་པ་ཁྱབ་འཇུག་ཞི་བ་དང་། །ཐམས་ཅད་རྣམ་པ་དེ་ཉིད་བརྗོད། །ཅེས་པ་ཀུན་རྫོབ་ཀྱིས་སེམས་ཅན་

རྣམས་འོག་ཏུ་ཁུ་བ་ཅན་རྣམས་ཏེ། དོན་དམ་པས་སངས་རྒྱས་རྣམས་སྟེང་དུ་ཁུ་བ་ཅན་རྣམས་སོ། །ཚངས་པ་མྱང་འདས་སངས་རྒྱས་ཏེ། །ཞེས་པ་བཤད་པའི་ཁམས་ནི་འཛག་པ་ཉིད་ཀྱི་ཕྱིར་རོ། །འཇུག་ཕྱིར་ཁྱབ་འཇུག་བརྗོད་པར་བྱ། །གཅི་བའི་ཁམས་རང་གི་ལུས་

ལ་འཇུག་པའི་ཕྱིར་ཏེ། ཕྱི་རོལ་དུ་འབྱུང་བ་མེད་པའི་ཕྱིར་ན་སངས་རྒྱས་ཁྱབ་འཇུག་ཏུ་བརྗོད་པར་བྱའོ། །རྟག་ཏུ་དགེ་ཕྱིར་ཞི་བའོ། །ཞེས་པ་དགེ་བ་ནི་ཚུལ་ཁྲིམས་མ་ཉམས་པ་སྟེ། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པའི་ཕྱིར་ན་སངས་རྒྱས་ནི་ཞི་བར་བརྗོད་པར་བྱའོ། །ཐམས་ཅད་

Vol. 4 · folio 91b

ཀུན་བདག་ལ་གནས་ཕྱིར། །ཞེས་པ་ཐམས་ཅད་ནི་རིན་ཆེན་འབྱུང་ལྡན་ཁྲག་གི་ཁམས་ཏེ། དེ་འཕོ་བ་མེད་པས་ན་སྡུག་བསྔལ་མེད་པ་ཡིན་ལ་དེ་མེད་པའི་ཕྱིར། བདེ་སྡུག་སེལ་བ་མཐར་གྱུར་པ། །ཆགས་བྲལ་ལུས་ནི་ཟད་པ་པོ། །ཀུན་བདག་ལ་གནས་ཞེས་པ་ལྷའི་སྤྱན་དང་

གཞན་གྱི་སེམས་ཤེས་པས་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་ན། སངས་རྒྱས་ནི་ཐམས་ཅད་ཅེས་པར་བརྗོད་པར་བྱའོ། །རྟོག་པ་མེད་ཕྱིར་རྣམ་སད་དོ། །ཞེས་སོ། །མིག་ལ་སོགས་པའི་དབང་པོ་རྟོགས་པ་མེད་པས་དོན་ཡོད་གྲུབ་པ་ཤའི་ཁམས་ཏེ། དེ་མི་ཟད་པ་ཉིད་ཀྱི་ཕྱིར་མིག་ལ་སོགས་

པ་རྣམས་འདུ་བྱེད་པ་མེད་ལ། དེ་མེད་པའི་ཕྱིར་རྣམ་སངས་རྒྱས་ཏེ། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པ། སངས་རྒྱས་ནི། རྟོག་པ་མེད་པ་རྣམ་སངས་རྒྱས། །

ཞེས་པ་ངེས་པའོ། །དམ་པའི་བདེ་བས་དེ་ཉིད་འགྱུར། །ཞེས་པ། དམ་པའི་བདེ་བ་ནི་ཟག་པ་མེད་པ་སྟོང་པ་ཉིད་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་སྟེ། རྣམ་པར་ཐར་པ་བཞི་གཅིག་ཏུ་འདྲེས་པར་གྱུར་པ། སྙིང་རྗེ་དང་བྱམས་པ་དང་དགའ་བ་དང་།

བཏང་སྙོམས་དམིགས་པ་མེད་པའི་རང་བཞིན་གྱིས་དམིགས་པ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་ནི་སངས་རྒྱས་ཞེས་བརྗོད་པར་བྱའོ། །དེ་ལྟར་ན། བདེན་དོན་རྣམ་པ་བཅུ་གཉིས་པ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་དག་མཆོག་

ཏུ་མི་འགྱུར་རིག །ཅེས་པ་སངས་རྒྱས་བཅོམ་ལྡན་ནོ། །བརྗོད་པ་ཅེས་བྱ་བ་ལ་སོགས་པས་ཏེ། འདིར་སེམས་ཅན་རྣམས་ཐམས་ཅད་ཀྱི་བརྗོད་པ་ནི་ཨཱ་ལི་ཀཱ་ལི་དབྱངས་དང་གསལ་བྱེད་དག་གི་བརྗོད་པ་གང་ཡིན་པ་སྟེ། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས། བརྗོད་

པ་བཟླས་པ་ཡིན་པར་བཤད། །དེ་སྐད་དུ་ཡང་། དཔལ་སམྦུ་ཊ་རུ་གསུངས་པ། སྐྱེ་བོ་རྣམས་ཀྱིས་དག་གིས་ནི། །རབ་འཇམ་གང་ཅིའང་རབ་བསྐྱེད་པ། །དེ་རྣམས་ཐམས་ཅད་སྔགས་ཀྱི་གཟུགས། །དེ་ཉིད་ལས་ནི་རབ་ཏུ་སྐྱེ། །དེ་བཞིན་དུ་སེམས་ཅན་རྣམས་ཀྱི་གང་

Vol. 4 · folio 92a

སེམས་དཔའ་དེ་ནི་ད་བསམ་བྱ་སྟེ། ཕ་རོལ་གྱི་སེམས་ཤེས་པའི་རྣལ་འབྱོར་པས་ཞེས་པའོ། །གང་ཕྱིར་བསམ་བྲལ་བསམ་བྱ་བ། །བསམ་བྲལ་ཞེས་པ་ནི་སེམས་པ་མེད་པ་སྟེ། རྣལ་འབྱོར་པ་རྣམས་ཀྱིས་བསམ་བྱ་གང་ཡིན་པའོ། །ཕའི་ཡུལ་ལ་ཤི་བའི་

མཐར་སྐྱེ་བའི་ཆར་གཏོགས་པའི་རང་གི་ཕུང་པོས་འཕོ་བའི་གནས་སྐབས་སུ་བདེ་བ་ཐོབ་པ་གང་ཡིན་པའི་བདེ་བ་དེ་ཉིད་ནི་ལོ་བཅུ་དྲུག་གི་མཚམས་སུ་སྐྱེས་པས་རང་གི་བཟའ་བར་བྱའོ། །བུད་མེད་ཀྱིས་ལོ་བཅུ་གཉིས་ཀྱི་མཚམས་སུ་ལོངས་སྤྱོད་པར་བྱའོ། །བདེ་བ་གང་གིས་འཆི་བ་

འདིར། འཁོར་བ་པ་རྣམས་ཀྱི་འཁོར་བར་སྐྱེ་བ་དང་གནས་པའི་བདེ་བ་དེ་ཁོ་ན་བརྟན་པར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་པར་བྱའོ་ཞེས་པའོ། །གསུངས་པ་ཡང་། བསམ་གཏན་ཆ་ཤས་ཀུན་ཤེས་ཤིང་། ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་སྐུ་སྟེ་སྐུ་ཡི་མཆོག །

ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །ཞེས་སོ། །ཞེས་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།ད་ནི་དེ་ཁོ་ན་ཉིད་ཀྱི་ལེའུ་རིག་པའི་རྣལ་འབྱོར་པས་སེམས་ཅན་རྗེས་སུ་གཟུང་

བའི་སེམས་ལ་དམིགས་པའི་ཆེད་དུ་སྤྱོད་པའི་ལེའུ་གསུངས་པ། སྤྱོད་པ་ཕ་རོལ་ཕྱིན་ཞེས་པ་སྟེ་སྤྱོད་པ་ཞེས་པ་སྤྱོད་པ་ནི་རྡོ་རྗེའི་སྤྱོད་པ་སྟེ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་རྡོ་རྗེ་དང་པདྨ་ལས་མ་འཕོས་པའི་བདེ་བ་ཐོབ་པའོ། །རྒྱུད་གཞན་དུ་ཡང་གསུངས་པ། རྡོ་རྗེ་

སྤྱོད་པའི་རབ་སྦྱོར་གྱིས། །རྡོ་རྗེ་ཕུང་པོ་རྣམ་བསྒོམ་བྱ། །རྡོ་རྗེ་དཀྱིལ་འཁོར་དབུས་གནས་པ། །མཆོག་ཏུ་མི་འགྱུར་བསྒོམ་པའོ། །ཞེས་སོ། །ཕ་རོལ་ཕྱིན་ཞེས་པ་ནི་དཔལ་ཐེག་པ་ཆེན་པོ་ཕུལ་དུ་བྱུང་བ་ལ་གནས་ཤིང་རྒལ་དཀའ་བའི་སྲིད་པའི་རྒྱ་མཚོ་ལས་ཤིན་ཏུ་འདས་པའོ། །

གསུངས་པ་ཡང་། སྐྱེ་བའི་རྒྱ་མཚོ་འཇིགས་ཆེན་པོ། །རྒ་བའི་རླབས་ཀྱིས་འཁྲུགས་པ་ལས། །སེམས་ཅན་རྣམས་ནི་སྒྲོལ་བྱེད་ཅིང་། །བདེ་བར་འགྲོ་བྱེད་གྲུ་ལྟ་བུ། །ཞེས་སོ། །དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། མི་ཤེས་འདམ་དུ་བྱིངས་གྱུར་ཅིང་།

Vol. 4 · folio 92b

ཉོན་མོངས་པས་ནི་སེམས་དཀྲུགས་པའི། །སེམས་ཅན་ཀུན་ལ་ཕན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཆེད། །ཅེས་པ་ལ་སོགས་པའོ། །གང་གི་དངོས་གྲུབ་མཐར་འགྲོ་བ། །ཞེས་པ་དངོས་གྲུབ་ཀྱི་མཐར་མཆོག་ཏུ་མི་འགྱུར་བའི་བདེ་བར་འགྲོ་ཞིང་ཤེས་པར་བྱེད་པའོ། །ཀྱེ་ཡི་

རྡོ་རྗེའི་དངོས་གྲུབ་རྒྱུར། །ཞེས་པ་ལ་ཀྱེའི་རྡོ་རྗེ་ཅིར་བརྗོད་པར་བྱ་ཞེ་ན། པདྨར་གནས་ཤིང་ཁྲོ་བ་བྲལ། །གཙང་ཞིང་མཁས་ལ་མཉམ་གཞག་པ། །རྣལ་འབྱོར་ཡེ་ཤེས་ཡང་དག་ལྡན། །སེམས་ནི་ཀྱེ་ཡི་རྡོ་རྗེར་བརྗོད། །དངོས་གྲུབ་རྒྱུས་ཞེས་པ་དངོས་གྲུབ་ནི་སངས་རྒྱས་ཉིད་དེ། དེ་ཉིད་

ནི་རྣལ་འབྱོར་པ་རྣམས་ཀྱི་རྒྱུའོ་ཞེས་པའོ། །སྒོམ་པ་པོ་ཡིས་རྣམ་བཟུང་བ། །རྣ་བར་ལྷ་ཡི་རྣ་རྒྱན་ཏེ། །ཞེས་པ་ལ་སོགས་པ་ལ་འདིར་ཕྱག་རྒྱ་ལྔའི་ཉེ་བར་བསྟན་པ་ནི་བྲིས་སྐུ་སྒྲུབ་པའི་ལེའུར་ངེས་པའི་དོན་གྱིས་བརྗོད་པར་བྱའོ། །བགོ་བ་སྟག་གི་པགས་པ་ཞེས་གསུངས་པ་ཡང་། འདོད་

ཆགས་ཞེ་སྡང་སོགས་རྣམས་ཀྱི། །སྟག་གིས་འགྲོ་བ་གསུམ་པོ་ཟོས། །དེ་རྣམས་འཇོམས་ཕྱིར་པགས་པ་སྟེ། །སྟག་གི་པགས་པའི་ན་བཟར་བཅས། །ཞེས་སོ། །རིགས་ལྔ་ལ་ནི་རྣམ་པར་གནས། །རིགས་ལྔའི་མཉམ་པར་ལྡན་པར་ནི། །རིགས་གཅིག་པ་ནི་རྣམ་པར་

བརྟག །ཅེས་པ་ལ་སོགས་པ་རིགས་གཅིག་ཉིད་སྣ་ཚོགས་པ་རིགས་ལྔ་དང་ཡང་དག་པར་ལྡན་པར་བླུན་པོ་རྣམས་ཀྱིས་བརྟགས་པའོ། །གང་ལས་ཤེ་ན་གསུངས་པ། དུ་མ་ཞེས་པ་ལ་སོགས་པ་སྟེ། སྲོག་ཆགས་རིགས་ཐ་དད་པ་རྣམས་ནི་ཤ་གཟུགས་ཐ་དད་པར་མཚོན་ཏེ།

འདིར་ནི་རིགས་གཅིག་གི་ངོ་བོ་ནི་དུ་མའི་དབྱེ་བར་མཚོན་པ་མེད་དོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོག་པ་པོ། །གཟུགས་རྣམས་མ་ལུས་སྟོན་མཛད་པ། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་སོ། །

འདི་ཉིད་དུ་ཡང་གསུངས་པ། བདེ་བ་ནག་པོ་བདེ་བ་སེར། །བདེ་བ་དམར་པོ་བདེ་བ་དཀར། །བདེ་བ་ལྗང་གུ་བདེ་བ་སྔོ། །བདེ་བ་མཐའ་དག་རྒྱུ་མི་རྒྱུ། །བདེ་བ་ཤེས་རབ་བདེ་བ་ཐབས། །དེ་བཞིན་ཀུན་དུ་རུ་སྐྱེས་བདེ། །བདེ་བ་དངོས་པོ་དངོས་མེད་བདེ། །བདེ་བ་རྡོ་རྗེ་སེམས་དཔར་བཤད། །

Vol. 4 · folio 93a

ཅེས་སོ། །རིགས་གཅིག་དང་ནི་དུ་མ་ཡིས། །གང་ཕྱིར་བྱེ་བ་མཚོན་མི་བྱ། །བྱེ་བ་ནི་ཉམས་པ་སྟེ་བྱང་ཆུབ་ཀྱི་སེམས་འཕོ་བའོ། །དེའི་ཕྱིར་དེ་མི་བྱའོ་ཞེས་པའི་དོན་ཏོ། །ཤིང་གཅིག་ཅེས་པ་ནི་ལྷན་ཅིག་སྐྱེས་པ་གཅིག་པུའི་སྐུ་མཆོག་ཏུ་མི་འགྱུར་བ་གཅིག་པུའི་

བདེ་བ་བཅད་དུ་མེད་ཅིང་དབྱེར་མེད་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཤིང་གཅིག་པུའོ། །གསུངས་པ་ཡང་། མགོ་བོར་གནས་པ་རྩ་བ་སྟེ། ཡལ་ག་དྲིལ་བུའི་ནང་དུའོ། །ཆོས་འབྱུང་ཞེས་བཤད་དབུས་སུ་སྟེ། །ལྷན་སྐྱེས་འབྲས་བུ་བླ་ན་མེད། །ཅེས་པ་ལ་སོགས་པའོ། །གཞན་

ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ། །དབུགས་རྒྱུ་ཞེས་པའི་རིགས་པ་འདིས། །ལུས་འདི་དུར་ཁྲོད་བརྗོད་པར་བྱ། །འདིའི་དོན་འདི་ཡིན་ཏེ། རྒྱུད་གཞན་དུ་ཡང་གསུངས་པ། རོ་ལྡན་ན་གནས་པ་ནི་ཕྱི་རོལ་དུ་རོའི་སྒྲས་སྲོག་ཉམས་པ་ཤི་བའི་ཚོགས་ཏེ། དེ་འདི་ལ་ཡོད་པས་ན་

རོ་ལྡན་ནི་དུར་ཁྲོད་ཀྱི་སའོ། །ནང་དུ་ནི་རོ་ཞེས་པ་དབུགས་འབྱུང་བ་དང་འཇུག་པ་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་འགོག་པའོ། །དེ་འདི་ལ་ཡོད་པས་ན་ཆོས་ཀྱི་སྤྲིན་གྱི་སའོ། །དེ་ན་གནས་པ་ནི་རོ་ལྡན་ན་གནས་པའོ། །བདུད་དང་ཉོན་མོངས་པ་དང་ཤེས་བྱ་དང་སྙོམས་འཇུག་

གི་སྒྲིབ་པའི་གནོད་སྦྱིན་རྣམས་གསོད་པར་བྱེད་པ་ནི་གནོད་སྦྱིན་གྱི་བདག་པོ་སྟེ། དཔལ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པས་བསྟན་པའོ། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ་ཡང་། དེ་ནས་གནོད་སྦྱིན་ཅིར་བརྗོད་བྱ། །གང་

ཞིག་ཉོན་མོངས་ཐམས་ཅད་ཟད། །གང་ཞིག་སྒྲ་རྣམས་ཀྱང་ཟད་པ། །གདུལ་བྱ་ལས་ནི་ཕྱག་རྡོ་རྗེ། །དེས་ན་གནོད་བྱིན་ཞེས་པར་བརྗོད། །ཅེས་སོ། །དེ་ལ་ཅི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན། མི་ཕྱེད་སོ་སོར་བཅད་དུ་མེད། །གདུག་པ་ཀུན་ལ་གནོད་བྱེད་ཕྱིར། །རྡོ་རྗེ་སངས་

རྒྱས་ཀུན་རང་བཞིན། །བྱང་ཆུབ་སེམས་ནི་ཤིན་ཏུ་བསྟན། །ཆོས་ཀྱི་སེང་གེའི་སྒྲ་ཡིས་ནི། །སེམས་ཅན་སོ་སོའི་སྐད་རྣམས་ཀྱིས། །སེམས་ཅན་རྣམས་ཀྱི་དོན་མཛད་གྱུར། །ཞེས་སོ། །མ་མོའི་ཁྱིམ་ཞེས་པ་མ་མོ་ནི་རང་འདྲ་བའི་ཤེས་རབ་སྟེ། ཁྱིམ་ཞེས་པ་ནི་གསང་བའི་པདྨར་རོ། །

Vol. 4 · folio 93b

ཡང་ན་དབེན་པའམ་བས་མཐའ་རུ། །ཞེས་པ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་སོ། །གནས་འདི་རྣམས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་བསྒོམ་པར་བྱའོ་ཞེས་ངེས་པའི་དོན་ཏོ། །ཅུང་ཟད་དྲོད་ནི་ཞེས་པ་ལ་སོགས་པ་སྟེ། དེ་སྐད་དུ་ཡང་གསུངས་པ། རྣལ་འབྱོར་

སྙིང་ནི་རྙོག་མེད་པ། །རྡོ་རྗེ་སྤྱོད་པར་དབང་བསྐུར་བ། །ཁྱིམ་གནས་དགེ་སློང་དགེ་ཚུལ་རུང་། །ཇི་སྲིད་དྲོད་ནི་འགྱུར་བར་དུ། །སྤྱོད་པ་དེ་ནི་གསང་སྟེ་གྱིས། །དེ་ནས་འཇིག་རྟེན་གནོད་པ་ཉིད། །ནུས་པ་ཅན་ལ་བྱོས་ཤིག་གོ། །ཞེས་སོ། །གལ་ཏེ་འགྲུབ་འགྱུར་འདོད་ཡོད་པ། །

གྲུབ་ཆེན་སྤྱོད་པ་བྱེད་འདོད་ན། །གལ་ཏེ་ཞེས་པ་ངེས་པར་མ་ཡིན་པའོ། །འདི་ནི་སྤྱོད་པ་སྤྱད་པར་བྱ། །ཞེས་པ་ངེས་པའི་དོན་ཏོ། །འདི་ཉིད་དུ་གསུངས་པ་ཡང་། གང་བཤད་འཇིགས་པའི་གཟུགས་ཅན་གྱིས། །སྤྱོད་པ་ལོངས་སྤྱོད་ཕྱིར་མ་གསུངས། །ཡིད་ནི་བརྟན་ནམ་གཡོའམ་

ཅི། །རང་གི་སེམས་ནི་སོ་སོར་བརྟག །ཤེས་རབ་མེད་པར་སྤྱོད་པ་སྤྱད་པར་བྱ་བར་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ་བཞིན་བཟང་ཞེས་པ་ལ་སོགས་པའོ། །གསུངས་པ་ཡང་། དང་པོ་གང་ཞིག་སྟོང་པའི་ངོ་བོ་ཡུལ་དང་ཡོན་ཏན་པ་གནས་དེ་ཡི་རང་བཞིན་འགྱུར། །ཁམས་དང་

ཕུང་པོ་རྣམས་ལ་རབ་ཞུགས་སླར་ཡང་མིག་སོགས་དབང་པོ་རྣམས་ལ་མཉམ་པ་སྟེ། །སད་དང་རྨི་ལམ་སོགས་ཞུགས་མཆོག་གི་བདེ་མཉམ་གཞོམ་དུ་མེད་པར་ཡང་དག་རབ་ཞུགས་པ། །རིག་མ་སངས་རྒྱས་ཡུལ་ཏེ་རྡོ་རྗེའི་ཚིག་ལ་གནས་པ་རྣལ་འབྱོར་པ་ཡིས་བཙལ་བར་བྱ། །

ཕྱག་རྒྱ་ཆེན་པོ་འདི་ནི་གང་ལ་སྐྱེ་བ་གཞན་གྱི་བསོད་ནམས་ཀྱི་བག་ཆགས་ཀྱི་དབང་ལས་དང་། བླ་མ་དམ་པའི་མན་ངག་ལས་ཉེ་བར་བསྟན་པ་ལས་དུས་དུ་མར་ཉིན་མོ་དང་མཚན་མོར་ཆོས་ཐམས་ཅད་རྟོག་པ་དང་བྲལ་བ་རང་གི་སེམས་ཀྱི་སྣང་བ་ཙམ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་སྟོང་

པ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་པར་བྱེད་མ་མངོན་དུ་བྱས་ནས་འགྱུར་བ་མེད་པ་ལ་བྱུང་བ་འདིས་དེ་ནི་སྐྱེ་བ་མེད་པ་སྟེ། ཕྱག་རྒྱ་ཆེན་པོ་དེ་བཟུང་ནས་སྤྱོད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །གལ་ཏེ་གླུ་ལེན་ཞེས་པ་ལ་སོགས་པ་ལ་དཔལ་རྡོ་རྗེ་བདུད་རྩིར་གསུངས་པ། སྙན་པའི་

Vol. 4 · folio 94a

སྒྲ་ཡིས་གླུ་བླངས་ཏེ། །མྱོས་དང་སྒྲོལ་དང་ཕེག་རྡོབ་དང་། །དྲུག་སྐྱེས་སྐྱེས་སོགས་གྲངས་རྣམས་ཀྱིས། །སྣ་ཚོགས་པ་དང་ཐུན་མོང་བས། །ལེན་བཞིན་པ་ཡི་གླུ་འདི་ཡིས། །དགའ་དང་བདེ་བའི་རྣམ་འགྱུར་གྱིས། །སངས་རྒྱས་བྱང་ཆུབ་བསྒྲུབ་པར་བྱ། །

རྡོ་རྗེ་བདུད་རྩིའི་བདེ་ཆེན་པོ། །ཤེས་རབ་ཅན་གྱིས་གླུ་མི་སྨད། །རྣལ་འབྱོར་མ་རྣམས་དེས་དགའ་བྱེད། །རྣམ་པ་དེ་ལྟ་དེ་གཞན་ཡང་། །དེ་ལྟར་རྣལ་འབྱོར་རིགས་དེས་བྱ། །ཞེས་སོ། །གལ་ཏེ་དགའ་བ་སྐྱེས་པ་ན། །ཐར་པའི་རྒྱུ་ཡིས་གར་བྱ་སྟེ། །ཞེས་པ་ལ། རྒྱུད་གཞན་དུ་ཡང་

གསུངས་པ། ཕྲེང་བ་ཙནྡན་བུ་མོ་སོགས། །ཇི་ལྟར་མཐོང་བས་བདེ་འགྱུར་བ། །དེ་ནི་དགའ་བར་ཡང་དག་བཤད། །སེམས་ཅན་ཀུན་ལ་ཡང་དག་གནས། །རྡོ་རྗེ་པདྨར་མཉམ་སྦྱོར་ལ། །གང་ཞིག་སེམས་ནི་རྣམ་གནས་པ། །དེ་ཡི་སེམས་ཀྱི་མཚན་ཉིད་གང་། །དགའ་བ་

ཆེན་པོ་དེ་བརྗོད་བྱ། །ཞེས་སོ། །ཐར་པ་ཞེས་པ་ལ་གསུངས་པ་ཡང་། འཁོར་བ་ལས་འདས་ཐམས་ཅད་ལུས་ལ་གནས། །གང་གིས་ཀྱང་ནི་བཅིངས་མིན་གྲོལ་མིན་པ། །མཆོག་ཏུ་མི་འགྱུར་བདེ་བ་ཐར་པ་ཅེས་བརྗོད་བྱ། །ཞེས་སོ། །དེ་ཚེ་རྡོ་རྗེ་རྐང་པས་གར། །མཉམ་གཞག་

རྣལ་འབྱོར་པ་ཡིས་བྱ། །ཞེས་པ་ལ་འདིའི་ངེས་པའི་དོན་ནི་དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། གཡས་པ་བསྐུམ་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་གི་རྐང་པར་བརྗོད་དོ། །གྲངས་ཇི་ལྟ་བ་བཞིན་ཏེ། ཅིག་ཅར་ཉིད་དུ་རྩ་གཉིས་ལ་དབུ་མར་རྒྱུ་བ་ལས་མཉམ་པའི་རྐང་པར་འགྱུར་རོ། །

གཡོན་པ་བསྐུམ་པ་ལས་གཡས་བརྐྱང་གི་རྐང་པར་འགྱུར་རོ། །པདྨའི་གདན་དང་རྡོ་རྗེའི་གདན་གང་ཡིན་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ནམ་མཁའི་དཀྱིལ་འཁོར་ལ་སྲོག་རྒྱུ་བ་ན་ས་གའི་རྐང་པའོ། །རླུང་གི་དཀྱིལ་འཁོར་རབ་ཏུ་རྒྱུ་བ་ནི་ཟླུམ་པོའི་རྐང་སྟབས་སོ། །མེའི་དཀྱིལ་འཁོར་

ལ་རབ་ཏུ་རྒྱུ་བ་ནི་རོལ་པའི་རྐང་སྟབས་སོ། །ཆུའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་པདྨའི་འདུག་སྟངས་སོ། །སའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རྡོ་རྗེའི་འདུག་སྟངས་ཏེ། དེ་ལྟར་མཉམ་དང་མི་མཉམ་བགྲོད་མ་སྲོག་རླུང་རབ་ཏུ་རྒྱུ་བ་རྣམ་པ་ལྔ་གང་ཡིན་པ་དེའི་རྣམ་པར་དག་པས་ལྷ་རྣམས་

Vol. 4 · folio 94b

ཀྱི་རྐང་སྟབས་དང་འདུག་སྟངས་རྣམ་པར་དག་པའོ་ཞེས་སོ། །དཔལ་གསང་བའི་རྒྱན་བཀོད་པར་ཡང་གསུངས་པ། དགའ་བའི་རྣལ་འབྱོར་ཡང་དག་གནས། ལྷ་མོ་བཞི་དང་འགྲོགས་པ་ལས། བཅོམ་ལྡན་འདོད་ཅན་གར་མཛད་དེ། །རྡོ་རྗེ་རོལ་སོགས་ཁ་སྦྱོར་ལས། །གསང་

བའི་སྙིང་པོ་ཐུབ་པ་ཆེ། །ཀུན་གྱི་བདག་ཉིད་དེར་ཞུགས་ནས། །རྡོ་རྗེ་ལྷ་མོ་མཉམ་ལྡན་པས། །ཟློས་གར་ཀུན་ལ་གར་མཛད་དོ། །གླུ་ནི་རྣམ་དག་སྔགས་སུ་གནས། །གར་ནི་བསྒོམ་པའི་རྣམ་པའོ། །དེ་ཡི་ཕྱིར་ན་གླུ་དང་གར། །ཡོ་གའི་རྟག་ཏུ་རྟག་ཏུ་བྱ། །ཞེས་པའོ། །སྨན་ནི་བཟའ་

བར་བྱ་བ་སྟེ། །ཞེས་པ་ལ་སོགས་པ་ལ་སྨན་ནི་བདུད་རྩི་ལྔ་ལ་སོགས་པའོ། །འདིའི་དོན་ནི་འདི་ཡིན་ཏེ། དཔལ་བདེ་བ་ཆེན་པོ་རྟོག་པའི་རྒྱུད་ཆེན་པོར་གསུངས་པ་ཡང་། རྣམ་པར་མི་རྟོག་མོས་པ་ཡིས། །སྒྲུབ་པོ་མཆོག་གིས་བསྒྲུབ་པར་བྱ། །ཁྲག་དང་ཁུ་བ་དེ་བཞིན་ཤ།།གཅི་བ་བཤང་

བ་ཉིད་ཀྱང་ངོ་། །ང་ཡིས་ཕྱིར་རུ་གང་བཤད་པའི། །དམ་ཚིག་ཅེས་པ་འབད་པ་ཡིས། །དེ་ཀུན་དེ་བཞིན་གཤེགས་པ་སྟེ། །ཀླ་ཀློ་ཡི་ནི་ཐ་སྙད་ལས། །གང་ཚེ་སེམས་ནི་མཉམ་ཆགས་པ། །སེམས་ཅན་ཕན་ལ་རབ་ཏུ་འཇུག །རྟག་ཏུ་ཆགས་པའི་སེམས་དེ་ཉིད། །གང་ཚེ་སེམས་

ཅན་ཡོད་མིན་པ། །འདི་ཡི་དོན་ནི་རྟོགས་པ་ཡིས། །ཁྲག་ནི་ཟོས་པར་འགྱུར་བ་ཡིན། །ཁྲག་ཆེན་པོ་ནི་ཟོས་པ་ན། །འོད་དཔག་མེད་པར་འགྲོ་བར་བྱེད། །ཆོས་རྣམས་སྐྱེ་བ་མེད་པ་གང་། །ཁུ་བའི་སྒྲ་ཡིས་སྒྲར་བྱ་བ། །དེ་ནི་སྐྱེ་མེད་རྟོགས་པ་ལས། །ཟ་བར་ཡང་དག་བརྗོད་པ་

ཡིན། །དངོས་པོ་རྣམས་ཀྱི་མཉམ་ཉིད་གང་། །ཤ་ཞེས་རབ་ཏུ་གསལ་བྱས་པ། །མ་སྐྱེས་སྦྱོར་བ་བྲལ་བ་ལས། །ཟ་བ་ཅེས་པར་མངོན་བརྗོད་བྱ། །གང་ཞིག་སེམས་ནི་རབ་ཟག་པ། །དམ་ཚིག་དོན་ལ་རྗེས་སྦྱོར་ལས། །མི་བསྐྱོད་ཅེས་པར་དེ་ལ་གསུངས། །དེ་ཡི་ལས་

སྦྱོར་ལས་འཐུངས་པའོ། །སེམས་གནས་པའམ་རྗོད་པ་ཡང་། །ཅུང་ཟད་ཀྱང་ནི་ཡོད་མིན་པ། །དེ་ནི་བཤང་བར་གསུངས་པའོ། །དེ་རྟོག་མེད་ཕྱིར་ཟོས་པའོ། །འདི་ནི་དམ་ཚིག་རྣམས་ཀྱི་ནི། །མཚན་ཉིད་གསལ་བར་བཤད་པའོ། །དོན་འདི་ངེས་པར་རྟོགས་པ་ཡིས། །སངས་

Vol. 4 · folio 95a

རྒྱས་ཆོས་རྣམས་རྗེས་སུ་རྟོགས། །དམ་ཚིག་འདི་རྣམས་ལ་འཇུག་ཕྱིར། །དམ་ཚིག་སེམས་དཔའ་བརྗོད་པར་བྱ། །ཞེས་པ་ལ་སོགས་པའོ། །གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ། །ཐལ་བ་སྐྲ་ཡི་མཆོད་ཕྱིར་ཐོགས། །ཞེས་པ་ལ་

གསུངས་པ་ཡང་། བྱང་ཆུབ་སེམས་ནི་སྟེང་དུ་འགྱུར། །ཡན་ལག་ཀུན་ལ་རྣམ་གནས་པ། །དེ་ཉིད་ཐལ་བ་དག་པར་བརྗོད། །ཕྱི་དང་ནང་དུ་ཡང་དག་གནས། །ཞེས་སོ། །སྒྲ་ཞེས་པ་ལ་ཀཾ་ནི་མགོ་བོ་སྟེ་ཡན་ལག་མཆོག་གོ། །དེར་གནས་པ་ཡི་དབང་ལྡན་ནི། །གཙོ་བོ་

བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཡིན་ལ། དག་བྱེད་ཀྱང་སྟེ་སྒྲིབ་པ་སྤངས་པ་ཉིད་ཀྱི་ཕྱིར་དང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱི་ཕྱིར་ན། དག་བྱེད་ཅེས་པ་ངེས་པའི་དོན་ཏོ། །རྡོ་རྗེ་ཐོད་པའི་སྤྱོད་པ་ལ་དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་གསུངས་པ་ཡང་། རྡོ་རྗེ་སངས་རྒྱས་ཞེས་པར་བཤད། །

ཐོད་པ་གསང་བར་ཡང་དག་གནས། །ཞེས་སོ། །སྤྱོད་པར་བྱེད་པས་ན་སྤྱོད་པ་ཞེས་པ་གསང་བ་ལས་ཀྱང་ཤིན་ཏུ་གསང་བའི་ཡེ་ཤེས་ཏེ། དེའི་རང་བཞིན་དུ་བྱེད་པ་ནི་སྤྱོད་པ་ཞེས་མངོན་པར་བརྗོད་པར་བྱའོ། །ལུས་ཀྱི་སྦྱིན་པ་བྱིན་ནས་ནི། །ཞེས་ཚིག་འདིའི་རྒྱས་པར་བཤད་པའི་ཚིག་ནི་

དཔལ་དྲི་མ་དང་བྲལ་བའི་འོད་དུ་གསུངས་པ། དེས་དམ་བཅའ་བ་འདི་བྱ་སྟེ། བདག་གིས་དུས་ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་སྦྱིན་པར་དབུལ་བར་བྱའོ། །ཞེས་སོ། །དང་པོར་རེ་ཞིག་དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་ལས་ཞེས་པ་ལག་པ་གཉིས་དང་རྐང་པ་གཉིས་

དང་ལུས་ཏེ་ལྔ་པོ་འདི་རྣམས་ལས་དྲུག་པ་ཡན་ལག་མཆོག་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པར་རབ་ཏུ་དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྡན་པའི་བླ་མ་ལ་ཕྱག་བྱས་ནས་མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པའི་བདེ་བའི་གོ་འཕང་དུ་འགྲོ་ཞིང་

སྦྱིན་པར་བྱེད་དོ། །དེ་བཞིན་དུ་ངག་དང་ལག་པ་དང་རྐང་པ་དང་། བཤང་ལམ་དང་། ཉེར་གནས་ཏེ་ལས་ཀྱི་དབང་པོ་རྣམས་ལས་ངག་ཉིད་བདེན་པར་སྨྲ་བའི་དོན་དུ་དབུལ་བར་བྱའོ། །སྐལ་བ་སྐལ་མེད་རྣམ་དཔྱད་པ། །ཞེས་པ་གཅིག་དང་དུ་མ་དང་བྲལ་བས་ན་སྦྱིན་པར་བྱ་བ་དང་།

Vol. 4 · folio 95b

སྦྱིན་པ་པོ་དང་ལེན་པ་པོ་སྟེ་གསུམ་པོ་མི་དམིགས་པའི་ཚུལ་གྱིས་སྦྱིན་པར་བྱའོ། །ཞེས་པའོ། །སྦྱིན་མི་བྱ་ཞེས་པ་སྦྱིན་པའི་རྣམ་པར་རྟོག་པ་དེའི་ཕྱིར་མི་བྱའོ་ཞེས་པའི་དོན་ཏོ། །སྦྱིན་སྲེག་མཆོད་སྦྱིན་དཀའ་ཐུབ་འདས། །ཞེས་པ་ལ་སོགས་པ། སྦྱིན་སྲེག་མེད་ཅིང་མཆོད་

སྦྱིན་མེད། །དཀའ་ཐུབ་མེད་ཅིང་བྱ་དཀའ་མེད། །འགྲོ་བ་གསུམ་པོ་ཐམས་ཅད་ཡོད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སྒོམ་ཡང་སྒོམ་པ་མ་ཡིན་ནོ། །ཞེས་སོ། །བརྒྱ་བྱིན་ལྟ་བུའི་ལྷ་མིན་གང་། །ཞེས་པ་ལ་སོགས་པ་ལ་དཔལ་སམྦུ་ཊར་གསུངས་པ་ཡང་། །དེ་ནས་

རང་གི་འདུན་པ་ཡིས། །དོགས་པ་ཀུན་ལས་ཕྱིར་ཕྱོགས་པས། །དེ་ཉིད་ལྡན་པའི་བདག་ཉིད་སྤྱད། །སེང་གེ་ལྟ་བུར་ཀུན་དུའོ། །ཞེས་སོ། །གསུངས་པ་ཡང་། །བདག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་རི་དགས་ངན་འཇིགས་བྱེད། །ཅེས་སོ། །སྙིང་རྗེས་བཏུང་བར་བྱ་ཞེས་པ་

སྙིང་རྗེ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་རོའོ། །འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་ཡང་གསུངས་པ། །སྲོག་དང་རྩོལ་བའི་མེའི་བྱང་ཆུབ་སེམས་ཀྱི་ཁུ་བ་ཞུ་བ་ནི། །ཐིག་ལེའི་གཟུགས་ཅན་བཏུང་བ་རྡོ་རྗེའི་རྩེ་མོས་ཕྱུང་ནས་གང་། །ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེད་བྱེད་མྱོས་བྱེད་བཏུང་བ་ནི། །

རྣལ་འབྱོར་པ་ཡིས་རྣལ་འབྱོར་ལྡན་པས་བཏུང་བར་བྱའོ། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། །ཉིན་དང་མཚན་མོར་ཐིག་ལེ་ལས་གང་དཀར་པོའི་རྒྱུན་འབབ་མཱ་མ་ཀཱི་སྟེ་ཆང་མ་ཡིན། །གོ་ཀུ་ལ་སོགས་མིག་ལ་སོགས་པ་ཉིན་ཞག་སོ་སོར་སྤྲོ་སྟེ་ཤ་གཞན་

རེས་འགའ་མིན། །རང་རིག་སར་གནས་ལྷ་རྣམས་ཀྱིས་ནི་དག་པའི་ལུས་ལ་བདུད་རྩི་ལྔ་རྣམས་བསྙེན་པ་སྟེ། །སྟོང་པར་སེམས་རབ་ཞུགས་པས་རོ་མཉམ་བྱེད་པ་འཁྲིག་པ་དེ་ནི་སྐྱེ་གནས་ལ་མ་ཡིན། །ཞེས་སོ། །རྣལ་འབྱོར་ཞེས་པ་དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། ཡོད་དང་

མེད་ལས་རྣམ་པར་འདས། །དངོས་དང་དངོས་མེད་གཉིས་ཟད་ཅིང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྡོ་རྗེ་རྣལ་འབྱོར་བདེ་བ་ཆེ། །ཞེས་པ་ལ་སོགས་པའོ། །གཞན་ཐམས་ཅད་ནི་དྲང་བའི་དོན་གྱིས་གོ་སླའོ། །ཕྱི་རོལ་དུ་ནི་ལྷ་རྣམས་གཏོར་མའི་དོན་དུ་གསུངས་པའོ་ཞེས་པའོ། །

Vol. 4 · folio 96a

དཔལ་སམྦུ་ཊ་རུ་གསུངས་པ་ཡང་། །ཕུང་པོ་ཁམས་སོགས་མཚན་ཉིད་ནི། །ཐམས་ཅད་རྨི་ལམ་སྒྱུ་མ་བཞིན། །ཁམས་གསུམ་འདི་ཀུན་ཐམས་ཅད་ཀྱང་། །མདོར་བསྡུས་པ་ལས་ཤེས་ནས་གནས། །ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ།

དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཐབས་ལ་མཁས་པའི་ལེའུར་གསུངས་པ་ཡང་། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྨི་ལམ་གྱི་ནང་དུ་སོན་པ་ན་ཡང་། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་རྣམས་སུ་ཞེས་རྣམ་པར་ལྟ་ཞིང་མངོན་སུམ་དུ་ཡང་མི་བྱེད་ན།

རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་སོ། །དེ་བཞིན་དུ་སླར་ཡང་རྨི་ལམ་གྱི་ནང་དེ་ནས་སད་པའི་དེ་མ་ཐག་ཏུ་ལངས་པའི་འདི་ལྟར་འགྱུར་ཏེ། ཁམས་གསུམ་པའི་བདག་ཉིད་འདི་

ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཡང་དག་པར་ཆོས་བསྟན་པར་བྱའོ་ཞེས་སོ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །མཚོ་དང་དབང་ཕྱུག་དུ་བ་དང་། །དེ་བཞིན་འཇིག་རྟེན་ཆོས་བརྒྱད་རྣམས། །

ཐམས་ཅད་ཤིན་ཏུ་རིང་བར་སྤང་། །དེ་སྐད་དུ་ཡང་གསུངས་པ། རྣལ་འབྱོར་དབང་པོ་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་རེས་འགའ་ཤི་གྱུར་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་སྐྱེ་འགྱུར། །སྔོན་གྱི་གོམས་པ་དེ་ཡིས་

སླར་ཡང་ཡེ་ཤེས་རྣལ་འབྱོར་ཡངས་པ་ཀུན་དུ་འཛིན་པར་འགྱུར། །ཡེ་ཤེས་ཐོབ་ན་མི་ཟད་མཆོག་གི་གནས་སུ་རབ་འགྲོ་གང་དུ་སླར་ཡང་སྐྱེ་ལྡན་མིན། །ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་ཁ་ཆེ་ཆེན་པོས་རྟོགས་པ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་སྤྱོད་པའི་ལེའུ་སྟེ་

དྲུག་པའོ།། །།ད་ནི་ཙྪོ་མའི་ལེའུ་གསུངས་པ། དང་པོར་ཡི་གེའི་བརྡ་ཡིས་དངོས་པོའི་ཆོས་རིག་པར་བྱ་སྟེ། གནས་ལ་སོགས་པར་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལའོ། །དམ་ཚིག་མེད་པའི་སེམས་ཅན་གྱི་ནང་དུ་ཙྪོ་མ་སྟེ་དགོངས་པའི་སྐད་གཞན་གྱིས་རྣལ་འབྱོར་

Vol. 4 · folio 96b

པའམ་རྣལ་འབྱོར་མ་སྨྲ་བར་བྱའོ་ཞེས་པ་རྒྱུད་ཐམས་ཅད་ཀྱི་ངེས་པའོ། །གང་ཕྱིར་སོར་མོ་གཅིག་སྟོན་དང་། །གཉིས་ཀྱིས་ལེགས་པར་འོངས་པ་ཡིན། །བསྙུན་གྱི་ཕྱག་རྒྱར་ཤེས་བྱ་སྟེ། །གཡོན་པའི་མཐེ་བོང་བསྡམས་པ་ལ། །གང་ཞིག་མིང་མེད་སྟོན་པ་ན། །དེ་ཡི་མཐེ་ཆུང་

སྦྱིན་པར་བྱ། །གང་ཞིག་གུང་མོ་སྟོན་པ་ལ། །དེ་ཡི་ཕྱོགས་གཅིག་པ་སྦྱིན་བྱ། །ཞེས་པ་ལ་སོགས་པ་ཡན་ལག་གི་བརྡ་སྟེ་འདིའི་རིམ་པ་རྟོགས་པར་བྱ་ཞིང་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་དམ་ཚིག་ཅན་དང་། དེ་མ་ཡིན་པ་དབྱེ་བར་བྱ་སྟེ། དེ་ལྟར་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་

གསལ་བར་བྱ་སྟེ། དཔལ་རྡོ་རྗེ་བདུད་རྩིར་གསུངས་པ་ཡང་། རྣལ་འབྱོར་ཕྱག་རྒྱ་བརྟག་ཅེས་བྱ། །ལག་པའི་ཕྱག་རྒྱ་མི་བརྟན་ཏེ། །ཕྱག་རྒྱ་ཡིད་ཆེས་ངོ་བོ་ནི། །ལྷ་ཉིད་ཀྱི་ནི་བཙུན་མོ་མཆོག །བྷ་གའི་པདྨར་མཆོད་པར་བྱ། །དབང་པོའི་བདེ་བ་ཐམས་ཅད་ཀྱང་། །རྡོ་རྗེ་པདྨ་མཉམ་སྦྱོར་

བས། །བྱ་བ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་སོ། །ཇི་ལྟར་དཔག་བསམ་ཤིང་ཆེན་པོ། །ཡལ་ག་བརྒྱ་ཕྲག་སྟོང་ཡོད་པ། །དེར་ནི་དེ་ལས་རྩ་བ་གཟུང་། །དེ་ནི་སྐྱེད་པའི་བྱེད་རྒྱུའོ། །དེ་བཞིན་བདུད་རྩི་འབབ་པའི་རྩ། །སྔགས་དང་ཕྱག་རྒྱ་རྣམས་ཀྱི་མ། །ཕྱག་རྒྱ་ཐམས་ཅད་སྐྱེད་བྱེད་པ། །བྷ་གའི་དབུས་

ན་རྣམ་པར་གནས། །ཞེས་སོ། །གསུངས་པ་ཡང་། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཀུན། །ཕྱག་རྒྱ་ཡིས་ནི་རྒྱས་བཏབ་པ། །ཕྱག་རྒྱ་དེ་ཡིས་རྟག་ཏུ་བཀོད། །དཀྱིལ་འཁོར་ཞེས་པ་རྣམ་པར་བསྟན། །དཔལ་འདུས་པར་གསུངས་པ་ཡང་། གལ་ཏེ་བྱང་ཆུབ་མཆོག་འདོད་

ན། །ལག་པའི་ཕྱག་རྒྱ་བཅིང་མི་བྱ། །དམ་ཚིག་འདི་ནི་སྔགས་ཀུན་དང་། །རྒྱལ་བ་ཡིས་ཀྱང་མི་འདའ་འོ། །དེ་ལྟར་ཕྱག་རྒྱ་མི་བཅིང་པར་གསུངས་པ་ན། རྡོ་རྗེ་བཅིང་བའོ་ཞེས་པ་བཅོམ་ལྡན་འདས་ཀྱིས་ངེས་པའོ། །འདིའི་དོན་འདི་ཡིན་ཏེ། དཔལ་ཐམས་ཅད་གསང་བར་

གསུངས་པ། ང་རྒྱལ་མེད་ཅིང་སྣང་བ་མེད། །མཚན་མ་མེད་ཅིང་གསལ་བྱེད་མིན། །བདག་མེད་མཉམ་ཉིད་ཡེ་ཤེས་ནི། །རྡོ་རྗེ་བཅིངས་པ་ཞེས་པར་བཤད། །དེ་བཞིན་དུ་ཕྱག་རྒྱ་གཅིག་སྟོན་པ་ལ་ཡང་ཕྱག་རྒྱའི་ལན་དུ་མར་འགྱུར་ཏོ། །དེའི་ཕྱིར་ནུས་པ་དང་བྲལ་བས། །ཕྱག་

Vol. 4 · folio 97a

རྒྱའི་ལན་བསྟན་པར་མི་བྱའི། །འདི་རྣམས་ལ་ཕྱག་འཚལ་བ་བྱས་ནས། སྙིང་གར་ལག་པ་གཡོན་པའི་མཐིལ་གཞག་སྟེ་རང་གི་ལུས་གཡོན་སྐོར་དུ་བསྐོར་ལ་དེ་ནས་ལག་པ་གཡོན་གྱིས་ཕྱག་བྱས་ནས་འགྲོ་བར་བྱ་ཞིང་དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །

བྱིས་པའི་རྣལ་འབྱོར་པ་རྣམས་ལ་ངེས་པ་གང་བྱིན་པ་དེ་དེ་ཡིས་བྱའོ། །རྣམ་པ་གཞན་དུ་ན་འཆི་བ་ཐོབ་སྟེ་ཁྲོས་པའི་ཕོ་ཉ་མོ་ནུས་པ་དང་ལྡན་པའོ། །ཀྱེ་བཅོམ་ལྡན་འདས་གནས་ལ་སོགས་པ་དེ་རྣམས་དུ་ལགས། མཆོག་གི་གནས་ལ་སོགས་པ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་ལ་སོགས་

པའོ། །འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་གསུངས་པ། མཆོག་ཏུ་གནས་པ་ཤེས་རབ་བཤད། །བདག་ཉིད་གནས་ནི་ཐབས་ཡིན་ནོ། །འདི་དག་གཉིས་སུ་བྱར་མེད་པ། །རྣལ་འབྱོར་གནས་ཞེས་བཞག་པ་ཡིན། །དེ་ཉིད་གནས་ནི་དེ་ལས་སྐྱེས། །དེ་དང་བྲལ་བར་གང་གྱུར་པ། །

ལྷན་ཅིག་སྐྱེས་པ་ཡང་དག་བཤད། །ངག་གི་ལམ་འདས་སྤྱོད་ཡུལ་ལོ། །ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་ཡང་གསུངས་པ། གནས་ནི་བུད་མེད་གསང་བའི་པདྨར་རབ་འགྱུར་དམ་ཚིག་ལ་ནི་རྡོ་རྗེ་ཉིད་ཉེའི་གནས། ཞིང་དང་ཚནྡོ་ཧ་དང་འདུས་པ་དུར་ཁྲོད་ས་གཞི་དེ་བཞིན་

དེ་ལྟར་མཐའ་དག་གོ། །ཞེས་པ་ལ་སོགས་པའོ། །གསུངས་པ་ཡང་། འདིར་ཐུན་མོང་གིས་བྱིས་པ་རྣམས་ཡུལ་དུ་འཁྱམ་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པ་གནས་ལ་སོགས་པར་གསུངས་ཏེ། དེ་ཉིད་ཀྱི་ཐམས་ཅད་དུ་ཁྱབ་པར་བྱེད་པར་མི་འགྱུར་ཏེ། རྣལ་འབྱོར་མ་རྣམས་

ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུ་ཡང་གནས་ལ། གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་སུ་གསུངས་པ་ནི། ས་ཐམས་ཅད་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འདིར་དཔལ་འཁོར་ལོ་སྡོམ་པར། གང་གནས་དང་ཉེ་བའི་གནས་ལ་སོགས་པར་གསུངས་པ།

དེ་རྣམས་དཔལ་ཀྱེའི་རྡོ་རྗེར་ཞིང་དང་ཉེ་བའི་ཞིང་ལ་སོགས་པ་རྣམས་སུ་འཁྲགས་འཁྲུགས་སུ་གསུངས་སོ། །རྣལ་འབྱོར་པ་རྣམས་ཀྱི་འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཕྱི་རོལ་གྱི་གནས་ལ་སོགས་པར་ཇི་ལྟ་བ་བཞིན་དུ་མི་འགྱུར་རོ། །ནང་དུ་ནི་མ་རིག་པ་ལ་སོགས་པའི་ཡན་ལག་བཅུ་

Vol. 4 · folio 97b

གཉིས་འགགས་པ་རྣམས་རྒ་ཤི་ལ་སོགས་པའི་འགོག་པས་གནས་ལ་སོགས་པ་རྣམས་སུ་རྟོགས་པར་བྱའོ། །དེ་སྐད་དུ་ཡང་གསུངས་པ། ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་

གཉིས་འཆང་། །ཞེས་སོ། །གནས་ལ་སོགས་པ་དེ་རྣམས་སུ་རིམ་པ་ཇི་ལྟ་བར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་རྟོགས་པར་བྱའོ། །འདིའི་ངེས་པའི་དོན་ནི་རྒྱུད་གཞན་དུ་གསུངས་པ། མཚན་ཉིད་བཞི་ཡི་སྦྱོར་བ་ལས། །གང་དུ་རྟག་ཏུ་ཆགས་བྲལ་བ། །རྣམ་པ་ཐམས་

ཅད་མཆོག་ལྡན་པ། །དེ་ནི་དཔའ་བོ་ཞེས་པར་བཤད། །དེར་ནི་དབང་ཕྱུག་ཡང་དག་ཐོབ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཏེ། །དཔའ་བོའི་དབང་ཕྱུག་མ་ཞེས་འགྱུར། །དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་དག་པའི་ཕུང་པོ་དང་

ཁམས་དང་། སྐྱེ་མཆེད་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ལྷའི་ངོ་བོས་འོང་བའམ། འགྲོ་བའོ། །འདི་རྣམས་རིམ་པ་ཇི་ལྟ་བར་སྤྱི་གཙུག་དང་སྤྱི་བོ་དང་། རྣ་བ་གཡས་པ་དང་། ལྟག་པ་དང་། རྣ་བ་གཡོན་པ་དང་། སྨིན་མའི་དབུས་དང་། མིག་དང་། དཔུང་པའི་རྩ་བ་དང་། མཆན་ཁུང་དང་།

ནུ་མ་ཟུང་དང་། ལྟེ་བ་དང་། སྣའི་རྩེ་མོ་དང་། ཁ་དང་། མགྲིན་པའི་ཕྱོགས་དང་། སྙིང་ག་དང་། མདོམས་བར་དང་། རྟགས་དང་། བཤང་ལམ་དང་། བརླའི་ཕྱོགས་དང་བྱིན་པ་དང་། སོར་མོ་དང་། རྐང་པའི་བོལ་དང་། པུས་མོ་རྣམས་སུ་དབང་བྱེད་པ་ལ་

སོགས་པ་སྟེ། སྐྱེ་བར་བྱེད་གནས་པར་བྱེད། ཐིམ་པར་བྱེད་དོ། །པུལླཱི་ར་རུ་དབང་བྱེད་ཅིང་། །ཛཱ་ལནྡྷ་རར་ལོངས་སྤྱོད་བཤད། །ཨོ་ཌི་ཡ་ནར་ཐིམ་པར་བརྗོད། །གནས་ལ་སོགས་པའི་གཞི་དང་གཞིར། །ཡན་ལག་ཀུན་ལ་ཐིམ་པར་འགྲོ། །ཧེ་རུ་ཀ་ཡི་

མཚན་ཉིད་དོ། །སྤྲུལ་པ་ཡིས་ནི་རྟག་ཏུ་སྐྱེ། །ལོངས་སྤྱོད་རྫོགས་པ་གནས་པའི་རྒྱུ། །ཆོས་ཀྱི་སྐུ་ཡི་རང་བཞིན་གྱིས། །ཐིམ་པར་གྱུར་ཏེ་ཐེ་ཚོམ་མེད། །དེ་ལྟར་ལུས་ཀྱི་རྣམ་དབྱེ་བས། །དབང་བྱེད་ལོངས་སྤྱོད་ཐིམ་པ་རྣམས། །གནས་འདི་རྣམས་སུ་ཇི་ལྟར་བཞིན། །རྟག་

Vol. 4 · folio 98a

ཏུ་དགའ་བ་སྐྱེ་བར་འགྱུར། །སྐྱེ་བར་བྱེད་ཅིང་གནས་པར་བྱེད། །ཐིམ་པར་བྱེད་དེ་རིམ་པས་སོ། །སྔ་མ་འགགས་པ་ནི་ཕྱི་མ་སྐྱེ་བའོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། སྲོག་གི་རྩོལ་བའི་མེ་ཡིས་རི་བོང་ཅན་ནི་ཞུ་བའམ་བཏུང་བ་ཆང་ནི་བཏུང་བའོ། །

མཐེ་བོའི་ཚིགས་ལས་གཙུག་ཏོར་དུ་ནི་ཉའི་མཐར་རང་སེམས་འགྲོ་སྟེ་ཆོས་ཀྱི་དབང་གིས་སོ། །གཙུག་ཏོར་ནས་ནི་སོར་མོ་རྣམས་སུ་སླར་ཡང་འདི་འགྲོ་ནག་པོའི་ཕྱོགས་ཀྱི་མཐའ་རུའོ། །རྣལ་འབྱོར་པ་རྣམས་སྤྱོད་པ་གང་དེ་ཉིན་ཞག་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་སྟེར་ཞེས་

སོ། །དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། སའི་དཀྱིལ་འཁོར་གཞི་ལ་གནས། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོ་ལ་གནས་པས། །ཚངས་པའི་སྒོ་ངའི་རྩེ་མོ་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་

པའི་དོན་ཏེ་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །ཞེས་པ་ལ་སོགས་པ་སྟེ། འདི་ནི་འཆི་བའི་མཐའ་དང་སྐྱེ་བའི་མཐར་རྟོག་པའི་ཆོས་གོས་དག་གིའོ་ཞེས་རིགས་པར་བྱའོ། །འདིའི་དོན་ནི་དཔལ་ཐམས་ཅད་གསང་

བར་གསུངས་པ་ཡང་། སངས་རྒྱས་ཀུན་གྱི་བདོག་པ་ཀུན། །རང་གི་སེམས་ཀྱི་ཆོས་སུ་འདུས། །ཆོས་ཀྱི་བདག་མེད་རྣལ་འབྱོར་གྱིས། །རང་ཉིད་གསང་བྱ་འཆི་བར་འགྱུར། །རང་གི་སེམས་ཉིད་གསད་བྱ་སྟེ། །སེམས་ཉིད་ཁོ་ན་གསོད་བྱར་བྱེད། །རང་སེམས་ཉིད་ནི་རྫོགས་

སངས་རྒྱས། །སེམས་ཉིད་རྟོགས་པར་བྱ་བ་ཡང་། གསུངས་པ་ཡང་། གནས་རྣམས་ཉི་ཤུ་རྩ་བཞི་རྣམས། །ས་བཅུ་རྣམ་པར་དག་པ་ལས། །འདི་ཡི་དོན་ནི་འདི་ཡིན་ཏེ། །སྦྱིན་པས་རབ་དགའ་རྣལ་འབྱོར་པའི། །ཚུལ་ཁྲིམས་ལྡན་པ་དྲི་མེད་འགྱུར། །བཟོད་པས་འོད་བྱེད་

པ་རུ་བསྟན། །བརྩོན་འགྲུས་འོད་འཕྲོ་བསོད་ནམས་ལྡན། །བསམ་གཏན་ལས་ནི་མངོན་གྱུར་དགའ། །ཤེས་རབ་ཀྱིས་ནི་སྦྱང་དཀའ་བ། །ཐབས་ཆེན་རིང་དུ་སོང་བའོ། །སྟོབས་དང་ལྡན་པ་མི་གཡོར་འགྱུར། །སྨོན་ལམ་གྱིས་ནི་ལེགས་པའི་བློ། །ཆོས་ཀྱི་སྤྲིན་ནི་ཡེ་ཤེས་ལྡན། །

Vol. 4 · folio 98b

བདེ་གཤེགས་རྒྱལ་བས་སོ་སོ་ནི། །རང་གིས་རིག་བྱ་བཅུ་གཅིག་པ། །ཞེས་སོ། །གསུངས་པ་ཡང་། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་

ལ་ནི་རབ་ཏུ་གནས། །ཞེས་སོ། །ས་བཅུ་ཤིན་ཏུ་ནོན་ནས་ནི། །དེ་ལས་རྟགས་ནི་ངེས་པར་འགྱུར། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ་ཡང་། རང་ཉིད་རྟགས་ནི་རངས་གྱུར་ནས། །རྟག་ཏུ་ཆུ་སྐྱེས་སྟེང་དུ་རྟགས། །རྡོ་རྗེས་བྱིན་

གྱིས་བརླབས་བྱས་ནས། །གདོད་མའི་རྡོ་རྗེ་སེམས་དཔའ་ངའོ། །ཞེས་སོ། །ནག་པོའི་ཕྱོགས་ལ་བཅུ་བཞི་པ། །དེ་བཞིན་དུའང་བརྒྱད་པ་ལ། །ཞེས་པ་འདིའི་དོན་ཡིན་ཏེ། ཚེས་གཅིག་ལ་སོགས་བརྒྱད་པ་དང་བཅུ་བཞི་པ་གནམ་སྟོང་གི་མཐར་ཐུག་པ་ནི་ནག་པོའི་ཕྱོགས་ལ་ཆགས་བྲལ་ཏེ།

ཆ་ཉམས་པ་བྱང་ཆུབ་ཀྱི་སེམས་འཕོ་བའོ། །བྱང་ཆུབ་ཀྱི་སེམས་འཕོས་པ་ལས། །འཁོར་བའི་སྲིད་པའི་བར་དུ་གནས་པའོ། །དེའི་ཕྱིར། །རྒྱལ་མཚན་མཚོན་བསྣུན་ཉིད་དང་ནི། །ལན་བདུན་པ་ཡང་བཟའ་བར་བྱ། །ཞེས་པ་ལ་རྒྱལ་མཚན་གྱི་སྒྲས་དྲོ་བ་རྣམས་ཀྱི་ཐ་མ་ཐིག་ལེས་

བརྒྱན་པའོ། །མཚོན་བསྣུན་ཞེས་པ་ཡེ་ཤེས་ཀྱི་མེས་བསྣུན་པའོ། །ལན་བདུན་པ་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པ་དྲུག་པོ་བདེ་བ་ཆེན་པོ་དང་ལྷན་ཅིག་བདུན་དུ་འཇུག་པ་སྟེ། གཅིག་ཏུ་འདྲེས་པར་གྱུར་པ་བཟའ་བར་བྱའོ་ཞེས་པ་མི་འཕོ་བར་བྱའོ་ཞེས་པའི་དོན་ཏོ། །འདིར་བརྟན་པར་

བྱེད་པ་དཔལ་རྩ་བའི་རྒྱུད་དུ་གསུངས་པ། དབང་པོ་དང་ནི་ཡུལ་འགགས་ཤིང་། །དགའ་བ་ལ་སོགས་སྐྱེས་པས་ན། །ཐིག་ལེ་རྣམས་འཛག་ཟླ་བ་ལ། །ཧཾ་ཡིག་མགོ་བོར་ཡང་དག་གནས། །གསང་བའི་འཁོར་ལོ་འདིར་སྐྱེས་པ། །དེ་ནི་ཕྱུགས་ཆེན་ཉིད་དུ་བཤད། །རྩེ་གསུམ་ཐུར་དུ་

རྩ་གསུམ་ཟུག །གང་དུ་སྦུབས་སུ་རབ་ཏུ་བསྟན། །སྐྱེ་བ་བདུན་པའི་ཕྱུགས་ཉིད་ནི། །མཁའ་སྤྱོད་དངོས་གྲུབ་སྦྱིན་པ་པོ། །རྒྱལ་བ་ཡིས་ནི་ནད་རྣམས་འཕྲོག །ཕུང་པོ་ཁམས་ཅན་བཞུ་བ་ཡིས། །འཁོར་ལོས་སྒྱུར་བ་སྦྱིན་པར་བྱེད། །དབང་པོ་དང་ནི་ཡུལ་གསད་པ། །འདི་ནི་མཁའ་སྤྱོད་

Vol. 4 · folio 99a

སྟེར་བྱེད་དེ། །ཕྲ་ལ་སོགས་པའི་ཡོན་ཏན་ལྡན། །སད་པ་སོགས་ཀྱི་རྗེས་འབྲངས་པས། །མྱུར་དུ་སངས་རྒྱས་སྟེར་བར་བྱེད། །ཇི་ལྟར་ཕྱི་རོལ་དངུལ་ཆུ་བཅིངས། །དེ་ལྟར་ཡེ་ཤེས་བཅུད་འདི་ཡང་། །དེ་བཞིན་ཚངས་པ་ཁྱབ་འཇུག་ཕྱུགས། །གསང་བའི་འཁོར་ལོར་བཏུང་

བ་ནི། །ཇི་སྲིད་སྲེག་བླུགས་འབབ་པའི་བར། །ཡངས་པའི་ཚེ་ནི་སྟེར་བར་བྱེད། །སྟེང་དུ་སྒྲ་གཅན་ཕྱུགས་སུ་བརྗོད། །ཟླ་བ་ཉི་མ་ཕྱུགས་ཆེན་དག །ཚངས་པའི་བུ་གར་ལྷུང་གྱུར་པ། །སྤྱོད་དང་གྲོལ་བའི་འབྲས་བུ་སྟེར། །ཁྲག་དང་ཆུ་རྒྱུས་དེ་བཞིན་དུ། །རྐང་མར་འབད་པས་

བཏུང་བར་བྱ། །འདི་རྣམས་ཀྱང་ནི་ཕྱུགས་ཞེས་བྱ། །ཕྱི་རོལ་གཟུགས་ཅན་གཞན་ཕྱུགས་མིན། །སྐྱེ་བ་བདུན་པ་ཕྱུགས་རྣམས་འདིར། །ཀུན་ལས་མཆོག་གི་དབང་ཕྱུག་གོ། །ལུས་ལ་སྐྱེ་བདུན་ཇི་ལྟ་བ། །དེ་ལྟར་ད་ནི་བཤད་བྱ་ཉོན། །བཟའ་དང་བཏུང་བའི་རོ་རྣམས་ཀུན། །ཟོས་དང་

མཐུངས་པ་རྣམ་པ་དྲུག །སྨིན་མ་ལས་ནི་བཅུ་འགྱུར་ཏེ། །དེ་དེའི་སྐྱེ་བ་དང་པོའོ། །ཕྱི་ནས་ཁྲག་ཉིད་དུ་ནི་འགྱུར། །གཉིས་པར་གསལ་བར་འགྱུར་བ་ཡིན། །ཤ་ཉིད་དུ་འགྱུར་གསུམ་པའོ། །བཞི་པ་པགས་པ་ཉིད་དུ་འགྲོ། །ལྔ་པར་རྩ་ཉིད་འགྱུར་བ་ཡིན། །དྲུག་པར་རུས་པ་ཉིད་

འགྱུར་རོ། །བདུན་པར་རྐང་ཉིད་དུ་འགྱུར་ཏེ། འདི་ནི་འདི་བདུན་པར་འགྱུར་རོ། །ཞེས་སོ། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་རབ་ཏུ་བསྒྲགས། །ཇི་ལྟར་ཉི་སོགས་དྲག་པོ་སྟེ། །དེ་ལྟར་ཟླ་བ་དབུ་མར་འདོད། །དེ་ལྟར་ཉི་ཟླ་ཉིན་མཚན་གྱི། །དབྱེ་བས་ཉིན་མཚན་

དུས་ཞེས་བརྗོད། །དེ་བཞིན་དུ་གསུངས་པ། དུས་ཀྱི་འབྱུང་པོ་རྣམ་སྤྲོ་བྱེད། །དུས་ཀྱི་སྐྱེ་དགུ་སྡུད་པར་བྱེད། །དུས་ནི་བཅོམ་ལྡན་རྡོ་རྗེ་ཅན། །ཉིན་དང་མཚན་མོའི་ངོ་བོར་ལྡན། །ཞེས་སོ། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཞེས་པ་ལ་སོགས་པ་ལ་འདིའི་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་

རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཅིག་ཏུ་འདྲེས་པར་གྱུར་པའི་ཤ་བྱང་ཆུབ་ཀྱི་སེམས་ཞུ་བ་དཔྲལ་བ་ནས་མགྲིན་པ་དང་། སྙིང་ག་དང་། ལྟེ་བ་དང་། རྡོ་རྗེ་ནོར་བུ་རྣམས་སུ་འོངས་པ་བཟའ་བར་བྱ། །ལོངས་སྤྱད་པར་བྱ་སྣང་བ་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ཏོ། །དཔལ་

Vol. 4 · folio 99b

རྡོ་རྗེ་རྩེ་མོར་གསུངས་པ་ཡང་། །སྐྱེ་འགྲོ་སྐྱེ་འགྲོ་ཞེས་བཤད་པ། །མིང་དང་གཟུགས་ཀྱིས་བརྟགས་པ་སྟེ། །སྐྱེ་བོ་དམ་པས་བསྣུན་ནས་བཟའ། །དངོས་གྲུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་སོ། །རྡོ་རྗེ་ཐོད་པའི་སྦྱོར་བ་ལས། །ཞེས་པ་ལ་རྡོ་རྗེ་ནི་མཆོག་ཏུ་མ་འཕོས་པའི་གོ་འཕང་སྟེ།

ཀཾ་བདེ་བ་སྐྱོང་བར་བྱེད་དོ་ཞེས་པ་ཐོད་པའོ། །སྦྱོར་བ་ལས་ཏེ་གཉིས་སུ་བྱར་མེད་པ་ལས་ཞེས་པ་ངེས་པའི་དོན་ཏོ། །གཞན་ཐམས་ཅད་དྲང་བའི་དོན་གྱིས་གོ་སླའོ་ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་བརྡའི་ལེའུ་སྟེ་བདུན་པའོ།། །།

ད་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེས་པ་དང་། །སྐྱེ་བའི་རྒྱུ་སོ་སོར་རྟོགས་པའི་ཆེད་དང་། །གནས་པའི་རྒྱུ་རྒྱས་པར་བསྟན་པའི་ཕྱིར་དུ། རྣལ་འབྱོར་མའི་ལེའུར་གསུངས་པ། །ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་བསྒོམ་པར་བྱ་བ་ནི། །ཞེས་པ་ལ། ནམ་མཁའི་ཁམས་སུ་

ཞེས་པ་ནི་པདྨའི་བརྡའི་ཤེས་རབ་བོ། །བྷ་ག་ཞེས་པ་ནི་ཡེ་ཤེས་ཀྱི་བརྡའི་ཐབས་སོ། །སྒོམ་པ་ཞེས་པ་གཉི་ག་སྙོམས་པར་འཇུག་པའོ། །འཁོར་ལོ་ཞེས་པ་གཉིས་པོ་དབྱེར་མི་ཕྱེད་པའི་རང་བཞིན་ཉིད་ཀྱིས་ན། བདེ་བ་ཆེན་པོ་འཁོར་ལོ་ཞེས་པར་མངོན་པར་བརྗོད་པར་བྱའོ། །འདི་ཉིད་དུ་གསུངས་

པ་ཡང་། །མཁའ་ཁམས་སུ་ཞེས་པདྨ་ལ། །བྷ་ག་ཞེས་པ་ཡེ་ཤེས་བཤད། །སྒོམ་པ་ཞེས་བྱ་སྙོམས་འཇུག་སྟེ། དེ་ཡི་བདེ་བ་འཁོར་ལོར་བརྗོད། །ལྷ་རྣམས་ཏེ་འོག་ནས་འབྱུང་བ་རྣམས་ཀྱི་ཇི་ལྟར་འབྱུང་བ་ཞེས་པ་རིམ་པ་ཇི་ལྟ་བར་སྐྱེ་བ་གསལ་བར་བྱ་སྟེ། ས་ལ་སོགས་པ་རླུང་གི་

མཐར་ཐུག་པའི་ལྷ་རྣམས་གཅིག་ཉིད་དེ་རོ་མཉམ་པར་བྱེད་པའོ། །རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བའི་བདེ་བས་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་གཅིག་པ་ཉིད་ཀྱིས་འདུ་བ་ནི་འཁོར་ལོ་ཞེས་པའོ། །སྒོམ་པ་པོ་ཞེས་པ་ནི་ཀྱེའི་རྡོ་རྗེའི་རྣལ་འབྱོར་དང་ལྡན་པའོ། །ཇི་ལྟ་བ་ཡང་དག་པའི་དོན་འབྱུང་བ་

རྟོགས་པར་འགྱུར་བ་སྟེ། གང་གསུངས་པའི་ལྷའི་འཁོར་ལོ་དེ་ག་ལས་འབྱུང་ཞེས་དོགས་པར་བྱས་ནས་གསུངས་པ། ཆོས་འབྱུང་ལས་སྐྱེས་འཁོར་ལོ་ནི། །རིམ་གཉིས་ཞེས་པ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའོ། །དག་པ་

Vol. 4 · folio 100a

ཞེས་པ་རང་བཞིན་གྱིས་འོད་གསལ་བའོ། །སྐྱོན་མེད་པ་ཞེས་པ་རང་བཞིན་བརྒྱ་དྲུག་ཅུའི་སྣང་བ་དང་བྲལ་བའོ། །ཟེ་འབྲུའི་ནི་ཞེས་པ་རྡོ་རྗེ་དང་པདྨའི་ཟེ་འབྲུའོ། །གཅིག་ཅེས་པ་གཉིས་མེད་པ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ནོ། །གྲུ་གསུམ་ཞེས་པ་ཆོས་

འབྱུང་དུའོ། །གཞན་བརྗོད་མིན་ཞེས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་གཅིག་པུ་ཁོ་ནའོ། །དེའི་དབུས་སུ་ཞེས་པ་ནོར་བུའི་ནང་དུ་གནས་པའོ། །རོ་ཞེས་པ་ལུས་དང་ངག་དང་སེམས་གཅིག་པའི་སྐུའོ། །བཅོ་ལྔའི་ཆའི་བདག་ཉིད་ཅན་གྱི་གདན་ནི་དགའ་བ་བཅུ་དྲུག་གཅིག་ཏུ་འདྲེས་པར་གྱུར་པའི་རྗེ་བཙུན་

གང་གི་ངེས་པ་ཡིན་པའོ་ཞེས་པ་ངེས་པའི་དོན་ཏོ། །འདིར་རབ་ཏུ་རྒྱས་པར་སྟོན་པ་ནི་དཔལ་སམྦུ་ཊ་རུ་གསུངས་པའང་། མགོ་བོ་མེད་དང་མགོ་བོ་ཉིད། །ནཱ་དའི་མཐའ་དང་གསང་པདྨ། །ཆ་རྣམས་སྣ་ཚོགས་ཡི་གེ་རྣམས། །དེ་བཞིན་ཉིད་དུ་གདན་རྣམས་ཀྱང་། །སྐུ་

གསུང་ཐུགས་ཀྱི་རྡོ་རྗེ་ནི། །ཆོས་ཀྱི་དབྱིངས་སུ་རྣམ་པར་འཕྲུལ། །བསྡུས་ནས་གོང་བུའི་སྦྱོར་བ་ཡིས། །རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར། །ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །

གཟུགས་ཆེན་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པ་ལ་སོགས་པའོ། །ཆུའི་ཁམས་དང་མེའི་ཁམས་རོ་མཉམ་པ་མཆོག་གི་གོ་འཕང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་

དབང་པོ་དང་བཅས་པ་དེ་ནི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ། །འདི་ལས་གཽ་རཱི་ལ་སོགས་པ་རྣམས་སུ་འགྱུར་ཞིང་། །ཁ་དོག་དབྱེ་བས་སོ་སོ་གཞན། །ཞེས་པ་ངེས་པའི་དོན་ཏོ། །ད་ནི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ལྷའི་ས་བོན་གྱི་ཡི་གེ་བསམས་ནས། རྣམ་པར་ཐར་པའི་སྒོ་

ལ་སོགས་པ་རྣམ་པར་དག་པར་བྱས་ཏེ། ནམ་མཁའི་མཐིལ་དུ་ཡེ་ཤེས་ཀྱི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲོས་ནས་དེ་རྣམས་ལ་མཆོད་པ་བྱས་ཏེ། །སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་

Vol. 4 · folio 100b

ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་དང་། བདག་ཉིད་ཀྱི་དངོས་པོ་འབུལ་བ་དང་། སྟོང་པ་ཉིད་དུ་དམིགས་པ་སྔགས་པས་བྱའོ། །དེ་སྐད་དུ་ཡང་གསུངས་པ། འདིར་མི་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་སུ། ས་ཡི་ཁམས་ནི་ཆུ་ལ་ཐིམ། །

ཆུ་ནི་མེ་ལ་ཐིམ་པ་སྟེ། །མེ་ཡང་ཕྲ་བའི་ཁམས་ལའོ། །རླུང་ཡང་སེམས་ལ་རྣམ་པར་ཐིམ། །ཞེས་པའོ། །དེ་ལྟར་ཁམས་ཀྱི་ཚོགས་མྱུར་དུ་རྣམ་པར་ཉམས་པ། ནམ་མཁའི་ཁམས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་

རྣམ་པར་ཤེས་པ་གཞག་པར་བྱའོ་ཞེས་པའོ། །དེ་ནས་སྔགས་འདི་བརྗོད་པར་བྱ་སྟེ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ལ་ཁམས་གསུམ་པ་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ་ཞེས་པ། དེ་བཞིན་གཤེགས་པའི་ངེས་པའོ། །

དེ་ནས་ཆོས་འབྱུང་ནམ་མཁའི་ཁམས་ཀྱི་རང་བཞིན་བསྒོམ་པར་བྱའོ། །དེའི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་རྡོ་རྗེའི་ས་གཞི་ལ་སོགས་པ་ཞེས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། རྒྱུད་གཞན་དུ་གསུངས་པ་ཡང་། །རྡོ་རྗེ་དང་པདྨའི་སྟེང་དུ་གནས་པ་དེ་ལས་ངེས་པར་བྱུང་བའི་

དེ་བཞིན་གཤེགས་པ་ཐམས་ཅད་དང་རང་གི་ལྷའི་བདག་ཉིད་རྣམ་པར་སྣང་མཛད་དུ་བྱས་ནས་རྡོ་རྗེའི་ཚིག་གིས་སྔགས་ཀྱི་ཡི་གེ་བཀོད་དེ་ཁང་པ་བརྩེགས་པ་ཀུན་ནས་བསྐྱེད་པར་བྱའོ། །དེའི་སྟེང་དུ་སྔགས་ཁོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པས་རྒྱལ་མཆོག་ཏུ་གྱུར་པ་ནོར་བུ་

རིན་པོ་ཆེ་ཆེན་པོས་སྤྲས་ཤིང་། ཁ་དོག་སྣ་ཚོགས་པ་དྲིལ་བུ་འཕྱང་ཞིང་། རླུང་གིས་བསྐྱོད་པའི་དར་དང་ལྡན་པའི་བ་དན་དང་། མེ་ཏོག་གི་ཕྲེང་བ་དང་ལྡ་ལྡི་དང་། དོ་ཤལ་དང་དོ་ཤལ་ཕྱེད་པ་དང་། །ཟླ་བས་ཉེ་བར་མཛེས་པ་རྡོ་རྗེ་ནོར་བུའི་རྩེ་མོ་ཅན་གྱི་གཞལ་ཡས་ཁང་པ་བསམ་པར་བྱའོ། །

གཞལ་ཡས་ཁང་པ་ཡེ་ཤེས་སུ། །གསང་བའི་དཀྱིལ་འཁོར་མཚན་ཉིད་ཅན། །སེམས་དང་ཡེ་ཤེས་འདྲེས་པ་སྟེ། །བདེ་བ་ཆེན་པོ་གསུང་དུ་གསོལ། །དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ་ཡང་། དཀྱིལ་འཁོར་གྱིས་

Vol. 4 · folio 101a

ནི་དམན་པ་དང་། །དམ་ཚིག་རྣམས་ནི་དོར་བ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །རྡོ་རྗེ་སེམས་དཔའ་གྲུབ་མི་འགྱུར། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་། །སྲ་མཁྲེགས་དཀྱིལ་འཁོར་གསང་བ་ཆེ། །ནམ་མཁའ་ལྟ་བུར་དྲི་མ་མེད། །

ཡིད་མི་བདེ་ལས་རྣམ་པར་གྲོལ། །རྣམ་པར་རྟོག་པ་འཕྲོག་པའི་མཆོག །ཅེས་སོ། །གསུངས་པ་ཡང་། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག །འགྲོ་བའི་བདག་པོ་འཕྲལ་དུ་སྐྱེས། །ཞེས་སོ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཟླ་བ་བཞིན་དུ་དཀྱིལ་འཁོར་སྡུག །སངས་

རྒྱས་ཀུན་གྱི་ཡོན་ཏན་འདིར། །ཨཱ་ལིའི་གཟུགས་ལས་རབ་འཇུག་གོ། །ཞེས་པ་ལ་སོགས་པའོ། །བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ཡོན་ཏན་གྱི་ཁྱད་པར་ཅི་ལྟ་བུ་ལགས། དཔལ་གསང་བའི་དབང་པོའི་ཐིག་ལེར་གསུངས་པ། ཡན་ལག་ཐམས་ཅད་སྒོམ་ལས་འདས། །རྟོགས་

པས་བརྟག་པ་རྣམ་པར་སྤངས། །ཕྱི་མོ་ཐིག་ལེ་ཆ་ལས་འདས། །འདི་ནི་དཀྱིལ་འཁོར་དམ་པའོ། །ཞེས་སོ། །དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། ཉི་མའི་སྟེང་དུ་ཟླ་བའི་དབུས་སུ་ཧཱུྃ་ཡིག་ཟླ་བའི་མཚན་མ་ལྟ་བུའོ། །དེ་བཞིན་དུ་རྡུལ་གྱི་སྟེང་དུ་བྱང་ཆུབ་ཀྱི་སེམས་

སོ། །བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་ཀུན་གཞིའི་རྣམ་པར་ཤེས་པ་དྲི་ཟའི་སེམས་ཅན་ནོ། །དེ་ནས་མེ་ལོང་ལ་སོགས་པ་རྣམ་པ་ལྔ་རྣམས་ཀྱིས་ཞེས་པ་ནི། དེ་ལ་ཟླ་བ་བྱང་ཆུབ་ཀྱི་སེམས་དབྱངས་དང་ལྡན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཟུགས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་རྣམ་པར་

སྣང་མཛད་དོ། །ཉི་མ་དང་རྡུལ་གསལ་བྱེད་དང་ལྡན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཚོར་བའི་ཕུང་པོ་སྐྱེད་པར་བྱེད་པ་རིན་ཆེན་འབྱུང་ལྡན་ནོ། །དྲི་ཟའི་སེམས་ཅན་ཧཱུྃ་ཡིག་དང་ལྡན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། འདུ་ཤེས་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་འོད་དཔག་ཏུ་མེད་པའོ། །འདི་རྣམས་

གཅིག་པ་ཉིད་སྲོག་གི་རླུང་ཧཾ་ཡིག་དང་ལྡན་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། འདུ་བྱེད་ཀྱི་ཕུང་པོ་སྐྱེད་པར་བྱེད་པ་དོན་ཡོད་གྲུབ་པའོ། །དེ་ནས་སྐུ་ཐམས་ཅད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་དང་། རྣམ་པར་ཤེས་པ་ཧཾ་ཡིག་དང་ལྡན་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། རྣམ་

Vol. 4 · folio 101b

པར་ཤེས་པའི་ཕུང་པོ་སྐྱེད་པར་བྱེད་པ་མི་བསྐྱོད་པའོ་ཞེས་པ་ཕྱི་རོལ་དང་ནང་དུ་ཡེ་ཤེས་ལྔའི་བདག་ཉིད་དོ། །འདི་རྣམས་གཅིག་ཏུ་འདྲེས་པར་གྱུར་པ་ནི་ས་བོན་ཏེ། རྡོ་རྗེ་སེམས་དཔའ་འོ་ཞེས་སོ། །འདིའི་དོན་ནི་འདི་ཡིན་ཏེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་བཅུ་པར་གསུངས་པ།

རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ནི་བསམ་གྱིས་མི་ཁྱབ་པ་སྟོན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ནི་བསམ་གྱིས་མི་ཁྱབ་པའོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་བསམ་གྱིས་མི་ཁྱབ་པའོ། །རབ་འབྱོར་

གཟུགས་བསམ་གྱིས་མི་ཁྱབ་པའོ་ཞེས་ཀྱང་འདུ་ཤེས་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །རབ་འབྱོར་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་ཀྱང་འདུ་ཤེས་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་

སོ། །ད་ནི་རྡོ་རྗེ་སེམས་དཔའ་ཞེས་པ་གསལ་བར་བྱ་སྟེ། རྡོ་རྗེ་ནི་མཆོག་ཏུ་བདེ་བའི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་སོ། །སེམས་དཔའ་ནི་རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་གཟུགས་བརྙན་ནོ། །ཡེ་ཤེས་དང་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་སྒྲིབ་པ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པའི་དེ་

ཁོ་ན་ཉིད། འགྲོ་བའི་དོན་བྱེད་པ་ནི་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེའི་གདན་འདི་ནི་རྡོ་རྗེ་སེམས་པའི་གདན་ཏེ། གསུངས་པ་ཡང་འདི་ལྟ་སྟེ། ཨ་སོགས་ཀ་སོགས་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའི་གདན་དུ་དང་། །འགྱུར་མེད་ལས་བྱུང་གོང་བུ་ལ། །ཧཱུྃ་ཕཊ་ཡི་གེ་མི་འདོད་དོ། །

ཞེས་པ། འགྱུར་མེད་འདི་ཡིས་བསྐྱེད་ཅིང་འགྱུར་བ་ཉམས་པར་འགྱུར་བ་མཆོག་གི་དབང་པོ་ཅན། །ཞེས་པ་ལ་འགྱུར་བ་ནི་སྐྱེ་བ་དང་འཇིག་པའི་གནས་སྐབས་ཀྱི་མཚན་ཉིད་ཅན་ཏེ་འཕོ་བའི་སྐད་ཅིག་གོ། །དེ་གང་ལ་འགགས་པར་གྱུར་པ་དེ་ནི་མཆོག་ཏུ་མི་འགྱུར་བ་འཕོ་བ་མེད་པའི་སྐད་ཅིག་གོ། །

དེ་ཉིད་རྡོ་རྗེ་ཡེ་ཤེས་ཞེས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། །གསང་སྔགས་སྐྱེ་གནས་འགྱུར་བ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་འགྱུར་བ་མེད། །ཅེས་སོ། །དེ་སྐད་དུ་ཡང་

Vol. 4 · folio 102a

དཔལ་དང་པོའི་སངས་རྒྱས་སུ་གསུངས་པ། གང་གི་བདེ་བའི་དབང་པོ་སྐྱེད་ཅིང་ཉིན་ཞག་སོ་སོའི་དབང་ལས་གང་གིས་མངལ་ནས་བྱུང་། །སྐད་ཅིག་གང་གིས་འགྱུར་བ་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་

དང་བྲལ་སྟོང་པ་གཞན་གང་སྒོམ་བྱེད་པ། །དེ་ཡི་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བའང་རིང་། །ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལེའུ་བཅུ་གཅིག་པར་གསུངས་པ་ཡང་། འདི་ལྟ་སྟེ། བློ་ཆུང་བ་དེ་རྣམས་འཇིག་རྟེན་པ་དང་འཇིག་

རྟེན་ལས་འདས་པའི་ཆོས་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་རྩ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤངས་ཤིང་དོར་ནས་ཡལ་ག་ལ་འཇུ་བར་བྱ་བར་སེམས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁྱི་ནི་ཇོ་བོའི་གན་ནས་ཟན་སྤངས་ནས་ལས་བྱེད་པའི་གན་ནས་ཟན་ཁམ་ཚོལ་

བར་སེམས་ཏེ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁ་ཅིག་འབྱུང་བར་འགྱུར་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྩ་བ་བོར་ནས་ཡལ་ག་དང་འདབ་མ་དང་། ལོ་མར་གྱུར་པའི་ཉན་ཐོས་དང་རང་སངས་

རྒྱས་ཀྱི་ཐེག་པ་ལ་སྙིང་པོ་སངས་རྒྱས་ཉིད་ཚོལ་བར་སེམས་པའོ་ཞེས་སོ། །ད་ནི། སེམས་དཔའི་གཟུགས་བརྙན་ལས་བྱུང་བ། །དཀྱིལ་འཁོར་དབང་པོ་རྣམ་པར་སྒོམ། །བུ་བཞིན་ཞལ་དང་མཚན་མ་སོགས། །ཟླ་བ་ཆུ་ཤེལ་ནོར་བུའི་འོད། །ཅེས་པ་ལ། །ཟླ་བ་ཆུ་ཤེལ་

ཀུན་རྫོབ་བྱང་ཆུབ་སེམས་ནི་ཀུན་ད་དང་། ཟླ་བ་དང་འདྲ་བ་ཉིད་ཀྱི་ཕྱིར་རོ། །ནོར་བུའི་འོད་ཅེས་པ་ནོར་བུའི་ནང་དུ་རབ་ཏུ་སྣང་བ་སྤྲོས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ལྷན་ཅིག་སྐྱེས་པའི་སྐུ་བདེ་བ་ཆེན་པོའི་མཚན་ཉིད་ཅན་ཞེས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་

གསུངས་པ། དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་བློ་ཡི་མཆོག །སྲིད་པའི་འདོད་ཆགས་སོགས་ལས་འདས། །སྲིད་གསུམ་དགའ་བ་ཆེན་པོ་པ། །སྤྲིན་དཀར་དག་པ་ཤིན་ཏུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཅེས་སོ། །དེ་ཉིད་ཀྱི་ཕྱིར་རང་ཉིད་ལས་

Vol. 4 · folio 102b

ཕྱག་དང་ཞལ་དང་དབྱིབས་མེད་པའི་ཕྱིར་བུ་བཞིན་ཞེས་བརྗོད་དོ། །གསུངས་པ་ཡང་། རྡོ་རྗེ་ཡོངས་སུ་གྱུར་པ་ལས། །དེ་ནས་རྡོ་རྗེ་སེམས་དཔའ་སྒོམ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །ཟླ་བའི་ཁ་དོག་མཚུངས་པའི་འོད། །ཅེས་སོ། །ཟླ་བའི་ཁ་དོག་ཉིད་ཅི་ལྟ་བུ་ཞེ་ན། །དཔལ་སངས་

རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བ་སྡོམ་པར་གསུངས་པ། མཆོག་ཏུ་མི་འགྱུར་དག་པའི་ཕྱིར། །ཆོས་ཀུན་རྣམ་པར་དག་པ་ལས། །གསང་བའི་དེ་ཉིད་དག་ཕྱིར་ཡང་། །རྡོ་རྗེ་འཛིན་དེ་ཟླ་བའི་མདོག །ཅེས་སོ། །གསུངས་པ་ཡང་། ཡིད་མི་བདེ་ལས་རྣམ་པར་གྲོལ། །རྣམ་

པར་རྟོག་པའི་རབ་རིབ་བཅོམ། །ཉོན་མོངས་དྲི་མ་ཀུན་དག་པ། །ཟླ་བ་འདྲ་བའི་སེམས་ཟླ་བ། །ཞེས་སོ། །དེ་ལྟར་དེ་མ་ཐག་ཏུ་བཤད་པའི་ཡན་ལག་སོ་སོ་དང་ལྡན་པའི་ལྷ་མོའི་འཁོར་ལོ་གསུངས་པ། འདི་ལས་གཽ་རཱི་ལ་སོགས་འགྱུར། །ཞེས་སོ། །དེ་སྐད་དུ་འདི་ཉིད་དུ་བཅོམ་ལྡན་འདས་ཀྱིས་

གསུངས་པ། བྱང་ཆུབ་སེམས་ནི་ཟླ་བར་འགྱུར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཅན། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་སོ། །དབང་པོ་རྡོ་རྗེ་གཤིན་རྗེ་དཀར། །ཆུ་རུ་ཆུ་ཡི་རྣལ་འབྱོར་མ། །ལུས་ངན་རྡོ་རྗེ་མཁའ་འགྲོ་མ། །དབུས་སུ་བདག་མེད་རྣལ་

འབྱོར་མ། །ཕྱིའི་འཕར་མ་ལ། གཽ་རཱི་ཆོམ་རྐུན་རོ་ལངས་མ། གྷསྨ་རཱི་དང་པུཀྐ་སཱི། བདེ་བཞིན་རི་ཁྲོད་གདོལ་བ་མོ། །གཡུང་མོ་བརྒྱད་པ་གང་བར་བྱེད། །འོག་ལྡན་མ་དང་སྟེང་ལྡན་ཉིད། །མཁའ་སྤྱོད་མ་དང་ས་སྤྱོད་བརྗོད། །སྲིད་དང་མྱང་འདས་ངོ་བོ་ཡིས། །སྙིང་རྗེ་ཆེན་པོ་འདི་དག་གནས། །

ལྷ་མོ་འདི་རྣམས་ཐམས་ཅད་ནི། །ཁ་དོག་ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཡིད་དུ་འོང་བའི་གཟུགས་ཅན་ཀུན། །ཇི་ལྟར་བདག་མེད་རྣལ་འབྱོར་ལྟར། །གཡོན་ན་རྣལ་འབྱོར་ལྷུང་བཟེད་དེ། །ཁ་ཊྭཱཾ་ག་ཡང་སྟེང་དུ་

གནས། །གཡས་པས་རྡོ་རྗེ་གྲི་གུག་སྟེ། །རོ་ལ་ཞོན་པ་གཟི་བརྗིད་འབར། །ལྷན་ཅིག་སྐྱེས་དགའ་དགའ་བའོ། །ཞེས་པ་དྲང་བའི་དོན་ཏོ། །ད་ནི་ངེས་པའི་དོན་གསལ་བར་བྱ་སྟེ། དཔལ་ཕྱག་ན་རྡོ་རྗེས་གསུངས་པ། འདིར་ཚེས་གཅིག་ལ་སོགས་པའི་ཚེས་དཀར་པོའི་ལྔ་པ་རྣམས་བདག་

Vol. 4 · folio 103a

མེད་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཏེ། ཕུང་པོ་ལྔ་རྣམ་པར་དག་པས་དང་པོ་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་དྲུག་པ་ལ་སོགས་པ་བཅུ་པ་ཇི་སྲིད་པའི་ཚེས་ལྔ་རྣམས་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཏེ། ཁམས་ལྔ་རྣམ་པར་དག་པས་གཉིས་པ་མཆོག་

ཏུ་དགའ་བའི་འཁོར་ལོའོ། །དེ་བཞིན་དུ་བཅུ་གཅིག་པ་ལ་སོགས་པ་ཉའི་མཐར་ཐུག་པ་ཚེས་ལྔ་རྣམས་རི་ཁྲོད་མ་ལ་སོགས་པའི་རྣལ་འབྱོར་མ་ལྔ་རྣམས་ཏེ། ཡུལ་ལྔ་རྣམ་པར་དག་པས་གསུམ་པ་ཁྱད་པར་དགའ་བའི་འཁོར་ལོའོ། །དེའི་མཐར་ལྷན་ཅིག་སྐྱེས་པའི་དགའ་བ་བཅོམ་ལྡན་འདས་ཀྱེའི་

རྡོ་རྗེ་སྟོང་པ་ལས། སྟོང་པ་བྱང་ཆུབ་ཀྱི་ཆ་བཅུ་དྲུག་པའོ་ཞེས་པ་དབང་བསྐུར་གྱི་དོན་ཏོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། དང་པོ་དགའ་བ་རབ་ཏུ་བཤད། །མཆོག་ཏུ་དགའ་བ་གཉིས་པ་སྟེ། ཁྱད་དགའི་དགའ་བ་གསུམ་པའོ། །ལྷག་མ་ལྷན་ཅིག་སྐྱེས་དགའ་འོ། །ཞེས་པ་འདི་

ལྟ་བུ་ལ་སོགས་པ་དབང་བསྐུར་གྱི་དོན་ཏོ། །འདིར་ལྷ་མོ་ལྔ་ལྔའི་འཁོར་ལོ་གསུམ་གྱི་མཐར་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཆ་བཅུ་དྲུག་པ་འཇིག་རྟེན་ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་

གསུངས་པ། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཆ་མེད་ཆ་ལས་འདས་པ་སྟེ། །བསམ་གཏན་བཞི་པོའི་མཐའ་འཆང་བ། །ཞེས་སོ། །འདི་ཁོ་ན་དབང་བསྐུར་བའི་རྡོ་རྗེའི་ཚིག་ཏུ་བཤད་པར་བྱ་སྟེ། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ནི་རྒྱུ་སྟེ་སྔར་

བརྗོད་པའི་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པའོ། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཞུ་བ་ཐིག་ལེ་བཞི་འཛིན་པའོ་ཞེས་པ་འབྲས་བུའོ། །ཆ་མེད་པ་ནི་ཆ་བཅོ་ལྔའི་མཐར་གནས་པའོ། །ཆ་ལས་འདས་པ་ནི་ནག་པོའི་ཚེས་གཅིག་ལ་སོགས་པ་

ལ་ཞུགས་པ་མ་ཡིན་པའོ་ཞེས་པའི་དོན་ཏོ། །བསམ་གཏན་བཞི་པའི་མཐའ་འཆང་བ། །ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མཐའ་འཆང་བའོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །དེའི་ཕྱིར་དོང་པོ་དགའ་བའི་བདེ་བའི་བསམ་གཏན་ནོ། །གཉིས་པ་མཆོག་ཏུ་དགའ་བའི་བདེ་

Vol. 4 · folio 103b

བའི་བསམ་གཏན་ནོ། །གསུམ་པ་ཁྱད་པར་དུ་རངས་པའི་བདེ་བའི་བསམ་གཏན་ནོ། །བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བའི་བསམ་གཏན་ཏེ། ལྔ་པ་དང་བཅུ་པ་དང་ཉ་གང་བ་དང་། ཉའི་མཐར་ཐིག་ལེ་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་བསམ་གཏན་གནས་པའོ། དེའི་མཐའ་ནི་རྩེ་

མོའི་ཆ་བདེ་བ་ཡོངས་སུ་གང་བ་ཉིད་བསམ་གཏན་གྱི་མཐའ་སྟེ་དེ་འཛིན་པས་ན། བསམ་གཏན་བཞི་པའི་རྩེ་མོ་འཆང་། །ཞེས་པས་སོ། །ད་ནི་ཡན་ལག་དྲུག་སྒོམ་ཞེས་པ་ལ་སོགས་པ་ལ་འདིའི་དོན་འདི་ཡིན་ཏེ། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་བྱ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །

དེ་ལྟར་ན་རྒྱུད་གཞན་དུ་གསུངས་པ་དེས་ན་ཡན་ལག་དྲུག་གི་རྣལ་འབྱོར་འདི་བསྒོམ་པར་བྱ་སྟེ། སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །འདིར་སོ་སོར་སྡུད་ཅེས་བྱ་བ་ནི་ཕྱི་རོལ་གྱི་གཟུགས་

ལ་སོགས་པའི་ཡུལ་རྣམས་ལ་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་རྣམས་མི་འཇུག་ཅིང་། ནང་གི་ཡུལ་རྣམས་ལ་ལྷའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་ལྷའི་མིག་གི་རྣམ་པར་ཤེས་པ་ལ་སོགས་རྣམས་འཇུག་པ་སྟེ། ནང་དུ་སྟོང་བ་ཉིད་ལ་

དམིགས་པས་མ་བརྟགས་པར་དངོས་པོ་ཐམས་ཅད་མཐོང་བ་སྟོང་པ་ཉིད་སོ་སོར་སྣང་བ་པྲ་ཕབ་ན་གཞོན་ནུ་མས་མེ་ལོང་ལ་མཐོང་བ་ལྟ་བུའོ་ཞེས་པ་སོ་སོར་སྡུད་པའི་ཡན་ལག་ཏུ་བརྗོད་དེ། ཁམས་གསུམ་པའི་སངས་རྒྱས་ཀྱི་གཟུགས་བརྙན་སོ་སོར་མཐོང་བའི་ཕྱིར་རོ། །དེ་ནས་བསམ་གཏན་

ཞེས་བྱ་བ་ནི་སྟོང་ཞིང་མཐོང་ལ་ཡོད་པའི་ཆོས་རྣམས་ཐམས་ཅད་ལ་ཤེས་རབ་ཅེས་བྱ་བ་དང་པོ་དེ་རྣམས་ལ་སེམས་འཇུག་པ་དང་རྟོག་པ་ཞེས་བྱ་བ་སེམས་ཀྱི་དངོས་པོ་འཛིན་པ་དང་སྤྱོད་པ་ཞེས་བྱ་བ་དངོས་པོ་སོ་སོར་རྟོགས་པ་དང་། དགའ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་སེམས་པ་དང་བདེ་བ་

མི་གཡོ་བ་ཞེས་བྱ་བ་དངོས་པོ་ཐམས་ཅད་ལ་བདེ་བ་ཡང་དག་པར་མྱོང་བ་ཞེས་པ་སྟེ་བསམ་གཏན་གྱི་ཡན་ལག་ལྔར་བརྗོད་པར་བྱའོ། །དེ་ནས་སྲོག་རྩོལ་ཞེས་བྱ་བ་རྐྱང་མ་དང་རོ་མ་དང་གཡོན་པ་དང་གཡས་པའི་ལམ་འགགས་པ་དབུ་མ་ཨ་ཝ་དྷཱུ་ཏཱིའི་ལམ་དུ་སྲོག་གི་རླུང་རྟག་ཏུ་འཇུག་པ་སྟེ།

Vol. 4 · folio 104a

དབྱུང་བ་དང་དགང་བ་དང་བུམ་ཅན་གྱི་སྦྱོར་བས་བྱའོ་ཞེས་པ་སྲོག་རྩོལ་གྱི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་འཛིན་པ་ཞེས་བྱ་བ་སྲོག་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་ལ་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་། དཔྲལ་བར་འཇུག་པ་ཕྱི་རོལ་དུ་མི་འགྲོ་

བར་ཐིག་ལེ་ལ་སྲོག་འཇུག་པར་བྱེད་པ་ཞེས་པ་འཛིན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་རྗེས་སུ་དྲན་ཞེས་བྱ་བ་ནི་རང་གི་འདོད་པའི་ལྷ་མཐོང་བ་གཟུགས་བརྙན་གྱི་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དེ་ལས་འོད་ཟེར་དུ་མ་འཕྲོ་བའི་ངོ་བོ་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ལས་རྣམ་པ་དུ་མ་འཕྲོ་བའི་

ངོ་བོ་ཁམས་གསུམ་པ་སྤྲོ་བར་བྱེད་པ་ཞེས་པ་རྗེས་སུ་དྲན་པའི་ཡན་ལག་ཏུ་བརྗོད་པར་བྱའོ། །དེ་ནས་ཏིང་ངེ་འཛིན་ཞེས་བྱ་བ་ནི་འདོད་པའི་ལྷ་ལ་རྗེས་སུ་ཆགས་པ་ལས་གང་མི་འགྱུར་བའི་བདེ་བ་ཐོབ་པ་སྟེ། དེ་ལས་སེམས་གཅིག་ཏུ་བྱེད་པ་སེམས་གཟུང་བ་དང་། འཛིན་པ་དང་བྲལ་བ་ནི་

དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་བརྗོད་དོ། །འདིར་ནི་ཡན་ལག་དྲུག་གི་རྣལ་འབྱོར་མདོར་བསྡུས་པས་གསུངས་པ་སྟེ། རྒྱས་པར་མངོན་པར་བརྗོད་པ་འབུམ་པའམ་མཆོག་གི་དང་པོའི་སངས་རྒྱས་སུ་བླ་མ་དམ་པའི་གདམས་ངག་ལས་རྣལ་འབྱོར་པ་རྣམས་ཀྱིས་

ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཆེད་དུ་རྟོགས་པར་བྱའོ་ཞེས་སོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། སོ་སོར་སྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་བྲལ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །མངོན་པར་ཤེས་པ་ལྔ་འཐོབ་འགྱུར་ཏེ་མི་ཡི་བདག་པོ་བསམ་

གཏན་སྦྱོར་བས་དག་པའོ། །སྲོག་གི་རྩོལ་བས་དག་པ་ཟླ་བ་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །བདུད་དང་ཉོན་མོངས་སོགས་ཉམས་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །རྗེས་དྲན་ལེགས་པར་དག་ན་དྲི་མེད་འོད་ཀྱི་དཀྱིལ་འཁོར་

རྣམས་ཀྱང་ཡེ་ཤེས་གཟིགས་ལས་སོ། །དེ་ནས་ཏིང་ངེ་འཛིན་གྱིས་དག་ན་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཡེ་ཤེས་ལུས་འགྲུབ་འགྱུར། །ཞེས་སོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ། རང་གིས་རིག་བྱ་ཞེས་བྱ་བ་ལ་སོགས་པ་སྟེ་ཚིག་འདིའི་རྒྱས་པར་བསྟན་པ། དཔལ་

Vol. 4 · folio 104b

དྲི་མ་མེད་པའི་འོད་དུ་གསུངས་པ། ཅི་སྟེ་བྱིས་པ་རྣམས་ཀྱིས་འདི་བརྗོད་དེ། གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པ་ཡིན་ན། དེའི་ཚེ་ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་ཅི་ལྟར་དེ་བཞིན་གཤེགས་པས་གསུངས་ཤེ་ན། འདི་ལ་བརྗོད་པར་བྱས་ཏེ། འདིར་དེ་བཞིན་གཤེགས་

པའི་ཡེ་ཤེས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་ཅན་ཤིན་ཏུ་གཉིད་ལོག་པའི་སེམས་མ་ཡིན་ནོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་གསུངས་པ། རབ་འབྱོར་སེམས་གང་ཞིག་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ཏེ་ཞེས་

པ་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་ཅན་ཏེ། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་

ཀུན་གྱི་ཡིད་ལ་གནས། །དེ་རྣམས་སེམས་དང་མཉམ་ཉིད་སོན། །གསུངས་པ་ཡང་གལ་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་རང་རིག་པར་མི་འགྱུར་ན། དེའི་ཚེ་སེམས་ཅན་གྱི་བསམ་པའི་དབང་ལས་དེ་བཞིན་གཤེགས་པ་ཆོས་སྟོན་པར་མི་འགྱུར་ཏེ། ཆོས་ཐམས་ཅད་རབ་ཏུ་མ་

རྟོགས་པའི་ཕྱིར་དང་ཡང་དག་པར་རིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་དབང་པོའི་སྒོ་ནས་རང་རིག་པ་ཡིན་ན། དེ་ལྟ་ན་ཆ་མེད་པ་དང་ཀུན་དུ་འགྲོ་བ་དང་ཐམས་ཅད་ལ་ཁྱབ་པར་མི་འགྱུར་ཏེ། སྒྲིབ་པ་ཐམས་ཅད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་རང་རིག་པ་ཆོས་ཐམས་

ཅད་ཀྱི་རང་བཞིན་མཁྱེན་པ། རྣམ་པར་མི་རྟོག་པ་དབང་པོ་མེད་པའོ་ཞེས་སོ། །གསུངས་པ་ཡང་། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་དག་དག་པའི་བདག །ཅེས་སོ། །རང་གིས་འཕྲོག་པོ་རང་བྱེད་པོ། །ཞེས་པ་ལ་སོགས་ནི། གསུངས་པ་ཡང་། འཕྲོག་པ་པོ་ནི་ཀུན་གཞིའི་

རྣམ་པར་ཤེས་པའི་མཚན་ཉིད་ཅན་བྱང་ཆུབ་ཀྱི་སེམས་འཕོ་བའི་སྐད་ཅིག །ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་འཇིག་རྟེན་ཀུན་རྫོབ་ཀྱིས་སོ། །དེ་ལྟར་འཕོ་བའི་སྐད་ཅིག་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་དང་། ལས་རྣམས་སྡུད་པའི་བྱེད་པ་པོ་གཞན་དུ་འདིར་འགྱུར་ཏེ། གང་སྤྲོ་བའི་བྱེད་པ་པོ་

Vol. 4 · folio 105a

ནི་བྱེད་པ་པོ་མ་ཡིན་ནོ། །དེའི་ཕྱིར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཏེ་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་པ་རང་བཞིན་མེད། །ཅེས་པ་ལྷན་ཅིག་སྐྱེས་པའི་སྐུ། །ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་དང་། །རྫས་ཀུན་ལས་ནི་རྣམ་པར་གྲོལ། །ནམ་

མཁའི་ལམ་ལ་ཤིན་ཏུ་གནས། །ཞེས་སོ། །དེའི་ཕྱིར་སྤྲོ་བ་དང་སྡུད་པའི་བྱེད་པ་པོ་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་ཡང་མེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་བྱེད་པ་པོ་ཟད་པའི་ངེས་པའོ། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། །དེ་ཕྱིར་བྱེད་པོ་འགའ་ཡང་སྲོག་

ཆགས་རྣམས་ཀྱི་བདེ་དང་སྡུག་བསྔལ་མི་སྦྱིན་མི་འཕྲོག་སྟེ། འཁོར་བ་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར། །སྐྱེ་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེས་འཕྲོག་རྨོངས་པ་རྣམས་ཀྱི་བློ་གྲོས་ཏེ། །ལུས་ལ་དཔག་མེད་དགེ་བ་འཕྲོག་བྱེད་བུག་པ་རང་གི་

དབང་པོ་རྣམས་ཀྱིས་མཐོང་མ་ཡིན། །རང་ཉིད་བྱེད་པ་པོ་ཞེས་པ་ལ་སོགས་པ་སྟེ་སྤྲོ་བ་ནི་སྲིད་པ་སྤྲོ་བའོ། །འཕྲོག་པོ་ཞེས་པ་སྡུད་པ་པོའོ། །རྒྱལ་པོ་ཞེས་པ་སྤྲོ་བ་མེད་ཅིང་འཕྲོག་པ་མེད་པ་སྤྲོ་བ་དང་སྡུད་པ་ལས་རྣམ་པར་གྲོལ་བ་རང་བཞིན་གྱིས་གནས་པ། ཟླ་བ་ལྟ་བུར་རྣམ་པར་གསལ་ལོ་ཞེས་པས་

རྒྱལ་པོའོ། །གསུངས་པ་ཡང་། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །ཞེས་སོ། །འདི་ཙམ་གྱིས་ཀྱང་སེམས་ཁོ་ན་མྱ་ངན་ལས་འདས་པ་དང་སེམས་ཁོ་ན་འཁོར་བའོ་ཞེས་བསྟན་ཏོ། །དཔལ་རྡོ་རྗེ་རྩེ་མོར་གསུངས་པ་ཡང་། འཁོར་བའི་དོན་ནི་ཅི་ཞིག་

ལགས། །ཇི་ལྟར་བྱིས་པ་རྣམས་འབྱུང་ཞིང་། །ཡང་དང་ཡང་དུ་འཁོར་བྱེད་དེ། །དེ་ཡང་འཁོར་བའི་དྲག་པའི་བདག །ང་ཉིད་ཡིན་ཏེ་རང་ཉིད་གཙོ། །མྱ་ངན་འདས་ལས་འདས་པའང་ཅི། །ཞེས་བརྗོད། །དབྱེ་བྱ་དེ་བཞིན་སྟོང་ཉིད་གང་། །དེ་ཡིས་རང་བཞིན་རྣམ་པར་སྤངས། །

དངོས་པོའི་ངོ་བོས་མཚན་ཉིད་དང་། །མཚན་མ་ཡང་ནི་རྣམ་པར་སྤངས། །ངག་སྒྲ་ཡང་ན་གཟུང་བ་དང་། །རྣམ་རྟོག་རྡུལ་ཕྲན་ཡོད་མིན་ཏེ། །དེ་ཕྱིར་མྱ་ངན་འདས་པའི་སྒྲས། །ང་ཉིད་ཁོ་ན་སྐྱེ་དགུའི་བདག །ཅེས་སོ། །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་

Vol. 4 · folio 105b

དཀའ་འགྲེལ་དུ་བདག་མེད་མའི་ལེའུ་སྟེ་བརྒྱད་པའོ།། །།ད་ནི་དེ་ལས་གཞན་ཞེས་པ་ལ་སོགས་པས་རྣམ་པར་དག་པ་དེ་ཁོ་ན་ཉིད་དང་དབྱེ་བས་ཏེ། ཐོག་མར་དེ་ཁོ་ན་ཉིད་ཀྱི་རྣམ་པར་དག་པ་གསུངས་པ། དཔལ་རྡོ་རྗེ་རྩེ་མོར་གསུངས་པ། རྣམ་པར་དག་པ་ཅི་ཞིག་བརྗོད། །ཡོད་མིན་

མེད་པའང་མ་ཡིན་ལ། །དངོས་པོ་མེད་ཅིང་དངོས་མེད་མིན། །སྨྲ་པོ་མེད་ཅིང་སྨྲ་བྱའང་མིན། །རྣམ་དག་མྱ་ངན་འདས་པ་ཉིད། །ཅེས་སོ། །དངོས་པོ་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་ཕྱི་རོལ་དང་ནང་གི་རྣམ་པར་རྟོག་པའི་དངོས་པོ་རྣམས་མཉམ་པ་ཉིད། རྣམ་དག་དེ་བཞིན་ཉིད་དེ་དེ་ལྟ་ཁོ་

ནར་རྟག་ཏུ་གནས་པ་ནི་དེ་བཞིན་ཉིད་དེ་རང་བཞིན་གྱིས་དྲི་མ་མེད་པ་ཉིད་ཀྱིས་རྟག་ཏུ་རྣམ་པར་དག་པ་ནམ་མཁའ་བཞིན་དུ་འདུས་མ་བྱས་པའི་རང་བཞིན་དུ་བཤད་ལ། དེའི་ངོ་བོས་དེ་བཞིན་ཉིད་བསྒོམ་པར་བྱའོ་ཞེས་པ་སྟེ། དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་ཉིད་ཀྱི་ལེའུར་གསུངས་པ། ཇི་ལྟར་

དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ་རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་ཏུ་ཡང་གཞོམ་དུ་མེད་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་འགྱུར་བ་མེད་པ་རྣམ་པར་འགྱུར་བ་མེད་པ། རྟོག་པ་མེད་པ་རྣམ་པར་རྟོག་པ་མེད་པ་འགའ་ཞིག་

ཏུ་ཡང་གཞོམ་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ན་གཅིག་པ་ཁོ་ན་སྟེ། དེ་བཞིན་ཉིད་འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ་ཞེས་སོ། །དེ་བཞིན་དུ་དཔལ་མཚན་ཡང་དག་པར་བརྗོད་པར་ཡང་གསུངས་པ།

ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་འགྱུར་བ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །ཞེས་སོ། །བྱེ་བྲག་མེད་པར་རྟོགས་པར་བྱས་ནས། །ཕྱི་ནས་ཞེས་པ་ལ་སོགས་པས་རེ་རེ་ཡིས་ཏེ། ཕུང་པོ་ལ་སོགས་པའི་དབྱེ་བས་ལྷ་རྣམས་

ཀྱི་རྣམ་པར་དག་པ་ཕྱི་ནས་རྟོགས་པར་བྱ་སྟེ། གཟུགས་ཕུང་རྡོ་རྗེ་མ་རུ་འགྱུར། །ཞེས་པ་ལ་སོགས་པས་སོ། །འོ་ན་དབང་པོ་ལ་སོགས་པ་རྣམས་ཅིའི་ཕྱིར་རྣམ་པར་དག་པར་བརྗོད་ཅེ་ན། གསུངས་པ། ཉོན་མོངས་མི་ཤེས་བསྒྲིབས་པ་ཞེས་པ་སྟེ། མི་ཤེས་པ་ནི་མ་རིག་པ་ང་དང་ང་

Vol. 4 · folio 106a

ཡིའོ་སྙམ་དུ་འཛིན་པའོ། །ཉོན་མོངས་པ་རྣམས་ནི་འདོད་པ་དང་མི་འདོད་པའི་ལས་ཀྱི་རྒྱུ་སེམས་ཀྱི་བྱེ་བྲག་རྣམས་སོ། །དེ་རྣམས་ཀྱིས་བསྒྲིབས་པ་ནི་གཡོགས་པ་སྟེ་དེ་སྦྱར་བར་བྱའོ། །དཔལ་དྲི་མ་མེད་པའི་འོད་དུ་གསུངས་པ་ཡང་། སྟོང་པ་ལས་ནི་དངོས་པོའི་ཚོགས། །

བརྟགས་པའི་གཟུགས་ནི་རྣམ་སྤངས་གང་། །སྣང་བ་མཐོང་སྟེ་མེ་ལོང་ལ། །པྲ་ཕབ་གཞོན་ནུ་མ་ཡིས་བཞིན། །ཞེས་པ་འཇིག་རྟེན་ལས་འདས་པའི་བདེན་པས་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དངོས་པོ་ཐམས་ཅད་མཉམ་གྱུར་ནས། །དངོས་པོ་གཅིག་པོ་

འགྱུར་མེད་གནས། །འགྱུར་མེད་ཡེ་ཤེས་ལས་བྱུང་བ། །ཆད་པ་མ་ཡིན་རྟག་པ་མིན། །ཞེས་པ་ཚོར་བའི་ཕུང་པོ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མིང་གི་བདག་ཉིད་ཡི་གེ་ཀུན། །ཨ་ཡིག་རིགས་ལས་ཡང་དག་བྱུང་། །འགྱུར་མེད་ཆེན་པོའི་གོ་འཕང་ཐོབ། །མིང་མེད་མིང་དང་

ལྡན་པའང་མེད། །ཅེས་པ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྐྱེས་པ་མེད་པའི་ཆོས་རྣམས་ནི། །འདུ་བྱེད་བྲལ་བ་རྣམས་ལ་ཡང་། །སངས་རྒྱས་ཉིད་མེད་བྱང་ཆུབ་མེད། །སེམས་ཅན་མེད་ཅིང་སྲོག་ཉིད་མེད། །ཅེས་པ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་བྱ་བ་སྒྲུབ་

པའི་ཡེ་ཤེས་སོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་རྣམ་དག་གོས་པ་མེད། །རང་བཞིན་འོད་གསལ་ཆོས་རྣམས་ནི། །ཆོས་ཀྱི་དབྱིངས་སུ་སོན་ཞིང་རྟོགས། །ཞེས་པ་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་སོ། །སླར་ཡང་དེ་ཉིད་དུ་

གསུངས་པ། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ནི་འཕོ་བའི་བདེ་བ་དང་། རྟོག་པའི་སྒྲིབ་པ་ཟད་པ་ལ་སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའོ་ཞེས་སོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་རྣམ་པར་དག་པའི་ལེའུར་གསུངས་པ།

རབ་འབྱོར་གང་གཟུགས་རྣམ་པར་དག་པ་དེ་ནི་འབྲས་བུ་རྣམ་པར་དག་པ། འབྲས་བུ་རྣམ་པར་དག་པ་གང་ཡིན་པ་དེ་ནི་གཟུགས་རྣམ་པར་དག་པ་སྟེ། རབ་འབྱོར་དེ་ལྟ་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །

Vol. 4 · folio 106b

རབ་འབྱོར་དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་ཏེ། རབ་འབྱོར་རྣམ་པར་ཤེས་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ། གང་འབྲས་བུ་རྣམ་པར་དག་པ་དེ་ནི་རྣམ་པར་ཤེས་པ་རྣམ་པར་དག་པའོ་ཞེས་སོ། །འཇིག་རྟེན་ཇི་བཞིན་དེ་སངས་རྒྱས། །ཇི་ལྟར་ཆོས་ནི་རྙོག་

མེད་པ། །དེ་ལྟར་སེམས་ཅན་ཁམས་རྣམས་བཤད། །ནམ་མཁའ་བཞིན་དུ་དྲི་མ་མེད། །དམ་མིན་ཀུན་རྟོག་རྣམ་རྟོག་གིས། །སེམས་ཀྱི་རིན་ཆེན་དྲི་མར་བྱས། །སེམས་དག་ན་ནི་དག་པར་འགྱུར། །ནམ་མཁའ་འཇིག་མེད་ཇི་བཞིན་ནོ། །དཔལ་དགོངས་པ་ལུང་དུ་སྟོན་པའི་རྒྱུད་དུ་གསུངས་པ་

ཡང་། ལྕགས་ཀྱི་གོང་བུ་ཆུར་དོར་བ། །འབྱིངས་པ་འབའ་ཞིག་ཁོ་ནའོ། །དེ་ཉིད་སྣོད་དུ་བྱས་པས་གཞན། །སྒྲོལ་འཇུག་རང་ཉིད་སྒྲོལ་བར་བྱེད། །དེ་བཞིན་སྣོད་དུ་བྱས་པའི་སེམས། །ཤེས་རབ་ཐབས་ཀྱི་རང་བཞིན་ལས། །རང་ཉིད་གྲོལ་ཞིང་གཞན་གྲོལ་བྱེད། །མཆོག་ཏུ་དགའ་བས་རོལ་པར་བྱེད། །

ཅེས་སོ། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་རེག་བྱ་རང་བཞིན་ལས། །ཆོས་ཀྱི་དབྱིངས་ནི་མཆོག་ཏུ་ཞི། །སེམས་ནི་རིན་ཆེན་ཞེས་བཤད་དོ། །ཡིད་བཞིན་ནོར་བུ་རིན་ཆེན་ཆེ། །འདོད་པའི་དོན་གྱི་འབྲས་བུ་སྟེར། །དེ་བཞིན་སེམས་ནི་ཡོངས་དག་པ། །སངས་རྒྱས་བྱང་ཆུབ་འབྲས་བུ་སྟེར། །ཁྲག་དང་

ཁུ་བ་ལས་བྱུང་ལུས། །ཞེས་བཤད་རྡོ་རྗེ་དབང་ཕྱུག་སྟེ། །སེན་མོ་བ་སྤུ་དེ་བཞིན་དུ། །ཁམས་ཀྱི་ཁུ་བར་སྤྱན་རས་གཟིགས། །ཁྲག་དང་པགས་པ་གཟི་བརྗིད་ཆེ། །ཚིལ་དང་རྐང་ལ་རྡོ་རྗེ་འཛིན། །ཕྱི་སར་རྣམ་པར་སྣང་མཛད་མགོན། །རྩ་ཡི་རྫས་ལ་བདུད་རྒྱལ་པོ། །ལྔ་པོ་འདི་རྣམས་སངས་

རྒྱས་ལྔ། །རྡོ་རྗེ་མཁའ་འགྲོས་གསུངས་པ་ཡིན། །ས་ཡི་ཁམས་ནི་རྣམ་དག་ལས། །འཁོར་ལོས་མཛེས་པ་སྤྱན་མའོ། །ཤིན་ཏུ་དང་བར་རྡོ་རྗེའི་ཡུམ། །མེ་ལ་པདྨའི་བུ་མོའོ། །སྒྲོལ་མ་རླུང་ནི་རྣམ་དག་པས། །རྡོ་རྗེའི་བཙུན་མོ་བཞི་པོ་རྣམས། །རྡོ་རྗེ་མཁའ་འགྲོའི་མཚན་ཅན་གྱི། །

གུར་གྱིས་འདི་རྣམས་གསུངས་པ་ཡིན། །ཆགས་པས་འཇིག་རྟེན་བསྐྱེད་བྱ་སྟེ། །འདོད་ཆགས་ཟད་ལས་ཟད་པར་འགྱུར། །རྡོ་རྗེའི་ཆགས་པ་ཡོངས་ཤེས་ལས། །ཡིད་ནི་རྡོ་རྗེ་སེམས་དཔར་འགྱུར། །ཞེས་སོ། །གསུངས་པ་ཡང་། གང་ཕྱིར་རྒྱུད་གང་ཁོ་ན་ལས། །ལས་ཀྱི་བག་ཆགས་

Vol. 4 · folio 107a

བསྒོས་གྱུར་པ། །དེ་ཁོ་ན་ལས་འབྲས་བུ་འབྲེལ། །རལ་བ་ལས་ནི་མར་ཉིད་བཞིན། །ཞེས་སོ། །གལ་ཏེ་དངོས་པོ་མ་དག་ཡོད་མིན་ཡང་། །དེ་ལྟ་ན་ཡང་རྒྱལ་བ་རྣམས་ཀྱིས་སྦྱོང་། །ཀུན་རྫོབ་བདེན་པ་བརྟེན་པའི་འཁོར་ལོ་ཡི། །ཆོས་ཉིད་ངོ་བོ་རྣམ་པར་བསྒོམས་པ་

ཙམ། །ཆོས་ལས་དངོས་པོ་ཡང་དག་རྣམ་པར་དབེན། །གང་ཟག་ཐམས་ཅད་རྣམ་སྤངས་འཇིག་རྟེན་ཏེ། །འཇིག་རྟེན་འགྲོ་བ་བསམ་པར་ནུས་མ་ཡིན། །ཆོས་ཉིད་ངོ་བོར་ཐམས་ཅད་རྣམ་པར་དག །གསུངས་པ་ཡང་། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་

བཟང་། །ཞེས་སོ། །གསུངས་པ་ཡང་། དྲི་ལ་སོགས་པའི་ཡུལ་དེ་རྣམས་གཞན་ཡིན་ལ། རྣ་བ་ལ་སོགས་པའི་ཡུལ་ཅན་དེ་རྣམས་གཞན་ཡིན་ཞིང་། ངག་དང་ལག་པ་ལ་སོགས་པའི་རྣམས་གཞན་དང་ལས་ཀྱི་དབང་པོའི་བྱ་བ་ལ་སོགས་པ་རྣམས་གཞན་ཏེ། དེ་ལྟར་ན། ཐམས་ཅད་དུ་ནི་ཕྱག་

ཞབས་སོགས། །ཀུན་དུ་སྤྱན་དང་དབུ་དང་ཞལ། །ཀུན་དུ་ཐོས་ལྡན་འཇིག་རྟེན་དུ། །ཐམས་ཅད་ཁྱབ་པར་བྱས་ཏེ་བཞུགས། །རྡོ་རྗེ་སེམས་དཔའ་འོ་ཞེས་སོ། །དེ་ལྟར། བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །འཇིག་རྟེན་དཔེ་ལས་འདས་པ་སྟེ། །

ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་སོ། །ཕྱག་བཅུ་དྲུག་རྣམ་པར་དག་པས་སྟོང་པ་ཉིད་བཅུ་དྲུག་རྣམས་སོ་ཞེས་པ་འདིར་ངེས་པའི་དོན་ནི་དཔལ་དྲི་མ་དང་བྲལ་བའི་འོད་དུ་ཡང་གསུངས་པ། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་དང་འདིར་སྟོང་པ་ཉིད་ནི་ཕུང་པོ་ལྔ་

སྟོང་པ་ཉིད་དེ། ནག་པོའི་ཚེས་གཅིག་ལ་སོགས་པ་ཚེས་ལྔ་རྣམས་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་ཅེས་པའོ། །ཁམས་ལྔ་སྟོང་པ་ཉིད་ནི་དྲུག་པ་ལ་སོགས་པའི་ཚེས་ལྔ་རྣམས་ཏེ། དོན་དམ་པ་སྟོང་པ་ཉིད་

དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྣམས་སོ་ཞེས་པའོ། །དབང་པོ་ལྔ་སྟོང་པ་ཉིད་ནི་བཅུ་གཅིག་པ་ལ་སོགས་པ་ཚེས་ལྔ་རྣམས་ཏེ། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་

Vol. 4 · folio 107b

སྟོང་པ་ཉིད་དང་། །རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་སྟོང་པ་ཉིད་ཅེས་པའོ། །གནམ་སྟོང་གི་མཐར་ཐུག་པ་ཉིད་བཅོ་ལྔ་རྣམས་སོ། །དཀར་པོའི་ཚེས་གཅིག་འཇུག་པའི་དུས་སུ་དེ་དག་གི་དབུས་སུ་སྟོང་པ་ཉིད་བཅུ་དྲུག་པ་དངོས་པོ་མེད་པའི་

རང་བཞིན་སྟོང་པ་ཉིད་རྣམ་པ་ཐམས་ཅད་པའོ། །དེ་བཞིན་དུ་སྙིང་རྗེ་རྣམ་པ་གསུམ་སྟེ་འདི་དག་གཅིག་པ་ཉིད་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་ཅན་གྱི་བརྗོད་པར་བྱ་བ་ཕྱག་བཅུ་དྲུག་པ་རྣམས་ཀྱི་རྣམ་པར་དག་པའོ་ཞེས་པ་ངེས་པའི་དོན་ཏོ། །ཞབས་བཞི་ཞེས་པ་བདུད་བཞི་རྣམ་པར་དག་

པ་ལས་ཏེ། གསུངས་པ་ཡང་། སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་སེམས་དང་མ་རིག་པའི་བག་ཆགས་ཀྱི་རྣམ་པ་ནི་བདུད་བཞི་རྣམས་ཏེ། དེ་རྣམས་ལ་ལུས་ཀྱི་སྒྲིབ་པ་ནི་ཕུང་པོའི་བདུད་དོ། །ངག་གི་སྒྲིབ་པ་ནི་ཉོན་མོངས་པའི་བདུད་དོ། །སེམས་ཀྱི་སྒྲིབ་པ་ནི་འཆི་བདག་གི་བདུད་དོ། །ཕྱི་

རོལ་དུ་མ་རིག་པ་འཇུག་པ་ནི་ལྷའི་བུའི་བདུད་སྟེ་ཞེས་སོ། །དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ཡང་། དཔའ་བོ་བདུད་དགྲ་བདུད་ལས་རྒྱལ། །བདུད་བཞིའི་འཇིགས་པ་མཐར་བྱེད་པ། །བདུད་ཀྱི་དཔུང་ཀུན་ཕམ་པར་བྱེད། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་སོ། །

ཞལ་རྣམས་རྣམ་པར་ཐར་པ་བརྒྱད། །ཅེས་པ་འདིའི་དོན་འདི་ཡིན་ཏེ། དཔལ་མངོན་པར་བརྗོད་པ་ཕྱི་མར་གསུངས་པ། གཟུགས་ཅན་གཟུགས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པས་ཕྱི་རོལ་གྱི་གཟུགས་རྣམས་ལྟ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་ལུས་

ཀྱིས་མངོན་སུམ་དུ་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་ཞེས་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི་བཞི་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ནི་ལྔ་པའོ། །ཅི་ཡང་མེད་པའི་སྐྱེ་མཆེད་ནི་དྲུག་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ནི་བདུན་པའོ། །འགོག་

པའི་སྙོམས་པར་འཇུག་པ་ནི་བརྒྱད་པ་སྟེ། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཞལ་རྣམས་སོ། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །ཞེས་པ་ལ་གསུངས་པ་ཡང་། སྤྲུལ་པ་ཡིས་ནི་རྟག་ཏུ་སྐྱེ། །ལོངས་སྤྱོད་རྫོགས་པའི་བྱེད་རྒྱུ་གནས། །ཆོས་ཀྱི་སྐུ་ཡི་རང་བཞིན་གྱིས། །ཐིམ་

Vol. 4 · folio 108a

པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་བཞིན་དུ་འདི་ཉིད་དུ་ཡང་གསུངས་པ། །གང་དང་གང་གིས་འཇིག་རྟེན་འཆིང་འགྱུར་བ། །དེ་དང་དེས་ནི་འཆིང་བ་ལས་གྲོལ་ཏེ། །འཇིག་རྟེན་རྨོངས་པ་དེ་ཉིད་མ་རྟོགས་པ། །དེ་ཉིད་རྣམས་སྤངས་དངོས་གྲུབ་རྙེད་མི་འགྱུར། །དེ་ཕྱིར་

དྲི་མེད་སྒྲ་མེད་གཟུགས་ཉིད་མེད། །རོ་ཡང་མེད་དེ་སེམས་ནི་རྣམ་པར་དག །རེག་མེད་ཆོས་མེད་ཐམས་ཅད་རྣམ་པར་དག །རང་བཞིན་དག་པའི་འགྲོ་ལ་འགྲོ་བར་ཤེས། ཞེས་པ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་དུ་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་དུ་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། །།

ད་ནི་དཀྱིལ་འཁོར་མེད་པར་དབང་བསྐུར་སྦྱིན་པར་མི་བྱ་ཞིང་། དབང་བསྐུར་བ་མེད་པ་ལ་དེ་ཁོ་ན་ཉིད་གསལ་བར་བྱ་བ་མ་ཡིན་ནོ་ཞེས་པས། དཀྱིལ་འཁོར་སྔོན་དུ་འགྲོ་བའི་དབང་བསྐུར་བའི་ལེའུ་དེ་ནས་ཞེས་པ་ལ་སོགས་པ་མདོར་བསྡུས་ཏེ་བཏུས་ནས་གསལ་བར་བྱའོ། །གསུངས་པ་ཡང་།

རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་བྱ། །ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ལྷའི་བདག་ཉིད་ཅན་ཞེས་པ་ལ་གསུངས་པ་ཡང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་ལྷན་ཅིག་སྐྱེས་པའི་བདེ་བ་གཅིག་ཏུ་འདྲེས་པར་གྱུར་པའི་བདག་ཉིད་ཅན་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ལྷ་

ཞེས་མངོན་པར་བརྗོད་པར་བྱའོ། །དཀྱིལ་འཁོར་བྲི་བའི་ས་བཞི་གསུངས་པ། སྐྱེད་མོས་ཚལ་ཞེས་པ་ལ་སོགས་པ་སྟེ། །སྐྱེད་མོས་ཚལ་ཡིད་དུ་འོང་བ་དགའ་བའི་གནས་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཅན་ཆོས་འབྱུང་གི་ནང་དུ་སོན་པ་སྟོང་པ་ཉིད་དང་སྙིང་རྗེ་བཅུ་དྲུག་

རྣམ་པར་དག་པས་སོ་ཞེས་པ་དཀྱིལ་འཁོར་གྱི་གནས་ངེས་པའོ། །རོ་དང་དྲི་རྣམས་ཐམས་ཅད་དང་ལྡན་མཐའ་དག་ཡོན་ཏན་གཏེར་ཞེས་པ། །ནམ་མཁའི་ཁམས་ཀྱི་མཚན་ཉིད་ཅན་དུ་རྣལ་འབྱོར་པས་རིག་པར་བྱའོ་ཞེས་པ་སའི་མཚན་ཉིད་ངེས་པའོ། །རྡོ་རྗེའི་ཐིག་དང་ཡང་ལྡན། །ཞེས་པ་ལ་སོགས་

པ་ལ་གསུངས་པ་ཡང་། །ཟླ་བ་ཁུ་བའི་ཆ་དབྱེ་བས། །རྡོ་རྗེའི་ཐིག་ནི་བཏབ་པ་ལ། །ཡང་ཡང་ཆ་རུ་ཕྱེ་བ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལའོ། །སྐུ་དང་གསུང་དང་ཐུགས་གཅིག་ཏུ་གྱུར་པའི་ཆོས་རྣམས་ཐམས་ཅད་རྣམ་པ་གཅིག་པས་རྡོ་རྗེ་སེམས་དཔའ་ང་རྡོ་རྗེའི་

Vol. 4 · folio 108b

ས་གཞི་ལ་ཐིག་འདེབས་པར་བྱེད་དོ། །ཨོཾ་ཨཱཿཧཱུྃ་ཕཊ། གསང་བ་རྒྱན་གྱི་བཀོད་པར་ཡང་གསུངས་པ། དང་པོ་སྔགས་ཀྱི་མཆོག་གིས་ནི། །ནམ་མཁའ་ཐིག་གདབ་བྱས་ནས་སུ། །དེ་ནས་རྣལ་འབྱོར་ཆེན་པོས་ཐིག །གསང་བའི་མ་མའི་དཀྱིལ་འཁོར་གདབ། །ཅེས་པ་ལ་སོགས་

པའོ། །དཔལ་བདེ་བ་རྟོགས་པར་བྱེད་པ་ཡང་གསུངས་པ། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །ཐབས་ནི་བདེ་བའི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཡུན་མི་རིང་བར་འགྱུར། །གང་ཚེ་སེམས་ནི་ལེགས་གནས་པ། །དེ་བཞིན་ཉིད་རྣམས་སྤྱོད་ཡུལ་

ཏེ། །ཆོས་རྣམས་རང་བཞིན་འོད་གསལ་བའོ། །གདོད་ནས་དག་ཅིང་རྙོག་པ་མེད། །དཀྱིལ་འཁོར་དེ་བཞིན་ཉིད་གྱུར་པར། །ཕན་པ་འདོད་པས་ཤེས་པར་བྱ། །ཕུང་པོ་སྐྱེ་མཆེད་སོགས་ཚོགས་ཀྱིས། །གང་ཞིག་བྱེ་བྲག་ཁ་བསྒྱུར་དང་། །ལུས་ངག་ཡིད་གསུམ་ཁ་བསྒྱུར་ཕྱིར། །རྡུལ་ཚོན་དཀྱིལ་

འཁོར་ཞེས་བྱར་གསུངས། །ཕུང་པོ་ལ་སོགས་སྟོན་པས་ན། །ཚོགས་ཀྱི་དཀྱིལ་འཁོར་ཞེས་པར་བཤད། །སེམས་ཀྱི་དཀྱིལ་འཁོར་དག་པ་སྟེ། །རང་བཞིན་མེད་ལས་བསྒོམ་པར་བྱ། །དང་པོའི་གྲྭ་ནི་རྟོགས་བྱེད་པ། །འདི་ལྟར་མེ་ལོང་ལྟ་བུར་འགྱུར། །སོ་སོར་རྟོག་པར་ཞེས་བཤད་པ། །

ལྷོ་ཕྱོགས་གྲྭ་ཡིས་བརྒྱན་པའོ། །བྱ་བ་སྒྲུབ་པར་བྱེད་པ་མཆོག །ནུབ་ཀྱི་གྲྭ་ཡིས་རྣམ་པར་གསལ། །མཉམ་ཉིད་ཞེས་པ་ཡེ་ཤེས་ཆེ། །བྱང་གི་གྲྭ་ཡིས་རྗེས་སོང་བདག །དེ་ལྟར་གྲྭ་བཞི་པ་ཅན་ནི། །ཡེ་ཤེས་སྤྱོད་ཡུལ་བརྟགས་པ་ཡིན། །འདི་ལྟར་དེ་ཉིད་རབ་ཞུགས་པས། །ཀུན་དུ་གྲྭ་

ཡི་དབུས་སུའོ། །སྒོ་བཞི་པར་ཡང་བརྗོད་པ་ནི། །དྲན་པ་བཞི་པོ་རྟག་འབྱུང་བའོ། །དེ་བཞིན་ཟུར་བཞིར་བཤད་པ་ནི། །སྦྱིན་པ་བཞི་པོ་རྣམ་དག་ལས། །དབུས་ཀྱི་དཀྱིལ་འཁོར་ངོ་བོ་ནི། །མི་བསྐྱོད་རྣམ་པར་བརྒྱན་པའོ། །དཀྱིལ་འཁོར་རྟག་ཏུ་ཞི་བ་སྟེ། །ཞི་བའི་ཆོས་དོན་རྒྱན་

བྱེད་ཕྱིར། །དྲ་བ་དྲ་ཕྱེད་ཟླ་བ་སོགས། །གང་ཞིག་དཀྱིལ་འཁོར་དུ་བྲིས་དང་། །རྟ་བབས་ལ་སོགས་ཐམས་ཅད་རྣམས། །དེ་རྣམས་ཏིང་འཛིན་ཡང་དག་ངེས། །རྟ་བབས་སེམས་ཀྱི་མཐར་ཐུག་པ། །དེ་ཉིད་རང་བཞིན་ལས་གསུངས་ཡིན། །སེམས་ནི་གང་ཞིག་རབ་འཇུག་པ། །ཏིང་

Vol. 4 · folio 109a

འཛིན་ཡན་ལག་ལ་གནས་པ། །དེ་ནི་དྲ་བ་ཞེས་པར་བརྗོད། །དེ་ཡི་ཕྱེད་པས་དྲ་བ་ཕྱེད། །དྲིལ་བུ་དྲ་བར་ཡང་དག་གནས། །རང་གི་སྒྲ་སྒྲོགས་གོ་བྱེད་པ། །ཆོས་རྣམས་སྒྲ་བརྙན་ལྟ་བུར་ནི། །སོ་སོར་རྟོགས་པར་བྱེད་པའོ། །དཔལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་

གསུངས་པ་ཡང་། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་གནས་པས་ཆོས་རྣམས་ཐམས་ཅད་སྒྲ་བརྙན་ལྟ་བུའོ་ཞེས་རབ་ཏུ་ཤེས་སོ། །དེ་ལས་ཀྱང་དེ་རྣམས་མི་སེམས་ཡང་དག་པར་རྗེས་སུ་

མི་མཐོང་མི་ཤེས་ཡང་དག་པར་མི་ཤེས་ཏེ། ཆོས་དེ་རྣམས་ཀྱང་ཡོད་པ་མ་ཡིན་ལ་ཡང་དག་པར་རིག་པ་མ་ཡིན་ཏེ་མི་དམིགས་སོ་ཞེས་སོ། །དེ་གལ་ཏེ་འདི་ལྟར་གནས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་སོ། །རྒྱལ་མཚན་ཕྲེང་བར་དེ་བཤད་ཉིད། །ཆོས་རྣམས་སྐྱེ་མེད་སྟོན་པའི་

ཕྱིར། །གང་ཚེ་སེམས་ནི་རྒྱ་ཆེ་ཞིང་། །དངོས་པོ་ལ་སོགས་མ་གོས་པ། །སེམས་ནི་བླ་རེར་བཤད་པ་ཡིན། །དམ་པའི་དོན་ནི་བརྗོད་པ་ལས། །ཕྲེང་བ་གོས་ནི་དེ་ཐམས་ཅད། །སྣ་ཚོགས་ལ་སོགས་སྣང་བ་ལས། །རྡོ་རྗེའི་རྣམ་པར་གང་ཞིག་སེམས། །དགའ་བའི་ཡེ་ཤེས་ཀྱིས་མཚན་

པ། །དོན་དེས་རྟག་ཏུ་བརྗོད་པ་ནི། །མཁའ་འགྲོ་མ་ཡི་སྡོམ་པ་འབྱུང་། །ཟུར་གྱི་ཆ་ནི་ཐམས་ཅད་དང་། །སྒོ་དང་སྒོ་ཁྱུང་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པ། །རྡོ་རྗེ་རིན་ཆེན་རྟོགས་པ་ལས། །ཟླ་བ་ཉི་མར་གང་བརྗོད་པ། །ཤེས་རབ་ཐབས་དོན་སྟོན་པ་ལས། །ཤེས་

རབ་ཐབས་ཀྱི་རང་བཞིན་སེམས། །ཡེ་ཤེས་འདི་རྣམས་ཀྱིས་བརྒྱན་པའོ། །དཀྱིལ་འཁོར་བརྗོད་པ་དེ་ཉིད་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐྱེས། །སྐུ་གསུང་ཐུགས་ནི་ཉེ་བ་ལས། །རྣམ་པ་གཅིག་པ་མཚན་ཉིད་མེད། །དེ་ཉིད་རབ་ཏུ་འཇུག་པ་བརྗོད། །བླ་མ་སློབ་མ་དག་ལ་གསལ། །

ཞེས་པ་ལ་སོགས་པའོ། །དཔལ་རྡོ་རྗེ་མཁའ་འགྲོར་ཡང་གསུངས་པ། དཀྱིལ་འཁོར་ཇི་ལྟ་དེ་ལྟར་ནི། །སུ་ཡིས་ཡོངས་སུ་བརྟགས་པར་ནུས། །རང་གི་ལྷག་པའི་ལྷ་སྦྱོར་བས། །གྲུབ་པ་དཀྱིལ་འཁོར་བརྟགས་པའོ། །ཞེས་པ་ངེས་པའི་དོན་ཏོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་

Vol. 4 · folio 109b

བཞི་ཡིས་བརྒྱན་བྱས་པ། །དོ་ཤལ་དོ་ཤལ་ཕྱེད་པ་ལ། །ཞེས་པ་ལ་སོགས་པ་སྟེ། འདི་ཐམས་ཅད་དྲང་བའི་དོན་གྱིས་གོ་སླའོ། །གསུངས་པ་ཡང་། སྔགས་ཀྱི་ཚུལ་འདིར་སློབ་མ་རྣམ་པ་གཉིས་ཏེ། གཅིག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དང་། གཉིས་པ་

འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བའོ། །གང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པ་དོན་དུ་གཉེར་བ་དེ་ནི་སྟོང་པ་ཉིད་ཀྱི་ལམ་བསྒོམ་པའི་དོན་དུ་བུམ་པ་དང་། གསང་བ་ལ་སོགས་པའི་དབང་བསྐུར་གྱིས་ཡང་དག་པར་གཟུང་བར་བྱའོ། །གང་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་

པའི་དོན་དུ་གཉེར་བ་ནི་སྔགས་དང་། ཕྱག་རྒྱ་དང་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དོན་དུ་གཉེར་བ་སྟེ། དབང་བསྐུར་གྱིས་ཡང་དག་པར་གཟུང་བར་བྱ་སྟེ། འབྲིང་པོ་བསོད་ནམས་ཀྱི་རྒྱུར་རོ་ཞེས་པའོ། །ཐ་མ་ནི་དབང་བསྐུར་གྱིས་ཡང་དག་པར་གཟུང་བར་བྱ་བ་མ་ཡིན་ཏེ། དགེ་བསྙེན་གྱི་

བསླབ་པར་ཡང་དག་པར་གཟུང་བར་བྱའོ་ཞེས་པ་ངེས་པའོ། །ད་ནི། །སློབ་མ་དམ་པ་མཉེས་གཤིན་གུས། །བླ་མའི་ཞབས་ལ་ཕྱག་འཚལ་ནས། །རྩེ་གཅིག་གྱུར་པའི་ཡིད་ལྡན་བས། །དབང་བསྐུར་དོན་དུ་གསོལ་བ་གདབ། །ཐལ་མོ་སྦྱར་བ་བྱས་ནས་ནི། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །

བདག་ལ་ཕན་དང་བདག་དོན་ཆེད། །ཁྱབ་བདག་བདག་ལ་ཐུགས་བརྩེ་བས། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཇི་ལྟར་བདག་འཐོབ་པར། །རྫོགས་པའི་སངས་རྒྱས་བཅོམ་ལྡན་སྟོན། །དམ་ཚིག་ཆེན་པོའི་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་པའི་མཆོག །འགྲོ་

བའི་བླ་མས་བསྟན་དུ་གསོལ། །ངེས་པར་འབྱུང་གི་བར་དུ་འདི། །བདག་གི་བསམ་པ་བརྟན་པོས་གཟུང་། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཇི་ལྟར་བདག་འགྱུར་མཛོད། །ཧེ་རུ་ཀ་དཔལ་དབང་བསྐུར་ནི། །འགྲོ་བ་བསྐྱབ་པའི་སེམས་ཆེད་དུ། །ཇི་ལྟར་རྡོ་རྗེ་སེམས་

དཔས་བྱིན། །དེ་ལྟར་དེང་འདིར་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པའི་སློབ་མ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སློབ་མ་བཞུགས་པའི་རིམ་པས་རང་ཉིད་ཞུགས་ནས་ཡོལ་བའི་ཕྱི་རོལ་དུ་ཡོན་ཕུལ་བ། དོན་དམ་ཤིན་ཏུ་རོལ་པའི་བདག །ཕྱག་རྒྱ་ལྔ་དང་ལྡན་དག་པ། །ཁ་ཊྭཱཾ་ག་

Vol. 4 · folio 110a

བརྟེན་ཡང་དག་གནས། །ལྷ་མོ་གདུགས་མཆོག་བསླང་སྟེ་འཛིན། །ཅང་ཏེའུ་བྲེལ་བའི་ལག་པ་ཅན། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀྱིས། །བསྐོར་ཞིང་དབུས་ན་གནས་པ་ལ། །གླུ་ལ་སོགས་དང་བཀྲ་ཤིས་ཀྱིས། །འབད་པས་མཆོད་པར་བྱས་ནས་སོ། །

དེའི་རྗེས་སུ་དབང་བསྐུར་བའི་སྐལ་བ་དང་ལྡན་པའི་སློབ་མ་རྣམས། རྣམ་པར་སྣང་མཛད་ཀྱི་གཟུགས་སུ་དམིགས་པ་ལ། ཨཱཿཁཾ་ཝཱ་ར་ཧཱུྃ་ཞེས་པའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་གཟུང་བའི་མིག་དར་བཅིངས་པ་བགེགས་མཐར་བྱེད་ཀྱི་སྔགས་ཟློས་ཤིང་བུམ་པའི་ཆུས་གཏོར་བ་ལ། །དཀྱིལ་

འཁོར་དུ་འཇུག་པའི་དོན་དུ་དྲི་བར་བྱ་སྟེ། ཤིན་ཏུ་དགའ་བ་ཁྱོད་སུ་ཡིན། །ཞེས་སོ། །དེས་ཀྱང་སྐལ་བཟང་བདག་བདེ་བ་ཆེན་པོའོ་ཞེས་སྨྲ་བར་བྱའོ། །དེའི་རྗེས་སུ་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི་ཞེས་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་

གར་འདིས་གཞག་པར་བྱ་སྟེ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་སོ། །དེ་ནས་སྔར་གསུངས་པའི་ཡི་གེ་ལྔ་པོས་ཡོལ་བའི་ནང་དུ་བཅུག་ནས་འདི་སྐད་སྨྲ་བར་བྱའོ། །དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་ནས་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་

བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་རྣམས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་ཅི་སྨོས། །ཁྱོད་ཀྱིས་ཀྱང་འདི་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ན་མི་རུང་ངོ་ཞེས་སོ། །དེ་ནས་མགོ་བོར་རྡོ་རྗེ་བཞག་ནས་

འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་སྨྲས་ན་མགོ་བོ་འགེམས་པར་བྱེད་དོ། །ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དེང་། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་

པ་འདི་ཡིས་མནའ་བྱས་ཏེ། ཙནྡན་དང་གུར་ཀུམ་ལ་སོགས་པ་བསྲེས་པའི་ཆུ་ལ་ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་དཀ་ཐ་ཞེས་པ་འདིས་ལན་བདུན་བཟླས་པ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་

Vol. 4 · folio 110b

འཐུངས་ཤིག །ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ། །དེ་ནས་འདི་སྐད་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་ཁྱོད་ལ་གང་བྱོས་ཤིག་ཅེས་སྨྲས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་ཡང་བརྙས་པར་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་

དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ན་མི་རུང་ངོ་ཞེས་པ་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་ནས་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པར་གསུངས་པའི་དབབ་པའི་ཆོ་གས་དབབ་པར་བྱའོ། །དེ་ནས་བདེན་པའི་བྱིན་གྱིས་བརླབ་བྱ་སྟེ། བདག་གིས་ཡང་དག་དཀྱིལ་འཁོར་དུ། །སློབ་མ་འདི་ནི་

རབ་བཅུག་པ། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་ལ་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་བྱ་བ་ལ་ཁྱོད་ཀྱི་མིག་ལ་ཅི་འདྲ་བ་སྣང་ཞེས་

དྲི་བར་བྱའོ། །དེ་ནས་དེ་ཡིས་སྨྲས་པ་ཡིས། དཀར་པོ་དང་སེར་པོ་དང་དམར་པོ་དང་། ནག་པོའི་སྣང་བ་རྣམས་ཀྱིས་ཞི་བ་དང་། རྒྱས་པ་དང་དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ཀྱི་སྐལ་བ་ཅན་ཉིད་དུ་རིམ་པ་ཇི་ལྟ་བར་བརྗོད་པར་བྱའོ། །དེ་ནས་མེ་ཏོག་གི་ཕྲེང་བ་གཟུང་བ་དེ་དཀྱིལ་འཁོར་དུ་

པྲ་ཏཱིཙྪ་བཛྲ་ཧོཿཞེས་པ་འདིས་དཀྱིལ་འཁོར་དུ་འཕེན་དུ་གཞུག་གོ། །དེ་ནས་མེ་ཏོག་ལྟུང་བས་དམན་པ་དང་མཆོག་ལ་སོགས་པའི་དངོས་གྲུབ་མཚོན་པར་བྱའོ། །དེ་ལ་གལ་ཏེ་སངས་རྒྱས་རྣམས་ཀྱི་དབུའི་མཛོད་སྤུའམ་གཙུག་ཏོར་དུ་ལྷུང་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །ཡན་

ལག་མཆོག་ལ་ནི་མཆོག་གོ། །དབུས་ཀྱི་ཆ་ལ་ནི་འབྲིང་ངོ་། །འོག་གི་ཆ་ལ་ནི་ཐ་མའོ། །སྐུ་ལས་རིང་དུ་གྱུར་ན། །ཡུན་རིང་པོས་སོ། །ཉེ་བ་ལ་ནི་ཉེ་བར་འགྲུབ་པོ། །ལྷ་རྣམས་ཀྱི་རང་གི་གནས་ནི་ལིང་ཚེ་ལ་སོགས་པས་ཡོངས་སུ་བཅད་པས་ཤེས་པར་བྱའོ། །ལྷ་གཉིས་དག་གི་བར་

དུ་གལ་ཏེ་ལྷུང་ན་དེའི་ཚེ་གང་ལ་མེ་ཏོག་དེ་ཉེ་བ་དེའི་རིགས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོར་འགྱུར་རོ། །གལ་ཏེ་རི་མོ་རྣམས་ལ་ལྷུང་ན། དེའི་ཚེ་སླར་ཡང་འཕེན་དུ་གཞུག་གོ། །ལན་གསུམ་བྱས་ཀྱང་དེ་ཉིད་དུ་ལྷུང་ན་དངོས་གྲུབ་མེད་དོ། །ཕྱི་རོལ་གྱི་རྡོ་རྗེ་

Vol. 4 · folio 111a

ཕྲེང་བ་ལས་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་མེད་དོ། །ཟེ་འབྲུ་ལ་ལྷུང་ན་ནི་དཀའ་བས་སོ་ཞེས་པའོ། །མེ་ཏོག་དོར་བའོ། །དེ་ནས་འཕངས་པའི་མེ་ཏོག་དེ་སླར་ཡང་བཟུང་ནས་སློབ་མའི་མགོ་བོར་བཅིང་ཞིང་། པྲ་ཏི་གྲྀཧྣ་ཏྭཾ་མི་མཾ་ཝཙྪ་མ་ཧཱ་བ་ལ་ཞེས་བརྗོད་པར་བྱའོ། །

དེ་ནས། རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་མིག་འབྱེད་བརྩོན། །མིག་ཀུན་པ་ནི་འབྱེད་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ཅིང་མིག་རས་བསལ་བར་བྱའོ། །དེ་ནས་དཀྱིལ་འཁོར་སོ་སོར་ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་སྒོ་སྐྱོང་དང་རང་གི་ལྷག་པའི་བདག་

པོའི་མཐར་ཐུག་ལ་བསྟན་པར་བྱའོ་ཞེས་པ་དཀྱིལ་འཁོར་དུ་གཞུག་པའི་ཆོ་གའོ། །དེ་ལས་ལངས་ནས་དགྱེས་པའི་དཔའ། །ཧེ་རུ་ཀ་དཔལ་བདག་སྦྱོར་གྱིས། །དབང་བསྐུར་རིན་ཆེན་ཆེན་པོ་ནི། །གཉིས་མེད་ཆུ་ཡིས་སྦྱིན་པར་བྱ། །དང་པོ་སྙིང་པོ་བཟླས་པ་ཡིས། །ཧེ་རུ་ཀ་ཡི་བཀའ་ཐོབ་པས། །

དབང་བསྐུར་སྦྱིན་པར་བྱ་བ་ཡིན། །གཞན་དུ་བཞད་གད་ཐོབ་པར་བྱེད། །རྣལ་འབྱོར་ནུས་པ་མེད་ལས་སོ། །སྙིང་གའི་དཀྱིལ་འཁོར་འོད་རྣམས་ཀྱིས། །སློབ་མའི་ལུས་ནི་རྫོགས་བཀང་ནས། །དབང་བསྐུར་བྱིན་པར་བསམ་པར་བྱ། །སངས་རྒྱས་ལྔ་ཡི་རང་བཞིན་ཏེ། །བརྟན་གཡོ་ཀུན་གྱི་

བདག་ཉིད་པ། །དེ་ཡིས་དང་པོར་དབང་བསྐུར་ལྔ། །བདེ་བ་ཕུན་ཚོགས་སྦྱིན་པར་བྱ། །དབང་བསྐུར་མཚན་ཉིད་ལས་བྱུང་བ། །བརྟན་དང་གཡོ་བའི་འགྲོ་བ་སྟེ། །གང་ཕྱིར་འགྲོ་བ་དབང་བསྐུར་བྱུང་། །དེ་ཕྱིར་དབང་བསྐུར་སྦྱིན་མི་བྱ། །སྐྱེས་བུ་དེ་ཉིད་དེ་ལྡན་ཡང་། །མི་ཤེས་དེ་ཉིད་མི་རིག་ང་། །

སྐྱེ་མེད་ཡེ་ཤེས་སླར་ཡང་ནི། །བསྐྱེད་པར་བྱ་ཞིང་བརྗོད་པར་བྱ། །དང་པོར་དམ་པའི་ཆུ་སྦྱིན་ཏེ། །མཁའ་འགྲོ་མ་ཡི་སྔགས་ཀྱིས་བཏབ། །མཆོག་ཏུ་དགའ་བའི་ཏིང་འཛིན་གནས། །རིགས་པའི་དབང་བསྐུར་ཡང་དག་བསྟན། །རང་གི་རིགས་པའི་སྐྱེས་བུའི་ཆུས། །ཀུན་ནས་བུམ་

པ་བརྒྱད་ཀྱིས་སོ། །དེ་ནས་བུམ་པ་གཟུང་བའི་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཞེས་བརྗོད་ནས་བདུད་

Vol. 4 · folio 111b

རྩི་འཁྱིལ་བ་བཟླས་པའི་བུམ་པ་ལས། །རྡོ་རྗེ་དང་བཅས་པའི་ཁུ་ཚུར་གྱིས་ཆུ་བླངས་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་པས་སློབ་མ་ལ་འཁོར་ལོས་སྒྱུར་བ་ལྟ་བུར་དབང་བསྐུར་བར་བྱའོ་ཞེས་པ་ཆུའི་དབང་བསྐུར་གྱི་ཆོ་གའོ། །དེ་ནས་རང་གི་ལྷ་དང་ལྡན་པའི་དབུ་རྒྱན་གསེར་དང་གོས་ལ་སོགས་པ་

ལས་བྱས་པ་སློབ་མའི་མགོ་བོར་སྔར་བཤད་པའི་སྔགས་ཀྱིས་བཞག་ནས། ནམ་མཁའི་དཀྱིལ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རིགས་ཀྱི་བདག་པོའི་གཟུགས་ཀྱི་ཅོད་པན་ལ་བཞུགས་པར་བསམ་པར་བྱའོ། །དེ་ལྟར་དབུ་རྒྱན་གྱི་དབང་གི་ཆོ་གའོ། །དེ་ནས་རྡོ་རྗེ་བླངས་

ནས། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །བདག་གིས་དེ་རིང་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཆེད་གཟུང་། །ཞེས་བརྗོད་ཅིང་སྙིང་ག་ལ་སོགས་པར་རྡོ་རྗེས་རེག་ནས་ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ། །དེ་ལྟར་རྡོ་རྗེའི་དབང་བསྐུར་གྱི་ཆོ་

གའོ། །དེ་ནས་ལག་པ་གཡོན་དུ་དྲིལ་བུ་བྱིན་ནས་རྡོ་རྗེ་དྲིལ་བུ་དང་ལྡན་པས་སློབ་མའི་ལག་པ་དག་གིས་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ། ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་པར་བྱའོ་ཞེས་པ་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ། །འདིའི་དོན་ནི་འདི་

ཡིན་ཏེ། དཔལ་ཐམས་ཅད་གསང་བར་གསུངས་པ་ཡང་། །ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས། །སེམས་ཅན་ཀུན་གྱི་དོན་སྟོན་པ། །རང་བཞིན་གྱིས་ནི་འོད་གསལ་བའི། །སེམས་ནི་རྡོ་རྗེར་མངོན་བརྗོད་བྱ། །ཆོས་རྣམས་ཐམས་ཅད་མ་སྐྱེས་པ། །གདོད་ནས་ཞི་བ་ནམ་མཁའ་མཉམ། །ཞེས་པའི་

ཚིག་ནི་རབ་འཇུག་པ། །རྡོ་རྗེ་དྲིལ་བུ་ཞེས་པར་བཤད། །དེའི་རྗེས་སུ་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་འཛིན་ཞིང་། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཤིན་ཏུ་དགའ་བའི་རྡོ་རྗེ་དང་། ཀྱེ་དཔལ་ཤིན་ཏུ་དགའ་བ་མྱུ་གུ་རྡོ་རྗེ་ཞེས་པ་ལ་སོགས་པ་རིགས་དང་རྗེས་སུ་མཐུན་པའི་མིང་

གདགས་པར་བྱའོ། །དབང་བསྐུར་བ་འདི་རྣམས་ཀྱིས་ཀྱང་སྔགས་དང་རྒྱུད་ཉན་པ་དང་། འཆད་པ་དང་། སྔགས་སྒྲུབ་པ་ལ་དབང་དུ་བྱས་པར་འགྱུར་རོ། །དབང་བསྐུར་ལྔ་པོ་དེ་ཁོ་ན་རིག་པའི་དབང་དུ་བརྗོད་པར་བྱའོ། །ཐམས་ཅད་དུ་སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱི་བྱ་བ་ཡིན་པའི་ཕྱིར་

Vol. 4 · folio 112a

རོ། །དེ་ལྟར་མིང་གི་དབང་བསྐུར་བའི་ཆོ་གའོ། །གསུངས་པ་ཡང་། ཆུ་ཡི་ཤིན་ཏུ་རྣམ་དག་འགྱུར། །དབུ་རྒྱན་མཉམ་པ་ཉིད་འགྱུར་ཏེ། །རྡོ་རྗེ་རྟག་ཏུ་སོ་སོར་རྟོག །བདག་པོས་དམ་ཚིག་འགྱུར་བའོ། །བརྟུལ་ཞུགས་ལུང་བསྟན་དབུགས་དབྱུང་བ། །

དཔལ་ལྡན་རྣམ་པར་སྣང་མཛད་བཤད། །དབང་བསྐུར་འདི་རྣམས་རྟག་ཏུ་ལྡན། །ཡེ་ཤེས་ལྔ་པོ་རྣམ་དག་པས། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །ཧེ་རུ་ཀ་ཡི་བརྟུལ་ཞུགས་བརྟན། །དགའ་བ་བཟང་པོ་རྒྱལ་བ་དང་། །སྟོང་པ་

གང་བར་ཕྱོགས་གཉིས་ལ། །དཔའ་བོར་བཅས་པའི་རྣལ་འབྱོར་མ། །འབད་པས་རང་གིས་མཆོད་པར་བྱ། །དཔའ་བོ་དཔའ་མོའི་དབང་ཕྱུག་ཚོགས། །མྱོས་བྱེད་དགའ་བས་གཡོ་རྣམས་དང་། །བུ་ཁྱོད་རྟག་ཏུ་རོལ་པར་གྱིས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་དུའོ། །ནམ་ཡང་ཐེག་པ་

དམན་པ་ལ། །བཟང་པོ་འདོད་པར་བྱ་བ་མིན། །འཁོར་བ་ཡོངས་སུ་མི་སྤང་སྟེ། །མྱ་ངན་འདས་ལ་རྟག་མི་དགའ། །ཞེས་སོ། །དེ་བཞིན་དུ་ཡང་གསུངས་པ། ཕྱག་རྒྱ་དྲུག་དང་ཐལ་བར་ལྡན་ཞིང་གོས་དང་རྣམ་བྲལ་སྐྲ་ནི་གྲོལ་བའི་ཕྱག་རྒྱ་མ། །ལག་པ་གཡོན་པར་ནམ་མཁའི་དབྱུག་

ཅན་ཅང་ཏེའུ་པདྨ་ཀུན་དུ་འཁྲོལ་བྱེད་མ། །བཀུག་ནས་ཕང་བའི་ཕྱོགས་སུ་མཁའ་ལྡིང་གདོང་པ་བྱེད་པའི་དཔའ་བོ་མནན་ནས་དབུས་སུ་ནི། །བཟའ་བ་ཡང་དག་བཞག་ལ་དགའ་བས་རབ་མཆོག་བླ་མས་སྟོབས་དང་ཟླ་བའི་བཏུང་བ་བྱའོ། །བླ་མས་ཀྱང་ཏིང་ངེ་འཛིན་གསུམ་མངོན་དུ་བྱེད་ཅིང་

རང་རིག་པར་བྱས་ནས། ནམ་མཁའི་ཁམས་སུ་གྲོལ་བ་ཤེས་རབ་ཀྱི་པདྨ་ནས་ཕྱུང་སྟེ། ཤེས་རབ་གདོང་ནི་བཅིང་བྱས་ཏེ། །ཐབས་ཀྱི་གདོང་ཡང་དེ་བཞིན་ནོ། །མཐེ་བོང་མིང་མེད་དག་གིས་ནི། །སློབ་མའི་ཁར་ནི་བཏུང་བར་བྱ། །ཕྱི་ནས་ལག་པ་བཟུང་ནས་ནི། །ཆོ་ག་བཞིན་དུ་སྡིག་

མེད་པའི། །རྣལ་འབྱོར་མ་ནི་དེ་ལ་སྦྱིན། །ལྷ་མོ་འདི་ཁྱོད་དངོས་གྲུབ་སྦྱིན། །ཁམས་ལྔའི་བཅུད་ཀྱི་བདག་ཉིད་དེ། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །བདེ་བ་དམ་པ་མྱང་བར་གྱིས། །ཨེ་མ་མཉེས་གཤིན་དགའ་བ་སྔོན་འགྲོ་ཆུ་སྐྱེས་མཆོག་ལ་དམ་དུ་འཁྱུད་ནས་རངས་པ་ཡིས། །

Vol. 4 · folio 112b

བརྗོད་བྱ་རྗོད་བྱེད་མིན་གང་ཧེ་རུ་ཀ་ཡི་རྣམ་པའི་སྙིང་པོའི་བདེ་བ་མྱོང་བར་གྱིས། །ཀུན་དགའ་དང་བཅས་དཔའ་བོའི་མགོན་པོས་ངེས་པར་རྗོད་བྱེད་བཞི་པ་ལ་སོགས་མཚོན་བྱ་གང་། །ཀུན་མཁྱེན་ཡེ་ཤེས་རང་བཞིན་ས་གསུམ་བཅས་པའི་ཧེ་རུ་ཀ་ཡི་རྣམ་པའི་སྙིང་པོའོ། །རྡོ་རྗེའི་བརྟུལ་ཞུགས་ལ་

སོགས་སྙིང་ནི་བདེ་བར་བྱེད་གང་ཧེ་རུ་ཀ་ལ་སྦས་པ་སྦྱིན། །རྣལ་འབྱོར་མ་ཡི་གསང་བའི་མཚོན་བྱ་བརྡ་སྐད་གྱིས་ཤིག་ངེས་པར་སྙིང་པོར་དེར་མིན་ནམ། སྔོན་དུ་གསུངས་པའི་མཚན་ཉིད་ཅན། །ལྷ་མོས་རྡོ་རྗེ་སྒྲོགས་པ་སྨྲས། །པདྨ་ལས་བྱུང་ཟ་བ་ལ། །བུ་ཁྱོད་སྤྲོ་བ་ཡིན་ནམ་ཅི། །དེ་ནས་སློབ་

མས་ཀྱང་བརྗོད་བྱ། །པདྨ་ཕྱེ་སྟེ་ཡང་དག་དགའ། །བདག་གིས་རྟག་ཏུ་བྱ་བར་ནུས། །དག་པའི་སེམས་ཀྱིས་དེ་ལ་སྨྲ། །སངས་རྒྱས་མཉེས་པ་ལ་སོགས་པའི། །བྱ་བ་པདྨར་ཇི་བཞིན་གྱིས། །འཇིགས་དང་ངོ་ཚ་རྟག་སྤངས་ནས། །ཧེ་རུ་ཀ་མཆོག་དགའ་བ་གྱིས། །དེ་ཚེ་སློབ་མ་བློ་བཟང་གིས། །ཇི་

སྐད་སྨྲས་པ་ཐམས་ཅད་བྱ། །དེ་ནས་ལྷ་མོ་པདྨ་སྦོམ། །མཛེས་མ་དེ་ནི་དགའ་གྱུར་ཏེ། །དམ་དུ་འཁྱུད་པ་བྱས་ནས་ནི། །དབང་པོ་ཐམས་ཅད་ཁ་སྦྱོར་བྱེད། །མ་མཆུ་སོ་རྣམས་ཀྱིས་བཟུང་ནས། །ཤཱིཏ་ཡིག་སྔགས་ནི་བརྗོད་པར་བྱ། །ཆགས་པའི་ཆགས་ཆེད་འདོད་པར་བྱ། །པདྨར་རྡོ་རྗེ་གཞུག་

པར་བྱ། །ཤཱིཏ་ཡིག་སྙན་པའི་སྒྲ་རྣམས་ནི། །ཁུ་བྱུག་གླིང་བུའི་སྒྲ་ལྡན་པས། །བྱེད་པ་བཅིང་བའི་སྦྱོར་བ་ཡིས། །དགའ་མ་ཁྱོད་ཀྱིས་བདག་དགའ་བྱས། །དེ་ཚེ་སློབ་མ་བློ་བཟང་པོ། །ཇི་སྐད་སྨྲས་པ་དེ་ཀུན་བྱ། །སངས་རྒྱས་བཞི་ཡི་གདན་བཞུགས་པ། །རྡོ་རྗེ་པདྨར་ལེགས་པར་གནས། །

རིམ་གྱིས་རྗེས་སུ་མྱོང་ཉིད་ཀྱིས། །དགའ་བ་བཞི་ཡི་མཚན་ཉིད་དོ། །དེ་ལྟར་ཁྱབ་པར་བྱ་བ་དང་། །ཁྱབ་པར་བྱེད་པའི་འབྲེལ་པས་ལུས་དང་ངག་དང་སེམས་ཀྱི་དབྱེ་བས་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་པ་བཞིའོ། །དཔལ་འདུས་པར་གསུངས་པ་ཡང་། བྷ་གར་ལིང་ག་རབ་བཞག་ནས། །བྱང་

ཆུབ་སེམས་ནི་སྤྲོ་མ་བགྱི། །ཁམས་གསུམ་པོ་ནི་མ་ལུས་ནས། །སངས་རྒྱས་གཟུགས་སུ་བསྒོམ་པར་བྱ། །ཞེས་སོ། །ཚིག་འདིའི་དོན་འདི་ཡིན་ཏེ་དཔལ་མཚན་ཡང་དག་པར་བརྗོད་པར་གསུངས་པ་ནི། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་

Vol. 4 · folio 113a

དཀར་པོའི་རྒྱས་སྤྱན་ཅན། །པདྨ་རྒྱས་པའི་ཞལ་མངའ་བ། །ཞེས་སོ། །སླར་ཡང་དེ་ཉིད་དུ་གསུངས་པ། །བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་གནས་པ། །བྱ་བ་བྱས་པས་སྐམ་སར་གནས། །

ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་སོན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཡང་དག་རྫོགས་པའི་སངས་རྒྱས་རྒྱན། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ཡི་བདག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་

འཆང་། །ཞེས་སོ། །དེ་སྐད་དུ་ཡང་གསུངས་པ། འདི་ཉིད་ཁོ་ན་བསྲུངས་པ་ཡིས། །སྐྱེ་བ་འདི་ལ་སངས་རྒྱས་ཉིད། །ཚུལ་ཁྲིམས་ཚོགས་ནི་ཡོངས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ཡང་དག་ལྡན། །ཕ་རོལ་ཕྱིན་པ་བཅུ་ཐོབ་པའི། །རྫོགས་པའི་སངས་རྒྱས་དུས་གསུམ་བཞུགས། །འདི་

ཡིས་རྫོགས་སངས་རྒྱས་ཀུན་གྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དཔལ་དང་པོའི་སངས་རྒྱས་སུ་གསུངས་པ་ཡང་། །རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་མེའི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ལེ་གང་གང་ཞུ་བ་འདི་ནས་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་བར་འགོག །

ཐིག་ལེ་ལས་གཡོའི་ཁུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལས་འགོག་གང་དེ། །ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པས་བདེ་ནའོ། །སད་དང་རྨི་ལམ་རང་བཞིན་སླར་ཡང་གཞན་པ་འདི་ནི་གཉིད་དང་བཞི་ཡི་རང་བཞིན་ནི། །ལུས་ལ་གནས་དང་དབུགས་

ལ་ཞེན་པ་ཡུལ་རྣམས་རྣམ་པར་སྤྱོད་ཅིང་གཡོ་མེད་སེམས་ཐིམ་པ། །ཡེ་ཤེས་ལ་གནས་བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ཞུ་བ་ལའང་སྐད་ཅིག་འགྱུར། །སྤྲུལ་པ་སོགས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་འགྱུར། །དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་

གནས་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱིས་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་མཆོག་བདེ་སོང་ལ་ཐར་པ་ཅི། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདིར་ནི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words