དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་པཉྩི་ཀཱ་ནཱ་མ་མུཀྟི་ཀ་ཨ་བ་ལི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 4 · folio 221a

༄༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་པཉྩི་ཀཱ་ནཱ་མ་མུཀྟི་ཀ་ཨ་བ་ལི། བོད་སྐད་དུ། དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ཞབས་རྣམས་བཞག་པས་ས་བཞི་གྲུམ་མཛད་ཤིན་ཏུ་བཞད་པས་

ས་འཛིན་བསྒྱེལ་མཛད་པ། །སྤྱན་གྱི་ཟེར་དང་རྒྱལ་མཚན་དྲིལ་བུའི་སྒྲ་ཡིས་འགྲོ་རྣམས་བཅོམ་ནས་སླར་གསོ་མཛད། །དྲེགས་པས་རློམ་པ་རབ་ཏུ་ཞི་བྱེད་ཆོ་ག་འཇིགས་པར་སྟོན་པའི་ཐབས་འཆང་བ། །རྒྱལ་བ་གསང་གསུམ་སྙིང་པོའི་སྙིང་པོ་ཧེ་རུ་ཀ་ཡི་གར་གྱིས་ཁྱེད་སྲུངས་ཤིག །ཚད་

མཐུན་རྗེས་འཇུག་མདོ་སྟོན་པ། །གསལ་ཞིང་རབ་ཏུ་མཛེས་པས་ན། །མུ་ཏིག་ཕྲེང་ལྟར་ཡིད་འོང་བ། །དགྱེས་པ་རྡོ་རྗེའི་དཀའ་འགྲེལ་བྱ། །དད་པ་མེད་པ་གཙོ་བོའི་སྒྲ། །ལྷ་དང་གཅིག་ཏུ་གོལ་བའི་གནས། །གང་ཕྱིར་ཀུན་མཁྱེན་ཚད་མས་ཡིན། །གུས་པས་ཀུན་མཁྱེན་འགྱུར་བ་མིན། །རྒྱལ་

བས་མཛད་ཀྱང་མ་མཛད་དང་། །དེས་མ་གསུང་ལ་དེས་གསུངས་སྨྲ། །འགྲོ་མཆོག་མི་སླུ་བདེ་གཤེགས་ལ། །གཉིས་ག་གཞོགས་འཕྱས་བྱེད་པར་མཚུངས། །རྒྱལ་བས་ཕན་པ་དུ་མ་གསུངས། །སྐྱེ་བོ་བསམ་པ་ཇི་བཞིན་ལེན། །དེ་ལྟར་འགྲེལ་འདིར་དོན་བཤད་ལའང་། །འདོད་པས་འཇུག་པར་བྱེད་

པ་ཡིན། །རྟོགས་པ་མེད་ན་ཐོས་པ་མིན། །ཐོས་པ་མེད་ན་བསམ་དུ་མེད། །གཉིས་ཀ་ཉམས་པས་རྣལ་འབྱོར་མེད། །རྣལ་འབྱོར་མེད་ན་འགྲུབ་མི་འགྱུར། །འདི་ལྟར་རྒྱུད་འདིར་ཡུན་རིང་ནས། །འདོད་པ་ཡིས་ནི་རབ་གདུངས་པའི། །སྙིང་ལ་མུ་ཏིག་ཕྲེང་བར་ནི། །བརྒྱུས་པ་འདི་ཡིས་ཕྲོགས་ཤིག་གོ། །འདི་

སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞིའི་ཚིག་ནི་ཁ་ཅིག་ན་རེ་གང་གི་ཕྱིར་མདོར་བསྡུས་པ་རྒྱུད་གཞན་ཉིད་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ན་རེ་རྒྱུད་ཆེན་པོ་ལས་རྟོག་པ་གཉིས་པ་འདི་བཏུས་ཏེ། །དེར་ཇི་ལྟ་བ་བཞིན་དུ་བསྡུས་ཏེ་བཞག་པ་ཉིད་འདིར་གླེང་གཞིའི་ཚིག་དང་བཅས་ཏེ་བསྡུས་པའོ་

ཞེས་ཟེར་རོ། །གཞན་ནི་འདི་གསང་ཆེན་མཆོག་གི་དོན་གཞན་ཡིན་ནོ། །ཞེས་ཟེར་རོ། །དེ་ནི་ཡང་དག་པ་ཡིན་ཏེ། དེ་དང་པོར་བརྗོད་པ་མི་རིགས་པ་དང་། འོག་ནས་འཆད་པར་འགྱུར་བ་ཉིད་དང་ཡི་གེ་ཡིན་པ་ལ་བརྟེན་པ་ཉིད་དེ། དེས་ན་འཆད་པར་འགྱུར་བ་དོན་གཞན་ལ་དོན་གཞན་གྱིས་སྦྱོར་བར་བྱེད་

Vol. 4 · folio 221b

པ་ནི་རྨོངས་པ་རྣམས་ངོ་མཚར་བསྐྱེད་པའི་དོན་ཏོ། །དེ་བས་ན་དང་པོའི་གླེང་གཞིའི་ཚིག་འདི་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དེ། དགེ་སློང་དག་ངའི་ཆོས་རྣམས་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བསྡུ་བར་བྱའོ་ཞེས་གསུངས་སོ། །དེ་བས་ན་སྡུད་པར་བྱེད་པས་སྨྲས་པ། འདི་སྐད་

བདག་གིས་ཐོས་པ་ཞེས་སོ། །རང་གིས་ཐོས་པར་རྟོགས་ནས་ཆོས་སྟོན་པར་བྱེད་ལ། སྟོན་པ་པོ་ལས་ཐོས་ནས་སྡུད་པར་བྱེད་དེ། དེ་བས་ན་ཐོས་པ་ཞེས་བྱ་བ་འདིས་སྡུད་པ་པོར་བསྟན་ཏོ། །མངོན་སུམ་དུ་མ་ཐོས་པ་དང་། རྣམ་པ་གཞན་དུ་ཐོས་ན་སྡུད་པ་པོ་ཚད་མ་མ་ཡིན་པ་དང་། སླུ་བར་

འགྱུར་བས་དེ་གཉིས་གསལ་བའི་ཕྱིར་འདི་སྐད་བདག་གིས་ཞེས་ཚིག་གཉིས་སྨོས་སོ། །དེ་ལ་བདག་གིས་ཞེས་པ་ནི་བདག་གིས་སྟོན་པ་པོ་ཉིད་ལས་ཐོས་པ་ཡིན་གྱི་ཐོས་པ་གཞན་དང་གཞན་ལས་འོངས་པ་མ་ཡིན་པའོ། །འདི་སྐད་ཅེས་པ་ནི་ཇི་ལྟ་བ་བཞིན་དུ་སྡུད་པར་བྱེད་པ་སྟེ། འདི་ཁོ་ན་

སྐད་བདག་གིས་ཐོས་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་མཐུན་པའི་གནས་སུ་རེས་འགའ་སྟོན་པ་པོ་བཞུགས་པ་དང་། རྗེས་སུ་མཐུན་པའི་འཁོར་འདུས་པ་སྟོན་པས་དེའི་གླེང་གཞི་གསུངས་པ་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པའོ། །དུས་གཅིག་ནི་དུས་འགའ་ཞིག་ནའོ། །

བཅོམ་ལྡན་འདས་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་སྐུ་ཅན་གྱི་རྡོ་རྗེ་འཛིན་པའོ། །དབང་ཕྱུག་ལ་སོགས་པ་དྲུག་དང་ལྡན་པས་བཅོམ་པ་སྟེ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་དང་། །དྲུག་པོ་

འདི་ལ་བཅོམ་ཞེས་བྱ། །ཞེས་གསུངས་པ་ལྟ་བུའོ། །བཅོམ་པ་དེ་འདི་ལ་ཡོད་པས་བཅོམ་ལྡན་འདས་སོ། །བཞུགས་ཞེས་པ་ནི་སངས་རྒྱས་རྣམས་ཀྱིས་གནས་པ་བཞུགས་པའོ། །སངས་རྒྱས་རྣམས་ཀྱིས་གནས་པ་ཡང་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་ཆོས་སྟོན་

པས་བཞུགས་པ་དང་། སྙོམས་པར་འཇུག་པས་བཞུགས་པ་དང་ནང་དུ་ཡང་དག་འཇོག་པས་བཞུགས་པའོ། །ཀུན་ཏུ་མཉམ་པར་གཞག་པའི་རྒྱུ་ནི་བཞུགས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་གཞག་པའོ། །དེའི་ཕྱིར་ཅུང་ཟད་སངས་རྒྱས་བཅོམ་ལྡན་

Vol. 4 · folio 222a

འདས་རྣམས་ཀྱི་སྐུའི་ཕྲིན་ལས་དེ་དང་དེ་རྣམས་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གང་ཅུང་ཟད་དེ་རྣམས་ཀྱི་གསུང་གི་ཕྲིན་ལས་དེ་ནི་ཆོས་སྟོན་པས་བཞུགས་པའོ། །གང་དེ་རྣམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའམ་ཐ་མལ་པའི་མཉམ་པར་གཞག་པའི་ཐུགས་

ཀྱི་ཕྲིན་ལས་ནི་སྙོམས་པར་འཇུག་པས་བཞུགས་པའོ། །གང་སངས་རྒྱས་རྣམས་ཀྱི་མཐོང་བའི་ཆོས་ལ་བདེ་བར་གནས་པ་དང་། ལྷ་ལ་སོགས་པ་ཉེ་བར་བསྡུ་བའི་ཕྱིར་ཐུགས་ཀྱི་ཕྲིན་ལས་དེ་དང་དེ་རྣམས་ནི་ནང་དུ་ཡང་དག་འཇོག་པ་ལ་བཞུགས་པའོ། །གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་གསང་བ་གསུམ་བསྡུས་པ་སྟེ། འདི་སྐུ་ཡང་ཡིན་ལ་གསུང་དང་ཐུགས་ཀྱང་ཡིན་པས་དེ་སྐད་ཅེས་བྱ་ལ། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རང་བཞིན་ཆོས་ཀྱི་འབྱུང་

གནས་སོ། །དེ་ཉིད་དེ་བཞིན་གཤེགས་པའི་གསང་བ་རྣམས་ཀྱི་ཤིན་ཏུ་དག་པ་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །གང་གི་ཕྱིར་གསང་བ་གསུམ་བསྡུས་པ་དེའི་ཕྱིར་གྲུ་གསུམ་མོ། །ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱིས་སྟོན་གྱི་ཟླ་བ་ལྟར་དཀར་ལ་ནང་སྟོང་པའོ། །གང་གི་ཕྱིར་གོང་ནས་

གོང་དུ་ཡངས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་རིམ་པས་རྣམ་པར་དག་པ་དེའི་ཕྱིར་གོང་ནས་གོང་དུ་ཡངས་པའོ། །དེ་ཉིད་རྡོ་རྗེ་བཙུན་མོ་སྤྱན་ལ་སོགས་པའི་བྷ་ག་སྟེ། དེ་རྣམས་ཀྱི་བྷ་ག་ནི་ཟག་པ་མེད་པ་མཐའ་ཡས་པའི་ཆོས་རྣམས་ཀྱི་ལུས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱང་དེ་ཡིན་ལ། རྡོ་རྗེ་བཙུན་མོའི་བྷ་ག་ཡང་དེ་ཡིན་པས་དེ་སྐད་ཅེས་བྱ་སྟེ་ཁྱབ་པར་བསྡུ་བའོ། །དེ་རྣམས་ལ་ཞེས་པ་ནི་གཞལ་ཡས་ཁང་དེར་ཞེས་པའི་དོན་ཏོ། །དཔེར་ན་གྲོང་ཁྱེར་ན་ཁྱིམ་བདག་གནས་སོ་ཞེས་བྱས་ན་གྲོང་ཁྱེར་གྱི་ཁང་

བཟངས་སུ་གནས་ཞེས་བྱ་བའི་དོན་ཏོ། །གསང་ཞིང་ཆོས་གསང་བའི་གནས་དེར་བཅོམ་ལྡན་འདས་བཞུགས་པ་མཐོང་ནས་ངེས་པར་དེར་བཅོམ་ལྡན་འདས་གསང་ཞིང་མཆོག་ཏུ་གསང་བའི་ཆོས་སྟོན་པར་འགྱུར་བས་རྗེས་སུ་མཐུན་པའི་འཁོར་འདུས་པ་ནི་ཤུགས་ཀྱིས་གསུངས་པ་

Vol. 4 · folio 222b

ཡིན་ཏེ། དེ་ཡང་འཁོར་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ་དང་། སྤྱན་ལ་སོགས་པ་དང་། གཽ་རཱི་ལ་སོགས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ། །དེར་ཞེས་པ་ནི་དེར་བཞུགས་ནའོ། །བཀའ་སྩལ་པ་ཞེས་པ་སུའི་དོན་དུ་བཀའ་སྩལ་ཞེ་ན། སྐྱེ་བོ་ཉན་འདོད་པས་གདུངས་པ་རྣམས་

ཀྱི་དོན་དུའོ། །ཅི་བཀའ་སྩལ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ནི་ཇི་སྲིད་བགྲོད་པར་བྱ་བ་དེ་སྲིད་དུ་གཤེགས་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ། །ཡང་ན་གཤེགས་པའི་སྒྲ་ནི་མཁྱེན་པའི་དོན་ཏེ།

ཆོས་ཉིད་ཇི་ལྟ་བ་དེ་བཞིན་ཉིད་དུ་མཁྱེན་པས་འདི་རྣམས་དེ་བཞིན་གཤེགས་པ་སྟེ། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ཡང་དག་པར་མཁྱེན་པའོ། །ཡང་ན་ཡི་གེ་ད་ལྟར་བསྒྱུར་བ་སྟེ། ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བ་དེ་བཞིན་དུ་གསུང་བས་དེ་བཞིན་གཤེགས་པ་

སྟེ། བསམ་པ་དང་རིགས་དང་གདུལ་བྱ་ཇི་ལྟ་བ་དང་དུས་ཇི་ལྟ་བ་བཞིན་དུ་ཡང་དག་པའི་ཆོས་སྟོན་པར་མཛད་དེ་ཐམས་ཅད་ཀྱང་དེ་ཡིན་ལ་དེ་བཞིན་གཤེགས་པ་ཡང་དེ་ཡིན་ཏེ། དེ་རྣམས་ཀྱི་སྐུ་གསུང་ཐུགས་དེ་ཉིད་རྡོ་རྗེ་འཛིན་པའོ། །དེའི་སྙིང་པོ་ནི་དམ་པའོ། །རྗེ་བཙུན་ཞེས་བྱ་བ་ནི་མཆོག་གི་

ལྷ་སྟེ། སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་སྔགས་ཀྱི་ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཐམས་ཅད་ཀྱི་སྙིང་པོ་ནི་མཆོག་ཏུ་དད་པར་དཀའ་བ་ཉིད་དོ། །དེ་རྣམས་ཀྱི་ཤིན་ཏུ་གསང་བ་ནི་གསང་བ་ལས་ཤིན་ཏུ་གསང་བ་ཉིད་དེ། གང་དྲག་པོ་དང་ཡང་དག་པར་ལྡན་པས་དགྱེས་པའི་རྡོ་རྗེ་ཞེས་

བྱ་བ་སྐུ་གསུང་ཐུགས་ཀྱི་མཆོག་དྲག་པོ་དང་ཤིན་ཏུ་ཆགས་པ་དང་ལྡན་པས་དེའི་ཕྱིར་གསང་བ་ལས་ཤིན་ཏུ་གསང་བ་སྟེ། འདི་ལ་དད་པ་ཡང་ཤིན་ཏུ་རྙེད་པར་དཀའ་ཞེས་བྱ་བར་དགོངས་སོ། །འདི་ཞེས་པ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ། །ཉན་པར་འདོད་པས་གདུངས་པའི་འཁོར་རྣམས་ལ་

རྟོག་པ་གསུམ་འཆར་ཏེ། གལ་ཏེ་གསང་བ་ལས་ཤིན་ཏུ་གསང་བ་འདི་ནམ་ཞིག་སྐྱེས་བུ་ཇི་ལྟ་བུ་འདིར་སྐལ་བ་དང་ལྡན་པ་ཡིན་པ་དེ་བརྗོད་དགོས་སོ་ཞེས་བྱ་བ་ནི་རྟོག་པ་དང་པོའོ། །རྡོ་རྗེ་འཛིན་པ་ལས་མཆོག་གཞན་ཡོད་པ་མ་ཡིན་ཏེ། ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནམ་ཅི། དེ་ཉིད་ཀྱི་

Vol. 4 · folio 223a

སྙིང་པོ་འདིའམ་འོན་ཏེ་དེ་ལས་མཆོག་ཏུ་གྱུར་པ་སྐུ་གསུང་ཐུགས་ཞེས་བྱ་བ་གཞན་ཞིག་གིའམ་ཞེས་བྱ་བ་ནི་གཉིས་པའོ། །ཅི་རྗེ་བཙུན་འདིའི་མཚན་ཇི་སྐད་ཅེས་བྱ་བ་ཅན་ཡིན་ཞེས་པ་ན་གསུམ་པའོ། །རྟོག་པ་འདི་རྣམས་གསལ་བར་བྱ་བའི་ཕྱིར་གསུངས་པ། ཨེ་མའོ་

ཞེས་བྱ་བ་ལ་སོགས་པའོ། །ཚིག་འདིའི་མཐར་ཡང་སྔ་མའི་ཚིག་ལས་འདི་ཞེས་བྱ་བའི་སྒྲ་བླངས་ལ་སྦྱར་ཞིང་རང་གི་དོན་ཡང་རྟོགས་པར་བྱ་སྟེ། འདི་ཡང་ཞེས་པ་ནི་འདི་ལྟ་བུ་ཡང་ཞེས་པའི་དོན་ཏོ། །འདི་ཞེས་བྱ་བའི་སྒྲ་དང་ཁ་ཅིག་ལ་མེད་ན་མེད་ཀྱང་དེ་དོན་གྱིས་དེར་ཤེས་པར་བྱའོ། །ཨེ་

མའོ་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་དང་། དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བའི་དོན་ཏོ། །གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་དག་ནི་དེ་བཞིན་གཤེགས་པའི་རིགས་ལྔའོ། །དེ་ལ་གང་ཞེ་

སྡང་གང་གིས་ཡིན་པས་ནི་རྡོ་རྗེ་སྙིང་པོ་སྟེ། བྱང་ཆུབ་སེམས་དཔའ་འདིའི་མིང་དོན་དང་མཐུན་པ་སྟེ། འདི་ལྟ་བུའི་བྱང་ཆུབ་སེམས་དཔའི་རིགས་རྙེད་པར་དཀའོ། །དེ་ཉིད་ཀྱིས་ངོ་མཚར་སྐྱེས་ནས་བོས་པ་ནི་ཨེ་མའོ། །ཞེས་པའོ། །དེ་སྙིང་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་མཆོག་ཏུ་དྲག་པོ་ལ་སོགས་པའི་ཐབས་ཀྱིས་གཞན་གྱི་དོན་བྱེད་པའི་བསམ་པ་ཉིད་ནི་སྙིང་རྗེ་ཆེན་པོའོ། །དེ་ཉིད་ཀྱིས་ཡང་དུས་ངེས་པ་མེད་པར་སྣ་ཚོགས་པའི་དོན་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་ནི་བྱང་ཆུབ་ཆེན་པོའོ། །དེ་ལ་ཡང་དག་པར་སེམས་པ་

འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། གང་འདི་ལྟ་བུ་གཞན་ལ་ཕན་པའི་བསམ་པ་དང་། རང་ལ་ཕན་པའི་བསམ་པ་དེ་སྐྱེས་བུའི་མཆོག་གོ། །དེ་ཉིད་ཀྱིས་ལེགས་སོ་ཞེས་བྱ་བ་ལ་ལན་གཉིས་སོ། །ཉོན་ཅིག་ཅེས་བྱ་བ་ནི་ཉན་པ་ལ་སྦྱོར་བའོ། །འདིས་ནི་དེ་ལྟ་བུའི་རིགས་དང་དེ་ལྟ་བུའི་

བསམ་པ་ཅན་སྐྱེས་བུ་དམ་པ་འདིར་སྐལ་བ་དང་ལྡན་པ་ཞེས་བསྟན་ནོ། །རིགས་འདི་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་ཡོན་ཏན་རྣམས་ལ་དད་པ་དང་འདོད་པའི་ཁྱད་པར་གྱི་རྟགས་ཀྱིས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། དུ་བ་ལ་ནི་མེར་ཤེས་ཏེ། །ཆུ་སྐྱར་ལ་ནི་ཆུར་

Vol. 4 · folio 223b

ཤེས་སོ། །བློ་ལྡན་བྱང་ཆུབ་སེམས་དཔའ་ཡི། །རིགས་ནི་མཚན་མ་རྣམས་ལས་ཤེས། །ཞེས་གསུངས་སོ། །འདིས་རྟོག་པ་དང་པོ་བསལ་ཏོ། །རྟོག་པ་གཉིས་པ་བསལ་བའི་ཕྱིར་གསུངས་པ། རྡོ་རྗེ་སེམས་དཔའ་དང་། སེམས་དཔའ་ཆེན་པོ་དང་། དམ་ཚིག་སེམས་དཔའ་

ཆེན་པོ་སྙིང་པོ་ཞེས་པའོ། །རྡོ་རྗེ་འཛིན་པ་ལས་མཆོག་གཞན་མེད་པ་ཞེས་བདེན་ཏེ། འོན་ཀྱང་སྙིང་རྗེ་ཆེན་པོ་གཙོར་བྱས་པ་ཉིད་ཀྱིས་རྡོ་རྗེའི་རིགས་དགྱེས་པའི་རྡོ་རྗེ། རྡོ་རྗེ་འཛིན་པའི་ཚུལ་གྱི་མཆོག་གོ། །དེའི་ཕྱིར་འདི་དེའི་ཡང་སྙིང་པོར་བརྗོད་དེ་མཆོག་གི་དོན་ནི་སྙིང་པོའི་དོན་ཏེ་ཞེས་དགོངས་སོ། །

འདིས་ནི་རྟོག་པ་གཉིས་པ་བསལ་ཏོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་འདིས་ནི་རྟོག་པ་གསུམ་པ་བསལ་ཏོ། །རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ་ཅི་གསོལ་ཞེ་ན། ཚིག་གསུམ་ཞུས་པའོ། །ཅིའི་དོན་དུ་ཞུས་ཤེ་ན། ཚིག་གསུམ་གྱིས་རྡོ་རྗེ་འཛིན་པ་བདག་ཉིད་ཆེན་པོ་བསྟན་པ་དགྲོལ་བའི་དོན་དུའོ། །

བཀའ་སྩལ་པ་ཞེས་པ་ཅི་བཀའ་སྩལ་ཞེ་ན། དྲིས་ཚིག་གསུམ་ཇི་ལྟ་བ་བཞིན་དུ་ལན་གསུམ་མོ། །མི་ཕྱེད་པས་ནི་དབྱེ་བར་མི་ནུས་པས་སོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེ་དང་ཆོས་མཐུན་པས་སོ། །སྲིད་གསུམ་ཞེས་པ་སངས་རྒྱས་རྣམས་ཀྱི་ཆོས་ཐམས་ཅད་ནི་ཡོད་ཅིང་འབྱུང་བས་སྲིད་པའོ། །གང་

གི་ཕྱིར་འདིར་སངས་རྒྱས་ཀྱི་ཆོས་རྣམས་ཁོ་ནའི་སྲིད་པ་ཡིན་ཞེ་ན་གཙོ་བོ་ཡིན་པས་སོ། །ཅིའི་ཕྱིར་ཐམས་ཅད་ཡིན་ཞེ་ན། ཁྱབ་པའི་རིགས་པས་སོ། །གསུམ་ཇི་ལྟ་བུ་ཡིན་ཞེ་ན་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་སོ། །དེ་ལ་སྲིད་པ་གསུམ་ཉིད་སྲིད་པ་གསུམ་མོ། །དེའི་གཅིག་པ་ནི་

མཉམ་པ་ཉིད་དེ་སེམས་དཔའོ། །གཅིག་པ་ཉིད་ཇི་ལྟ་བུ་ཞེ་ན་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཟད་པས་ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་འགགས་པས་གཅིག་ཏུ་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའི་དཀྱིལ་ལྟ་བུ། སེམས་ཀྱི་རྒྱུན་ཀུན་

གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དང་བྲལ་བ་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཐོབ་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ནུས་པའི་མཚན་ཉིད་ས་བོན་གྱི་གཞི་སྣང་བ་མེད་ཅིང་གསལ་བའི་རང་བཞིན་བདེ་བ་ཆེན་པོའི་ངོ་བོ་སྲིད་པ་གསུམ་ནམ་མཁའ་ཇི་སྲིད་དུ་གནས་པ་ནི་སྲིད་པ་

Vol. 4 · folio 224a

གསུམ་གཅིག་པ་ཉིད་དོ། །དེའི་ཅིའི་ཕྱིར་སེམས་དཔའ་ཞེས་བརྗོད་ཅེ་ན། དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཡིན་པས་སོ། །འདིར་སེམས་དཔའ་ཞེས་པ་ནི་བསྟོད་པའི་ཚིག་སྟེ། སེམས་དཔའི་སྒྲས་རབ་ཀྱི་མཐར་ཐུག་པ་སྟེ་ཤིན་ཏུ་རྣམ་པར་དག་ཅེས་བྱ་བར་

སྦྱར་ཏེ་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པ་ནི་སྐྱེས་བུ་ཆེན་པོའི་སྐུ་རྣམ་པར་གྲོལ་བའི་སྐུ་ཡིན་ལ་ཤིན་ཏུ་རྣམ་པར་དག་པ་ནི་ཆོས་ཀྱི་སྐུ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་གནས་དང་རྟེན་དང་ས་བོན་གྱི་གཞི་ཉིད་ཀྱིས་ཆོས་ཀྱི་སྐུ་ཞེས་བྱའོ། ཆོས་ཀྱི་སྐུའི་ཡང་གཙོ་བོའི་ལུས་ནི་

ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། རང་བཞིན་གྱིས་འོད་གསལ་བ་དུས་ཐམས་ཅད་ཉིད་དུ་དེ་བཞིན་ཉིད་པས་དེ་བཞིན་ཉིད་ཅེས་བྱའོ། །དེ་ཉིད་ཀྱིས་ནམ་ཡང་དབྱེར་མེད་ཅིང་མི་ཕྱེད་པས་རྡོ་རྗེ་སྟེ། རང་བཞིན་གྱིས་བརྟན་པས་རྟག་ཅེས་བྱ་བའི་དོན་ཏོ། །གློ་བུར་གྱི་དྲི་མ་རྣམ་པར་

དག་པ་དེ་ནི་མི་ཕྱེད་པ་སྟེ། སྔོན་དངོས་པོ་མེད་པ་ལ་རབ་ཏུ་དགའ་བ་ལ་སོགས་པའི་སའི་རིམ་པས་འཕེལ་ཏེ། སངས་རྒྱས་ཀྱི་སའི་བར་དུ་ནམ་མཁའ་ཇི་སྙེད་པར་མ་ཚང་བ་མེད་པའི་རང་བཞིན་ནོ། །ཤེས་རབ་རིགས་པ་འདི་ཡིས་ནི། །ཞེས་པ་ནི་དངོས་པོ་རྣམ་པར་ཕྱེ་ནས་ཤེས་པ་ནི་ཤེས་

རབ་བོ། །རིགས་པ་ཞེས་པ་ནི་སྦྱོར་བ་སྟེ་དེ་དག་ཉིད་ཡེ་ཤེས་ལ་གཞི་མཐུན་པར་བྱ་བའོ། །འདི་རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡང་ཡིན་པས་རྡོ་རྗེ་སེམས་དཔའོ། །བརྗོད་ཅེས་པ་ནི་གསུངས་པ་སྟེ། སྡེབ་སྦྱོར་བསྣོར་བ་ནི་ལུང་གི་ཚིག་ལ་དེ་ལྟར་ཐམས་ཅད་དུ་ནམ་ཡང་སྡེབ་

སྦྱོར་མེད་པ་མ་ཡིན་པས་སོ། །ཡེ་ཤེས་ཆེན་པོའི་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ལ་ནི་ཐེག་པ་ཆེན་པོའི་རང་བཞིན་དཀར་པོའི་ཆོས་སོ། །དེ་རྣམས་ཀྱི་རོ་ནི་མྱོང་བ་སྟེ་ལོངས་སྤྱོད་རྫོགས་པའོ། །དེ་ཡང་མཆོག་ཏུ་འབར་བའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་འཇིག་རྟེན་གྱི་ཁམས་མཐའ་

ཡས་པའི་ནང་དུ་འོད་ཟེར་མཆོག་ཏུ་སྤྲོ་བར་བྱེད་ཅིང་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཡོན་ཏན་གྱི་བཀོད་པས་བརྒྱན་པ་རྣམས་སུ་རྣམ་པ་སྣ་ཚོགས་པས་མཚུངས་པ་མེད་པའི་མཚན་དང་དཔེ་བྱད་ཀྱིས་སྤྲས་པའི་སྐུས་འཕགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་མྱོང་ཞིང་ལོངས་

Vol. 4 · folio 224b

སྤྱོད་པའོ། །དེས་གང་བ་ནི་དེ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་སྐད་ཅིག་སོ་སོ་ལ་ཚིམ་པ་སྟེ། གང་ལས་དེ་ནམ་ཡང་འཇིག་པ་མ་ཡིན་པས་རྒྱུན་དུ་འབྱུང་ཞིང་འཁོར་མོར་ཏེ་རྟག་པར་འབྱུང་ཞེས་བྱ་བའི་དོན་ཏོ། །མི་འཇིག་པ་ནི་རྒྱུན་མི་འཆད་པ་སྟེ་རྟག་ཏུ་འབྱུང་བའོ། །

དེ་ལྟར་ན་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཆོས་ཆེན་པོའི་རོ་དགའ་བ་དང་བདེ་བས་ཉེ་བར་བརྟན་པ་སྟེ། སེམས་ཅན་རྣམས་ཁམ་གྱི་ཟས་ལ་སོགས་པས་འཚོ་བ་ལྟ་བུ་ནི་མ་ཡིན་ནོ། །ཡེ་ཤེས་ཆེན་པོའི་རོས་ཚིམ་པ་དེ་ཡང་ཅི་ཞིག་ཅེ་ན་སངས་རྒྱས་རྣམས་ཀྱི་ལོངས་སྤྱོད་རྫོགས་

པའི་སྐུའོ། །སྐུ་དེ་སེམས་དཔའ་ཆེན་པོ་ཞེས་བརྗོད་དེ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་སྡོད་ཅིང་གནས་པ་སྟེ་འཇིག་པ་མེད་པས་བཞུགས་པ་ནི་སེམས་དཔའོ། །སེམས་དཔའ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་སེམས་དཔའ་ཆེན་པོ་སྟེ་ཤིན་ཏུ་འཇིག་པ་མེད་

ཅེས་བྱ་བའི་དོན་ཏོ། །རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་དམ་ཚིག་ཅེས་བྱ་བའི་སྒྲས་དམ་ཚིག་ཆེན་པོར་བལྟ་སྟེ། ཚིག་གིས་ཕྱོགས་གཅིག་བསྟན་པ་ཡིན་ཏེ་འཇིགས་བྱེད་སྨོས་ན་འཇིགས་བྱེད་ཀྱི་སྡེ་ཤེས་པ་བཞིན་ནོ། །སྤྲོ་བར་བྱེད་པའི་སྦྱོར་བས་ཀུན་ཏུ་འགྲོ་བར་བྱེད་པས་དམ་ཚིག་

སྟེ་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་ཐབས་རྣམ་པ་སྣ་ཚོགས་པས་འགྲོ་བ་ནི་དམ་ཚིག་ཆེན་པོའོ། །དམ་ཚིག་ཆེན་པོས་སེམས་དཔའ་ནི་དམ་ཚིག་སེམས་དཔའ་ཆེན་པོའོ། །སེམས་དཔའ་ནི་རྟག་ཏུ་འཇུག་པ་ཉིད་ཀྱིས་ཏེ། ས་ཏ་ཏའི་ས་ཏ་དང་པྲ་བེརྟའི་བ་བཏུས་ཏེ། ལྷག་མ་ཕྱིས་པས་

ངེས་པའི་ཚིག་གིས་སོ། །དེ་ཉིད་ཀྱིས་གསུང་པ། རྟག་ཏུ་འཇུག་པ་ཉིད་ཅེས་པ་སྟེ། གང་སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ་མཐའ་ཡས་པའི་དབྱེ་བས་རྒྱུན་གྱི་རྟག་པ་དེས་ན་རྟག་པ་སྟེ་དེ་དམ་ཚིག་ཆེན་པོའི་སྒྲ་བརྗོད་ཅེས་བྱ་བའི་དོན་ཏོ། །དཔེར་ན་འབྲོག་ཆེན་པོར་མེ་འབར་བའི་དུས་ན་ལ་

ལ་ནི་མཆེད་ལ་ལ་འབར་ལ་ལ་ནི་འཆིའོ་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་སྤྲུལ་བའི་སྐུ་སངས་རྒྱས་ཀྱི་ཞིང་གཞན་དུ་སྐྱེ་བར་སྟོན། གཞན་དུ་སྐྱེས་ནས་གནས་གཞན་དུ་ནི་ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ཏེ། འཇིག་རྟེན་ཀྱི་ཁམས་ཐམས་ཅད་དུ་དེས་ནམ་ཡང་སྟོང་པ་མ་ཡིན་ཏེ།

Vol. 4 · folio 225a

རྒྱུན་གྱི་རྟག་ཅེས་བྱ་བའི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་རེ་རེའི་སྐུ་གསུམ་པ་འདི་དག་གི་དབྱེ་བ་མཐའ་ཡས་ཏེ། སངས་རྒྱས་དེ་དག་ཐམས་ཅད་རྡོ་རྗེ་སེམས་དཔའ་གཅིག་པུའོ། །དེ་ལྟར་ན་དེ་རྣམས་དེ་ལ་བརྟེན་པ་དང་དེའི་རང་བཞིན་ནོ། །དེ་བས་ན་བཅོམ་ལྡན་

འདས་རྡོ་རྗེ་འཛིན་པ་འདི་ཆོས་ཀྱི་སྐུས་རྡོ་རྗེ་སེམས་དཔའོ། །ལོངས་སྤྱོད་རྫོགས་པའི་སྐུས་སེམས་དཔའ་ཆེན་པོའོ། །སྤྲུལ་པའི་སྐུས་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་བྱའོ། །འདིས་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཆེན་པོ་བཤད་པས། དགྱེས་པའི་རྡོ་རྗེའི་ཡང་བདག་ཉིད་ཆེན་

པོ་དོན་གྱིས་བཤད་དེ་དེའི་སྙིང་པོ་ཉིད་དེ་ཡིན་པའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་གསོལ་པ་ཞེས་པ་ནི་ཅི་གསོལ་ཞེ་ན། དྲི་ཚིག་གཞན་གསུམ་མོ་ཅིའི་དོན་དུ་ཞུས་ཤེ་ན། དགྱེས་པའི་རྡོ་རྗེ་རྡོ་རྗེ་འཛིན་པའི་སྙིང་པོ་ཉིད་ཀྱི་ཕྱིར་གང་མཚན་གསུངས་པའི་རྒྱུ་སྟེ་དེ་དགྲོལ་བའི་དོན་དུའོ། །ན་ཞེས་བྱ་

བའི་སྒྲས་ནི་འདིའི་ཞེས་བྱ་བའི་དོན་ཏོ། །དགྱེས་པའི་རྡོ་རྗེ་ཞེས་བྱ་བ་ནི་མིང་འདི་ལྟ་བུའོ། །བསྡུས་པ་ཞེས་པ་ནི་མ་ལུས་པའོ། །གང་གིས་ཞེས་པ་ནི་གང་གིས་ཚིག་རྣམ་པར་སྦྱར་ཞེས་པའོ། །རྡོ་རྗེ་ཞེས་པ་ནི་རྡོ་རྗེའི་སྒྲས་སོ། །དགྱེས་པའི་ཞེས་པ་ནི་དགྱེས་པའི་སྒྲས་སྙིང་རྗེ་ཆེན་པོ་

བརྗོད་ཅེས་བྱ་བར་སྦྱར་ཏེ། མ་ཧཱའི་མ་ཕྱི་བ་དང་ཀ་རུ་ཎ་ཨེར་བྱས་པས་ཞེས་བྱ་བར་དགོངས་སོ། །ཤིན་ཏུ་དྲག་ཅིང་གདུག་པ་རྣམས་འདུལ་བའི་ཕྱིར་མཆོག་ཏུ་དྲག་པའི་སྐུ་དང་གསུང་གི་ཕྲིན་ལས་སྟོན་པར་མཛད་པ་ནི་ཐུགས་རྗེ་སྟེ་ཐུགས་རྗེ་ཆེན་པོའོ། །ཤེས་རབ་ཀྱང་རྡོ་རྗེར་བརྗོད་དེ་རྡོ་རྗེའི་

སྒྲས་བརྗོད་ཅེས་བྱ་བའི་དོན་ཏོ། །ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིར་ནི་སྟོང་པ་ཉིད་ལ་ཤེས་རབ་ཏུ་བརྗོད་དེ་ཤེས་རབ་ཀྱི་དམིགས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ་དཔལ་གསང་བ་འདུས་པ་ལས། དངོས་པོ་

མེད་གང་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཞེས་སོ། །དེ་ཇི་ལྟར་རྡོ་རྗེར་བརྗོད་ཅེ་ན། །སྲ་ཞིང་བརྟན་ལ་ཁོང་སྟོང་མིན། །མི་ཆོད་པ་དང་མི་ཕྱེད་མཚན། །མི་འཚིག་པ་དང་མི་འཇིག་པས། །སྟོང་ཉིད་རྡོ་རྗེ་ཞེས་བྱར་བརྗོད། །ཅེས་དཔལ་རྡོ་རྗེ་རྩེ་མོ་ལས་གསུངས་སོ། །

Vol. 4 · folio 225b

ཐབས་དང་ཤེས་རབ་བདག་ཉིད་ཅེས་པ་ནི་ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ནི་ཐབས་དང་ཤེས་རབ་བོ། །དེ་གཉིས་ཀྱི་བདག་ཉིད་ཀྱི་ངོ་བོ་ཉིད་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །འདི་ནི་དགྱེས་པ་ཡང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་བ་གསུངས་ཏེ། ཆོས་ཐམས་

ཅད་སྟོང་པ་ཉིད་ལ་དམིགས་པ་སྙིང་རྗེ་ཆེན་པོ་དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །རྒྱུད་ཅེས་པ་རྒྱུད་ནི་རྒྱུན་ནོ། །དེ་ཡང་རྣམ་པ་གསུམ་སྟེ། རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ། །དེ་ཉིད་ཀྱིས་དགྱེས་པའི་རྡོ་རྗེ་ཡང་རྣམ་པ་གསུམ་སྟེ། རྒྱུ་དགྱེས་པའི་རྡོ་རྗེ་དང་། ཐབས་

དགྱེས་པའི་རྡོ་རྗེ་དང་། འབྲས་བུ་དགྱེས་པའི་རྡོ་རྗེའོ། །རྒྱུ་ནི་རིགས་དང་རུས་ཞེས་བྱ་བའི་རྣམ་གྲངས་སོ། །འདིར་ནི་རྡོ་རྗེའི་རིགས་ཉིད་སྙིང་རྗེ་ཆེན་པོ་དང་། ཤེས་རབ་ཉིད་གཙོ་བོར་གྱུར་པའི་དགེ་བའི་སྣོད་ཀྱི་རྒྱུ་དགྱེས་པའི་རྡོ་རྗེ་སྟེ་རྒྱུའི་རྒྱུད་ཅེས་བྱའོ། །དེ་ཇི་ལྟར་དགྱེས་པའི་རྡོ་རྗེ་ཞེ་ན།

དགྱེས་པའི་རྡོ་རྗེ་རྒྱུ་ཉིད་ཡིན་པས་སོ། །ཇི་ལྟར་རྒྱུ་ཡིན་ཞེ་ན། རྡོ་རྗེའི་རིགས་དང་ལྡན་པའི་སེམས་ཅན་མཆོག་ཏུ་མང་བ་ཉིད་ཡིན་པས་སོ། །རྒྱུ་དགྱེས་པའི་རྡོ་རྗེའི་སྟོབས་ཀྱིས་ཐབས་དགྱེས་པའི་རྡོ་རྗེ་ཡུན་རིང་དུ་བརླབས་པས་ཐོབ་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ནི་འབྲས་བུ་དགྱེས་པའི་

རྡོ་རྗེའོ། །འབྲས་བུའི་རྒྱུད་ཀྱང་བཤད་པར་བྱ་སྟེ། ཇི་ལྟར་དགྱེས་པའི་རྡོ་རྗེ་ཡིན་ཞེ་ན། དགྱེས་པའི་རྡོ་རྗེའི་འབྲས་བུ་ཉིད་ཡིན་པས་སོ། །ཇི་ལྟར་རྒྱུན་ཡིན་ཞེ་ན། སངས་རྒྱས་ཀྱི་ཆོས་མཐའ་ཡས་པའི་རང་བཞིན་ཉིད་ཡིན་པས་སོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་གཙོ་བོའི་དགེ་

བའི་རྒྱུན་ནི་དངོས་ཀྱི་རྒྱུད་དེ་ཐབས་དགྱེས་པའི་རྡོ་རྗེའི་རྒྱུད་དོ། །དེ་ལ་རྒྱུ་དང་འབྲས་བུའི་རྒྱུད་ནི་གོང་དུ་བསྟན་ལ་ཐབས་ཀྱི་རྒྱུད་ནི་མི་ཤེས་ཏེ། དེ་བས་དེའི་དབང་དུ་བྱས་ཏེ་གསུངས་པ་ལྟ་སྟངས་ཞེས་བྱ་བ་ལ་སོགས་པའོ། །ནུས་པ་ཞེས་བྱ་བ་ནི་མཐུའོ། །རྣམ་མང་ཞེས་བྱ་བ་ནི་ཆར་

འབབ་པ་དང་སྤྲིན་དྲལ་བ་ལ་སོགས་པའོ། །བསྐྱེད་པ་ནི་རྒྱུ་སྟེ་རྣམ་པ་དང་མཚན་མ་ལ་སོགས་པའོ། །གནས་ནི་གཞིའི་དཀྱིལ་འཁོར་རོ། །རྒྱུ་ནི་ཟླ་བ་དང་ཉི་མ་ལ་སོགས་པའོ། །ནུས་པ་ནི་བཟླས་པ་དང་བསྒོམས་པ་ལས་བྱུང་བའི་མཐུའོ། །ཡེ་ཤེས་ནི་སྐར་མའི་རྩིས་ལ་སོགས་

Vol. 4 · folio 226a

པའོ། །རྣམ་ཤེས་ནི་སློབ་དཔོན་གྱི་ལས་ཐམས་ཅད་ལ་མཁས་པའོ། །ལྷ་རྣམས་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའམ་བདག་མེད་མའོ། །ཇི་ལྟར་འབྱུང་བ་ཞེས་པ་ནི་ཇི་ལྟར་རིགས་པར་བསྐྱེད་པའོ། །ཅིག་ཤོས་ཞེས་པ་ནི་ཇི་སྐད་གསུངས་པའི་

ལྟ་སྟངས་དང་དགུག་པ་ལ་སོགས་པའོ། །ཧེ་རུ་ཀ་ནི་འབྲས་བུ་དགྱེས་པའི་རྡོ་རྗེའོ། །བསྐྱེད་པ་ནི་དེའི་གོ་འཕང་འཐོབ་པའོ། །དེའི་རྒྱུ་ནི་ཐབས་ཀྱི་རྒྱུད་ཅེས་བྱ་བའི་དོན་ཏོ། །གང་གིས་ན་འདི་དང་པོར་ཡིན་ཞེ་ན། ལྷ་ལ་སོགས་པ་རྣམ་པའི་བསྐྱེད་པའི་རིམ་པའི་ཐབས་མང་པོ་ཉིད་ཀྱིས་

འདི་ཆེས་ཕུལ་དུ་བྱུང་བས་སོ། །འོ་ན་ཐེག་པ་ཆེན་པོ་འདི་ལ་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་གྱིས་ལུས་སུ་སྟོན་ཏེ། འཕགས་པ་ས་བཅུ་པ་ལས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་སོ། །རྣམ་པར་རིག་པ་དེའི་རང་བཞིན་ནི་གསལ་བ་ཡིན་ཏེ་འདི་ཡི་རང་

བཞིན་མ་ཡིན་ནི་གསལ་བར་མི་འགྱུར་ཏེ་འགལ་བས་སོ། །གང་གི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པ་གསལ་བར་སྣང་བས་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་དུ་མེད་དོ། །དེའི་ཚེ་ཇི་ལྟ་བུ་ཡིན་ཞེ་ན། རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པའི་རྣམ་པ་དང་སྣང་བ་དང་མྱོང་བ་སྟེ་རིགས་མཐུན་

པའི་རྣམ་པར་རྟོག་པས་བཞག་པའི་སེམས་ཉིད་སྣ་ཚོགས་པའི་རྣམ་པར་སྐྱེ་སྟེ་རྨི་ལམ་བཞིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་དུ་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང་། །

ཞེས་གསུངས་སོ་དཀྲུགས་པ་ཞེས་པ་ནི་ཉེ་བར་བཅོམ་པའོ། །ཡང་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་དོན་ནི་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་ངོ་བོ་དང་བྲལ་བས་དེ་གཅིག་མ་ཡིན་ཏེ། ཆའི་དབྱེ་བས་སོ་སོར་སྣང་བས་སོ། །རྡུལ་ཕྲ་མོ་དུ་མ་ཡང་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་མི་རིགས་པས་སོ། །

འདི་ལྟར་གལ་ཏེ་ཆ་དང་བཅས་སོ་ཞེ་ན། དེ་ཇི་ལྟར་རྡུལ་ཕྲ་རབ་ཏུ་འགྱུར། འོན་ཏེ་ཆ་མེད་ན་དེའི་ཚེ་རྡུལ་ཕྲ་རབ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ཡང་དག་པར་སྦྱོར་བས་ཕན་ཚུན་དབྱེར་མེད་པས་གོ་གཅིག་སྟེ། གླང་པོ་དང་རི་དང་རྒྱ་མཚོ་དང་སའི་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་

Vol. 4 · folio 226b

རོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་མེ་ལོང་གཟུགས་བརྙན་འདི། །མཐོང་ཡང་དོན་ཡོད་མ་ཡིན་ཏེ། །གཅིག་དང་གཞན་པ་རྣམས་སྤངས་པ། །དེ་བཞིན་དངོས་ཀུན་རང་བཞིན་ནོ། །ཞེས་གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་ལས་ཕྱི་རོལ་ན་གདུང་བའི་དོན་

ཡོད་པ་མ་ཡིན་ནོ། །དེ་མེད་པས་དེ་ལ་ལྟོས་པའི་རྣམ་པར་ཤེས་པའི་འཛིན་པ་ཡང་ཡོད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུང་བ་དང་འཛིན་པ་གཉིས་ནི་མེད་ལ་གཉིས་སུ་སྣང་བའི་འཁྲུལ་པ་ནི་ཡོད་དེ། དེ་ཉིད་འཁྲུལ་པ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའོ། །ཡང་དག་པ་མ་ཡིན་

པའི་ཀུན་དུ་རྟོག་པ་གཉིས་དང་བྲལ་བས་སྟོང་པ་ཉིད་རྣམ་པར་རིག་པ་ཙམ་གྱིས་རྟག་ཏུ་ཡོད་དོ། །དེ་ཉིད་གཉིས་སུ་བརྟགས་པའི་རང་བཞིན་མཚན་ཉིད་མེད་པས་ཏེ་ཇི་ལྟ་བ་བཞིན་དུ་མེད་པས་སོ། །ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དེ་རྒྱུ་དང་རྐྱེན་གཞན་གྱིས་

བསྐྱེད་པས་ན་གཞན་གྱི་དབང་ཞེས་བྱའོ། །གཉིས་ཀྱི་སྟོང་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། རྟག་ཏུ་དེ་ཉིད་ཀྱི་རང་བཞིན་པས་སོ། །འཕགས་པ་བྱམས་པས། བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །དོན་གྱི་ཡང་དག་མི་རྟོགས་ཕྱིར། །གཉིས་པོ་

མེད་པའི་ཕྱིར་བཤད་དོ། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་ཐམས་ཅད་ཀུན་དུ་བརྟགས་པ་སྟེ། མཚན་ཉིད་ཀྱིས་ཡོད་པ་མ་ཡིན་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཕུང་པོ་ལ་སོགས་པའི་ཀུན་དུ་

བརྟགས་པ་ཡོད་པ་མ་ཡིན་པ་ཉིད་དུ་དམིགས་པས་སོ། །སྡུག་བསྔལ་རྒྱུ་དང་བཅས་པའི་ཁམས་གསུམ་པ་གཞན་གྱི་དབང་གི་ངོ་བོ་ཡོད་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཉིད་གཉིས་ཀྱི་ཚུལ་གྱིས་སྣང་བ་ནི་གཉིས་སུ་མེད་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཏེ། ཡང་སྲིད་པ་ལ་སྨོན་པ་དང་

འགལ་བ་ཉིད་དོ། །ཆོས་ཐམས་ཅད་ཀྱི་རང་བཞིན་གློ་བུར་མ་ཡིན་པ་གཉིས་ཀྱིས་སྟོང་པ་ཉིད་ནི་རྟག་ཏུ་དེ་བཞིན་པས་དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །དེ་ཉིད་ཡང་དག་པའི་མཐའ་ཡིན་ཏེ་དེ་བཞིན་ཉིད་རྣམས་ཀྱི་མཆོག་ཉིད་ཡིན་པས་སོ། །དེ་ཉིད་ནི་མཚན་མ་མེད་པ་སྟེ་འཁྲུལ་པའི་མཚན་མ་རྣམ་

Vol. 4 · folio 227a

པར་སྤངས་པ་ན་དེ་སྣང་བ་ཉིད་ཡིན་པས་སོ། །དེ་ཉིད་དོན་དམ་པ་སྟེ་དམ་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་ཡིན་པས་སོ། །འཕགས་པ་རྣམས་ཀྱི་སྟོབས་དང་མི་འཇིག་པ་ལ་སོགས་པའི་རྒྱུ་ཉིད་ཡིན་པས་ཆོས་ཀྱི་དབྱིངས་ཀྱང་ཡིན་ཏེ། དེ་ལ་དམིགས་

ནས་འཕགས་པའི་ཆོས་སྣ་ཚོགས་པ་སྐྱེས་པས་སོ། །དེ་ཡང་གཉིས་ཀྱིས་སྟོང་པ་ཉིད་ཀྱི་དངོས་པོ་དང་དངོས་པོ་མེད་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་དངོས་པོ་མ་ཡིན་ཞེ་ན། གཉིས་ཀྱིས་དངོས་པོའི་མཚན་ཉིད་མེད་པས་སོ། །ཅིའི་ཕྱིར་དངོས་པོ་མེད་པ་མ་ཡིན་ཞེ་ན། ཆོས་རྣམས་ཀྱི་རང་བཞིན་ཉིད་

ཡིན་པས་སོ། །འདི་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཏེ་མཚན་མ་མེད་པ་ལ་དམིགས་པ་ཉིད་ཡིན་པས་སོ། །ཏིང་ངེ་འཛིན་གསུམ་པོ་འདི་ནི་གཙོ་བོ་མ་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་དེ་ལ་སྦྱོར་བ་ཉིད་ཀྱིས་སོ། །གང་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་སྣང་བ་འདི་ནི་ཕྱི་རོལ་ལམ།

ནང་གི་དངོས་པོར་ཡོད་པ་མ་ཡིན་ཏེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སྔ་མ་བཞིན་ནོ། །གཅིག་ཏུ་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་བསྒོས་པའི་སྟོབས་ཀྱིས་དཀྲུགས་པ་བྱིས་པ་རྣམས་ཀྱི་བློ་ལ་ཡོད་པ་མ་ཡིན་པའི་རྣམ་པར་སྣང་བ་ཉིད་དང་། སྣང་བ་དེ་ཉིད་ལ་འཇིག་རྟེན་པས་མཚན་

མའི་རྣམ་པར་དམིགས་ནས་གཉིས་སུ་བརྟགས་ཤིང་གཉིས་སུ་བཟུང་བས་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཇི་སྲིད་གང་གིས་རྣམ་པར་སྣང་བ་འཇུག་པ་དེ་སྲིད་དུ་དོན་དམ་པའི་བདེན་པ་མཐོང་བ་མ་ཡིན་ཏེ། རབ་རིབ་ཅན་གྱིས་སྐྲ་ཤད་དང་ཤ་སྦྲང་ལ་སོགས་པ་མཐོང་བ་ན། སྐྲ་ཤད་ལ་

སོགས་པས་སྟོང་པ་མི་མཐོང་བ་བཞིན་ནོ། །ཇི་སྟེ་དེའི་ཆོས་ཐམས་ཅད་ལ་དམིགས་པས་མིང་དང་རྒྱུ་མཚན་ཐམས་ཅད་སྤངས་ཏེ། བརྗོད་པ་དང་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ནི་སྔོན་གྱི་རབ་ཏུ་སྦྱོར་བའི་བག་ཆགས་ཀྱི་སྟོབས་ཀྱིས་ལྷུན་གྱིས་གྲུབ་པ་དང་མངོན་པར་འདུ་

བྱེད་པ་མེད་པར་སྤྲོས་པའི་མཚན་མ་ཐམས་ཅད་དུ་ནུབ་ནས་རྣམ་པར་མི་རྟོག་པ་དང་སྣང་བ་མེད་པར་ཆོས་ཐམས་ཅད་སྟོང་པར་མཐོང་སྟེ། གཅིག་ཏུ་དྲི་མ་མེད་པ་མཐའ་ཡས་ཤིང་ནམ་མཁའ་ལྟ་བུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཙོ་བོའི་ཤེས་རབ་ཀྱི་ཕ་

Vol. 4 · folio 227b

རོལ་ཏུ་ཕྱིན་པ་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོའི་ལམ་སྐྱེ་བར་འགྱུར་ཏེ། གཉེན་པོ་དེས་ཀུན་གཞིའི་རྣམ་པར་ཤེས་པ་ལ་བསགས་པའི་ཉོན་མོངས་པ་དང་བཅས་པའི་ཆོས་རྣམས་ཀྱི་བག་ལ་ཉལ་ཡོངས་སུ་ཟད་ནས། གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་ཤེས་པ་རྣམས་འགགས་

ནས་དེ་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་དོར་ནས་ཟག་པ་མེད་པའི་དབྱིངས་ཀྱི་མཚན་ཉིད་ཡོངས་སུ་འཛིན་ཏོ། །དེ་ཉིད་ཟག་པ་མེད་པའི་དབྱིངས་སངས་རྒྱས་རྣམས་ཀྱི་སྐུའོ། །དེ་ཐོབ་པ་ན་དེ་ལྟར་བརྟེན་ནས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འཐོབ་པོ་ཞེས་བྱ་བ་གྲུབ་པའི་མཐའོ། །གྲུབ་པའི་

མཐའ་འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སངས་རྒྱས་ཉིད་ཀྱི་ཕྱིར་བསྒོམ་པར་བྱ་སྟེ། དེ་ཡང་དོན་རྣམ་པ་གཉིས་ཀྱི་དབྱེ་བས་ཡང་དག་པར་དངོས་པོ་མེད་པའི་ཡེ་ཤེས་ཏེ་གཉིས་པོ་མེད་པར་ངེས་པས་སོ། །གཉིས་ཀྱིས་རྣམ་པ་བརྫུན་པ་རྣམས་ནུབ་ཅིང་མཐའ་ཡས་པ་གསལ་བ་ཙམ་དུ་སྣང་

བའོ། །དེ་ལྟར་ན་གང་དག་ཧེ་རུ་ཀ་དང་རྣལ་འབྱོར་མ་རྣམས་ཀྱི་རྣམ་པ་དང་བཅས་པའི་སྔགས་དང་མཚན་མ་དང་གདན་དང་གཞལ་ཡས་ཁང་ལ་སོགས་པ་བསྒོམ་པ་ནི་སྤྲོས་པ་དང་བཅས་ཤིང་ཕྱིན་ཅི་ལོག་ཡིན་པས་ཏེ་ཉོན་མོངས་པའི་འཁོར་བ་འབྱུང་བ་སྟེ། ཐར་པ་འབྱུང་བ་མ་ཡིན་ནོ་ཞེས་གལ་ཏེ་

སེམས་ན། དེ་གསལ་བར་བྱ་བའི་ཕྱིར་གསུངས་པ། དངོས་པོ་ཉིད་ཀྱིས་རྣམ་པར་གྲོལ་ཏེ་ཞེས་བྱ་བ་ལ་དངོས་པོ་ནི་ཤིན་ཏུ་གནས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་འཐོབ་པར་བྱེད་ཅེས་བྱ་བར་དགོངས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཉིད་ཀྱིས་གྲོལ་ཏེ།

དེ་ཉིད་ཀྱིས་སྙིང་རྗེ་ཆེན་པོ་ཞེས་བོས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་གྲོལ་བ་ནི་མྱུར་བ་ཉིད་དུ་ཉོན་མོངས་པ་རྣམས་སྤངས་ཏེ་དགྲ་བཅོམ་པ་ཉིད་དུ་བྱེད་དོ། །དེ་བས་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྷག་པར་འགྲོ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ནི་མ་ཡིན་ནོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་

བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཀྱི་དོན་མཆོག་ཏུ་སྒྲུབ་ཅིང་བླ་ན་མེད་པའི་བྱང་ཆུབ་ཏུ་འདུན་པར་བྱེད་ཀྱི་དམན་པ་ལ་མ་ཡིན་ནོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉིད་གྱིས་གྲོལ་ཏེ་གཅིག་གིས་མ་ཡིན་ནོ། །གལ་ཏེ་དྲུག་ཉིད་ཀྱིས་གྲོལ་ན་དེའི་ཚེ་ལྔས་ནི་ཅིར་འགྱུར་ལ་དྲུག་པས་ཅི་ཞིག་བྱེད་

Vol. 4 · folio 228a

སྙམ་པ་ལ། དེ་ཉིད་ཀྱིས་གསུངས་པ། དངོས་པོའི་འཆིང་བ་ཞེས་བྱ་བ་ལ་སོགས་པའོ། །འདིར་དངོས་པོའི་སྒྲས་ཕ་རོལ་ཏུ་ཕྱིན་པ་ལྔ་གསུངས་ཏེ། གནས་པར་བྱེད་པ་དང་འཐོབ་པར་བྱེད་པ་ལ་དེ་རྣམས་ཉིད་གཙོ་བོ་ཡིན་པས་སོ། །དངོས་པོ་ཉིད་འཆིང་བ་ནི་

གནས་པར་བྱེད་པ་ཉིད་དོ། །དེས་བཅིངས་ཏེ་གྲོལ་བ་རྣམས་ཀྱང་དེ་དང་དེ་རྣམས་ཀྱི་སྟོབས་ཀྱིས་འགྲོ་བ་ཐམས་ཅད་ཀྱི་དོན་གྱི་རྒྱུད་སྐུ་གསུམ་གྱི་ནམ་མཁའི་མཐར་ཐུག་གི་བར་དུ་གནས་སོ། །དེའི་དངོས་པོ་ཡོངས་སུ་ཤེས་པ་ནི་དོན་དམ་པ་ཤེས་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཉིད་དོ། །དེས་གྲོལ་ཏེ་དེ་ཉིད་ཀྱིས་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་སྤོང་བ་ནི་ས་བོན་དང་བཅས་པའི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཡོངས་སུ་ཟད་པར་བྱེད་པའོ། །དེ་ལྟ་བུ་འདི་ནི་མྱ་ངན་ལས་འདས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པར་གསུངས་ཏེ། འཁོར་བ་དང་

མྱ་ངན་ལས་འདས་པ་གཉིས་ལ་མི་གནས་པས་སོ། །ཉེ་བར་བསྡུ་བ་གསུངས་པ་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་བྱུང་བའི་དགེ་བའོ། །བསྒོམ་པར་བྱ་ཞེས་པ་ནི་རང་གི་སེམས་ཀྱི་རྒྱུད་ལ་ནན་ཏན་གྱིས་བསྐྱེད་པར་བྱ་ཞིང་བསྒོམས་པའི་སྟོབས་ཀྱིས་

བདག་ཉིད་དང་ལྡན་པར་བྱའོ། །དངོས་པོ་མེད་པ་ཡོངས་ཤེས་པས། །ཞེས་པ་ནི་གཟུང་བ་དང་འཛིན་པའི་རང་བཞིན་དངོས་པོ་མེད་པ་ཡོངས་སུ་ཤེས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སོ། །གང་ཡང་དངོས་པོ་དངོས་པོར་མ་བྱས་ན་དེ་གྲོལ་བས་ན་ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལྟུང་ཞིང་གང་ཡོངས་སུ་མ་ཤེས་

ནའང་འཁོར་བ་ཉིད་དུ་གནས་ཏེ། གཉིས་ཀ་ཡང་རྨོངས་པ་ཡིན་ནོ། །ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གཉི་ག་བྱེད་དེ། དེ་ཉིད་ཀྱིས་ན་ཤེས་རབ་ཅན་ཞེས་བོས་པའོ། འདིས་ནི་ཐེག་པ་ཆེན་པོས་གང་བྱ་བ་དེ་བསྡུས་ཏེ་དེ་དག་རྣམ་པར་གཞག་པའོ། །ཐེག་པ་ཆེན་པོ་ཡང་སྔགས་ཀྱི་ཚུལ་

ཉིད་ཀྱིས་བསྡུས་པའི་ཕྱིར་དེ་ཉིད་དགྱེས་པའི་རྡོ་རྗེ་ཡང་ལྷག་པར་སྟོན་པས་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀ་ཞེས་པ་གཙོ་བོ་སྨོས་པས་དེའི་མཚན་མ་དང་། གདན་དང་གཞལ་ཡས་ཁང་ལ་སོགས་པ་འཁོར་རྣམས་ཀྱང་གཟུང་སྟེ། དཔེར་ན་རྒྱལ་པོ་གཤེགས་སོ་བྱ་བ་བཞིན་

Vol. 4 · folio 228b

ནོ། །འདིའི་དོན་ཐེག་པ་ཆེན་པོ་ལ་བསྒོམ་པར་བྱ་བའི་དགེ་བའི་ཆོས་ཇི་སྙེད་པ་དེ་རྫོགས་པའི་བྱང་ཆུབ་ཏུ་རོ་གཅིག་པ་ནི་དཀྱིལ་འཁོར་གྱི་བདག་པོ་ཡིན་ལ། རྫོགས་པའི་བྱང་ཆུབ་ཀྱི་བྱེ་བྲག་ནི་དཀྱིལ་འཁོར་པའོ། །དེ་ཉིད་འགྲོ་བའི་དོན་མཛད་པས་དཀྱིལ་འཁོར་སྤྲོ་བའོ། །སྐུ་གསུམ་གྱི་བདེ་

བ་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་གསུམ་པོ་དེ་དག་འདིར་བསྒོམ་པར་བྱའོ། །འདིར་དགེ་བ་ལྷག་མ་རྣམས་ནི་སྒོམ་པ་འདི་ཉིད་བདེ་བ་མྱུར་དུ་རྫོགས་པར་བྱ་བའི་ཕྱིར་ཏེ། ཐམས་ཅད་ཀྱང་སེམས་དང་སེམས་ལས་བྱུང་བ་ཙམ་དང་། ཇི་ལྟར་སྣང་བ་ལྟར་ཡོད་པ་མ་ཡིན་པར་ཡོངས་སུ་ཤེས་པར་བྱའོ། །དེ་

ལྟར་བསྐྱེད་པའི་རིམ་པ་ལ་བརྟེན་ཏེ་ཐབས་ཀྱི་རྒྱུད་སྒྲུབ་པ་དང་པོ་བསྟན་ཟིན་ཏོ། །ད་ནི་རྫོགས་པའི་རིམ་པ་ལ་བརྟེན་ཏེ་ཐབས་ཀྱི་རྒྱུད་གཉིས་པ་སྟོན་པ་གསུངས་པ་ལུས་ལ་གནས་ཞེས་བྱ་བ་ལ་སོགས་པའོ། །ཆེན་པོ་ཡང་དེ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་གྱི་གཞི་ཉིད་དོ། །

ཡེ་ཤེས་ཀྱང་ཡིན་ཏེ་རང་བཞིན་གྱིས་གསལ་བ་ཉིད་ཀྱིས་སོ། །ཡེ་ཤེས་ཆེན་པོ་ལུས་གནས་ཏེ། །ཞེས་པ་ནི་ལུས་ལྷག་པར་གནས་པར་བྱེད་པའོ། །དེའི་ལས་ཀྱི་འབྲས་བུར་གྱུར་པའི་ཚོར་བ་ལུས་དང་ཐ་དད་པ་མ་ཡིན་ལ། ཚོར་བའི་གནས་དབང་པོ་རྣམས་ཀྱང་ལུས་དང་ཐ་དད་པ་མ་ཡིན་པར་འཇུག་

པས་ཡེ་ཤེས་དེ་ལུས་འདི་ལ་གནས་པ་ཡིན་ནོ། །དེ་ལྟར་ན་ཡེ་ཤེས་དེ་ཆེན་པོ་ཡིན་ཏེ། འདི་ལྟར་ཆོས་ཉིད་དང་། དེ་བཞིན་ཉིད་སངས་རྒྱས་རྣམས་ཀྱི་རིགས་སོ། །གང་ཡང་སངས་རྒྱས་ཀྱི་རིགས་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིགས་སོ། །དེས་ན་ཆོས་ཉིད་

ཀྱིས་ལུས་ཀྱི་ཡེ་ཤེས་དེ་རང་བཞིན་གྱིས་དྲི་མ་མེད་པའོ། །དེ་བས་ན་རྟོག་པ་ཐམས་ཅད་སྤངས་པའོ། །གནས་དང་ལུས་དང་ལོངས་སྤྱོད་ལ་སོགས་པར་སྣང་བ་རྣམ་པར་རྟོག་པའི་དྲི་མ་རྣམས་དེའི་རང་བཞིན་མ་ཡིན་ཏེ་འདི་ལ་གློ་བུར་བ་ཉིད་དེ། ནམ་མཁའ་ལ་སྤྲིན་དང་ཁུག་རྣ་ལ་སོགས་པ་ལྟ་

བུའོ། །དེ་ཉིད་ཆོས་ཀྱི་སྐུའི་རང་བཞིན་གྱིས་བརྟན་པས་རྟག་ཅེས་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་བཞིན་དུ་སེམས་དེའི་དག་པ་དང་སངས་རྒྱས་ཀྱི་ཡོན་ཏན་གྱི་ས་བོན་གྱི་གཞི་ཉིད་ཀྱང་དེ་བཞིན་དེ། དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་སྐབས་ཀྱིས་སྦྱར་ཏེ། ཡེ་

Vol. 4 · folio 229a

ཤེས་ཆེན་པོ་དེ་ཉིད་དགྱེས་པའི་རྡོ་རྗེའོ། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ཞེས་པ་ནི་བདག་གི་ཡེ་ཤེས་དངོས་པོ་ཐམས་ཅད་དུ་སྣང་བའོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་ལ། གང་གི་ཕྱིར་ལུས་ལས་མ་སྐྱེས་ཤེ་ན། ཡེ་ཤེས་ལས་ལུས་ཕྱི་རོལ་ན་མེད་པས་

སོ། །ཡེ་ཤེས་ཀྱི་རྣམ་པ་ལུས་ནི་བརྫུན་པ་ཉིད་ཀྱིས་ཡོད་པ་མ་ཡིན་པས་སྐྱེད་པར་བྱེད་པ་ཉིད་དུ་མི་རིགས་ཏེ། ཁྱབ་པར་བྱེད་པ་ཡིན་ཡང་དངོས་པོ་ཐམས་ཅད་ལས་སྐྱེས་པ་མ་ཡིན་ནོ་ཞེས་དོན་གྱིས་བསྟན་པར་འགྱུར་རོ། །གཉིས་ཀྱིས་བསྡུས་པའི་དངོས་པོ་རྣམས་མེད་པས་དེའི་སྣང་བ་རྣམས་བརྫུན་པ་

ཉིད་དོ། །ལུས་ལ་སོགས་པ་སྣང་བ་ཡེ་ཤེས་ཉིད་ལུས་ལ་སོགས་པའི་དངོས་པོ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་འཇིག་རྟེན་དང་བསྟན་བཅོས་རྣམས་ལས་རབ་ཏུ་གྲགས་པ་ནི་ཡེ་ཤེས་འདི་ཉིད་དོ། །ལང་ཀར་གཤེགས་པ་ལས། རྒྱུ་རྐྱེན་དག་ནི་ལོག་པ་དང་། །བྱེད་པའི་རྣམ་པ་བཀག་པ་ན། །སེམས་

ཙམ་དུ་ནི་རྣམ་པར་གནས། །ང་ནི་སྐྱེ་བ་མེད་པར་སྨྲ། །ཞེས་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཆོས་རྣམས་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སྐྱེ་བ་དང་ནི་འགག་པ་དག །ཡེ་ཤེས་ཁོ་ན་འབའ་ཞིག་གོ། །ཞེས་གསུངས་སོ། །སེམས་ཙམ་ནི་རྣམ་

པར་རིག་པ་ཙམ་མོ། །ཆོས་ནི་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་ཏོ། །ཡེ་ཤེས་ཉིད་ཅེས་པ་ནི་དོན་བྱེད་པའི་རྣམ་པར་ཤེས་པ་ཉིད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་གིས་ཀྱང་ཡེ་ཤེས་ཀྱི་རྣམ་པ་བདེན་པ་ཉིད་དུ་རྣམ་པར་ཤེས་པར་བཞེད་པ་ཡིན་ཞེ་ན། མ་ཡིན་ཏེ། དེ་གསུངས་པ། འབྱུང་བ་ཆེ་

ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་ལྡོག་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། ཞེས་སོ། འདིའི་དོན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གང་བསྟན་བཅོས་ལས་གསུངས་པ་དེ་ནི་འཇིག་རྟེན་པའི་རྣམ་པར་ཤེས་པས་བསྡུས་པ་སྟེ། ཡང་

དག་འདུ་ཤེས་པ་ནི་དེས་བསྡུས་པར་གྱུར་པའོ། །རྣམ་པར་ཤེས་པ་ཙམ་ཉིད་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྣམ་པར་སྣང་ངོ་། །འབྱུང་བ་ཆེན་པོ་ལ་སོགས་པའི་ཤེས་པ་དེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་ལྡོག་པར་འགྱུར་ཞེས་པ་ནི་ནུབ་པར་འགྱུར་བའོ། །ལོག་པར་རྣམ་བརྟགས་

Vol. 4 · folio 229b

མ་ཡིན་ནམ། ཞེས་པ་ནི་གང་གི་ཕྱིར་བརྫུན་པ་ཉིད་དེ། འབྱུང་བ་ཆེན་པོ་ལ་སོགས་པ་དེ་འཁྲུལ་བའི་རྣམ་པར་ཤེས་པས་རྣམ་པར་བརྟགས་པ་སྟེ། དེ་དང་དེའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མ་འཁྲུལ་བའི་ཡེ་ཤེས་ལ་ནུབ་པར་འགྱུར་རོ། །དེ་ཉིད་ཀྱིས་ཐམས་ཅད་གཉིས་ཀྱི་ཚུལ་གྱིས་

ཡོད་པ་མ་ཡིན་ལ། ཐམས་ཅད་གཉིས་སུ་མེད་པ་གསལ་བ་ཙམ་གྱི་ཚུལ་གྱིས་མེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་དབུ་མ་པ་དང་རྣལ་འབྱོར་སྤྱོད་པ་བ་རྣམས་གྲུབ་པའི་མཐའ་མཚུངས་ན་ལེགས་སོ། །གཞན་དབུ་མ་གསུམ་དང་རྣལ་འབྱོར་སྤྱོད་པའི་ཕྱོགས་རྣམ་པ་བཞི་ནི་ཚད་མ་དང་ལུང་དང་བསྟན་བཅོས་

ལ་མཁས་པ་རྣམས་ཀྱིས་སུན་ཕྱུང་ཟིན་ཏོ། །དེ་ཡང་ཡེ་ཤེས་ཆེན་པོ་འདི་ལྟ་བུ་ཇི་ལྟར་དགྱེས་པའི་རྡོ་རྗེ་ཡིན་ཞེ་ན། ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་རང་བཞིན་ཡིན་ནོ། །དེ་ཉིད་གང་ལས་ཤེ་ན། རྣམ་པ་ཐམས་ཅད་དུ་འགྲོ་བ་རྣམས་ལ་དུས་ཇི་སྲིད་པར་ཕན་པ་སྒྲུབ་པ་དང་། སངས་རྒྱས་ཀྱི་

ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་བསྒོམས་པས་ཐོབ་པར་བྱ་བའི་རང་བཞིན་དུ་གྱུར་པ་སྟེ། དེའི་སྣོད་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་རྒྱུའི་རྒྱུད་ཉིད་དེ་ཡིན་ན། དེ་ཇི་ལྟར་ན་ཐབས་ཀྱི་རྒྱུད་ཡིན་བྱ་ཞེ་ན། འདི་བདེན་ཏེ། གང་དེ་ལུས་བྱིན་གྱིས་

རློབ་པར་བྱེད་པ་ཉིད་དང་། ཁྱབ་པར་བྱེད་པ་ཉིད་གསལ་བ་ཙམ་ཉིད་དང་། སྣང་བར་བྱེད་པ་ཉིད་དང་། བདེ་བ་ཆེན་པོ་ཉིད་དང་། སངས་རྒྱས་རྣམས་ཀྱི་ཡོན་ཏན་གྱི་སྣོད་ཉིད་དང་། ཐེག་པ་ཆེན་པོ་ཀུན་བསྡུས་པ་ཉིད་དང་རྒྱུན་དུ་ཡིད་ལ་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་སྟེ། དེ་

ཉིད་འདིར་གཙོར་ཐབས་ཀྱི་རྒྱུད་དེ་ཡིད་ལ་བྱེད་པ་དང་ཡིད་ལ་བྱ་བ་དག་གཅིག་ཏུ་དབྱེར་མེད་པར་སྣང་བ་དེ་ཉིད་ཐབས་ཀྱི་རྒྱུད་ཡིན་པས་སོ། །ཡེ་ཤེས་ཆེན་པོ་འདི་བསྒོམ་པའི་དོན་དུ་དེའི་ཕྱག་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་འདི་ལྟ་སྟེ། ཕྲ་མོ་མ་ལུས་པའི་ཧཱུཾ་དང་དབྱངས་དང་ཟླ་བ་དང་ཐིག་ལེ་མེད་པ་དང་།

ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་གྱི་ཕྲ་མོ་དང་། མཆོག་ཏུ་ཕྲ་བའམ། འཁོར་ལོ་བཞིའི་དབྱེ་བས་ཡི་གེ་བཞི་དགོང་པའོ། །ཕྱག་རྒྱའི་ཕྱོགས་འདི་ནི་བསྐྱེད་པའི་རིམ་པར་འགྱུར་གྱི་རྫོགས་པའི་རིམ་པ་ནི་མ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ། བསྐྱེད་པའི་རིམ་པའི་སྒྲས་འདིར་འཇིག་རྟེན་པ་ལ་གྲགས་པས་

Vol. 4 · folio 230a

མ་ཡིན་གྱི་ཡོངས་སུ་བཤད་པས་བསྐྱེད་པ་ཡིན་ནོ། །དེ་ཡང་སྔགས་དང་ཕྱག་མཚན་ལ་སོགས་པ་གྱུར་པ་ལས་བྱུང་བའི་ལྷའི་སྐུ་ལ་བསྐྱེད་པར་གསུངས་ཀྱི་སྔགས་ཙམ་ནི་མ་ཡིན་ནོ། །དེ་ཉིད་རྫོགས་པའི་རིམ་པའི་ཕྱོགས་ལ་ཇི་སྐད་དུ་གསུངས་པའི་ཡེ་ཤེས་ཆེན་པོ་

ཉིད་དགྱེས་པའི་རྡོ་རྗེ་སྟེ། དེ་བྱིན་གྱིས་བརླབས་པས་རང་གི་ལུས་ཉིད་རྣལ་འབྱོར་པའི་རྡོ་རྗེའི་ལུས་སོ་དེ་ཉིད་དེའི་རྟེན་གྱི་དཀྱིལ་འཁོར་རོ། །བརྟེན་པའི་དཀྱིལ་འཁོར་ནི་རྣལ་འབྱོར་མ་བཅོ་ལྔའི་རང་བཞིན་གྱི་རྩ་འདི་དག་ཏུ་ཤེས་པར་བྱའོ། །ཅི་རྩ་བཅོ་ལྔ་ཉིད་དམ། འོན་ཏེ་སུམ་ཅུ་རྩ་གཉིས་ཞེས་མི་

ཤེས་པས་དྲིས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །རྩ་སུམ་ཅུ་རྩ་གཉིས་ཞེས་པས་བཅོ་ལྔ་ཉིད་མ་ཡིན་པའོ། །གང་ལས་སྙམ་པ་ལ་གསུངས་པ་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་ཞེས་པ་སྟེ། དེའི་ཕྱིར་སུམ་ཅུ་རྩ་གཉིས་པོ་འདི་དག་ཀྱང་རྡོ་རྗེ་རྣལ་འབྱོར་མའོ། །

བདེ་བ་ཆེན་པོའི་གནས་ནི་མགོའི་དབུས་ལས་ཏེ་ལྔ་པའི་དོན་ལ་བདུན་པའོ། །དེ་ལས་འཛག་པ་ནི་འབབ་པ་སྟེ། དཔེར་ན་རི་བོ་ལས་ཆུ་འབབ་པ་བཞིན་ནོ། །དེ་ལྟར་མགོ་བོའི་དབུས་ལས་བྱང་ཆུབ་ཀྱི་སེམས་འཛག་གོ། །གལ་ཏེ་རྩ་སུམ་ཅུ་རྩ་གཉིས་ཡིན་ན་དེ་རྣམས་ཇི་ལྟར་རྣལ་འབྱོར་མ་བཅོ་ལྔས་

བསྡུས་ཤེ་ན་གསུངས་པ། མཛེས་མ་སྡིག་བསྐྱོད་རོ་བཅུད་མ། །གསུམ་ནི་བདག་མེད་རྣལ་འབྱོར་མའོ། །མི་ཕྱེད་མ་དང་ཕྲ་གཟུགས་སམ། །གཉིས་ནི་རྡོ་རྗེ་མར་གསུངས་སོ། །བཟང་མོ་གཡོན་པ་མ་གཉིས་གང་། །གཽ་རཱིའི་རུ་ནི་གསུངས་པའོ། །མི་འུ་ཐུང་མ་དང་རུས་སྦལ་སྐྱེས། །ཆུ་ཡི་

རྣལ་འབྱོར་མར་གསུངས་སོ། །སྒོམ་པ་མོ་དང་དབང་བསྐུར་མ། །རྡོ་རྗེ་མཁའ་འགྲོ་མར་གསུངས་སོ། །སྐྱོན་ལྡན་མ་དང་ཆེར་འཇུག་མ། །གཉིས་ནི་པུཀྐ་སཱིར་གསུངས་སོ། །མ་མོ་དང་ནི་ས་བ་རི། །རི་ཁྲོད་མ་རུ་གྲགས་པའོ། །བསིལ་བྱིན་མ་དང་དྲོད་བྱེད་མའོ། །དེ་གཉིས་དག་ནི་

གཏུམ་མོའོ། །འབབ་མ་དང་ནི་ཚིམ་པའི་གདོང་། །གཉིས་ཀ་གཡུང་མོར་འདོད་པའོ། །གཟུགས་བཟང་མ་དང་ཐུན་མོང་མ། །གཉིས་ནི་གཽ་རཱི་སྒོ་སྲུང་མའོ། །རྒྱུ་སྦྱིན་སྦྱོར་བྲལ་མ་གཉིས་ནི། །ཐུབ་པས་རྐུན་མོར་གསུངས་པའོ། །མཛའ་མོ་དང་ནི་གྲུབ་མ་གཉིས། །རོ་ལངས་མར་

Vol. 4 · folio 230b

ནི་མངོན་པར་བརྗོད། །མེ་མ་དང་ནི་ཡིད་བཟང་མ། །གཉིས་པོ་གྷསྨ་རཱིར་ཤེས་སོ། །གསུམ་འཇུག་མ་དང་འདོད་ལྡན་མ། །གཉིས་པོ་ས་སྤྱོད་མར་འགྱུར་རོ། །ཁྱིམ་མ་གཏུམ་མོ་བདུད་འཇོམས་མ། །གསུམ་པོ་མཁའ་སྤྱོད་མ་ཡིན་ནོ། །དེ་བས་ན་རྣལ་འབྱོར་མ་བཅོ་ལྔ་རྣམས་ཀྱིས་རྩ་

ཐམས་ཅད་བསྡུས་པའོ། །དེ་ལྟར་ཡང་སྔགས་དང་ཕྱག་རྒྱ་ཐམས་ཅད་བསྡུས་པའི་དོན་གྱི་ལེའུ་ལས་འཆད་པར་འགྱུར་ཏེ་རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྣལ་འབྱོར་མ་ནི་རེ་རེ་ཞིང་། །རྩ་ནི་གཉིས་གཉིས་རིམ་བཞིན་འདོད། །ལ་ལ་ནཱ་དང་ར་ས་ནཱ། །

ཨ་བ་དྷཱུ་ཏཱི་བདག་མེད་མ། །ཞེས་པ་དང་། བྱང་ཆུབ་སེམས་ནི་ཟླ་བར་གྱུར། །བཅོ་ལྔ་ཆ་ཡི་བདག་ཉིད་ཅན། །ཨཱ་ལིའི་གཟུགས་ཅན་བདེ་བ་ཆེ། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་སོ། །འདིར་ནི་ཇི་ལྟར་དང་པོའི་བདག་མེད་རྣལ་འབྱོར་མ་རྩ་གསུམ་ཡིན་པ་དེ་བཞིན་དུ་ཐ་མའི་རྣལ་འབྱོར་མ་

མཁའ་སྤྱོད་མ་ཡང་རྩ་གསུམ་ཡིན་ནོ། །ཞེས་དོན་གྱིས་གསུངས་པར་འགྱུར་ཏེ། གཞན་དུ་ན་རྩ་གཉིས་ཤིང་རྣལ་འབྱོར་མ་རྣམས་ཀྱིས་བསྡུས་པར་འདོད་པ་མི་འགྲུབ་ལ། བྱང་ཆུབ་ཀྱི་སེམས་ཀྱང་སུམ་ཅུ་རྩ་གཉིས་འབབ་པ་ཞེས་གསུངས་པས་སོ། །རྣལ་འབྱོར་མའི་རྒྱུད་ལས་བྱང་ཆུབ་ཀྱི་སེམས་

སུམ་ཅུ་རྩ་གཉིས་སུ་ཕྱེ་བས་དེ་རྣམས་བདེ་བ་ཆེན་པོའི་འཁོར་ལོ་ཉིད་ལ་གནས་སོ། །དེ་ཡང་སོ་སོར་རྩ་སུམ་ཅུ་རྩ་གཉིས་ལས་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་འཁོར་ལོ་ལས་འབབ་བོ། །དེ་བས་ན་དེ་རྣམས་ཀྱི་གནས་གང་དང་གང་ན་གཙོར་གནས་པ་དང་འབབ་པ་བཤད་པར་བྱའོ། །རྣལ་འབྱོར་

མའི་རང་བཞིན་དེ་རྣམས་ཀྱི་དབྱེ་བ་ནི་རྒྱུད་ཀྱི་དབྱེ་བས་དབྱེ་བར་བྱ་སྟེ་རྒྱུ་ཐམས་ཅད་མཐུན་པ་མ་ཡིན་ནོ། །རྩ་བྲན་ཀུན་དུ་རྒྱུ་ཞིང་ཕན་ཚུན་རྗེས་སུ་འགྲོ་བ་ཡང་གནས་དང་ལས་ཇི་ལྟར་བསྟན་པ་ལས་རིག་པར་བྱའོ། །ཁ་སྦྱོར་ལས། སྐྱེ་གནས་དབུས་སུ་རྩ་གཉིས་ནི། །གཡོན་དང་དེ་བཞིན་གཡས་

པ་ལས། །གཡོན་ནས་ཁུ་བ་ཤེས་པར་བྱ། །གཡས་པ་ལས་ནི་ཁྲག་ཉིད་དོ། །ཞེས་གསུངས་སོ། །ཡང་ཁ་སྦྱོར་དང་རྡོ་རྗེ་མཁའ་འགྲོ་ལས་གསུངས་པ། རྐན་ནས་བརྩམས་ཏེ་གཡོན་པ་ནས། །རྩ་ནི་ལོངས་སྤྱོད་སྐུ་དང་ལྡན། །ལྟེ་བའི་དབུས་སུ་ངལ་སོ་བ། །འོག་ཏུ་བལྟས་ཏེ་མྱོས་པ་

Vol. 4 · folio 231a

རྒྱུ། །ལྟེ་བ་ལས་ནི་གྱེན་ཏུ་རྒྱུ། །སྟེང་དུ་ཁྲག་ནི་རྒྱུ་བ་སྟེ། །མགྲིན་པའི་དབུས་སུ་ངལ་སོ་བ། །ཁྲག་རྒྱུ་བར་ནི་རབ་ཏུ་གྲགས། །མྱོས་པ་ཅེས་བྱ་ཟླ་བར་གསུངས། །ཁྲག་ཅེས་བྱ་བ་ཉི་མར་བཤད། །ཟླ་བ་དང་ནི་ཉི་མ་གཉིས། །རྩ་གཉིས་སུ་ནི་རབ་ཏུ་

བཤད། །ཅེས་སོ། །ཡང་ཁ་སྦྱོར་ལས་གསུངས་པ། སྙིང་གའི་དབུས་གནས་པདྨ་ནི། །འདབ་མ་བརྒྱད་པ་ལྟེ་བར་ལྡན། །དེ་ཡི་དབུས་ན་གནས་པའི་རྩ། །གསལ་བ་མར་མེ་དག་དང་མཚུངས། །ཁ་ནི་འོག་ཏུ་བལྟས་ནས་འཕྱང་། །ཆུ་ཤིང་མེ་ཏོག་ལྟ་བུ་སྟེ། །དེ་ཡི་དབུས་གནས་དཔའ་བོ་

ནི། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །གཞོམ་དུ་མེད་པའི་ཡི་གེ་ཧཱུཾ། །ས་བོན་བ་མོ་ལྟ་བུ་འཛག།། །འགྲོ་དང་འོང་བར་བྱེད་པ་འདི། །ཐམས་ཅད་ལུས་ལ་རྣམ་པར་གནས། །ཐུང་ངུར་ཡོངས་སུ་གྲགས་པ་ཡི། །ལྟེ་བར་ཨ་ཡི་གཟུགས་ཀྱིས་གནས། །གུག་སྐྱེད་གཉིས་དང་ལྡན་པ་

ཡི། །ཧཱུཾ་ནི་རིང་པོ་གཉིས་ཀར་གནས། །གུག་སྐྱེད་གསུམ་དང་ལྡན་པ་ཡི། །མགྲིན་པར་ཨོཾ་གྱི་རང་བཞིན་གྱིས། །སྒྲ་དང་ཐིག་ལེར་བཅས་པ་ཡི། །དཔྲལ་བར་གཞོམ་དུ་མེད་པ་ཧཾ། །རྡོ་རྗེ་སེམས་དཔའ་དཔལ་གྱི་གཟུགས། །ཇི་ལྟར་བདེ་བར་རྣམ་པར་རོལ། །ཕྱོགས་བཞིར་རྣམ་པར་

གནས་པ་ཡི། འདབ་མ་བཞི་པོ་རྣམས་ལ་ཡང་། །མར་མེ་འབར་བའི་རང་བཞིན་གྱིས། །འབྱུང་བ་ཆེན་པོ་བཞི་ཡི་རྩ། །ཞེས་སོ། དེ་ལ་རྒྱུད་འདི་གསུམ་གྱིས་རྩ་བསྟན་པ་ལ་ཇི་ལྟར་གཅིག་ཏུ་གསུངས་ཤེ་ན། གལ་ཏེ་འདིར་མ་གསུངས་པ་དེ་གཞན་ལས་གྲུབ་པས་དེ་བས་འདིར་དེ་ལ་དགོངས་ཞེས་

བྱ་བའི་དོན་ཏེ་ལ་ལ་ནཱ་དང་། ར་ས་ནཱ་གཉིས་མགྲིན་པ་ནས་བརྩམས་ནས་ཇི་སྲིད་ལྟེ་བའི་ནང་གི་མཐར་ཐུག་པ་སྟེ། གཡོན་པ་དང་གཡས་པའི་ཕྱོགས་ཀྱི་རྩ་ནི་ཟླ་བ་དང་ཉི་མ་ཞེས་བྱའོ། །ལྟེ་བའི་འོག་གི་སྐྱེ་གནས་ཀྱི་རྩ་གཉིས་ནི་ལ་ལ་ནཱ་དང་ར་ས་ནཱ་ཞེས་བྱ་བ་དེ་ཉིད་དོ། །སྙིང་གའི་རྩ་ལྔ་ནི་གསུམ་འཇུག་

མ་དང་། འདོད་ལྡན་མ་དང་ཁྱིམ་མ་དང་། གཏུམ་བྱེད་མ་དང་། བདུད་འཇོམས་མའོ། །གང་ཡང་ཁ་སྦྱོར་ལས་བརྒྱ་ཉི་ཤུ་གསུངས་སོ་ཞེ་ན། འཁོར་ལོ་བཞིའི་དབྱེ་བའོ། །འདིར་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་རྩའི་མཆོག་སུམ་ཅུ་རྩ་གཉིས་སོ། །དེས་ན་ཅུང་ཟད་ཀྱང་མི་འགལ་ལོ། །དེར་

Vol. 4 · folio 231b

ནི་གྲངས་ཙམ་སྟེ། པདྨའི་འདབ་མ་ལ་བརྟེན་པའི་གྲངས་ཀྱི་བཤད་པ་མ་ཡིན་ཏེ། འདབ་མ་ལ་བརྟན་པའི་གྲངས་ཀྱི་ཞེས་བཤད་པ་མེད་པ་དང་། སྙིང་གའི་པདྨའི་དབུས་ཀྱི་རྩ་ཞེས་ཀྱང་གསུངས་པས་སོ། །དེ་ལ་མི་བསྐྱོད་པ་རྒྱུ་བ་ནི་ལ་ལ་ནཱ་ཉིད་དོ། །ར་ས་ནཱ་ཉིད་ནས་གཙོར་ཁྲག་རྒྱུའོ། །དེ་ཉིད་ཀྱི་གསུངས་

པ། །དེ་རྣམས་ཀྱི་ནང་ནས་ཞེས་བྱ་བ་ལ་སོགས་པའོ། །ཤེས་རབ་རང་བཞིན་གྱི་ཞེས་པ་ནི་གཙོར་ཟླ་བ་རྒྱུ་བ་ཉིད་དོ། །ཐབས་ཀྱི་ཞེས་པ་ནི་ཐབས་ཀྱི་ངོ་བོ་སྟེ་ཁྲག་རྒྱུ་བ་ཉིད་དོ། །ཨ་བ་དྷཱུ་ཏཱི་གཟུང་བ་དང་འཛིན་པ་སྤངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཏང་བ་ཉིད་ཀྱིས་ཨ་བ་དྷཱུ་ཏཱི་སྟེ་གཉིས་སུ་མེད་པའི་བྱང་

ཆུབ་ཀྱི་སེམས་ཙམ་འབབ་པས་ན་གཟུང་བ་དང་འཛིན་པ་སྤངས་པའོ། །དབུས་ཕྱོགས་སུ་ཞེས་པ་ནི་ཡང་དག་གནས་ཞེས་བྱ་བར་སྦྱར་རོ། །དབུས་ཕྱོགས་གང་ན་ཞེ་ན་མགོ་བོ་དང་ལྐོག་མ་དང་སྙིང་ག་དང་ལྟེ་བ་དང་། གསང་གནས་ཀྱི་དབུས་སུའོ། །འདིར་རྩའི་གཙོ་བོ་གསུམ་ནི་བདག་མེད་རྣལ་འབྱོར་

མའོ། །མཐའ་མའི་ཁྱིམ་མ་ལ་སོགས་པ་གསུམ་ནི་མཁའ་སྤྱོད་མའོ། །ལྷག་མ་རྩ་ཟུང་བཅུ་གསུམ་ནི་གཽ་རཱི་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ། །དེ་ལ་རྩ་གང་ལས་གང་སྐྱེ་ཞིང་རྒྱས་པའམ། འགྲོ་བ་ཇི་ལྟར་རིགས་པར་དེ་དང་དེ་ལས་རྒྱུ་བ་སྟེ། མི་ཕྱེད་མ་ནི་མགོ་བོ་ལ་གནས་ཏེ། །སེན་

མོ་དང་སོ་འབྱུང་བའོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ན་གནས་ཏེ་སྐྲ་དང་སྤུ་འབྱུང་བའོ། །བཟང་མོ་ནི་རྣ་བ་གཡས་ན་གནས་ཏེ་པགས་པ་དང་དྲི་མ་འབྱུང་ངོ་། །གཡོན་པ་མ་ནི་རྒྱབ་ན་གནས་ཏེ་ཤ་འབྱུང་བའོ། །མིའུ་ཐུང་མ་ནི་རྣ་བ་གཡོན་ལ་སྟེ་རྩ་རྒྱུས་འབྱུང་བའོ། །རུས་སྦལ་སྐྱེས་ནི་སྨིན་མཚམས་

ན་གནས་ཏེ་སྒལ་ཚིགས་འབྱུང་བའོ། །སྒོམ་པ་མོ་ནི་མིག་གཉིས་ལ་སྟེ་མཁལ་མ་འབྱུང་བའོ། །དབང་བསྐུར་མ་ནི་དཔུང་མགོ་ལ་སྟེ་སྙིང་འབྱུང་བའོ། །སྐྱོན་ལྡན་མ་ནི་མཆན་ཁུང་གཉིས་ན་སྟེ་མིག་གཉིས་འབྱུང་བའོ། །རྣམ་པར་གནས་མ་ནི་ནུ་མ་གཉིས་ལ་སྟེ་མཁྲིས་པ་འབྱུང་བའོ། །མ་མོ་

ནི་ལྟེ་བ་ལ་སྟེ་གློ་བ་འབྱུང་བའོ། །རི་ཁྲོད་མ་ནི་སྣའི་རྩེ་མོ་ལ་སྟེ་རྒྱུ་མའི་ཕྲེང་བ་འབྱུང་བའོ། །བསིལ་སྦྱིན་མ་ནི་ཁལ་སྟེ་རྩིབ་མའི་ཤུན་པ་འབྱུང་བའོ། །དྲོ་བ་མ་ནི་སྐེ་ལ་སྟེ་ལྟོ་བ་འབྱུང་བའོ། །ལ་ལ་ནཱ་དང་ཨ་བ་དྷཱུ་ཏཱི་དང་ར་ས་ནཱ་འདི་གསུམ་སྔར་བཤད་དོ། །རབ་ཀྱི་ཚལ་མ་ནི་སྙིང་ག་ལ་སྟེ་

Vol. 4 · folio 232a

བཤང་བ་འབྱུང་བའོ། །དགའ་མ་ནི་མཚན་མ་དང་མཚོག་མའི་སྲུབས་འབྱུང་བའོ། །གཟུགས་བཟང་མོ་ནི་ཆུ་སོ་ན་སྟེ་བད་ཀན་འབྱུང་བའོ། །ཐུང་མོ་མ་ནི་བཤང་བའི་ལམ་ན་སྟེ་རྣག་འབྱུང་བའོ། །སྒྱུ་སྦྱིན་མ་ནི་བརླ་ལ་སྟེ་ཁྲག་འབྱུང་བའོ། །སྦྱོར་བྲལ་མ་ནི་རྗེ་

ངར་གཉིས་ལ་སྟེ་རྡུལ་འབྱུང་བའོ། །མཛའ་མོ་ནི་རྐང་པའི་སོར་མོ་རྣམས་ལ་སྟེ་ཚིལ་འབྱུང་བའོ། །གྲུབ་མ་ནི་རྐང་པའི་བོལ་ལ་སྟེ་མཆི་མ་འབྱུང་བའོ། །མེ་མ་ནི་རྐང་པའི་མཐེ་བོ་ལ་སྟེ་ལུད་པ་འབྱུང་བའོ། །ཡིད་བཟངས་མ་ནི་པུས་མོ་གཉིས་ལ་སྟེ་ཁ་ཆུ་དང་སྣབས་འབྱུང་བའོ། །སྙིང་གའི་པདྨའི་གེ་

སར་དང་ཕྱོགས་ཀྱི་འདབ་མ་རྣམས་ལ་གསུམ་འཇུག་མ་དང་། འདོད་ལྡན་མ་དང་། ཁྱིམ་མ་དང་། གཏུམ་བྱེད་མ་དང་། བདུད་འཇོམས་མ་རྣམས་ནི་གོ་རིམས་ཇི་ལྟ་བར་ཤེས་པར་བྱའོ། །རྩ་སུམ་ཅུ་རྩ་གཉིས་པོ་འདི་དག་གི་རང་བཞིན་ཇི་ལྟ་བུ་ལགས་ཞེས་པ་ནི་ཞུས་པའོ། །གང་ཞུ་བའི་བསམ་པ་ནི་གལ་ཏེ་

རྩ་འཇིག་རྟེན་ལ་གྲུབ་པའི་ཚུལ་གྱིས་བསྒོམ་པར་བྱ་ན་ནི་དེའི་ཚེ་དེ་བསྒོམས་པས་དགེ་བ་ཙམ་ཡང་མ་ཡིན་ན་བྱང་ཆུབ་ཀྱི་ལམ་དུ་འགྱུར་བ་ལྟ་ཅི་སྨོས། ཡང་ན་གཉིས་སུ་མེད་པ་གསལ་བའི་རང་བཞིན་གྱིས་བསྒོམས་ན་དེའི་ཚེ་ཡང་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་རྣལ་འབྱོར་མའི་དཀྱིལ་འཁོར་དུ་

འགྱུར་བ་མ་ཡིན་ནོ་སྙམ་པ་ལ། སྲིད་གསུམ་ཡོངས་སུ་གྱུར་པ་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་རྣམས་རོ་གཅིག་པའི་རང་བཞིན་ཆོས་ཀྱི་སྐུ་སྲིད་པ་གསུམ་མོ། །དེར་ཡོངས་སུ་གྱུར་པ་ནི་དེར་སོང་བའོ། །ཐམས་ཅད་ཅེས་པ་རྩ་ཐམས་ཅད་དོ། །གང་གི་ཕྱིར་གཟུང་བ་དང་འཛིན་

པ་སྤངས་པ་ཞེས་པ་ནི་གཉིས་སུ་མེད་པ་གསལ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཡང་ན་ཞེས་བྱ་བའི་སྒྲ་ནི་ཡང་གི་དོན་ཏེ་དེ་ལྟར་ཡང་ཡིན་ན་ཞེས་བྱ་བའི་དོན་ཏོ། །དངོས་པོའི་མཚན་ཉིད་འཇིག་རྟེན་ལ་གྲུབ་པའི་རྩ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྒྱས་བཏབ་ཅིང་

བརྟགས་པ་དེས་སོ། །དེ་ཁོ་ན་ཉིད་ཅེས་ཤེ་ན། ཐབས་ཐམས་ཅད་ཀྱིས་ཏེ་འགྲོ་བའི་དོན་གྱི་རྒྱུས་ལོངས་སྤྱོད་རྫོགས་པའི་སྐུ་སངས་རྒྱས་ཀྱི་ཆོས་རྣམས་རབ་ཏུ་སྤྲོས་པའི་ཐབས་ཏེ་དེ་ཁོ་ན་ཉིད་ངེས་སོ། །གང་དེ་ལྟར་ན་དེ་ཉིད་རྣལ་འབྱོར་མ་རྣམས་ནི་རྩ་དེ་རྣམས་ཉིད་དོ། །དེས་ན་འདིར་རྩའི་

Vol. 4 · folio 232b

འཁོར་ལོ་ཉིད་རྣལ་འབྱོར་མའི་དཀྱིལ་འཁོར་ཞེས་རབ་ཏུ་བསྒྲུབས་སོ། །དེ་ལྟར་ན་རང་གི་ལུས་ལ་གནས་པའི་ཡེ་ཤེས་ཆེན་པོ་ཉིད་ནི་དགྱེས་པའི་རྡོ་རྗེའོ། །རང་གི་ལུས་ཀྱི་རྩའི་འཁོར་ལོ་ཉིད་ནི་དེའི་རྣལ་འབྱོར་མའི་དཀྱིལ་འཁོར་རོ། །མཆོག་ཏུ་ཟབ་པའི་རྫོགས་པའི་རིམ་པ་གསུངས་

ནས། ད་ནི་མཆོག་ཏུ་ཟབ་པ་མ་ཡིན་པའི་རྫོགས་པའི་རིམ་པ་རྣམ་པ་མང་དུ་བསྟན་པར་བྱ་བའི་ཕྱིར་གསུངས་པ། སྡོམ་པའི་དབྱེ་བ་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་གྱི་ཆོས་རྣམས་ཚུལ་གཞན་གྱི་ནང་དུ་ཆུད་པར་གང་རྣལ་འབྱོར་པས་བལྟ་བའམ་ངེས་པར་བྱ་བ་གང་ཡིན་པ་དེ་ནི་ཕྱི་རོལ་དེ་

རྣམས་ཀྱི་སྡོམ་པ་སྟེ། སྐུས་ཡང་དག་པར་བསྡུས་པ་ཉིད་དམ་མཆོག་མདོར་བསྡུས་པ་ཡིན་པས་སོ། །དེའི་དབྱེ་བ་ནི་རྣམ་པ་དུ་མ་སྟེ། ཨཱ་ལི་དང་། ཀཱ་ལི་དང་ཟླ་བ་དང་ཉི་མ་དང་། ཤེས་རབ་དང་ཐབས་སོ། །ཨཱ་ལི་ནི་དབྱངས་ཡིག་བཅོ་ལྔའོ། །ཀཱ་ལི་ནི་གསལ་བྱེད་སུམ་ཅུ་རྩ་བཞིའོ། །

འདིར་དེ་རྣམས་བསྡུས་པ་ནི་ལྟེ་བའི་ཨ་དང་སྙིང་གའི་ཧཱུཾ་ནོར་བུའི་རྩེ་མོར་སོང་བ་སྟེ། གོ་རིམས་ཇི་ལྟ་བས་ཨཱ་ལི་དང་། ཀཱ་ལིའི་དེ་ཉིད་ཟླ་བ་དང་ཉི་མ་དང་ཤེས་རབ་དང་ཐབས་དང་བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་ནོ། །དེ་ཉིད་རྡོ་རྗེའི་རྩེ་མོར་ཕྱིན་པ་ནི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་པའི་དམ་ཚིག་

དང་ཕྱག་རྒྱ་ཆེན་པོ་སྟེ། ཕུལ་དུ་བྱུང་བ་ཡིན་གྱི་སྐུ་གཉིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་ཞེས་པ་ནི་ཆོས་ཀྱི་འཁོར་ལོ་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་སྤྲུལ་པའི་འཁོར་ལོ་སྟེ། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ནི་དེ་གསུམ་ཉིད་འཁོར་ལོ་

རྣམས་དང་གོ་རིམས་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཞེས་བྱ་བའི་དོན་ཏོ། །དེ་གསུམ་ཉིད་དེ་བཞིན་གཤེགས་པའི་གསང་བ་རྣམས་བླ་ན་མེད་པའི་བདེ་བ་རོ་གཅིག་པ་ཉིད་ཀྱིས་ཡོངས་སུ་ཤེས་པ་ནི་བདེ་བ་ཆེན་པོའི་འཁོར་ལོ་བཞི་པའོ། །དེ་ལྟར་ན་འདི་རྣམས་ཀྱི་

གནས་གང་དུ་ཤེས་པར་བྱ་ཞེ་ན། གོ་རིམས་ཇི་ལྟ་བར་ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་སྐྱེ་གནས་དང་མགོ་རྣམས་སུའོ། །དེ་ལྟར་ཡང་འཆད་པར་འགྱུར་ཏེ། སྔགས་དང་ཕྱག་རྒྱ་ཐམས་ཅད་བསྡུས་པའི་ལེའུ་ལས། ལུས་ཀྱི་དབུས་སུ་རྣལ་འབྱོར་མ། །ཨ་ཞེས་བྱ་བའི་སྡོམ་པ་གནས། །ཇི་

Vol. 4 · folio 233a

ལྟར་ཕྱི་རོལ་དེ་ལྟར་ནང་། །སྡོམ་པ་ཡང་དག་གསལ་བར་བྱས། །རྡོ་རྗེ་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཉིད་དོ། །གསང་བར་འདི་གཉིས་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་ངེས་བསྟན་ཏོ། །སྐུ་གསུམ་ལུས་ཀྱི་དབུས་སུ་ནི། །འཁོར་ལོའི་

གཟུགས་ཀྱིས་བཤད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་འདོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་བདེ་བ་ཆེན་པོ་ཉིད། །སྐྱེ་གནས་སྙིང་མགྲིན་མགོ་བོ་ལ། །སྐུ་གསུམ་པོ་ནི་རྣམ་པར་གནས། །ཞེས་སོ། འདིར་ཡང་སྐུ་གསུམ་

གྱི་རྗེས་ལ་དེ་དག་ཡོངས་སུ་ཤེས་པ་དང་བཅས་པ་ཞེས་ཤུགས་ཀྱིས་ཤེས་པར་བྱའོ་ཡང་འཁོར་ལོ་འདི་རྣམས་ཀྱི་རང་བཞིན་ཅི་ཞེ་ན་གསུངས་པ། ཨེ་བཾ་མཱ་ཡ་ཞེས་པའོ། །སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། བདེ་བ་ཆེན་པོའི་འཁོར་ལོ་རྣམས་གོ་རིམས་བཞིན་ཨེ་བཾ་མཱ་ཡའི་རང་

བཞིན་ཏེ། སྤྱན་ལ་སོགས་པའི་ལྷ་མོ་བཞི་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཀྱི་གསུངས་པ། ཨེ་ཞེས་བྱ་བ་ལ་སོགས་པའོ། །འདི་དག་རྣམ་པ་ཇི་ལྟ་བུ་ཞེ་ན། སྤྲུལ་པ་ཞེས་བྱ་བ་ལ་སོགས་པའོ། །དང་པོའི་དོན་ལ་བདུན་པ་སྟེ། པདྨ་འདབ་མ་དྲུག་ཅུ་རྩ་བཞི་ནི་སྤྲུལ་བའི་འཁོར་ལོའོ་ཞེས་བྱ་བའི་དོན་

ཏོ། །དེ་ལྟར་ལྷག་མ་གསུམ་ལ་ཡང་བརྒྱད་ཅེས་པ་ནི་འདབ་མ་བརྒྱད་དོ། །བཅུ་དྲུག་ཅེས་བྱ་བ་ནི་འདབ་མ་བཅུ་དྲུག་གོ། །སུམ་ཅུ་རྩ་གཉིས་ཞེས་པ་ནི་དེ་འདབ་མ་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་ན་པདྨ་འདི་རྣམས་ཀྱི་དབུས་སུ་ལྷ་གང་ཞིག་བལྟ་བར་བྱ་ཞེ་ན། ཨ་དང་ཧཱུཾ་དང་ཨོཾ་དང་ཧཾ་གོ་

རིམས་བཞིན་ནོ། །དེ་ལ་བདེ་བ་ཆེན་པོའི་པདྨ་ཁ་ཐུར་དུ་བལྟས་པ་ལ། ཡི་གེ་ཧཾ་ཡང་དེའི་དབུས་སུ་ཐུར་དུ་བལྟས་པ་ལས་བདུད་རྩིའི་ཁུ་བ་འཛག་པའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་གྲངས་ཀྱི་རིམ་པས་སྟེ་འཁོར་ལོའི་གྲངས་ཀྱི་རིམ་པས་སྐད་ཅིག་མ་ལ་སོགས་པ་རྣམ་པར་གཞག་གོ། །

ཅི་གྲངས་ཀྱི་རིམ་པས་གཞག་གམ། ངེས་པར་རིམ་པ་གཞན་གྱིས་ཤེ་ན། འོག་ནས་འཆད་པར་འགྱུར་པའི་གྲངས་ཀྱིས་སོ། །དེ་ལ་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་གི་མཚན་ཉིད་ནི་བརྟགས་པ་གཉིས་པའི་ལེའུ་གསུམ་པ་ལས་ཤེས་པར་བྱའོ། །འཕགས་པའི་བདེན་པ་བཞི་ཞེས་པ་

Vol. 4 · folio 233b

ནི། འཕགས་པའི་བདེན་པའི་ཡུལ་ལ་རྣལ་འབྱོར་པའི་སྡུག་བསྔལ་ཤེས་པར་བྱ་ཞེས་པ་ལ་སོགས་པ་ལས་སོ། །དེ་གསུངས་པ། སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་གསུམ་དུ་བྱ་བ་དང་། ལམ་

བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དེ་ཁོ་ན་སྟེ་རྣམ་པར་རིག་པ་ཙམ་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་དེ་དགྱེས་པའི་རྡོ་རྗེ་ལ་སོགས་པའོ། །སྔགས་ཀྱི་དེ་ཁོ་ན་སྟེ་ཨ་ལ་སོགས་པའོ། །ཡེ་ཤེས་ཉིད་དེ་ཁོ་ན་སྟེ་སྤྲོས་པ་མེད་པ་བླ་ན་མེད་པའི་ཡེ་ཤེས་སོ། །དགའ་བ་བཞིའི་མཚན་ཉིད་ནི་ལེའུ་

བརྒྱད་པ་དང་བཅུ་པ་ལས་སྟོན་ཏོ། སྡེ་པ་ནི་དགེ་སློང་གི་དགེ་འདུན་སྟེ་བརྟགས་པ་གཉིས་པའི་ལེའུ་བཞི་པ་ལས་འཆད་དེ། གནས་བརྟན་སྤྲུལ་པའི་འཁོར་ལོ་ལ། །སྤྲུལ་པ་གང་ཕྱིར་གནས་བརྟན་ཡིན། །ཐམས་ཅད་ཡོད་པ་ཆོས་འཁོར་ལོ། །ཆོས་ཀྱི་སྨྲ་བ་ཡང་དག་འབྱུང་། །མང་པོས་བཀུར་

པ་ལོངས་སྤྱོད་ལ། །གང་ཕྱིར་གསུང་གི་ཡང་དག་རིགས། །དགེ་འདུན་ཕེལ་ཆེན་མགོ་བོ་ལ། །བདེ་ཆེན་འཁོར་ལོར་ཡང་དག་གནས། །ཞེས་སོ། །དེ་ལྟར་ཐམས་ཅད་བཞི་བཞིའོ། །ཞེས་བྱ་བ་ནི་གང་འོག་ནས་འཆད་པར་འགྱུར་བ་ནི་རིམ་པ་གཞན་དུ་བསྒྱུར་བས་དགེ་འདུན་ཕལ་ཆེན་

ཞེས་པའི་རྗེས་ལ་བལྟ་བར་བྱའོ། །དེ་ལྟར་བཞི་པོ་ཐམས་ཅད་འཁོར་ལོ་བཞིར་ལྷག་པར་མོས་པར་བྱའོ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ། །དེ་ནི་གཟུགས་མེད་པ་ཉིད་དང་། གསལ་བ་ཙམ་དང་། སྔགས་མ་ལུས་པར་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ལུས་ཀྱི་རླུང་དེ་ཉིད་རྡོ་རྗེ་འཛིན་པའི་སྐུ་དང་དགྱེས་

པའི་རྡོ་རྗེར་ལྷག་པར་མོས་པར་བྱ་བ་དེའི་ཉེ་བར་མཚོན་པར་བྱེད་པའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་གསུངས་པ། ཟླ་བ་དང་ཉི་མ་ཞེས་བྱ་བ་ལ་སོགས་པའོ། །ཟླ་བ་དང་ཉི་མ་དང་ཨཱ་ལི་དང་ཀཱ་ལི་ཞེས་པ་ནི་མགྲིན་པ་ནས་བརྩམས་ཏེ་ལྟེ་བའི་མཐར་ཐུག་པར་གཡོན་ཕྱོགས་ཀྱི་རྩ་འོག་ཏུ་བལྟས་པ་གང་

ཡིན་པའི་རྩ་དེ་ནི་ཟླ་བ་དང་ཨཱ་ལི་སྟེ་བྱང་ཆུབ་ཀྱི་སེམས་རྒྱུ་བ་ཉིད་དོ། །གང་ལྟེ་བའི་སྟེང་དུ་ཁ་གྱེན་དུ་བལྟས་པ་ལྐོག་མའི་མཐར་ཐུག་པ་གཡས་ཕྱོགས་ཀྱི་རྩ་དེ་ནི་ཉི་མ་དང་ཀཱ་ལི་སྟེ་ཁྲག་རྒྱུ་བ་ཉིད་དོ། །དེ་ལ་གཡོན་པའི་རྩ་དེ་ནི་འཇུག་པའི་ལམ་བྱེད་དོ། །གཡས་པའི་རྩ་དེ་ནི་འབྱུང་བའི་ལམ་སྟེ་

Vol. 4 · folio 234a

སྣའི་བུ་ག་གཉིས་ཀ་སྒོའོ། །འཕོ་བ་བཅུ་དྲུག་ཅེས་པ་ནི་སྣའི་བུ་ག་དེ་གཉིས་ཉིད་ནས་ཐུན་ཕྱེད་ཕྱེད་རྒྱུའོ། །ཉིན་མཚན་གྱི་འཕོ་བ་བཅུ་དྲུག་ཏུ་འགྱུར་རོ། །དབྱུ་གུ་དྲུག་ཅུ་རྩ་བཞི་ཞེས་པ་ནི་ཉིན་མཚན་གྱིས་སོ། །དབྱུ་གུ་གཉིས་ནི་ཆུ་ཚོད་དོ། །ཆུ་ཚོད་སུམ་ཅུ་རྩ་གཉིས་

སུ་ཉིན་མཚན་ཉིད་ཀྱིས་སོ། །ཐུན་གྱི་བཞི་ཆ་ནི་ཆུ་ཚོད་དོ། །ཐུན་བཞི་ཞེས་པ་ནི་ཉིན་མོའམ་མཚན་གཅིག་ལ་སྟེ་ཉིན་ཞག་གཅིག་པ་ནི་བརྒྱད་དོ། །དེ་ལ་ཚིགས་སུ་བཅད་པ་ནི། མཚན་མོ་ཐུན་བཞི་ཉིན་མོ་སྟེ། །ཐུན་གཅིག་བཞི་ཆ་ཆུ་ཚོད་དོ། །དབྱུ་གུ་གཉིས་ལ་ཆུ་ཚོད་གཅིག །སྣ་བུག་

གཉིས་ནས་འགྲོ་འོང་རླུང་། །དབུགས་དྲུག་གིས་ནི་སྲོག་གཅིག་སྟེ། །སྲོག་དེ་ལྔ་བཅུ་ཐམ་པ་དང་། དབུགས་ནི་གསུམ་དང་བཞི་ཆ་གསུམ། །བྱང་དང་ལྷོ་རུ་འགྲོ་བ་ཡིས། །ཉིན་མཚན་དང་པོ་དག་ལའོ། །དེས་ན་ཉིན་མཚན་འཕེལ་འགྱུར་བ། །ཇི་སྲིད་འགྲོ་གཞན་དང་པོའི་

བར། །དེ་བཞིན་ཉིན་དང་མཚན་དུ་གང་། །ཉིན་རེ་བྲི་བ་དབྱུ་གུའོ། །དྲག་པོ་བཞི་ཆར་བཅས་པའི་དབུགས། །འཕོ་བ་སོ་སོའི་འཕེལ་འགྲིབ་ལ། །སུམ་ཆ་བཞི་ཆ་དྲུག་ཆའི་དབུགས། །ཉིན་དང་མཚན་དུ་བྱེད་པ་ཡིན། །དེ་ལྟར་འདིར་རྩ་གཉིས་སུ་རླུང་འགྲོ་བ་ཉེ་བར་མཚོན་

པས་དཀྱིལ་འཁོར་འཕོ་སྟེ། ཇི་སྐད་དུ་ཁ་སྦྱོར་ལས། མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ནི་ཆུ་ཉིད་ཀྱིས། །དཀྱིལ་འཁོར་དེ་ལ་ཀུན་ཏུ་རྒྱུ། །སྟེང་དང་བརྩེགས་དང་ཐད་ཀ་འོག །དབང་ཆེན་གྱི་ནི་རྒྱལ་པོར་འགྱུར། །ཆུ་ཡིས་དོན་རྣམས་ཡང་དག་འབྱུང་། །མེ་ཡིས་

འཆི་བར་འགྱུར་བ་སྟེ། །རླུང་གིས་ནོར་རྣམས་ཟད་པར་བྱེད། ཅེས་སོ། །དེ་ལ་སོགས་པའི་བརྗོད་པར་བྱ་བ་ཤིན་ཏུ་མང་མོད་ཀྱི་ཚིག་མངས་སུ་དོགས་པས་གཞག་གོ། །དབུགས་འབྱུང་བ་དང་རྔུབ་པ་དྲན་པ་རྣམ་པ་དྲུག་བཤད་པར་བྱ་སྟེ། སེམས་བརྟན་པར་བྱ་བའི་ཕྱིར་རླུང་ལས་རྣམ་པར་

རྒྱལ་བར་བྱའོ། །ཇི་སྐད་དུ་ཆོས་མངོན་པ་ལས། བགྲང་དང་རྗེས་སུ་འཇུག་དང་གཞག །མཚན་ཉིད་དེ་ནས་རྣམ་ལྡོག་དང་། །ཡོངས་སུ་དག་དང་དེ་བཞིན་དྲུག །འཇུག་དང་འབྱུང་བ་དྲན་པར་འདོད། །ཅེས་བྱ་བ་ལ་འཇུག་པ་ནི་དབུགས་རྔུབ་པ་སྟེ་འཇུག་པའི་རླུང་ངོ་། །འབྱུང་བ་

Vol. 4 · folio 234b

ནི་འབྱུང་བའི་རླུང་ངོ་། །དེ་ལ་དམིགས་པའི་ཤེས་རབ་ནི་འཇུག་པ་དང་འབྱུང་བ་དྲན་པ་སྟེ། དྲན་པའི་རྒྱུ་ཉིད་ལ་དྲན་པ་ཞེས་བརྗོད་དོ། །དེ་ལ་བགྲང་བ་ཞེས་བྱ་བ་ནི་ལུས་དང་སེམས་རྣམས་ལས་སེམས་བཀུག་སྟེ། སེམས་དབུགས་རྔུབ་པ་དང་འབྱུང་བ་ཙམ་དུ་གཏད་དེ་བགྲང་བར་བྱེད་པས་གཅིག་དང་

གཉིས་དང་ཇི་སྲིད་དུ་བཅུའི་བར་དུ་སྟེ་དེ་ལྟར་ཡང་ནས་ཡང་དུ་བྱའོ། །འདི་ལ་སྐྱོན་གསུམ་སྟེ། གྲངས་མ་ཚང་བ་ནི་གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་པའོ། །ལྷག་པར་བགྲང་བ་ནི་གལ་ཏེ་གཅིག་ལ་གཉིས་སུ་འཛིན་པའོ། །འདྲེན་མར་བགྲང་བ་ནི་གལ་ཏེ་དབུགས་རྔུབ་པ་ལ་འབྱུང་བར་འཛིན་པ་

དང་འབྱུང་བ་ལ་རྔུབ་པར་འཛིན་པའོ། །དེ་ལས་གཞན་པ་ནི་ཡང་དག་པར་བགྲང་བ་སྟེ། རྣམ་པར་གཡེང་བས་བར་དུ་ཆོད་ན་ཡང་དང་པོ་ནས་བགྲང་བར་བྱ་སྟེ། ཇི་སྲིད་ཏིང་ངེ་འཛིན་ཐོབ་ཀྱི་བར་དུའོ། །རྗེས་སུ་འཇུག་པ་ཞེས་བྱ་བ་བསྒྲིམ་པ་མེད་པར་རླུང་འཇུག་པ་སྟེ་ལྐོག་མ་དང་སྙིང་ག་དང་། ལྟེ་

བ་དང་རྐེད་སྨད་དང་། བརླ་དང་རྗེ་ངར་གྱི་རིམ་གྱིས་འཇུག་སྟེ། ཇི་སྲིད་རྐང་པའི་བར་དུ་འཇུག་གོ། །འབྱུང་བ་ནི་མཐོ་གང་དོ་དང་ཇི་སྲིད་འདོམ་གྱི་བར་དུའོ། །གཞག་པ་ཞེས་པ་ནི་སྣའི་རྩེ་མོ་ནས་ཇི་སྲིད་རྐང་པའི་མཐེ་བོང་གི་བར་དུ་གཞག་པ་སྟེ། ནོར་བུའི་ཕྲེང་བ་བཞིན་མཐོང་བའོ། །འདིར་

ཕན་འདོགས་པ་དང་ཉེ་བར་འཇོམས་པ་དང་གྲང་བ་དང་དྲོ་བ་ཇི་ལྟ་བུ་ཡིན་པ་མཐོང་བའོ། །མཚན་ཉིད་ཅེས་པ་ནི་འདིར་རླུང་འབའ་ཞིག་ལ་མ་ཡིན་ཏེ། འབྱུང་བ་ཆེན་པོ་བཞི་དང་། འབྱུང་བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། ཕུང་པོ་ལྔ་ཉེ་བར་བརྟག་པའོ། །རྣམ་ལྡོག་ཅེས་

པ་ནི་རླུང་ལ་དམིགས་པའི་བློ་བཟློག་སྟེ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་བ་སྟེ། ཇི་སྲིད་ཆོས་ཀྱི་མཆོག་དང་སྦྱོར་བ་དང་པོའི་བར་དུའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་ལ་སོགས་པ་ལ་ཡང་དག་པར་སྦྱོར་བའོ། །

ད་ནི་བྱང་ཆུབ་ཀྱི་སེམས་ཉིད་དགྱེས་པའི་རྡོ་རྗེར་ལྷག་པར་མོས་པར་བྱ་བའི་ཕྱིར་དེའི་རྒྱུ་ལ་སོགས་པའི་གནས་སྐབས་ཉེ་བར་མཚོན་པར་བྱེད་པས་ནང་གི་རྣལ་འབྱོར་བརྟན་པ་དང་ལྟེ་བར་གནས་པའི་གཏུམ་མོ་ལ་སྙིང་ག་ནས་ཕབ་པའི་དགྱེས་པའི་རྡོ་རྗེའི་ས་བོན་དང་ཐིག་ལེ་ལ་སོགས་པའི་ཚུལ་གྱིས་

Vol. 4 · folio 235a

ཡང་དག་པར་སྦྱར་ཏེ་བྱང་ཆུབ་ཀྱི་སེམས་ཀྱི་སྲེག་རྫས་ཀྱི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་བཤད་པའི་ཕྱིར་གསུངས་པ། གཏུམ་མོ་ཞེས་བྱ་བ་ལ་སོགས་པའོ། །དང་པོའི་ཡི་གེ་ཨ་ལྟེ་བའི་གནས་ན་རྟག་ཏུ་གནས་པ་ནི་བཅོམ་ལྡན་འདས་བདག་མེད་མ་གཏུམ་པ་ཉིད་ཀྱིས་གཏུམ་

མོའོ། །འབར་བ་ཞེས་པ་ནི་འདོད་ཆགས་ཀྱི་མེའི་རང་བཞིན་ཉིད་དོ། །སྲེག་ཞེས་པ་ནི་སྲེག་པར་བྱེད་པའོ། །ལྔ་ཞེས་པ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་། རིན་པོ་ཆེ་དང་ཚེ་དཔག་མེད་དང་དོན་ཡོད་གྲུབ་པའོ། །སྤྱན་ལ་སོགས་པ་ཞེས་པ་ནི་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་

མོ་དང་སྒྲོལ་མའོ། །འདི་དག་ཇི་ལྟར་སྲེག་ཅེ་ན། ཕྱོགས་བཅུ་ནས་འདི་རྣམས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་སྟེ་བདེ་བ་ཆེན་པོའི་འཁོར་ལོར་བསྡུས་ནས་ཙཎྜ་ལཱི་ལངས་ཏེ་འབར་བའི་འོད་ཀྱིས་དེ་རྣམས་བསྲེགས་པའོ། །ཁ་སྦྱོར་ལས་གསུངས་པ། རྣལ་འབྱོར་པའི་

ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོའི་འཁོར་ལོ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ཆེན་པོའི་འཁོར་ལོ་བསྲེག་གོ་ཞེས་གསུངས་ཀྱང་རྒྱུད་འདི་ལ་མ་གསུངས་ཏེ། དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་བསྲེག་གོ་ཞེས་གསུངས་ཀྱི། ཆོས་ཀྱི་འཁོར་ལོ་ལ་སོགས་

བ་དེ་བསྲེག་པར་མ་གསུངས་པ་ཉིད་དོ། །བསྲེགས་པས་ཧཾ་ལས་ཟླ་བ་འཛག །ཅེས་པ་དེ་ལྟར་བསྲེགས་ནས་དགྱེས་པའི་རྡོ་རྗེ་དང་བཅས་པ་སྟེ། རང་གི་གནས་སུ་འོངས་ནས་ཙཎྜ་ལཱིས་བསྲོས་པས་ཞུ་བ་དེས་ཚིམ་པར་བྱ་བའི་བདེ་བ་ཆེན་པོའི་འཁོར་ལོ་དེར་གནས་པའི་ཧཾ་ལས་ཡེ་ཤེས་ཀྱི་ཆུ་འཛག་ཅེས་

བྱ་བའི་དོན་ཏོ། །རྡོ་རྗེའི་རིགས་ཞེས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆེན་པོའི་རང་བཞིན་དགྱེས་པའི་རྡོ་རྗེ་ཉིད་དོ། །དེའི་རིགས་ནི་ཁྱིམ་སྟེ་རྣལ་འབྱོར་པ་རྣམས་ཀྱི་རང་གི་ལུས་སོ། །དེ་བཞིན་དུ་གང་སྒོམ་པར་བྱེད་པ་དེ་འདིར་རྡོ་རྗེ་རིགས་ལ་དམིགས་པར་བྱེད་པ་དེ་ཉིད་རྡོ་རྗེའི་རིགས་ཞེས་བྱའོ། །དེ་གསལ་

བར་བྱེད་པའི་ལེའུ་ལ་རྡོ་རྗེའི་རིགས་ཀྱི་ལེའུ་ཞེས་གཙོ་བོའི་སྒོ་ནས་བསྟན་ཏེ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་ལེའུ་དང་པོའི་བཤད་པའོ།། །།ནུས་པ་རྣམ་པ་མང་ཤེས་དང་། །རེངས་དང་སྐྲོད་པར་བྱེད་པ་དང་། །སྡེ་རེངས་བྱེད་དང་མངོན་སྤྱོད་དང་། །ཞེས་གསུངས་པ།

Vol. 4 · folio 235b

དེའི་དབང་དུ་བྱས་ཏེ་ལེའུ་གཉིས་པ་གསུངས་པ་སྔགས་ཀྱི་ལེའུ་ཞེས་པའོ། །དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་པ་དང་། འགྲོ་བ་སྐྱོབ་པར་བྱེད་པས་སྔགས་ཏེ། ཏིང་ངེ་འཛིན་ལས་སྐྱེས་པའི་བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ། །སྔགས་ཀྱི་རྒྱུ་མཐུན་པས་སྔགས་ཏེ་ཨོཾ་ལ་སོགས་པའོ། །དེ་གསལ་

བར་བྱེད་པའི་ལེའུ་ལ་ཡང་དེ་སྐད་ཅེས་བྱའོ། །བཤད་པ་ཞེས་པ་ནི་བཤད་པར་བྱའོ། །དབང་པོ་ལ་སོགས་པ་དེ་དག་འཁོར་དང་བཅས་པ་ནི་འབྱུང་པོ་ཐམས་ཅད་དེ་ལྷ་དེ་དག་གི་འདི་ཡིན་པས་འབྱུང་པོ་ཐམས་ཅད་པའོ། །གཏོར་མ་ནི་མཆོད་པའི་ཡོ་བྱད་དོ། །དེའི་དོན་གྱི་སྔགས་ནི། སརྦ་དྷརྨྨཱ་ཎཱི་

ཞེས་པ་ནི་མཆོད་པར་བྱ་བ་དང་། མཆོད་པར་བྱེད་པ་དང་། མཆོད་པ་ལ་སོགས་པ་འདུས་བྱས་རྣམས་ཞེས་བྱ་བའི་དོན་ཏོ། ཨ་ཀཱ་རོ་མུ་ཁཾ་ཞེས་པ་ནི་ཨ་ནི་དོན་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་དང་པོ་ཞེས་བྱ་བའི་དོན་ཏོ། །གང་ལས་ཤེ་ན་གསུངས་པ་ཨཱདྱ་ནུཏྤ་ན་ན་ཏྭཱཏ། ཅེས་པ་ནི་དེ་རྣམས་ནི་

གཟོད་མ་ཉིད་ནས་སྐྱེ་བ་མེད་པ་སྟེ། གཟུང་བ་དང་འཛིན་པའི་རང་བཞིན་གྱིས་རྟག་པ་ཉིད་དུ་སྐྱེ་བ་མེད་པ་ཡིན་ལ། རྟག་ཏུ་སྐྱེ་བ་མེད་པ་ནི་འདི་རྣམས་ཀྱི་དེ་ཁོ་ནའི་ཡེ་ཤེས་ཏེ་དེའི་དང་པོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ཡང་ཨོཾ་ཨཱཿཧཱུཾ་ཞེས་པ་ནི་མཆོད་པར་བྱ་བ་དང་། མཆོད་པར་བྱེད་པ་དང་འབྲེལ་

བའི་ལུས་ངག་ཡིད་གསུམ་དང་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ལ་འདི་ཐམས་ཅད་དོན་གྱི་སྟོང་པའི་ཡིད་འདི་ཉིད་ནི་ཨོཾ་མོ། །དེའི་ཡང་སེམས་ཙམ་སྣང་བས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞེན་པ་དང་ཐ་སྙད་ཡང་དག་པར་

མཚོན་པ་ཉིད་དང་བཅས་པ་ནི་ཨཱཿའོ། །དོན་དམ་པ་རྣམ་པར་དཔྱད་པས་ཞེན་པ་དེ་ལས་འདས་ཏེ་དོན་དམ་པ་མཐོང་བ་ནི་ཧཱུཾ་ངོ་། །དེ་ལྟར་ན་དེར་སེམས་ཙམ་གཟུང་བ་དང་འཛིན་པའི་རྟོག་པ་མེད་པ་དེའི་སྣང་བ་ཐམས་ཅད་ནུབ་པ་གཉིས་ཀྱིས་སྟོང་པ་ཉིད་ངེས་པར་སྤྱད་པའི་བརྗོད་པ་དང་བྲལ་བ་ཡིན་

ཡང་མཆོག་ཏུ་གསལ་ཞིང་སྐུ་དང་གསུང་དང་ཐུགས་ཐམས་ཅད་རོ་གཅིག་ཏུ་སྣང་ངོ་། །དེ་བས་ན་འདི་སྐུ་ཡང་ཡིན་ལ་གསུང་ཡང་ཡིན་ཞིང་ཐུགས་ཀྱང་ཡིན་པས་ཧཱུཾ་ངོ་། །སྣ་ཚོགས་པའི་རྟོག་པ་རྣམས་བསལ་བའི་དོན་ནི་ཕཊ་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་པ་ནི་རྣམ་པར་སྣང་

Vol. 4 · folio 236a

མཛད་དང་། རིན་ཆེན་དབང་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱི་རིམ་བཞིན་ནོ། །བློ་ཙམ་དུ་དམིགས་པའི་ཡིད་ནི་བྷྲཱུཾ་མོ། །བདག་ཉིད་དང་སངས་རྒྱས་ཐམས་ཅད་མཉམ་པ་ཡིད་ནི་ཨཱཾ་ངོ་། །འགྲོ་བ་རྣམས་དག་པར་དམིགས་

པའི་དབང་ཕྱུག་གི་ཡིད་ནི་ཛྲཱིཾ་ངོ་། །སྤྲོས་པ་རྣམས་ཀྱིས་ནམ་མཁའ་ཁྱབ་པར་བྱེད་པའི་ཡིད་ནི་ཁཾ་ངོ་། །འདི་སྐུ་ཡང་ཡིན་ཞིང་གསུང་དང་ཐུགས་ཀྱང་ཡིན་པས་ཧཱུཾ་ངོ་། །དེ་ལྟར་ཡང་གསུངས་པ། ཧཱུཾ་ནི་སྐུ་དང་གསུངས་དང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་འབྱུང་ངོ་། །ཞེས་སོ། །ཐམས་ཅད་དབང་དུ་

བསྡུས་ནས་མངོན་པར་རོལ་པར་བྱེད་ཅིང་བཟང་བས་ནི་དེ་པའོ། །པི་ཙུ་ནི་ཕུལ་དུ་བྱུང་བའི་འདབ་བལ་ཏེ་ཐབས་རྗེས་སུ་འཛིན་པར་བྱེད་པ་ཉིད་ཀྱིས་འདི་འདབ་བལ་དང་ཆོས་མཐུན་པས་པི་ཙུའོ། །གདུག་པ་རྣམས་ཚར་གཅོད་པར་བྱེད་པ་ཉིད་ཀྱིས་འདི་རྡོ་རྗེ་དང་ཆོས་མཐུན་པས་པི་ཙུ་བཛྲའོ། །སྔགས་ཀྱི་

ཚིག་ཐམས་ཅད་ལ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་ཞེས་བྱ་བ་དང་སྦྱར་རོ། །ངེས་པ་འདི་ནི་དགྱེས་པའི་རྡོ་རྗེའི་སྔགས་རྣམས་ཀྱི་ཡིན་པས་དུ་མ་དང་རྨོངས་པ་བསལ་བར་བྱ་བའི་དོན་དུའོ། །གཞན་དུ་ནི་ཇི་ལྟར་རིགས་པར་སྦྱར་རོ། །དང་པོ་ཨོཾ་དང་ཐ་མར་སྭཱ་ཧཱ་དང་ཞེས་པ་ནི་དང་པོར་ཨོཾ་ཡང་ཡིན་ལ་མཐའ་

མར་སྭཱ་ཧཱ་ཡང་ཡིན་ཞིང་ཧཱུཾ་ཕཊ་དང་སྤེལ་བ་ཡང་ཡིན་ཏེ། ཧཱུཾ་ནི་གསུམ་མོ། །གཞན་ཕཊ་གཅིག་ནི་ཧཱུཾ་ཕཊ་དོ། །དེས་སྤེལ་ཏེ་སྭཱ་ཧཱ་སྒྲའི་གོང་དུ་གཞུག་གོ། །དེ་ལ་སྔགས་རྣམས་ཀྱི་ཐོག་མར་ཨོཾ་མོ། །ཡིད་ཙམ་དུ་མཐོང་བ་ལས་བྱུང་བ་ཉིད་ཀྱིས་དེ་ཉིད་ལ་བསྟོད་པའོ། །མཐའ་མར་སྭཱ་ཧཱ་སྒྲས་དེ་ཉིད་

ལ་མཆོད་པའི་དོན་ཏོ། །ཧཱུཾ་ནི་གདུག་པ་ཅན་རྣམས་ཚར་གཅོད་པར་བྱེད་པའི་དོན་ཏོ། །ཕཊ་ནི་གདུག་པ་ཅན་རྣམས་གསོད་པའི་དོན་ཏོ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཞེས་པ་ནི་སྡེ་ཚན་བརྒྱད་ཀྱི་ཡི་གེ་དང་པོ་རྣམས་སོ། །རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནི་བདག་མེད་མ་དང་། རྡོ་རྗེ་མ་དང་། ནང་གི་

གཽ་རཱི་དང་། ཆུའི་རྣལ་འབྱོར་མ་དང་། རྡོ་རྗེ་མཁའ་འགྲོ་མ་དང་། པུཀྐ་སཱི་དང་། གཏུམ་མོ་དང་། རི་ཁྲོད་མ་དང་། གཡུང་མོ་དང་། ཕྱིའི་གཽ་རཱི་མ་དང་། རྐུན་མོ་དང་། རོ་ལངས་མ་དང་། གྷ་སྨ་རཱི་དང་། ས་སྤྱོད་མ་དང་། མཁའ་སྤྱོད་མ་རྣམས་གོ་རིམས་བཞིན་ནོ། །ཕྱག་གཉིས་པའི་ཞེས་པ་ནི་

Vol. 4 · folio 236b

དགྱེས་པའི་རྡོ་རྗེ་ཞེས་བྱ་བ་དང་འབྲེལ་ཏོ། །ཚངས་པ་དང་དབང་པོ་དང་། ཁྱབ་འཇུག་དང་། དྲག་པོ་ལ་སོགས་པ་འཇིག་རྟེན་གྱི་གཙོ་བོ་རྣམས་ནི་ཏྲེ་ལོ་ཀྱཱའོ། །དེ་ལ་ཀླེ་པ་ཞེས་པ་ནི་ཚར་གཅོད་པར་བྱེད་པའོ། །ཛྭ་ལ་ཞེས་པ་འབར་བའོ། །གདུག་པ་ཅན་རྣམས་སྲེག་པར་བྱེད་པའི་ཕྱིར་བྷྱོའོ། །ཀི་ཊི་

ཀི་ཊི་ཞེས་པ་སྐད་ཀྱི་བྱིངས་ལས་འགྲོ་བའི་དོན་ཏོ། །དེ་དང་དེར་འགྲོ་ཞིང་འགྲོ་བར་བྱེད་པས་ཀི་ཊི་སྟེ་སེམས་ཅན་ཐམས་ཅད་དོ། །དེའི་ཀི་ཊི་ཞེས་པ་ནི་སྐྱབས་སོ། །ཀི་ཊི་ཀི་ཊི་ཞེས་བྱ་བ་འདི་ཡང་སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་ཉིད་དོ། །རྡོ་རྗེ་ཞེས་པ་ཡང་གདུག་པ་ཆད་པས་གཅོད་པར་བྱེད་པ་ཉིད་

དོ། །དེས་ན་ཀི་ཊི་ཀི་ཊི་བཛྲ་ཞེས་བྱའོ། །ས་སྦྱོང་བར་བྱེད་པ་ནི་དཀྱིལ་འཁོར་བྲི་བ་ལ་སོགས་པའོ། །རེངས་པར་བྱེད་པ་ནི་རེངས་པར་བྱེད་པའི་དོན་གྱི་སྔགས་སོ། །དེ་བཞིན་དུ་གསོད་པར་བྱེད་པའི་བར་ནི་གསོད་པར་བྱེད་པའི་དོན་དུའོ། །ཀུ་རུ་ཀུལླེ་ཞེས་པ་ནི་ལྷ་མོ་སྒྲོལ་མ་སྐུ་གཞན་དུ་འབྱུང་

བའོ། །དེའི་སྔགས་དེ་ཡང་ཁྱད་པར་དུ་དབང་བྱེད་པའོ། །རེངས་པར་བྱེད་པ་ལ་སོགས་པ་འདི་དག་ཉིད་བཟླས་པ་དང་། སྦྱིན་སྲེག་དང་། འཁྲུལ་འཁོར་ལ་སོགས་པའི་སྦྱོར་བ་རྣམས་ཀྱི་ཇི་ལྟར་རིགས་པར་བྱའོ། །རབ་ཏུ་སྦྱོར་བ་དེ་རྣམས་ཀྱང་དཔལ་གསང་བ་འདུས་པ་དང་དཔལ་རྡོ་རྗེ་མཁའ་

འགྲོ་ལ་སོགས་པར་བལྟའོ། །རྒྱུད་འདིར་ནི་རྣལ་འབྱོར་གཙོ་ཆེར་བྱེད་པ་ཡིན་པས་ལས་ཀྱི་ཚོགས་རྒྱས་པར་མེད་དོ། །རྒྱུད་གཞན་ལས་རྙེད་སླ་བ་ཉིད་ཀྱིས་བདག་གིས་ཀྱང་འདིར་མ་བཤད་དོ། །ཨ་ཕུ་ཞེས་བྱ་བ་ནི་ཡི་གེ་འདི་གཉིས་ཡིད་ཀྱིས་དམིགས་ལ་དེ་ཡོངས་སུ་གྱུར་པ་ལས་མཐའ་ཡས་

བསྒོམ་ཞེས་བྱ་བའི་དོན་ཏོ། །མཐའ་ཡས་ཀྱི་གཟུགས་བརྙན་བྱ་ཞེས་པ་ནི་ས་དེ་ཉིད་ལས་ཀླུའི་རྒྱལ་པོ་མཐའ་ཡས་ཀྱི་གཟུགས་བརྙན་བྱ་ཞེས་བྱ་བའི་དོན་ཏོ། །དགང་བར་བྱ་ཞེས་པ་ནི་མཐའ་ཡས་སོ། །དཀྲི་བར་བྱ་ཞེས་པ་ཁམ་བོར་ཁ་སྦྱོར་རོ། །རྫིང་བུ་བྱ་ཞེས་པ་ནི་བརྐོས་ཏེ་ཆུས་དགང་བར་བྱའོ། །

གཞག་པར་བྱ་ཞེས་པ་ནི་གང་དུ་ཞེ་ན་ཆུ་དེ་ཉིད་ཀྱི་དབུས་སུའོ། །མཐའ་ཡས་མནན་པ་ནི་ཞེས་པ་ནི་གང་གིས་མཐའ་ཡས་མནན་པ་དེ་ལ་དེ་སྐད་ཅེས་བྱའོ། །དྲེགས་ཤིང་ཞེས་པ་ནི་ང་རྒྱལ་དང་བཅས་པའོ། །ཁྲོས་པ་ནི་ཁྲོ་བ་དང་ལྡན་པས་སོ། །སེམས་ནི་བསམ་པའོ། །དེ་དག་ཀྱང་ཨྃ་ཞེས་བྱ་བ་

Vol. 4 · folio 237a

ལ་སོགས་པ་སྟེ། རྒྱུད་འདིར་གྷུ་རུ་ལ་སོགས་པ་དྲུག་ལན་གཉིས་གཉིས་སུ་བརྗོད་དོ། །ཨ་ནནྟ་ཀློ་བྷ་ཀ་རཱ་ཡ་ནཱ་གཱ་ཏི་པ་ཏ་ཡེ་ཞེས་པ་ནི་བོད་པའི་བཞི་པའོ། །ཧེ་ཞེས་བྱ་བ་ནི་སྤྱན་དྲང་བའོ། །ཧེ་རུ་ཀ་ཞེས་པ་མིང་ངོ་། །འདིར་ཧེ་རུ་ཀའི་སྒྲ་ཡོད་པ་མ་ཡིན་ཏེ། ཧེ་དང་རུ་

གཉིས་ལན་གཉིས་སུ་བྱའོ་ཞེས་གཞན་ན་རེ་ཟེར་རོ། །ཕུཿནི་ལན་བརྒྱད་བརྗོད་པར་བྱའོ། །ཧཱུཾ་ནི་ལན་གསུམ་མོ། །སྔགས་འདི་བཟློག་སྟེ་བཟླས་སོ་ཞེས་པ་ནི་སྭཱ་ཧཱ་ཕཊ་ཧཱུཾ་ཧཱུཾ་ཧཱུཾ། གྷུ་ཊུ་གྷུ་ཊུ། གྷུ་རུ་གྷུ་རུ། ཨོཾ་ཞེས་བྱ་བའི་བར་དུའོ། །ཨ་ར་ཛ་ག་ཞེས་བྱ་བ་ནི་པ་ན་སའོ། །དེས་ཞེས་པ་ནི་རྡོ་

རྒྱུས་སོ། །བསྒྲུབ་པར་བྱ་ཞེས་པ་ནི་བསྒྲུབ་པར་བྱའོ། །བསྐོར་བར་བྱ་ཞེས་པ་ནི་རྡོ་རྒྱུས་གྱི་རི་མོས་སོ། །དེའི་ཚེ་འདི་དཔུང་ཐམས་ཅད་ལ་ཞེས་པ་ནི་སྐེ་ལ་སྣང་བར་འགྱུར་རོ། །གཅད་པར་བྱས་ན་ཞེས་པ་ནི་བུམ་པའི་སྐེའོ། །ཚངས་པ་ནི་ཤིང་པཱ་ལ་ཤའོ། །རྒྱལ་ལ་བསྒྲུབ་ཅེས་པ་ནི་རྒྱལ་ལ་

བླངས་པའོ། །འདུས་བྱས་པ་ནི་མངོན་པར་འདུ་བྱ་བའོ། །སྐྱུག་པར་འདོད་ན་ཞེས་པ་ནི་སྐྱུག་པར་བྱེད་འདོད་པའོ། །བལྟ་ཞེས་པ་ནི་བསྒོམ་པར་བྱ་བའི་དོན་ཏོ། །བུད་མེད་དབང་དུ་བྱ་བར་འདོད་ན་ཞེས་པ་ནི་དང་པོའི་དོན་ལ་བཞི་པའོ། །ཐིག་ལེ་བྱ་སྟེ་ཞེས་པ་ནི་དཔྲལ་བར་བྱས་ན་ཞེས་བྱ་

བའི་དོན་ཏོ། །ཡང་དག་པར་གནས་ཞེས་པ་ནི་མི་གཡོ་བའོ། །ཇི་ལྟར་མི་གཡོ་བ་ཞེ་ན། རེངས་པར་བྱེད་པའི་ཆོ་ག་སྟེ་བརྒྱ་རྩ་བརྒྱད་བཟླས་པའམ་སྟོང་རྩ་བརྒྱད་བཟླས་པས་སོ། །མཚན་མོའི་དུས་ལ་ཞེས་པ་ནི་དེ་ལ་བཅུ་གསུམ་མམ་བདུན་པའི་ཉི་མ་ནུབ་ནས་བྱའོ། །རེངས་པ་ལ་སོགས་པའི་

ཆོ་ག་ལ་གཙོ་བོར་གྱུར་པས་ལྷ་མོ་བདུན་གྱི་རྣལ་འབྱོར་གསུངས་པ། རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པ་ལ་དྲུག་པ་མི་མངོན་པར་བྱས་པའོ། །བདག་མེད་མ་ཞེས་པ་ནི་བདག་མེད་མས་བྱའོ། །སྔགས་གསལ་བར་བྱེད་པའི་ལེའུ་ནི་སྔགས་ཀྱི་ལེའུའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་

ཏིག་ཕྲེང་བ་ལས་ལེའུ་གཉིས་པའི་བཤད་པའོ།། །།ལྷའི་ལེའུ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་དང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཏེ་ལྷ་དེ་རྣམས་ཀྱི་ལེའུའོ། །ཇི་ལྟར་དེ་རྣམས་ཀྱི་ཡིན་ཞེ་ན། །ཇི་ལྟ་བཞིན་དུ་དགྱེས་པའི་རྡོ་རྗེ་བསྐྱེད་པའི་རྣལ་འབྱོར་གོང་ནས་གོང་དུ་རྒྱ་ཆེར་འདི་ལས་དངོས་སུ་

Vol. 4 · folio 237b

བསྟན་པ་དེ་ཉིད་ཀྱིས་ལྷ་མོའི་སྦྱོར་བ་རྣམས་ཀྱང་ཡང་དག་པར་སྟོན་པས་སོ། །དེ་ལ་དང་པོ་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་གྱི་དབང་དུ་བྱས་ཏེ་གསུངས་པ། དང་པོར་ཞེས་བྱ་བ་ལ་སོགས་པའོ། །དང་པོར་ཞེས་བྱ་བ་ནི་སྙིང་རྗེ་ལ་སོགས་པ་ལ་ལྟོས་པས་དང་པོ་ཉིད་དོ། །ཀུན་གྱི་ཐོག་མར་གནས་དང་

བདག་ཉིད་བསྲུང་བར་བྱས་ནས་བསམ་གཏན་གྱི་ཁང་པར་ཞུགས་ཏེ་སྟན་བདེ་བ་ལ་འདུག་ལ་བྲིས་སྐུ་ལ་སོགས་པའི་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བྱས་ལ་དེ་ལ་མཆོད་པ་བྱས་ནས་ཨརྒྷཾ་ལ་བཟླས་པ་བྱས་ཏེ། སྐྱིལ་མོ་ཀྲུང་བཅས་ཏེ་དྲན་པ་མངོན་དུ་བཞག་ནས་སྡིག་པ་བཤགས་པ་དང་། བསོད་

ནམས་ཀྱི་རྗེས་སུ་ཡི་རང་བ་དང་སྐྱབས་སུ་གསོལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེ་ནས་བྱམས་པ་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་ལ་བདེ་བ་དམ་པ་ཐོབ་པར་འདུན་པ་ནི་བྱམས་པ་སྟེ་སྐད་ཅིག་དང་པོ་ལ་བསྒོམ་པར་བྱའོ། །སྐད་ཅིག་གཉིས་པ་ལ་སྙིང་རྗེ་བསྒོམ་པར་བྱ་བ་ནི་དེ་

རྣམས་ཉིད་ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བསྒོམ་མོ། །གསུམ་པ་ལ་དགའ་བ་ནི་དེ་རྣམས་ཉིད་ལ་བདེ་བ་ཐོབ་པ་རྣམས་འཁོར་བ་ཇི་སྲིད་བར་དུ་མི་འབྲལ་བར་བསྒོམ་པར་བྱའོ། །ཀུན་གྱི་མཐར་ནི་བཏང་སྙོམས་ཏེ། དེ་རྣམས་ཉིད་ལ་ཉོན་མོངས་པ་ལ་སོགས་པའི་མི་དགེ་བའི་ཕྱོགས་ཐམས་

ཅད་ཟད་པར་བྱ་བའི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཕྱོགས་མ་ལུས་པ་ཉེ་བར་གཏོད་པར་བྱེད་པ་བསྒོམ་པར་བྱའོ། །དེ་ལྟར་ཚད་མེད་པ་བཞི་པོ་འདི་རྣམས་བསྒོམ་པར་བྱའོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དགེ་བའི་རྩ་བ་ཐམས་ཅད་བརྟན་པར་བྱ་

བའི་དོན་དང་། གནོད་སེམས་དང་རྣམ་པར་འཚེ་བ་ལ་སོགས་པའི་སྐབས་མི་དབྱེ་བའི་ཕྱིར་དང་། ངན་འགྲོའི་སྡུག་བསྔལ་དང་བདུད་དང་ཐེག་པ་དམན་པ་ལས་བདག་ཉིད་བསྲུང་པའི་དོན་དུ་འདི་དག་ནི་རྣལ་འབྱོར་པ་རྣམས་ཀྱི་དང་པོའི་ཡན་ལག་ཏེ་རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་ངོ་། །རྣལ་འབྱོར་

དང་པོའི་ལུས་ནི་རྡོ་རྗེ་བཞི་སྟེ། དེ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །དེ་ནས་ཡང་ཞེས་པ་ནི་དེ་ནས་ཡང་ཕྱིར་བསྒོམ་པར་བྱ་བ་ཞེས་བྱ་བར་སྦྱོར་རོ། །ཅི་བསྒོམ་པར་བྱ་སྙམ་པ་ལ་གསུངས་པ། སྟོང་པའི་བྱང་ཆུབ་ཅེས་པ་ལ་སོགས་པའོ། །རྣམ་པར་རིག་པ་ཙམ་གྱི་མཚན་ཉིད་དང་

Vol. 4 · folio 238a

བཞིན་སྣ་ཚོགས་པ་དེ་ཉིད་གཟུང་བ་དང་འཛིན་པ་གཉིས་མེད་པ་ཉིད་སྟོང་པ་ཉིད་དོ། །དེའི་བྱང་ཆུབ་ནི་མ་འཁྲུལ་པ་སྣང་བ་སྟེ། སྟོང་པའི་བྱང་ཆུབ་དེ་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་པར་བྱ་ཞེ་ན། འདི་ལ་གཟུང་བ་དང་འཛིན་པ་དཔྱད་བཟོད་པ་ཅུང་ཟད་ཙམ་ཡང་

ཡོད་པ་མ་ཡིན་ཏེ། གཅིག་ཏུ་ཡོད་པ་མ་ཡིན་པ་གཉིས་སུ་མེད་པ་ལས་གཉིས་སུ་སྣང་བ་ཉིད་ཀྱིས་རང་གི་སེམས་འཁྲུལ་བ་འདི་ཉིད་ཀྱིས་སྣ་ཚོགས་པར་སྣང་བ་སྐྱེད་དེ། རྨི་ལམ་ལ་སོགས་པ་བཞིན་དུ་རྣམ་པར་བསམ་མོ། །རང་གི་སེམས་སྣ་ཚོགས་པ་སྣང་བ་དེ་ཉིད་ཀྱིས་འཁྲུལ་པའི་མཚན་མ་གཉིས་

སུ་སྣང་བ་བསལ་ལ། ཤེལ་དག་པ་ལྟ་བུར་གསལ་བ་ཙམ་མཐའ་ཡས་ཤིང་གཉིས་སུ་མེད་པར་བལྟའོ། །གཉིས་པ་ལ་ནི་ས་བོན་བསྡུ། །ཞེས་པ་ནི་རང་གི་སེམས་མཐའ་ཡས་པ་དེ་ཉིད་གཉིས་སུ་མེད་པར་སྙིང་གར་བསྡུས་ནས་ཉི་མ་ཤར་བའི་དཀྱིལ་འཁོར་ལྟ་བུར་གྱུར་པར་བལྟའོ། །དེའི་སྟེང་དུ་ཧཱུཾ་འོད་

ཟེར་འབར་བའི་ཕྲེང་བ་ཅན་གྱི་ས་བོན་བསམས་ཏེ། ས་བོན་དེ་ལས་རྡོ་རྗེ་མ་དང་། གཽ་རཱི་ལ་སོགས་པ་མཐའ་ཡས་པར་སྤྲོ་བར་བྱས་ནས་དེ་རྣམས་ས་བོན་དེ་ཉིད་ལ་བསྡུས་པ་ནི་ས་བོན་བསྡུས་པ་སྟེ་དེ་བསྒོམ་མོ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། ཞེས་པ་ནི་ས་བོན་དེ་ཉིད་ཀྱིས་དགྱེས་པའི་རྡོ་རྗེའི་སྐུ་རང་གི་

ལུས་པདྨ་ཆེན་པོའི་ལྟེ་བ་ལ་བཞུགས་པ་རོའི་སྙིང་གར་ཉི་མའི་ཐོག་ཏུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་དང་ལྡན་པས་སྐུ་རྫོགས་པ་དེ་བསྒོམ་མོ་ཞེས་པའི་དོན་ཏོ། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་པ་དེ་ནས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ། སྙིང་གའི་

ཉི་མ་ལ་གནས་པའི་ས་བོན་གྱི་ཡི་གེ་ལས་རང་གི་ལྷའི་རྣམ་པའི་སེམས་ཀྱི་རང་བཞིན་གྱིས་རྫོགས་པ་རང་གི་སེམས་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །འདིར་ཡང་གཉིས་པ་ལ་ཞེས་བྱ་བ་ལ་སོགས་པའི་བྱ་བས་ཁྱད་པར་དུ་བྱེད་པའོ། །རྣལ་འབྱོར་གཉིས་པའི་དབང་དུ་བྱས་ཏེ་གསུངས་པ། ར་ལས་ཞེས་

བྱ་བ་ལ་སོགས་པའོ། །འདིར་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་མཐར་ཐུག་པའི་ཡན་ལག་རྫོགས་པར་བྱ་བ་ནི་སྔ་མ་བཞིན་ནོ། །ལྷག་པར་ར་ལས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ་དེ་ལ་བྱམས་པ་ལ་སོགས་པ་བསྒོམ་པ་ནི་བསྲུང་བ་དང་པོའོ། །སྟོང་པ་ཉིད་ཀྱི་བྱང་ཆུབ་ནི་

Vol. 4 · folio 238b

གཉིས་པའོ། །བསྲུང་བ་གསུམ་པར་ལས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གསུངས་པ་འདིའི་དོན་ནི་མདུན་དུ་མེའི་མདོག་དང་ལྡན་པའི་ར་ལས་ཉི་མའི་དཀྱིལ་འཁོར་བསམ་མོ། །དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྣམ་པར་བསམ་ལ་དེའི་འོག་ལས་རྡོ་རྗེ་ཕྲ་མོ་སྤྲོས་པ་རྣམས་ཀྱིས་ཕྱོགས་བཞིར་

སོང་པ་རྣམས་ལས་ཤིན་ཏུ་འཁྲིགས་པའི་ར་བ་བསྒོམ་པར་བྱའོ། །སྟེང་དུ་སོང་བ་རྣམས་ཀྱིས་ར་བའི་ཐོག་ཏུ་དྲ་བའོ། །དེ་དག་ལས་ཡང་སྤྲོས་པ་རྣམས་ཀྱིས་མཚམས་བཅིང་ངོ་། །ཡང་གི་དོན་ནི་འོག་ཏུ་སོང་བ་རྣམས་ཀྱིས་རྡོ་རྗེའི་རང་བཞིན་གྱི་ས་འོག་གི་མཐར་ཐུག་པའོ། །ཉི་མ་དང་སྣ་ཚོགས་རྡོ་རྗེ་

དག་འོག་ཏུ་གྱུར་ནས་ཀུན་ཏུ་ཁྱབ་པས་དེ་ཐམས་ཅད་བརྟན་པར་བྱ་བ་ཡིན་ནོ། །དེ་ནས་ཅི་ཞིག་བྱ་སྙམས་པ་ལས་གསུངས་པ། དང་པོར་ཞེས་པ་ནི་རྣལ་འབྱོར་གྱི་ལུས་ཀྱི་སྔོན་དུ་ཞེས་བྱ་བའི་དོན་ཏོ། །རོ་བསྒོམ་ཞེས་པ་ནི་ར་བ་བཞིའི་དབུས་སུ་རྡོ་རྗེའི་རང་བཞིན་གྱི་སའི་སྟེང་དུ་པདྨ་འདབ་མ་བརྒྱད་

པ་གྱེན་དུ་འཕགས་ཤིང་ཤིན་ཏུ་རྒྱ་ཆེ་བའི་ལྟ་བ་ལ་རོ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདིར་བཅོམ་ལྡན་འདས་ཀྱི་གདན་དུ་བྱ་སྙམ་པ་ལ་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཅན། །ཞེས་པ་སྟེ་རོ་ནི་བདག་མེད་པ་སྟེ། རོ་ནི་བདག་མེད་པ་ཡང་ཆོས་ཀྱི་དབྱིངས་ཡིན་ལ་ཆོས་

ཀྱི་དབྱིངས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་བཅོམ་ལྡན་འདས་ཏེ། དེ་བས་ན་འདིར་བཅོམ་ལྡན་འདས་ཀྱི་གདན་ནོ་ཞེས་དགོངས་སོ། །སྟེང་དུ་གནས་ཞེས་པ་ནི་བདག་ཉིད་གནས་པར་ལྷག་པར་མོས་པ་སྐྱེད་དེ། བྱང་ཆུབ་ཆེན་པོའི་སེམས་ཀྱི་རང་

བཞིན་ཉིད་དུ་ལྷག་པར་མོས་པར་བྱའོ། །འདི་ནི་རྣལ་འབྱོར་གྱི་ཡན་ལག་གོ། །འདི་ནི་རྣལ་འབྱོར་གྱི་ལུས་ནི་ཉི་མ་དང་རྡོ་རྗེ་ལ་སོགས་པའི་རིམ་པ་སྟེ། དེ་ཉིད་ཀྱི་གནས་སྐབས་ནི་ཧེ་རུ་ཀ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀའི་བདག་ཉིད་དེ་ཇི་ལྟར་བསྒོམ་པར་བྱ་སྙམ་པ་ལ། རང་ཉིད་ཅེས་བྱ་

བ་ལ་སོགས་པ་གསུངས་སོ། །ཧཱུཾ་ཞེས་བྱ་བ་ནི་ཧཱུཾ་ངོ་། །ཐབས་དང་ཤེས་རབ་རང་བཞིན་ཅན། །ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་དོ། །རྡོ་རྗེ་བྱུང་ཞེས་བྱ་བ་ནི་ཧཱུཾ་ལས་རྡོ་རྗེ་བསྐྱེད་པའོ། །ལྟེ་བ་ནི་དབུས་སོ། །དེ་ཉིད་ནི་ཧཱུཾ་ངོ་། །ཧཱུཾ་དེར་གྱུར་པ་

Vol. 4 · folio 239a

ལས་ཞེས་པ་ནི་གྱུར་པའོ། །རྡོ་རྗེ་ལས་སྐྱེས་ཞེས་པ་ནི་དགྱེས་པའི་རྡོ་རྗེའོ། །བལྟས་ཞེས་པ་ནི་བསྒོམ་པར་བྱ་བ་སྟེ། སེམས་སྐད་ཅིག་མ་དང་པོས་བལྟས་ལ་ཕྱི་ནས་ཀྱི་སྐད་ཅིག་གིས་རིམ་གྱིས་བསྒོམ་པའོ། །ཞེ་སྡང་བདག་ཉིད་ཅེས་པ་ནི་གདུག་པ་ཅན་གྱི་སྐྱོན་རྣམས་

གཞོམ་པའི་ཕྱིར་ཁྲོ་བའི་ཞལ་དུ་བཅོས་པའོ། །དེ་ཉིད་ཀྱིས་ནག་པོ་ཆེན་པོ་ནི་ཤིན་ཏུ་གནག་པའོ། །འདམ་སྐྱེས་ནི་ཨུཏྤ་ལའོ། །སྔོན་དམར་སྣང་ཞེས་པ་ནི་སྔོན་དམར་གྱི་མདོག་གོ། །ཐུགས་རྗེ་ཆེན་པོ་ཆགས་པས་ཡང་དག་པར་སྟོན་པའི་དོན་ཏོ། །དད་པ་ཞེས་པ་འདོད་པས་སོ། །གལ་ཏེ་སྔོན་

པོར་འདོད་ན་སྔོན་པོ་ཉིད་དུ་བསྒོམ་ལ། སྔོན་དམར་དུ་འདོད་ན་དེའི་ཚེ་དེ་ཉིད་དོ། །རྣལ་འབྱོར་གསུམ་པའི་དབང་དུ་བྱས་ཏེ། གསུངས་པ་ནམ་མཁའ་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་གཉིས་པའི་ཡན་ལག་དེ་བཞིན་དུ་གསུམ་ལའོ། །ལྷག་པར་བྱ་བ་འདི་དག་སྟེ། ནམ་མཁར་ཞེས་བྱ་བ་ལ་སོགས་

པ་དེ་ཡང་ཤློ་ཀ་ཕྱེད་དང་བཞིས་གསུངས་སོ། །བསམ་གཏན་གྱི་ཁང་པར་འདུག་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་སམ། མ་བྱས་ན་ཡང་སྐྱིལ་མོ་ཀྲུང་བཅས་ཏེ་མཉམ་པར་གཞག་པའི་ཡིད་ཀྱིས་བཅོམ་ལྡན་འདས་རྣམས་ནམ་མཁའ་ལ་དམིགས་ཏེ་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ། །རི་

དགས་མཚན་མ་ནི་ཟླ་བའོ། །ཉི་མ་ནི་ཁྲག་གོ། །རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །རོ་ནི་ཆང་ངོ་། །གཡུང་མོ་ཞེས་བྱ་བ་ལ་ཇི་ལྟར་མཆོད་ཅེ་ན། མགུལ་ནས་འཁྱུད་པའོ། །དེ་ལྟར་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་སྡིག་པ་བཤགས་པ་ལ་སོགས་པ་ནས་བདག་ཉིད་རོའི་གདན་ལ་འདུག་

པར་མོས་པའི་མཐར་ཐུག་པར་རྣལ་འབྱོར་གྱི་ཡན་ལག་ཐམས་ཅད་རྣལ་འབྱོར་གཉིས་པ་བཞིན་བྱའོ། །རྣལ་འབྱོར་གྱི་ལུས་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཡིན་པས་དེ་གསུངས་པ། ཨཱ་ལི་ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཨ་ལ་སོགས་པ་ནི་ཨཱ་ལི་སྟེ་ཨཱ་ལིའི་ཕྲེང་བའོ། །ཀ་ལ་སོགས་པ་ནི་

ཀཱ་ལི་སྟེ་ཀཱ་ལིའི་ཕྲེང་བའོ། །རོའི་སྙིང་གར་ཉི་མའི་དབུས་སུ་ཨ་ལ་སོགས་པ་དབྱངས་ཡིག་བཅོ་ལྔའི་ཕྲེང་བ་འོད་དང་བཅས་པའི་དཀྱིལ་འཁོར་དུ་དམིགས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྟོན་ཀའི་ཟླ་བ་ཉ་བའི་གཟུགས་སུ་བསྒོམ་མོ། །དེ་ཟླ་བར་གྱུར་བ་ནི་ཨཱ་ལིས་ཟླ་བ་སྟེ། མེ་ལོང་ལྟ་བུའི་ཡེ་

Vol. 4 · folio 239b

ཤེས་སོ། །དེའི་སྟེང་དུ་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞིའི་ཕྲེང་བ་དེ་བཞིན་དུ་བལྟས་ཏེ་ཉི་མའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ་མོ། །འདི་ནི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མར་གྱུར་པ་འདི་ནི་ཀཱ་ལིས་ཉི་མ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ས་བོན་དབུས་སུ་གནས་གྱུར་པ། །ཞེས་པ་ནི་ཉི་

མའི་དབུས་སུ་གནས་པ་ཉིད་དེ། ཉི་མའི་དབུས་ཀྱི་སྟེང་དུ་ས་བོན་ལས་སྐྱེས་པ་རྡོ་རྗེ་སྔོན་པོ་དེར་གནས་པ་སྟེ། དེའི། ལྟེ་བའི་དབུས་སུ་ས་བོན་གནས། །ཞེས་བྱ་བའི་དོན་ཏོ། །ས་བོན་འདི་ལྟ་བུ་ཧཱུཾ་གི་རྣམ་པར་སེམས་གྱུར་པ་དེ་ཉིད་སེམས་དཔའ་ཞེས་བརྗོད་དེ་ཞེས་བྱ་བ་ནི་ས་བོན་དུ་སྐྱེས་པ་དེ་ཉིད་རྡོ་རྗེ་སེམས་

དཔའ་ཞེས་གསུངས་པའོ། །ཇི་ལྟ་བུ་ཞེ་ན། མཆོག་ཏུ་དགའ་བའི་རང་བཞིན་ཅན་ཏེ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །ཨཱ་ལི་ཟླ་བ་དང་ཀཱ་ལི་ཉི་མའི་སྦྱོར་བ་ལས་བྱུང་བ་བདེ་བ་ཆེན་པོའི་རང་བཞིན་གྱི་དབྱེ་བ་རྣམ་པ་གསུམ་སྟེ། སྦྱོར་བ་དང་དངོས་དང་མཇུག་གོ། །འདི་ནི་སོ་སོར་རྟོག་པའི་ཡེ་ཤེས་

སོ། །རྣམ་པར་སྤྲོ་བ་ཞེས་པ་ནི་རང་གི་ས་བོན་དེ་ཉིད་ལས་སོ། །ཅི་སྤྲོ་ཞེས་པ་ནི་རང་གི་སྐུ་འདྲ་ཞེས་པ་སྟེ་དགྱེས་པའི་རྡོ་རྗེའི་སྐུ་ལྟ་བུ་སྟེ། སྔགས་ཀྱི་ལྷ་ཐམས་ཅད་མདོར་བསྡུས་པ་མདོག་སྔོན་པོ་ཁྲོ་བོའི་ཉམས་དང་ལྡན་པའི་རྣལ་འབྱོར་མ་བཅོ་ལྔའི་གཟུགས་ཀྱི་སྐུ་འགྲོ་བ་ཐམས་ཅད་འདུལ་བའི་

ཐབས་སུ་གྱུར་པ་ནམ་མཁའི་དཀྱིལ་འཁོར་བརྒྱན་ཅིང་ཁེབས་པའོ། །སྙིང་གར་བསྡུ་བར་བྱ་ཞེས་པ་ནི་ལྷའི་སྐུ་དེ་དག་ཐམས་ཅད་ས་བོན་དེ་ཉིད་ལ་བསྡུ་ཞིང་གཞུག་པར་བྱའོ། །འདི་དག་ཐམས་ཅད་རང་གི་སྔགས་ཀྱི་ས་བོན་ལ་གཅིག་ཏུ་གྱུར་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནས། རྣལ་འབྱོར་

ཞེ་སྡང་བདག་ཉིད་གྱུར། །ཞེས་པ་ནི་ཟླ་བ་དང་། ཉི་མ་དང་རྡོ་རྗེ་དང་། ས་བོན་ཡོངས་སུ་གྱུར་ནས་དགྱེས་པའི་རྡོ་རྗེའི་སྐུ་འཆད་པར་འགྱུར་བའི་ཁ་དོག་དང་ཆ་བྱད་དང་ཉམས་དང་མཚན་མ་ལ་སོགས་པ་ལྡན་པ་འདི་དག་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། རྟེན་གནས་གྱུར་པ་

ཁྱད་པར་ཅན་གྱི་ངོ་བོར་བྱང་ཆུབ་ཆེན་པོ་རྙེད་པའོ། །དེ་ལྟར་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔས་མངོན་པར་བྱང་ཆུབ་པ་ནི་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའོ། །དེ་ལྟར་ལེའུ་བརྒྱད་པ་ལས་འཆད་པར་འགྱུར་ཏེ། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །རྟ་བདུན་པ་ནི་མཉམ་པ་ཉིད། །རང་ལྷའི་

Vol. 4 · folio 240a

ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་ཡིན་ཞེས་བཤད། །ཐམས་ཅད་གཅིག་གྱུར་བྱ་ནན་ཏན། །རྫོགས་པ་ཆོས་དབྱིངས་དག་པ་ཉིད། །མཁས་པས་རྣམ་པ་ལྔ་པོ་ནི། །བསྒོམ་པར་བྱ་བ་གསུངས་པའོ། །ཞེས་སོ། །ཞེ་སྡང་བདག་ཉིད་འགྱུར་ཞེས་

གསུངས་པ་ལ་ཞེ་སྡང་ནི་དགྱེས་པའི་རྡོ་རྗེའོ། །ཇི་ལྟ་བུ་ཞེ་ན། སྔོ་ཞིང་དམར་བར་སྣང་བའི་མདོག །ནག་པོ་ཆེན་པོའམ་ཞེས་པ་ཚིག་ལྷག་མའོ། །བནྡུ་དམར་པོ་ཞེས་པ་ནི་སྤྱན་དམར་བ་སྟེ། དེ་བནྡུ་དམར་པོའི་སྤྱན་ཅན་ནོ། །དབུ་སྐྲའི་ཚོགས་དམར་སེར་གྱེན་དུ་བརྫེས་པ་ནི་སྐྲ་དམར་སེར་གྱེན་དུ་བརྫེས་

པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ལྔས་ཞེས་པ་ནི་ཕྱག་རྒྱའི་རྒྱན་རྣམས་ཀྱིས་སོ། །རྡོ་རྗེས་མཚན་པའི་ཐོད་པ་ནི་རྡོ་རྗེའི་ཐོད་པའོ། །འཛིན་པར་བྱེད་ཅེས་པ་ནི་ཚིག་གི་ལྷག་མའོ། །བརྗོད་པའི་བདག་ཉིད་ཅན་ཞེས་པ་ནི་བརྗོད་པའི་ཚུལ་ལོ། །འདི་གསུམ་གྱིས་ནི་དཔའ་བོ་གཅིག་པུའི་སྦྱོར་བ་བསྟན་ཏོ། །

རྣལ་འབྱོར་བཞི་པའི་དབང་དུ་བྱས་ཏེ་གསུངས་པ། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་གྱི་གནས་སྐབས་ལྔ་སྟེ། ཞི་གནས་དང་ལྷག་མཐོང་དང་གཉི་ག་གོམས་པ་དང་། གཉི་ག་ལ་མངོན་པར་དགའ་བ་ནི་ལྟ་བ་སྟེ་མངོན་པར་དགའ་བ་འདིའི་ཕྱག་རྒྱ་ནི་རྣམ་པར་གཡེང་བར་མི་འགྱུར་བར་རོལ་པའོ། །དེ་

བས་ན་གསུངས་པ་རོལ་པ་ཞེས་པའོ། །བརྒྱད་ནི་གཽ་རཱི་ལ་སོགས་པའོ། །ཇི་ལྟར་རྣལ་འབྱོར་གསུམ་པའི་ཡན་ལག་དེ་བཞིན་དུ་བཞི་པ་ལ་ཡང་ངོ་། །རྣལ་འབྱོར་གྱི་ལུས་ནི་ར་བ་བཞིའི་ནང་དུར་ཁྲོད་བརྒྱད་ལ་སོགས་པ་ཕྱོགས་དང་ཕྱོགས་མཚམས་སུ་བསམས་ནས། དེ་རྣམས་ཀྱི་དབུས་སུ་འཆད་པར་

འགྱུར་བའི་གནས་ཀྱི་དཀྱིལ་འཁོར་གཉིས་རིམ་བསྒོམ་པར་བྱས་ལ་དེའི་དབུས་སུ་དཔལ་ཧེ་རུ་ཀ་ཕྱག་བཅུ་དྲུག་པའི་ཏིང་ངེ་འཛིན་གསུམ་འཆད་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཕྱག་གཉིས་པ་བསྒོམ་པར་བྱའོ། །དེ་འདིར་རྣལ་འབྱོར་མ་བརྒྱད་ཀྱིས་བསྐོར་བ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བཞི་པ་ཡིན་གྱི་དཔའ་

བོ་གཅིག་པུ་བ་ནི་མ་ཡིན་ནོ། །དེ་ཡང་ཅིའི་ཕྱིར་དུ་དུར་ཁྲོད་དུ་རོལ་ཞེ་ན། གསུངས་པ་དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། ཚིག་གཅིག་བསྟན་པས་ཚིག་གཞན་ལ་འཇུག་པ་སྟེ། དཔེར་ན་འཇིགས་བྱེད་ཅེས་བྱ་བས་འཇིགས་བྱེད་ཀྱི་སྡེ་དང་། མེད་སྨོས་ན་འཆི་མེད། ཨུ་སྨོས་ན་ཨུ་མི་བདག་པོ་

Vol. 4 · folio 240b

ཞེས་པ་དེ་བཞིན་དུ་དེ་ལྟར་འདིར་ཡང་ས་ནི་ཤྭ་བ་སྟེ་རོའོ། །ས་ཏི་ནི་པ་ས་ཏི་སྟེ་གནས་སོ། །དེས་ན་ཤྭ་ས་ཏི་སྟེ་རོའི་གནས་སོ། །དེ་ལྟར་དོན་སྦྱར་བས་དུར་ཁྲོད་དུ་བརྗོད་དོ། །དུར་ཁྲོད་སྨེ་ཤ་ནི་ཞེས་པ་སྟེ། འདིར་ཤྭ་ས་ཏིའི་ཚིག་གི་དོན་རྣམ་པར་སྦྱར་བས་སོ། །དེ་ལ་ཚིག་རྣམ་པར་སྦྱར་བ་ནི་བ་

སནྟ་སྨིན་ཞེས་པ་ནི་གནས་པར་བྱེད་པ་སྟེ་གནས་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཤྭ་བ་ནཾ་བ་ས་ན་ཞེས་བྱ་བ་ལ། ཚིག་གོང་མ་ལ་འོག་གི་བ་མར་བསྒྱུར་ཏེ་བཏགས་ན་སྨའོ། །ཚིག་ཕྱི་མ་ལ་བ་ཨར་བསྒྱུར་ཏེ་ས་འོག་མ་ལ་བཏགས་ཏེ་ས་རིང་པོར་བྱས་པས་ས་བ་བ་ས་ན་སྨ་ས་ནར་འགྱུར་ཏེ། ཡི་གེ་

རྣམས་རྣམ་པར་བསྒྱུར་བའི་ངེས་པའི་ཚིག་གིས་དེ་རྣམས་ཀྱི་གནས་སུ་བྱ་བ་སྟེ། འཆག་པ་དང་ལངས་པ་དང་ཉལ་བར་བྱེད་པ་དང་། འདུག་པ་སྟེ། མགོ་བཅད་པ་དང་། འགེགས་ཏེ་མཆོང་བ་དང་། འགྱེལ་བ་དང་། གསལ་ཤིང་ལ་བསྐྱོན་པ་ལ་སོགས་པ་གོ་རིམས་བཞིན་ནོ། །ཡང་

གལ་ཏེ་རོའི་གནས་གནས་ཞེས་བྱ་བའི་རིགས་པ་འདིས་དུར་ཁྲོད་ལྟ་ཡིན་མོད། དེ་ལྟར་ན་ཅིའི་ཕྱིར་དེར་རོལ་ཞེ་ན། འདིའི་དགོངས་པ་ནི་ཇི་ལྟར་དུར་ཁྲོད་ཀྱི་བདག་མེད་པའི་སེམས་ཅན་ནོ། །དེ་བཞིན་དུ་ཐམས་ཅད་དུ་ཞེས་པ་བདག་མེད་པའི་སེམས་ཅན་ཐམས་ཅད་གནས་པའི་ཕྱག་རྒྱ་དུར་ཁྲོད་དེ།

སེམས་ཅན་སེམས་ཅན་གྱི་རང་བཞིན་གྱིས་སྟོང་ལ་སེམས་ཅན་གྱི་གནས་ཀྱང་རང་བཞིན་གྱིས་སྟོང་པ་ནི་དུར་ཁྲོད་ཅེས་བྱ་བའི་དོན་ཏོ། །དེ་བས་དེ་ཉིད་དུ་དམིགས་པ་མེད་པས་དམིགས་པའི་སྙིང་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཆེན་པོའི་ཕྱག་རྒྱ་ཆེན་པོ་ནི་སྲིད་པར་བཅོམ་ལྡན་

འདས་རོལ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་རེ་ཞིག་ཕྱག་གཉིས་པའི་དགྱེས་པའི་རྡོ་རྗེའི་རྣལ་འབྱོར་བཞི་གསུངས་ནས། ཕྱག་གཉིས་པའི་ཇི་ལྟ་བ་དེ་བཞིན་དུ་ཕྱག་བཞི་པ་དང་ཕྱག་དྲུག་པ་དང་། ཕྱག་བཅུ་དྲུག་པ་དང་། བདག་མེད་པའི་ཡང་ངོ་། །ལྷག་མ་རྣལ་འབྱོར་མ་བཅུ་བཞི་ནི་སོ་སོར་སྦྱོར་བ་གསུམ་གསུམ་

གྱིས་ཏེ་བཞི་པ་མེད་དོ། །ཐམས་ཅད་གཅིག་དུ་བསྡུས་ན་སྦྱོར་བ་དྲུག་ཅུ་རྩ་གཉིས་སོ། །ཕྱག་བཞི་དགྱེས་པའི་རྡོ་རྗེའི་ཁྱད་པར་སྟོན་པ་གསུངས་པ། ཕྱག་བཞི་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ལ་སོགས་པ་གང་ཡིན་པ་དེ་བསྒོམ་པར་བྱའོ། །དེའི་ཞེས་པ་ནི་དེ་ལ་གང་ཇི་ལྟར་རིགས་པར་

Vol. 4 · folio 241a

ཤུགས་ཀྱིས་ཤེས་པར་བྱེད་དོ། །བདུད་བཞི་ལས་ངེས་པར་རྒྱལ་བ་ལས་ཞེས་པ་ནི་ངེས་པར་རྒྱལ་བས་སོ། །དེའི་རྣམ་པར་དག་པའི་དེ་ཁོ་ན་ཉིད་དེས་རྣམ་པར་དག་པ་དེ་ཉིད་ཀྱིས་ཕྱག་བཞིའོ། །འདི་སྔོན་དུ་གསུངས་པའི་གཟུགས་དང་། ཁ་དོག་ཅན་ཡང་ཡིན་ལ། ཧཱུཾ་ལས་

བྱུང་བ་ཡིན་ནོ། །ཕྱག་དྲུག་པའི་ཁྱད་པར་གསུངས་པ། ཕྱག་དྲུག་པ་ཞེས་བྱ་བ་ལ་སོགས་པའོ། །ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དྲིལ་བུ་ཞེས་པ་ནི་རྡོ་རྗེའི་དྲིལ་བུའོ། །སྙོམས་པར་འཇུག་པ་ཞེས་པ་ནི་དེས་གནས་པ་ཞེས་བྱ་བའི་

ཚིག་གི་ལྷག་མའོ། །གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པ་ཞེས་པ་ནི་དགྱེས་པའི་རྡོ་རྗེ་ལ་འཁྱུད་པའི་ཤེས་རབ་མའོ། །ཁ་ཅིག་ན་རེ་ཕྱག་གཉིས་མའི་ཤེས་རབ་མ་ནི་གཡུང་མོ་ཡིན་པས་དེས་འཁྱུད་པས་སོ། །ཞེས་སྔར་བསྟན་པ་ཉིད་དོ་ཞེས་ཟེར་རོ། །ཡང་དག་ནི་རྒྱུད་འདི་ལ་མཆོད་པའི་

ལྷ་མོ་གཡུང་མོ་སྟེ་ཕྱག་གཉིས་པའི་ཡང་བཙུན་མོ་ནི་བདག་མེད་མའོ། །དཀྱིལ་འཁོར་གདོན་པའི་ལེའུ་ལས་ཕྱག་བཅུ་དྲུག་པའི་དེ་ཉིད་བསྟན་ཏེ། ཕྱག་གཉིས་པ་ལ་ཡང་དེའི་དམིགས་ཀྱིས་དབྱེ་བ་མ་གསུངས་པས་སོ། །ཁམས་གསུམ་བདག་མེད་པའི་ཕྱག་རྒྱ་ནི་རོའོ། །རོ་དེ་མནན་པ་ནི་བཅོམ་

ལྡན་འདས་ཀྱིས་ཁམས་གསུམ་རོ་མནན་པའོ། །དགྱེས་པའི་རྡོ་རྗེ་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་ལེའུ་གསུམ་པའི་བཤད་པའོ།། །།ལྷ་དབང་སྐུར་བའི་ལེའུ་ཞེས་པ་ལ་ལྷ་ནི་དགྱེས་པའི་རྡོ་རྗེ་ལ་སོགས་པ་སྔར་གསུངས་པ་ལས་གང་ཡང་རུང་བ་རིམ་གྱིས་བསྐྱེད་པའོ། །དེའི་དབང་བསྐུར་བ་

ནི་ཡེ་ཤེས་ཀྱི་ཆུས་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་འཁྲུ་བའོ། །དེ་གསལ་བར་བྱེད་པའི་ལེའུ་དང་། རང་གི་སྙིང་གར་ས་བོན་ཞེས་པ་ནི་ལྷའི་གཟུགས་སུ་བསྐྱེད་པ་དེའི་བདག་ཉིད་ཀྱི་ས་བོན་གང་ཉི་མ་ལ་གནས་པའམ་ཉི་མའི་རྡོ་རྗེ་ལ་གནས་པ་དང་། ཟླ་བ་ལ་གནས་པའམ་ཟླ་

བའི་མཚན་མ་ལ་གནས་པ་ཇི་ལྟར་རིགས་པའོ། །ནག་པོ་འབར་བ་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་ཕྱོགས་ལའོ། །ལྷ་མོ་རྣམས་ལ་ནི་ཅི་རིགས་པར་རོ། །མ་མོ་བརྒྱད་ཀྱིས་ཞེས་པ་ནི་གཽ་རཱི་ལ་སོགས་པ་རྣམས་ཀྱིས་སོ། །ཡང་དག་པར་མཆོད་པར་བྱ་ཞེས་པ་ནི་ནམ་མཁའ་ལ་གནས་པའི་སངས་རྒྱས་

Vol. 4 · folio 241b

རྣམས་ལ་མཆོད་པར་བྱའོ། །བསླང་ཞེས་པ་ནི་དེ་རྣམས་ལ་གསོལ་བ་གདབ་པར་བྱའོ། །དེ་ཉིད་གསུངས་བ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་བྱ་བ་ལ་སོགས་པའོ། །ཧེ་རུ་ཀའི་གཟུགས་ཀྱིས་ཞེས་པ་ནི་ཧེ་རུ་ཀའི་གཟུགས་དང་ལྡན་པའོ། །དབང་བསྐུར་བས་ཞེས་པ་ནི་བདུན་པའི་དོན་ལ་དང་པོའོ། །

སྤྱི་བོར་རང་གི་རིགས་ཀྱི་བདག་པོར་འགྱུར། །ཞེས་པ་ནི་སྤྱི་བོར་མི་བསྐྱོད་པ་བསྐྱེད་པར་བྱའོ། །རྫོགས་པ་ནི་དབང་བསྐུར་བས་མཐར་ཕྱིན་པའོ། །དེས་ན་གསུངས་པ། འདི་ཡིན་ཞེས་བྱ་བ་ལ་སོགས་པའོ། །ཐུན་གསུམ་དུ་ཞེས་པ་ནི་མཚམས་གསུམ་ལའོ། །བྱིན་གྱིས་བརླབས་

པར་བསྒོམ་ཞེས་པ་ནི་ནང་པར་གྱི་ཐུན་མཚམས་ལ་རིམ་གྱིས་བསྐྱེད་དོ། །ཉི་མའི་གུང་དང་སྲོད་ཀྱི་མཚམས་སུ་དགྱེས་པའི་རྡོ་རྗེའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ། ལྷག་པར་དམིགས་ནས་དབང་བསྐུར་བར་བསྒོམ་པ་ནི་བྱིན་གྱིས་བརླབས་པར་བསྒོམ་པ་སྟེ། དེ་བྱའོ། །ལངས་ཏེ་ཞེས་པ་

ནི་ལངས་ནས་སུའོ། །ཅི་བྱ་སྙམ་པ་ལ། ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་ནི་རང་གི་ལྷ་སྟེ། དེ་ཉིད་ཀྱི་གཟུགས་སུའོ། །སྐད་ཅིག་སོ་སོ་ལ་ཡང་དེའི་ལྷག་པར་མོས་པར་བྱའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་ལྷ་དབང་བསྐུར་བའི་ལེའུ་སྟེ་བཞི་པའི་

བཤད་པའོ།། །།དེ་ལྟར་ཐུན་མཚམས་རྣམས་སུ་མཉམ་པར་གཞག་པ་དང་། ཐུན་མཚམས་ཀྱི་བར་རྣམས་སུ་མཉམ་པར་མ་གཞག་པའི་ལྷའི་རྣལ་འབྱོར་གཉིས་བསྟན་ནས། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བརྗོད་པར་བྱ་སྟེ། གང་གི་ཕྱིར་གསུམ་པོ་མེད་ན་ཤིན་ཏུ་མྱུར་བར་བྱང་ཆུབ་པ་

མེད་དོ། །དེ་བས་ན་དེ་ཁོ་ན་ཉིད་ཅེས་བྱ་བ་ལ་སོགས་པའོ། །དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ལེའུ་ནི་དེ་ཁོ་ན་ཉིད་ཀྱི་ལེའུའོ། །གཟུགས་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །དེ་མེད་པ་ནི་ཡོད་པ་མ་ཡིན་པའོ། །ཇི་ལྟར་མེད་ཅེ་ན་རང་བཞིན་གྱིས་ཏེ། གང་དེའི་རང་བཞིན་བྱིས་པས་བརྟགས་

ཞིང་མཐོང་བས་གཟུང་བའི་དངོས་པོར་གྱུར་པ་དེ་མེད་དེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་སོ། །བྱིས་པ་རྣམས་ཀྱི་བློ་འཁྲུལ་བ་འབའ་ཞིག་སྟེ། ཡོད་པ་མ་ཡིན་པར་དེ་དང་དེའི་རྣམ་པར་སྣང་བ་ནི་རྨི་ལམ་ལ་སོགས་པ་ན་གཟུགས་མེད་ཀྱང་གཟུགས་འབའ་ཞིག་ཏུ་སྣང་བ་བཞིན་

Vol. 4 · folio 242a

ནོ། །བལྟ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་བས་ན་གསུངས་པ། བལྟ་བ་མེད་པ་ཞེས་པ་སྟེ་མིག་ལ་སོགས་པའི་བལྟ་བ་དང་། བལྟ་བ་པོ་སྐྱེས་བུ་གཉི་ག་ཡང་རང་བཞིན་གྱིས་མེད་དེ། གང་འདིས་དངོས་པོའི་རང་བཞིན་འཛིན་པར་བྱེད་པ་བྱིས་པ་རྣམས་ཀྱིས་བརྟགས་པ་དེ་མེད་

དོ། །དེ་ལྟར་རིག་པ་ཡང་མེད་པ་དང་། རེག་པ་པོ་ཡང་མེད་དེ་འདིས་ནི་སྐྱེ་མཆེད་བཅུ་པོ་གཟུགས་དང་མིག་ལ་སོགས་པ་དང་། བལྟ་བ་པོ་ལ་སོགས་པའི་གང་ཟག་ཀྱང་མེད་པར་གསུངས་སོ། །སེམས་མེད་ཅེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་སེམས་ཏེ། རྣམ་པར་ཤེས་པར་

བྱེད་པས་ན་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཇི་སྲིད་ཡིད་ཀྱི་རྣམ་པར་ཤེས་པའི་བར་དུའོ། །འདི་རྣམས་ཉིད་འདས་མ་ཐག་པ་ནི་ཡིད་ཀྱི་ཁམས་སོ། །བདུན་པོ་འདི་དག་ནི་རྣམ་པར་ཤེས་པའི་ཁམས་ཏེ་ཡིད་ཀྱི་སྐྱེ་མཆེད་དོ། །

གང་ཡང་རྣམ་པར་ཤེས་པ་དྲུག་པོ་རྣམས་ཀྱིས་རྣམ་པར་ཤེས་པར་བྱེད་པའི་རྣམ་པར་ཤེས་པའོ། །དེ་བས་ན་དེ་ཡང་སེམས་ཀྱི་སྒྲར་གསུངས་སོ། །འཛིན་པར་བྱེད་པའི་མཚན་ཉིད་དེ་གཉིས་ཀ་ཡོད་པ་མ་ཡིན་ཏེ། གཟུང་བའི་རང་བཞིན་མེད་པས་འཛིན་པར་བྱེད་པ་མེད་དེ། ཅིའི་ཕྱིར་ཞེ་ན། །

གཟུང་བ་གཅིག་དང་དུ་མའི་རང་བཞིན་དང་འབྲལ་བ་མེད་པས་སོ། །སྐྱེ་མཆེད་བཅུ་ཆ་ཤས་དང་བཅས་པ་རྣམས་དང་། ཆ་ཤས་མེད་ན་ཡང་རྡུལ་ཕྲ་རབ་ཙམ་དུ་འགྱུར་བའི་ཕྱིར་ཏེ། རགས་པར་སྣང་བ་ནི་མི་རིགས་པས་གཏན་ཚིགས་དེ་ནི་གྲུབ་ཏུ་ཆུག་ན་ཆོས་ཀྱི་སྐྱེ་མཆེད་ཀྱི་རྫས་གང་ཡིན་པ་

གོ་ཆ་ཤས་དང་བྲལ་བས་དེ་རྣམས་ལ་སོ་སོར་སྣང་བའི་རང་བཞིན་དུ་གྲུབ་པ་ལ་གཏན་ཚིགས་དེ་མ་གྲུབ་སྟེ། དེའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་མེད་པ་མ་ཡིན་ནོ་སྙམ་ན། དེའི་ཕྱིར་གསུངས་པ། སེམས་ལས་བྱུང་བ་མེད་ཅེས་པ་ནི་སེམས་ཀྱི་ཡུལ་སེམས་ལས་བྱུང་བའི་ཆོས་ཀྱི་སྐྱེ་མཆེད་དེ། དེ་ཡང་མེད་

དེ། སྐད་གཅིག་མ་མ་ཡིན་པ་རྣམས་ནི་གཞན་དག་ཏུ་བཟློག་ཟིན་ལ། སྐད་ཅིག་མ་རྣམས་ཀྱང་གཟུང་བར་བྱ་བ་མི་རིགས་ཏེ། འདས་པ་དང་མ་འོངས་པ་རྣམས་མེད་པས་སོ། །ད་ལྟར་བྱུང་བ་རྣམས་ལ་བྱེད་པ་མེད་དེ། ཡུལ་གྱི་མཚན་ཉིད་ནི་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་ཚེ་གཉིས་ཀྱི་

Vol. 4 · folio 242b

ཚུལ་གྱིས་སྐྱེ་མཆེད་བཅུ་གཉིས་དང་གང་ཟག་ཀྱང་ཡོད་པ་མ་ཡིན་ན་གང་གི་ཚུལ་གྱིས་ཡོད་ཅེ་ན། གཉིས་སུ་སྣང་བ་དང་ལྡན་པ་འཁྲུལ་པའི་ཚུལ་གྱིས་རྫས་སུ་ཡོད་དེ། དེས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དེ། དེ་ཡང་འདིར་གཉིས་ཀྱི་ཚུལ་གྱིས་སྟོང་པ་ཉིད་གསལ་བ་ཙམ་དང་རྣམ་པར་རིག་པ་ཙམ་ཉིད་

ཀྱིས་ཐམས་ཅད་དུ་རོ་གཅིག་པའོ། །དེས་ན་འདི་རྣམས་དོན་དམ་པ་ཉིད་དུ་ཡོད་པ་སྟེ། གང་གི་ཕྱིར་དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ལ་དོན་ནི་དེའི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་གཉིས་ཀྱིས་ཡང་དག་པར་བསྡུས་པའི་ཚུལ་གྱིས་ཡོད་པ་མ་ཡིན་ནོ་ཞེས་ཡོངས་སུ་ཤེས་པར་བྱ་སྟེ། དེ་དག་ཡོད་

པ་ཉིད་དུ་མངོན་པར་ཞེན་པ་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཉིད་ཡིན་པས་སོ། །གཉིས་སུ་སྣང་བ་དང་ལྡན་པ་འཁྲུལ་པའི་རང་བཞིན་རབ་ཏུ་སྤང་བར་བྱ་སྟེ། སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ནི་འཁྲུལ་བའི་བར་དུ་དབྱེ་བ་ཉིད་ཡིན་པས་སོ། །གཉིས་པོས་སྟོང་པའི་རང་བཞིན་འདི་ནི་མངོན་སུམ་དུ་བྱ་སྟེ།

དེ་མངོན་སུམ་དུ་བྱས་པ་ནི་ཡང་དག་པའི་ཡེ་ཤེས་འཁྲུལ་པ་ཐམས་ཅད་ཀྱི་གཉེན་པོ་ཉིད་ཡིན་པས་རིམ་གྱིས་བདེ་བ་ཆེན་པོའི་ཐར་པ་ཆེན་པོས་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པ་དབང་དུ་བྱེད་པ་ཉིད་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཐར་པ་ཆེན་པོ་དེ་ཡང་དོན་དམ་པ་སྟེ་འབྲས་བུ་དམ་པ་ཉིད་ཡིན་པའི་

ཕྱིར་དང་། ཡང་དག་པའི་ཡེ་ཤེས་འདི་དོན་དུ་གཉེར་བར་བྱ་བའི་དོན་གྱི་དམ་པ་ཡིན་པས་སོ། །འདིས་དེ་བཞིན་ཉིད་ཀྱི་དེ་ཁོ་ན་ཉིད་གསུངས་ནས། རིགས་ཀྱི་དེ་ཁོ་ན་ཉིད་ཀྱི་སྐབས་གསུངས་པ། མ་ཞེས་བྱ་བ་ལ་སོགས་པའོ། །མ་ཞེས་པ་ནི་ཕན་པར་འདོད་པ་ཅན་ནོ། །སྲིང་མོ་ཞེས་བྱ་བ་ནི་

བྱམས་པ་བརྟན་པའོ། །དེ་གཉིས་ནི་རྡོ་རྗེ་སེམས་དཔའི་རིགས་ལ་ཕན་པར་བྱེད་པའོ། །གར་མཁན་མ་ཞེས་པ་ནི་ཤེས་རབ་གསལ་བའོ། །ཁྲུས་མཁན་མ་ཞེས་པ་ནི་དཀར་པོའི་ཆོས་ལ་དགའ་བའོ། །རྡོ་རྗེ་མ་ཞེས་པ་ནི་བསམ་གཏན་ལ་དགའ་བའོ། །གཏུམ་མོ་ཞེས་པ་ནི་ང་རྒྱལ་བཅོམ་པ་དང་

ངང་ཚུལ་ཞི་བའོ། །བྲམ་ཟེ་མོ་ཞེས་པ་ནི་ཁ་ན་མ་ཐོ་བས་འཇིགས་པའོ། །ཤེས་རབ་ནི་བདག་མེད་མ་ལ་སོགས་པ་གང་ཡང་རུང་བའོ། །ཐབས་ནི་དགྱེས་པའི་རྡོ་རྗེའོ། །འདི་གཉིས་ཉིད་ཀྱི་གཟུགས་སུ་ཆོ་གས་བསྐྱེད་དེ། སྐུ་གཉིས་པོ་བལྟ་བ་དང་ཡོངས་སུ་འཁྱུད་པ་དང་སོ་སོར་འབིགས་པ་

Vol. 4 · folio 243a

དང་སྤྱོད་པ་ནི་ཆོ་ག་སྟེ། ཐབས་དང་ཤེས་རབ་ཆོ་གའོ། །དེས་དེ་ཉིད་འདོད་པས་མཆོད་པར་བྱ་ཞེས་པ་ནི་དེ་ཁོ་ན་ཉིད་ཡང་དག་པར་རིག་པར་བྱ་བའི་ཕྱིར་རོ། །འབད་པས་ཞེས་པ་ནི་ནན་ཏན་གྱིས་གསང་བའོ། །འབད་པ་དེ་ཉིད་གསུངས་པ། ཇི་ལྟར་རིག་པར་མི་འགྱུར་བར་ཞེས་

པའོ། །རིག་པ་ནི་རང་ལས་གཞན་པ་རིག་པའི་སྟོབས་ཅན་རྣམས་ཀྱིས་དཔྱོད་པར་རིག་པ་དང་། རང་ངམ་གསང་གཏད་པ་དྲེགས་པ་དང་། ངོམ་པ་དང་ཁྲོས་པས་དེའམ་གཡོག་གིས་གཞན་ལ་གསང་བ་སྨྲས་པས་གསང་གཏམ་ལས་ཉམས་པའོ། །མ་གསང་ན་དམྱལ་བར་ལྟུང་བ་ལ་སོགས་པ་

མ་མཐོང་བའི་སྐྱོན་ནི་རབ་ཏུ་གྲགས་པ་ཉིད་དོ། །མཐོང་བའི་སྐྱོན་ཡང་གསུངས་པ། མ་གསང་ཞེས་བྱ་བ་ལ་སོགས་པའོ། །སྦྲུལ་ལ་སོགས་པ་ཞེས་པ་ནི་སྡུག་བསྔལ་བྱེད་ཅེས་བྱ་བར་སྦྱར་ཏེ། སྦྲུལ་དང་སྟག་ལ་སོགས་པས་སོ། །ས་ལ་རྒྱུ་ནི་ཆད་པས་གཅོད་པར་བྱེད་པ་མི་དང་ཤ་ཟ་ལ་སོགས་

པའོ། །ཕྱག་རྒྱ་ཞེས་པ་ནི་གང་གིས་རྡོ་རྗེ་དང་པདྨ་ལ་སོགས་པ་འདི་དག་གི་རིགས་སུ་མཚོན་པར་བྱེད་པའོ། །དེ་བཞིན་ཉིད་དུ་གཤེགས་ཞེས་པ་ལ། ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་དུ་རོ་གཅིག་པར་བཞུད་པ་སྟེ་ཆོས་ཀྱི་སྐུ་ལ་བཞུགས་པའོ། །དཔལ་ལྡན་ཤེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་

ཀྱི་དབང་ཕྱུག་ཡིན་གྱི། ཉན་ཐོས་ལ་སོགས་པ་ནི་མ་ཡིན་ནོ། །བྱོན་པ་ཞེས་པ་ནི་དེ་བཞིན་ཉིད་དེ་ཉིད་ལས་དེ། དེ་ལས་བྱོན་པ་ནི་དེའི་རྒྱུ་མཐུན་པའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུས་འགྲོ་བའི་དོན་མཛད་པའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་པའི་སྒྲས་ནི་གཅིག་ལུས་པར་བྱས་པ་ཡིན་

ཏེ། ཏ་ཐཱ་ག་ཏའི་ཏ་པར་པ་མི་མངོན་པས་ཡི་གེ་ཕྱིས་པའི་ངེས་ཚིག་ལས་སོ། །དེ་ལྟར་རེ་ཞིག་དེ་བཞིན་གཤེགས་པ་ཐམས་ཅད་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་དེ་རྣམས་ཀྱི་རིགས་ལྔའོ། །འོ་ན་སངས་རྒྱས་ཐམས་ཅད་ཡེ་ཤེས་ལྔ་དང་ལྡན་ན་དེ་ཇི་ལྟར་རིགས་ཀྱི་དབྱེ་བས་དབྱེ་ཞེ་ན། རིགས་དབྱེ་བ་

མེ་ལོང་ལྟ་བུ་ལ་སོགས་པ་རེ་རེ་ཆ་འདྲ་བ་དང་དུ་མའི་ཆ་འདྲ་བ་སེམས་དཔའི་རིགས་དང་དྲུག་སྟེ། ཐོག་མ་མེད་པ་ནས་གྲུབ་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སོ། །དེ་ཉིད་ཀྱིས་གསུངས་པ། རིགས་ནི་རྣམ་པ་དྲུག་དུ་བཤད། །ཅེས་སོ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །ཞེས་པ་ནི་དུ་

Vol. 4 · folio 243b

མའི་ཆ་འདྲ་བ་དྲུག་པ་ལྷག་པར་སྟོབས་དང་ལྡན་པ་ཡིན་པས་བསྡུས་པས་སོ། །རྣམ་པ་གསུམ་ཞེས་པ་ནི། རྣམ་པ་གསུམ་དུ་བྱས་ཏེ་སྐུ་གསུང་ཐུགས་ཀྱི་དབྱེ་བ་ཞེས་གསུངས་པས་རང་གི་ལུས་དང་ངག་ཡིད་རྣམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སུ་ལྷག་པར་མོས་ཤིང་

དེ་ཁོ་ན་ཉིད་དུ་སྦྱོར་བ་སྟེ་གོ་སླ་བ་ཉིད་དོ། །དེ་དག་རིགས་ལྔའི་དབང་དུ་བྱས་ཏེ་གསུངས་པ་རིགས་ཞེས་བྱ་བ་ལ་སོགས་པའོ། །ལྔ་ཞེས་པ་ནི་རང་གི་ལུས་འབྱུང་བ་ལྔ་སྟེ། གང་ལས་དེ་རིགས་ལྔར་བལྟ་བར་བྱ་ཞིང་འབྱུང་བ་ལྔ་ལ་རིགས་ལྔར་ལྷག་པར་མོས་པར་བྱའོ། །ཕུང་པོ་ལྔ་ཡི་རང་བཞིན་ཅན། །

ཞེས་པ་ནི་བདག་ཉིད་ཀྱི་ཕུང་པོ་ལྔ་ལ་ཡང་རིགས་ལྔར་ལྷག་པར་མོས་པར་བྱའོ། །བསྔོས་ཤིང་བགྲངས་པ་ཞེས་པ་ནི་གྲངས་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རེ་རེར་བསྡུས་ཏེ་རིགས་ལྔར་བགྲངས་པ་དེས་ན་ཞེས་བྱ་བའི་དོན་ཏོ། །བདེན་པ་གཉིས་ཀྱི་དབང་དུ་བྱས་ཏེ་གསུངས་

པ། ལྷ་མེད་ཅེས་བྱ་བ་ལ་སོགས་པའོ། །སྒོམ་པ་པོ་མེད་སྒོམ་པ་མེད། །ཅེས་པ་ལ། སྒོམ་པར་བྱེད་པས་བསྒོམ་པ་སྟེ་སྒོམ་པར་བྱེད་པ་པོའོ། །འདི་དག་གཉིས་ཀ་སོ་སོར་བལྟ་བར་མི་བྱའོ། །སྔགས་དང་ལྷ་དག་བདག་ལས་ཐ་དད་པ་མ་ཡིན་ཏེ། སྒོམ་པར་བྱེད་པ་ན་འདི་དག་གསལ་

བའི་རང་བཞིན་ལས་ཐ་དད་པ་མ་ཡིན་ཏེ་དེ་ཁོ་ན་ཉིད་དུ་མོས་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་དང་བདེན་པ་དང་ཡང་དག་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་བས་ན་དེ་ཁོ་ན་ཉིད་ཀྱི་ལེའུ་ལས་བདེན་པ་བརྗོད་པར་བྱ་བ་དེ་ལ་འདིར་ཀུན་རྫོབ་ཀྱི་བདེན་པ་ནི་མཆོག་ཏུ་རྒྱ་ཆེ་བ་སྒྲུབ་པའི་དབང་དུ་

བྱས་ཏེ་གསུངས་པ་ཡིན་ལ། དོན་དམ་པ་ནི་མཆོག་ཏུ་ཟབ་པ་སྒྲུབ་པར་བྱེད་པའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ཏེ། སྔགས་དང་ཞེས་པ་ལ་སོགས་པ་ལ། དེ་ཡང་སྔགས་དང་ལྷ་དག་དོན་དམ་པར་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་སྣང་བ་ལྟར་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེའི་

ཚེ་དོན་དམ་པ་དེ་ཡང་ཇི་ལྟ་བུ་སྙམ་པ་ལ། ཡང་དག་གནས་ཞེས་བྱ་བ་ལ་སོགས་པའོ། །སྤྲོས་པ་དང་ཕྱིན་ཅི་ལོག་དང་། འདིར་འཁྲུལ་བ་ཞེས་བྱ་བ་ནི་དོན་གཅིག་གོ། །དེ་ལ་འཁྲུལ་བ་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པས་ཆོས་ཀྱི་དབྱིངས་སྤྲོས་པ་མེད་པའོ། །དེ་ལ་དམིགས་པའི་ཡང་དག་པའི་

Vol. 4 · folio 244a

ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་ནི་འཁྲུལ་བའི་མཚན་མ་ཐམས་ཅད་ནུབ་པས་སྤྲོས་པ་མེད་པའོ། །ཡང་དག་པའི་ཡེ་ཤེས་འདི་ཉིད་ཀྱི་ས་བོན་དང་བཅས་པའི་ཉོན་མོངས་པ་ཟད་དེ། གནས་དང་ལུས་དང་ལོངས་སྤྱོད་དུ་སྣང་བའི་རྣམ་པར་རྟོག་པ་རྣམས་སྤངས་པ་ཟག་

པ་མེད་པའི་དབྱིངས་ཀྱང་སྤྲོས་པ་མེད་པ་སྟེ། གསུམ་པོ་འདི་རྣམ་པར་དག་པ་ནམ་མཁའ་ལྟ་བུ་མཐའ་ཡས་པ་སྤྲོས་པ་མེད་པའི་ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེའི་རང་བཞིན་དུ་དེའི་ངོ་བོ་ཉིད་དུ་དོན་དམ་དེ་ཡོད་དེ། དེ་བས་དེ་ཉིད་ཀྱི་རང་བཞིན་མངོན་སུམ་དུ་བྱ་བར་དགོངས་སོ། །དེ་ལྟར་ན་དེ་ཉིད་

རྣམ་པར་སྣང་མཛད་དེ་གསལ་བ་ཙམ་དུ་སྣང་བ་དེས་སོ། །དེ་ཉིད་མི་བསྐྱོད་པ་སྟེ་སྣང་བ་མེད་པ་ཉིད་ཀྱིས་སོ། །དེ་ཉིད་དོན་ཡོད་པ་སྟེ་དོན་སྣ་ཚོགས་པ་བྱེད་པས་སོ། །དེ་ཉིད་རིན་པོ་ཆེ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པས་སོ། །དེ་ཉིད་ཨཱ་རོ་ལྀཀ་སྟེ། དེ་རྣམས་ཀྱི་བདག་ཉིད་

ཡང་དག་པར་སྤྱོད་པས་སོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་དེ་ཉིད་སྙིང་སྟོབས་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ཚངས་པ་ལ་སོགས་པར་གསུངས་ཏེ་ཇི་ལྟར་སྙམ་པ་ལ་གསུངས་པ། ཚངས་པ་ཞེས་བྱ་བ་ལ་སོགས་པའོ། །གང་དེ་ཉིད་

ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རང་བཞིན་ཏེ། དེ་ཉིད་ཀྱིས་ནི་འདི་སངས་རྒྱས་ཡིན་པས་མཆོག་ཏུ་ཚངས་པ་སྟེ་དེ་བས་ན་ཚངས་པ་མྱ་ངན་ལས་འདས་པ་ཞེས་པ་སྟེ་ཐར་པའི་རང་བཞིན་ཉིད་དོ། །མྱ་ངན་ལས་འདས་པ་དང་། ཐར་པ་དང་། ཞི་བ་དང་ཚངས་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །འཇུག་

པ་ཞེས་པ་ནི་དེའི་བདག་ཉིད་དུ་འཇུག་པས་སོ། །གང་དུ་ཞེ་ན། མཆོག་ཏུ་ཟབ་པ་ཆོས་ཀྱི་སྐུར་རོ། །རྟག་ཏུ་ཤིན་ཏུ་དགེ་བས་ཞེས་བྱ་བ་ནི་རྟག་ཏུ་དགེ་བའི་ཕྱིར་དང་། མཆོག་ཏུ་དགེ་བའི་ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་འདི་ཉིད་ཐམས་ཅད་ཀྱི་བདག་ཉིད་དུ་ཆོས་ཀྱི་དབྱིངས་

རིག་པར་བྱེད་པ་དེས་གནས་པས་དེའི་ཕྱིར་ཐམས་ཅད་དོ། །མཆོག་གི་བདེ་བ་ཞེས་པ་ནི་ཟག་པ་མེད་པའི་མཆོག་གི་བདེ་བ་བསྟན་པ་ཉིད་ཀྱིས་སོ། །བདེ་བ་རྟོགས་པས་རྣམ་པར་བསད། །ཅེས་པ་ནི་དེ་ཉིད་བླ་ན་མེད་པའི་བདེ་བ་རྟོགས་པ་སྟེ། གང་གིས་དེ་མི་ཤེས་པ་དེ་གཉིད་ལོག་པའོ། །ཚངས་པ་ཞེས་

Vol. 4 · folio 244b

བྱ་བ་ལ་སོགས་པ་བསྟན་པ་གང་ཡིན་པ་འདི་དག་གིས་བཤད་ནས་གཞན་ཡང་གསུངས་པ། ལུས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཉིད་ལྷ་སྟེ་ལུས་ལས་བྱུང་བ་དེ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཧ་སཾ་བྷ་བ་ཞེས་བྱ་བ་ནི་ལུས་ལས་བྱུང་སྟེ། ཚིག་སྔ་མ་ལ་ཧ་མི་མངོན་པར་བྱ་ཞིང་ཕྱི་མའི་སཾ་བྷ་མི་མངོན་པ་བྱས་

པ་ཡིན་ཏེ་ལུས་ལས་བྱུང་བ་ཉིད་ཀྱི་ལྷའོ། །འདི་རྙེད་སླ་བ་ཉིད་དུ་སྟོན་པར་བྱེད་པས་ན་ལུས་ལས་འབྱུང་བས་ན་རྙེད་སླ་བ་ཉིད་དོ། །སངས་རྒྱས་དེ་ལ་ཞེས་བྱ་བ་ནི་སངས་རྒྱས་ཉིད་ལ་ཞེས་བྱ་བའི་དོན་ཏོ། །དབང་ཕྱུག་ལ་སོགས་པའི་ཡོན་ཏན་མ་ལུས་པ་ཞེས་པ་ནི་ཚངས་པའོ། །དེ་སྐད་དུ་གང་གསུངས་

པ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་དང་། །དྲུག་པོ་འདི་ལ་བཅོམ་ཞེས་བཤད། །ཅེས་གསུངས་སོ། །ཕྱོགས་འདི་ལ་བཅོམ་པ་ཡོད་པས་ཞེས་ཚིག་རྣམ་པར་སྦྱར་བའོ། །དོན་དམ་པའི་བདེན་པ་

གསུངས་ནས། ཡང་ཀུན་རྫོབ་ཀྱི་བདེན་པས་ཤིན་ཏུ་མྱུར་བར་ཚོགས་རྫོགས་པར་བྱ་བའི་ཕྱིར་གསུངས་པ། མ་ཞེས་བྱ་བ་ལ་སོགས་པའོ། །མ་ཞེས་བྱ་བ་ལ་སོགས་པའི་སྒྲས་ཤེས་རབ་ཙམ་གསུངས་ཀྱི་ངེས་པར་ཕྱི་རོལ་གྱི་ཁྱད་པར་ནི་མ་ཡིན་ནོ། །ཞེས་བསྡུས་པའི་དོན་ཏོ། །འགྲོ་བ་བསྐྱེད་

ཅེས་པ་ནི་འཕགས་པའི་འཇིག་རྟེན་ནོ། །གཞན་ནི་མ་ཡིན་ཏེ་རྟོགས་པའི་སེམས་མེད་པས་སོ། །རྣམ་པར་ཕྱེ་ཞེས་པ་ནི་ཤེས་བྱ་སྣ་ཚོགས་པ་རྣམས་སོ། །ཁྲུས་མཁན་མོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་བསྟན་པའོ། །འཁྲུ་བས་ཞེས་བྱ་བ་ལ་སོགས་པས་ནི་བཤད་པའོ། །སེམས་ཅན་གྱི་

ཞེས་པ་ནི་རྣམ་པར་ཤེས་པའོ། །ཡོན་ཏན་ཞེས་པ་ནི་མཆོག་ཏུ་བདེ་བའོ། །གཡོ་བའི་ཞེས་པ་ནི་ཤེས་བྱ་ལ་མྱུར་དུ་འཇུག་པས་སོ། །རྗོད་པར་བྱེད་པ་བཟླས་པ་ཡིན། །ཞེས་པ་ནི་དགྱེས་པའི་རྡོ་རྗེའི་ང་རྒྱལ་ལས་བྱུང་བའི་བརྗོད་པ་རྣམས་ནི་སྙིང་པོ་དང་སྔགས་བཟླས་པའོ། །ཞེས་ཤིན་ཏུ་

མངོན་པར་བསྡུས་པའོ། །རྐང་པས་བྲིས་པ་ཞེས་པ་ནི་རྡུལ་དང་འདམ་དང་ཆུ་ལ་སོགས་པ་ལ་རྐང་རྗེས་ཀྱི་རི་མོ་ནི་དཀྱིལ་འཁོར་ཞེས་པ་ཤིན་ཏུ་མདོར་བསྡུས་པའོ། །བརྫིས་པ་ཞེས་པ་ནི་དགྱེས་པའི་རྡོ་རྗེས་མནན་པས་སམ་དགྱེས་པའི་རྡོ་རྗེའི་རྟེན་ཡིན་པ་སྟེ། མ་ལ་ཞེས་པའི་སྐད་ཀྱི་བྱིངས་ལ་

Vol. 4 · folio 245a

ཨན་ད་བྱ་བ་བར་དུ་གཅུག་ནས་ཨན་རྐྱེན་དུ་སྦྱར་ན་དཀྱིལ་འཁོར་དུ་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ལག་པ་ཕྱེ་བ་དང་བསྡུས་པ་དེ་གཉིས་ཀ་ཕྱག་རྒྱ་སྟེ་དགྱེས་པའི་རྡོ་རྗེས་བྱས་པ་ཉིད་དོ་ཞེས་ཤིན་ཏུ་བསྡུས་པའི་དོན་ཏོ། །གང་བསམས་ཞེས་བྱ་བ་ལ་སོགས་པ་

ནི་དགྱེས་པ་རྡོ་རྗེ་ང་རྒྱལ་གྱིས་གང་ཅུང་ཟད་བསམས་པ་དེ་བསམ་གཏན་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་ཞེས་བྱ་བ་ལ་བསམ་པ་ནི་བསམ་གཏན་ནོ་ཞེས་སྐད་ཀྱི་བྱིངས་ལས་གྲུབ་བོ་ཞེས་དགོངས་སོ། །ཐར་པ་ཆེན་པོ་བདེ་བའི་མཚན་ཉིད་དོན་དམ་པར་གང་གསུངས་པ་དེ་མངོན་སུམ་དུ་བྱེད་པའོ། །དེ་

མངོན་སུམ་དུ་བྱེད་པའི་རྒྱུ་ནི་སྒོམ་པ་ཡིན་ལ། བསྒོམས་པས་ཡོངས་སུ་རྫོགས་པར་འགྱུར་བའི་གཙོ་བོ་ནི་བསམ་གཏན་ཏོ། །བརྗོད་པར་བྱ་བའི་བསམ་གཏན་ནི་གང་དེའི་སྒོམ་པ་ནི་ཇི་ལྟ་བུ་སྙམ་པ་ལ། དེ་བས་ནི་གསུངས་པ། ཕ་ཞེས་བྱ་བ་ལ་སོགས་པའོ། །ཕ་ནི་རྡོ་རྗེ་འཛིན་པ་བླ་མ་སྟེ་ལྔ་པའི་དོན་ལ་

བདུན་པའོ། །དེས་ན་ཕ་ལས་ཇི་ལྟ་བུ་ཐོབ་པའི་འཇིག་རྟེན་པའི་དཔེའི་བདེ་བ་ཕས་གང་བསྟན་པ་ཐར་པ་ཆེན་པོའི་བདེ་བ་ཞེས་བྱ་བའི་དོན་ཏོ། །མ་བསྟན་པར་ལྷ་དང་མི་ལ་སོགས་པ་རྣམས་ཀྱིས་ནི་ཐོས་པར་ཡང་དཀའ་ན་ཉམས་སུ་མྱོང་བར་ལྟ་ཅི་སྨོས་ཞེས་བྱ་བར་དགོངས་སོ། །དེའི་བདེ་བ་རང་གིས་སྤྱོད་པ་ནི་སྣང་

བ་མེད་པ་མཐའ་ཡས་ཤིང་བླ་ན་མེད་པ་ཟག་པ་མེད་པ་དང་འཇིག་པ་མེད་པ་ཐར་པ་ཆེན་པོའི་བདེ་བ་དེ་ཉིད་སྤྱོད་དོ། །རང་གིས་ཞེས་པ་མངོན་སུམ་ལྟ་བུར་རོ། །གང་ལས་ཤེ་ན། ཉམས་སུ་མྱོང་བའི་འཇིག་རྟེན་པའི་བདེ་བ་ལ་དེ་ཉིད་དུ་མཚན་ཉིད་ཇི་ལྟ་བ་བཞིན་དུ་མོས་ཏེ། དེ་ལྟར་མོས་པའི་སྒོ་ནས་དམིགས་པ་

དང་ལྡན་པར་བྱས་ཏེ། དམིགས་པ་གཞན་ལའང་ཀུན་ཏུ་རྒྱུ་བ་དང་རྒྱས་པ་བཀག་པས་སེམས་ཕྲ་ཞིང་གཡོ་བ་མེད་པར་བྱ་སྟེ། དེ་བཞིན་དུ་རྒྱུན་མི་འཆད་པར་བསྒྲུབས་པས་འབད་པ་དང་བཅས་པ་དང་ལྷུན་གྱིས་གྲུབ་པ་ཡང་འབྱུང་ངོ་། །འདི་ནི་དེའི་སྒོམ་པའོ། །བསམ་གཏན་སྟོན་པས་གསུངས་པ། འཆི་

བ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཡུན་རིང་དུ་བསྒོམས་པའི་བདེ་བ་ཆེན་པོ་འདིས་གང་གིས་ཞེས་པ་ནི་གནས་སྐབས་གང་གིས་འདིར་འཆི་བར་འགྱུར་རོ། །དེ་ཞེས་པ་ནི་དེའི་གནས་སྐབས་བདེ་བ་ཆེན་པོ་ལ་བསམ་གཏན་དུ་གསུངས་ཏེ། སྒོམ་པ་ཡོངས་སུ་རྫོགས་པ་ནའོ། །འདིར་འཆི་བ་ཞེས་

Vol. 4 · folio 245b

བྱ་བའི་དོན་ཇི་ལྟ་བུ་ཞེ་ན། འདིར་ནི་བདེ་བ་ཆེན་པོ་དེ་ལས་གཞན་དུ་ཕྱི་དང་ནང་གི་དམིགས་པ་སོ་སོར་མྱོང་བ་མེད་པས་འཆི་བ་སྟེ། ཐུན་གཅིག་དང་གཉིས་དང་མང་པོ་དང་ཉི་མ་དང་ཟླ་བ་དང་ལོར་སྦྲང་བུ་མཆུ་རིངས་དང་། ཤ་སྦྲང་ལ་སོགས་པས་ཟོས་པ་དང་ཐལ་ལྕག་དང་། ཁུ་ཚུར་གྱིས་བརྒྱབ་

པ་དང་། རྔ་དང་དུང་དང་། རྔ་བོ་ཆེ་དང་། འབྲུག་གི་སྒྲ་ཆེན་པོས་ཀྱང་དུས་དེ་སྲིད་དུ་ཐོས་པར་མི་འགྱུར་རོ། །ཡང་ན་ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ་བ་རིགས་པ་མ་ཡིན་ཏེ། དཔེའི་ལྷན་ཅིག་སྐྱེས་པ་ནི་མངོན་སུམ་དུ་གྱུར་པའི་ཕྱིར་ལ། དོན་གྱི་ལྷན་ཅིག་སྐྱེས་པ་མ་མྱོང་བའི་ཕྱིར་མི་རིགས་

སོ་ཞེ་ན་གསུང་པ། པ་ཞེས་བྱ་བ་ལ་སོགས་པའོ། །པ་ལས་ཐོབ་པ་ནི་དཔེའི་ལྷན་ཅིག་སྐྱེས་པའོ། །རང་གིས་མྱོང་ཞེས་བྱ་བ་ནི་མངོན་སུམ་དུ་མྱོང་བའོ། །འཆི་བ་ཞེས་པ་ནི་ཐར་པའོ། །ནང་གི་ནི་བདེ་བ་སྟེ་དོན་གྱི་ལྷན་ཅིག་སྐྱེས་པའོ། །འདིར་དེའི་བདེ་བ་ཞེས་པ་ནི་དཔེའི་བདེ་བ་དེའི་བདག་

ཉིད་ཀྱི་སྒོམ་པར་བྱེད་པ་ནི་དོན་གྱི་བདེ་བ་སྒོམ་པ་བསམ་གཏན་དུ་གསུངས་ཏེ། རྗེས་སུ་མྱོང་བ་དང་ཅིག་ཤོས་དག་ནི་ཆོས་མཐུན་པའི་བདེ་བས་རོ་གཅིག་པའི་རང་བཞིན་དུ་འགྱུར་ཞེས་དགོངས་སོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་དེ་ཁོ་ན་ཉིད་ཀྱི་ལེའུ་སྟེ་ལྔ་པའི་

བཤད་པའོ།། །།དེ་ཁོ་ན་ཉིད་གཉིས་ལ་སྦྱོར་བ་ཡིན་ཡང་དམ་ཚིག་མེད་ན་ཆེས་མྱུར་བར་བྱང་ཆུབ་པར་མི་འགྱུར་བས་དེ་བས་ན་སྤྱོད་པའི་ལེའུ་གསུངས་པ། དེ་ནས་གཞན་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ཀྱི་བཀས་བརྟུལ་ཞུགས་དང་དཀའ་ཐུབ་ལ་

སྤྱོད་པས་ན་སྤྱོད་པ་སྟེ། དེ་བཤད་པར་བྱའོ། །ཕ་རོལ་སོན་ཞེས་པ་འཇིག་རྟེན་ལས་འདས་པའོ། །མཆོག་ཅེས་པ་གཙོ་བོ་སྟེ་ཕྱིར་མི་ལྡོག་པ་ཡིན་པའི་ཕྱིར་རོ། །གང་གིས་འགྲོ་ཞེས་པ་ནི་རྟགས་གང་གིས་ཤེས་པར་བྱེད་པའོ། །གྲུབ་པའི་མཐའ་ཞེས་པ་རྣལ་འབྱོར་པ་རྣམས་ཀྱིས་འདའ་

བར་དཀའ་བར་དམ་བཅའ་བའོ། །ཅིའི་ཕྱིར་དམ་བཅའ་ཞེ་ན། དགྱེས་པའི་རྡོ་རྗེའི་དངོས་གྲུབ་ཀྱི་རྒྱུ་སྟེ། དགྱེས་པའི་རྡོ་རྗེའི་རྒྱུད་ལས་གསུངས་པའི་དངོས་གྲུབ་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །བཟང་ཞེས་པ་ནི་རུས་པའི་ཕྲེང་བའི་རང་བཞིན་ཉིད་དོ། །བདུད་རྩི་བཅུ་ཕྱེད་ཅེས་པ་ནི་བདུད་རྩི་

Vol. 4 · folio 246a

ལྔའོ། །རིགས་ལྔ་ཞེས་པ་ནི་མཆོག་ཏུ་དམན་པ་ལྔ་པའོ། །རིགས་གཅིག་ཉིད་ནི་སྣ་ཚོགས་རིགས་གཅིག་སྟེ། རིགས་ལྔ་དང་ལྡན་པ་ནི་བྱིས་པ་རྣམས་ཀྱིས་བརྟགས་པའོ། །ཅིའི་ཕྱིར་སྙམ་པ་ལ་གསུངས་པ། གང་ཕྱིར་རིགས་ནི་གཅིག་པ་ཉིད། །

དུ་མ་རོ་ནི་མཚོན་དུ་མེད། །ཅེས་པ་ནི་རིགས་ནི་མི་མཐུན་པ་ནི་དད་པའི་སྲོག་ཆགས་ནི་རང་རང་གི་དབྱིངས་ཐ་དད་པས་དབྱེ་སྟེ། དཔེར་ན་བ་ལང་དང་རྟ་དང་ཕག་ལྟ་བུའོ། །རིགས་མཐུན་པ་ཡང་ཆ་བྱད་འདྲ་བ་སྟེ། དཔེར་ན་བ་ལང་དང་བ་ལང་དུ་འདྲ་བ་དེ་ལྟར་བ་ལང་ལ་སོགས་པ་དབྱིབས་

ཐ་དད་པ་ལས་ནི་རིགས་ཐ་དད་ཀྱི་མིའི་རིགས་རྣམས་ནི་ཕན་ཚུན་རིགས་ཐ་དད་དུ་དབྱེ་བ་མེད་དེ་ཆ་བྱད་མཚུངས་པའི་ཕྱིར་རོ། །དེ་ཉིད་ཤིན་ཏུ་གསལ་བར་འཇིག་རྟེན་ཀུན་རྫོབ་ཏུ་རབ་ཏུ་གྲུབ་པ་ཉིད་ཡིན་ན་རྣལ་འབྱོར་པའི་ཀུན་རྫོབ་ཏུ་ལྟ་ཅི་སྨོས་ཏེ། འདི་ཐམས་ཅད་ཤིན་ཏུ་ཐོག་མ་མེད་པའི་འཁོར་

བར་རིགས་ཐམས་ཅད་བླངས་པ་ཉིད་ཀྱི་ཕྱིར་རོ། །དོན་དམ་པར་ལྟ་སྨོས་ཀྱང་ཅི་དགོས། །དེ་ལྟར་ན་འདི་ཐམས་ཅད་དོན་དམ་པར་རང་བཞིན་ཡོངས་སུ་དག་པར་མཉམ་པ་ཉིད་ཀྱི་དེ་ཁོ་ན་ཉིད་དུ་ལྷག་པར་མོས་པ་སྟེ། རིགས་ལྔ་ཀུན་ཏུ་སྤྱད་དོ། །སྤྱོད་པའི་རྗེས་སུ་མཐུན་པའི་གནས་གསུངས་

པ། ཤིང་གཅིག་ཅེས་བྱ་བ་ལ་སོགས་པ་སྟེ། གཙོར་རྣལ་འབྱོར་རྒྱུན་མི་འཆད་པར་སྤྱོད་པའི་དབེན་པའི་གནས་ཉིད་དུ་བྱའོ། །འདི་ནུས་པ་ཅུང་ཟད་ཐོབ་པས་བྱའམ་འོན་ཏེ་མ་ཡིན་པས་ཞེ་ན་བསྟན་པའི་ཕྱིར་གསུངས་པ། ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། དྲོད་ཅུང་ཟད་ཐོབ་པའི་

རྣལ་འབྱོར་གྱིས་མཐུ་ཅུང་ཟད་ཡང་དག་པར་ཐོབ་སྟེ། རྣལ་འབྱོར་ལ་གུས་ཤིང་བག་ཡོད་པ་དང་། སྦྲུལ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་རྣམས་ཀྱིས་གནོད་མི་ནུས་ཤིང་མི་འཇིགས་པ་དང་། གྲང་བ་དང་ཚ་བ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་སྐྱོ་བ་མེད་པ་དང་། སྲེད་པ་དང་

རྨོངས་པ་དང་འཇིགས་པ་རྣམས་ཀྱིས་བསྒྱུར་བར་མི་ནུས་པ་དེའི་ཚེ་སྤྱོད་པ་བྱའི་གཞན་དུ་མིན་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྤྱོད་པ་བྱེད་འདོད་པས་ཞེས་པ་ནི་གལ་ཏེ་དགའ་བ་ཡོད་ན་དེའི་ཚེ་སྤྱད་དོ། །གཞན་དུ་ནི་ཕྱིས་གདུངས་པ་ཡིན་ན་རྣལ་འབྱོར་ཉམས་པར་འགྱུར་རོ། །དངོས་

Vol. 4 · folio 246b

གྲུབ་ཐོབ་འདོད་པ་ཞེས་པ་ནི་རྣལ་འབྱོར་དང་སྤྱོད་པ་དག་ལྷོད་པ་མེད་པས་ཚེ་འདི་ཉིད་ལ་དགྱེས་པའི་རྡོ་རྗེ་འཐོབ་པ་སྟེ། གལ་ཏེ་འདི་ལྟ་བུའི་བརྩོན་འགྲུས་ཡོད་ན་ཞེས་པའི་དོན་ཏེ་དགའ་བ་ཡོད་ན་འཚང་རྒྱའོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་བུ་མོ་ནི་དེའི་རིགས་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བ་ཉིད་

དེ་གཞན་གྱིས་མི་སྤྱོད་པའི་ཕྱིར་ཞེས་བྱ་བར་དགོངས་སོ། །རང་འདོད་ལྷ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །གཞན་གྱི་རིགས་བྱུང་ཞེས་བྱ་བ་ནི་རང་གི་ཡི་དམ་གྱི་ལྷ་ལས་གཞན་དེའི་རིགས་ལས་བྱུང་བའོ། །སྦྱངས་ཞེས་པ་ནི་ཡང་དག་པར་དབང་བསྐུར་བ་སྟེ། དེ་གཟུང་ལ་སྤྱད་པ་བྱ་བ་

ཉིད་ཅེས་བྱ་བར་སྦྱར་རོ། །དགའ་བས་ཞེས་པ་ནི་རྣལ་འབྱོར་ལས་བྱུང་བའི་དགའ་བའོ། །རྡོ་རྗེ་ལྡན་པ་ཞེས་བྱ་བ་ནི་རྡོ་རྗེ་ནི་བདེན་པ་གཉིས་དབྱེར་མེད་པ་ཉིད་དེ། དེ་གསུང་བར་བྱེད་པའི་རྡོ་རྗེའི་གླུ་ཞེས་པའི་དོན་ཏོ། །རྡོ་རྗེ་རྐང་པས་ཞེས་པ་ནི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་ལག་

པ་དང་རྐང་པ་དང་། གདོང་པའི་ལྟ་སྟངས་དང་། ཕྱག་རྒྱ་གཞན་རྣམས་ཀྱིས་ཀྱང་ངོ་། །འཁོར་ལོའི་གཟུགས་ཀྱིས་ཞེས་པ་ནི་འཁོར་ལོའི་གཟུགས་ཀྱིས་སོ། །ལག་པར་ཞེས་པ་ནི་ལག་ངར་གྱི་གདུ་བུའོ། །ཞེ་སྡང་རྣམ་དག་ཅེས་པ་ནི་དགྱེས་པའི་རྡོ་རྗེའི་གཟུགས་ཀྱིས་སོ། །

སྔགས་ཀྱི་དག་པ་ཞེས་པ་ནི་སྔགས་སུ་མོས་པའི་གླུ་སྟེ་གླུར་བླངས་པའོ། །གར་ཞེས་བྱ་བ་ནི་གར་བྱེད་པའོ། །བསྒོམ་པའི་རང་བཞིན་གྱིས་ཞེས་པ་ནི་བསྒོམ་པ་ཉིད་དུ་མོས་པའོ། །རྟག་ཏུ་གླུ་བླང་གར་ཡང་བྱ། །ཞེས་བྱ་བར་སྦྱར་ཏེ། རྟག་པར་ཞེས་པ་ནི་རྟག་ཏུའོ། །ཤི་བ་ཞེས་

པ་ནི་འཆི་བ་ཡང་ངོ་། །སྲུང་བར་འགྱུར་ཞེས་པ་ནི་སྲུང་བ་ཐོབ་པའོ། །ཧཱུཾ་བྱུང་ནི་མི་བསྐྱོད་པའོ། །མི་བསྐྱོད་པ་ལ་སོགས་པའི་རང་བཞིན་གྱི་ཐོད་པ་ནི་སངས་རྒྱས་ཐོད་པའོ། །སྐྲའི་སྐ་རགས་ནི་སྐྲའི་སྐ་རགས་སོ། །ཐལ་བ་ནི་ཐལ་བས་བྱུགས་པས་སོ། །སྐྲའི་དག་བྱེད་ནི་སྐྲའི་

མཆོད་ཕྱིར་ཐོགས་སོ། །སྲེད་དང་གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་གེགས་ཏེ་སྤང་བར་བྱའོ། །ངོ་ཚ་བ་ནི་ངོ་ཚ་བའོ། །གཉིད་ནི་རྣལ་འབྱོར་གྱི་གེགས་ཆེན་པོ་ཡིན་ལ། ལུས་འཚོ་བ་ལ་ལྟོས་པ་ཡང་རྣལ་འབྱོར་པའི་བགེགས་རྣམས་ཀྱི་རྩ་བའོ། །དེས་ན་གསུངས་

Vol. 4 · folio 247a

པ། གཉིད་ཅེས་བྱ་བ་ལ་སོགས་པའོ། །བདག་ཉིད་ཅེས་བྱ་བ་ནི་ལུས་འཚོ་བ་ལ་ལྟོས་པའོ། །ཐེ་ཚོམ་མེད་ཅེས་པ་ནི་འདིར་ཐེ་ཚོམ་མི་བྱའོ། །ལུས་ཀྱིས་སྦྱིན་པ་སྦྱིན་ཞེས་པ་ནི་དང་པོ་ཉིད་དུ་སངས་རྒྱས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་རོ། །དེ་

ལྟར་ན་དེའི་ཕྱིར། ཆ་དང་ཆ་མིན་རྣམ་དཔྱད་ནས། །སྦྱིན་པར་མི་བྱ་བ་ནི་ལྟོས་པ་མེད་པར་སྦྱིན་པའོ། །མངོན་ཕྱག་འཚལ་ཞེས་པ་ནི་ཕྱག་བྱ་བའོ། །ཕྱག་མ་འཚལ་ན་ཤི་ནས་མནར་མེད་པར་འགྲོའོ། །དེ་ཉིད་གསུངས་པ། མནར་མེད་སྤོང་བའི་རྒྱུ་ཡི་ཕྱིར། །ཞེས་པ་ནི་བཟློག་པའི་དོན་

དུའོ། །དུས་སུ་བཟའ་བ་ལ་སོགས་པ་ནི་བསླབ་པའོ། །སྐྲ་བྲེགས་པ་ལ་སོགས་པ་ནི་ཆོ་གའོ། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཞེས་པ་ནི་གནས་སྐབས་ཐམས་ཅད་དུ་དགྱེས་པའི་རྡོ་རྗེར་མོས་པས་སོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་སྟེ། དགྱེས་པའི་རྡོ་རྗེ་ཉིད་དུ་ལྷག་པར་

མོས་པ་བརྟན་པར་སྦྱོར་ན་ཕྱིའི་སྦྱིན་སྲེག་ལ་སོགས་པ་སྤང་ངོ་། །གང་ལས་ཤེ་ན། གང་ལས་བདག་ཉིད་དགྱེས་པའི་རྡོ་རྗེས་ཟོས་པ་ཉིད་སྦྱིན་སྲེག་གོ། །རྐང་པའི་རི་མོ་ཉིད་དཀྱིལ་འཁོར་རོ། །ལུས་ཀྱི་བྱ་བ་ཐམས་ཅད་དཀའ་ཐུབ་བོ། །ངག་དང་ཡིད་ཀྱི་ལས་ཐམས་ཅད་སྔགས་དང་བསམ་གཏན་

ནོ། །ཅང་ཏེའུའི་སྒྲ་དང་ཐོད་དབྱུག་འཛིན་པ་ཡང་སྔགས་དང་བསམ་གཏན་ནོ། །རྡོ་རྗེ་གླུ་དང་རྡོ་རྗེ་གར་ཡང་སྔགས་དང་བསམ་གཏན་ནོ། །དེ་ལྟར་གང་བྱེད་པ་དེ་ཉིད་དམ་ཚིག་དང་། གང་མི་བྱེད་པ་དེ་ནི་སྡོམ་པའོ། །དགྱེས་པའི་རྡོ་རྗེའི་བདེན་པ་གཉིས་ནི་སྙིང་རྗེའོ། །དེ་འཐུང་བ་ནི་དགའ་

བ་དང་བཅས་པས་དེའི་རྣལ་འབྱོར་གྱིས་སོ། །སྦྱོར་བ་གཉིས་ལས་ཡང་དག་པར་བྱུང་བའི་དགའ་བ་ཉིད་སྦྱོར་བའི་བཏུང་བ་སྟེ། དེ་འཐུང་བ་ན་ཆང་ལ་སོགས་པ་གཞན་འཐུངས་པས་བཟི་བར་མི་འགྱུར་རོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་སྤྱོད་པའི་ལེའུ་སྟེ་དྲུག་པའི་བཤད་

པའོ།། །།བརྡ་ནི་ཀླ་ཀློའི་སྐད་དེ་རྣལ་འབྱོར་མ་རྣམས་ཀྱི་བརྡའོ། །དེ་ཡང་དམ་ཚིག་གི་ཡན་ལག་ཉིད་ཀྱིས་ན་ཤེས་པར་བྱའོ། །དེ་བས་གསུངས་པ། དེ་ནས་བརྡ་ཞེས་བྱ་བ་ལ་སོགས་པའོ། །བརྡ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །སྔགས་དང་ཕྱག་རྒྱ་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words