དཔལ་དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཧེ་བཛྲ་པཉྩི་ཀཱ་ནཱ་མ་མུཀྟི་ཀ་ཨ་བ་ལི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 4 · folio 247b

ཏིང་ངེ་འཛིན་དང་། སྔགས་དང་ཕྱག་རྒྱའི་དོན་དང་། ལྷའི་དེ་ཁོ་ན་ཉིད་དང་། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་འདི་ལྟར་ཡང་དམ་ཚིག་མེད་པ་རྣམས་ལ་སྨྲ་ན་སྔགས་པ་མི་འགྲུབ་ཅིང་འཚེ་བ་དང་དམྱལ་བར་ལྟུང་བ་ལ་སོགས་པས་སྡུག་བསྔལ་བར་འགྱུར་རོ། །དེ་བས་བརྡ་དང་དེའི་དོན་ཡང་དམ་

ཚིག་དང་མི་ལྡན་པ་རྣམས་ལ་བསྟན་པར་མི་བྱའོ། །སྤུན་ནི་རྣལ་འབྱོར་ཕའོ། །སྲིང་མོ་ཞེས་པ་ནི་རྣལ་འབྱོར་མའོ། །སོར་མོ་གཅིག་ཅེས་པ་ནི་ལེགས་པར་འོངས་སམ་ཞེས་པའི་དོན་ཏོ། །གང་ཞིག་ཅེས་པ་ནི་མ་ངེས་པའི་རྟགས་ཏེ་གང་ཡང་རུང་བ་ཞེས་བྱ་བར་བལྟའོ། །གཉིས་ཞེས་པ་ནི་

སོར་མོའོ། །མཛུབ་མོ་ཞེས་པ་ནི་སྡིགས་མཛུབ་བོ། །ཐོད་བསྟན་པར་བྱ་ཞེས་པ་ནི་མཐེའུ་ཆུང་དང་སྲིན་ལག་གཉིས་མཐེ་བོས་མནན་ནས་སོར་མོ་ལྷག་མ་རྣམས་ཀྱིས་ཐོད་ལྟ་བུར་སྟོན་པའོ། །རྩེ་གསུམ་ཞེས་པ་ནི་མཐེའུ་ཆུང་མཐེ་བོས་མནན་ནས་ལྷག་མ་རྩེ་གསུམ་ལྟ་བུར་སྟོན་པའོ། །

མཚམས་ཞེས་པ་ནི་དཔྲལ་བའི་དབུས་ཀྱི་སྟེང་གི་མཚམས་ཀྱི་མཐའོ། །ཁ་བསྟན་པ་ཞེས་པ་ནི་ཁ་ཅུང་ཟད་གདངས་པའོ། །བལྟ་བ་ནི་མིག་གོ། །དགའ་བ་ནི་རྣལ་འབྱོར་པའི་འོ། །དགའ་བ་དེས་འདིར་རྩེ་བ་ལྟར་སྟོན་པའོ། །ཕྱག་རྒྱ་ཞེས་པ་ནི་སོར་མོ་གཅིག་ལ་སོགས་པ་སྟོན་པའོ། །

ཕྱག་རྒྱའི་ལན་ཞེས་པ་ནི་སོར་མོ་གཉིས་ལ་སོགས་པ་སྟོན་པའོ། །དབྱེ་བར་བྱ་བ་ཞེས་པ་ནི་གསལ་བར་བྱ་བའོ། །དམ་ཚིག་གིས་ནི་ཞེས་པ་ནི་བརྡས་སོ། །དེ་ལ་ཞེས་པ་ནི་ཕྱག་རྒྱ་དབྱེ་བ་བྱེད་པ་ལའོ། །སྐྲ་གསེབ་ནས་ཕྲེང་བ་འདྲེན་པར་བྱེད་པ་ནི་ཕྲེང་བའི་ལག་པའོ། །དེ་ལ་མངོན་དུ་

ཕྱོགས་ཏེ་འདོར་བར་བྱེད་པ་ནི་ཕྲེང་བ་མངོན་དུ་འབོར་བའོ། །གཉི་གས་འདིས་དངོས་སུའམ་མངོན་པར་སྟོན་པའོ། །འདི་དག་ཐམས་ཅད་ལག་པ་གཡོན་པས་བསྟན་པར་བྱའོ། །ཕྲེང་བ་མངོན་པར་འཐོར་བའི་དོན་སྟོན་པ་ནི་དམ་ཚིག་ཅེས་བྱ་བ་ལ་སོགས་པའོ། །འདི་དག་ས་ནི་བཅུ་གཉིས་

ཞེས་པ་གནས་ལ་སོགས་པའོ། །འགྱུར་ཞེས་པས་ན་ས་སྟེ་གང་འགྱུར་ཞེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའི་ས་གཅིག་དང་སངས་རྒྱས་ཀྱི་ས་གཅིག་གཞག་པའི་ས་བཅུའི་དབང་ཕྱུག་ནི་བྱང་ཆུབ་སེམས་དཔའ་རྣམས་སུ་བརྗོད་དོ། །

Vol. 4 · folio 248a

མགོན་པོ་ཞེས་པ་སངས་རྒྱས་ཀྱང་ཞེས་བྱ་བའི་དོན་ཏེ་སངས་རྒྱས་ཀྱང་ས་བཅུ་གཅིག་པའི་དབང་ཕྱུག་སྟེ་བརྗོད་ཅེས་བྱ་བར་སྦྱར་རོ། །ས་འདི་རྣམས་ཀྱིས་ཇི་ལྟར་སྙམ་པ་ལ། འདི་རྣམས་ཀྱིས་ཞེས་པ་གནས་ལ་སོགས་པའི་ས་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །མོས་

པ་སྤྱོད་པའི་ས་དང་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་ལ་སོགས་པ་ཀུན་ཏུ་འོད་ཀྱི་མཐར་ཐུག་པ་དང་བཅས་པ་ཡེ་ཤེས་ཀྱི་ས་རྣམས་ཉིད་ཀྱི་ཕྱག་རྒྱ་ནི་ཇི་ལྟར་རིགས་པར་གནས་ལ་སོགས་པ་ཡིན་ནོ། །ཞེས་བྱ་བར་དགོངས་སོ། །གཞན་བརྗོད་དུ་མེད་ཅེས་པ་ནི་གནས་ལ་སོགས་པ་མ་གཏོགས་

པས་མ་ཡིན་ཏེ། ཕྱག་རྒྱ་དེ་དང་ཕྱག་རྒྱས་བཏབ་པ་དག་དབྱེར་མེད་ཅེས་བྱ་བར་དགོངས་སོ། །གྲོང་ཁྱེར་ནི་པ་ཏ་ལི་པུ་ཏྲའོ། །ཧ་རི་ཀེ་ལའི་ཁྱད་པར་ནི་ལན་ཚྭ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པའོ། །གསེར་དང་ལྡན་པ་ནི་གསེར་གླིང་ངོ་། །ཉེ་འཁོར་ནི་དེ་དང་ཉེ་བས་ན་ཉེ་འཁོར་རོ། །རྫིང་

བུ་ནི་ནར་པོར་གནས་པའོ། །ཡི་དགས་ཟླ་ཕྱེད་ཅེས་པ་ནི་ཟླ་སྨད་དོ། །རྒྱལ་མཚན་ནི་སྒེག་པའོ། །སྙིང་རྗེ་བསྐྱེད་ཅེས་པ་ནི་དེ་ཉིད་ཀྱི་སྡུག་བསྔལ་ལ་རྣམ་པར་བསམ་པའོ། །རིག་པས་ཞེས་པ་ནི་མཁས་པས་སོ། །གདུག་པ་ནི་སྔགས་ཀྱི་ཐེག་པ་ལ་སྡང་བའོ། །དེ་རྣམས་གཞུག་ཕྱིར་ཞེས་པ་

ནི་སྔགས་ཀྱི་ཐེག་པ་ལའོ། །དེའི་རྒྱུས་ཆོ་ག་ཐམས་ཅད་ཅེས་པ་ནི་ཐམས་ཅད་བྱ་བའོ། །གཙོར་ཞེས་པ་ནི་གཙོར་གཞུག་པས་སོ། །སྙིང་རྗེ་གསུངས་ནས་ཤེས་རབ་ཀྱང་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །བལྟ་བར་བྱ་ཞེས་པ་ནི་བསམ་པར་བྱ་བའོ། །དུས་གཉིས་པོ་

དེ་དག་དགྱེས་པའི་རྡོ་རྗེ་དང་དེའི་ཤེས་རབ་བོ། །དེ་བས་ན་དེས་བསྡུས་པའི་ལས་ཐམས་ཅད་དགེ་བའོ། །ཐབས་གཞན་གསུངས་པ་མི་བྱ་མེད་ཅེས་བྱ་བ་ལ་སོགས་པའོ། །འདི་ལ་ཞེས་པ་ནི་དགྱེས་པའི་རྡོ་རྗེའི་ང་རྒྱལ་ལོ། །ཇི་ལྟར་བདག་ཉིད་ལྷག་པར་མོས་པ་དེ་བཞིན་དུ་སེམས་ཅན་

ལ་ཡང་ཡིན་པས་དེ་བཞིན་ཞེས་ཡང་དག་པར་བསྡུ་བའི་ཕྱིར་བདག་ཉིད་ཀྱང་ཞེས་བྱ་བའི་དོན་ཏོ། །བདག་ཉིད་དམ་པ་ཞེས་པ་ནི་བདག་ཉིད་བཅོམ་ལྡན་འདས་འདི་ཡིན་ཏེ། དགྱེས་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །གོ་འཕང་གནས་ཞེས་པ་ནི་ང་རྒྱལ་བརྟན་པའི་ཕྱིར་རོ། །གཉིས་

Vol. 4 · folio 248b

སུ་མེད་པའི་ཕྱིར་ཡེ་ཤེས་ནི་སྣང་བ་མེད་པ་སྟེ། དེ་ཉིད་དཔལ་བདེ་མཆོག་ཏུ་སྣང་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་ངོ་བོ་ནི་རྒྱུ་ལ་སོགས་པའོ། །དེ་སྟོང་པ་ཉིད་དེ་མེད་པ་ཉིད་དོ། །དེ་འདིར་ཧེ་ཞེས་བྱ་བའི་སྒྲའི་དོན་ཏེ་སྟོང་པ་ཉིད་དང་མཚན་མེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །ཚོགས་

དང་བྲལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བྲལ་ཏེ། རུ་ཞེས་བྱ་བ་ནི་རུའི་སྒྲའི་དོན་ཏོ། །ར་དང་ཨུ་གཉིས་ལས་ཧ་ལྷག་མ་ཕྱི་བའི་ངེས་པའི་ཚིག་གིས་དོ་ཐུང་ངུ་ཉིད་དོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་། བརྗོད་དུ་མེད་པ་ཉིད་དེ་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་ལ་སོགས་

པར་དམིགས་པར་བྱེད་པ་ཉིད་དེ། ཡི་གེ་དབུ་མ་གཉིས་ཀྱི་དོན་ཏོ། །གལ་ཏེ་སྟོང་པ་ཉིད་ལ་སོགས་པར་དམིགས་པར་བྱེད་ན་ཡེ་ཤེས་དེ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོས་ཇི་ལྟར་གཉིས་སུ་མེད་པར་འགྱུར་ཞེ་ན། དེ་བས་ན་ཡི་གེ་བཞི་པ་ཀ་ཞེས་པ་སྟེ། གང་དུ་

ཡང་མི་གནས་ཞེས་པ་ནི་གང་དུ་ཡང་མི་གནས་པ་ཉིད་ཀྱི་ཀ་དང་ཨ་ལས་ཡི་གེ་ལྷག་མ་ཕྱིས་པ་གང་ཡིན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་། དེ་ཉིད་མཚན་མ་མེད་པ་དང་བརྗོད་དུ་མེད་པ་ཉིད་དོ། །དེ་ཡང་རང་གི་སེམས་ཆོས་ཐམས་ཅད་དུ་སྣང་བ་གཉིས་སུ་འཁྲུལ་བ་ཡོངས་སུ་ཟད་

པ། སྣང་བ་མེད་པ་གསལ་བའི་རང་བཞིན་ཏེ། དེའི་ཕྱིར་དབྱེར་མེད་པ་འདི་ནི་རང་རིག་པ་ཙམ་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་དབྱེར་མེད་པའི་རང་བཞིན་ཞེས་བྱ་བར་དགོངས་སོ། །དེའི་ཚེ་ཇི་ལྟར་སྟོང་པ་ཉིད་ལ་སོགས་པར་བརྗོད་ཅེ་ན། དེ་ཡང་དག་པར་རིག་པར་བྱེད་པས་

སོ། །འདིས་ནི་དཔལ་ཧེ་རུ་ཀའི་མཆོག་གི་དེ་ཁོ་ན་ཉིད་གསུངས་ཏེ། དེ་ཡང་བར་བར་དུ་ཡིད་ལ་བྱའོ་ཞེས་གསུངས་པའི་དོན་ཏོ། །གང་རྣམས་ཀྱིས་ཞེས་པ་ལ་སོགས་པའི་ཕན་ཡོན་གསུངས་པ། དབང་དུ་བྱེད་ཅེས་བྱ་བ་སྟེ། སྐྱེ་བ་གཞན་ལ་འདུལ་བར་འགྱུར་རོ་ཞེས་བྱ་བའི་

དོན་ཏོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་བརྡ་དང་གནས་གཏན་ལ་དབབ་པའི་ལེའུ་སྟེ་བདུན་པའི་བཤད་པའོ།། །།འཁོར་ལོ་དང་དཀྱིལ་འཁོར་དང་ཐར་པ་ཆེན་པོའི་གྲོང་ཁྱེར་དང་དམ་པ་དང་པོའི་གནས་ཞེས་བྱ་བ་ནི་དོན་གཅིག་གོ། །དེ་ཡང་རྟེན་

Vol. 4 · folio 249a

དང་བརྟེན་པའི་དབྱེ་བས་རྣམ་པ་གཉིས་ཏེ། དེ་མ་རྟོགས་པར་ཏིང་ངེ་འཛིན་གསུམ་དབྱེར་མེད་པའི་ཕྱིར་རོ། །དེ་ཡང་སྦྱོར་བ་གང་ལྷའི་ལེའུ་ལས་མ་གསུངས་པ་ཉིད་འདིར་བཤད་པར་བྱའོ། །དེ་བས་ན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །རྣལ་

འབྱོར་མ་བདག་མེད་མ་དེས་གཙོ་བོ་བྱས་པའི་འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོའོ། །མཁའ་དབྱིངས་ཞེས་པ་ནི་སྟོང་པ་ཉིད་ཀྱི་བྱང་ཆུབ་བསྒོམས་པས་སྣ་ཚོགས་པར་སྣང་བ་རང་གི་སེམས་སྣང་བ་མེད་པར་བྱས་ཏེ། མཐའ་ཡས་པར་རང་སྣང་བཞིན་པའི་ནམ་མཁའི་དབྱིངས་སོ། །ནམ་

མཁའི་དབྱིངས་དེར་བྷ་ག་བསམ་པ་ནི་གྲུ་གསུམ་ཉིད་ཀྱི་བྷ་ག་དང་ཆོས་མཐུན་པའམ། །སྒྲིབ་པ་ཐམས་ཅད་འཇོམས་པར་བྱེད་པ་ཉིད་ཀྱིས་སོ། །སྟོན་གྱི་ཟླ་བ་ལྟར་དཀར་བ་ཆོས་ཀྱི་འབྱུང་གནས་ཆེན་པོའི་ཕྱག་རྒྱ་བྷ་ག་སྟེ་དེ་རྣམ་པར་བསམ་ཞེས་བྱ་བའི་དོན་ཏོ། །དབུས་སུ་བསྒོམ་པར་

བྱ་བ་ནི་ཞེས་པ་ཆོས་ཀྱི་འབྱུང་གནས་དེའི་དབུས་སུ་རྟེན་གྱི་འཁོར་ལོ་བསྒོམ་པར་བྱའོ། །ཇི་ལྟར་ཞེ་ན། གསུངས་པ། སྔོན་དུ་འཁོར་ལོ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་བསྟན་པའོ། །འདིའི་བཤད་པ་འཁོར་ལོས་ཏེ། །ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་ཀྱི་བརྡས་འཁོར་ལོ་ལ་

སོགས་པའི་སྒྲས་དབང་ཆེན་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་བརྗོད་དེ། ཇི་ལྟར་འབྱུང་བའི་སྒྲ་ནི་སྒོམ་པ་པོའོ། །ཡང་ན་འཁོར་ལོ་ནི་དཀྱིལ་འཁོར་རོ། །འདི་ནི་དབང་ཆེན་གྱི་དཀྱིལ་འཁོར་ཉིད་འཁོར་ལོའི་སྒྲར་བརྗོད་དེ་གཙོ་བོ་ཡིན་པས་སོ། །དེ་ཡང་ས་ཉིད་དོ། །དེ་བས་ན་གསུངས་

པ། འཁོར་ལོས་ཞེས་པ་ནི་གསེར་གྱི་དཀྱིལ་འཁོར་ལས་སྔོན་དུ་ཆུའི་དཀྱིལ་འཁོར་རོ། །དེས་ན་གསུངས་པ། སྔོན་དུ་ཆུ་ཞེས་པའོ། །རིགས་པ་ཞེས་པ་ནི་ཡང་དག་པའི་ཤེས་པ་སྟེ་འདི་ཇི་ལྟར་གསལ་བའི་རང་གི་ངོ་བོ་དེ་བཞིན་དུ་མེ་ཡང་ངོ་། །དེ་བས་ན་རིགས་པ་དང་ཆོས་མཐུན་

པས་ཇི་ལྟར་རིགས་པ་སྟེ་མེའོ། །དེས་ན་གསུངས་པ། ཇི་ལྟར་རིགས་པར་བྱིན་ཟ་དང་། །ཞེས་སོ། །ལྷ་རྣམས་ཀྱི་མ་དང་ཕ་དག་ལས་རླུང་འབྱུང་གི་ཁུ་བ་ནི་མ་ཡིན་ཏེ། དེ་ལས་དེ་དག་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ལྷ་རྣམས་ཡོངས་སུ་གྱུར་པས་ན་ལྷ་ཞེས་བྱའོ། །དེས་ན་གསུངས་

Vol. 4 · folio 249b

པ། ལྷ་རྣམས་ཀྱི་ནི་རླུང་ཆེན་པོ། །ཞེས་སོ། །ཇི་ལྟར་ལྷ་རྣམས་ཀྱི་འབྱུང་བ་བསྒོམས་པ་དེ་ལྟར་སྒོམ་པ་པོ་ཉིད་འགྲུབ་པར་འགྱུར་རོ། །དེས་ན་གསུངས་པ། ཇི་ལྟར་འབྱུང་བ་སྒོམ་པའོ། །ཞེས་སོ། །དེ་ལས་ཅིར་འགྱུར་སྙམ་པ་ལས་གསུངས་པ། ཆོས་འབྱུང་ཞེས་བྱ་བ་ལ་སོགས་པའོ། །

ཆོས་ཀྱི་འབྱུང་གནས་གྲུ་གསུམ་གྱི་ཕྱག་རྒྱ་དེར་འབྱུང་བ་དབང་ཆེན་ལ་སོགས་པ་འཁོར་ལོ་བཞི་ཡོངས་སུ་གྱུར་པ་ལས་འདིས་འབྱུང་བ་དེ་ལ་འདི་སྐད་ཅེས་བྱའོ། །ཅིའི་ཕྱིར་ཞེ་ན། འབྱུང་བ་ཆེན་པོ་ལས་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྟེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ལ་སོགས་པའི་

ཡོན་ཏན་དང་ལྡན་པའོ། །དེ་སྐད་ཀྱང་འཆད་པར་འགྱུར་བ་ལས། བདག་གི་འཁོར་ལོ་ཁྱེད་ཀྱིས་གསུངས། །དྲ་བ་དྲ་བ་ཕྱེད་པས་མཛེས། །ཟུར་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་སྐུད་པས་བརྒྱན་པའོ། །ཞེས་སོ། །ཉིས་རིམ་ཞེས་པ་ནི་རིམ་པ་གཉིས་སོ། །དག་པ་ནི་རིན་པོ་ཆེ་སྣ་ལྔའི་རང་བཞིན་

མཆོག་ཏུ་འབར་བའོ། །དྲི་མ་མེད་ཅེས་པ་ནི་སྐྱོན་མེད་པ་སྟེ་ཐར་པ་ཆེན་པོའི་གྲོང་ཁྱེར་ཉིད་དོ། །ལྟེ་བ་ཡི་ནི་ཞེས་པ་ལྟེ་བས་ཉེ་བར་མཚོན་པའི་འདབ་མ་བརྒྱད་དོ། །གྲུ་གསུམ་གྱིས་ཞེས་པ་ཆོས་ཀྱི་འབྱུང་གནས་ཀྱི་ཡོངས་སུ་འབྱེས་པ་པདྨའི་ཕྱི་རོལ་གཞལ་ཡས་ཁང་གི་གནས་སོ། །དེ་ཡང་རིམ་པ་

གཉིས་སུ་སྒོམ་པ་པོའི་སེམས་སྣང་སྟེ། ཤེལ་དག་པ་ལྟ་བུར་ཁྱབ་པའོ། །དེའི་དབུས་ཞེས་པ་འཁོར་ལོ་ཉིས་རིམ་གྱི་དབུས་སུ་རོའི་ཞེས་པ་ལ་རོ་རྣམས་སོ། །བཅོ་ལྔའི་བདག་ཉིད་ཅན་ཞེས་པ་ལྷ་མོ་བཅོ་ལྔའི་གདན་དུ་གྱུར་པ་སྟེ། དེ་རྣམས་སོ་སོའི་གནས་རྣམས་སུའོ། །དེའི་ཞེས་པ་ནི་

ལྟེ་བ་ལ་གནས་པའི་རོའི་འོ། །ཟླ་བ་ཞེས་པ་ནི་ཟླ་བ་ཉ་གང་བའོ། །ས་བོན་ཞེས་པ་ནི་ས་བོན་གྱི་ཡི་གེའོ། །ས་བོན་ཇི་ལྟ་བ་ཞེ་ན། ཕྱིས་ནི་ཉི་མས་མནན་པའོ། །ཟླ་བ་བསྒོམས་པའི་སྟེང་དུ་ཕྱིས་བསྒོམས་པའི་ཉི་མས་དེའི་སྟེང་དུ་མནན་པ་ནི་དེ་ལ་བརྟེན་པའོ། །གཉིས་འདུས་པ་ལས་བདེ་ཆེན་

པོ། །ཞེས་པ་ནི་ཟླ་བ་དང་ཉི་མ་དེ་གཉིས་འདུས་པ་ནི་འདུས་པ་དང་ལྡན་པའོ། །དེ་ལ་རོ་གཅིག་པའི་ཚུལ་གཞན་གྱིས་བདེ་བ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐར་པ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བདེ་བ་རྣམ་པ་བཞི་སྟེ། ཉི་མའི་སྟེང་གི་ས་བོན་གང་ཡིན་པ་དེ་

Vol. 4 · folio 250a

ནི་སྦྱོར་བའི་བདེ་བའོ། །དེ་ལས་བྱུང་བའི་མཚན་མ་ནི་དངོས་གཞིའི་བདེ་བའོ། །མཚན་མའི་ནང་གི་ས་བོན་ནི་ཡོངས་སུ་གཅོད་པའི་བདེ་བའོ། །དེ་ལས་མཐའ་ཡས་པའི་རྣལ་འབྱོར་མའི་དཀྱིལ་འཁོར་སྤྲོ་བ་དང་སྡུད་པ་ནི་གཞན་གྱི་དོན་གྱི་བདེ་བའོ། །དེ་ལྟར་ན་འདིར་ཟླ་

བ་དང་ཉི་མ་དག་ཇི་ལྟར་བསྐྱེད་སྙམ་པ་ལ། ཨཱ་ལི་ཞེས་པ་ལ་སོགས་པ་གསུངས་སོ། །ཤེལ་དག་པ་ལྟ་བུ་རིམ་པ་གཉིས་ལ་ཁྱབ་པའི་སྒོམ་པའི་སེམས་དབྱངས་ཡིག་བཅོ་ལྔའི་རྣམ་པ་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་བསྡུས་པ་དེ་ཨཱ་ལིའོ། །དེ་ཡང་ཟླ་བའི་གཟུགས་ཀྱིས་གནས་པ་སྟེ། །

དེ་ཡོངས་སུ་གྱུར་པ་ཟླ་བ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དེ་ཉིད་ཀྱི་སྟེང་དུ་གསལ་བྱེད་སུམ་ཅུ་རྩ་བཞིའི་ཕྲེང་བ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནི་ཀཱ་ལིའོ། །དེ་ཡང་ཉི་མའི་གཟུགས་ཀྱིས་གནས་པ་སྟེ། དེ་ཡོངས་སུ་གྱུར་པ་ཉི་མ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་ཉི་མ་གཉིས་འདུས་པ་

ཞེས་གང་གསུངས་པ་ནི་དེ་ཡོངས་སུ་གྱུར་པ་ལས་སོ། །གཽ་རཱི་ལ་སོགས་པ་ཞེས་པ་ནི་རྣལ་འབྱོར་མ་བཅོ་ལྔ་པོ་འདི་རྣམས་ཞེས་བྱ་བའི་དོན་ཏོ། །འདིས་ནི་རྣལ་འབྱོར་མ་བདེ་བ་ཆེན་པོ་ལས་བྱུང་བ་ཉིད་ཀྱིས་རྡོ་རྗེ་འཛིན་པའི་རང་བཞིན་ཉིད་དུ་བསྟན་ཏོ། །ད་ནི་ཡེ་ཤེས་ལྔའི་རང་བཞིན་ཉིད་

ཀྱིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཉིད་དུ་སྟོན་པར་བྱེད་པས་གསུངས་པ་ཟླ་བ་མེ་ལོང་ཞེས་བྱ་བ་ལ་སོགས་པའོ། །མདོར་བསྡུས་པས་ཡེ་ཤེས་ལྔ་ནི་སངས་རྒྱས་ལྔ་སྟེ། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཤིན་ཏུ་

རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་དེ་དང་ལྡན་པ་ནི་ཟླ་བའོ། །འཇིག་རྟེན་ལས་ཉི་མ་ལ་རྟ་བདུན་པར་གྲགས་པ་ལ། དེ་ནི་མཉམ་པ་ཉིད་དང་ལྡན་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་ལྡན་པ་ཞེས་བྱ་

བའི་དོན་ཏོ། །ས་བོན་དང་ས་བོན་ལས་སྐྱེས་པ་དང་བཅས་པ་ནི་རང་གི་ལྷའི་ས་བོན་ཕྱག་མཚན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཅེས་པ་ནི་མཚན་མའི་ནང་དུ་སོང་བའི་ས་བོན་ལས་རྣལ་འབྱོར་མའི་ཚོགས་སྤྲོས་ཏེ། ཐམས་ཅད་དུ་ཁྱབ་བས་ན་གཅིག་

Vol. 4 · folio 250b

ཅེས་པ་དེ་ཉིད་དུ་བསྡུས་ཏེ་ས་བོན་དང་གཅིག་ཏུ་གྱུར་པ་ཉིད་ནན་ཏན་ཏེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །རྫོགས་པ་ཞེས་པ་ནི་ཟླ་བ་དང་ཉི་མ་དང་ཕྱག་མཚན་དང་ས་བོན་གྱི་རིམ་པས་རང་གི་ལྷའི་རྣམ་པ་རྫོགས་པ་ནི་དེ་དག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །རྣམ་པ་ལྔ་

པོ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའོ། །མཁས་པས་ཞེས་བྱ་བ་ནི་ཤེས་རབ་དང་ལྡན་པས་སོ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་ཞེས་པ་ནི་ཟླ་བ་དང་ཉི་མའི་གཟུགས་སུའོ། །གདན་ནི་གདན་ནོ། །གང་གི་གདན་ཞེ་ན་རྡོ་རྗེ་སེམས་དཔའི་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་དེ་གང་ཞེ་ན་ཡི་གེ་ལས་བྱུང་བའི་

གོང་བུ་སྟེ། གོང་བུ་དང་འབྲེལ་བའི་ཡི་གེ་ལས་བྱུང་བ་ནི་མཚན་མའི་དབུས་སུ་ས་བོན་དུ་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །འདིར་ནི་རྡོ་རྗེའི་གོང་བུ་ནི་མཚན་མའི་དོན་ཏོ། །སེམས་དཔའི་སྒྲ་ནི་ས་བོན་གྱི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ལ་སོགས་པའོ། །ཧཱུཾ་དང་ཕཊ་ཀྱང་ཞེས་པ་ལ། ཡང་གིས་ནི་ཨ་དང་ཨོཾ་དང་

ཐབས་དང་ཤེས་རབ་ཀྱི་ལུས་ཞུ་བ་ལ་སོགས་པས་བདག་མེད་མའི་དཀྱིལ་འཁོར་གྱི་གཙོ་མོ་བསྐྱེད་པར་མི་འདོད་དོ། །གལ་ཏེ་ཡེ་ཤེས་ཞུ་བ་ལས་འདི་མི་བསྐྱེད་ན་དེའི་ཚེ་གང་ལས་སྙམ་པ་ལ་གསུངས་པ། སེམས་དཔའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ་གཟུགས་ནི་མཚན་མའོ། །མཚན་མའི་

དབུས་ཀྱི་ཡིག་འབྲུ་ནི་སེམས་དཔའ་སྟེ། སེམས་དཔའི་ནང་དུ་གྱུར་པའི་གཟུགས་ནི་སེམས་དཔའི་གཟུགས་ཏེ། དེ་ལས་ཡང་དག་པར་བྱུང་བའི་དཀྱིལ་འཁོར་གྱི་གཙོ་མོ་ནི་དཀྱིལ་འཁོར་གྱི་བདག་མོ་སྟེ་བདག་མེད་མ་ཞེས་བྱ་བའི་དོན་ཏོ། །སྔོན་བཞིན་ཞེས་པ་ནི་ཆོས་ཀྱི་བརྡས། །ཇི་ལྟར་འཆད་

པར་འགྱུར་བ་བཞིན། །ཞེས་པའི་དོན་ཏོ། །ཞལ་དང་ཕྱག་མཚན་ལ་སོགས་པ་ཞེས་པ་ལ་ཞལ་ནི་གདོང་པའོ། །ཕྱག་མཚན་ནི་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་ཞེས་པའི་དོན་ཏོ། །སོགས་པའི་སྒྲས་ནི་ན་བཟའ་དང་རྒྱན་ལ་སོགས་པ་གཟུང་ངོ་། །ཟླ་བ་ཆུ་ཤེལ་ནི་ཟླ་བ་ཉ་གང་བ་ཉིད་དེ། དེའི་འོད་གང་ལ་

ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །འདིར་ཉེ་བར་མཚོན་པར་བྱེད་པ་སྟེ། ཟླ་བའི་གདན་དང་ཟླ་བའི་འོད། །ཅེས་བྱ་བའི་དོན་ཏོ། །དེ་བཞིན་ཞེས་པ་དཀྱིལ་འཁོར་གྱི་བདག་མོ་བཞིན་ཏེ། །དཀྱིལ་འཁོར་གྱི་བདག་མོ་ཟླ་བ་ཞུ་བ་ལ་སོགས་པས་ནི་མ་ཡིན་ནོ། །ཀུན་ཤེས་པ་གཽ་རཱི་ལ་སོགས་པའོ། །ཇི་ལྟར་ཞེ་ན། ཤེས་

Vol. 4 · folio 251a

རབ་ཐབས་ཀྱི་རང་བཞིན་ལས། །ཞེས་གསུངས་ཏེ། ཤེས་རབ་ཨཱ་ལི་ཞེས་བྱ་བ་ལ་སོགས་པའོ། །ལས་ཞེས་པ་ནི་རྒྱུའི་དོན་ཏོ། །ཨཱ་ལི་ཤེས་རབ་དང་ཀཱ་ལི་ཐབས་གང་ལས་ཞེས་བྱ་བའི་དོན་ཏོ། །ཨཱ་ལི་དང་ཀཱ་ལི་གང་ལ་ཡང་ཇི་ལྟ་བུ་ཞེ་ན། གསུངས་པ། ཟླ་བ་

ཉི་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཨཱ་ལི་ཀཱ་ལིའི་ངོ་བོ་ཟླ་བ་དང་། ཉི་མ་དེ་དག་རབ་ཏུ་དབྱེ་བ་ནི་རྣམ་པ་མང་པོར་ཕྱེ་བ་སྟེ། བདག་མེད་མའི་སྙིང་གའི་ཟླ་བའི་མཚན་མ་ལ་གནས་པ་ས་བོན་གྱི་གཟུགས་རྡོ་རྗེའི་སེམས་དཔའ་ལས་སྤྲོས་པའི་ཟླ་བ་བཅུ་བཞི་དང་ཉི་མ་བཅུ་བཞི་ལྷ་མོ་བཅུ་བཞིའི་གདན་

རོའི་པདྨ་ལ་དགོད་ཅེས་བྱ་བའི་དོན་ཏོ། །འདི་ལས་ཞེས་པ་ནི་རང་རང་གི་གདན་ལ་གནས་པའི་ཟླ་བ་དང་ཉི་མ་ལས་སོ། །གཽ་རཱི་ལ་སོགས་པའི་ཞེས་པ་ནི་རྡོ་རྗེ་མ་དང་གཽ་རཱི་ལ་སོགས་པའོ། །ཇི་ལྟར་དེ་རྣམས་ཀྱི་ཟླ་བ་ལ་སོགས་པ་བཞིན་དུ་ས་བོན་ཡང་མཐུན་ནམ་ཅི་སྙམ་པ་ལ་གསུངས་པ། མ་

ཡིན་ཏེ། ས་བོན་ཞེས་བྱ་བ་ལ་སོགས་པའོ། །བརྗོད་པ་ནི་ས་བོན་ཏེ། དེའི་དབྱེ་བས་དབྱེ་བ་སྟེ། ས་བོན་གཞན་དང་གཞན་ཞེས་བྱ་བའི་དོན་ཏོ། །སོ་སོར་ཞེས་བྱ་བ་ནི་གཞན་དང་གཞན་གྱི་ཞེས་བྱ་བའི་དོན་ཏོ། །དེ་ལ་བདག་མེད་མའི་ས་བོན་དབྱངས་ཡིག་དང་པོའོ། །རྡོ་རྗེ་མ་དང་གཽ་རཱི་མ་དང་

ཆུའི་རྣལ་འབྱོར་མ་དང་། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་གོ་རིམས་ཇི་ལྟར་དབྱངས་ཡིག་གཉིས་པ་ནས་བརྩམས་ཏེ་ལྔ་པའི་བར་དུའོ། །པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོ་རྣམས་ཀྱི་དྲུག་པ་ནས་བརྩམས་ཏེ་དགུ་བའི་བར་དུའོ། །གཽ་རཱི་དང་རྐུན་མོ་དང་། རོ་ལངས་མ་དང་གྷསྨ་རཱི་དང་ས་སྤྱོད་མ་

དང་། མཁའ་སྤྱོད་མ་རྣམས་ཀྱི་བཅུ་པ་ནས་བརྩམས་ཏེ་བཅོ་ལྔའི་བར་དུའོ། །ས་བོན་ལས་བྱུང་བ་གྲི་གུག་གི་དབུས་སུ་ས་བོན་ནོ། །དེས་ན་དེ་ལ་སྤྲོ་བ་དང་བསྡུ་བ་དང་དེ་ནས་ཟླ་བ་དང་ཉི་མ་དང་ས་བོན་ལས་བྱུང་བ་ལྷ་མོ་ཐམས་ཅད་དོ། །དེ་རྣམས་ཀྱི་གནས་ཀྱི་དབྱེ་བ་གསུངས་པ། ནང་ཞེས་བྱ་བ་ལ་

སོགས་པའོ། །ནང་གི་གོ་རིམས་ཞེས་པ་ནི་ནང་ངོ་། །ཕུང་པོ་ལྔ་ཡི་རྣལ་འབྱོར་མ། །ཞེས་པ་བསྒོམ་པར་བྱ་ཞེས་བྱ་བར་སྦྱར་རོ། །དབང་པོ་ཞེས་བྱ་བ་ནི་དབང་པོའི་ཕྱོགས་སོ། །གཤིན་རྗེ་ཞེས་བྱ་བ་ནི་གཤིན་རྗེའི་ཕྱོགས་སོ། །ཕྱི་རིམ་ལ་གཽ་རཱི་ལ་སོགས་པ་བཞི་ཤར་ལ་སོགས་པའི་སྒོ་རྣམས་

Vol. 4 · folio 251b

སུའོ། །སྦོས་མོ་ལ་སོགས་པ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུའོ། །འོག་ལྡན་མ་ཞེས་བྱ་བ་ལ་སོགས་པ་ལ་འོག་བསྲུང་བས་འོག་ལྡན་མ་སྟེ་ས་སྤྱོད་མའོ། །དེ་ཉིད་ཀྱིས་དེ་སྲིད་པའི་རང་བཞིན་གྱིས་ཁ་འོག་ཏུ་བལྟས་པའོ། །མཁའ་སྤྱོད་མ་མྱ་ངན་ལས་འདས་པའི་རང་

བཞིན་གྱི་གནས་ཏེ་དེ་ཉིད་ཀྱིས་དེ་ཁ་སྟེང་དུ་བལྟས་པའོ། །གྲི་གུག་ཐོད་པ་བསྣམས་ཞེས་བྱ་བ་ནི་ཕྱག་ན་ཐོགས་པའོ། །རྣམ་པར་དག་པས་ཞེས་བྱ་བ་ནི་རྣམ་པར་དག་པས་སོ། །དག་པས་ཞེས་བྱ་བ་ནི་དག་པར་བྱའོ། །ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་རྣམས་ཀྱིས་སོ། །རྣམ་པ་དེ་ལྟར་ཞེས་པ་ནི་

དེ་བཞིན་ཞེས་པའི་དོན་ཏོ། །ཇི་ལྟར་སྙམ་པ་ལ་གསུངས་པ། ཐོད་པ་ཞེས་བྱ་བ་ལ་སོགས་པའོ། །འབར་ཞིང་གསལ་བ་ཞེས་པ་ནི་འབར་བ་ནི་ལུས་ཀྱིས་སོ། །གསལ་བ་ནི་སེམས་ཀྱིས་སོ། །ང་རྒྱལ་ལ་སོགས་པ་འདི་དག་གིས་ནི་གྲི་གུག་གི་དེ་ཁོ་ན་ཉིད་སྟོན་ཏེ། མགོ་ཞེས་པ་དེ་ཁོ་ན་ཉིད་

ཀྱིས་ཞེས་པའི་ཚིག་གི་ལྷག་མའོ། །ཁྲག་ནི་པདྨ་ལ་གནས་པའོ། །མྱུར་དུ་ནི་མགྱོགས་པར་རོ། །ཡན་ལག་དྲུག་བསྒོམ་ཞེས་པ་ནི་ཁ་དོག་དྲུག་གིས་ཏེ་སྙེམས་པ་དང་ལྡན་པའི་འཁོར་ལོས་སྒྱུར་བ་དྲུག་དང་མཉམ་པ་ཉིད་ཐོབ་པར་སྟོན་ཏོ། །དེ་ལྟར་ཡན་ལག་དྲུག་ཐོབ་ནས་ཡང་ཞེས་པ་ཕྱིས་

སོ། །ཁྱད་པར་གྱི་དགའ་བའི་མཐར་གྱུར་པ་དེ་ལྷན་ཅིག་སྐྱེས་པ་ཙམ་ཞེས་བྱ་བའི་དོན་ཏོ། །ལེའུ་བརྒྱད་པ་འདིར་བཅོམ་ལྡན་འདས་བདག་མེད་མའི་སྦྱོར་བ་སྐུ་གསུམ་གྱི་ངོ་བོའི་རང་བཞིན་གྱིས་གང་ལ་ཏིང་ངེ་འཛིན་གསུམ་དུ་གྱུར་པ་ཡིན་ཏེ། འདིར་བསྒོམ་པའི་དབང་དུ་བྱས་པའི་སྔགས་

པས་ནང་པར་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བདག་མེད་མའི་ས་བོན་འོད་ཟེར་གྱི་ཕྲེང་བ་དང་བཅས་པ་དམིགས་ཏེ། གདོང་པ་བཀྲུ་བ་ལ་སོགས་པ་བྱས་ལ་བདག་ཉིད་དང་གནས་དང་རྣལ་འབྱོར་བསྲུངས་ནས་བསམ་གཏན་གྱི་གནས་སུ་ཞུགས་ཏེ་སྟན་བདེ་བ་ལ་འདུག་ནས་རང་གི་སྔགས་ཀྱིས་

ཨརྒྷཾ་ལ་ཡོངས་སུ་བསྔགས་པ། སྔགས་པས་དེ་བཞིན་གཤེགས་པ་ཐམས་ཅད་སྡུད་པར་བྱེད་པ་བདག་མེད་མའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་དམིགས་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ། །གཽ་རཱི་རི་དགས་མཚན་མ་འཛིན། །

Vol. 4 · folio 252a

རྐུན་མའི་ཕྱག་ན་ཉི་མའི་སྣོད། །རོ་ལངས་མ་ཡི་ལག་ན་ཆུ། །གྷསྨ་རཱི་ཡི་ལག་ན་སྨན། །བུཀྐ་སཱི་ལག་རྡོ་རྗེ་འཛིན། །རི་ཁྲོད་མ་ཡི་ལག་ན་རོ། །གཏུམ་མོ་ཅང་ཏེའུ་རྡུང་བར་བྱེད། །གཡུང་མོས་མགུལ་ནས་འཁྱུད་པ་ཡིན། །དེའི་མདུན་དུ་སྡིག་པ་བཤགས་པ་ལ་

སོགས་པ་བྱ་སྟེ། བདག་གིས་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱིའོ། །འཕགས་པ་དང་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་

སུ་མཆིའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་སྐལ་བ་ཇི་ལྟ་བར་དེ་རྣམས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བདེ་བ་ཐོབ་པར་འདོད་

པའི་བྱམས་པ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ལ་སྙིང་རྗེས་སྡུག་བསྔལ་ཐམས་ཅད་བསལ་བར་བྱའོ། །དེ་ནས་དེ་རྣམས་དགའ་བ་དང་བདེ་བ་དང་མི་འབྲལ་བར་བྱའོ། །དེ་ནས་དེ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཉེ་བར་གཏོད་པའི་བཏང་སྙོམས་སོ། །དེ་ནས་ཆོས་

ཐམས་ཅད་སེམས་སྣང་བ་ལས་བྱུང་བ་སྟེ། འདི་དག་ཐམས་ཅད་བདེན་པ་མ་ཡིན་ཡང་སེམས་ཉིད་གཟུང་བ་དང་འཛིན་པའི་དོན་དུ་འཁྲུལ་ནས་སྣང་བ་བྱུང་སྟེ་རྨི་ལམ་ལྟ་བུའོ། །ཞེས་ངེས་པར་འཁྲུལ་བ་དང་བྲལ་བར་བྱ་བའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པའི་དོན་དུ་སྣང་བ་རྣམས་བསལ་ནས་

དེ་སྣ་ཚོགས་སུ་སྣང་བའི་བདག་ཉིད་དང་བྲལ་བའི་བདག་ཉིད་ཀྱི་སེམས་སྟོན་ཀའི་ཉི་མའི་གུང་ལ་རྡུལ་མེད་པའི་ནམ་མཁའ་ལྟར་མཐའ་ཡས་ཤིང་གསལ་ལ་སྣང་བ་མེད་པར་བསྒོམ་མོ། །འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དང་གཙོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འདི་ཉིད་མཆོག་ཏུ་

སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །འདི་སྒོམ་པའི་སྔགས་བྱིན་གྱིས་བརླབ་པ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །དེའི་རྗེས་ལ་རཾ་ལས་ཉི་མ་མདུན་དུ་བསྒོམ་པར་བྱ། །ཉི་མ་དེར་ནི་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྣམ་པར་བསྒོམ་པར་བྱ། །ར་བ་དང་ནི་དྲ་བ་

Vol. 4 · folio 252b

བཅིང་བར་བྱ། །དེ་ནས་སྟོན་གྱི་ཟླ་བ་ལྟར་དཀར་ཞིང་གྲུ་གསུམ་གྱེན་དུ་གནས་པ་ནང་སྟོང་པ་ཆོས་ཀྱི་འབྱུང་གནས་ཆེན་པོའི་ཕྱག་རྒྱ་བསྒོམ་པར་བྱའོ། །དེའི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་སེར་པོའོ། །དེའི་སྟེང་དུ་ཆུའི་དཀྱིལ་འཁོར་དཀར་ཞིང་ཟླུམ་པོའོ། །དེའི་སྟེང་དུ་མེ་དམར་

ཞིང་ཟུར་གསུམ་པའོ། །དེའི་སྟེང་དུ་རླུང་གནག་ཅིང་གཞུ་ལྟ་བུའོ། །དེ་རྣམས་ཡོངས་སུ་གྱུར་བ་ལས་སྣ་ཚོགས་པདྨ་རྒྱ་ཆེ་ཞིང་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བརྟེན་པའི་གཞལ་ཡས་ཁང་མཆོག་ཏུ་འབར་ཞིང་རིན་པོ་ཆེ་སྣ་ལྔ་ལས་བྱུང་བ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་

པ་སྟེ། །ཁ་ཁྱེར་བཞི་ཡིས་བསྐོར་བ་ལ། །བརྒྱད་གཉིས་ལྷ་མོས་མཆོད་པར་བྱེད། །དྲ་བ་དྲ་བ་ཕྱེད་པས་སྤྲས། །རྡོ་རྗེའི་ཐིག་གིས་བརྒྱན་པ་སྟེ། །རླུང་གིས་བསྐྱོད་པའི་བ་དན་ནི། །སྣ་ཚོགས་རྩེ་མོའི་དྲིལ་སྒྲ་སྒྲོགས། །དེའི་ནང་གི་རིམ་པ་ལ་པདྨ་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །

དེའི་ལྟེ་བ་དང་ཕྱོགས་ཀྱི་འདབ་མ་རྣམས་ལ་རོའི་གདན་ལྔ་བསམ་པར་བྱའོ། །ཕྱི་རོལ་གྱི་རིམ་པའི་མཚམས་བཞི་དང་སྒོ་བཞི་རྣམས་དང་། འོག་ཏུ་གཅིག་དང་སྟེང་དུ་གཅིག་གོ། །དེའི་རོའི་གདན་དབུས་མའི་སྙིང་གར་སྔོན་དུ་བསྒོམས་པའི་སྒོམ་པ་པོའི་སེམས་མཐའ་ཡས་ཤིང་ཤེལ་ལྟར་གསལ་བར་

དབྱངས་ཡིག་བཅོ་ལྔའི་ཕྲེང་བའི་གཟུགས་སུ་བསྡུས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ་གང་བར་བསྒོམ་པར་བྱའོ། །དེའི་སྟེང་དུ་གསལ་བྱེད་སུམ་ཅུ་རྩ་བཞིའི་ཕྲེང་བ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་ཏོ། །དེའི་སྟེང་དུ་ཨ་ལས་གྲི་གུག་གོ། །དེའི་དབུས་སུ་ཨའོ། །ཨ་དེ་ལས་དེ་བཞིན་གཤེགས་

པ་ཐམས་ཅད་རྣལ་འབྱོར་མ་བཅོ་ལྔའི་གཟུགས་སུ་སྤྲོས་ལ་དེ་དག་དེ་ཉིད་དུ་བསྡུས་ནས་ཟླ་བ་དང་ཉི་མ་དང་གྲི་གུག་དང་ས་བོན་དུ་གྱུར་པ་ལས་བཅོམ་ལྡན་འདས་བདག་མེད་མ་བསྒོམ་པར་བྱའོ། །ཁ་དོག་ནག་མོ་དྲག་ཆེན་མོ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །འཁོར་ལོ་སྙན་ཆ་ནོར་བུ་

དང་། །ཕྱག་གདུབ་དང་ནི་སྐེ་རགས་དང་། །སྟག་ལྤགས་སྨད་གཡོགས་འོད་འབར་བ། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །ཕྱག་གཉིས་པ་ལ་ཞལ་གཅིག་ལྡན། །ཁྲོ་གཉེར་བསྡུས་ཤིང་སྤྱན་མིག་དམར། །གཡོན་ན་ཐོད་པ་ཁ་ཊྭཱཾ་ག །ཕྱག་གཡས་ན་ནི་གྲི་གུག་བསྣམས། །ཕྱེད་

Vol. 4 · folio 253a

སྐྱིལ་བྱས་པའི་གར་གྱིས་བཞུགས། །ཟླ་བའི་གདན་དང་ཟླ་བའི་འོད། །འཁོར་ལོ་བཞི་ཡིས་པདྨ་ལ། །ཡི་གེ་བཞི་ཡིས་མཛེས་པར་བྱས། །ནུ་བར་ཟླ་བའི་གྲི་གུག་ལ། །ས་བོན་འོད་ཟེར་ལྡན་པར་གནས། །དབང་པོའི་རྣལ་འབྱོར་ཞེས་བྱ་བ་དང་པོའི་ཏིང་

ངེ་འཛིན་ཏེ་ངོ་བོ་ཉིད་ཀྱི་སྐུའོ། །དེའི་འོག་ཏུ་སྙིང་གའི་མཚན་མ་ལ་གནས་པའི་ས་བོན་ལས་ཟླ་བའི་དཀྱིལ་འཁོར་བཅུ་བཞི་བཏོན་ཏེ་རོ་སོ་སོའི་སྙིང་གར་དགོད་དོ། །ས་བོན་དེ་ཉིད་ལས་ཉི་མའི་དཀྱིལ་འཁོར་བཅུ་བཞི་སྤྲོས་ལ་ཟླ་བ་དེ་རྣམས་ཀྱི་སྟེང་དུ་དགོད་དོ། །ཟླ་བ་དང་ཉི་མ་སྦྱར་བའི་ཉི་

མའི་ཐོག་ཏུ་ས་བོན་རྣམས་དགོད་དོ། །དེ་ལ་ནང་གི་རིམ་པའི་ཤར་ལ་སོགས་པའི་ཉི་མ་རྣམས་ལ་གོ་རིམས་བཞིན་དུ་ཨཱ་ཨི་ཨཱི་ཨུའོ། །ཕྱིའི་རིམ་པའི་གྲྭ་མཚམས་རྣམས་སུ་ཉི་མ་རྣམས་ལ་རིམ་པ་བཞིན་དུ་ཨཱུ་རྀ་རཱྀ་ལྀའོ། །ཤར་ལ་སོགས་པའི་སྒོའི་ཉི་མ་རྣམས་ལ་ལཱྀ་ཨེ་ཨཻ་ཨོའོ། །

འོག་དང་སྟེང་གི་ཉི་མ་ལ་ཨཽ་དང་ཨཾ་ངོ་། །སོ་སོའི་ས་བོན་ལས་བྱུང་བའི་གྲི་གུག །དེའི་དབུས་སུ་ས་བོན་དེ་ཉིད་དོ། །དེ་ནས་སྤྲོས་ཤིང་བསྡུས་ནས་ཟླ་བ་དང་ཉི་མ་དང་གྲི་གུག་དང་ས་བོན་གྱུར་པ་དེ་ལས་ལྷ་མོ་བཅུ་བཞི་སྟེ་ཐམས་ཅད་བདག་མེད་རྣལ་འབྱོར་མ་ཇི་ལྟ་བ་བཞིན་དུའོ། །ཕྱོགས་

ཀྱི་འདབ་མ་རྣམས་ལ་རྡོ་རྗེ་མ་དང་། གཽ་རཱི་མ་དང་། ཆུའི་རྣལ་འབྱོར་མ་དང་། རྡོ་རྗེ་མཁའ་འགྲོ་མའོ། །མཚམས་རྣམས་སུ་པུཀྐ་སཱི་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། གཡུང་མོའོ། །སྒོ་རྣམས་སུ་གཽ་རཱི་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། གྷས་མ་རཱིའོ། །ལྷ་མོ་

བཅུ་གཉིས་པོ་འདི་དག་ནི་བདག་མེད་མ་ལ་བལྟས་པའོ། །འོག་ཏུ་ནི་ས་སྤྱོད་མ་སྟེ་ཁ་འོག་ཏུ་བལྟས་པའོ། །སྟེང་དུ་མཁའ་སྤྱོད་མ་སྟེ་སྟེང་དུ་བལྟས་པའོ། །འདི་ཐམས་ཅད་ཀྱི་སྙིང་གའི་ཟླ་བ་ལ་གྲི་གུག་གི་དབུས་སུ་རང་གི་ས་བོན་རྣམས་སོ། །དེའི་འོག་ཏུ་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་

ཡེ་ཤེས་ཀྱི་དཀྱིལ་འཁོར་བཀུག་ནས་ཡི་གེ་ཧཱུཾ་གིས་བགེགས་བསྐྲད་པར་བྱའོ། །ནམ་མཁའི་དཀྱིལ་ན་བཞུགས་པ་དེ་ལ་སྔོན་ཡོངས་སུ་བཟླས་པའི་མཆོད་ཡོན་དང་ཞབས་བསིལ་རང་གི་སྔགས་ཀྱིས་དབུལ་ལོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ ཞེས་བྱ་བ་འདིས་དམ་ཚིག་གི་དཀྱིལ་འཁོར་ལ་ཡེ་

Vol. 4 · folio 253b

ཤེས་ཀྱི་དཀྱིལ་འཁོར་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་ཆུ་དང་འོ་མ་ལྟར་རོ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་བདག་ཉིད་ཀྱི་གཟུགས་ཀྱི་ཕུང་པོ་ལ་རྡོ་རྗེ་མ་དང་། ཚོར་བའི་ཕུང་པོ་ལ་གཽ་རཱི་མ་དང་། འདུ་ཤེས་ཀྱི་ཕུང་པོ་ལ་ཆུའི་རྣལ་འབྱོར་མ་དང་། འདུ་

བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་མཁའ་འགྲོ་མ་དང་། རྣམ་པར་ཤེས་པའི་ཕུང་པོ་ལ་བདག་མེད་མ་དང་། སའི་ཁམས་ལ་པུཀྐ་སཱི་དང་། ཆུའི་ཁམས་ལ་རི་ཁྲོད་མ་དང་། མེའི་ཁམས་ལ་གཏུམ་མོ་དང་། རླུང་གི་ཁམས་ལ་གཡུང་མོ་དང་། གཟུགས་ཀྱི་སྐྱེ་མཆེད་ལ་གཽ་རཱི་མ་དང་། སྒྲའི་སྐྱེ་མཆེད་ལ་ཆོམ་རྐུན་

མ་དང་། དྲིའི་སྐྱེ་མཆེད་ལ་རོ་ལངས་མ་དང་། རོའི་སྐྱེ་མཆེད་ལ་ཟ་ཕོད་མ་དང་། རེག་བྱའི་སྐྱེ་མཆེད་ལ་ས་སྤྱོད་མ་དང་། ཆོས་ཀྱི་སྐྱེ་མཆེད་ལ་མཁའ་སྤྱོད་མ་དང་། མིག་གི་སྐྱེ་མཆེད་ལ་རྡོ་རྗེ་མ་དང་། རྣ་བའི་སྐྱེ་མཆེད་ལ་བདག་མེད་མ་དང་། སྣའི་སྐྱེ་མཆེད་ལ་གཽ་རཱི་མ་དང་། ལྕེའི་སྐྱེ་

མཆེད་ལ་ཆུའི་རྣལ་འབྱོར་མ་དང་། ལུས་ཀྱི་སྐྱེ་མཆེད་ལ་རྡོ་རྗེ་མཁའ་འགྲོ་མ་དང་། ཡིད་ཀྱི་སྐྱེ་མཆེད་ལ་བདག་མེད་མ་དང་། ཞེ་སྡང་ལ་བདག་མེད་མ་དང་། གཏི་མུག་ལ་རྡོ་རྗེ་མ་དང་། འདོད་ཆགས་ལ་ཆུའི་རྣལ་འབྱོར་མ་དང་། ང་རྒྱལ་ལ་གཽ་རཱི་མ་དང་། ཕྲག་དོག་ལ་རྡོ་རྗེ་

མཁའ་འགྲོ་མའི་བདག་ཉིད་ཀྱིས་གནས་པར་བལྟའོ། །ཐམས་ཅད་ཀྱི་མགོར་ཨོཾ་དང་མགྲིན་པར་ཨཱཿསྙིང་གར་ཧཱུཾ་སྟེ་སྐུ་དང་གསུང་དང་ཐུགས་སུ་བྱིན་གྱིས་བརླབ་པའོ། །དེ་ལྟར་གཞན་རྣམས་ལ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམ་

པར་དག་པར་མོས་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་ནམ་མཁའ་ལ་བཞུགས་སུ་གསོལ་ལ། རང་གི་སྙིང་གའི་ས་བོན་ལས་མ་མོ་བརྒྱད་སྤྲོས་པས་ཡང་དག་པར་མཆོད་ལ་དབང་བསྐུར་བར་གསོལ་བ་གདབ་བོ། །དེ་

ནས་དེ་དག་གིས་ཡེ་ཤེས་ལྔའི་རང་བཞིན་གྱིས་གང་བའི་རིན་པོ་ཆེའི་བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་བ་རྣམས་ལ་དབང་བསྐུར་བར་བསམ་པར་བྱའོ། །དབང་བསྐུར་བའི་ཆུ་ལས་རིགས་ཀྱི་བདག་པོ་ལྔའི་ཕྱག་རྒྱར་གྱུར་ཏེ། སེམས་དང་རྟག་པ་རིན་ཆེན་དབང་།

Vol. 4 · folio 254a

འཇིག་རྟེན་དབང་པོ་དོན་ཡོད་ཀྱིས། །ཐུགས་དང་རྟག་པ་རིན་ཆེན་དབང་། །འཇིག་རྟེན་དབང་པོས་མཚམས་གནས་ལ། །སྒོ་སྲུང་རྣམས་ལ་དེ་བཞིན་ནོ། །གཏི་མུག་ཆགས་པ་འོག་དང་སྟེང་། །དེ་ནས་རང་གི་སྙིང་གའི་ས་བོན་ལས་མཆོད་པའི་ལྷ་མོ་བརྒྱད་ཕྱུང་

ལ་སྤྲོས་ཏེ་མཆོད་པ་བྱས་ནས་བསྡུའོ། །དེ་ལ་དང་པོ་དྲུག་གི་ཕྱག་ན་ཐོད་པར་མཆོད་པའི་རྫས་རྣམས་བསྟབས་པས་རང་གི་མཐུས་དེ་རྣམས་སུ་འགྲོ་སྟེ། དེ་ཡོངས་སུ་ལོངས་སྤྱོད་པས་མཆོད་དོ། །བརྒྱད་པ་སྨེ་མ་ནི་དཀྱིལ་འཁོར་གྱི་བདག་མོའི་མགུལ་ནས་འཁྱུད་དོ། །དེ་ལས་གཞན་

རྣལ་འབྱོར་མ་བདུན་སྤྲོས་པའི་ཚུལ་གྱིས་འཇུག་པར་བྱའོ། །དེ་ཡང་རང་གི་པདྨ་ལས་བྱུང་བའི་རྡོ་རྗེ་དང་སྦྱོར་བས་བཅོམ་ལྡན་འདས་མས་ཐམས་ཅད་ལ་ཡོངས་སུ་སྤྱོད་དོ། །ནག་པོ་དམར་པོ་དེ་ནས་སེར། །ལྗང་སྔོན་དཀར་པོའི་རིམ་པ་ཡིས། །ལྷན་ཅིག་སྐྱེས་དགའ་ཙམ་དུ་ནི། །

འཁོར་ལོའི་གཙོ་བོ་དེ་བསམ་བྱ། །དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་འོག་ཏུ་འཁོར་ལོའི་བདག་པོས་བསྐུལ་བས་ལྷ་མོ་ཐམས་ཅད་རིམ་པ་བཞིན་དུ་རང་རང་གི་སྐུ་ལས་སྤྲིན་ལྟ་བུར་སྤྲོས་པས་རྗེས་སུ་མཐུན་པར་འགྲོ་

བའི་དོན་བསྒྲུབས་ནས་སྐུ་སྤྲིན་ལྟ་བུ་རྣམས་རྩ་བའི་སྐུ་ལ་བསྡུ་བར་བྱའོ། །དེ་ལ་སྒོ་སྲུང་རྣམས་དང་ས་སྤྱོད་མས་ནི་གོ་རིམས་བཞིན་དུ་དད་པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོ་རྣམས་ལ་སེམས་ཅན་ཐམས་ཅད་འཇོག་པར་བྱེད་དོ། །མཁའ་སྤྱོད་མས་ནི་དད་

པ་དང་བརྩོན་འགྲུས་དང་དྲན་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་རྣམས་ལའོ། །པུཀྐ་སཱིས་ནི་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་རྣམས་ལའོ། །རི་ཁྲོད་མས་ནི་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་གྱུར་པ་རྣམས་ལའོ། །གཏུམ་མོས་ནི་རིང་དུ་སོང་བ་དང་མི་

གཡོ་བ་དག་ལའོ། །གཡུང་མོས་ནི་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དག་ལའོ། །ལྷག་མ་ཕུང་པོ་ལྔ་པོ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ས་ལ་སྟེ། དེ་ཡང་ཕྱོགས་ཀྱི་ལྷ་མོ་བཞིས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་ལའོ། །བཅོམ་ལྡན་འདས་ཡུམ་བདག་མེད་མ་ཉིད་ཀྱིས་ནི་

Vol. 4 · folio 254b

ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལའོ། །ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བ་ཏིང་ངེ་འཛིན་གསུམ་པ་སྤྲུལ་པའི་སྐུའོ། །སྐྱོ་བ་ཡིན་ན་ངལ་ཅུང་ཟད་བསོ་ལ་འབར་བའི་སྔགས་ཀྱི་ཡི་གེ་རྣམས་སྙིང་གའི་ཟླ་བ་ལ་ཡི་གེའི་ཕྲེང་བར་ཡིད་ཀྱིས་བཀོད་པ་རྣམས་རིམ་གྱིས་གདོན་

ཅིང་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བཟླ་བར་བྱའོ། །སྔགས་ནི་དབྱངས་ཡིག་བཅོ་ལྔའི་མཐར་སྭཱ་ཧཱ་དང་ལྡན་པའོ། །དེ་ནས་ཚིགས་སུ་བཅད་པ་གཉིས་ཀྱིས་བསོད་ནམས་ཡོངས་སུ་བསྔོ་བར་བྱ་སྟེ། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་

གིས་དགེ་བ་འདི་ཐོབ་སྟེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་སྤྱོད་གང་དང་། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེ་སྔགས་པ་ཡི། །སྤྱོད་པ་དེ་ཉིད་བདག་སྤྱོད་ཤོག །དེ་ནས་རང་གི་སྙིང་གའི་ས་བོན་གྱི་གཟུགས་ལ་དཀྱིལ་འཁོར་གྱི་ལྷ་

རྣམས་བཅུག་སྟེ། ལངས་ལ་ཇི་ལྟར་བདེ་བར་རང་གི་ལྷའི་ང་རྒྱལ་གྱིས་རྒྱུ་བར་བྱའོ། །ཐུན་མཚམས་གཞན་ལ་བསྒོམ་པའི་གནས་སུ་ཞུགས་ལ་སྟན་བདེ་བ་ལ་འདུག་ནས་བདག་ཉིད་བདག་མེད་མའི་རང་བཞིན་དུ་བྱས་ལ། རང་གི་སྙིང་གའི་སྔགས་ལས་གནས་ཇི་ལྟ་བ་བཞིན་དུ་ལྷ་མོ་བཅུ་བཞི་

སྤྲོས་ཏེ་བཞུགས་པར་དམིགས་ལ། བདག་ཉིད་དང་དེ་རྣམས་མཉམ་པར་ཕུང་པོ་ལ་སོགས་པ་རྣམ་པར་དག་པ་དང་། ཡི་གེ་གསུམ་གྱི་བྱིན་གྱིས་བརླབ་པར་མོས་པར་བྱ་བ་དང་། སྔོན་བཞིན་དུ་དབང་བསྐུར་བ་ལ་སོགས་པ་ཡོངས་སུ་བསྔོ་བའི་མཐར་ཐུག་པའི་བར་དུ་བྱའོ། །དེ་བཞིན་

དུ་དཀྱིལ་འཁོར་ལས་ལངས་ནས་ལྷའི་ང་རྒྱལ་དང་བཅས་པས་ཐམས་ཅད་བྱའོ། །སྔགས་འདིས་གཏོར་མ་ཡང་སྦྱིན་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨཱདྱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་སོ། །ཐུན་མཚམས་སུ་མཆོད་ཡོན་ཕུལ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་

གསོལ་ཏོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །གྲུབ་པའི་ཚུལ་བཞིན་སྩལ་ལགས་ཀྱི། སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འགྲོ་བའི་དོན་དུ་གཤེགས། ཨོཾ་མུཿཞེས་བརྗོད་དོ། །དེ་ནས་དམ་ཚིག་གི་དཀྱིལ་འཁོར་ནང་དུ་བཅུག་སྟེ་གནས་དང་རྣལ་

Vol. 4 · folio 255a

འབྱོར་དང་བདག་ཉིད་བསྲུང་བར་བྱའོ། །ཉལ་བའི་དུས་སུ་ལྷན་ཅིག་སྐྱེས་པ་ཙམ་ལྷག་པར་མོས་པར་བྱས་ལ་གཉིད་ལོག་གོ། །དེ་ལྟར་ཉི་མ་རེ་རེ་བྱའོ། །དེ་ལྟར་རིམ་པ་གཉིས་ལས་གཅིག་བསྟན་ནས། གཉིས་པའི་གནས་སྐབས་གསུངས་པ། རིམ་པ་

ཞེས་བྱ་བ་ལ་སོགས་པའོ། །རིམ་པ་དང་རྣམ་པ་དང་ཆ་དང་ཕྱོགས་ཞེས་པ་ནི་རྣམ་གྲངས་སོ། །ཅིའི་རིམ་པ་ཞེ་ན། རྣལ་འབྱོར་གྱི་སྟེ་སྔགས་དང་མཚན་མ་ལ་སོགས་པའི་རིམ་གྱིས་ལྷའི་རྣམ་པར་བསྐྱེད་པ་ནི་རྣལ་འབྱོར་པའི་བསྐྱེད་པ་སྟེ། དེ་གང་ལ་ཡོད་པ་ནི་བསྐྱེད་པའི་རིམ་པའོ། །རྫོགས་

པ་ནི་ལྷན་ཅིག་སྐྱེས་པ་སྟེ་སྒྲུབ་པ་པོ་ལ་སོགས་པའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །དེ་ཉིད་ལྷ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་མོས་ཏེ། གང་དུ་རྣལ་འབྱོར་པས་བསྒོམ་པར་བྱ་བ་དེ་རྫོགས་པའི་རིམ་པའོ། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་སྟོན་ཏོ། །ཞེས་

བྱ་བ་ལ། རྡོ་རྗེ་ཅན་ནི་སངས་རྒྱས་རྣམས་སོ། །ཆོས་སྟོན་ཞེས་པ་ནི་རྣལ་འབྱོར་སྟོན་ཏོ། །དེ་ལ་མཁའ་དབྱིངས་ཞེས་པའི་ཚིགས་སུ་བཅད་པ་འདིས་བསྐྱེད་པའི་ཆ་དང་བསྐྱེད་པའི་ཕྱོགས་གསུངས་ནས་རྫོགས་པའི་རིམ་པ་སྟོན་ཏོ་ཞེས་དོན་གྱིས་ཤེས་པར་བྱ་སྟེ། དེ་གསུངས་པ། མཁའ་དབྱིངས་ཞེས་

བྱ་བ་ལ་སོགས་པ་ལ། པདྨོ་སྟེ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་པདྨའོ། །ཡེ་ཤེས་ཞེས་བྱ་བ་ནི་སྦྱོར་བའི་ལམ་གྱི་རང་བཞིན་རྡོ་རྗེའོ། །བསྒོམ་པ་ཞེས་པ་ནི་བཞུགས་པར་བྱའོ། །འདི་གསུམ་ནི་དང་པོའོ། །ལྷན་ཅིག་སྐྱེས་པ་གཉིས་ནི་མཐའོ། །འདི་གཉིས་ཀྱི་དབུས་སུ་བསྒོམ་པར་བྱ་

བ་ནི་མཉམ་པར་གཞག་པས་འབད་དེ་བསྒྲུབ་པར་བྱ་ཞིང་བསྐྱོད་པར་བྱ་བ་ནི་སྙོམས་པར་འཇུག་པ་སྟེ་དེ་བསྒོམ་པའོ། །བསྒོམས་པའི་འབྲས་བུ་ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་པོ་དེ་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་གསུངས་སོ། །དེ་ལ་འདིའི་དོན་ནི་ཚུལ་ཇི་བཞིན་ཞེས་པས་གང་

བདེ་བ་ཕུལ་དུ་བྱུང་བ་ཉིད་དང་མ་འཁྲུལ་བ་ཡིན་ནོ། །སྔོན་དུ་ཞེས་པ་ནི་རྒྱུའོ། །དེའི་འཁོར་ལོ་ནི་རྣལ་འབྱོར་མའི་འཁོར་ལོའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །གང་ཡང་ཇི་ལྟར་འབྱུང་བ་ནི་རྒྱུའི་སྟོབས་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཏེ་ལྷའོ། །ནམ་ཞེས་པའི་སྒྲས་ནི་ཐམས་ཅད་ལ་སྨོན་པར་

Vol. 4 · folio 255b

བྱེད་པའི་ཚིག་སྟེ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་ལྷ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཞེས་བྱ་བའི་བར་རོ། །འདི་ཉིད་ཀྱི་བཤད་པ་དེའི་ཞེས་བྱ་བ་ལ་སོགས་པའོ། །དེ་བསྒོམས་པས་སྐྱེས་པའི་བདེ་བ་དེ་ནི་དེའི་བདེ་བའོ། །འཁོར་ལོར་བརྗོད་ཅེས་པ་ནི་རྣལ་འབྱོར་

མའི་འཁོར་ལོར་བཤད་པའོ། །ཤེས་རབ་མཆོག་གི་རང་བཞིན་དེས་དེ་དང་དེ་རྣམས་བསྡུས་སོ། །བདེ་བ་དེ་ཇི་ལྟ་བུ་ཞེ་ན། གསུངས་པ་ཚུལ་ཇི་བཞིན་ཞེས་པ་སྟེ། མ་འཁྲུལ་བ་ཕུལ་དུ་བྱུང་བ་ཞེས་པའི་དོན་ཏོ། །དེ་ཉིད་བཤད་པ་ནི་རང་རིག་ཅེས་པའོ། །འདིར་རིག་ཅེས་བྱ་

བའི་སྒྲས་ནི་བསྒྲུབ་བྱའི་བདེ་བ་མངོན་དུ་གྱུར་པར་གསུངས་ཏེ། ཡང་དག་པ་མངོན་དུ་མ་གྱུར་པ་ནི་རིག་པར་མི་རུང་བས་སོ། །ཡང་དག་པའི་སྒྲས་ནི་ཡང་དག་པའི་དོན་ཉིད་དང་ཕུལ་དུ་བྱུང་བ་ཞེས་བྱ་བའི་དོན་ཏོ། །རང་ཞེས་བྱ་བའི་སྒྲས་མ་འཁྲུལ་བ་དེ་ཉིད་དེའི་རང་བཞིན་གྱིས་རིག་པ་སྟེ།

འཁྲུལ་བས་སྒྲོ་བཏགས་པ་ནི་མ་ཡིན་པའོ་ཞེས་བྱ་བར་གནས་སོ། །ལྷ་རྣམས་ཞེས་པ་ནི་དེའི་རྗེས་སུ་བསྟན་པ་སྟེ། ལྷ་ཞེས་པ་ནི་དེ་ལ་སྟོན་པའི་དོན་དུ་གསུངས་པའོ། །བྱང་ཆུབ་སེམས་ཞེས་པ་ནི་དེ་ཉིད་རང་ཡང་དག་པར་རིག་པ་ཆོས་སྐུའི་ངོ་བོ་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་རྒྱུ་མཐུན་པའི་

སེམས་ནི་བྱང་ཆུབ་སེམས་ཏེ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཤིན་ཏུ་ཕྲ་བའི་རྣམ་པར་སྦྱོར་བ་རྡོ་རྗེ་འཛིན་པའི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ཅི་ཞེ་ན་གསུངས་པ། ཇི་ལྟར་འབྱུང་བ་ཞེས་པ་སྟེ། དོན་ཇི་ལྟ་བར་འབྱུང་བ་ནི་རྣམ་པ་དང་བཅས་པ་ཉིད་ཡིན་ཡང་དོན་དུ་མངོན་པར་ཞེན་པ་མེད་པ་

ཉིད་དོ། །དེ་ཡང་གང་ཞེ་ན། གསུངས་པ། ཁུ་བ་ཞེས་པ་སྟེ། ཅིར་འགྱུར་ཞེ་ན། དེ་ལས་ཏེ་རྒྱུ་དེ་ལས་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བ་གཉིས་སོ། །གལ་ཏེ་ལྷན་ཅིག་སྐྱེས་པ་གང་ཡིན་པ་དེའི་ཚེ་བུད་མེད་དང་སྐྱེས་པ་ལ་ཇི་ལྟར་འགྱུར་ཞེ་ན། གསུངས་

པ། བཙུན་མོ་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཅེས་པ་ནི་བདུན་པའོ། །དགའ་བ་རྣམ་པ་གཉིས་ཇི་ལྟར་སྙམ་པ་ལ། གསུངས་པ། དོན་དམ་ཀུན་རྫོབ་དབྱེ་བ་ལས། །ཞེས་པའོ། །རང་གིས་ཡང་དག་པར་རིག་པ་དོན་དམ་པ་སྟེ་སྣང་བ་མེད་པ་ཉིད་དང་སྒྲིབ་པ་མེད་པ་ཉིད་དོ། །

Vol. 4 · folio 256a

ཀུན་རྫོབ་ནི་ཇི་ལྟར་འབྱུང་བ་སྟེ། རྣམ་པའི་ཆ་དང་ཅུང་ཟད་སྒྲིབ་པ་ཅན་ཉིད་དོ། །དེ་ཉིད་ཀྱི་ཞེས་པ་གཉིས་ལ་རྣམ་པ་གཉིས་གཉིས་སོ། །བཞི་ཞེས་པ་རྣམ་པ་བཞིའོ། །རབ་ཏུ་དབྱེ་བ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྤྱིར་རབ་ཏུ་དབྱེ་བའོ། །འོ་ན་རྣམ་པ་

གཞན་དུ་ཡང་དགའ་བ་བཞི་བརྗོད་དེ། དགའ་བ་དང་མཆོག་ཏུ་དགའ་བ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱ་བ་འདི་དང་། རྣམ་པ་གཞན་དུ་བརྗོད་པ་དེ་ཇི་ལྟར་ན་མི་འགལ་སྙམ་པ་ལ་གསུངས་པ། ལྷན་ཅིག་སྐྱེས་པ་ཞེས་པ་ལ་སོགས་པའོ། །དགའ་བ་

དང་། མཆོག་ཏུ་དགའ་བ་ལ་སོགས་པ་བཞི་ནི་བསྐྱེད་པའི་རིམ་པའི་ཕྱོགས་ལ་བསྒོམ་པར་བྱ་སྟེ། རྫོགས་པའི་རིམ་པ་ལ་ནི་ལྷན་ཅིག་སྐྱེས་པ་གཅིག་ཉིད་རྣམ་པ་བཞིར་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །དེ་ལྟར་ལྷན་ཅིག་སྐྱེས་པ་རྣམ་པ་གཉིས་རྣམ་པ་བཞིར་ཡང་བསྟན་ཏོ། །སྤྱིར་རྣམ་པ་གསུམ་

དུ་ཡང་གསུངས་ཏེ། དགའ་བ་དང་པོ་དཔའ་བོ་སྒྲུབ་པ་པོ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དག་ལ་མཆོག་ཏུ་གཞོལ་བའི་དོན་དུ་བརྩོན་འགྲུས་བརྩམས་པ་ཉིད་ཀྱིས་སོ། །དེ་ཉིད་དགའ་བ་སྟེ། དགའ་བ་ལས་བདེ་བ་ལ་སྤྱོད་པར་བྱེད་པ་པོ་གུད་ན་མེད་པའི་ཕྱིར་རོ། །མཆོག་ཏུ་

དགའ་བ་རྣལ་འབྱོར་མ། །ཞེས་བྱ་བ་ནི། ཤིན་ཏུ་དགའ་བ་དོན་དུ་གཉེར་བས་སོ། །ཤིན་ཏུ་དགའ་བ་ཞེས་པ་ནི་གསུམ་པོ་སྟེ། ཐུན་མོང་པ་ཉིད་ཀྱིས་གཅིག་ཏུ་བགྲངས་པའོ། །མ་ལུས་ཉིད་ཅེས་པ་ནི་གསུམ་པོ་ཐམས་ཅད་ཉིད་དུ་ཞེས་པའི་དོན་ཏོ། །དེ་ཉིད་གསུངས་པ། དེ་ཞེས་པ་ལ་

སོགས་པའོ། །བསྒོམས་པ་ལས་སྐྱེས་པའི་བདེ་བ་དེ་བདེ་བའོ། །ཐབས་ནི་བསྒོམ་པའོ། །ཐམས་ཅད་རིག་པ་ནི་ལྷའོ། །བསྐྱེད་པའི་རིམ་པ་ལ་དགའ་བ་བཞི་བསྒོམ་པར་བྱ་བ་ནི་དགའ་བའི་རང་བཞིན་དེ་དག་རིམ་གྱིས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་རིགས་པའོ། །རྫོགས་པའི་རིམ་

པ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་ཉིད་བསྒོམ་པར་བྱའོ་ཞེས་པ་ལ། འདིར་རིགས་པ་གསུམ་ཚིགས་སུ་བཅད་པ་གསུམ་གྱིས་གསུངས་པ། དགའ་བ་ཞེས་པ་ལ་སོགས་པའོ། །འདིའི་བསྡུས་པའི་དོན་ནི་འདིར་རང་གི་རིགས་པ་ཉིད་བདེ་བ་ནམ་མཁའ་དང་མཉམ་པ་དེ་ནི་

Vol. 4 · folio 256b

བསྒྲུབ་པར་བྱའོ། །དེ་ཡང་གང་ཞེ་ན། གང་ཇི་ལྟ་བའི་དོན་དང་། ཕུལ་དུ་བྱུང་བ་དང་། མངོན་དུ་གྱུར་པ་སྟེ། རང་གི་སྒྲ་དང་ཡང་དག་པའི་སྒྲ་དང་། རིགས་པའི་སྒྲས་རིམ་པ་བཞིན་དོན་གསུམ་དུ་གསུངས་སོ། །འདི་གསུམ་ཡང་ལྷན་ཅིག་སྐྱེས་པའི་ཉིད་ལ་ཡོད་པ་ཡིན་ཏེ། དེ་

ཉིད་རྟག་ཏུ་བསྒོམ་པར་བྱའོ། །གཞན་ནི་བསྒོམ་པར་བྱ་བ་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །དེ་ལ་དགའ་བ་གསུམ་ཚིགས་སུ་བཅད་པ་གསུམ་གྱིས་གོ་རིམས་བཞིན་དུ་ཕུལ་དུ་བྱུང་བ་མ་ཡིན་པ་ཉིད་དང་འཁྲུལ་པ་དང་། འདོད་པ་མངོན་དུ་བྱེད་པ་མ་

ཡིན་པར་གསུངས་པ། ཅུང་ཟད་ཅེས་པ་ནི་ཆུང་བ་དང་དམན་པ་དང་ཕུལ་དུ་བྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ལྷག་པ་ཉིད་ནི་དགའ་བ་དེ་ལས་མཆོག་ཏུ་དགའ་བ་ལྷག་པ་སྟེ། བར་མ་ཉིད་ཀྱིས་ཕུལ་དུ་བྱུང་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཆགས་བྲལ་ནི་རྒྱབ་ཀྱིས་ཕྱོགས་པ་སྟེ། དེས་

ན་ཁྱད་པར་གྱི་དགའ་བ་དམན་པ་ཉིད་དེ། བདེ་བ་དང་སྡུག་བསྔལ་བ་འདྲེན་པ་ཉིད་ཅེས་བྱ་བའི་དོན་ཏོ། །ལྷག་མ་ཞེས་བྱ་བ་ཀུན་གྱི་ལྷག་མའོ། །ལྷན་ཅིག་སྐྱེས་དགའ་ཞེས་པ་ནི་ལྷན་ཅིག་སྐྱེས་དགའ་ཉིད་དེ་བསྒོམ་པར་བྱ་ཞེས་པ་གཞན་དང་སྦྱར་རོ། །འདོད་པ་ཞེས་པ་ནི་འདུན་པ་དང་སྨོན་

པ་ཞེས་རྣམ་གྲངས་སོ། །དེ་ཡང་རྣམ་པར་རྟོག་པ་ཉིད་ཀྱི་ཕྱིར་འཁྲུལ་པའོ། །དེ་བས་ན་དང་པོ་དེ་དག་འདོད་པ་དང་བཅས་པས་འཁྲུལ་པའོ། །རེག་པ་ནི་པདྨ་ལའོ། །འདོད་པ་ཞེས་པ་ནི་ལྡན་པས་ཞེས་པ་ཚིག་གི་ལྷག་མའོ། །ཚིགས་སུ་བཅད་པ་དང་པོ་ལས་བསྟན་པའི་རིམ་གྱིས་ཁྱད་པར་གྱི་

དགའ་བ་གསུམ་པ་ཡིན་ལ། བཞི་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་གྱི་སྐྱེ་བའི་རིམ་པས་ནི་མ་ཡིན་ནོ། །འདོད་ཆགས་ཀྱི་སྒྲས་ཕུལ་དུ་བྱུང་བའི་བདེ་བ་ཙམ་གསུངས་ཏེ་ཆགས་པའི་གནས་ཡིན་པའི་ཕྱིར་རོ། །དེ་འཇིག་པ་ནི་མེད་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་ལས་བྱུང་བས་

ན་དེས་མཚོན་པར་བྱེད་པ་སྟེ་དེས་མཚོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཁྱད་པར་གྱི་དགའ་བ་ནི་བདེ་བ་དམ་པ་མི་འཇིག་པའི་མཚན་ཉིད་བདེ་བ་དམ་པ་བདག་གིས་མྱོང་ངོ་ཞེས་དེ་ལས་འདས་པའི་བདེ་བ་དྲན་པར་བྱེད་པ་རྣམ་པར་རྟོག་པའི་རང་བཞིན་ཉིད་ཀྱིས་འཁྲུལ་ཞེས་བྱ་བའི་དོན་

Vol. 4 · folio 257a

ཏོ། །སྲིད་པ་ནི་འབྱུང་བར་འགྱུར་བས་ན་སྲིད་པ་སྟེ། ནུས་པ་ཐོགས་པ་མེད་པའི་རྒྱུ་ཞེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འཇིག་པའོ། །དབུ་མ་ཞེས་པ་ནི་དབུས་ཏེ་བར་ཆད་དོ། །དེ་འདི་ལ་ཡོད་པས་ན་དབུ་མ་སྟེ། དབུས་ནི་བར་དང་བཅས་

པ་དང་། ཆོད་པར་བྱེད་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདིའི་དོན་མཆོག་ཏུ་དགའ་བའི་དུས་ལ་ཡང་ཕུལ་དུ་བྱུང་བའི་བདེ་བ་མངོན་དུ་བྱེད་པ་མ་ཡིན་ཏེ། དེ་དེའི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཁྱད་པར་གྱི་དགའ་བའི་དུས་ལ་ཡང་དེ་མངོན་དུ་བྱེད་པ་མ་ཡིན་ཏེ་ཞིག་པ་ཉིད་དོ། །དགའ་བའི་དུས་ལ་

ཤིན་ཏུ་ཡང་ལྷག་པར་མངོན་དུ་འགྱུར་བ་མ་ཡིན་ཏེ་རྒྱུའི་རྒྱུ་ཉིད་དོ། །འདི་རྣམས་ཀྱིས་ཞེས་པ་གསུམ་གྱི་མངོན་དུ་འགྱུར་བ་མ་ཡིན་སྟེ། ཕུལ་དུ་བྱུང་བའི་བདེ་བའི་རང་བཞིན་དུ་དེ་སྐྱེས་པས་སོ། །གལ་ཏེ་དེ་ལྟ་ན་བསྐྱེད་པའི་རིམ་པ་ལ་ཡང་གཞི་གང་གི་ཕྱིར་བསྒོམ་པར་བྱ་ཞེ་ན། གང་དང་

གང་དགའ་བ་མངོན་དུ་འགྱུར་བ་སྟེ་དེ་དང་དེས་ཉེ་བར་མཚོན་པར་བྱེད་པས་སོ། །དེ་གང་གི་ཕྱིར་རྫོགས་པའི་རིམ་པ་གཅིག་པུ་ཞེ་ན། འདི་རྟག་ཏུ་ལྷག་པར་མོས་པའི་གཙོ་བོ་ཉིད་དེ། ལྷན་ཅིག་སྐྱེས་པ་ཉིད་མངོན་དུ་བྱེད་པའི་རྒྱུའི་ཕྱིར་རོ། །དེ་ལྟར་ན་ལྷན་ཅིག་སྐྱེས་པའི་ཉེ་

བར་བསྟན་པ་ཙམ་གྱིས་བདག་གི་བྱ་བ་བྱས་པ་སྟེ་བསྒོམ་པར་བྱ་བ་དོན་མེད་དོ་སྙམ་དུ་ཁ་ཅིག་སེམས་ན། དེ་བས་ན་དེའི་ལན་གསུངས་པ། གཞན་གྱིས་བརྗོད་མིན་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱིས་བརྗོད་མིན་ཞེས་པ་ནི་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པས་ཀྱང་ངོ་། །གང་

གིས་ཀྱང་ནི་ཡོངས་མི་རྙེད། །ཅེས་པ་ནི་ས་བཅུའི་དབང་ཕྱུག་གིས་ཀྱང་ངོ་། །སོ་སོ་རང་གིས་རིག་པར་བྱ་བ་དང་། དེ་དག་གི་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་ཉིད་ཅེས་བྱ་བར་དགོངས་སོ། །དེའི་ཚེ་དེ་སྟོན་པ་དང་ཉན་པ་ཇི་ལྟར་སྙམ་པ་ལ། དེ་ནི་བརྗོད་པའི་ཀུན་རྫོབ་ཡིན་གྱི་

རང་གི་ངོ་བོས་ནི་མ་ཡིན་ཏེ། ལྷ་དང་དམྱལ་བའི་བདེ་བ་དང་སྡུག་བསྔལ་བསྟན་པ་ན་ཐོས་པ་བཞིན་ནོ། །གང་གི་ཚེ་དེ་མངོན་སུམ་དུ་གྱུར་པ་དེའི་ཚེ་རང་བཞིན་གྱིས་རིག་སྟེ་དེའི་ཚེ། ཡང་བདག་ཉིད་ཀྱིས་རིག་སྟེ། གཞན་གྱི་ཚིག་གིས་མ་ཡིན་ནོ། །དེ་ཉིད་གསུངས་པ། རང་ཉིད་ཀྱིས་ནི་ཤེས་

Vol. 4 · folio 257b

པར་འགྱུར། །ཞེས་སོ། །དེ་བས་ན་བསྒོམས་པ་དོན་མེད་པ་མ་ཡིན་ཏེ། སྒོམ་པ་ཡོངས་སུ་རྫོགས་པ་མེད་ན་དེ་མངོན་སུམ་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་གསུངས་པ། སྲིད་པའི་ཟུག་རྔུ་འབྱིན་པ་ཡི། །ལམ་ནི་ང་ཡིས་ཁྱེད་ལ་བསྟན། །དེ་བཞིན་གཤེགས་པ་

སྟོན་མཛད་ཡིན། །ཁྱེད་རྣམས་རང་གིས་ནན་ཏན་གྱིས། །ཞེས་སོ། །འོ་ན་འཇིག་རྟེན་ལས་འདས་པའི་ལམ་དེ་ལ་ནི་འདི་རིགས་ན་ལྷན་ཅིག་སྐྱེས་པའི་དགའ་བ་ནི་འདོད་པ་སྤྱོད་པ་རྣམས་ཀྱིས་མངོན་སུམ་ཉིད་དེ། དེ་ལ་མན་ངག་ཀྱང་དོན་མེད་ན་བསྒོམ་པ་ལྟ་ཅི་སྨོས། མངོན་སུམ་གྱི་དོན་

ལ་གཞན་གྱི་མན་ངག་གིས་ཅི་ཞིག་བྱ་ཞེ་ན་དེས་ན་གསུངས་པ། བསོད་ནམས་ཞེས་བྱ་བ་ལ་སོགས་པའོ། །འདི་ལྟར་དགོངས་ཏེ། འདིར་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་དེ་གྲུབ་པའི་ཕྱིར་དང་། གོང་ནས་གོང་དུ་ལྷའི་འཇིག་རྟེན་ལ་

སོགས་པའི་བདེ་བ་ལས་དམན་པ་ཉིད་དང་། ཟག་པ་དང་བཅས་པས་དྲི་མ་ཉིད་ཀྱི་ཕྱིར་དེ་འཁོར་བ་པ་རྣམས་ཀྱི་སྐྱོན་གྱི་རྩ་བ་ཉིད་དོ། །འོ་ན་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པ་གང་ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་པ་ནམ་མཁའ་ལྟ་བུ་དང་། དེའི་རྒྱུ་མཐུན་

པར་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་ལྷན་ཅིག་སྐྱེས་པ་མཆོག་ཏུ་ཕུལ་དུ་བྱུང་བ་ཤིན་ཏུ་རྣམ་པར་དག་པ་ངེས་པར་བདེ་བའི་མཚན་ཉིད་ལྷན་ཅིག་སྐྱེས་པ་དེ་འདིར་བསྒྲུབ་པར་བྱའོ། །དེ་ཡང་ཐབས་གཞན་གྱིས་རྟོགས་པ་མ་ཡིན་པས་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་

ལ་མན་ངག་ཇི་ལྟ་བར་ལྷག་པར་མོས་པས་བསྒོམ་པ་ཡོངས་སུ་རྫོགས་པ་ནི་མངོན་དུ་གྱུར་པས་བདག་ཉིད་ཀྱིས་ཤེས་སོ། །དེ་ནས་དང་པོ་ནས་མ་ཡིན་ཏེ། དེ་བས་ན་འདིར་ཐོས་པ་དང་། བསམ་པ་དང་སྒོམ་པ་དོན་མེད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཐབས་ནི་ལམ་མོ། །དེ་བསྟེན་

པ་ནི་ཡང་དག་པའི་སྒོམ་པའོ། །དེའི་མང་པོ་བརྒྱུད་པ་ནི་རྣམ་པ་མང་པོ་ཞེས་བྱ་བའི་དོན་ཏོ། །བླ་མ་ལས་རྙེད་པ་ནི་བླ་མའི་དུས་ཚིགས་ཏེ། བརྒྱུད་པ་གང་སྔོན་དུ་རུང་བའི་སློབ་མ་ལ་བླ་མས་ཆོ་ག་བཞིན་སྦྱིན་པར་བྱ་སྟེ། གདམས་ངག་འབོག་ཅེས་བྱ་བའི་དོན་ཏོ། །རྟོགས་པར་བྱ་བའི་

Vol. 4 · folio 258a

ཕྱིར་སྨྲ་བ་ནི་གདམས་ངག་འབོག་པ་སྟེ་མན་ངག་གོ། །བླ་མ་བརྒྱུད་པའི་ཐབས་བསྟེན་པ་ནི་བླ་མ་བརྒྱུད་པའི་ཐབས་བསྟེན་པའོ། །དེས་ཞེས་ཏེ་བསོད་ནམས་ལས་སོ། །འདིས་ནི་མཐུན་པའི་ཡུལ་དུ་སྐྱེས་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་པ་དང་། སེམས་ཀྱིས་སྨོན་

ལམ་ཡང་དག་པར་བཏབ་པ་དང་། སྔོན་བསོད་ནམས་བྱས་པ་སྟེ། བཞི་པོ་འདི་རྟོགས་པར་བྱེད་པའི་རྒྱུར་གསུངས་སོ། །དེ་ལ་བླ་མ་བརྒྱུད་པའི་སྨོས་པས་སྐྱེས་བུ་དམ་པ་ལ་བརྟེན་པ་གསུངས་སོ། །ཐབས་བརྟེན་པ་ཞེས་སྨོས་པས་སེམས་ཀྱིས་ཡང་དག་པར་སྨོན་ལམ་བཏབ་པ་དངོས་སུ་

གསུངས་ལ། མཐུན་པའི་ཡུལ་དུ་སྐྱེས་པའི་དོན་གྱིས་གསུངས་ཏེ། དེ་མེད་ན་མི་འབྱུང་བས་སོ། །བསོད་ནམས་སྨོས་པས་བསོད་ནམས་བྱ་བ་གསུངས་སོ། །འདིར་ནི་བསོད་ནམས་ཞེས་གསུངས་པས་སྔོན་བྱས་པས་བསོད་ནམས་ལ་བྱ་བ་མ་ཡིན་ཏེ། ཅི་ལ་བྱ་ཞེ་ན། འདི་ལ་བསགས་

པའི་བསོད་ནམས་ཀྱིས་རྟོགས་པར་བྱ་སྟེ། སྔགས་ཀྱི་ལུགས་ལ་འདོད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་གང་ཞེ་ན་ཐབས་ཀྱི་ཁྱད་པར་གྱིས་སོ། །གང་ཡང་འདིའི་དམ་ཚིག་ཇི་ལྟ་བ་དང་མངོན་པར་རྟོགས་པ་ཇི་ལྟ་བ་དང་། གང་ཉིན་རེ་བཞིན་རྟེན་པ་དང་བརྟེན་པའི་འཁོར་ལོ་བསྒོམ་པ་

ལ་སོགས་པས་བདག་དང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམས་རྒྱུན་དུ་ཡོངས་སུ་སྦྱོང་བར་བྱེད་པས་ཐབས་དེ་འདིར་འདི་དག་གི་ཁྱད་པར་རོ། །འོ་ན་ཐབས་ཀྱི་ཁྱད་པར་འདི་ནི་བསྐྱེད་པའི་རིམ་པ་ལ་ཡོད་ཀྱི་རྫོགས་པའི་རིམ་པ་ལ་ནི་མེད་དེ། དེ་ལ་ལྷན་ཅིག་སྐྱེས་པའི་དགའ་བ་ཙམ་

བསྒོམས་པས་སོ་ཞེ་ན། དེ་བས་ན་གསུངས་པ། དམན་པ་བར་མ་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་ཀྱི་བཤད་པ་དམན་པ་ཞེས་བྱ་བ་ལ་སོགས་པའོ། །ཕྲ་བའི་དངོས་པོ་ཞེས་པ་ནི་བདག་ཉིད་ཀྱི་སེམས་དང་སེམས་ལས་བྱུང་བའོ། དངོས་པོ་ཞེས་པ་ནི་རང་གི་ལུས་སོ། །གཉིས་

པོ་སྤངས་ཞེས་པ་ནི་རང་གི་ལུས་ཀྱི་ཡན་ལག་གོ། །དབང་པོ་དྲུག་ཅེས་པ་ནི་རང་གི་ལུས་ལྷག་པར་གནས་པ་མིག་ལ་སོགས་པའོ། །བརྟན་དང་གཡོ་ཞེས་པ་ནི་ཕྱི་རོལ་ཏེ། སེམས་ཡོད་པ་དང་སེམས་མེད་པའོ། །བདག་ཉིད་མིན་ཞེས་པ་བདག་དེ་ཁོ་ན་མ་ཡིན་པའོ། །མཚུངས་པའི་རང་

Vol. 4 · folio 258b

བཞིན་ཞེས་པ་ནི་དབྱེར་མེད་པའི་སེམས་པ་ཉིད་དོ། །ཇི་ལྟར་སྙམ་པ་ལ་གསུངས་པ། དེ་ཉིད་བསྒོམ་པར་བྱ་ཞེས་པའོ། །འདིའི་བཤད་པ་ནི་རོ་མཉམ་ཞེས་པ་སྟེ་རོ་གཅིག་པར་བསྒོམས་པས་ཞེས་པའི་དོན་ཏོ། །འདིའི་ཡང་བཤད་པ། མཉམ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་མཚུངས་

ཞེས་བྱ་བ་ནི་འདྲ་བའི་དོན་ཏོ། །འདིས་ནི་ཚིག་སྔ་མའི་དོན་གསུངས་སོ། །དེའི་ཞེས་བྱ་བ་ནི་དམན་པ་དང་འབྲིང་ལ་སོགས་པའོ། །རོ་ནི་རོ་དང་མཉམ་སྙིང་པོ་དང་དེ་ཁོ་ན་ཉིད་དང་ངོ་བོ་ཞེས་བྱ་བས་སོ། །རོ་དེ་གང་ཞེ་ན་འཁོར་ལོ་སྟེ། རང་རིག་པའི་བདེ་བའི་མཚན་ཉིད་རྣལ་འབྱོར་མའི་

འཁོར་ལོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཚིག་ཕྱི་མའི་དོན་གསུངས་སོ། །སྤྱིའི་དོན་གསུངས་པ། རོ་མཉམ་གཅིག་པའི་ངོ་བོ་ཞེས་པ་ལ། འདི་ལ་མཉམ་པའི་རོ་ཡོད་པས་ན་མཉམ་པའི་རོ་ཡིན་ལ། ངོ་བོ་གཅིག་ཏུ་གྱུར་པས་ན་གཅིག་གི་ངོ་བོའོ། །དོན་འདི་ཡིས་ཞེས་པ་ནི་ཇི་

སྐད་གསུངས་པའི་ཆ་ཤས་ཀྱི་དོན་གྱིས་སོ། །རོ་གཅིག་པ་ཉིད་དེ་ཡང་ཇི་ལྟ་བུར་སྒོམ་སྙམ་པ་ལ། གསུངས་པ། ང་ལས་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཐམས་ཅད་ཅེས་བྱ་བ་ནི་གཡོ་བའོ། །ཐམས་ཅད་ང་ལས་བྱུང་ཞེས་པ་ནི་ང་ལས་བྱུང་བ་ཉིད་དེ། སེམས་ལས་གཞན་བདག་ཅེས་བྱ་

བ་ཅུང་ཟད་ཀྱང་མེད་དེ། འདི་ཐམས་ཅད་སེམས་ལས་བྱུང་སྟེ་ང་ལས་བྱུང་བ་ཉིད་དོ། །ས་གསུམ་ཞེས་པ་ནི་བརྟན་པ་ཐམས་ཅད་དེ། དེ་ཡང་ང་ལས་བྱུང་སྟེ་སྔ་མ་བཞིན་ནོ། །འདི་དག་ཅེས་བྱ་བ་ནི་བརྟན་པ་དང་གཡོ་བའོ། །ང་ཡིས་ཁྱབ་ཅེས་པ་ནི་སེམས་ཀྱི་ངོ་བོ་ཉིད་དོ། །ང་ལས་གཞན་པའི་

འགྲོ་མ་མཐོང་། །ཞེས་པ་ནི་སེམས་མ་ཡིན་པའི་རང་བཞིན་མེད་པའོ། །སྣ་ཚོགས་པའི་རང་བཞིན་ནི་སེམས་ཡིན་མོད་ཅིའི་ཕྱིར་བདེ་བ་ཆེན་པོའི་རང་བཞིན་ཡིན་ཞེ་ན། གང་གི་ཕྱིར་རང་བཞིན་ཡང་དག་པར་རིག་པའི་སེམས་ཏེ། གཉིས་ཀྱིས་སྟོང་པ་ཉིད་ནི་སེམས་ཀྱི་རང་བཞིན་ཉིད་དོ། །

སེམས་ཐམས་ཅད་ནི་ཡེ་ཤེས་ནམ་མཁའ་དང་མཉམ་པ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྗེས་སུ་སོང་བའོ། །གཉིས་ཀྱིས་སྟོང་པ་ཉིད་དག་པར་རིག་པ་ནི་ཐུན་མོང་ཡིན་ནོ། །འདིས་ནི་ལྷག་པར་མོས་པའི་རྣལ་འབྱོར་གསུངས་སོ། །དེའི་ཕན་ཡོན་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་

Vol. 4 · folio 259a

སོགས་པའོ། །བསོད་ནམས་ཆུང་བའི་མི་ཡིས་ཀྱང་། །ཞེས་པ་ནི་སྐྱེ་བ་སྔ་མར་བསོད་ནམས་མ་བྱས་པས་ཀྱང་ངོ་། །འགྲུབ་པར་ཐེ་ཚོམ་མེད་ཅེས་པ་ནི་རྣལ་འབྱོར་འདིས་བསོད་ནམས་བསགས་པས་སོ། །ཟ་ཞེས་པ་ནི་ཟ་བར་བྱེད་པ་ནའོ། །ཉལ་ཡང་

ཞེས་པ་ནི་རྟག་ཏུ་བསླབས་པས་དེ་བཞིན་དུ་རྨི་ལམ་ན་ཡང་མཐོང་ངོ་། །རྒྱུན་དུ་ཞུགས་པ་ནི་རྣལ་འབྱོར་འདི་ཉིད་ཀྱིས་རོ་ལྷུན་གྱིས་གྲུབ་པར་འབྱུང་བའོ། །རྒྱུན་ཏུ་བྱ་བ་འདིས་ཅི་བྱ་ཞེ་ན་གསུངས་པ། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་ཞེས་བྱ་

བར་དགོངས་སོ། །འདི་ལྟ་བུའི་རྣལ་འབྱོར་དུ་ལྷག་པར་མོས་པའི་གཞུང་གིས་ནི་བསོད་ནམས་བྱས་པར་བཤད་དོ། །སེམས་ཀྱིས་སྨོན་ལམ་བཏབ་པ་བཤད་པའི་ཕྱིར་གསུངས་པ། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བ་ཐམས་ཅད་ཅེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། །

དེ་དག་ཐམས་ཅད་གཅིག་ཏུ་བསྒོམ་པར་བྱ་བ་ཉིད་དོ། །ངེས་པར་གཟུང་བ་གང་གི་ཕྱིར་སྙམ་པ་ལ་གསུངས་པ་ཡིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཡིད་ནི་རྣམ་པར་རྟོག་པར་བྱེད་པའི་ཤེས་པ་སྟེ། དེ་ཉིད་ཀྱིས་བརྟག་པར་མི་བྱ་སྟེ། དེ་ཉིད་ཀྱིས་ནི་ངེས་པར་གཟུང་ངོ་། །ཞེས་བྱ་བའི་དོན་ཏོ། །

གལ་ཏེ་རྣམ་པར་བརྟག་པར་བྱ་བ་མ་ཡིན་ན་དེའི་ཚེ་བསྒོམ་པར་མི་བྱའམ་སྙམ་པ་ལ། དེ་བས་ན་གསུངས་པ། ཆོས་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཆོས་རྣམས་ཡོངས་སུ་ཤེས་པ་ཉིད་བསྒོམ་པ་སྟེ་རྟོག་པ་དེ་ལྟར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་རྣམས་རང་བཞིན་གྱིས་འཁྲུལ་བ་

ཞེས་བྱ་བར་དགོངས་སོ། །དེའི་ཚེ་ཡོངས་སུ་ཤེས་པ་དེ་ཇི་ལྟ་བུ་སྙམ་པ་ལ་གསུངས་པ། བརྟག་པ་དང་ཞེས་བྱ་བ་ལ་སོགས་པའོ། སོགས་པའི་སྒྲས་ཤིང་དང་རི་དང་རྒྱ་མཚོ་ལ་སོགས་པ་དང་སྲོག་ཆགས་རྣམས་སོ། །དེ་དག་ཐམས་ཅད་མཆོག་གི་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱ་བའི། མོས་པའི་

དེ་ཁོ་ན་ཉིད་དུ་སྣ་ཚོགས་པར་བརྗོད་པ་དང་། རྣམ་པ་སྣ་ཚོགས་པའི་རྟོག་པ་ནི་མ་ཡིན་ནོ། །ཡང་དེའི་མཆོག་གི་དེ་ཁོ་ན་ཉིད་ཇི་ལྟར་ཡིན་ཞེ་ན། དེ་བས་ན་གསུངས་པ། བདག་གིས་ཞེས་བྱ་བ་ལ་སོགས་པའོ། །བདག་ནི་རང་གི་སེམས་སོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེའི་རང་བཞིན་ཉིད་ལས་

Vol. 4 · folio 259b

དེ་སྐད་ཅེས་གསུངས་སོ། །དེ་རྣམས་གཅིག་ཅེས་པ་དང་། དེ་ཉིད་ཅེས་པ་སྔ་མ་དང་སྦྱར་རོ། །གཞན་ཡོད་མིན་ཞེས་པ་ནི་དེ་ཁོ་ན་ཉིད་གཉིས་པ་མེད་དོ། །གཅིག་པ་དེ་ཡང་ཇི་ལྟར་ཞེ་ན། གསུངས་པ། རང་རིག་ཅེས་པ་ལ་སོགས་པའོ། །འོ་ན་སྟོང་པ་ཉིད་ནི་མཆོག་གི་དེ་ཁོ་ན་ཉིད་ཡིན་ལ། འདི་

ལྟར་དེ་ནི་ཡང་དག་པའི་མཐར་གསུངས་ཏེ། ཡང་དག་པ་ནི་དེ་ཁོ་ན་ཉིད་དོ། །དེ་རྣམས་ཀྱི་མཐའ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་དེ་ཁོ་ན་ཉིད་ཀྱི་དོན་ཡོད་པ་མ་ཡིན་པས་འདིར་རང་རིག་པ་ལ་མཆོག་གི་དེ་ཁོ་ན་ཉིད་དུ་གསུངས་པ་འགལ་ལོ་ཞེ་ན། སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་ཀྱང་གཞན་མ་ཡིན་

ནོ། །ཆོས་ལས་ཆོས་ཉིད་གང་ཐ་དད་པའི་རང་བཞིན་མེད་དེ། འོན་ཀྱང་དེ་ཉིད་ཡང་དག་པར་རིག་པའི་ཆོས་རྣམས་ཀྱི་དངོས་པོའི་དེ་ཁོ་ན་ཉིད་གང་གཉིས་སུ་མེད་པའི་རྣམ་པར་རིག་པ་ཙམ་ཉིད་དེ། དེ་ཡང་འདིར་མཆོག་གི་དེ་ཁོ་ན་ཉིད་དོ། །དེ་ཉིད་མཆོག་གི་དེ་ཁོ་ན་ཉིད་ཡིན་པས་ན་རང་རིག་པ་ཉིད་

མཆོག་གི་དེ་ཁོ་ན་ཉིད་དུ་གསུངས་པ་ཡིན་པས་དེ་བས་ན་ཅི་སྟེ་འགལ། གཞན་ཡང་དམིགས་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་ནང་ནས་ནི་སྟོང་པ་ཉིད་མཆོག་ཡིན་གྱི་དམིགས་པར་བྱེད་པ་པོ་ལ་སོགས་པའི་མཆོག་གི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །ཡང་རང་རིག་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་མཆོག་གི་དེ་ཁོ་

ན་ཉིད་ཀྱི་བདག་ཉིད་དེ། འདི་ལྟར་རང་ཡང་དག་པར་རིག་པ་ནི་དམིགས་པར་བྱ་བའི་དེ་ཁོ་ན་ཉིད་རྣམས་ཀྱི་མཆོག་སྟོང་པ་ཉིད་མཐོང་བས་རང་བཞིན་ཡང་མཐོང་བ་ཡིན་པའི་ཕྱིར་དམིགས་པར་བྱེད་པའི་རང་རིག་པ་ཉིད་མཆོག་གི་དེ་ཁོ་ན་ཉིད་ཡིན་གྱི། སྟོང་པ་ཉིད་ནི་མ་ཡིན་ཏེ་བེམས་པོ་ཉིད་

ཡིན་པས་སོ། །གང་ཡང་གཞན་རྣམས་ལས་མཆོག་གི་དེ་ཁོ་ན་ཉིད་རྣམ་པ་བདུན་པོ་འབྲས་བུའི་དེ་ཁོ་ན་ཉིད་དང་། རྒྱུའི་དེ་ཁོ་ན་ཉིད་དང་། ལས་ཀྱི་དེ་ཁོ་ན་ཉིད་དང་། ལམ་གྱི་དེ་ཁོ་ན་ཉིད་དང་། བྱེད་པ་པོའི་དེ་ཁོ་ན་ཉིད་དང་། དབང་ཕྱུག་གི་དེ་ཁོ་ན་ཉིད་དང་། ཁྱབ་བདག་གི་དེ་ཁོ་ན་ཉིད་

དང་། དེ་རྣམས་ནི་རང་རིག་པ་དེ་ཉིད་དོ་ཞེས་བསྟན་པའི་ཕྱིར་གསུངས་པ། རང་རིག་ཅེས་བྱ་བ་ལ་སོགས་པའོ། །དཔེ་མེད་པ་ཤིན་ཏུ་རྣམ་པར་དག་པ་རྟག་ཏུ་བདེ་བའི་མཚན་ཉིད་ནི་བདེ་བ་ཆེན་པོ་སྟེ། འབྲས་བུ་མཆོག་གི་དེ་ཁོ་ན་ཉིད་དོ། །དེའི་བཤད་པ་ནི་བདེ་བ་ཆེན་པོ་ཞེས་པ་ཡིན་

Vol. 4 · folio 260a

ཏེ། རང་རིག་པ་ཞེས་པ་དང་སྦྱར་རོ། །རང་རིག་པ་དེའི་དངོས་པོ་ནི་དེ་ཉིད་དེ། དེའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དངོས་གྲུབ་ནི་བྱང་ཆུབ་སྟེ་དེ་ནི་རང་རིག་པ་ཉིད་ལས་བྱུང་ངོ་། །དེ་ཉིད་རྒྱུའི་མཆོག་གི་དེ་ཁོ་ན་ཉིད་དེ། དངོས་གྲུབ་ཉིད་སྐྱེད་པར་བྱེད་པ་པོ་ཞེས་བྱ་

བའི་དོན་ཏོ། །ནི་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བའོ། །རང་རིག་ཉིད་བསྒོམ་པ་སྟེ། དེ་ཉིད་ཀྱིས་ན་དེ་ལམ་གྱི་མཆོག་གི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །རང་རིག་པའི་རང་བཞིན་ལས་ཞེས་པ་ནི་རང་རིག་པའི་བདག་ཉིད་དེ་ཉིད་ལས་ཀྱི་མཆོག་གི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་

ན་ལས་ཡིན་ཞེ་ན། གནོད་པ་ལས་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ལས་ནི་རྣམ་པ་གཉིས་ཏེ་ཡེ་ཤེས་དང་རབ་ཏུ་སྤངས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཟད་པ་ནི་སྤངས་པའོ། །ཡེ་ཤེས་ནི་ཆོས་ཐམས་ཅད་རྟོགས་པའི་རང་བཞིན་ནོ། །དེ་ལས་གནོད་པ་ཞེས་བྱ་བ་ལ་སོགས་པ་

འདིས་ནི་སྤངས་པ་མངོན་སུམ་དུ་གསུངས་ལ་ཡེ་ཤེས་ནི་དོན་གྱིས་སོ། །གཞུང་ཁ་ཅིག་ལས་ནི་རྟོགས་པ་ལས་ཞེས་འབྱུང་སྟེ། དེར་ནི་ཡེ་ཤེས་དངོས་གྲུབ་གསུངས་ལ་སྤངས་པ་ནི་དོན་གྱིས་སོ། །ལས་སྐྱེས་ཞེས་པ་ནི་ལས་སུ་འགྱུར་བ་སྟེ་རང་རིག་པ་ཉིད་དོ། །ལམ་ལས་ལམ་གྱི་བྱེད་པ་གུད་ན་མེད་དེ་

ལམ་ནི་བྱེད་པའོ། །བྱང་ཆུབ་སེམས་དཔའ་ནི་བྱེད་པ་པོ་སྟེ་གང་གི་ཕྱིར་སྒྲིབ་པ་དེ་དག་འཇོམས་པ་དང་ཡེ་ཤེས་བྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་བྱེད་པ་པོའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་སེམས་དཔའ་མཆོག་ཏུ་མཐར་ཕྱིན་པར་འགྱུར་བ་སྟེ། དེ་ཡང་རང་གི་རིག་པ་ཉིད་དུ་གསུངས་ཏེ། རང་གིས་སྡུད་ཅིང་

རང་གིས་བྱེད། ཅེས་པ་ནི་དེ་ལས་མ་གཏོགས་པའི་བྱེད་པ་པོ་མེད་དོ་ཞེས་བྱ་བར་དགོངས་སོ། །ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པར་གྱུར་པ་གང་ཡིན་པ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཉིད་ཡིན་པས་འཇིག་རྟེན་དབང་ཕྱུག་གི་མཆོག་སྟེ་དེ་ཡང་དེ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར།

རང་ཉིད་རྒྱལ་པོ་ཞེས་པ་གསུངས་སོ། །གང་དེ་རང་གི་དོན་ཕུན་སུམ་ཚོགས་པས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སེམས་ཅན་གཞན་གྱི་དོན་ཕུན་སུམ་ཚོགས་པར་ནུས་པས་དེ་ཉིད་ཁྱབ་བདག་གི་མཆོག་སྟེ་དེ་ཡང་དེ་ཉིད་ཡིན་པར་གསུངས་པ། རང་གཙོ་བོ་ཞེས་པའོ། །ཅི་ཡང་འདི་དེ་

Vol. 4 · folio 260b

བཞིན་གཤེགས་པ་ལྔ་རྣམས་ལས་གཞན་ནམ་ཞེ་ན། མ་ཡིན་ཏེ་གསུངས་པ། འདོད་ཆགས་ཞེས་བྱ་བ་ལ་སོགས་པའོ། །འདོད་ཆགས་ནི་སྣང་བ་མཐའ་ཡས་སོ། །ཞེ་སྡང་ནི་མི་བསྐྱོད་པའོ། །ཕྲག་དོག་ནི་དོན་ཡོད་གྲུབ་པའོ། །གཏི་མུག་ནི་རྣམ་པར་སྣང་མཛད་དོ། །ང་རྒྱལ་ནི་

རིན་ཆེན་འབྱུང་ལྡན་ནོ། །དེ་གནས་ཞེས་པ་དྲུག་པའི་དོན་ལ་བདུན་པའོ། །རང་རིག་པ་འདི་ཉིད་གནས་ཏེ། བདེ་བ་ཆེན་པོའི་གོ་འཕང་རྡོ་རྗེ་འཛིན་པའི་གནས་ཞེས་བྱ་བའི་དོན་ཏོ། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་པ་བཅུ་དྲུག་གི་ཆར་ཡང་མི་ནུས་སོ་ཞེས་པའི་དོན་ཏོ། །དེ་བཞིན་

གཤེགས་པ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་དེའི་ནང་དུ་འདུས་པ་ཉིད་དུ་དགོངས་སོ། །འདིར་འདི་ལྟར་ཡིད་ཀྱིས་མ་བསྒོམས་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་བསྒོམ་པའི་རང་བཞིན་གསུངས་ཏེ། འཁྲུལ་བའི་སྒོམ་པ་ཡོངས་སུ་གསལ་བའི་དོན་ཏོ། །བརྟན་དང་གཡོ་བའི་

ཞེས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་དེའི་དམིགས་པར་བྱ་བ་གསུངས་ཏེ། ཉི་ཚེ་བ་དགག་པའི་ཕྱིར་རོ། །བདག་གི་དངོས་པོ་ཞེས་བྱ་བ་ལ་སོགས་པས་དེའི་རྣམ་པ་གསུངས་ཏེ། རྣམ་པ་གཞན་ཡོངས་སུ་བསལ་བའི་དོན་དུའོ། །དེ་རྣམས་གཅིག་ཅེས་པ་ལ་སོགས་པ་ཚིགས་སུ་བཅད་པ་

གསུམ་གྱིས་རྣམ་པ་དེའི་བདག་ཉིད་ཆེན་པོ་གསུངས་ཏེ་གུས་པ་བསྐྱེད་པའི་དོན་ཏོ། །གུས་པ་ནི་སྲི་ཞུ་དང་མོས་པའོ། །མོས་པས་གུས་པར་སྒོམ་པར་འགྱུར་ལ། མོས་པའི་སྟོབས་ཀྱིས་རྟག་ཏུ་བསྒོམས་པར་ཡང་འགྱུར་ཏེ། དེ་གཉིས་ཀྱིས་རྟོགས་པར་འགྱུར་རོ། །དེ་ཉིད་བསྒོམ་པའི་

ཐབས་ཡང་དག་པར་གསུངས་པ་སྟེ། དེ་གང་ཡིན་པ་དེ་སེམས་ཀྱིས་ཡང་དག་པར་སྨོན་ལམ་བཏབ་པའོ། །ད་ནི་བླ་མ་བརྒྱུད་ཚུལ་བཤད་དེ། གང་གི་དོན་དུ་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པའོ། །སྐྱེས་བུ་དམ་པ་ནི་དགེ་བའི་བཤེས་གཉེན་ཏེ་ཡང་དག་པའི་གདམས་ངག་སྟེར་

བར་ནུས་པའི་བླ་མ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་བླ་མ་བརྒྱུད་པའི་ཚིགས་སུ་བཅད་པ་གཉིས་གསུངས་པ་ཆོས་འབྱུང་ཞེས་བྱ་བ་ལ་སོགས་པའོ། །ཆོས་ནི་འཕགས་པའི་ཆོས་ཏེ། དེ་རྣམས་འབྱུང་བ་ནི་འདིར་ཆོས་འབྱུང་སྟེ། ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱག་རྒྱ་ཡང་ཆོས་འབྱུང་

Vol. 4 · folio 261a

སྟེ། འདིར་དེ་དང་ཆོས་མཐུན་པས་པདྨ་ལ་དེ་སྐད་ཅེས་གསུངས་ཏེ། པདྨ་དེ་ལ་རྣལ་འབྱོར་པས་དེར་མོས་པ་བསྐྱེད་པའི་ཕྱིར་རོ། །དེ་ལས་བྱུང་བ་ཡོད་པས་ན། ཆོས་འབྱུང་ལས་སྐྱེས་ཡེ་ཤེས་སོ། །ཇི་ལྟ་བུ་ཞེ་ན་མཁའ་དང་མཉམ་པའོ། །ཅིའི་ཕྱིར་ཞེ་ན། མཁའ་དང་

མཉམ་ཉིད་སྣང་བ་མེད་པ་གཉིས་ཀྱིས་སྟོང་པ་ཉིད་མཐར་ཕྱིན་པ་ཉིད་དོ། །སྣང་བ་མེད་པ་དེ་ཅིའི་ཕྱིར་ཞེ་ན། གསལ་ཞིང་དགའ་བ་དེར་རིག་པ་འཇུག་པས་རྗེས་སུ་མྱོང་ན་རིག་པ་གཞན་རྣམས་སུ་རྒྱུ་བ་མེད་པས་སོ། །གལ་ཏེ་ཡིད་ཀྱིས་དེར་བསྐྱེད་པ་དེ་ལྟ་ན་ནི་མཁའ་དང་མཉམ་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་

ནོ། །དེའི་ཚེ་རང་བྱུང་བ་ཉིད་ཀྱིས། དེས་ཡིད་ཀྱིས་བྱེད་པ་འདས་པ་ན་དེ་ལྟར་སྐྱེ་བས་སོ། །དེ་ཉིད་ཀྱིས་དེ་ལྷན་ཅིག་སྐྱེས་པར་གསུངས་སོ། །ཡང་ཇི་ལྟ་བུ་ཞེ་ན། ཐུན་མོང་ཐམས་ཅད་པ་ཞེས་པ་སྟེ། ཐུན་མོང་འདི་ནི་དེ་ལས་ཅུང་ཟད་བྱེ་བྲག་ཡོད་དེ། ཐབས་ཀྱང་གཞན་གྱི་དོན་སྒྲུབ་པ་ཉིད་ཀྱིས་ཐབས་དང་

ལྡན་པའོ། །ཐུན་མོང་དེ་དེ་ལས་བྱུང་ཞིང་དེ་དང་ཆོས་མཐུན་པ་སྟེ། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ཡང་ལྷན་ཅིག་སྐྱེས་པ་སྟེ་རང་བྱུང་བ་ཉིད་ཀྱིས་སོ། །དེས་ན་ལྡན་པ་ནི་བཅས་པའོ། །གལ་ཏེ་དེས་ཅི་དགོས་ཤེ་ན། བསྒོམ་པར་བྱ་ཞེས་པ་ནི་ཚིག་ལྷག་མའོ། །

འོ་ན་ཡེ་ཤེས་གཉིས་གཉིས་སྐྱེ་བར་ཟད་ཀྱི་ནམ་ཡང་ལྷ་རྣམས་སྐྱེ་བ་མ་ཡིན་ན་སྔགས་ཀྱི་ལུགས་ལ་ལྷ་བསྒོམ་པར་བྱ་བ་ཡིན་གྱི་ཡེ་ཤེས་ཙམ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གསུངས་པ་འཇིག་རྟེན་གསུམ་ཞེས་བྱ་བ་ལ་སོགས་པའོ། །ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སྐུ་གསུང་ཐུགས་ཀྱི་

གསང་བ་སོ་སོ་མཐའ་ཡས་པ་ནི་འཇིག་རྟེན་གསུམ་མོ། །འཇིག་རྟེན་གསུམ་བསྡུས་པ་ནི་འཇིག་རྟེན་གསུམ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །དེ་གང་གི་ཕྱིར་དེ་ལས་སྐྱེས་པ་དེའི་ཕྱིར་ཡེ་ཤེས་དེ་བསྒོམ་པར་བྱའོ། །གང་གི་ཚུལ་གྱིས་སྐྱེས་ཤེ་ན། ཐབས་དང་ཤེས་རབ་རང་བཞིན་གྱིས་ཏེ། ཐབས་དང་ཤེས་

རབ་ཀྱི་ཚུལ་གྱིས་ཞེས་བྱ་བའི་དོན་ནི་ཕུལ་དུ་བྱུང་བའི་ཡེ་ཤེས་ནི་ཤེས་རབ་སྟེ། ཆོས་ཀྱི་སྐུ་ཞེས་བྱ་བའི་དོན་ཏོ། །དེ་ལས་བྱུང་བ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དག་དབྱེར་མེད་པའི་རང་བཞིན་རྒྱུན་མི་འཆད་པར་འགྲོ་བ་ཐམས་ཅད་ཀྱི་དོན་དུ་ཐུན་མོང་དུ་སྒྲུབ་པར་བྱེད་པའི་ཐབས་ཏེ། དེའི་ཚུལ་

Vol. 4 · folio 261b

གྱིས་སྐྱེ་བོ་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་འདིར་ཇི་ལྟར་དེ་ལས་སྐྱེས་སྙམ་པ་ལ། ཁུ་བའི་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་ཞེས་པ་ནི་སྐུ་གཉིས་སྡུད་པར་བྱེད་པའི་ཐབས་སོ། །ཁུ་བའི་རྣམ་པ་ཞེས་པ་དེས་ནི་ལྷན་ཅིག་སྐྱེས་པ་གཉིས་པ་གང་ཡིན་པ་གསུངས་ཏེ། ནམ་མཁའ་དང་

མཉམ་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་དེ་ཉིད་འདིའི་ཡིན་པས་དེའི་རྣམ་པའོ། །དེ་ཉིད་བཅོམ་ལྡན་འདས་ཏེ། དེའི་རྣམ་པ་དེ་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཉིད་ཀྱིས་དེ་དག་དབྱེར་མེད་དོ། །དེའི་བདེ་བ་

ཞེས་པས་ནི་མཁའ་དང་མཉམ་པའི་ཡེ་ཤེས་གང་ཡིན་པ་དེ་གསུངས་པའོ། །འདོད་མར་བརྗོད་ཅེས་པ་ནི་ཤེས་རབ་ཅེས་པའི་དོན་ཏོ། །ནམ་མཁའ་དང་མཉམ་པའི་ཡེ་ཤེས་སུ་དེ་དག་ཅི་དབྱེར་མེད་པའོ། །གལ་ཏེ་ཤེས་རབ་ནི་རུང་བ་ཡིན་གྱི་ཐབས་མ་ཡིན་ཏེ། རྣམ་པ་དང་བཅས་པ་ཉིད་ཀྱིས་རྣམ་

པར་རྟོག་པ་ཉིད་དོ་ཞེ་ན་གསུངས་པ། གཅིག་དང་ཞེས་བྱ་བ་ལ་སོགས་པའོ། །ཐབས་འདི་གཅིག་དང་དུ་མའི་སྦྱོར་བ་དང་བྲལ་བའི་དམིགས་པ་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་ལོ། །དེ་ཅིའི་ཕྱིར་སྙམ་པ་ལ། སྐད་ཅིག་གཅིག་ལ་ཞེས་པ་སྟེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་དེ་ཉིད་

ཀྱིས་ནི་སྐད་ཅིག་སྟེ་དགའ་སྟོན་ཉིད་དོ། །གང་གི་ཕྱིར་བདེ་བའི་སྐད་ཅིག་དེ་ཉིད་ལས་བྱུང་གི་མ་རིག་པའི་སྟོབས་ལས་སྐྱེ་བ་མ་ཡིན་པས་དེའི་ཕྱིར་གཅིག་དང་དུ་མའི་སྦྱོར་བ་དང་བྲལ་བར་དམིགས་པར་བྱེད་དོ་བར་དགོངས་སོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་དངོས་པོའི་རྣམ་པ་

བདེན་པ་མ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་རྣམ་པར་ཤེས་པའི་ལུས་ཡིན་པས་རྣམ་པ་རྣམས་ཇི་ལྟར་ཡང་ཡོད་པ་མ་ཡིན་ཏེ་གཉིས་ཀྱིས་སྟོང་པ་ཉིད་དོ། །དེ་ཡང་ནམ་མཁའ་དང་མཉམ་པའི་ཡེ་ཤེས་མཆོག་ཏུ་གསལ་བར་རྒྱུ་བས་མངོན་སུམ་དུ་མཐོང་ངོ་། །དེ་ནས་དེ་བསྒོམས་པའི་སྟོབས་

ལས་བྱུང་བའི་རྣམ་པ་དང་བཅས་པའི་ཡེ་ཤེས་ཉིད་ཀྱིས་དེ་ཡོངས་སུ་གཅོད་པ་སྟེ། རྣམ་པ་དང་བཅས་པ་ཡང་རྣམ་པ་ཇི་ལྟ་བར་ཡོད་པ་མ་ཡིན་པས་སྒྱུ་མ་ལ་སོགས་པ་ལྟར་སྣང་སྟེ། བྱིས་པ་དོན་དུ་མངོན་པར་ཞེན་པ་རྣམས་ལ་སྔོན་པོ་ལ་སོགས་པའི་དོན་གསལ་བར་སྣང་བ་བཞིན་ནོ། །ཇི་སྐད་དུ་རྣམ་

Vol. 4 · folio 262a

པར་མི་རྟོག་པར་འཇུག་པར་བྱེད་པའི་གཟུགས་ལས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ནམ་མཁའི་དཀྱིལ་ལྟར་ཆོས་ཐམས་ཅད་དབྱེར་མེད་པར་མཐོང་ངོ་། །དེའི་རྗེས་ལ་ཐོབ་པས་ནི་སྒྱུ་མ་དང་། སྨིག་རྒྱུ་དང་རྨི་ལམ་དང་། མིར་ཡོར་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། ཆུ་ཟླ་དང་།

སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུར་ཆོས་ཐམས་ཅད་མཐོང་ངོ་ཞེས་གསུངས་སོ། །དེ་བས་ན་ནམ་མཁའ་དང་མཉམ་པའི་ཡེ་ཤེས་བཞིན་དུ་ཐབས་ཀྱིས་ཀྱང་དོན་དམ་པར་མཐོང་བ་ཉིད་དེ་བདེ་བ་ཆེན་པོའི་རང་བཞིན་ནོ། །དེ་ཉིད་གསུངས་པ་དགའ་བ་གཞན་ཞེས་པ་སྟེ། ཤེས་རབ་གཉིས་པའོ། །དེ་

ཡང་ཤེས་པ་ཡང་ཡིན་ལ། ཕུལ་དུ་བྱུང་བའི་བདེ་བ་ཆེན་པོ་ཉིད་ཀྱང་ཡིན་ནོ་ཞེས་པའི་དོན་ཏོ། །གཞན་ཡང་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་གཟིགས་པ་མཚན་དང་དཔེ་བྱད་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྫོགས་པར་ལོངས་སྤྱོད་པ་རྣམ་པ་ཐམས་ཅད་དུ་འགྲོ་

བའི་དོན་མཛད་པའི་སངས་རྒྱས་རྣམས་ཀྱང་ཐབས་མེད་པར་ག་ལ་ཡོད། རང་གིས་རིག་པ་ཞེས་བྱ་བ་སོགས་པའི་ཚིགས་སུ་བཅད་པ་ནི་ཉེ་བར་སྡུད་པ་སྟེ། བླ་མ་བརྒྱུད་ཐབས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཐམས་ཅད་ཀྱི་ཉེ་བར་སྡུད་པ་ནི་རང་གིས་རིག་པའི་ཡེ་ཤེས་འདི་ཞེས་པའོ། །གཞན་གྱིས་

བརྗོད་མིན་ལྷན་ཅིག་སྐྱེས། གང་ནས་ཀྱང་ནི་ཡང་མི་རྙེད། །ཅེས་གང་གསུངས་པ་དེའི་ཉེ་བར་བསྡུ་བ་ནི། ངག་གི་སྤྱོད་ཡུལ་ལམ་ལས་འདས། །ཞེས་པ་ནི་ཚིག་ལྷག་མ་སྟེ་ཚིག་ཉིད་འཇུག་པའི་ལམ་མོ། །དེ་ལས་འདས་པས་སྤྱོད་ཡུལ་མ་ཡིན་པ་སྟེ། དེའི་ཡུལ་ལས་འདས་ཞེས་བྱ་བའི་

དོན་ཏོ། །རྫོགས་པའི་རིམ་པ་ཉེ་བར་བསྡུ་བ་ནི། བྱིན་གྱིས་བརླབ་པའི་རིམ་པ་འདི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྡུད་པར་བྱེད་པ་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བདག་ཉིད་གང་ཡིན་པ་དེ་སེམས་

ཅན་དང་སྣོད་ཀྱི་འཇིག་རྟེན་དེའི་བདག་ཉིད་དུ་བྱིན་གྱིས་བརླབས་ཏེ་གནས་པ་ཉིད་དོ། །དེ་ལ་དམིགས་པར་བྱེད་པ་སྒོམ་པའི་བྱེ་བྲག་ནི་བྱིན་གྱིས་བརླབ་པའི་རིམ་པའོ། །འདི་ཉིད་གསུངས་པ། ཀུན་མཁྱེན་ཡེ་ཤེས་དེ་རང་བཞིན། །ཞེས་པ་སྟེ། ཐམས་ཅད་མཁྱེན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་

Vol. 4 · folio 262b

ཀྱི་བདག་ཉིད་དོ། །དེའི་བདག་ཉིད་ཀྱིས་ཡང་དག་པར་རིག་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་ནི་ཡང་རྡོ་རྗེ་འཛིན་པ་ཉིད་དོ། །དེའི་རང་བཞིན་ཉིད་དེ། རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་དེའི་རང་བཞིན་ནོ། །ཀུན་མཁྱེན་ཡེ་ཤེས་ཀྱང་ཡིན་ལ་དེའི་རང་བཞིན་ཡང་ཡིན་པས་ཞེས་བཟླས་དབྱེ་

བའི་བསྡུ་བའོ། །ས་དང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་མཐོང་བའི་ཆོས་དང་ལྡན་པའི་ཕན་ཡོན་གསུངས་སོ། །ཇི་ལྟར་ན་ས་ལ་སོགས་པ་རྣམས་ཀྱིས་མི་གནོད་ཅེ་ན། གང་གི་ཕྱིར་དེ་འདོད་ན་ས་ལ་ཐུར་དུ་འཛུལ་བ་དང་གྱེན་དུ་འབྱུང་བར་བྱེད་པ་དང་། རྩིག་པ་ལ་ཐད་

ཀར་འགྲོ་བ་དང་། རི་ལ་མི་རྡུགས་པར་འགྲོ་བ་དང་། དུག་དང་མཚོན་ལ་སོགས་པས་མི་གནོད་པ་དང་། ཆུའི་སྟེང་དུ་འདུག་པ་དང་། འོག་ཏུ་མི་བྱིང་བར་ཉལ་བ་དང་། འཆག་པ་དང་། ཆར་ལ་སོགས་པས་གནོད་པ་མེད་པ་དང་། དེ་ལྟར་མེ་དང་རླུང་དང་ནམ་མཁའ་རྣམས་ལ་ཇི་ལྟར་

རིགས་པར་སྦྱར་རོ། །རང་གཞན་རིག་ཅིང་ཚོར་བར་བྱེད། །ཅེས་པ་ནི་རང་དང་གཞན་གྱི་སེམས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཞེས་སོ། །མཐོ་རིས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་གོ་བར་ཟད་དོ། །ལུགས་གཞན་ལས་ཁྱད་པར་དུ་བྱེད་པ་ནི་རྒྱུད་འདིར་

ཚིགས་སུ་བཅད་པ་གཉིས་གསུངས་པ། ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །རིག་བྱེད་ནི་ཕྱི་རོལ་གྱི་བསྟན་བཅོས་རྣམས་སོ། །གྲུབ་མཐའ་ནི་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་མདོ་སྡེ་རྣམས་ཏེ། ཡང་སྲིད་པའི་མཐའ་འདིས་གྲུབ་པས་ན་གྲུབ་མཐའོ། །དེ་བཞིན་ལས་རྒྱས་ཞེས་པ་ནི་ཞི་བ་ལ་སོགས་

པ་སྔགས་ཀྱི་གཞུང་ལུགས་ལས་བསྟན་པའོ། །འདི་རྣམས་ཀྱི་དངོས་གྲུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །འོ་ན་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ལ་མི་འགྱུར་རམ་སྙམ་པ་ལ། འགྱུར་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་

ཟད་པར་འདི་དག་ཏུ་འགྱུར་བ་ནི་ཡང་དག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཚན་ཉིད་ཀྱི་ལམ་དེས་བྱང་ཆུབ་ཏུ་འབྱུང་བ་ཉིད་དོ། །འོན་ཀྱང་ཡང་ནི་སྐྱེ་བར་འགྱུར་བ་སྟེ་ཞེས་པ་ཡང་སྐྱེ་བ་ནི་སྐྱེ་བའི་རྒྱུན་ནོ། །དེ་ཉིད་སྲིད་པ་སྟེ་འཁོར་བ་ན་འཁོར་བ་ལྟར་དུས་རིང་པོར་བསྐལ་པ་གྲངས་མེད་པ་གསུམ་

Vol. 4 · folio 263a

གྱིས་སྐྱེ་བར་བརྒྱུད་ནས་ཞེས་པའི་དོན་ཏོ། །དེས་ན་གཞན་དང་གཞན་གྱི་སྒོ་ནས་བྱུང་བ་ཡིན་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་གྱི་རྒྱུད་དུ་ཡང་སྐྱེ་བ་འདིས་བྱང་ཆུབ་པར་གསུངས་ན་དེ་རྣམས་ལས་འདི་ཁྱད་པར་ཅི་ཡོད་དོ་ཞེ་ན་གསུངས་པ། དེ་མེད་པར་ནི་འགྲུབ་མི་འགྱུར། །

ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བ་འདི་དང་སྐྱེ་བ་གཞན་དུ་ཉེ་བར་གང་དག་བྱང་ཆུབ་མཆོག་ཏུ་རྒྱུད་གཞན་ལ་གནས་པས་ཀྱང་འགྱུར་བ་ཡིན་ཏེ། དེས་ན་ལྷན་ཅིག་སྐྱེས་པའི་དགའ་བ་མེད་ན་མ་ཡིན་ནོ། །དེའི་ཚེ་དེ་རྣམས་ལས་འདི་ཁྱད་པར་ཅི་ཡོད་སྙམ་པ་ལ་གསུངས་པ། གང་གིས་དགྱེས་རྡོར་

ཞེས་བྱ་བ་ལ་སོགས་པའོ། །རྒྱུད་གཞན་ལས་གསུངས་པ་དེ་ཡང་དག་པར་ཤེས་པར་བྱ་བའི་དོན་དུ་དགྱེས་པའི་རྡོ་རྗེ་ཉིད་ལ་སྒྲུབ་པོ་ཞེས་ཤེས་པར་བྱ་བའི་དོན་ཏེ། འདི་དེ་རྣམས་ཀྱི་རྒྱུད་བླ་མའིའོ་ཞེས་དགོངས་སོ། །ཐོབ་པར་དཀའ་བའི་བྱང་ཆུབ་དེ་གལ་ཏེ་ཇི་ལྟར་སྐྱེ་བ་གཅིག་ཏུ་ལྷན་

ཅིག་སྐྱེས་པའི་དགའ་བ་བསྒོམས་པས་ཀྱང་འགྲུབ་པར་འགྱུར་ཞེ་ན། གསུངས་པ། ཆུ་བོའི་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་ནི་བར་མ་ཆད་ཅིང་རྒྱུན་ཆགས་པའོ། །འབབ་པ་ནི་རྒྱུན་ནོ། །མར་མེའི་འོད་ཟེར་ཞེས་པ་ནི་མར་མེའི་རྩེ་མོ་སྟེ་དེའི་རྒྱུན་ནོ། །དེ་བཞིན་དུ་རྒྱུན་མི་འཆད་

པར་ཏེ་བར་མེད་པར་རོ། །དེ་ཉིད་སྦྱོར་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྦྱོར་བའོ། །དེར་གནས་པར་བྱས་ན་ངེས་པར་སྐྱེ་བ་འདི་ལ་བྱང་ཆུབ་པ་ཡིན་ཏེ་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ཆེན་མོ་ནི་བདག་མེད་མ་ལ་སོགས་པའོ། །དེ་རྣམས་འདུ་བ་ནི་གཞལ་ཡས་

ཁང་དུ་འདུ་བའམ། ལྷན་ཅིག་སྐྱེས་པའི་དགའ་བ་ལའོ། །དེ་གསལ་བར་བྱེད་པའི་ལེའུ་ནི་དེ་ཉིད་ཀྱི་རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བའི་སྒྲ་འདིས་བཤད་ཅེས་བྱ་བའི་དོན་ཏོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།

རྣམ་པར་དག་པའི་ལེའུ་ཞེས་བྱ་བ་ལ། འདིས་རྣམ་པར་དག་པར་བྱེད་པས་ན་རྣམ་པར་དག་པ་སྟེ། གང་གིས་རང་བཞིན་ཡོངས་སུ་ཤེས་པས་དངོས་པོ་དག་ཅིང་སྐྱོན་མེད་པར་འགྱུར་བ་དེ་ཡོངས་སུ་ཤེས་ན་སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བའོ། །རྣམ་པར་དག་པ་དེ་དང་དེ་རྣམས་གསལ་བར་བྱེད་

Vol. 4 · folio 263b

པའི་ལེའུ་རྣམ་པར་དག་པའི་ལེའུའོ། །དེ་ལ་ཁྱབ་པར་བྱེད་པའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དོ། །ཉི་ཚེ་བའི་རྡོ་རྗེ་མ་དང་། གཽ་རཱི་མ་ལ་སོགས་པའོ། །དེ་དག་གསུངས་པ། དངོས་པོ་ཞེས་བྱ་བ་སོགས་པའོ། །ལྷ་རྣམས་ཞེས་བྱ་བ་ནི་ཆེ་མཐོའི་ལྷ་རྣམས་ཞེས་པའི་དོན་ཏོ། །

འོ་ན་ཅི་ཞིག་རྣམ་པར་དག་པ་དང་། ཇི་ལྟར་རྣམ་པར་དག་སྙམ་པ་ལ་འདིར་གསུངས་པ། དབང་པོ་དྲུག་ཅེས་བྱ་བ་ལ་སོགས་པའོ། །ངོ་བོ་ཉིད་ཀྱིས་ཞེས་པ་ནི་རང་བཞིན་གྱིས་སོ། །གལ་ཏེ་ཐམས་ཅད་རང་བཞིན་གྱིས་དག་ན་དེའི་ཚེ་དག་པར་བྱེད་པ་དོན་མེད་དོ་ཞེ་ན། དེ་ལ་གསུངས་པ། ཉོན་

མོངས་ཞེས་བྱ་བ་ལ་སོགས་པའོ། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་རང་བཞིན་གྱིས་སོ། །ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པ་འདོད་ཆགས་ལ་སོགས་ལ་ནི་ཉོན་མོངས་པའི་སྒྲིབ་པའོ། །དེ་རྣམས་ཀྱི་བསྒྲིབས་པ་ནི་དྲི་མ་ཅན་དུ་བྱས་པའོ། །རྣམ་པར་སྦྱོང་བ་ནི་གློ་བུར་བའི་དྲི་མ་དེ་རྣམས་

ཉིད་སེལ་བར་བྱེད་པའི་ཕྱིར་རོ། །དྲི་མ་དེ་བསལ་བའི་དོན་དུ་འབད་ཀྱི་སྔོན་མེད་པའི་ངོ་བོ་བསྐྱེད་པའི་དོན་དུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་ན་གང་དེ་བཞིན་ཉིད་ཀྱི་བདག་ཉིད་དང་། ལྷའི་བདག་ཉིད་དུ་དངོས་པོ་རྣམས་གསུངས་པ་ཇི་ལྟ་བུ་སྙམ་པ་ལ། གསུངས་པ། རང་རིག་ཅེས་བྱ་བ་ལ་

སོགས་པའོ། །རང་རིག་པ་ནི་ལེའུ་བརྒྱད་པ་ལས་བཤད་ཟིན་ཏེ། དེའི་རང་བཞིན་ཉིད་ཀྱིས་བདག་ཅེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་སྙམ་པ་ལ་དག་པ་གཞན་གྱིས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་རང་རིག་པ་ལས་དག་པ་གཞན་གྱིས་ཁྱད་པར་ཅན་དུ་མི་འགྱུར་བར་གསུངས་ཏེ། བག་

ཆགས་དང་བཅས་པའི་སྒྲིབ་པ་རྣམ་པར་དག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་དག་ནི་འབྲས་བུར་གྱུར་པས་དུས་རིང་པོར་བསྒོམ་པའི་ལམ་གྱིས་ཐོབ་པར་བྱ་བ་ཡིན་པས་འདི་སྔོན་ནས་ནི་མ་ཡིན་ན། ཇི་ལྟར་རང་བཞིན་ཉིད་ཀྱིས་ཐམས་ཅད་དག་ཅེ་ན། དེ་བས་ན་གསུངས་པ་ཡུལ་རྣམས་

ཞེས་བྱ་བ་ལ་སོགས་པ་ལ། ཡུལ་ནི་དབང་པོ་ལ་སོགས་པ་སྟེ། རང་རང་གི་ཤེས་པས་དམིགས་པར་བྱ་བ་ཉིད་ཡིན་པས་སོ། །དེ་རྣམས་རང་རིག་པ་མཆོག་ཏུ་བདེ་བ་དོན་དམ་པ་ཞེས་བྱ་བའི་དོན་ཏོ། །གང་ལས་སྙམ་པ་ལས་གསུངས་པ། དག་པའི་ངོ་བོ་ཉིད་ཅེས་པ་ལ་དག་པ་ཡང་ཡིན་

Vol. 4 · folio 264a

ཏེ། གཉིས་ཀྱིས་སྟོང་པའི་རང་བཞིན་ཡང་དག་པར་རིག་པ་ཉིད་ཡིན་པའི་སྒོ་ནས་བྱེད་པས་སྟོང་པ་ཉིད་ཉམས་སུ་མྱོང་བའི་རང་བཞིན་ཡིན་པས་སོ། །སེམས་སྐྱེས་པའི་རང་བཞིན་ཉིད་ཀྱི་ངོ་བོ་ཡང་ཡིན་པས་དག་པའི་ངོ་བོའོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེའི་ཕྱིར་

རོ། །དེ་ལ་ཤེས་བྱ་ཐམས་ཅད་དབྱེར་མེད་པའི་སྟོང་པ་ཉིད་དུ་ཉམས་སུ་མྱོང་བ་ནི་ཐུན་མོང་ཡིན་ལ། རང་གི་རིག་པའི་བདེ་བ་ནི་འབྲས་བུར་གྱུར་པ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཀྱི་སྟོང་པ་ཉིད་ཀྱི་ཆས་ཁྱབ་པ་དེ་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཉིད་ཉམས་སུ་མྱོང་བའི་

ཆས་རྣལ་འབྱོར་མའི་འཁོར་ལོའོ། །དམིགས་པར་བྱ་བའི་དབྱེ་བ་ལས་ཉམས་སུ་མྱོང་བའི་བྱེ་བྲག་ནི་རྣལ་འབྱོར་མའི་དབྱེ་བ་སྟེ། དམིགས་པར་བྱ་བ་སོ་སོ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །འོ་ན་སྔོན་པོ་དང་སེར་པོ་ལ་སོགས་པ་གང་དག་གི་རྣམ་པ་རྣམས་ཀྱིས་རྣལ་འབྱོར་པ་རྣམས་ལ་རང་

བཞིན་སོ་སོར་སྣང་བ་དེ་དག་ཇི་ལྟར་རྣམ་པར་དག་སྙམ་པ་ལ། དེ་བས་ན་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པའོ། །གཟུགས་སོགས་ཡུལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་ལོ། །གཞན་ཞེས་པ་དེ་བཞིན་ཉིད་དེ། དེ་ནི་ཡང་དག་པར་རིག་པ་ལས་མཚན་ཉིད་དམན་

པ་ཞེས་བྱ་བའི་དོན་ཏོ། །དག་པའི་རང་བཞིན་ཞེས་པ་ནི་རྣམ་པར་དག་པའི་ངོ་བོ་ཉིད་དོ། །གང་གི་ཕྱིར་ཞེ་ན། གང་ཕྱིར་འགྲོ་བ་སངས་རྒྱས་དངོས། །ཞེས་པ་སྟེ་དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་བ་རྣམས་ཀྱི་གོ་རིམས་བཞིན་དུ་གཟུགས་

དང་སྒྲ་དང་སེམས་ཀྱི་གཡོ་བ་ཐམས་ཅད་ལ་ཁྱབ་པར་རྗེས་སུ་འགྲོའོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་བསྟན་པའི་མདོ་ལས་དེ་སྐད་ཅེས་གསུངས་སོ། །གལ་ཏེ་ཡང་དེ་དག་ཐམས་ཅད་གསང་བའི་རྗེས་སུ་འགྲོ་བས་དག་ན་དེའི་ཚེ་མ་དག་པ་ཅུང་ཟད་ཀྱང་མེད་དོ་སྙམ་ནས་

ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་ནི་རྣམ་པ་གང་གིས་སོ། །དྲི་ནི་སྣ་ཡིས་ཞེས་པ་ནི་ཚོར་བ་ཞེས་པ་དང་འབྲེལ་ཏོ། །མྱོང་བ་ནི་རོའོ། །དངོས་པོ་ཞེས་པ་ནི་ཡུལ་བརྗོད་པའི་ཚིག་སྟེ་ལྷག་མར་གྱུར་པའི་དོན་གྱིས་རེག་པར་བྱེད་ཅེས་

Vol. 4 · folio 264b

སྦྱར་རོ། འཐོབ་ཅེས་པ་ནི་འཛིན་པར་རོ། །གལ་ཏེ་མ་དག་ན་དེའི་ཚེ་བསྟེན་པར་མི་བྱའོ་སྙམ་པ་ལ། དེ་བས་ན་གསུངས་པ། བསྟེན་བྱ་ཞེས་བྱ་བ་ལ་སོགས་པའོ། །བསྟེན་བྱ་ཞེས་པ་ནི་བསྟེན་པར་འོས་པ་སྟེ། གང་དག་རུང་ཞིང་གནང་བ་ཞེས་པའི་དོན་ཏོ། །དེ་ལས་གཞན་ལྷ་

མོའི་དབྱེ་བ་སོ་སོའི་རྣམ་པར་དག་པ་གསུངས་པ། གཟུགས་ཕུང་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་དག་པས་ཞེས་པ་ལ་ཡོངས་སུ་ཤེས་པར་བྱ་བ་ཞེས་པ་ནི་ཚིག་ལྷག་མའོ། །དེ་ཉིད་ཀྱིས་གསུངས་པ། དེ་ཉིད་རྣལ་འབྱོར་ངེས་འགྲུབ་བོ། །ཞེས་པའོ། །དབང་ལྡན་ཞེས་པ་

ལ་སོགས་པ་ནི་ཕྱིའི་རིམ་པ་སྟོན་པའོ། །འོ་ན་ནང་གི་རིམ་པ་ལ་གཽ་རཱི་བརྗོད་པས་དེ་ཉིད་ཕྱིའི་རིམ་པ་ལ་ཡང་ཇི་ལྟར་བསྟན་ཞེ་ན་དེའི་ཕྱིར་གསུངས་པ། ཕྱི་རིམ་ཞེས་བྱ་བ་ལ་སོགས་པའོ། །གཞན་ཏེ་མིང་མཐུན་པ་ཉིད་ཡིན་ཏེ་རང་བཞིན་ནི་འདི་གཉིས་ཐ་དད་ཅེས་བྱ་བར་དགོངས་སོ། །

ལྷ་མོ་འདི་གཉིས་ཞེས་བྱ་བ་ནི་ལྷ་མོ་གཉིས་སུ་ཞེས་བྱ་བའི་དོན་ཏེ། གཉིས་ཀྱི་དབྱེ་བས་ལྷ་མོར་ཡོངས་སུ་ཤེས་པར་བྱ་བའི་དོན་ཏོ། །ཡང་གཟུགས་ལ་སོགས་པའི་རྣམ་པར་དག་པ་མ་གསུངས་པས་དེ་གསུངས་པ། གཟུགས་ཞེས་བྱ་བ་ལ་སོགས་པའོ། །དྲུག་པོ་དེ་ནི་ཡུལ་དྲུག་གི་རྣམ་པར་

དག་གོ། །ཕྱག་རྣམས་ཞེས་བྱ་བ་ལ་སོགས་པས་ཕྱག་བཅུ་དྲུག་པ་དགྱེས་པའི་རྡོ་རྗེའི་ཕྱག་ལ་སོགས་པའི་རྣམ་པར་དག་པ་གསུངས་ཏེ། ཕྱག་བཅུ་དྲུག་གི་རྣམ་པར་དག་པའི་དེ་ཁོ་ན་ཉིད་སྟོང་པ་བཅུ་དྲུག་གོ། །ཞབས་བཞི་ནི་བདུད་བཞི་བཅོམ་པ་ཞེས་བྱ་བའི་དོན་ཏོ། །ཞལ་ནི་ཞལ་རྣམས་

སོ། །རྡོ་རྗེ་གསུམ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱེ་བའོ། །ས་ལ་སོགས་པའི་རྣམ་པར་དག་པ་ནི་པུཀྐ་སཱི་ལ་སོགས་པའོ། །ཞེ་སྡང་ཞེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ཅན་ཞེས་བྱ་བ་ནི་འཁོར་ལོའི་བདག་མོའོ། །ཞེ་སྡང་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་

རྣམ་པར་དག་པ་ནི་བདག་མེད་མ་ལ་སོགས་པ་ལྔ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་གསུངས་པ། ཞེ་སྡང་ལ་སོགས་རྣམ་སྦྱོང་བྱེད། །ཅེས་བྱ་བ་ནི་བདག་མེད་མ་ལ་སོགས་པ་ལྔ་པོ་འདིས་སོ། །ཕུང་པོ་ཞེས་པ་ནི་ལྷག་མ་གཟུགས་ཀྱི་ཕུང་པོ་ལྔ་དང་། མིག་ལ་སོགས་པ་ལྔ་ཞེས་བྱ་བའི་

Vol. 4 · folio 265a

དོན་ཏོ། །ཡིད་ཀྱི་དབང་པོའི་རྣམ་པར་དག་པ་ཡང་བདག་མེད་མའོ། །དེ་ལྟར་བསྐྱེད་པའི་རིམ་པའི་ཕྱོགས་ལ་རྣམ་པར་དག་པ་སྣ་ཚོགས་གསུངས་ནས་རྫོགས་པའི་རིམ་པ་ལ་དེ་རོ་གཅིག་པར་གསུངས་པ། གང་དང་ཞེས་བྱ་བ་ལ་སོགས་པ་སྟེ། གང་དང་གང་གིས་

ཏེ་གཟུགས་ལ་སོགས་པས་འཇིག་རྟེན་བཅིངས་པ་དེ་དང་དེ་ཉིད་ཀྱིས་བཅིངས་པ་ལས་གྲོལ་གྱི་ལྷ་ལ་སོགས་པས་ནི་མ་ཡིན་ནོ་ཤེས་བྱ་བར་དགོངས་སོ། །འཇིག་རྟེན་པ་དེ་དག་ཇི་ལྟར་བཅིངས་ཞེ་ན་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་མི་ཤེས་པ་ནི་ཡང་དག་པ་མ་

ཡིན་པ་གཉིས་སུ་རྟོག་པར་བྱེད་པའོ། །མི་ཤེས་པ་ནི་དེ་ཁོ་ན་ཉིད་མི་ཤེས་པ་སྟེ། ཡང་དག་པ་གཉིས་སུ་མེད་པ་མི་ཤེས་པའོ། །དེ་ཉིད་སྤངས་པ་ནི་དོན་དམ་པ་བསྒོམ་པ་མེད་པའོ། །གྲུབ་པ་ནི་གྲོལ་བ་སྟེ་མི་འཐོབ་པའོ། །དེ་ཚེ་ཁྱོད་ཇི་ལྟར་གྲོལ་སྙམ་པ་ལ་གསུངས་པ། དེའི་ཕྱིར་

ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་དག་པའི་རང་བཞིན་ཡིན་པ་དེའི་ཕྱིར་གཉིས་སུ་མེད་པ་གསལ་བ་ཙམ་དུ་འགྲོ་བ་རྣམ་ཤེས་ཤིང་མཐོང་བར་འགྱུར་བས་སོ། །ཇི་ལྟར་ཞེ་ན་གཟུགས་ལ་སོགས་པ་ཡུལ་དྲུག་པོ་མི་སེམས་ཤིང་མི་དམིགས་པ་ནའོ། །སེམས་ཀྱང་ཞེས་པ་ལ་སེམས་ནི་རྣམ་པར་

ཤེས་པ་འཛིན་པར་བྱེད་པ་དྲུག་སྟེ། དེ་ཡང་མི་དམིགས་པའོ། །དེའི་ཚེ་ཁྱོད་ལ་ཇི་ལྟར་གསལ་ཞེ་ན། རྣམ་པར་དག་པ་རང་རིག་པ་བདེ་བ་མཐའ་ཡས་པ་སྣང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཉིད་ཀྱི་རྣམ་པར་དག་པ་མ་ཡིན་ཏེ། དབང་པོ་རྣམས་ནི་འཁྲུལ་བར་འབྱུང་བས་སོ་ཞེ་ན།

ཐམས་ཅད་རྣམ་པར་དག་ཅེས་པ་ནི་དབང་པོ་དྲུག་ཀྱང་ངས་མི་དམིགས་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མོད་ཀྱི་འགྲོ་བ་རྣམས་ནི་བལྟ་བར་བྱ་བ་དང་ཁྱོད་ནི་ལྟ་བར་བྱེད་པ་གཉིས་སུ་སྣང་བས་ཇི་ལྟར་རྣམ་པར་དག་པ་སྙམ་པ་ལ་གསུངས་པ། འགྲོ་བ་ཞེས་པའོ། །འགྲོ་བ་རྣམས་དག་པའི་བདག་ཉིད་དུ་

ཡང་དག་པར་མཐོང་ཞེས་པའི་དོན་ཏོ། །མཐའ་ཡས་ཤིང་སྣང་བ་མེད་པ་གསལ་བའི་རང་བཞིན་གྱིས་འགྲོ་བ་ཀུན་གྱི་བདག་ཉིད་དུ་ང་ཉིད་སྣང་བའོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་དེ་ཁོ་ན་ཉིད་བསྒོམས་པས་བཅིངས་པ་ལས་གྲོལ་བར་འགྱུར་རོ་ཞེས་པ་ནི་ཚིག་ལྷག་མའོ། །རྣམ་པར་དག་

Vol. 4 · folio 265b

པ་གསལ་བར་བྱེད་པའི་ལེའུ་ནི་རྣམ་པར་དག་པའི་ལེའུའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ཞེས་བྱ་བ་ལས་ལེའུ་དགུ་པའི་བཤད་པའོ།། །།སློབ་མ་ལ་དབང་བསྐུར་བ་འདིར་བཤད་པར་བྱ་སྟེ། དེ་ཡང་རི་མོའི་དཀྱིལ་འཁོར་དུ་སྦྱིན་པར་བྱ་སྟེ། དེ་ཉིད་གསུངས་

པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ། །ཇི་བཞིན་ཞེས་པ་ཕྱིན་ཅི་མ་ལོག་པར་རོ། །རིམ་པ་ཞེས་པ་ནི་ཆོ་ག་གང་གིས་སློབ་མ་དབང་བསྐུར་བར་བྱ་བ་སྟེ། ཆོ་ག་དེ་ཡང་བཤད་པར་བྱའོ་ཞེས་བྱ་བར་སྦྱོར་རོ། །ལྷའི་བདག་ཉིད་ཅེས་པ་ནི་རང་གི་རྣལ་འབྱོར་དུ་གནས་པའོ། །ཧཱུཾ་ལས་རྡོ་རྗེར་

བྱ་ཞེས་པ་ནི་ལྷའི་ལེའུ་ལས་གསུངས་པའི་རིམ་པས་སོ། །བྱང་ཆུབ་སེམས་དཔའ་ནི་དགྱེས་པའི་རྡོ་རྗེ་ལ་སོགས་པའོ། །ཁྱིམ་ནི་ཁང་པའོ། །བྲི་ཞེས་པ་ནི་འདིས་བྲི་བར་བྱ་སྟེ་རྡུལ་ཚོན་ཡང་ཡིན་ལ་བྲི་བ་ཡང་འདི་ཡིན་པས་རྡུལ་ཚོན་བྲི་བའོ། །དེ་ཡང་བཟང་པོ་ནི་ཕུལ་དུ་བྱུང་བའི་རིན་པོ་ཆེའོ། །

འབྲིང་པོ་ནི་དམན་པའོ། །འབྲས་ལ་སོགས་པ་ཞེས་པ་འབྲས་སཱ་ལུ་དང་རྡོ་རྒྱུས་ལ་སོགས་པའོ། །ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། སོར་མོ་གསུམ་གྱིས་ལྷག་པ་ནི་སོར་གསུམ་གྱིས་ལྷག་པའོ། །འདི་ནི་དཀྱིལ་འཁོར་མདོར་བསྟན་པའོ། །འདིའི་ཉེ་བར་བཤད་པ་ནི་འོག་ནས་འབྱུང་ངོ་། །

དབང་བསྐུར་བའི་གནས་སྐབས་གསུངས་པ། རིག་པ་ཞེས་བྱ་བ་ལ་སོགས་པའོ། །གཞུག་པར་བྱ་ཞེས་པ་ནི་གཟུང་བར་བྱའོ། །བཟང་མོ་ཞེས་པ་ནི་མཆོག་གོ། །གལ་ཏེ་མ་རྙེད་ན་དེའི་ཚེ་ཇི་ལྟར་རྙེད་པ་གཞན་ཡང་གཞུག་པར་བྱའོ། །བཅུ་དྲུག་ལོན་པ་ཞེས་པ་ནི་ལང་ཚོ་གཙོ་བོ་ཉིད་དོ། །དེ་

བཞིན་ཡང་ཞེས་པ་ནི་མ་འབྱོར་ན་དབང་བསྐུར་བ་ལ་ལོ་ཉི་ཤུ་ལོན་པ་ལ་སོགས་པ་ཡང་ངོ་། །གཉིས་ཀའི་གདོང་དཀྲི་བ་ནི་མི་བསྟེན་པའི་དོན་ཏོ། །སློབ་མའི་སྤྱོད་ཡུལ་ཞེས་པ་ནི་སློབ་མས་ཡང་དག་པར་རིག་པར་བྱའོ་གལ་ཏེ་དེས་ཅིར་འགྱུར་ཞེ་ན། གསུངས་པ་རང་རིག་ཅེས་པ་སྟེ། རོ་མཉམ་པ་

དེ་ཉིད་བསྒོམས་པས་བྱང་ཆུབ་ཆེན་པོའི་སྒྲས་བརྗོད་པར་བྱ་བའི་ཡེ་ཤེས་ཀྱི་འབྲས་བུར་གྱུར་པ་སྟེ། དེ་ཉེ་བར་མ་མཚོན་པར་ཕྱིས་བསྒོམ་པ་མི་འཐད་པས་དངོས་གྲུབ་དང་ལྡན་པར་མི་འགྱུར་རོ། །ཞེས་བྱ་བར་དགོངས་སོ། །ཡེ་ཤེས་ཀྱི་འབྲས་བུར་གྱུར་པ་དེ་ཉིད་རང་བཞིན་ཞེས་བྱ་བ་ལ་སོགས་

Vol. 4 · folio 266a

པས་ཁྱད་པར་དུ་བྱེད་དེ། རང་དང་གཞན་དུ་ཡང་དག་པར་རིག་པ་མི་དམིགས་པ་སྟེ། དེ་སྤངས་པའོ། །མཁའ་མཉམ་ཞེས་པ་ནི་ནམ་མཁའ་ལྟ་བུར་སྣང་བ་མེད་པར་གསལ་བའི་ཚུལ་གྱིས་བདག་དང་གཞན་རོ་མཉམ་པར་སྣང་བའོ། །རྡུལ་བྲལ་ཞེས་པ་ནི་ཉོན་མོངས་པ་སྤང་བའོ། །

སྟོང་པ་ཉིད་ནི་གཟུང་བར་སྣང་བ་ནུབ་པའོ། །དངོས་དང་ཞེས་པ་ནི་རྣལ་འབྱོར་པའི་ལུས་སོ། །དངོས་མེད་ནི་དེའི་ཚོར་བ་ལ་སོགས་པ་འཛིན་པར་བྱེད་པའི་རང་བཞིན་ནོ། །དེ་དག་གི་བདག་ཉིད་འདི་ལ་ཡོད་པས་དེ་སྐད་ཅེས་གསུངས་སོ། །དེ་བདག་གིས་རང་བཞིན་གྱི་དབྱེ་བ་ཡང་གསལ་བའི་བདག་ཉིད་

དེ་ཉིད་དུ་སྣང་བ་ནང་གི་བདག་ཉིད་ལ་ནུབ་པ་ཉིད་དོ། །མཆོག་ཅེས་པ་ནི་འབའ་ཞིག་སྟེ་དེ་ཙམ་དུ་སྣང་བས་སོ། །ཡང་ན་མཆོག་ཅེས་པ་ནི་དོན་དམ་པ་སྟེ། སྤྲོས་པ་ནི་མཆོག་མ་ཡིན་པས་སོ། །ཐབས་ནི་སྙིང་རྗེ་སྟེ་སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པར་ཉམས་སུ་མྱོང་བའོ། །ཤེས་རབ་ནི་

ཆོས་ཐམས་ཅད་ལ་གཉིས་ཀྱིས་སྟོང་པར་བལྟ་བའོ། །དེ་དག་འདྲེས་པ་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པ་རྣམས་བདག་དང་གསལ་བའི་བདག་ཉིད་དུ་རོ་གཅིག་ཏུ་སྣང་བའོ། །ཆགས་དང་ཆགས་མེད་རྣམ་པར་འདྲེས་པ་ནི་དེ་གཉིས་ཀྱང་དེ་ཉིད་དུ་སྣང་བའོ། །དེ་ལ་ཆགས་པ་ནི་གཉིས་སུ་

མེད་པའི་ཡེ་ཤེས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའོ། །ཆགས་མེད་ནི་དེ་བཞིན་ཉིད་དོ། །སྲོག་ཅེས་པ་ནི་འཚོ་བ་སྟེ། དེ་དང་བྲལ་བ་ནི་མི་འཚོ་བ་ཉིད་ཀྱིས་སོ། །མི་འགྱུར་དམ་པ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དོ། །ཁྱད་པར་ནི་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་ཉིད་དོ། །ལུས་ཀུན་ལ་ནི་རྣམ་

པར་གནས། །ཞེས་པ་ནི་རྣམ་པར་ཤེས་པས་བྱིན་གྱིས་བརླབས་ན་ལུས་འཚོ་བ་ཉིད་དོ། །དེ་ཉིད་ཀྱིས་ན་དེའི་བདག་ཉིད་ཀྱིས་ལས་དང་ཉོན་མོངས་པ་ལས་བྱུང་བས་ན་སྣ་ཚོགས་དེ་ལས་སྐྱེས་པར་གསུངས་ཏེ། དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ནི་ལུས་སོ། །དངོས་མེད་ནི་ཚོར་བ་ལ་སོགས་

པའོ། །གཞན་རྣམས་ནི་དབང་པོ་དྲུག་གོ། །གང་རྣམས་དེ་རྣམས་ནི་ཕྱིའི་དངོས་པོ་བརྟན་པ་དང་གཡོ་བ་རྣམས་ཏེ། དེ་ཐམས་ཅད་རྣམ་པར་ཤེས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །མུ་སྟེགས་ཅན་རྣམས་ཀྱིས་ཀྱང་དེ་ཉིད་ལ་བདག་ལ་སོགས་པར་བཏགས་སོ་ཞེས་དེ་ཉིད་གསུངས་པ། ཐམས་

Vol. 4 · folio 266b

ཅད་ཅེས་བྱ་བ་ལ་སོགས་པ་ལ། རིག་བྱེད་ཀྱི་མཐའ་པ་ན་རེ་ནི་ཐམས་ཅད་རྣམ་པར་ཤེས་པའོ་ཞེས་ཟེར་རོ། །གྲངས་ཅན་ན་རེ་སེམས་ལ་སྐྱེས་བུ་ཞེས་ཟེར་རོ། །གང་ཟག་ཏུ་སྨྲ་བ་རྣམས་ན་རེ་ཡང་ནས་ཡང་དུ་འགྲོ་ཞིང་ཐིམ་པས་གང་ཟག་ཅེས་ཟེར་རོ། །དབང་ཕྱུག་ཏུ་སྨྲ་བ་རྣམས་ན་རེ་བདག་

རྟག་པ་ཤེས་པ་རྟག་པ་དང་ལྡན་པ་ནི་དབང་ཕྱུག་གོ་ཞེས་ཟེར་རོ། །བདག་ཏུ་སྨྲ་བ་རྣམས་ན་རེ་བདག་ཉིད་སྐྱེ་བ་དང་། འཚོ་བར་བྱེད་པ་དང་། འཆི་བར་བྱེད་པ་དང་། འཆིང་བར་བྱེད་པ་དང་། གྲོལ་བར་བྱེད་པའོ་ཞེས་ཟེར་རོ། །དེ་བཞིན་དུ་གཅེར་བུ་པ་རྣམས་ན་རེ་འཚོ་བ་ཞེས་ཟེར་རོ། །དེ་

བཞིན་དུ་སེམས་ཅན་དུ་སྨྲ་བ་རྣམས་ན་རེ་སེམས་ཅན་ཞེས་ཟེར་རོ། །དུས་སུ་སྨྲ་བ་རྣམས་ན་རེ་སྐྱེ་དགུ་འདི་དག་དུས་ཀྱིས་བསྡུས་སོ་ཞེས་ཟེར་རོ། །གང་ཟག་ཏུ་སྨྲ་བ་ཁ་ཅིག་ན་རེ་ལས་ཀྱིས་གང་ཞིང་དེ་རྣམས་འགྲོ་བར་ཟག་པར་བྱེད་པ་ཉིད་ཀྱི་གང་ཟག་ཅེས་ཟེར་རོ། །དངོས་པོ་ཀུན་ཞེས་པ་

ནི་འཇིག་རྟེན་ལ་གྲགས་པ་དང་ལུང་ལས་གྲུབ་པའོ། །དེའི་རང་བཞིན་ནི་རང་བཞིན་གྱིས་ཡང་དག་པར་གནས་ཏེ་ཀུན་རྫོབ་ཏུ་གནས་པ་སྟེ། རྟོག་པའི་དབྱེ་བས་དེ་ལྟར་སྣང་བའོ། །སྒྱུ་མའི་ཚུལ་དུ་རྣམ་པ་སྣ་ཚོགས་པའི་གཟུགས་སུ་སྤྲུལ་པ་ཉིད་ཀྱི་ཕྱིར་རོ། །རོ་མཉམ་པ་དེ་ཡང་ཇི་ལྟར་སློབ་མའི་

སྤྱོད་ཡུལ་དུ་བྱ་སྙམ་པ་ལ། གསུངས་པ་དང་པོ་ཞེས་བྱ་བ་ལ་སོགས་པའོ། །དགའ་བ་ཙམ་ཞེས་པ་ནི་ཁྱད་པར་མེད་པའི་དགའ་བའོ། །གཉིས་པའི་གྲངས་ནི་གྲངས་གཉིས་པའོ། །ཁྱད་པར་དགའ་བ་ཞེས་པ་ནི་ཁྱད་པར་དུ་གྱུར་པའི་དགའ་བའོ། །དེ་ལྟར་སློབ་མའི་སྤྱོད་ཡུལ་དུ་འགྱུར་བའི་ལྷན་ཅིག་

སྐྱེས་པའི་དགའ་བ་དེ་ཉིད་རོ་མཉམ་པ་ལ་སོགས་པའོ། །སྒྲས་སྐད་ཅིག་མའི་མཚན་ཉིད་ཀྱི་དབྱེ་བས་ངེས་པས་བསྟན་པ་དེ་ལ་འཁོར་རྣམས་དེས་ཇི་ལྟར་འགྱུར་བ་དེ་གསུངས་པ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པའོ། །ངོ་མཚར་ནི་ཐེ་ཚོམ་མོ། །འགྱེལ་བ་ནི་འགྱེལ་བར་གྱུར་པའོ། །དེ་ཇི་ལྟར་སྐྱེས་སྙམ་

པ་ལ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པའོ། །འགྲོ་བའི་གཟུགས་ནི་འགྲོ་བས་རིག་པའོ། །མཆོག་ཏུ་དགའ་བ་ཉིད་ཅེས་བྱ་བར་སྦྱར་ཏེ། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བའི་དོན་ཏོ། དགའ་བ་རྣམ་པ་གསུམ་ཉིད་དེ་རིམ་གྱིས་འགྲོ་བས་རིག་པ་སྟེ། དེ་ལས་གོང་མར་གྱུར་པ་དགའ་བ་

Vol. 4 · folio 267a

ཡང་མེད་ལ། གསུམ་ལ་ལྷན་ཅིག་སྐྱེས་པ་མེད་ཅེས་པ་ནི་གསུམ་པོ་དེ་དག་ལ་ཡང་ལྷན་ཅིག་སྐྱེས་པ་མེད་པ་སྟེ། ཡང་དག་པར་རིག་པ་ཉིད་ཀྱང་མེད་དེ། མཚན་ཉིད་མི་མཐུན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྙམ་མོ་ཞེས་པ་ནི་སྡུད་པར་བྱེད་པའི་ཚིག་སྟེ། དེ་ལྟར་ཐེ་ཚོམ་སྐྱེས་ཞེས་བྱ་

བའི་དོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཡང་སྡུད་པར་བྱེད་པའི་ཚིག་གོ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པ་ནི་ལྷན་ཅིག་སྐྱེས་པའི་སྐུ་གཅིག་སྟེ་དབྱེར་མེད་པའི་རང་བཞིན་ནོ། །འདིས་གཅོད་པར་བྱེད་པས་ན་བསལ་བའོ། །བཟང་པོ་ཞེས་པ་ནི་ཕུལ་དུ་བྱུང་

བའོ། །རྟོགས་བྱའི་ཕྱིར་ཞེས་བྱ་བ་ནི་གཏན་ལ་དབབ་པའི་ཕྱིར་རོ། །དེ་གང་ཞེ་ན། འདོད་ཆགས་མེད་ཅིང་ཞེས་བྱ་བ་ལ་སོགས་པའོ། །འདོད་ཆགས་ནི་མཆོག་ཏུ་དགའ་བ་སྟེ་འབྲས་བུ་སྐྱེད་པར་འདོད་པ་ཉིད་དོ། །དེ་ཡང་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཉིད་ལ་དམིགས་སུ་མེད་དོ། །ཆགས་

བྲལ་ནི་ཁྱད་པར་གྱི་དགའ་བ་སྟེ་འབྲས་བུ་ཞིག་པ་ཉིད་དོ། །དེ་བས་ན་དེ་ཡང་བྱང་ཆུབ་ཀྱི་རང་བཞིན་ལ་འདི་དམིགས་སུ་མེད་དོ། །དབུ་མ་ནི་བདེ་བ་གནས་སྐབས་དང་པོའི་དགའ་བ་སྟེ། དབུ་མ་དགའ་བ་ཙམ་ཉིད་དོ་ཞེས་བརྒྱད་པ་ལས་གསུངས་པས་སོ། །འདི་ཇི་ལྟར་དབུ་མ་ཞེ་ན་དམན་པ་

ཉིད་ཀྱི་ཕྱིར་ཏེ། འཇིག་རྟེན་ན་གང་དུ་དམན་པ་ནི་འབྲིང་ཞེས་བརྗོད་པ་ཡོད་དེ། དཔེར་ན་གཏན་འབྲིང་དང་ལུས་འབྲིང་ཞེས་ཟེར་བ་བཞིན་ནོ། །དགའ་བ་དེ་ཡང་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དེ་ལ་དམིགས་སུ་མེད་དོ། །དེ་ལྟར་ན་འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ནི་བྱང་ཆུབ་

ཙམ་ཡིན་ཏེ། འབྲས་བུ་ལ་དམིགས་པར་བྱེད་པ་ཉིད་དོ། །འོན་ཀྱང་རྫོགས་པའི་བྱང་ཆུབ་ནི་མ་ཡིན་ནོ། །དབུ་མ་ནི་བྱང་ཆུབ་ཙམ་ཡང་མ་ཡིན་ཏེ་རེག་པར་དམིགས་པའི་ཕྱིར་རོ། །དེ་ལྟར་ཡང་ལེའུ་བཅུ་དྲུག་པ་ལས། ཐོག་མ་ཐ་མ་དབུས་མེད་དོ། །ཞེས་བྱ་བས་འཆད་པར་འགྱུར་

ཏེ། ཐོག་མ་དང་ཐ་མ་དང་དབུས་མེད་ཅེས་བྱ་བའི་དོན་ཏེ། སྐད་ཅིག་མ་གསུམ་པོ་དེ་དག་སྤངས་པ་ཉིད་ནི་དེ་དག་ལས་གཞན་པ་ལྷན་ཅིག་སྐྱེས་པའི་དགའ་བར་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ། །དེ་ཉིད་འབྲས་བུའི་རང་བཞིན་དུ་གྱུར་པ་དང་། ལྷན་ཅིག་སྐྱེས་པའི་བྱང་ཆུབ་ཏུ་བརྗོད་དེ། །

Vol. 4 · folio 267b

རང་ཉིད་ཤེས་པར་བྱ་བ་ཡིན་པས་ཡེ་ཤེས་དེ་ཉིད་ལ་འབྲས་བུ་ཞེས་ཀྱང་བྱ། ཡང་དག་པ་བདེ་བའི་འབྲས་བུའི་བྱང་ཆུབ་མངོན་དུ་ཕྱོགས་པར་འགྱུར་བས་བྱང་ཆུབ་ཅེས་བྱའོ། །འདི་ཉིད་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཞེ་ན། གང་གི་ཕྱིར་མཆོག་ཏུ་དགའ་བ་ནི་འབྲས་བུ་སྐྱེད་པར་

འདོད་པ་ཡིན་ལ། འབྲས་བུ་ཞིག་པའི་མཚན་ཉིད་ནི་ཁྱད་པར་དགའ་བའོ། །དེ་དག་གི་བར་དུ་གནས་པ་ནི་མཆོག་གི་ཡེ་ཤེས་འདི་ཡིན་ལ། མཚན་ཉིད་ནི་ལྷན་ཅིག་སྐྱེས་པ་ལ་སོགས་པའི་སྒྲ་ཉིད་ཀྱིས་ལེགས་པར་གསུངས་སོ། །ཡང་གསུམ་པོ་སྤངས་ཞེས་གསུངས་པ་འདི་མི་རིགས་ཏེ་ཐོག་

མ་དང་ཐ་མ་མེད་པའི་ཆོས་ཀྱི་སྐུ་རྫོགས་པའི་བྱང་ཆུབ་ཉིད་ལྷན་ཅིག་སྐྱེས་པ་ཡིན་ན་ཇི་ལྟར་དགའ་བ་གསུམ་ལ་དེ་མེད་སྙམ་པ་ལ་དེ་བས་ན་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་ཞེས་པ་དང་གང་ཡང་ཞེས་པ་ནི་རྣམ་གྲངས་སོ། །དེ་ཉིད་ཀུན་བདག་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པ་དེ་

ཐམས་ཅད་ཀྱི་བདག་ཉིད་ཡིན་པས་དགའ་བ་གསུམ་གྱི་རྗེས་སུ་འགྲོ་བ་ཉིད་དེ། ཐུན་མོང་གི་བདེ་བས་གཉིས་པོས་སྟོང་པ་ཉིད་གང་ཡིན་པ་དེ་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཞེས་པ་ནི་རྣམ་གྲངས་གཞན་གྱིས་ཐམས་ཅད་ཀྱིས་སྤངས་པ་ནི་དགའ་བ་གསུམ་དང་བྲལ་བ་སྟེ། རང་རིག་པའི་

ཁྱད་པར་གྱི་མཚན་ཉིད་དེ་རྣམས་ཀྱི་རྗེས་སུ་འགྲོ་བ་མེད་པ་ཡིན་ནོ། །འདི་དག་ཉིད་ཁྱད་པར་གྱི་མཚན་ཉིད་འདི་དང་བྲལ་བ་ལ་བརྟེན་ནས། འདི་ཡིས་གསུམ་པོ་རྣམ་པར་སྤངས། །ཞེས་སོ། །དེ་བས་ན་འདི་མི་རིགས་པར་གསུངས་པ་མ་ཡིན་ནོ། །འདིས་ལེགས་པར་བཤད་མོད་ཀྱི། ལྷན་ཅིག་སྐྱེས་པའི་

དགའ་བ་གསལ་བར་བྱ་བའི་ཕྱིར་གསུངས་པ། ཁྱད་པར་ཞེས་བྱ་བ་ལ་སོགས་པའོ། །དང་པོ་ནི་ཁྱད་པར་གྱི་སྔོན་ནོ། །ཅི་དེ་མཆོག་ཏུ་དགའ་བ་ཉིད་དམ་ཞེ་ན་མ་ཡིན་པར་གསུངས་པ། དགའ་བ་གསུམ་པོ་རྣམ་པར་སྤངས། །ཞེས་སོ། །འདིས་ནི་མཆོག་ཏུ་དགའ་བའི་ཕྱི་མའོ། །ཞེས་བསྟན་པར་

འགྱུར་རོ། །དེ་ལྟར་ལེའུ་བཅུ་དྲུག་པ་ལས། མཆོག་མཐའ་ཁྱད་པར་དང་པོ་དབུས། །ཞེས་པས་འཆད་པར་འགྱུར་ཏེ། མཆོག་ཏུ་དགའ་བའི་མཐའ་དང་ཁྱད་པར་གྱི་དགའ་བ་ལ་ལྟོས་པས་དབུས་ཞེས་བྱ་བའི་དོན་ཏོ། །ལེའུ་བཅུ་གསུམ་པ་ལས་གསལ་བར་སྟོན་ཏོ། །ལྷན་ཅིག་སྐྱེས་དགའི་རང་བཞིན་

Vol. 4 · folio 268a

ནོ། །མཆོག་མཐའ་ཁྱད་པར་གྱི་ནི་སྔོན། །ཞེས་སོ། དེ་ཐམས་ཅད་ཀྱིས་འདི་སྐད་བསྟན་པར་འགྱུར་ཏེ། མཆོག་ཏུ་དགའ་བའི་མཐའ་ནི་རབ་ཏུ་སྦྱོར་བའི་མཐའ་འོ། །ཁྱད་པར་གྱི་དགའ་བ་ནི་དེའི་རྗེས་ལས་སྐྱེས་པ་སྟེ། དེ་རྣམ་པར་རྟོག་པས་འདྲེན་པའོ། །དེ་གཉིས་

ཀྱི་བར་དུ་དངོས་གཞིའི་ཡེ་ཤེས་དམིགས་སུ་མེད་པ་སྤྲོས་པ་མེད་པའི་བདེ་བ་ལྷན་ཅིག་སྐྱེས་པའི་དགའ་བའོ་ཞེས་སོ། །དེ་ལྟར་ཡང་དག་པ་ཉེ་བར་མཚོན་པའི་ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཉིད་ལ་བསྒོམས་པས་རིམ་གྱིས་སྤྲིན་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། གཉིད་ལོག་པ་

དང་། སད་པ་ལྟ་བུར་སྣང་བའི་ཏིང་ངེ་འཛིན་རྣམ་པ་བཞི་ཡིན་ནོ། །དེ་ཉིད་ཚིགས་སུ་བཅད་པ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པའོ། །ཇི་སྲིད་བསྒོམ་པར་བྱ་བ་དང་བཅས་པ་ཡང་དག་པའི་སྦྱོར་བས་བསྒོམས་པས་ན་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་པར་མི་འགྱུར་བ་དེ་སྲིད་དུ་འདི་སྤྲིན་ལྟ་

བུར་སྣང་བ་སྟེ། དེ་ནི་སྤྲིན་སྲབ་མོས་གཡོགས་པའི་ཟླ་བ་ལྟར་སྣང་ཞེས་པའི་དོན་ཏོ། །གང་གི་ཚེ་མངོན་དུ་གྱུར་པ་དེའི་ཚེ་ན་འགྲུབ་སྟེ། གྲུབ་པ་ཡིན་ན་སྒྱུ་མ་ལྟ་བུར་སྣང་སྟེ། ཡིད་ཀྱིས་སྤྲུལ་པ་རིག་པའི་སྟོབས་ཀྱིས་མངོན་དུ་བྱེད་པར་འགྱུར་རོ། །དེའི་འོག་ཏུ་དེ་མ་ཐག་པའི་རྨི་ལམ་ལྟ་བུར་

སྣང་སྟེ། མཉམ་པར་སྦྱོར་བས་བསྒོམ་པ་བཏང་སྟེ་དེ་ཉིད་འབའ་ཞིག་ལ་མན་ངག་ཇི་ལྟ་བ་བཞིན་བསྒོམས་པས་རྣལ་འབྱོར་གྱི་གཉིད་དུ་གྱུར་ན་རྣལ་འབྱོར་པ་རྣམས་ཀྱིས་འཕྲལ་དུ་དེ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དེའི་རྗེས་ལ་རྨི་ལམ་དང་སད་པ་དབྱེར་མེད་པར་སྣང་བས་ན་རྨི་ལམ་དང་སད་

པ་དག་དབྱེར་མེད་ཅེས་བྱ་བའི་དོན་ཏོ། །ཇི་ལྟར་སད་པ་དང་དབྱེར་མེད་ཅེ་ན། ལུས་གཉིས་པོ་དེའི་རང་བཞིན་ཡོངས་སུ་རྩོམ་པ་དང་སོ་སོར་འབིགས་པ་ལ་སོགས་པ་འབྱུང་བས་ནའོ། །ཇི་ལྟར་རྨི་ལམ་དང་ཁྱད་པར་མེད་ཅེ་ན། ཡོད་པ་དེ་རྣམས་ཀྱང་མི་དམིགས་པ་འབའ་ཞིག་ལྷན་ཅིག་སྐྱེས་པ་

བསྒོམས་པས་དེ་མངོན་དུ་འགྱུར་རོ། །དེ་ལྟར་ཏིང་ངེ་འཛིན་བཞི་ཡོངས་སུ་རྫོགས་པས་ཇི་ལྟར་རྣལ་འབྱོར་པས་གྲུབ་པར་འགྱུར་སྙམ་ན་གསུངས་པ། དབྱེར་མེད་ཅེས་བྱ་བ་ལ་སོགས་པའོ། །དབྱེར་མེད་པ་ནི་རྨི་ལམ་དང་སད་པ་དག་ཁྱད་པར་མེད་པ་ན་དེའི་མཚན་ཉིད་ལྷན་ཅིག་སྐྱེས་པ་བསྒོམ་

Vol. 4 · folio 268b

པ་དེས་འགྲུབ་སྟེ། ལྷན་ཅིག་སྐྱེས་པ་མངོན་སུམ་དུ་བྱའོ། །དེ་ལ་གནས་ན་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཕྱག་རྒྱའི་རྣལ་འབྱོར་པ་སྟེ། རུང་བར་བྱས་པའི་ཕྱིར་རིག་པ་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་སྟེ་མཚན་ཉིད་

འགྲུབ་པ་ནི་གཙོ་བོའི་རྒྱུ་ཉིད་ཡིན་ལ། ཕྱག་རྒྱའི་སྦྱོར་བ་ནི་དེའི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། དེ་ཡང་འདིར་དམ་ཚིག་ཡིན་པའི་ཕྱིར་རོ། །རིག་པ་དང་སྐྱེས་བུའི་དངོས་གྲུབ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་རིགས་པའི་སྐྱེས་བུའི་དངོས་གྲུབ་སྟེ། འདིར་རིགས་ཀྱི་རིག་པ་མ་གཏོགས་

རྟོགས་པར་མི་སྲིད་པས་སོ། །དང་པོའི་ཏིང་ངེ་འཛིན་གསུམ་གྱི་དུས་སུ་དེ་མི་དགོངས་ཏེ། དེའི་ཚེ་རྣམ་པར་གཡེང་བར་བྱེད་པ་ཉིད་དོ། །འདི་ལྟར་ཞེས་པ་ནི་འདི་ལྟར་དབང་བསྐུར་བ་སྦྱིན་པར་བྱ་བ་དང་། འདི་ལྟར་ཡང་ཕྱག་རྒྱས་རྣལ་འབྱོར་པ་འགྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་དགོས་པ་འདིས་ཏེ།

སློབ་མ་དབང་བསྐུར་བ་དང་། དངོས་གྲུབ་བསྒྲུབ་པར་བྱ་བའི་དོན་དུ་དཀྱིལ་འཁོར་གསུངས་ཞེས་པ་ནི་དམ་ཚིག་གི་དཀྱིལ་འཁོར་དང་སྒྲུབ་པའི་དཀྱིལ་འཁོར་ཏེ། དེ་བསྟན་ཞེས་པའི་དོན་ཏོ། །དཀྱིལ་འཁོར་གྱི་ཁྱད་པར་ཟུང་བཞི་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་སླའོ། །ཤར་དུ་གཞག་

ཅེས་པ་ནི་དགོད་པའོ། །དཀྱིལ་འཁོར་བདག་པོའི་ཞེས་བྱ་བ་ལ་སོགས་པས་སྔོན་དུ་བསྙེན་པ་གསུངས་སོ། །དཀྱིལ་འཁོར་པའི་ཞེས་པ་ནི་དཀྱིལ་འཁོར་པ་སོ་སོའི་འོ། །གང་དུ་བརྗོད་པའི་ཞེས་པ་ནི་ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་འདིས་སོ། །སྔོན་དུ་ཞེས་པ་ནི་ས་སྦྱོང་བའི་སྔོན་

དུའོ། །ཨ་ལ་སོགས་སྔགས་ཞེས་པ་ནི་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤན་ན་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ཞེས་བྱ་བའི་དོན་ཏོ། །སྲུང་བ་ཞེས་པ་ནི་ར་བ་དང་དྲ་བ་ལ་སོགས་པའོ། །འདིས་ཞེས་པ་ནི་བྲི་བ་ན་ཡང་བླ་མ་ལ་མཆོད་པ་དང་གསོལ་བ་གདབ་པར་

བྱའོ། །འདིར་ཞེས་པ་ནི་རྟེན་གྱི་དཀྱིལ་འཁོར་བྲིས་བར་རོ། །རྡོ་རྗེ་སེམས་དཔའ་ནི་སེམས་བརྟན་པ་སྟེ་དེས་བསྙེམས་པའོ། །གཡས་བརྐྱང་ཞེས་པ་ནི་གཡས་བརྐྱང་བའོ། །རྐང་པ་ཞེས་པ་ནི་རྗེ་ངར་རོ། །དཀྱིལ་འཁོར་ཞེས་པ་ནི་དཀྱིལ་འཁོར་དུའོ། །ཕྱི་ནས་དེ་ཁོ་ན་ཞེས་པ་ནི་བསྐྱེད་

Vol. 4 · folio 269a

པའི་རིམ་པའི་རྣལ་འབྱོར་པས་ནི་ཁ་དོག་ལས་འདས་པའི་ཏིང་ངེ་འཛིན་ལ་བྱའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་རྣལ་འབྱོར་གྱི་ལུས་ཉིད་དོ། །གཞན་ནི་དམ་ཚིག་ཙམ་མོ། །རྣམ་དག་ནི་མཚན་མའི་དྲི་མ་རྣམས་ནུབ་པའོ། །ཡེ་ཤེས་རང་

བཞིན་ཅན་ནི་སྣ་ཚོགས་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །འཁོར་བ་རྣམ་པར་བྱང་བ་དག །ཅེས་པ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་དབྱེར་མེད་པ་སྟེ། ཡེ་ཤེས་གང་ལ་ཞེས་བྱ་བ་ནི་ཚིག་ལྷག་མ་སྟེ། སོ་སོར་སྣང་བའི་དབྱེ་བ་སྣ་ཚོགས་པ་ནུབ་པར་འགྱུར་

བ་ཞེས་བྱ་བ་ལ་དགོངས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་ཚིགས་སུ་བཅད་པ་གཉིས་ཀྱིས་གསུངས་པ། མཆོག་ཅེས་བྱ་བ་ལ་སོགས་པའོ། །མཆོག་དགའ་ནི་ཤེས་རབ་མཆོག་སྟེ་སྤྲོས་པ་མེད་པའི་ཡེ་ཤེས་སོ། །དེའི་བསྒོམ་བྱ་ནི་གཉིས་སུ་མེད་པ་རྣམ་པར་རིག་པ་ཙམ་སྟེ། སྒོམ་པ་པོའི་

སེམས་སྣང་བ་ལས་གཞན་ན་མེད་པའོ། །སྒོམ་པ་པོ་ཡང་བསྒོམ་པར་བྱ་བའི་སེམས་སྣང་བ་ལས་གཞན་མེད་དེ་གཉིས་དབྱེར་མེད་དུ་སྣང་བའོ། །ལུས་ཀྱང་མེད་ཅེས་པ་ནི་རྣལ་འབྱོར་པའི་རང་གི་ལུས་ཀྱང་སྣང་བ་མེད་དོ། །གཟུང་བའང་མེད་ཅེས་པ་ནི་གཞན་གྱི་ལུས་དང་དབང་པོ་

དང་བརྟན་པ་རྣམས་སོ། །འཛིན་པ་མེད་ཅེས་པ་ནི་རང་གི་དབང་པོ་རྣམས་ཏེ་འདི་རྣམས་སུ་སྣང་བ་མེད་དེ། མཆོག་ཏུ་ཤ་ལ་སོགས་པར་སྣང་བ་མེད་དོ། །དེ་ལ་མི་གཙང་བ་ཡང་མེད་ཅེས་བྱ་བ་ནི་བཤད་པ་ལ་སོགས་པའི་ཡུལ་ལོ། །རྨོངས་མེད་ནི་ཤ་ལ་སོགས་པའི་ཡུལ་ལ་བདག་གི་

ལ་སོགས་པར་མི་འཛིན་པའོ། །གཙང་སྦྲ་མེད་ཅེས་པ་ནི་ཆུས་བཀྲུ་བ་ལ་སོགས་པ་དང་། ཆུ་ལ་སོགས་པ་སྣང་བ་ཡང་མི་བརྟག་གོ། །ཆགས་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་རྣམས་ཀྱི་གནས་དང་དམིགས་པ་དང་ཡང་དག་པ་མ་ཡིན་པའི་ཚུལ་བཞིན་ཡིད་ལ་བྱེད་པ་མི་དམིགས་པའོ། །

དེ་ལྟར་ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་གསུངས་ནས། ཤེས་བྱའི་སྒྲིབ་པའི་གཉེན་པོ་གསུངས་པ། མཐོང་བྱ་མེད་ཅེས་བྱ་བ་ལ་སོགས་པའོ། །མཐོང་བྱ་ནི་ཤེས་བྱ་སྟེ། དེ་ནི་མི་སྣང་བས་སོ། །སྒོམ་དང་སྒོམ་པ་པོ་ཞེས་པ་ནི་རྣམ་པར་རྟོག་པ་དང་། རྟོག་པའི་རྒྱུའི་སྒྲར་སྣང་བ་མེད་པའོ། །

Vol. 4 · folio 269b

བཤེས་མེད་དགྲ་མེད་ཅེས་པ་ནི་དགེ་བའི་བཤེས་གཉེན་བླ་མ་དང་སངས་རྒྱས་ལ་སོགས་པ་དང་། སྡིག་པའི་གྲོགས་པོ་མུ་སྟེགས་པར་སྣང་བ་ཡང་མེད་དོ། །ཇི་ལྟ་བུ་ཞེ་ན་གསུངས་པ། ཁྲེམ་གཉེར་ཞེས་བྱ་བ་ལ་སོགས་པའོ། །ཁྲེམ་གཉེར་ནི་རྣམ་པར་རྟོག་པ་གཡོ་བ་ཉིད་དེ། དེ་ཟད་པས།

ཁྲེམ་གཉེར་མེད་ནི་ལྷན་ཅིག་སྐྱེས། །ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་པའོ། །འདིར་ལྷན་ཅིག་སྐྱེས་པ་དམིགས་པ་མེད་པ་ཉིད་ལྷན་ཅིག་པ་མཐའ་ཡས་ཤིང་སྣང་བ་མེད་པའི་ཡེ་ཤེས་སོ། །སྣ་ཚོགས་པ་ནི་རྣམ་པ་སྣ་ཚོགས་པའི་མིང་དང་མཚན་མར་སྣང་བའོ། །

དེའི་ནུབ་པ་ནི་སྣ་ཚོགས་བྲལ་བ་སྟེ་རོ་གཅིག་ཏུ་འདྲེས་པའོ། །འདི་སྐད་ཅེས་བྱ་ཞེས་བྱ་བ་ནི་དེ་ལྟར་སྣང་བ་མེད་ཅིང་གསལ་བ་ཙམ་ཉིད་ཀྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ནས་མཆོག་གི་དེ་ཁོ་ན་ཉིད་ལས་གཞན་པའི་དེ་ཁོ་ན་ཉིད་བཤད་པར་འདོད་ན། རྡོ་རྗེ་སྙིང་པོས་གསོལ་བ་ཞེས་བྱ་

བའོ། །ཅི་གསོལ་ཞེ་ན། དང་པོ་ཉིད་ནས་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བའི་བདག་ཉིད་ཀྱིས་ལུས་གསུངས་མ་ཐག་པའི་ཚུལ་གྱིས་གཟོད་མ་ཉིད་ནས་རང་བཞིན་ཡོད་པ་མ་ཡིན་ཏེ་བརྫུན་པའོ། །དེ་ཅིའི་ཕྱིར་རང་བཞིན་གྱིས་དག་པར་གཞན་དུ་གསུངས་ཞེས་པ་ཞུས་པའི་དོན་ཏོ། །དེ་ལས་

ཞེས་པ་ནི་ཞུས་པ་ལས་བཅོམ་ལྡན་འདས་ཀྱིས་ལན་གསུངས་པའོ། །ཅི་གསུངས་ཤེ་ན། ཁྲེམ་གཉེར་མེད་ཅེས་པ་ལ་སོགས་པ་སྟེ། ཁྲེམ་གཉེར་མེད་པ་ནི་གསལ་བ་རང་བཞིན་གྱིས་ལུས་དག་པ་ཡིན་གྱི། བྱིས་པ་རྣམས་ཀྱིས་གཟུང་བའི་ཚུལ་གྱིས་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་ལན་གྱི་

དོན་ཏོ། །ལུས་རང་བཞིན་གྱི་མཆོག་གི་དེ་ཁོ་ན་ཉིད་དགའ་བ་བཞིས་བསྡུས་པ་འབྱུང་བ་ཆེན་པོ་ལྔའི་རང་བཞིན་ཉིད་དོ་སྙམ་པ་དེ་བསལ་བའི་ཕྱིར་ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ། །ལུས་ནི་ཕུང་པོ་སྟེ་དེ་རྣམ་པ་གང་གིས་འབྱུང་བ་ལས་གྱུར་ཞེ་ན། དགའ་བ་བཞིའི་

རང་བཞིན་ཉིད་ཀྱིས་སོ་སྙམ་དུ་བསམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་དེའི་བསམ་པ་རིག་ནས་སོ། །རེག་པ་ཞེས་པ་ནི་འཁྱུད་པ་ལ་སོགས་པའོ། །རེག་པ་ལས་ནི་སྲ་བ་ཉིད་ཆོས་ཏེ་རང་བཞིན་དང་མཚན་ཉིད་དེས་དེ་ལས་ཞེས་པ་ནི་

Vol. 4 · folio 270a

དགའ་བའི་སྐད་ཅིག་གོ། །ཆུའི་ཁམས་ནི་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་ལའོ། །དྲུང་བ་ནི་མཆོག་ཏུ་དགའ་བའི་སྐད་ཅིག་ལའོ། །འགྲོ་བ་ཞེས་པ་ནི་ཁྱད་པར་གྱི་སྐད་ཅིག་ལའོ། །བདེ་བ་ཞེས་པ་ནི་དགའ་བ་བཞི་ཀ་ལ་ཡང་ངོ་། །ཇི་ལྟར་བདེ་བ་ནམ་

མཁའི་ཁམས་ཤེ་ན། གཟུགས་མེད་པ་ཉིད་ཀྱིས་སོ་ལྔ་པོ་དེ་རྣམས་ཀྱིས་ཡོངས་སུ་བསྐོར་ཞེས་པ་ནི་ཡོངས་སུ་བསྒྲུབས་པའི་ཕུང་པོའོ། །དེ་བས་ན་འབྱུང་བ་ཆེན་པོ་ལས་གྱུར་པའོ་ཞེས་ལན་བཏབ་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ན་གཞན་དག་འདི་སྙམ་དུ་བདག་ཅག་གི་བསམ་པ་བཞིན་

དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཆེན་པོའི་སྒྲ་སྦྱར་བས་འབྱུང་བ་ཆེན་པོ་ནི་འབྱུང་བ་རྣམས་ཆེན་པོ་སྟེ། མཆོག་གི་དེ་ཁོ་ན་ཉིད་དོ་སྙམ་དུ་སེམས་ན། དེ་བས་ན་བསལ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་མིན་ཞེས་པ་

ནི་དེ་ཁོ་ན་ཉིད་ཀྱི་གཙོ་བོ་མ་ཡིན་པའོ། །འདི་སྐད་བསྟན་པར་འགྱུར་ཏེ། དགའ་བ་རྣམས་ཀྱང་དེ་ཁོ་ན་ཉིད་མ་ཡིན་ན་དེ་དང་ལྷན་ཅིག་སྐྱེས་པ་ས་ལ་སོགས་པ་ལྟ་ཅི་སྨོས། ཅིའི་ཕྱིར་སྙམ་པ་ལ་གསུངས་པ། འབྱུང་བ་ཆེན་པོ་ཅིའི་ཕྱིར་བདེ། །ཞེས་སོ་འདིའི་དགོངས་པ་ནི་འདིར་འབྱུང་བའི་

སྒྲས་དེ་ཁོ་ན་ཉིད་མ་ཡིན་པའི་དོན་ཏོ། །དེའི་ཚེ་ཇི་ལྟ་བུ་སྙམ་པ་ལས། འབྱུང་བའི་སྒྲས་ནི་འདུས་བྱས་ཏེ། དེའི་ཕྱིར་རྒྱུ་མེད་པ་ལས་སྐྱེ་བ་ཡང་མ་ཡིན་ལ། རྒྱུ་གཅིག་ལས་ཀྱང་མ་ཡིན་ཏེ་རྒྱུ་དང་རྐྱེན་འདུས་པ་ལས་བྱུང་བས་འདུས་བྱས་སོ། །གང་བྱས་པ་དེ་ཡང་མི་རྟག་པའོ། །ཆེན་པོའི་སྒྲས་ནི་ཕུལ་དུ་བྱུང་

བའི་དོན་ཡིན་ཏེ། དེ་བས་ན་ཤིན་ཏུ་མང་པོས་འབད་དེ་བསྒྲུབས་པས་ཤིན་ཏུ་མི་རྟག་པ་དེ་འདི་ནི་འབྱུང་བ་ཆེན་པོའི་སྒྲའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་བདེ་བ་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་དེ་ཉིད་ཀྱིས་ན་དེ་ཁོ་ན་ཉིད་མིན་ནོ་ཞེས་པའི་དོན་ཏོ། །ལྷན་ཅིག་སྐྱེས་པའི་དགའ་བ་དེ་ཡང་དེས་སྨད་

དམ་ཞེ་ན་བདེན་ཏེ་སྨད་དོ། །དེའི་ཚེ་ཅིའི་ཕྱིར་སྔར་ལན་མང་དུ་བསྔགས་ཤེ་ན། མཆོག་གི་ལྷན་ཅིག་སྐྱེས་པའི་རང་བཞིན་དང་དེའི་དཔེ་ཉིད་ཀྱིས་ལྷན་ཅིག་སྐྱེས་པ་ཐུན་མོང་དུ་སྔར་བསྔགས་པའོ། །ལྷན་ཅིག་སྐྱེས་པ་ནི་རྣམ་པ་གཉིས་ཏེ། ལན་འགའ་བ་དང་རྟག་པའོ། །རྟག་པ་གང་

Vol. 4 · folio 270b

ཡིན་པ་དེ་ནི་མཆོག་ཡིན་ཏེ། དེ་ཉིད་མཆོག་གི་དེ་ཁོ་ན་ཉིད་ཟད་པ་མེད་པ་དང་འཇིག་པ་མེད་པ་ཉིད་དོ། །འདི་ཉིད་བཤད་པ་གསུངས་པ། ལྷན་ཅིག་སྐྱེས་པ་གང་ཞེས་བྱ་བ་ལ་སོགས་པའོ། །ལྷན་ཅིག་སྐྱེས་པ་དག་ནི་ཐབས་དང་ཤེས་རབ་དག་སྟེ་ཕྱིའི་ནི་མ་ཡིན་ནོ། །གང་ཞེས་པ་ནི་བདེ་

བ་གང་ངོ་། །དོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའོ། །བདེ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་མཆོག་གོ། །ཅིའི་ཕྱིར་སྙམ་པ་ལ་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པའོ། །རང་ཉིད་ཀྱི་རང་བཞིན་སེམས་ཀྱི་སྐད་ཅིག་ཉེ་བར་ལེན་པ་ལས་གཞན་ལ་མི་ལྟོས་པར་སྐྱེས་པ་ནི་རང་བཞིན་ཏེ།

ལྷན་ཅིག་སྐྱེས་པ་ནི་སེམས་ཀྱི་སྐད་ཅིག་གཞན་དང་བཅས་པ་ཉིད་ཀྱིས་ཇི་སྲིད་ནམ་མཁའ་དང་མཉམ་པར་འབྱུང་བ་གང་ཡིན་པ་དེ་ལྟར་བྱས་ནས་སོ། །ཇི་ལྟ་བུ་སྙམ་པ་ལ་གསུངས་པ། རྣམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པ་ནི་སོ་སོར་སྣང་བ་ཙམ་སྟེ་སོ་

སོར་སྣང་བ་དེ་འདི་ལ་ཡོད་པས་རྣམ་པ་ཐམས་ཅད་དོ། །གཅིག་ནི་རོ་གཅིག་པ་སྟེ་གཉིས་ཀྱིས་བསྡུས་པའི་སོ་སོར་སྣང་བ་རྣམས་ནུབ་པའོ། །བདེ་བའི་མཆོག་ནི་བདེ་བའི་མཆོག་སྟེ་མཆོག་ནི་གཙོ་བོའོ། །ཇི་སྐད་གསུངས་པ། རབ་ཏུ་ཞི་ཞིང་གཡོ་མེད་གཙོ། །དབང་བསྒྱུར་མི་མཉམ་

པ་དང་མཉམ། །རྣལ་འབྱོར་མི་རྟོག་བདེ་བ་ཡིན། །ཞེས་སོ། །དེ་བདེ་བ་ཡང་ཡིན་ཞིང་མཆོག་ཀྱང་ཡིན་པ་དང་། གཅིག་ཀྱང་ཡིན་པས་ན་དེ་སྡོམ་པའོ། །དེ་རྣམ་པ་ཐམས་ཅད་ཀྱང་ཡིན་ཞིང་སྡོམ་པ་གཅིག་ཀྱང་ཡིན་པས་རྣམ་པ་ཐམས་ཅད་སྡོམ་པ་གཅིག་སྟེ། ལྷན་ཅིག་སྐྱེས་

པ་ཞེས་བྱའོ། །ཡང་ལྷན་ཅིག་སྐྱེས་པ་ཐབས་དང་ཤེས་རབ་དག་ཅེས་བྱ་བ་གང་ཞེ་ན། གསུངས་པ། སྙིང་རྗེ་ཞེས་བྱ་བ་ལ་སོགས་པའོ། །སེམས་ཅན་ཐམས་ཅད་ལ་བདག་དང་མཉམ་པ་ཉིད་སོ་སོར་རྟོག་པ་ནི་སྙིང་རྗེ་སྟེ་དེ་ཐབས་སོ། །དེ་ཡང་རྣལ་འབྱོར་པ་སྟེ་རྣལ་འབྱོར་པའི་ཆོས་

ཡིན་པས་སོ། །ཕྱག་རྒྱ་ནི་ཤེས་རབ་སྟེ། དེ་ཡང་རྣལ་འབྱོར་པ་སྟེ་སྔ་མ་བཞིན་ནོ། །ཆོས་ཐམས་ཅད་གསལ་བ་ཙམ་ཉིད་དུ་སོ་སོར་རྟོག་པ་ནི་ཤེས་རབ་པོ། །དེ་ཇི་ལྟ་བུ་ཞེ་ན་རྒྱུ་དང་བྲལ་བ་ཉིད་ཅེས་པ་ནི་རྒྱུ་ནི་མཚན་མ་རྣམས་ཏེ་གཉིས་ཀྱིས་བསྡུས་པའི་སྣང་བའོ། །དེ་རྣམས་

Vol. 4 · folio 271a

ཀྱིས་སྦྱོར་བ་དང་བྲལ་བ་ནི། ནུབ་པས་སྣང་བ་མེད་པར་བྱས། །ཞེས་བྱ་བའི་དོན་ཏོ། །ཐབས་དང་ཤེས་རབ་དེ་དག་བསྒོམས་པའི་སྟོབས་ཀྱིས་རྫོགས་པར་གྱུར་པ་ན་ལྷན་ཅིག་སྐྱེས་པ་དག་ཡིན་ཏེ། སླར་ཡང་འབད་པ་ལ་ལྟོས་པ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ལས་སྐྱེས་པ་

ནི་རྣམ་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་ལྷན་ཅིག་སྐྱེས་པའོ། །དེ་ཉིད་དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གསལ་བར་བྱེད་པས་གསུངས་པ། སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཐམས་ཅད་ལ་གཉིས་ཀྱི་སྟོང་པ་མྱོང་ཞིང་སྣང་བ་མེད་པ་སྟེ། གང་སྟོང་པ་ཉིད་ཀྱིས་སེམས་

ཅན་ཐམས་ཅད་བདག་དང་མཉམ་པ་ཉིད་དུ་རྟོགས་པས་ལྷན་ཅིག་སྐྱེད་པའི་བདེ་བ་ལ་ཡང་དག་པར་སྦྱོར་བར་བྱེད་པ་ནི་སྙིང་རྗེ་སྟེ། དེ་དག་བསྲེས་ཏེ་མཚུངས་པར་ལྡན་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཁོ་ན་ཉིད་འདི་ནི་མཆོག་གོ། །དེ་ཁོ་ན་ཉིད་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་

རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་དུ་དཔེས་བསྟན་པའི་དོན་ཏོ། །དེ་བཞིན་དུ་དཔེ་ཉིད་ལ་ཡང་དད་པར་བྱ་སྟེ། དེ་འགྲུབ་པའི་ཐབས་ཉིད་དང་དམ་ཚིག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྫོགས་པའི་རིམ་པ་དེ་འབའ་ཞིག་རྣལ་འབྱོར་པས་བསྒོམ་པར་བྱ་ན་སྔགས་ཀྱི་བཟླས་པ་ལ་སོགས་པ་

བྱའམ་འོན་ཏེ་མ་ཡིན་སྙམ་པ་ལ། གསུངས་པ་སྔགས་ཀྱི་བཟླས་མེད་ཅེས་པ་ལ་སོགས་པའོ། །སྔགས་ནི་ཨོཾ་ལ་སོགས་པའོ། །དེའི་བཟླས་པ་ནི་བརྗོད་པའོ། །དཀའ་ཐུབ་ནི་ཁ་ན་མ་ཐོ་བ་སྤོང་བ་དང་གོས་གསུམ་བརྗེ་བ་ལ་སོགས་པའོ། །མར་ལ་སོགས་པ་མེར་སྲེག་པ་ནི་སྦྱིན་

སྲེག་གོ། །དགྱེས་པའི་རྡོ་རྗེ་དང་རྡོ་རྗེ་མ་དང་། གཽ་རཱི་ལ་སོགས་པའི་ལྷའི་སྐུ་ནི་དཀྱིལ་འཁོར་པའོ། །དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །གལ་ཏེ་སྔགས་བཟླས་པ་ལ་སོགས་པའི་འབྲས་བུ་རྣལ་འབྱོར་པ་དེ་ལ་ཡོད་པ་མ་ཡིན་ནོ་སྙམ་པ་ལ་གསུངས་པ། དེ་ཉིད་ཞེས་བྱ་བ་ལ་

སོགས་པས་དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །འདི་ལྟར་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པར་བྱེད་པ་དང་། འགྲོ་བ་སྐྱོབ་པར་བྱེད་པས་སྔགས་སོ། །རྒྱུན་མི་འཆད་པ་ཉིད་ཀྱིས་བཟླས་པའོ། །བསམ་གཏན་གྱི་སྡོམ་པ་དང་། ཟག་པ་མེད་པའི་སྡོམ་པ་དང་། སྙིང་རྗེའི་སྦྱོར་བས་

Vol. 4 · folio 271b

ཁ་ན་མ་ཐོ་བ་སྤོང་བ་དེ་ཉིད་གོས་གསུམ་བརྗེ་བའོ། །དེ་ལ་ཉོན་མོངས་པ་དང་། རྣམ་པར་རྟོག་པ་དང་མཚན་མའི་དྲི་མ་སེལ་བར་བྱེད་པ་ཉིད་ཀྱིས་ལན་གསུམ་དུ་ཁྲུས་བྱེད་པའོ། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་མེའི་རང་བཞིན་གྱིས་ཉོན་མོངས་པའི་རྣམ་པར་རྟོག་པ་བསྲེག་པ་དེ་ཉིད་སྦྱིན་སྲེག་གོ །

བྱང་ཆུབ་ཀྱི་སེམས་དེ་ཉིད་དགྱེས་པའི་རྡོ་རྗེ་དང་དེ་ཉིད་ཤེས་རབ་ཀྱི་བདག་ཉིད་ཀྱིས་རྣལ་འབྱོར་མའི་འཁོར་ལོ་སྟེ། དེ་བས་ན་དཀྱིལ་འཁོར་པའོ། །དེ་རྣམས་ཀྱི་རྟེན་ནི་ཏིང་ངེ་འཛིན་གནས་པའི་རྒྱུ་ཉིད་དེ། དེ་ཡང་སེམས་ཀྱི་ཆོས་ཡིན་པས་དེ་བས་ན་དེ་དཀྱིལ་འཁོར་རོ། །མདོར་ན་ཞེས་བྱ་བ་

ལ་སོགས་པ་ཚིག་གཅིག་གིས་དེ་བཞིན་དུ་སྔར་གསུངས་པའི་ཚིགས་སུ་བཅད་པའི་དོན་ཉེ་བར་སྡུད་པར་བྱེད་དེ། མདོར་ན་ཞེས་པ་ནི་གསུངས་པའི་རིགས་པས་སྔགས་བཟླས་པ་ལ་སོགས་པ་ཉམས་སུ་བླང་བར་བྱ་བ་རྣམས་ཉེ་བར་བསྡུས་ཏེ་གནས་པས་སེམས་འདུས་པའི་རང་བཞིན་ཅན་དུ་

འགྱུར་རོ་ཞེས་པ་ནི་ཚིག་ལྷག་མའོ། །སེམས་ནི་ཇི་སྐད་གསུངས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་འདུས་པ་སྟེ་ཆོས་རྣམས་རོ་གཅིག་པར་འདུས་པའོ། །དེའི་རང་བཞིན་ཡིན་པ་ནི་རྣལ་འབྱོར་པ་སྟེ་དེའི་རང་བཞིན་མ་གཏོགས་པར་བདག་ཉིད་མི་དམིགས་པས་སོ། །འདི་ནི་དབང་བསྐུར་

བའི་མཆོག་སྟེ་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་དྲི་མ་རྣམས་མངོན་སུམ་དུ་འདིས་འཁྲུ་བར་བྱེད་པས་སོ། །དབང་བསྐུར་བར་གསལ་བར་བྱེད་པའི་ལེའུ་ནི་དབང་བསྐུར་བའི་ལེའུའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་ལེའུ་བཅུ་པའི་བཤད་པའོ།། །།བསྟན་

པ་ལ་སེམས་ཅན་རྣམས་གཞུག་པའི་ཕྱིར་ལྟ་སྟངས་བཞི་བྱ་སྟེ། ལྟུང་བར་བྱེད་དང་དབང་དུ་བྱ་བ་དང་། དགུག་པ་དང་རེངས་པར་བྱེད་པའོ། །འདི་རྣམས་ཀྱི་མཚན་ཉིད་ཚིགས་སུ་བཅད་པ་ཕྱེད་པ་བཞིས་གོ་རིམས་བཞིན་དུ་སྟོན་ཏོ། །དེ་ལ་གང་གདོང་དྲང་པོར་ཁྲོས་པའི་ཉམས་དང་ལྡན་པས་བལྟ་

ཞིང་འབྲས་བུ་གཉིས་ཀྱང་དཔྲལ་བར་བསྟན་པ་སྟེ་ལྟུང་བར་བྱེད་པའོ། །གང་གཡོན་དུ་བརྟེན་ཏེ་གཡོན་དུ་ལྟ་བར་བྱེད་པ་དེ་དབང་དུ་བྱའོ། །གང་སྟེང་དུ་བརྟེན་ཏེ་གཡས་སུ་ལྟ་བར་བྱེད་པ་དེ་དགུག་པར་བྱེད་པའོ། །གང་སྣའི་རྩེ་མོ་ལ་བརྟེན་ཏེ་དྲང་པོར་ལྟ་བར་བྱེད་པ་དེ་རེངས་པར་བྱེད་པའོ། །

Vol. 4 · folio 272a

སྣའི་དབུགས་ཕྱིར་འགྲོ་བ་ནི་འབྱུང་བའོ། །འཇུག་པ་ནི་གང་བའོ། །ནང་དུ་བཅུག་པ་ནི་བུམ་པ་ཅན་ནོ། །བཅུག་ནས་མི་གཡོ་བར་གྱུར་པ་ནི་ཞི་བའོ། །འདི་རྣམས་ལ་གོམས་པར་བྱ་བའི་ཕྱིར་མཚོན་བྱ་བཞི་པོ་ཤིང་རློན་པ་དང་། མེ་ཏོག་དང་རྡོ་རྗེའི་ཤིང་དང་། གཡོ་

བ་དང་བཅས་པའི་རྩ་རྣམས་ལ་གོ་རིམས་བཞིན་བརྟག་གོ། །འཁྲུལ་བ་ནི་ཐེ་ཚོམ་མོ། །སངས་རྒྱས་རྫུ་འཕྲུལ་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་སོ། །སྐྱེ་བ་བདུན་དུ་བར་མེད་པར་མིར་སྐྱེ་བ་ནི་ལན་བདུན་པའོ། །ཁྱད་པར་དགའ་བ་སུན་འབྱིན་པ་ཞེས་པ་ནི་གནོད་པར་བྱེད་པའོ། །སྐད་

སྙན་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཉིད་ལྔའོ། །དབང་དུ་བྱ་བའི་ལས་ནི་ཀུ་རུ་ཀུལླེས་ཁྱད་པར་དུ་གྱུར་པ་སྟེ། དེ་ཡང་བཅོམ་ལྡན་འདས་མ་སྒྲོལ་མ་ཉིད་དོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན་མདོར་བསྡུས་པའོ། །གང་སྔར་གསལ་བར་གསུངས་པའོ། །གང་གསུངས་ཤེ་ན། དགྱེས་

པའི་རྡོ་རྗེའི་རྒྱུད་བརྟག་པ་བཅུ་གཉིས་པ་ལས་རྒྱ་ཆེར་གསུངས་སོ། །ཨུ་ཤི་ནི་མདའ་འོ། །ཨར་མུ་ཀ་ནི་གཞུའོ། །ཁ་དོག་ཐམས་ཅད་དམར་པོའོ། །ལྟ་སྟངས་ཀྱི་ལེའུ་སྟེ་བཅུ་གཅིག་པའི་བཤད་པའོ། །རྡོ་རྗེ་ནི་རྡོ་རྗེ་འཛིན་པའོ། །དེའི་སྙིང་པོ་ནི་དགྱེས་པའི་རྡོ་རྗེ་ཡིན་ལ། མངོན་

པར་བྱང་ཆུབ་པ་ནི་དེ་གསལ་བར་བྱེད་པས་རྟོག་པའི་རྒྱལ་པོའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས་ལེའུ་བཅུ་གཅིག་པའི་བཤད་པའོ། །རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་རྫོགས་སོ།། །།སྐུ་གཟུགས་རྣམས་ལ་ལྷ་རྣམས་བཞུགས་

སུ་གསོལ་བ་ནི་རབ་གནས་ཏེ། འདིར་རབ་ཏུ་གནས་པའི་དོན་དུ་ཆོ་ག་ནི་རབ་གནས་སོ། །དེའི་མཚན་ཉིད་ནི་རང་བཞིན་ནོ། །རྡོ་རྗེ་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་མོ། །དེ་རྣམས་ཀྱི་སྙིང་པོ་ནི་དེའི་བདག་ཉིད་གང་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ། །སྦྱིན་སྲེག་

ནི་བགེགས་བསལ་བའི་དོན་ཏོ། །ཕྱི་དྲོ་ཞེས་བྱ་བ་ནི་མཚན་མོ་ལ་བརྩམ་མོ། །སྟ་གོན་ལ་སོགས་བྱས་ནས་ཞེས་པ་ནི་སྟ་གོན་ལ་སོགས་པའི་ཆོ་ག་ཞེས་བྱ་བའི་དོན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པའི་སྔགས་གསུངས་སོ། །སྣ་ཚོགས་ཞེས་པ་ནི་རྣམ་པ་སྣ་ཚོགས་

Vol. 4 · folio 272b

སོ། །སྔར་གྱི་རྒྱུད་ལས་ཞེས་པས་འདི་རྒྱུད་བླ་མ་ཉིད་དོ། །སྦྱིན་སྲེག་གི་སྐབས་ལ་བབ་པས་སྦྱིན་སྲེག་གསུངས་པ། ཞི་བར་ཞེས་པ་ལ་སོགས་པའོ། །འདིར་ཞེས་པ་ནི་ཐབ་གསུམ་པོ་འདིར་གཞན་ཡང་ཅི་རིགས་པར་སྦྱར་རོ། །རྒྱར་ཁྲུ་གང་བ་དང་ཟབས་སུ་ཁྲུ་ཕྱེད་པའོ། །ཁ་

དོག་དཀར་པོ་ཞེས་པ་ནི་ཐམས་ཅད་དཀར་པོའོ། །ཉེ་འབྱེད་ལ་སོགས་པ་ཞེས་པ་ནི་ཉེ་འབྱེད་དང་བསྐྲད་པ་ལ་སོགས་པའི་དྲག་པོའི་ཆོ་གའོ། །སྲེག་རྫས་གསུངས་པ་ཏིལ་ཞེས་བྱ་བ་ལ་སོགས་པའོ། །ལྷ་མོ་ཁྱོད་ཅེས་བྱ་བ་ལ། སའི་ལྷ་མོ་སྤྱན་དྲང་བའི་སྔགས་ཏེ། སྔགས་ཀྱི་གནས་

སྐབས་སུ་གསུངས་པའོ། །མཐར་མཆོད་ཡོན་ལ་སོགས་པའི་སྔགས་གསུངས་པ་ནི་མེའིའོ། །དགྱེས་པའི་རྡོ་རྗེའི་དཀའ་འགྲེལ་མུ་ཏིག་ཕྲེང་བ་རྟོག་པ་གཉིས་པ་ལས་རབ་གནས་ཀྱི་ལེའུ་དང་པོའི་བཤད་པའོ།། །།རྡོ་རྗེ་སྙིང་པོས་གསོལ་བ་ཞེས་པ་ནི་ཞུས་པའོ། །ནམ་མཁའ་ལྟ་བུ་

ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ནམ་མཁའ་ལ་ཐོག་མ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་སྒྲིབ་པས་བསྡུས་པ་ཡང་དེ་བཞིན་ནོ། །དེ་རྣམས་ཀྱི་གཉེན་པོར་རང་གི་ལྷ་སྒོམ་པར་བྱེད་པ་སྟེ། དེ་བས་ན་མི་མཐུན་པའི་ཕྱོགས་རྒྱ་མཚོ་ལྟ་བུ་ལ་གཉེན་པོ་ཀོ་བ་ལྟ་

བུས་སེམས་ཅན་རྣམས་ཅི་དེ་ལས་བསྒྲལ་ཞིང་ཕ་རོལ་གྱི་མཐར་ཕྱིན་པར་མི་ནུས་ན་ཇི་ལྟར་དེ་དང་དེ་བསྒོམས་པས་འགྲུབ་པར་འགྱུར་ཞེས་ཞུས་པའི་དོན་ཏོ། །འདིར་ལན་བཅོམ་ལྡན་འདས་ཀྱིས་གསུངས་པ། བདག་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་རི་ཕུག་གི་མུན་པ་དུས་ཡུན་རིང་དུ་བསགས་

པའི་ཕུང་པོ་མར་མེ་ལྷན་ཅིག་བཏང་བས་སྐད་ཅིག་གིས་ཟད་པར་བྱེད་པ་ལྟར་ཟག་པ་མེད་པའི་ལམ་འདི་སྐྱེས་པས་ཐོག་མ་མེད་པའི་དུས་ནས་བསགས་པའི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོ་སྐད་ཅིག་གིས་སེལ་བར་བྱེད་ཅེས་བྱ་བར་དགོངས་སོ། །གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་བླ་ན་

མེད་པ་ཇི་ལྟར་ན་མྱུར་དུ་སྐྱེ་སྙམ་པ་ལ་སྦྱོར་བའི་ཁྱད་པར་ལས་ཏེ། དེ་ལ་རྣལ་འབྱོར་ལ་དམིགས་པའི་ཁྱད་པར་བདག་མེད་རྣལ་འབྱོར་མའི་ཁྱད་པར་རམ། དགྱེས་པའི་རྡོ་རྗེ་བསྒོམ་པའི་ཁྱད་པར་སྐད་ཅིག་མ་རྒྱུན་མི་འཆད་པར་རོ། །གལ་ཏེ་དེ་དང་པོར་ཇི་ལྟར་སྐད་ཅིག་མ་རྒྱུན་མི་འཆད་ཅེས་

Vol. 4 · folio 273a

ན་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པའོ། །མཚན་མོའི་དུས་ལ་ཞེས་པ་ནི་སྐྱེ་བོ་རྣམས་ཉལ་བའི་དུས་སུའོ། །བདག་ཉིད་སྒྲུབ་ཅེས་པ་ནི་མོས་པའི་ཁྱད་པར་རོ། །རྣལ་འབྱོར་མ་ཞེས་པ་ནི་བདག་མེད་མའོ། །དེ་ལྟར་ཉལ་བའི་དུས་ན་མཉམ་པར་གཞག་

པའི་རྣལ་འབྱོར་གསུངས་ནས། སྐྱེ་བོ་རྣམས་སད་པའི་དུས་ལ་རྟག་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་གསུངས་པ། རྐང་པ་ཞེས་བྱ་བ་ལ་སོགས་པའོ། །ཁ་བཤལ་ཞེས་བྱ་བ་ནི་ཁ་བཀྲུ་བའོ། །བསྟེན་ཞེས་པ་ནི་མཉེས་པར་བྱའོ། །ཇི་ལྟར་ཞེ་ན། གསུངས་པ། རྣལ་འབྱོར་མ་ཞེས་བྱ་བ་

ལ་སོགས་པའོ། །སྐད་ཅིག་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་དེའི་དོན་བདག་མེད་མའི་མཚན་ཉིད་དང་བྲལ་བས། བདག་ཉིད་ཀྱི་གཟུགས་ཀྱི་སྐད་ཅིག་ཀྱང་བལྟ་བར་མི་བྱའོ། །དེའི་ང་རྒྱལ་མེད་པར་རང་གི་སེམས་སྐད་ཅིག་ཀྱང་བྱ་བ་མ་ཡིན་ནོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་

སྡུད་པའོ། །སྡིག་པ་ནི་མི་མཐུན་པའི་ཕྱོགས་ཀྱི་ཕུང་པོའོ། །རྣལ་འབྱོར་གྱི་མཐུ་བརྟན་པ་བསྐྱེད་པའི་དོན་དུ་གསུངས་པ། བརྩེ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཟླ་བ་ཕྱེད་ཅེས་པ་ནི་མཉམ་པར་གཞག་པ་དང་མ་གཞག་པའི་རྣལ་འབྱོར་དག་གིས་སོ། །ཉི་མ་གཅིག་ཅེས་བྱ་བ་ནི་མཉམ་

པར་གཞག་པའི་རྣལ་འབྱོར་ཉིད་ཀྱིས་སོ། །བསམ་པ་ཐམས་ཅད་ཡོངས་སུ་སྤངས་ཏེ། ཞེས་པ་ཉིད་ནི་བར་མ་ཆད་པར་ཞེས་པས་གསུངས་ཏེ། ལྷན་ཅིག་ཅེས་པ་ནི་ཟླ་བ་ཕྱེད་དམ་ཉི་མ་གཅིག་སྟེ་སྔ་མ་བཞིན་ནོ། །འཇིགས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་ཡིད་ཆེས་པར་

སྟོན་པར་བྱེད་དོ། །སྨྱོ་ཞེས་བྱ་བ་ནི་མ་དུལ་བའོ། །རྣལ་འབྱོར་ལ་སྤྲོ་བ་བསྐྱེད་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་ཤེས་པ་ནི་རྟོགས་པའོ། ཕན་པ་འབྱུང་བ་ནི་རྣལ་འབྱོར་འདི་ལས་སོ། །མི་ཕན་པ་འབྱུང་བ་ནི་འཇིག་རྟེན་པའི་སྤྱོད་པ་ལས་སོ། །ངུ་འབོད་ཅེས་

པ་ནི་འཇིག་རྟེན་པའི་སྤྱོད་པ་སྟེ་རྩུབ་པས་སོ། །གལ་ཏེ་འདིར་སྡིག་པ་ཅན་རྣམས་ཀྱིས་སྐབས་ཡོད་དམ་སྙམ་པ་ལ། གསུངས་པ། མཚམས་མེད་ཅེས་བྱ་བ་ལ་སོགས་པའོ། །བསམས་ན་འགྲུབ་ཅེས་པ་ནི་བདག་མེད་མ་བསྒོམས་པས་སོ། །དེའི་ཚེ་ཆོས་དང་ལྡན་པ་འགྲུབ་པར་མི་འགྱུར་རོ་

Vol. 4 · folio 273b

སྙམ་པ་ལ་གསུངས་པ། དགེ་བ་བཅུ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་སེམས་བརྟན་པར་གྱུར་ནས་དེ་ལས་གོང་ན་བྱ་བ་ཡོད་དམ་ཞེ་ན། གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པའོ། །དངོས་གྲུབ་ནི་སེམས་བརྟན་པ་སྟེ། བདག་ཉིད་ལྷའི་རྣམ་པར་སྣང་བ་དང་ང་རྒྱལ་དུ་གཞག་པ་རྒྱུན་ཏུ་ངང་གིས་

འབྱུང་བ་འཐོབ་པའོ། །གསང་བ་ཞེས་པ་ནི་གསང་བའི་མཆོད་པའོ། །དགྱེས་པའི་རྡོ་རྗེ་དང་བདག་མེད་མའི་རྣམ་པ་སྤྱད་པས་ལུང་བསྟན་པ་ཐོབ་པར་བྱ་བའི་ཆེད་དུའོ། །བྱང་ཆུབ་སེམས་ཀྱིས་ཞེས་པ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་བྱས་པས་སོ། །ལྷའི་གཟུགས་ཞེས་བྱ་བ་ནི་ལྷའི་རྣལ་

འབྱོར་བསམ་པའོ། །སེམས་ཀྱང་གཅིག་པ་ཞེས་པ་ནི་ཏིང་ངེ་འཛིན་ཡོངས་སུ་བྱུང་བའམ་བསམ་པ་གཅིག་པའོ། །སྐལ་ལྡན་ཞེས་པ་ནི་དངོས་གྲུབ་གྱི་སྣོད་དོ། །ནུས་པ་ཞེས་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་མཐུས་སོ། །བཀུག་ཅེས་པ་ནི་དགུག་པར་བྱའོ། །དེ་ཡང་ཞེས་པ་ནི་མཆོག་

རྙེད་པའམ་བཀུག་པའོ། །བརྟན་པ་ཞེས་པ་ནི་སེམས་བརྟན་པར་རྟོགས་པར་བྱའོ། །ཇི་ལྟར་སྙམ་པ་ལ། ལོངས་སྤྱོད་ཕྱིར་མིན་ཞེས་བྱ་བ་ལ་སོགས་པའོ། །ལོངས་སྤྱོད་ནི་ལོངས་སྤྱོད་ཀྱི་ཕྱིར་རོ། །འཇིགས་པའི་ཚུལ་གྱིས་ཞེས་པ་ནི་མཆོག་ཏུ་དཀའ་བ་བྱེད་པ་ཉིད་ཀྱིས་སོ། །ཕྱག་རྒྱ་ཞེས་

པ་ནི་ཕྱིའི་ཤེས་རབ་བོ། །ཅིའི་ཕྱིར་གཉེར་ཞེས་བྱ་བ་ནི་གང་གི་དོན་དུ་གཉེར་བའོ། །ཕྱག་རྒྱའི་དངོས་གྲུབ་ཅེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཏུའོ། །བུད་མེད་ནི་བདག་མེད་མའོ། །བཅོམ་ལྡན་འདས་ནི་དགྱེས་པའི་རྡོ་རྗེའོ། །ནུ་མ་ཞེས་པ་ནི་བྲང་གི་ནུ་མའོ། །རྡོ་རྗེར་ཇི་ལྟར་འགྱུར་

སྙམ་པ་ལ། གསུངས་པ། འགྲམ་ཞེས་བྱ་བ་ལ་སོགས་པའོ། །འགྲམ་ནི་ངོས་ཏེ་དྲིལ་བུར་རོ། ཟེའུ་འབྲུ་ནི་ལྟེ་བ་སྟེ་སྣའོ། །དགའ་བ་ཆེན་པོ་ཞེས་བྱ་བ་ནི་དགའ་བ་ཆེན་པོའི་རང་བཞིན་གྱི་ཧེ་རུ་ཀའི་རྣལ་འབྱོར་པའོ། །དེའི་ཚེ་སྐྱེས་བུ་ཇི་ལྟ་བུར་འགྱུར་སྙམ་པ་ལ། གསུངས་པ་ཧེ་རུ་ཀ་

ཞེས་བྱ་བ་ལ་སོགས་པའོ། །ཕྱག་རྒྱའི་དངོས་གྲུབ་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །ནུས་པ་ནི་མཐུའོ། །འོ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལྷའི་སྐུ་ཡིན་པས་ན་ཇི་ལྟར་ཚངས་པ་ལ་སོགས་པའི་ལུས་སྐྱེ་བ་དང་འཆི་འཕོས་ཤིང་འབྱུང་བ་ལྟར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་ལྷའི་སྐུ་ཡིན་

Vol. 4 · folio 274a

པས་སྐྱེ་བ་དང་འཆི་བར་འགྱུར་བས། དེ་བས་ན་བསྐྱེད་པའི་རིམ་པ་ལ་གྲོལ་བའི་ལམ་མེད་དོ་སྙམ་དུ་གལ་ཏེ་སེམས་ན་དེ་བས་ན་དེ་བསལ་བར་བྱ་བའི་ཕྱིར་གསུངས་པ། སྐྱེ་དང་ཞེས་བྱ་བ་ལ་སོགས་པའོ། །ཐབས་དང་ཤེས་རབ་ཅེས་པ་ནི་རང་གིས་རིག་པའི་ལུས་དང་རང་

གི་ལུས་སོ། །མི་འཆིང་ཞེས་པ་ནི་མི་གོས་པའོ། །ཅིའི་ཕྱིར་སྙམ་པ་ལ་གསུངས་པ། ཐབས་ཞེས་བྱ་བ་ལ་སོགས་པའོ། །རྒྱུན་ཏུ་འབྱུང་བ་ནི་འབྱུང་བའོ། །ཚོགས་གཉིས་ཀྱིས་མཐུས་འགྲོ་བའི་དོན་དུ་ཐུགས་རྗེས་སྐུ་ལ་སོགས་པ་སྣང་བའི་སེམས་རྟག་ཏུ་རྒྱུན་མི་འཆད་པས་ནམ་མཁའི་

ཁམས་དང་མཉམ་པར་འབྱུང་བ་ནི་ཐབས་ཏེ། དེ་བས་ན་ཐབས་ཀྱིས་བསྒོམ་པའི་འབྲས་བུ་ཡོངས་སུ་རྫོགས་པ་ནི་ཅིའི་ཕྱིར་འཇིག །ཞིག་པ་ནི་མི་དམིགས་པ་སྟེ། སོ་སོར་སྣང་བ་བརྫུན་པས་ལུས་སུ་སྣང་བ་སྟོན་གྱི་ཆུའི་ཟླ་བ་དང་། སྐར་མ་ལྟ་བུའོ། །དེ་ཉིད་ཞིག་པ་སྟེ་ཤེས་རབ་བོ། །དེ་

བས་ན་འདི་ནི་སྲིད་མཐའ་སྟེ། དོན་དུ་མངོན་པར་ཞེན་པའི་རྩ་བ་ཅན་གྱི་སྲིད་པ་མཐར་བྱེད་པ་སྟེ་དེ་མཐར་འབྱིན་པའོ། །གང་གི་ཕྱིར་རྒྱུ་དེས་ན་འདི་ལ་འཇིག་པ་ཡོད་པ་མ་ཡིན་པ་ལ་སྐྱེ་བ་ཡང་མེད་དེ། འཇིག་པ་མེད་པའི་ཕྱིར་རོ། །གཞན་ཡང་དེ་ཁོ་ན་ཉིད་དུ་འཇིག་པ་མེད་པས་སྐྱེ་བ་མེད་དེ།

གང་གི་ཕྱིར་ཕྱག་རྒྱ་ཆེན་པོའི་ལུས་འདི་རང་ཉིད་ཀྱིས་བརྫུན་པ་ལ་བརྫུན་པར་སྣང་བར་ཤེས་པས་དེ་དག་ཀྱང་དེ་ཁོ་ན་ཉིད་དུ་སྣང་བས་སྐྱེ་བ་ཉིད་མེད་དོ། །འོ་ན་འཇིག་རྟེན་པ་ཉིད་ཀྱང་འཁོར་བའོ་སྙམ་པ་ལ་གསུངས་པ། ཞིག་པ་ཞེས་བྱ་བ་ལ་སོགས་པའོ། །འདིའི་དོན་ཕྱག་རྒྱ་ཆེན་པོའི་དངོས་

གྲུབ་གྲུབ་པའི་ནང་ནས་གང་ཞིག་པར་འགྱུར་བ་རང་གི་ལུས་སུ་མངོན་པར་ཞེན་པ་སུ་ཡང་མེད་ན། སུ་ཞིག་ཟད་དེ་ཞིག་པ་མེད་པའི་ཕྱིར་རོ། །ཟག་པ་མེད་དེ་དེ་ལྟར་ཤེས་པར་བྱའོ། །ཡང་ཚངས་པ་ལ་སོགས་པ་ནི་ལུས་ལ་དངོས་པོ་མེད་ཀྱང་དངོས་པོར་མངོན་པར་ཞེན་པ་ཡོད་པས་

འབྱུང་བ་ཡོད་པ་དང་འབྱུང་བ་ལས་འཇིག་པ་ཡོད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དེ་ལྟ་བུ་མ་ཡིན་ཏེ། དངོས་པོར་མངོན་པར་ཞེན་པ་མེད་པས་སོ། །དེ་དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་བརྒལ་བར་གྱུར་པས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་གྱིས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words