དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་སཾ་པུ་ཊི་ཏི་ལ་ཀཱ་ནཱ་མ་ཡོ་གཱི་ནཱི་ཏནྟྲ་རཱ་ཛ་སྱ་ཊཱི་ཀཱ་སྨྲྀ་ཏི་སཾ་དཪྴ་ནཱ་ལོ་ཀ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 6 · folio 121b

འགྱུར་རོ། །དེ་ལྟར་དབྱུག་ཚོད་དྲུག་ཅུ་དང་རྩ་དྲུག་ཅུ་རྣམས་སུ་ཡང་འགྱུར་རོ། །དེ་བཞིན་དུ་ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་ལ་དཀྱིལ་འཁོར་བཅུ་གཉིས་སུ་བརྗོད་དེ། དེ་རྣམས་ལྷན་ཅིག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །དེ་རྣམས་ལས་རྣལ་འབྱོར་མ་དང་། རྣལ་

འབྱོར་གྱི་རྒྱུད་རྣམས་སྐྱེ་བ་བརྗོད་དོ། །དེ་ལ་དེ་ལྟར་སྤྲོ་བ་དང་སྡུད་པ་དང་གཡོན་གྱི་རྩ་རྣམས་ལ་རྣལ་འབྱོར་མའི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་བཞིན་དུ་གཡས་ཀྱི་རྩ་ལ་རྣལ་འབྱོར་གྱི་རྒྱུད་དྲུག་ཏུ་འགྱུར་རོ། །དེ་ཡང་གཡོན་རྣམས་ལ་འཁོར་ལོ་སྡོམ་པ་དང་། གདན་བཞི་པ་དང་། རྣལ་

འབྱོར་རྗེས་སུ་རིག་པ་དང་། ཀུན་དུ་སྤྱོད་མ་དང་། བརྗོད་པ་བླ་མ་དང་། ཧེ་རུ་ཀ་མངོན་པར་འབྱུང་བའོ། །དེ་བཞིན་དུ་གཡས་རྣམས་ལ་འདུས་པ་དང་། སྒྱུ་འཕྲུལ་དྲ་བ་དང་། རྡོ་རྗེ་བདུད་རྩི་དང་། རྡོ་རྗེ་འཇིགས་བྱེད་དང་། གཤིན་རྗེའི་དགྲ་དང་དཔལ་མཆོག་དང་པོའོ། །དེ་

ལྟར་རྣམ་པ་གཉིས་ནི་ཁ་སྦྱོར་ཞེས་བརྗོད་དེ། དུས་ཀྱི་ཕོ་ཉ་དྲུག་དྲུག་གི་དབྱེ་བས་སོ། །དེ་ལས་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་དག་འབྱུང་སྟེ། སུམ་ཅུ་གཉིས་དྲུག་ཅུར་འགྱུར་ཞེས་སྦྱར་རོ། །དེ་ལས་དཔལ་དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ཞེས་རྟོག་པ་སུམ་ཅུ་རྩ་གཉིས་

ཀྱི་བདག་ཉིད་དོ། །དེས་ན་རྒྱུད་ཉུང་ངུར་བྱང་ཆུབ་ཀྱི་སེམས་འབབ་པའི་རྩ་སུམ་ཅུ་རྩ་གཉིས་གསུངས་ཏེ། དེ་ནི་སྡུད་པའི་དོན་ཏོ། །དེ་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ལ་ཁ་སྦྱོར་ཐིག་ལེ་ལས་བྱུང་བའི་རྣལ་འབྱོར་གཙོར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །སླར་ཡང་རྩ་འདི་

དག་རྣམས་ཀྱི་རྩིབས་བཅུ་གཉིས་རྣམས་ལ་རླུང་རྣམ་པར་གཞག་པ་བརྗོད་དེ་སྲོག་དང་། ཐུར་སེལ་དང་། མཉམ་པ་དང་། གྱེན་རྒྱུ་དང་། ཁྱབ་བྱེད་ལྔའོ། །ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། ནོར་རྒྱལ་ཞེས་པ་བཅུ་ནི་རྩིབས་བཅུ་ལའོ། །དེ་བཞིན་

དུ་འོག་དང་སྟེང་དུ་ཡེ་ཤེས་འཆར་བ་དང་། རྣམ་པར་ཤེས་པ་འཆར་པའོ། །དེ་རྣམས་ཀྱི་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་དཀྱིལ་འཁོར་རྒྱུ་བའི་དབང་གིས་དང་བླ་མའི་མན་ངག་གི་དབང་གིས་ཨ་ཝ་དྷཱུ་ཏཱིར་སྲོག་རྒྱུ་བས་འཕོ་བའི་དཀྱིལ་འཁོར་རྣམས་འགོག་པར་འགྱུར་རོ། །རྒྱུན་དུ་གོམས་

Vol. 6 · folio 122a

པའི་སྦྱོར་བའི་ཡན་ལག་བཅུ་གཉིས་རྣམས་འགོག་པར་འགྱུར་རོ། །དེས་ན་ས་བཅུ་རྣམས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། གང་གི་ཕྱིར་མ་ཞེས་པ་ལ་སོགས་པ་ཚོས་མཁན་མའི་མཐར་ཐུག་པར་རབ་ཏུ་དགའ་བ་ལ་སོགས་པས་ས་བཅུ་རྣམས་ཀྱི་ཏིང་ངེ་འཛིན་

གྱི་ཡོན་ཏན་དོན་དམ་པའི་བདེན་པའོ། །འདིའི་རྒྱུ་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་སོགས་པའི་རྩ་རྣམ་པ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེས་རབ་ཏུ་ཐོབ་པའི་སངས་རྒྱས་ཀྱི་ས་ཀུན་དུ་འོད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཡང་དག་པའི་མཐའ་ནི་གཡུང་མོ་ཞེས་བརྗོད་དོ། །དང་ནི་

སྡུད་པའི་དོན་ཏོ། །དེ་དག་ནི་མ་གསུངས་ཀྱང་དོན་གྱིས་རྟོགས་པར་བྱ་ཞེས་པའི་དོན་ཏོ། །དེ་བཞིན་དུ་སྙིང་རྗེའི་དབང་གིས་མོས་པས་སྤྱོད་པའི་ས་ནི་བཅུ་གཉིས་སོ། །དེ་ཡང་དང་པོར་འགྱུར་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་བསམ་གཏན་ཐམས་ཅད་ཀྱི་དང་པོར་སྙིང་རྗེ་ལ་དམིགས་པའི་

བསམ་གཏན་དེ་བཞིན་གཤེགས་པས་བསྟན་ཏོ། །དེ་ཡང་གཏུམ་མོ་ཞེས་བརྗོད་དེ་ཤིན་ཏུ་གདུག་ཅིང་གཏུམ་པའི་ལོག་པའི་ཆོས་ཀྱིས་ཉེ་བར་བསྣུན་པ་རྣམས་ཀྱིས་བློ་ངན་པ་རྣམ་པར་གཞོམ་པའི་ཕྱིར་དྲག་པོ་ལ་སོགས་པའི་གཟུགས་དང་སྙིང་རྗེས་བརླན་པའི་ཐུགས་ཀྱིས་ལས་ཚོགས་

སྣ་ཚོགས་པ་དེ་བཞིན་གཤེགས་པས་གསུངས་སོ། །དེའི་ཕྱིར་གཏུམ་མོས་གཏུམ་པོའི་ལས་རྣམས་གཞོམ་པའི་ཕྱིར་སྟེང་གི་རྩ་དགག་གོ། །དེ་ལྟར་སྲོག་དང་ཐུར་སེལ་གྱི་སྦྱོར་བའི་ཤེས་རབ་དང་ཐབས་ཀྱི་ཆོ་གའི་སྦྱོར་བ་དེས་རྡོ་རྗེ་ལྟ་བུའི་སེམས་མཆོད་པར་བྱའོ། །ཡང་ན་དབང་གི་དུས་སུ་

རྣལ་འབྱོར་མ་བཅུ་སློབ་མས་སློབ་དཔོན་ལ་དབུལ་བར་བྱའོ། །གཡུང་མོ་དང་གཏུམ་མོའི་བུ་མོ་སྐྱེ་གནས་མ་ཉམས་པ་གཉིས་ཁྲུས་ཀྱི་དོན་དུ་ཡང་དབུལ་ལོ། །དེ་རྣམས་དང་ལྷན་ཅིག་སློབ་དཔོན་གྱིས་སྙོམས་པར་འཇུག་པར་བྱ་སྟེ། སློབ་མ་ལ་གསང་བའི་དབང་བསྐུར་བའི་རྒྱུར་རོ། །

དེ་ཡང་བུང་བ་དང་འདྲ་བ་ཁ་ཕྱེ་བ་དང་དཔྱང་ཐག་དང་། བསྐུམས་པ་དང་། བརྐྱང་བ་ལ་སོགས་པ་འབྱེད་པའི་ཚོགས་འདོད་པའི་བསྟན་བཅོས་སུ་གསུངས་པའི་ཚུལ་གྱིས་རྟོགས་པར་བྱའོ། །དེ་བཞིན་དུ་བཅུའི་ནང་ནས་གཅིག་དབང་ཕྱི་མའི་དོན་དུ་སློབ་མ་ལ་གཏད་པར་བྱའོ། །གཅིག་

Vol. 6 · folio 122b

ཀྱང་འབྲས་བུ་དང་རྒྱུའི་དབང་གིས་བཅུར་འགྱུར་ཏེ། དེ་ཅི་ཞེ་ན། གསུངས་པ། དང་པོ་ནུ་མ་ལ་རེག་པའི་ཕྱིར་མ་ཞེས་བརྗོད་དོ། །དེ་ཡང་གདུང་བ་དང་བཅས་པས་ལྟ་བ་ནི་སྲིང་མོའོ། །བརྩེ་བ་བརྟན་པས་འཁོར་བའི་སྡུག་བསྔལ་སེལ་ཏོ། །ད་ནི་ངེས་པར་གཟུང་བའོ། །དེ་ཡང་ཐམས་ཅད་

ཀྱི་རྗེས་སུ་འབྲེལ་བར་བྱའོ། །དེ་བཞིན་ཞེས་པ་ནི་མ་ལྟ་བུ་དང་སྲིང་མོ་ལྟ་བུའོ། །བུ་མོ་ལྟ་བུ་ཞེས་པ་ནི་ཡང་དང་ཡང་དུའོ་བྱ་བའི་ཕྱིར་རོ། །དེ་བཞིན་དུ་གཉེན་མོ་ནི་འཁྱུད་པའི་ཕྱིར་རོ། །བྲམ་ཟེ་མོ་ནི་དམ་པའི་དོན་རིག་པའོ། །རྒྱལ་རིགས་མ་ཞེས་པ་ནི་ཤིན་ཏུ་ཆགས་པའི་སྦྱོར་བས་རེས་འགའ་

ཡང་ཡོངས་སུ་མི་ཚིམ་པའོ། །ཡང་ན་ཤིན་ཏུ་གདུངས་པས་ཀྱང་མི་ཚིམ་པའོ། །ཡང་ན་བྲམ་ཟེ་མོ་ཞེས་པ་ནི་ཚངས་པའི་གནས་སུ་ཤེས་པར་བྱ་བ་སྟེ། རང་གི་ལག་པས་མཚན་མ་བཟུང་ནས་རང་གི་མཚན་མར་རེག་པར་བྱེད་པའོ། །དེ་བཞིན་དུ་རྗེའུ་རིགས་མོ་ཞེས་པ་ནི་ཆ་ལུགས་

སྣ་ཚོགས་པའམ་གཟུགས་སྣ་ཚོགས་པས་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་སྲིད་ཅེས་པའམ། ཧ་ཞེས་པ་འདོན་པའོ། །དེ་བཞིན་དུ་དམངས་རིགས་མོ་ནི་འཛག་པ་སྟེ། ཇི་ལྟར་རིའི་རྩེ་མོ་ནས་ཆུ་རྒྱུན་འཛག་པ་དེ་བཞིན་དུ་པདྨའི་ལྟེ་བ་ནས་བྱང་ཆུབ་སེམས་ཀྱི་རྒྱུན་འཛག་པའོ། །

དེ་བཞིན་དུ་གར་མཁན་མ་ཞེས་པ་ནི་ཡན་ལག་བརྒྱད་ཀྱིས་བསྐྱོད་པའི་ཕྱིར་རོ། །དེ་བཞིན་དུ་ཚོས་མཁན་མ་ཞེས་པ་ནི་ཆགས་པ་ཆེན་པོའི་བདེ་བས་མཆོད་པའི་ཕྱིར་སྣ་ཚོགས་པའི་བདེ་བས་བདེ་བ་མི་འཆོར་བར་བྱེད་པའོ། །དེ་ལྟར་འདོད་པའི་གནས་སྐབས་བཅུ་རྒྱས་པ་ལས་ཤེས་

པར་བྱའོ། །དེ་ནས་གཡུང་མོ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་དགའ་བའི་དུས་སུ་ཡེ་ཤེས་སྨྲར་མེད་པ་དང་རེག་ཏུ་མེད་པའི་ཕྱིར་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ངག་གི་ལམ་དང་བྲལ་ཞེས་པའི་དོན་ཏོ། །དེ་ཉིད་གཏུམ་མོར་ཤེས་པར་བྱ་སྟེ། རྣམ་པར་རྟོག་པའི་ཤིང་

བསྲེག་པས་གཏུམ་མོའོ། །དགའ་བ་དང་བྲལ་བ་རྣམས་བྲལ་བར་བྱེད་ཅིང་དེ་བཞིན་བདེ་བར་བྱེད་པའོ། །དེ་ལྟར་ཕྱི་དང་ནང་གི་སྦྱོར་བ་ནི་དམ་ཚིག་ཅེས་པའི་དོན་ཏོ། །དེ་ནི་འདུས་པས་དམ་ཚིག་ཏུ་བལྟའོ། །དེ་ཉིད་རིག་པས་མཆོད་ཅེས་པ་ནི་གཉིས་ཏེ། སྒྱུ་མ་ལྟ་བུ་དང་རྣམ་

Vol. 6 · folio 123a

པར་རིག་པའོ། །སྒྱུ་མ་ལྟ་བུའི་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཚུལ་གྱིས་ས་ལ་བརྟེན་པའོ། །དེའི་ཕྱིར་རྣམ་པར་རིག་པ་ནི་ད་ལྟའི་སེམས་ཅན་རྣམས་ཀྱིས་རང་གི་སེམས་ཀྱི་བསམ་པས་ལས་ཀྱི་ཕྱག་རྒྱ་དང་སྦྱར་བས་སངས་རྒྱས་ཉིད་

ཐོབ་པས་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་དམ་ཚིག་བསྲུངས་པ་དང་ཉམས་པའི་སྐྱོན་དང་ཡོན་ཏན་བསྟན་པའི་ཕྱིར། ཇི་ལྟར་དབྱེ་བ་སྐྱེ་མེད་པར། །ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཏིང་ངེ་འཛིན་བརྟེན་པའི་དུས་སུ་དེ་ཡང་རབ་ཏུ་འབད་པས་བརྟེན་པར་

བྱའོ། །རབ་ཏུ་འབད་པས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་ཉེས་པས་རྩ་རྒྱུ་བའི་དུས་སུ་ཇི་ལྟར་སེམས་རྣམ་པར་གཡེང་བར་མི་འགྱུར་བ་དེ་ལྟར་དུས་འཇིག་པར་བྱེད་དེ་སྐད་ཅིག་མ་གཅིག་ལ་མཚོན་པ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རྣམ་པར་གཡེང་བར་འགྱུར་བ་དེའི་ཚེ་

ཉེས་པ་སྐྱེ་སྟེ། ཏིང་ངེ་འཛིན་ལ་གནས་པའི་སེམས་ཉམས་སོ། །སེམས་ཉམས་པ་དེས་ཇི་ལྟར་དབྱེ་བ་ཞེས་པ་དུས་ཀྱི་དབྱེ་བ་སྐྱེའོ། །དེས་ན་སྐལ་བ་མེད་པར་འགྱུར་ཏེ། མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་གཡེང་བའི་དོན་ཏོ། །དེ་མཐོང་བའི་ཉེས་པའི་ཕྱིར་དམ་ཚིག་ཉམས་

པར་འགྱུར་རོ། །ཡང་ནི་དབང་ལ་སོགས་པའི་དུས་སུ་དམ་ཚིག་ལ་སྤྱོད་པའི་དབང་གིས་གསད་པར་མི་བྱེད་ཅེས་པ་ནི་གདུལ་དཀའ་བའི་སེམས་ཅན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དེ་མཐོང་བས་སྡུག་བསྔལ་ཞེས་པ་ནི་མནར་མེད་པ་ལ་སོགས་པའི་དམྱལ་བ་རྣམས་སུ་འགྱུར་ཏེ། རྣལ་

འབྱོར་གྱི་སྤྱོད་པ་ལ་ཐོ་འཚམས་པ་སྦྲུལ་ལ་སོགས་པས་བསད་ནས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར། དམ་ཚིག་བསྲུངས་པས་དངོས་གྲུབ་འཐོབ། །ཅེས་པ་ནི་ངེས་པའོ། །ད་ནི་རྣལ་འབྱོར་མ་ཞིང་སྐྱེས་བརྒྱད་ཀྱི་རིགས་རྣམས་བསྟན་པའི་ཕྱིར། རིགས་ཀྱི་

དབྱེ་བས་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞིང་དང་ཉེ་བའི་ཞིང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བདག་ཉིད་མཚོན་པར་བྱ་བའོ། །དེས་ན་ཉེ་བར་མཚོན་པས་སྒྲུབ་པ་པོ་རྣམས་ལ་

Vol. 6 · folio 123b

མཆོག་སྟེར་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱི་རིགས་ཀྱི་དབང་གིས་གཅིག་དང་དུ་མའི་སེམས་ལས་བྱུང་བའི་དངོས་པོའི་ཕྱིར་དེས་ན་དག་པའི་རང་བཞིན་གྱིས་འཁོར་ལོ་ལས་ཕྱི་རོལ་དུ་རྣལ་འབྱོར་མ་རྣམས་སྐྱེའོ། །དེས་ན་ཡང་སྒོམ་པ་ཙམ་གྱིས་རྣམ་པར་རྟོག་པའི་དབང་

གིས་སྒྲུབ་པ་པོ་རྣམས་ཀྱང་དུས་མཉམ་པ་ལ་སྐྱེའོ། །དེའི་ཕྱིར་གཅིག་ལས་གཅིག་མཐོང་བས་གྲོལ་བར་འགྱུར་རོ། །དེ་ལྟར་ཞིང་བརྒྱད་ཀྱི་རྣལ་འབྱོར་མ་རྣམས་རང་གི་རིགས་དང་འཁྱུད་པས་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་རྣམ་པ་ལྔ་རུ་

གསུངས་ཏེ། བྲམ་ཟེ་མོ་ལ་སོགས་པའོ། །དེ་བཞིན་གཤེགས་པར་འདོད་ཅེས་པ་ནི་རྣམ་པར་སྣང་མཛད་འདོད་ཅེས་པའོ། །དཔག་མེད་རྡོ་རྗེ་ཞེས་པ་ནི་འོད་དཔག་མེད་པའི་རིགས་ལས་སྐྱེས་པའོ། །ལས་ཀྱི་རིགས་ལས་སྐྱེས་པ་ནི་དོན་ཡོད་པར་གྲུབ་པའི་རིགས་ལས་སྐྱེས་

པའོ། །དམངས་མ་མོ་ནི་ཞི་བ་མོ་ལ་སོགས་པའི་རིག་མའོ། །རྣམ་སྣང་མཛད་ནི་ཆེན་པོར་འདོད། །ཅེས་པ་ནི་ནང་དུ་རང་རིགས་པའི་གཟུགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཞེས་པའི་དོན་ཏོ། །རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེའོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་

རིགས་སོ། །ཕྱག་རྒྱ་རྣམ་པ་ལྔར་ངེས་པའོ་ཞེས་པ་ནི་སྔོན་དུ་གསུངས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་མ་རིགས་ལྔ་ལས་སྐྱེས་པ་རྣམས་སོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔར་ངེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རིགས། །འདི་ནི་མདོ་རུ་བསྡུས་པར་བརྗོད། །ཅེས་

པ་ནི་རིགས་ལྔ་པོ་འདི་དག་ནི་འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་དང་། ཕྲག་དོག་ཆེན་པོ་དང་། སེར་སྣ་ཆེན་པོའི་རིགས་ལྔའོ། །རིགས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་སོང་བ་དེ་བཞིན་གཤེགས་པས་མདོར་བསྡུས་ཏེ་རབ་ཏུ་

བསྟན་ཏོ། །འོན་ཀྱང་རིགས་མཐའ་ཡས་པས་ཕྱག་རྒྱ་ཡང་མཐའ་ཡས་ཏེ། གཅིག་ལ་གཅིག་འཁྱུད་པའི་དབང་གིས་རང་གི་རིགས་ལ་མངོན་པར་བགྲོད་པས་དེ་རྣམས་དང་ལྷན་ཅིག་འགྲུབ་པ་ལ་འདིར་སོམ་ཉི་མེད་དོ། །སུའོ་ཞེ་ན། དེ་བཞིན་ཉིད་དུ་སོང་ནས་ཞེས་བྱ་བ་

Vol. 6 · folio 124a

ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་མེད་པའི་འོད་གསལ་བ་གྲོལ་བའི་ལམ་གྱི་མཚན་ཉིད་དངོས་པོ་རྣམས་དང་རོ་གཅིག་པར་བྱེད་པའི་ཕྱག་

རྒྱ་ནི་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དེ། དེར་སོང་བ་ནི་སེམས་དང་སེམས་ལས་བྱུང་བའི་དངོས་པོ་གཉིས་སོ། །དཔལ་ལྡན་ཞེས་པ་ལ། དཔལ་ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །ལྡན་ཞེས་པ་ནི་དེ་ལ་རིག་པའི་སེམས་དེའི་བདག་ཉིད་དོ། །དེ་བཞིན་དུ་སླར་འོངས་པ་ཞེས་པ་ནི་

དེ་ལས་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་དེ་ཉིད་ལས་འོངས་པས་སྤྲུལ་པའི་སྐུ་བཟུང་ནས་སེམས་ཅན་གྱི་དོན་བྱེད་ཅིང་སླར་ཡང་དེ་ཉིད་དུ་སོང་ནས་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྗེས་སུ་དྲན་པ་སྐུ་བཞི་ཐོབ་པའོ། །དེ་ལྟར། དེ་བཞིན་གཤེགས་པ་སླར་ཡང་བྱོན། །ཞེས་པའི་

དོན་ཏོ། །ཤེས་རབ་འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །རིགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔར་གསུངས་པའི་རིགས་ལྔ་པོ་དེའི་ཁྱད་པར་ཉིད་བརྗོད་པའོ། །མཐའ་ཡས་ཞེས་པ་ནི་རང་བཞིན་རྣམས་མཐའ་ཡས་པ་དེས་ན་མཐའ་ཡས་པའི་རིགས་སོ། །བརྒྱ་ཞེས་པ་ནི་རང་

བཞིན་དེ་རེ་རེ་ལས་རིགས་བརྒྱར་འགྱུར་ཏེ། དབྱུག་པ་དང་ཡུད་ཙམ་གྱི་དབྱེ་བས་སོ། །དེ་ཡང་སྟོང་ཕྲག་ཏུ་འགྱུར་རོ། །དེ་ལྟར་རིགས་མཐའ་ཡས་པ་ནི་སེམས་སོ། །དེ་བཞིན་དུ་རིགས་བརྒྱ་ནི་ལུས་སོ། །རིགས་སྟོང་ནི་ངག་གོ། །ཕྱིས་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བས་

ཞེས་པ་སྟེ། ཉེ་བར་བསྡུ་བའི་དོན་ཏོ། །སླར་ཡང་ཚིགས་སུ་བཅད་པ་ཕྱེད་ཕྱེད་དཀྲུགས་ཏེ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་བསྟན་ཏོ། །དེ་ཅི་ཞེ་ན། གསུངས་པ། རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེ་སྟེ། མི་ཕྱེད་པའི་ཡེ་ཤེས་དེ་འཛིན་པའི་ཕྱིར་རོ། །དེས་

སངས་རྒྱས་རྣམས་ཀྱི་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་ནི་ནམ་མཁའི་ཁམས་སོ། །རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཡང་དག་པའི་ཡེ་ཤེས་འཛིན་པའི་ཕྱིར་རོ། །དེས་སངས་རྒྱས་རྣམས་ཀྱི་ཚོར་བའི་ཕུང་པོ་བསྐྱེད་དེ། རིགས་པའི་ཡེ་ཤེས་ཟེར་བའི་ཕྱིར་རོ། །

Vol. 6 · folio 124b

པདྨ་ཞེས་པ་ནི་འོད་དཔག་མེད་དེ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་རྐང་པ་ནས་སྤྱི་བོར་འཛིན་པའི་ཕྱིར་ཡང་དག་པའི་དྲན་པ་དེས་སངས་རྒྱས་རྣམས་ཀྱི་འདུ་ཤེས་ཀྱི་ཕུང་པོ་བསྐྱེད་དེ། ཡང་དག་པའི་ཏིང་ངེ་འཛིན་མངོན་དུ་བྱ་བའི་ཕྱིར་རོ། །ནོར་བུ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཅིའི་ཕྱིར་

ནོར་བུ་ཡིན་ཞེ་ན། ཨིནྡྲ་ནཱི་ལ་ལྟ་བུའི་རལ་གྲི་འཛིན་པའི་ཕྱིར་རོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྣ་ཚོགས་པའམ། འདོད་ཆགས་ལ་སོགས་པ་རྣམ་པ་ལྔ་འཇོམས་པའི་ཕྱིར་དེས་སངས་རྒྱས་ཀྱི་འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པར་འགྱུར་རོ། །འཁོར་ལོ་ཞེས་པ་ནི་རྣམ་པར་

སྣང་མཛད་དེ་རྣམ་པར་སྣང་མཛད་ཅེས་པའི་རླུང་ཆེན་པོ་དེ་འགོག་པའི་ཕྱིར་དེས་སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་ཕུང་པོ་བསྐྱེད་པའོ། །དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་རིམ་པ་བཞིན་དུ་རྟོགས་པར་བྱའོ། །དེའི་ཕྱིར་དཀྲུགས་པས་སྔར་གྱི་ཚིགས་སུ་བཅད་པ་ཕྱེད་

ཀྱི་དོན་བསྟན་པའི་ཕྱིར་རོ། །འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཕྱིར་ཡེ་ཤེས་ལྔ་རྣམ་པར་གཟུང་བའི་ཕྱིར་དེའི་དུས་སུ་རིགས་གཅིག་ནས་བརྩམས་ཏེ། ཇི་སྲིད་གྲངས་མེད་པའི་རིགས་རྣམས་བསྐྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ།

ཕུང་པོ་ལྔའི་ཞེས་པ་ནི་སྲོག་ལྔ་ལ་སོགས་པའི་རླུང་རྣམས་སོ། །དེ་ལྟར་འབྱུང་བ་ཆེན་པོ་ལྔའི་རང་བཞིན་དེ་ནི་བརྟེན་པའོ། །དེ་རྣམས་ཀྱི་རྟེན་ནི་ཕུང་པོ་ལྔའོ། །དེའི་རང་བཞིན་ཁམས་རྣམས་སོ། །ཁམས་རྣམས་ལས་རིགས་རྣམས་འབྱུང་ངོ་། །དེའི་རིགས་རྣམས་ཀྱིས་བྱང་ཆུབ་

སེམས་དཔའ་རྣམས་ཀྱི་རིགས་སུ་འགྱུར་ཏེ། བྱ་བ་བྱེད་པ་དང་འབྲེལ་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་གསུངས་ཏེ། དུ་བ་ལས་ནི་མེར་ཤེས་ཤིང་། །ཆུ་སྐྱར་ལས་ནི་ཆུ་ཡིན་ཏེ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིས། །རིགས་ནི་

མཚན་མ་རྣམས་ལས་ཤེས། །ཞེས་སོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་ཞེས་པ་ནི་ཕུང་པོ་ལྔ་དང་ཁམས་ལྔ་པོ་དེའི་རང་བཞིན་དུ་བསྐྱེད་པར་འགྱུར་རོ། །དེའི་ཕྱིར་རིགས་ཞེས་པ་ནི་སེམས་ཅན་སྣ་ཚོགས་པའི་ཁམས་རྣམས་སུ་བསྐྱེད་པའོ། །སེམས་

Vol. 6 · folio 125a

ཅན་ཐམས་ཅད་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཕྲག་དོག་དང་། དྲེགས་པ་དང་། སེར་སྣ་དང་ང་རྒྱལ་གྱི་དྲི་མས་བསྒྲིབས་པ་འགྲོ་བ་དྲུག་ཏུ་སྡུག་བསྔལ་ཉམས་སུ་མྱོངས་བ་མ་ཡིན་ནམ། ཅིའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

རྣམས་ཀྱི་རིགས་རྣམས་སུ་སྐྱེས། གང་གི་ཕྱིར་གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་གྱིས་ཀྱང་ངན་འགྲོར་མི་འགྲོ་ན་གཞན་ལྟ་ཅི་སྨོས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོའོ། །མི་ཡི་ལུས་ནི་སྤངས་ནས་སུ། །དེ་ཡིས་ལྷ་ཡི་ལུས་ནི་རྙེད། །དེ་བཞིན་དུ་ཆོས་

དང་དགེ་འདུན་ལ་སྐྱབས་སུ་འགྲོ་བས་ཀྱང་ངོ་། །ཁྱད་པར་དུས་བཅུའི་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་རྣམས་སུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་སྙམ་པའི་དོགས་པ་འགའ་

ཞིག་ལ་ཡོད་དེ། དེའི་ཕྱིར་འདིར་ལན་གསུམ་གསུངས་པ། བདེན་མོད་འོན་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པས་མུ་སྟེགས་པ་ལ་སོགས་པའི་བྱིས་པ་རྣམས་ལོག་པའི་ཆོས་ལ་ཆགས་པ་མི་དགེ་བའི་གྲོགས་ཀྱི་དབང་གིས་ཕྱིན་ཅི་ལོག་གི་ཆོས་རྣམས་ལ་ཡོངས་སུ་རྟོག་གོ། །དེའི་ཕྱིར་དེ་རྣམས་ཀྱི་

ལྟ་བ་ངན་པ་རྣམས་རྣམ་པར་གཞོམ་པའི་ཕྱིར་དེ་བཞིན་གཤེགས་པས་ཆོས་སྣ་ཚོགས་སྟོན་པར་མཛད་དོ། །གང་གི་ཕྱིར་ཏིང་ངེ་འཛིན་བར་བར་དུ་ཆད་པས་ཇི་སྲིད་དུ། སེམས་རབ་ཀྱི་མཐར་ཐུག་པར་མ་གྱུར་པ་དེའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ལེའུ་ཚུལ་གྱིས་དེ་ཁོ་ན་ཉིད་བསྒོམ་པ་བཅོམ་ལྡན་འདས་

ཀྱིས་བསྟན་ཏེ། གང་དམིགས་པས་སེམས་རྩེ་གཅིག་པར་འགྱུར་རོ། །དེ་ཅི་ཞེ་ན། སྒོམ་པ་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ། སྒོམ་པ་པོ་མེད་བསྒོམ་བྱ་མེད། །ཅེས་པ་ནི་འདིར་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་དངོས་པོས་དབང་པོའི་སྒོ་ནས་ཕྱིའི་དངོས་པོ་

རྣམས་ལ་འཇུག་པར་འགྱུར་རོ། །དེའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ལས་སླར་ཡང་དགེ་བ་དང་། མི་དགེ་བའི་བག་ཆགས་ཀྱི་དབང་གིས་མ་དང་། ཕ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་ལ་སོགས་པ་ལ་བརྟེན་པ་འཛིན་ཏོ། །གང་ལས་ཤེ་ན། སེམས་ཀྱི་རྟོག་པའི་དངོས་པོ་ལས་

Vol. 6 · folio 125b

སོ། །སེམས་ཀྱང་མི་བདེན་པ་ཏེ། མི་བདེན་པ་ལ་བརྟེན་པར་ཡོངས་སུ་བརྟགས་པ་དེས་འཁོར་བར་འཆིང་བར་འགྱུར་ཏེ། མི་ཤེས་པས་སོ། །འདི་ནི་འགལ་ལོ། །ཅི་ཞེ་ན། དེར་བསྟན་པ་ཅི་གང་དང་གང་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ། །དེ་

ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་ཏེ། སྡུད་པར་བྱེད་པས་གསུངས་པའི་དམ་པའི་ཆོས་སྣ་ཚོགས་པའི་གླེགས་བམ་གྱི་ཚུལ་གྱིས་དེ་རྣམས་སུ་ངག་གི་རྣམ་པར་རྟོག་པས་དངོས་པོའི་དཔེ་བརྗོད་པའི་ཕྱིར་རོ། །དེ་འདིར་བརྗོད་དེ། འདིར་སངས་རྒྱས་རྣམས་ཀྱིས་གཟུང་བ་དང་

འཛིན་པའི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་ལམ་བསྐྱེད་དོ། །གང་གི་ཕྱིར་དགྲ་བཅོམ་པ་རྣམས་ཀྱི་ནི་ལྷག་མ་དང་བཅས་པའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྷག་མ་མེད་པའི་མྱ་ངན་

ལས་འདས་པའི་ལམ་དུ་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་སེམས་རང་བཞིན་དང་བྲལ་བ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ། །འོན་ཀྱང་ཀུན་རྫོབ་ཀྱི་རྒྱུས་སེམས་མིང་ཙམ་དུ་བརྗོད་དོ། །དེ་ལྟར་ཡང་རྒྱལ་བའི་ཡུམ་ལས་གསུངས་

ཏེ། རབ་འབྱོར་སེམས་གང་སེམས་དེ་ནི་སེམས་མེད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་སེམས་དེ་ནི་སེམས་མེད་པའོ། །དེ་བཞིན་དུ་ཡང་། ཡོད་པ་མ་ཡིན་མེད་པ་མིན། །ཡོད་དང་མེད་པ་གཉིས་ཀ་མིན། །གཉི་གའི་བདག་ཉིད་མེད་པའང་མིན། །མཐའ་བཞི་ལས་ནི་རྣམ་

གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་ཤེས། །དེ་ཕྱིར་སྒོམ་པ་པོ་མེད་དེ། །སེམས་མེད་ཅེས་པའི་དོན་ཏོ། །དེ་མེད་པའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ཡང་མེད་དེ། ཕུང་པོ་ལྔ་མེད་པའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་དོ། །སྐྱེ་མཆེད་རྣམས་མེད་པས་འཛིན་པ་ཡང་མེད་དོ། །

འཛིན་པ་མེད་པས་གཟུང་བའི་དངོས་པོ་ཡང་མེད་དོ། །ཅིའི་ཕྱིར་མེད་ཅེ་ན། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །ཁམས་རྣམས་ཀྱི་གོང་བུ་རྡུལ་ཕྲ་རབ་ཏུ་སོན་ཅིང་རྡུལ་ཕྲ་རབ་ཀྱང་ཆ་དྲུག་ཏུ་ཕྱེ་ཞིང་ཕྱོགས་ཆ་དྲུག་གི་དབྱེ་བས་ཆ་མེད་པ་ཉིད་དུ་འགྱུར་བའོ། །དེ་ལྟར་ཕུང་པོ་ལྔ་དང་སྐྱེ་

Vol. 6 · folio 126a

མཆེད་རྣམས་བདེན་པར་མེད་དོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས། །བདེན་པ་མ་ཡིན་བརྫུན་པ་མིན། །སྒྱུ་མའི་དཔེ་ནི་བཅུ་གཉིས་ཀྱིས། །རྟོགས་པར་བྱའོ་འདི་ལྟ་སྟེ། །སྒྱུ་མ་དང་ནི་སྨིག་རྒྱུ་དང་། །དྲི་ཟ་ཡི་ནི་གྲོང་ཁྱེར་དང་། །མདུན་གྱི་ཆུ་ཡི་ཟླ་བ་དང་། །མེ་ལོང་གི་ནི་

གཟུགས་བརྙན་དང་། །དེ་བཞིན་རྨི་ལམ་དཔའ་བོའི་གཞུ། །སྤྲིན་གྱི་གྲིབ་མ་གསལ་སྣང་དང་། །ཆུ་ཡི་ཆུ་བུར་མིག་འཕྲུལ་དང་། །མུན་པ་ཡི་ནི་རབ་རིབ་པོ། །དམ་པའི་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ནི་སྣ་ཚོགས་ཀྱི་དོན་འབྱུང་བའི་ཕྱིར་རོ་ཞེས་པ་ནི་ངེས་པའོ། །རིགས་པ་འདིས་དངོས་

པོ་མེད་ཅེས་པ་ནི་རྣལ་འབྱོར་གྱི་སྲེད་པ་བསལ་བའོ། །ཡང་ན་བསྒོམ་པར་བྱ་བ་དང་བསྒོམ་པ་དང་སྒོམ་པ་པོ་བསྒོམ་པར་བྱ་བའི་རྣལ་འབྱོར་ལ་གོམས་པས་ཅུང་ཟད་ཉམས་སུ་མྱོང་བ་དང་བཅས་པའི་སེམས་ཀྱི་ལམ་མཐོང་ངོ་། །འདི་གཉིས་འདི་ལྟར་བསྒོམ་པར་བྱ་བ་མི་ཕྱེད་པའི་སྦྱོར་བ་

བལྟའོ། །རྩ་རྣམས་ཀྱི་རང་བཞིན་གྱིས་འཁོར་ལོས་སྲོག་དང་ཐུར་སེལ་འགོག་པ་ཡང་ཕན་ཚུན་ཕྱི་དང་ནང་འཁྱུད་པའོ། །དེ་ལྟར་བསྒོམ་པ་ཡང་དེ་དག་གི་སྒྱུ་མ་ལྟ་བུ་གསལ་བ་ཙམ་ཉིད་ཀྱིས་ཏེ། གཞན་དུ་དེ་ཁོ་ན་ཉིད་འདི་མོས་པར་བྱ་བ་མ་ཡིན་ནོ་ཞེས་དགོངས་སོ། །ད་ནི་དོན་དམ་པའི་

བདེན་པའི་ལྟ་བ་བསྟན་པའི་ཕྱིར་སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཞེས་པ་ལ། སྔགས་ནི་རྣམ་པ་གསུམ་མོ། །དེའི་རིམ་པ་ནི་འདི་ལྟ་སྟེ། དབྱིབས་དང་བྱང་ཆུབ་སེམས་དང་རླུང་ངོ་། །དེ་ལ་དབྱིབས་ནི་རྣམ་པ་གཉིས་ཏེ། སྔགས་དང་དབྱིབས་

ཀྱི་བདག་ཉིད་དོ། །དེ་ཡང་ཡིད་སྐྱོབ་པའི་དོན་གྱིས་དེ་བཞིན་ཉིད་ཀྱི་བདག་ཉིད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་དབྱེ་བ་གཉིས་ཏེ། གཅིག་ནི་ལུས་ལ་དབྱིབས་ཀྱི་རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་རྒྱུ་བའི་དུས་སུ་གང་རྣལ་མར་བརྗོད་པ་དེའོ། །དེ་བཞིན་དུ་རླུང་ཡང་རྣམ་པ་གཉིས་ཏེ། གཅིག་ནི་

དོན་དམ་པའི་སྲོག་གོ། །དེ་བཞིན་དུ་གཉིས་པ་ནི་དེ་རྒྱུ་བའི་ཕྱིར་སྣལ་མ་དང་སྣལ་མ་མེད་པ་སྟེ། སྦས་པ་ཉིད་ཀྱི་ཡན་ལག་དྲུག་གི་སྦྱོར་བས་ཤེས་པའོ། །དེ་ཡང་མེད་དེ། བསྒོམ་པའི་རྣམ་པར་རྟོག་པའི་དབང་གིས་སོ་ཞེས་པ་ནི་ངེས་པའོ། །ལྷ་ཡང་མེད་ཅེས་པ་ནི་དོན་དམ་པར་རང་རིག་པའི་ཡེ་

Vol. 6 · folio 126b

ཤེས་ཀྱི་ལྷ་དེ་ཡང་མེད་ཅེས་པའི་དོན་ཏོ། །དེ་ཅི་ཞེ་ན། གསུངས་པ། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་དེར་ཅི་ཞིག་རྟོགས་པར་བྱ་ཞེ་ན། སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྲོས་པ་མེད་པ་ལས་བཟློག་པ་བསྒོམ་པར་ཀུན་དུ་འཛིན་པའོ། །

དེ་བཞིན་དུ་འཁྲུལ་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཆོས་ཀྱི་དབྱིངས་དང་དེ་བཞིན་དུ་ཡང་བཞི་པ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སོ། །དེ་དག་གཉིས་མེད་པ་ནི་སྤྲོས་པ་མེད་པ་དམིགས་པ་ཡང་དག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་འཁྲུལ་པའི་རྒྱུ་ཐམས་ཅད་ཆུབ་པས་ན་སྤྲོས་པ་མེད་པའོ། །

ཡང་དག་པའི་ཡེ་ཤེས་དེ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་ཟད་པའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོའི་ས་བཅུ་གསུམ་པ་ཟག་པ་མེད་པས་སྤྲོས་པ་མེད་པ་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་ཉིད་སྔགས་དང་ལྷ་དེའི་བདག་ཉིད་དུ་བཞུགས་ཞེས་སྦྱར་རོ། །སྔགས་རྣམས་

ལས་བྱུང་བའི་ལྷ་ཉིད་སྔགས་ཀྱི་ལྷ་སྟེ། ཡན་ལག་དྲུག་གི་སྦྱོར་བས་འོད་གསལ་བའོ། །གང་གི་ཕྱིར་སྣ་ཚོགས་པ་དེའི་རང་བཞིན་དེའི་བདག་ཉིད་ཅེས་པ་ནི་ངེས་པའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འོད་གསལ་རང་བཞིན་སྣ་ཚོགས་པ། འོད་གསལ་

ལས་ནི་སྣ་ཚོགས་འབྱུང་། །དེ་ཉིད་འོད་གསལ་བདག་ཉིད་དོ། །འདི་ཉིད་དུ་ནི་ཐིམ་པར་འགྱུར། །འོན་ཀྱང་སྒྱུ་མ་ལྟར་སངས་རྒྱས། །སེམས་ཅན་རྣམས་ཀྱི་ལུས་སུ་འབྱུང་། །སྣང་བ་ཡི་ནི་རང་བཞིན་ཆོས། །བསྟན་ནས་དེ་ཉིད་དུ་ཐིམ་འགྱུར། །དེ་ལྟར་ཡིད་ཆེས་ཚོགས་པ་རྣམས། །སངས་

རྒྱས་རྣམས་ཀྱིས་བསྟན་པ་ནི། །ཡིད་ཆེས་པ་ནི་འབའ་ཞིག་ཙམ། །སེམས་ཅན་རྣམས་ནི་བསྒྲལ་བའི་རྒྱུར། །གང་དང་གང་གི་ལས་ཀྱིས་ནི། །སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར། །དེ་དང་དེ་ཡི་ལམ་ཉིད་ནི། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན། །ལྟ་བ་དྲུག་ལ་གནས་པ་ནི། །སེམས་

ཅན་དེ་ཉིད་འདོད་གང་དག །དེ་རྣམས་རང་གི་སེམས་དབང་གིས། །བསྟན་པ་དེ་ཉིད་ཅེས་སུ་བརྗོད། །ད་ནི་སངས་རྒྱས་བཅོམ་ལྡན་འདས་ཁྱབ་བྱ་དང་ཁྱབ་བྱེད་ཀྱིས་དེ་ཁོ་ན་ཉིད་བསྟན་པ་བརྗོད་དེ་འདིར་དང་པོ་ཉིད་དུ་སངས་རྒྱས་པ་རྣམས་དེ་བཞིན་གཤེགས་པ་དྲུག་གི་གཟུགས་ཀྱིས་དེའི་རང་བཞིན་

Vol. 6 · folio 127a

གྱི་བདག་ཉིད་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་སྣང་མཛད་དང་མི་བསྐྱོད་པ། །རིན་ཆེན་དཔག་མེད་སེམས་དཔའ་རྣམས། །ཞེས་པ་ལ་དང་གིས་ནི་དོན་ཡོད་གྲུབ་པ་བཟུང་ངོ་། །སེམས་དཔའ་ཞེས་པ་ནི་

རྡོ་རྗེ་སེམས་དཔའོ། །དེ་དང་པོ་བརྗོད་པར་འདོད་པས་གསུངས་པ། འདིར་རྡོ་རྗེ་སེམས་དཔའ་གཅིག་པུར་འགྲུབ་པ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་དང་གཞན་རྣམས་སུ་བར་བར་དུ་ཇི་ལྟར་འདོད་པ་ངེས་པར་སྦྱོར་བའི་ཕྱིར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མཉམ་སྦྱོར་

ལས་གསུངས་པ། སྣ་ཚོགས་ཆོ་ག་འདོད་རྣམས་ཀྱིས། །སྣ་ཚོགས་ཆོ་གའི་སྦྱོར་བ་ཡིས། །སེམས་ཅན་རྣམས་ནི་འདུལ་དོན་དུ། །བདེ་བ་ཐམས་ཅད་རབ་གྲུབ་ཕྱིར། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ཉིད་རྣམ་པར་སྣང་མཛད་ཤིན་ཏུ་སྟོང་པ་དང་ལྡན་པའོ། །དེས་སེམས་ཅན་

ཐམས་ཅད་འབྱུང་བའི་ཕྱིར་དེར་འགོག་པའི་ཆོས་ཉིད་ལ་འགོག་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་དེ་རྣམས་ཇི་སྲིད་ནམ་མཁའི་མཐར་ཐུག་པར་གཞུག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བསྐུལ་ལོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་

འདས་སྦྱོར་བ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །རྣམ་ཐར་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་མྱ་ངན་འདས་པ་འཛིན། །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་བ། །སྙིང་རྗེ་ཐབས་ཀྱི་བདག་ཉིད་དོ། །དེ་ཕྱིར་

སྙིང་རྗེ་བཅས་པའི་ཐབས། །ཤེས་རབ་ཕ་རོལ་ཕྱིན་པར་གསལ། །རྣམ་པར་མི་རྟོག་ལྷག་མོས་པས། །རྟོག་པ་ཐམས་ཅད་བརྟག་པར་བྱ། །རྣམ་པར་མི་རྟོག་ཆོས་རྣམས་ལ། །སེམས་ཅན་དོན་ནི་ཡོངས་སུ་བརྟགས། །བྲག་ཅ་སྒྲ་ནི་ལྟ་བུ་རུ། །ཆོས་ཀྱི་གསུངས་ནི་བལྟ་བར་བྱ། །ཞེས་བྱ་བ་ལ་

སོགས་པས་སོ། །དེ་ལྟར་འགྲོ་བའི་དོན་བསྒྲུབ་པ་མཆོག་མཉམ་པ་མེད་པ་རྟག་ཏུ་སྣང་བར་བྱེད་པ་བརྩེ་བ་ཆེན་པོའི་བདག་ཉིད་སྙིང་རྗེ་མི་འདོར་བ་འདིས་རྣམ་པར་སྣང་མཛད་དོ། །དེ་ཉིད་མི་བསྐྱོད་རྡོ་རྗེར་ཀུན་དུ་འབྱུང་སྟེ། ཤིན་ཏུ་གདུག་ཅིང་གཏུམ་ལ་དྲག་པའི་སེམས་ཅན་རྣམས་ཀྱི་ལས་དེས་ངུ་

Vol. 6 · folio 127b

འབོད་པ་ལ་སོགས་པར་ལྟུང་ངོ་། །དེར་ཤི་ནས་སླར་སེམས་ཀྱི་བག་ཆགས་ཀྱི་སྦྱོར་བས་སེམས་ཅན་དུ་འགྱུར་ཏེ། ཤིན་ཏུ་གདུག་པ་ཆེ་རྒྱལ་པོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས། །རིམས་དང་དུག་དང་སྦྱར་དུག་ནད། །མཁའ་འགྲོའི་ཉེ་བར་འཚེ་དང་གདོན། །བདུད་དང་ལོག་འདྲེན་ཉིད་དང་

ནི། །ཤིན་ཏུ་གདུག་པ་ཆེན་པོར་འགྱུར། །སྲིད་པ་གསུམ་ནི་རློག་པར་བྱེད། །ལེགས་པ་རྣམས་ནི་ཟད་བྱེད་ཅིང་། །ལྷ་ལ་སོགས་པས་སྐྱོ་བར་བྱེད། །བསྟན་པ་རྣམས་ནི་འཇོམས་པར་བྱེད། །དེའི་ཕྱིར་དབང་པོ་དང་བཅས་པ། །ཚངས་པ་ལ་སོགས་པ་ལ་བརྟེན། །དེ་རྣམས་ཀྱི་སྐྱབས་ལ་ཉེ་བར་བརྟེན་

ཏོ། །ཚངས་པ་ལ་སོགས་པ་དེ་རྣམས་ཀྱང་རྡོ་རྗེ་འཛིན་ལ་སྐྱབས་སུ་འགྲོའོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེའི་ཕྱིར་དབང་པོར་བཅས་པའི་ལྷ། །ཚངས་པ་ལ་ནི་ཉེ་བར་བརྟེན། །ཚངས་པ་དབང་པོར་བཅས་པའི་ལྷ། །ཁྱབ་འཇུག་ལ་ནི་སྐྱབས་སུ་སོང་། །ཚངས་པ་དང་ནི་

ཁྱབ་འཇུག་ལྷ། །ལྷ་ཆེན་པོ་ལ་ཉེ་བར་བརྟེན། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །རྡོ་རྗེ་ཅན་ལ་སྐྱབས་སུ་སུ་སོང་། །ཞེས་སོ། །དེའི་ཕྱིར་མི་བསྐྱོད་རྡོ་རྗེའི་ཏིང་ངེ་འཛིན་གྱིས། དཔལ་ཧེ་རུ་ཀ་ལ་སོགས་པ་དྲག་པོའི་གཟུགས་སྙིང་རྗེ་ཆེན་པོ་ཅན་མངོན་དུ་མཛད་དོ། །དེ་བཞིན་དུ་རྡོ་རྗེ་སེམས་དཔའི་

ཡང་དག་པའི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་དང་ཁྲོ་བོ་ལ་སོགས་པ་འདུས་པར་བྱའོ། །དེ་རྣམས་ཀྱང་རྡོ་རྗེ་འཆང་གི་བཀའ་ཙམ་གྱིས་འཁོར་གྱི་འཁོར་ལོ་འདུས་པས་ཁམས་གསུམ་ཡང་ངེས་པར་བསྲེག་གོ། །གང་ཕྱིར་སངས་རྒྱས་ཀུན་བྱོན་ན། །གཞན་

དག་སྨོས་ལྟ་ཅི་ཞིག་དགོས། །ཤིན་ཏུ་གདུག་ཅིང་དྲག་རྣམས་ལ། །ཞི་བ་ཉིད་ནི་ཉེར་མི་སྦྱར། །སངས་རྒྱས་ཀུན་ནམ་ཅི་ཡང་རུང་། །ཁམས་གསུམ་པ་ནི་ཁྱད་པར་ཉིད། །དེ་ནས་སྣ་ཡི་རྩེ་མོ་རུ། །ཡིད་ཀྱིས་བརྟན་པོར་གཟུང་བར་བྱ། །སྣ་ཡི་དབུགས་ནི་སྤྲོ་བསྡུས་པས། །ཕྱག་རྒྱའི་སྦྱོར་བས་

རྒྱལ་བ་ནི། །ཧེ་རུ་ཀ་སོགས་སྤྲོ་བར་འགྱུར། །དེ་ལྟར་ཡང་གླེགས་བམ་ལ་ལར་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ལྟ་སྟེ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །རྡོ་རྗེ་ཁྲོ་བོ་རྣམ་པར་སྤྲོ། །ཧེ་རུ་ཀ་དཔལ་དྲག་ཆེན་པོ། །འཇིགས་པའི་ཐལ་བ་ཉེ་བར་འབར། །སེམས་དཔའ་སྔོན་པོ་འབར་

Vol. 6 · folio 128a

རང་བཞིན། །འོད་ཀྱི་དཀྱིལ་འཁོར་དམར་འབར་བ། །འཇིགས་པ་ཆེན་པོའི་ལུས་ལྟར་འབར། །དུར་ཁྲོད་ཀྱི་ནི་མེ་ལྟ་བུ། །སྐྲ་ལས་འོད་ནི་ཆེན་པོ་འབར། །ཐོད་པ་དག་ནི་ཅོད་པན་བཅིངས། །འཇིག་པ་ཆེན་པོའི་དུས་ལྟར་དྲག །དུར་ཁྲོད་ལྟ་བུར་འཇིགས་ཤིང་གཏུམ། །

དྲག་པོ་ལ་སོགས་ཉམས་སྦྱོར་བས། །སྣ་ཚོགས་ཞལ་ནི་རྣམ་པར་འཁོར། །དེ་ནི་རྣམ་འཁོར་སྨིན་མ་གཉེར། །མར་མེ་འོད་ལྟར་གར་བྱེད་པས། །དྲག་པོའི་དབང་པོ་ཉེ་དབང་པོ། །ཟླ་བ་ཉི་མ་གཤིན་རྗེར་བཅས། །སྲིད་པ་གསུམ་ནི་ཉེ་བར་འབར། །ཐལ་བར་འཇིགས་པར་བྱེད་པ་འདི། །

རྡོ་རྗེར་བཅས་ཤིང་ཁ་ཊྭཱཾ་བཅས། །དྲིལ་བུར་སིལ་སིལ་སྒྲ་སྒྲོགས་པས། །ཡང་དག་ཕབ་ནས་སླར་ཐམས་ཅད། །ཐལ་བར་སོང་བ་དེ་ཡང་འཚེ། །དེ་ལས་ཉི་མའི་འོད་མི་འབྱུང་། །གྲིབ་མ་མཆོག་ཏུ་རྣོ་བའོ། །བདུད་ལ་སོགས་པ་མ་ལུས་སྤྲོ། །བདུད་ཀྱི་ཁྲག་ནི་གསོལ་བར་སྤྱོད། །དེ་རྣམས་

ལྷན་ཅིག་རྒྱལ་པོ་ནི། །དུར་ཁྲོད་དུ་ནི་ཐལ་བར་བྱེད། །ཐམས་ཅད་རྡོ་རྗེ་མཉམ་པར་སྦྱོར། །མཁའ་འགྲོ་མ་དཀྱིལ་ཉེ་བར་འབར། །ཤིན་ཏུ་གདུག་ཅིང་དྲག་པོ་གཏུམ། །སེམས་ཅན་ཁམས་ནི་རྣམ་དག་ཉིད། །སངས་རྒྱས་ཞིང་ནི་དག་རྣམས་སུ། །སངས་རྒྱས་བྱང་ཆུབ་ལ་ནི་བཞུགས། །

རྡོ་རྗེ་ཅན་འདོད་ཁྲོ་སོགས་ཀྱིས། །རྟོག་པ་ཐམས་ཅད་བླ་མེད་པས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཉིད་ནི་རིན་ཆེན་པ་ནི་རྡོ་རྗེ་ཉི་མའོ། །འདིར་ཤིན་ཏུ་གདུག་ཅིང་བརྐམ་པ་དེས་སེམས་

ཅན་ཐམས་ཅད་འདོད་པའི་བདག་ཉིད་ཅན་དུ་འགྱུར་རོ། །ཤིན་ཏུ་སེར་སྣ་ཆེ་བ་དེས་ཀྱང་སེམས་ཅན་རྣམས་དམྱལ་བར་ལྟུང་བར་འགྱུར་རོ། །དེར་ཡང་ཤི་ནས་ཀྱང་དབུལ་ཆེས་པར་འགྱུར་རོ། །དེའི་ཕྱིར་ལྟོགས་པ་དང་སྐོམས་པ་ལ་སོགས་པའི་ཉེས་པ་རྣམས་ཀྱི་ཕ་རོལ་གྱི་རྫས་འཕྲོག་པ་དེ་

རྣམས་འདུལ་བའི་དོན་དུ་དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས། །དོན་དམ་པ་ནི་ནོར་ཆེན་པོ། །ཤིན་ཏུ་གདུག་པ་དག་དོན་དུ། །རྡོ་རྗེ་ཉི་མ་འབྱུང་བར་འགྱུར། །ནམ་མཁའི་སྙིང་པོ་ཀུན་གྱི་བདག །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །

Vol. 6 · folio 128b

མཁའ་ལས་བཙུན་མོ་སོགས་རིན་ཆེན། །རིན་ཆེན་ཐམས་ཅད་སྒྱུར་བྱེད་པ། །ཤིན་ཏུ་གདུག་ཅིང་གཏུམ་རྣམས་ལ། །ཞི་བ་ཉིད་ནི་ཉེར་སྦྱིན་མིན། །ཤེས་རབ་ཐབས་དངོས་ཉི་མས་ནི། །སྒྲུབ་པོ་ཐམས་ཅད་གདུང་བར་བྱེད། །བྱེད་པ་དང་ནི་གཟུང་བ་དང་། །འཕྲོག་པོ་ཡི་ནི་ཁྱད་པར་ཉིད། །འདི་

དོན་ཐམས་ཅད་རྣམ་པར་བསམ། །སྲིད་པ་གསུམ་ནི་འདུད་པར་འགྱུར། །ཁམས་གསུམ་རྣམ་པར་རྒྱལ་སོགས་ཀྱི། །རྟོག་པ་ཀུན་གྱི་བླ་མེད་པས། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཉིད་འཇིག་

རྟེན་མགོན་པོ་སྟེ། །དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུག་གོ། །ལོག་པའི་ལྟ་བ་ལ་ཆགས་པ་དང་། དེ་བཞིན་དུ་མུ་སྟེགས་པ་ལ་སོགས་པ་གཞན་ཡང་ངོ་། །དེས་སེམས་ཅན་ཐམས་ཅད་བསྐྱེད་དེ། དེ་ཡིས་ཀྱང་ཤིན་ཏུ་གདུག་ཅིང་མི་བཟད་པས་ངུ་འབོད་ཆེན་པོ་རྣམས་སུ་ལྟུང་བར་འགྱུར་རོ། །དེ་

རྣམས་ཀྱི་ཡང་རྣམ་པར་གཞོམ་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བ། །རྡོ་རྗེ་སེམས་དཔའ་རྣམ་དག་ཕྱིར། །པདྨ་རཱ་གའི་རང་བཞིན་སྦྱོར། །རྡོ་རྗེ་ཆོས་ནི་རབ་ཏུ་གནས། །ཇི་ལྟར་པདྨ་དམར་པོ་འདི། །འདོད་ཆགས་དྲི་མས་མི་གོས་ཏེ། །དེ་བཞིན་

བག་ཆགས་སྐྱོན་རྣམས་ནི། །སྣ་ཚོགས་ཀྱིས་དག་ཁམས་གསུམ་པ། །དེ་ལ་ཀུན་ཏུ་བལྟས་པའི་ཕྱིར། །དབང་ཕྱུག་དག་གི་རྒྱལ་བར་འགྱུར། །དཔལ་ལྡན་ཀུན་ཏུ་གཟིགས་དབང་ཕྱུག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་དག་ཕྱིར། །བཅོམ་ལྡན་

མཆོག་ནི་སྟེར་བའི་མཆོག །སྣ་ཚོགས་འདུལ་བའི་ཐབས་དང་ནི། །སྣ་ཚོགས་འདུལ་བའི་སྤྲོ་བ་ཡི། །སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ། །པདྨ་གར་གྱི་དབང་ཕྱུག་འགྱུར། །པདྨ་འབར་བ་མཉམ་སྦྱར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །དཔལ་ལྡན་གར་གྱི་དབང་སོགས་ཀྱིས། །རྟོག་

པ་ཀུན་ནི་བླ་མེད་པས། །ནམ་མཁའི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རྣམ་པར་སྦྱངས། །ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་དེ་ཉིད་དང་གི་རྟ་མཆོག་ཏུ་བཟུང་སྟེ། ཤིན་ཏུ་བརྩོན་འགྲུས་དམན་པའི་ཕྱིར་དེ་ལས་སེམས་ཅན་ཐམས་ཅད་བསྐྱེད་པར་འགྱུར་ཏེ། །སླར་ཡང་

Vol. 6 · folio 129a

བརྩོན་འགྲུས་དམན་པ་དེས་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་ཏེ། དེ་རྣམས་ཀྱིས་བརྩོན་འགྲུས་ཐོབ་པར་བྱ་བའི་ཕྱིར། རྟ་མགྲིན་གྱི་ཏིང་ངེ་འཛིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་བརྗོད་དེ། དེ་ཉིད་བཅོམ་ལྡན་སྦྱོར་བ་སྟེ། །རྡོ་རྗེ་སེམས་དཔའ་དེ་

བཞིན་གཤེགས། །དཔལ་ལྡན་རྟ་ཡི་སྦྱོར་ཆོ་གས། །རྟ་ཡི་མཆོག་ནི་འབྱུང་བར་འགྱུར། །ཐམས་ཅད་དག་པར་མོས་པ་ཡིས། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །ཐམས་ཅད་གནོན་པ་ཉིད་ཀྱིས་ནི། །འཇིག་རྟེན་ཐམས་ཅད་རབ་གཟིར་བྱ། །སེམས་ཅན་ཁམས་ནི་སྣ་ཚོགས་པར། །ཤིན་

ཏུ་གདུག་ཅིང་མི་བཟད་གཏུམ། །བྱི་བྱེད་ཆོམ་པོ་གསོད་བྱེད་པ། །ཐམས་ཅད་དེ་ལྟར་རྣམ་སྦྱང་བྱ། །དོར་ཐབས་དང་ནི་རྒྱུད་ཉིད་ཀྱིས། །རབ་བསྒྲུབས་སྟོབས་དང་ལྡན་དེ་བཞིན། །མཚོན་ཆ་ལྔ་དང་ཉེ་མཚོན་ལྔས། །འཇིག་རྟེན་ཀུན་ལས་རྒྱལ་དེ་ཚེ། །འགྲོ་བ་བརྟན་དང་གཡོ་བ་ནི། །མ་ལུས་

སྣ་ཚོགས་པ་ནི་འགྲུབ། །སྣ་ཚོགས་འདུལ་བའི་ཐབས་རྣམས་ཀྱིས། །རྒྱལ་སྲིད་ཆགས་པ་རྗེས་སུ་བསྐྱང་། །འདོད་ཅན་རྣམས་ལ་འདོད་པར་འགྱུར། །དྲག་པོ་རྣམས་ལ་དྲག་པོར་འགྱུར། །ཞི་བ་རྣམས་ལ་ཞི་བར་འགྱུར། །གཞི་རྣམས་ཀྱང་ནི་རྣམ་པར་གནོན། །དབང་ཕྱུག་དམ་པ་གནས་

པར་བྱ། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །འཇིགས་པའི་ལྷ་མོ་བཀུག་ནས་ནི། །རང་ཉིད་ཉེ་བའི་ལོངས་སྤྱོད་སྤྱོད། །ཁྱབ་འཇུག་ཡང་དག་པར་མནན་པར། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དཔའ་མོ་ཡང་དག་བཀུག་ནས་ནི། །རང་གི་ཉེ་བའི་ལོངས་སྤྱོད་སྤྱོད། །སྐྱེ་དགུའི་

བདག་པོ་ཡང་དག་གནས། །རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ། །རབ་ཞི་ལྷ་མོ་ཡང་དག་མནན། །རང་ནི་ཉེ་བའི་ལོངས་སྤྱོད་སྤྱོད། །འདོད་པའི་ལྷ་ནི་ཡང་དག་མནན། །རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། །དགའ་མ་བརྩེ་བརྟན་དབང་ཕྱུག་མ། །ཡང་དག་བཀུག་ནས་ཉེར་ལོངས་

སྤྱོད། །དེ་སོགས་མཐའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའི་ཁམས་ཀྱི་མཐར་ཐུག་པར། །རྡོ་རྗེ་བུ་མོ་མཆོག་ནི་གནོན། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །བསྒྲུབས་པའི་རྟ་ཡི་སྦྱོར་བ་ཡི། །སྐྱེས་བུ་

Vol. 6 · folio 129b

གཞོན་ནུའི་སྒྲུབ་ཐབས་ཀྱིས། །མ་ལུས་འཇིག་རྟེན་གསུམ་རྒྱལ་པོ། །རྡོ་རྗེ་འཛིན་བཅས་ཡང་དག་ཐོབ། །བྱང་ཆུབ་སེམས་ནི་མཐའ་མེད་བརྩེ། །བཙན་ཐབས་སྦྱོར་བས་བསྒྲུབ་པར་བྱ། །ཐམས་ཅད་བདག་ལ་མོས་པ་ཡིས། །བསྒྲུབས་པའི་སྟོབས་ཀྱིས་དེ་མི་འགྲོ། །ཕ་རོལ་

སྟོབས་ནི་མནན་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་བརྙེས་བྱས། །བདུད་མེད་དཀའ་སྤྱོད་ཀྱིས་བསྒྲུབ་ཅིང་། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །དེ་ཡི་སྦྱོར་བའི་བདག་ཉིད་ཐོབ། །གོ་འཕང་མཆོག་ཏུ་རྟག་པའོ། །སེམས་ཅན་ཁམས་ནི་སྣ་ཚོགས་པ། །མ་ལུས་པ་ནི་མངོན་དུ་བྱ། །

བདུད་མེད་དཀའ་སྤྱོད་བྱང་ཆུབ་པ། །སེམས་ཅན་རྣམས་ལ་གནས་བརྟན་སྟེར། །མ་ལུས་ལུས་པ་མེད་པ་ཡི། །རྟོག་པ་ཐམས་ཅད་དབང་དུ་འགྱུར། །རྟ་ཡི་མཆོག་གི་རྣམ་འཕྲུལ་གྱིས། །སེམས་ཅན་དོན་ནི་ཐམས་ཅད་བྱེད། །དེ་ཕྱིར་དཔལ་ལྡན་རྟ་སོགས་ཀྱིས། །རྟོག་པ་ཀུན་

ནི་བླ་མེད་པས། །ནམ་མཁའི་ཁམས་ནི་མཐར་ཐུག་པར། །སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས། །ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་སོགས་མཐའ་མེད་དང་པོ་ནི། །ཆོས་དབྱིངས་མཉམ་དང་མི་མཉམ་པའོ། །ཆོས་ཀྱི་ཡེ་ཤེས་རང་བྱུང་བ། །ནམ་མཁའ་ཀུན་གྱི་སྐབས་

ན་དཔལ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས། །ཐམས་ཅད་བདག་ཉིད་རབ་ཏུ་འཇུག །དངོས་གྲུབ་དབང་ཕྱུག་རབ་ཏུ་སྟེར། །དེ་ལྟར་སངས་རྒྱས་རྣམས་ཀྱིས་འཁོར་ལོས་སྒྱུར་བ་དྲུག་གི་ཚུལ་གྱིས་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །གང་གི་ཕྱིར། བདག་རིག་གཞན་རིག་ཐམས་

ཅད་ལ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པའོ། །ཤེས་དང་ཤེས་བྱ་བདག་པོ་མཆོག །ཅེས་སྒྱུ་འཕྲུལ་དྲ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་སོ། །ཡང་ན་དོན་དམ་པའི་བདེན་པ་འོད་གསལ་བའི་བདག་ཉིད་དེ་ཉིད་རྣམ་པར་སྣང་མཛད་དེ།

སྣང་བ་ཙམ་ཉིད་ཀྱིས་སྣང་བ་གསུམ་མཐོང་བའི་ཕྱིར་སྣང་བ་ཙམ་དེ་བསྟན་པའི་ཕྱིར་སྣང་བ་མེད་པའི་གཟུགས་སུ་འགྱུར་རོ། །དེ་ཉིད་མི་བསྐྱོད་པ་སྟེ། མི་གཡོ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ། །དེ་ཉིད་དོན་ཡོད་གྲུབ་པ་སྟེ། དོན་སྣ་ཚོགས་བྱེད་པའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེ་སྟེ། སངས་

Vol. 6 · folio 130a

རྒྱས་ཐམས་ཅད་ཀྱི་ཆོས་རྣམས་རྙེད་པའི་ཕྱིར་རོ། །དེ་ཉིད་ནི་འོད་དཔག་མེད་དེ། དེ་རྣམས་ཀྱིས་བདག་ཡང་དག་པར་ཡོངས་སུ་བཅད་པའི་ཕྱིར་རོ། །དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར། དེ་ཉིད་སེམས་ཅན་ཏེ། ཡེ་ཤེས་ནམ་མཁའ་ལྟ་བུ་མི་གཡོ་བའི་ཕྱིར་རྡོ་རྗེ་སེམས་

དཔའ་ཞེས་པའི་དོན་ཏོ། །ད་ནི་ཚངས་པ་ལ་སོགས་པའི་ཆོས་ཀྱིས་ཚངས་པ་ལ་སོགས་པའི་ལོངས་སྤྱོད་ལ་བརྟེན་པའི་སེམས་ཅན་རྣམས་འདུལ་བ་བསྟན་པའི་ཕྱིར། ཚངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་ནི་བརྟེན་པའོ། །དེ་

ཡང་ཚངས་པ་ལ་སོགས་པ་རྟེན་དུ་གྱུར་པ་ཉིད་ཀྱིས་ན་སངས་རྒྱས་རྣམས་འབྱུང་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཚངས་སོགས་ལྷ་དང་ལྷ་མ་ཡིན། །དེ་ལ་བརྟེན་པར་འགྱུར་བ་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་ཚངས་པ་ལ་སོགས་པའི་ལྟ་བ་ལྔ་རིམ་པ་བཞིན་རྟོགས་པར་

བྱ་བའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཚངས་པ་ཞེས་པ་ནི་ཚངས་པའི་ལྟ་བའོ། །དེ་བཞིན་དུ་ཁྱབ་འཇུག་གི་ལྟ་བ་དང་ཞི་བྱེད་ཀྱི་ལྟ་བའོ། །ཀུན་ཞེས་པ་ནི་གཅེར་བུའི་ལྟ་བའོ། །རྣམ་རྟོག་ཅེས་པ་ནི་འཇིག་རྟེན་རྒྱང་འཕེན་པའི་ལྟ་བའོ། །གང་དག་ལྟ་བ་དེ་རྣམས་ལ་གནས་པ་དེ་དག་ནི་དེའི་ལྟ་བར་འགྱུར་

ཏེ། དེ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་འདོད་པའོ། །འོན་ཀྱང་མི་དགེ་བའི་གྲོགས་ཀྱི་དབང་གིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །འདིར་དེ་བཞིན་དུ་དེ་རྣམས་ཀྱང་སྔོན་ལོག་པའི་ཆོས་ལ་སེམས་ཀྱིས་རྟོག་གོ། །དེ་ལས་སེམས་ཅན་རྣམས་བྱུང་བའི་ཕྱིར་ལྟ་བ་རྣམས་ཀྱི་རྗེས་སུ་

འབྲང་ངོ་། །དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚངས་པ་ལ་སོགས་པའི་ལུས་རྣམས་སུ་འཁྲུང་བར་འགྱུར་རོ། །དེས་ན་སེམས་ཅན་སྔོན་གྱི་ལས་ཀྱི་རྗེས་སུ་འབྲངས་པ་རྣམས་ལ་ཆོས་སྟོན་ཏོ། །དེ་རྣམས་ཀྱང་གཅིག་ལ་གཅིག་གིས་རྗེས་སུ་འབྲང་ངོ་། །དེ་ལྟར་ཐམས་ཅད་ཀྱིས་

དེ་ཁོ་ན་ཉིད་ཅེས་བརྗོད་དོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ཉིད་བརྗོད་ཅེས་གསུངས་པའི་ཕྱིར་རོ། །ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྟེན་པར་མི་བྱེད་པ་དེ་སྲིད་དུ་འགྲོ་བ་རིགས་དྲུག་པོ་འདིར་ཡང་འཁོར་བར་འགྱུར་རོ། །གང་གི་ཕྱིར་དེ་འདིར་གསུངས་པ། །ཚངས་པ་མྱ་ངན་འདས་སངས་རྒྱས། །ཞེས་པ་ནི་

Vol. 6 · folio 130b

སེམས་ཅན་གང་དག་ཚངས་པའི་ཡེ་ཤེས་འདོད་པ་དེ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་པ་ནི་མྱ་ངན་ལས་འདས་པའི་ལམ་བསྟན་པའོ། །དེ་ཡང་སངས་རྒྱས་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རང་བཞིན་གྱི་ཕྱིར་འདི་ནི་སངས་རྒྱས་ཏེ་དེ་ཁོ་ན་ཉིད་དེ་བཞིན་དུ་བྲམ་ཟེ་མཆོག་གི་ལམ་བསྟན་པའི་

ཕྱིར་རོ། །ཅི་རིགས་བྱེད་ལ་སོགས་པ་ལ། མངོན་སུམ་དུ་སྤྱོད་པ་མ་ཡིན་ནམ། གསུངས་པ་དེ་ནི་བདེན་མོད། འོན་ཀྱང་གདུལ་དཀའ་བ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་དོན་དུ་དེ་བཞིན་གཤེགས་པས་ཐབས་ཀྱི་སྒོ་ནས་སྤྲུལ་པ་སྤྲུལ་ཏེ་བྱ་བ་བྱེད་དོ། །གང་གི་ཕྱིར། སེམས་ཅན་གང་དང་

གང་གི་ནི། །སེམས་ནི་དངོས་པོ་ལ་རེག་པས། །སེམས་ཅན་དེ་དང་དེ་ཡི་ནི། །གཟུགས་དང་མཐུན་ལ་བརྟེན་པ་ཡིན། །ལས་དང་རིགས་དང་བྱ་དེ་བཞིན། །ཞེས་སོ། །འདིར་ལས་ནི་བཟོ་སྣ་ཚོགས་ཀྱི་ལས་དང་། བཟོ་མ་ཡིན་པའི་ལས་སོ། །རིགས་ནི་རིགས་དྲུག་ཅུ་རྩ་དྲུག་གི་ཁྱད་པར་ཏེ་ཚོང་

པ་དང་ཕྲེང་རྒྱུད་མ་ལ་སོགས་པ་རྣམས་སོ། །དེ་བཞིན་བྲམ་ཟེ་ལ་སོགས་པ་རིགས་བཞིའམ་རུས་སོ། །བྱ་བ་ཞེས་པ་ནི་སེམས་ཅན་འདི་རྣམས་ཀྱི་རང་རང་གི་ལས་དང་རྗེས་སུ་མཐུན་པས་བྱ་བ་སྣ་ཚོགས་པ་ཆོས་དང་ཆོས་མ་ཡིན་པ་རྣམས་ལ་འཇུག་པའོ། །དེ་ལྟར་ལས་ལ་སོགས་པ་གསུམ་ལ་

བརྟེན་ཏེ་དེ་བཞིན་གཤེགས་པ་རྟེན་པར་མཛད་པའི་གཟུགས་ཀྱི་ཐབས་གདུལ་བྱའི་དོན་དུ་མཛད་དེ། རྒྱལ་པོ་ལ་སོགས་པའི་ཆད་པས་ནི་མ་ཡིན་ནོ། །དེའི་ཕྱིར་རིག་བྱེད་ལ་སོགས་པའི་མུ་སྟེགས་ཀྱི་ཆོས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པས་སྐབས་སུ་བསྟན་པ་ལ་ཉེས་པ་ཅི་ཡོད། གང་ཕྱིར་སྣ་

ཚོགས་འདུལ་བའི་ཐབས། །གཟུགས་བྱས་ནས་ནི་དེ་ཉིད་དུ། །སྙིང་རྗེའི་རོ་ལ་དམིགས་ནས་སུ། །དེ་བཞིན་གཤེགས་པས་དེ་ཉིད་གསུངས། །དེ་བཞིན་དུ། འཇུག་པས་ཁྱབ་འཇུག་ཅེས་སུ་བརྗོད། །ཅེས་པ་ནི་མངོན་དུ་གསུངས་པའི་སེམས་ཅན་རྣམས་དེའི་བདག་ཉིད་ཀྱིས་རང་རང་གི་ཆོས་ལ་

འཇུག་པའི་ཕྱིར་དང་། ཕྱིས་ཟབ་པའི་ཆོས་བསྟན་པའི་ཕྱིར་རོ། །བི་ཥའི་སྐད་དབྱིངས་ལས་བི་ཥ་པྲ་བེ་ཥ་སྟེ། རིམ་གྱིས་འཇུག་པའི་དོན་ཏོ། །ཞི་བྱེད་རྟག་ཏུ་དགེ་བ་ཡིན། །ཞེས་པ་ནི་དེ་ལྟར་ཞི་བྱེད་ཉིད་ཀྱིས་དུས་ཐམས་ཅད་དུ་དགེ་བ་སྟེར་བར་བྱེད་པ་ནི་ཐར་བ་སྟེར་ཞེས་པའི་དོན་ཏོ། །ལྷག་མ་ནི་སྔོན་

Vol. 6 · folio 131a

བཞིན་ནོ། །ཀུན་ནི་ཐམས་ཅད་བདག་ཉིད་བཞུགས། །ཞེས་པ་ནི་དེ་ལྟར་གཅེར་བུ་བའི་རིགས་དྲུག་ཅེས་བྱ་བ་ལ་སོགས་པའི་ཆོས་རྣམས་ལ་གནས་ཤིང་དེ་རྣམས་ཀྱི་བདག་ཉིད་ཀྱི་ཆོས་དེ་སྟོན་པར་བྱེད་པ་ལ་གནས་ཏེ། དེའི་ལམ་གྱིས་སངས་རྒྱས་ཀྱི་ཆོས་ལ་འཇུག་ཅིང་རིག་པར་བྱེད་

པ་ཉིད་ལ་གནས་པའོ། །དེ་བཞིན་དུ་བདེ་བ་དམ་པས་དེ་ཁོ་ན་ཆུབ་པས་རྣམ་པར་རྟོག་པར་བཞེད་ཅེས་པས་ནི་འཇིག་རྟེན་རྒྱང་འཕེན་གྱི་གཞུང་ལུགས་རྣམས་ལ་དེའི་གཟུགས་ལ་བརྟེན་ཏེ་དེས་བསྟན་པས་རྣམ་པར་རྟོག་པའོ། །ཅིའི་ཕྱིར་ཞེ་ན། རྟོགས་པར་འདོད་པས་སོ། །བདེ་བ་དམ་པ་ཞེས་པ་ནི་སྟོང་པ་

དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ནི་དེ་ཁོ་ན་ཉིད་དེ། དེ་རྟོགས་པར་འདོད་པ་ནི་གཞན་རྣམས་ལ་སྟོན་པར་བྱེད་པས་ལམ་ལ་འཛུད་པ་ཞེས་པའི་དོན་ཏོ། །འོན་ཀྱང་ད་ལྟར་གྱི་མུ་སྟེགས་ལ་སོགས་པའི་སེམས་ཅན་རྣམས་ཀྱི་མུ་སྟེགས་པའི་ཡེ་ཤེས་གསལ་བའི་དོན་དུ་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་

པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་གིས་ཀྱང་དེ་ཉིད་དུ་ཅུང་ཟད་བཤད་པར་བྱའོ། །དེ་ལྟར་ལྟ་བ་དྲུག་བསྟན་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ཡང་ན་ཕྱི་དང་ནང་དུ་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་དྲུག་གི་དབྱེ་བས་རྣམ་པར་གནས་པར་གསུངས་ཏེ། འདིར་རྣམ་པར་སྣང་

མཛད་ནི་ལྟེ་བའི་འཁོར་ལོའི་གཙོ་བོ་སྟེ། དེ་ཡང་སའི་ཁམས་སོ། །མི་བསྐྱོད་པ་ནི་སྙིང་གའི་འཁོར་ལོའི་གཙོ་བོ་སྟེ། ཆུའི་ཁམས་སོ། །དེ་བཞིན་དུ་འོད་དཔག་མེད་ནི་མགྲིན་པའི་འཁོར་ལོའི་གཙོ་བོ་སྟེ། མེའི་ཁམས་སོ། །དོན་ཡོད་གྲུབ་པ་ནི་དཔྲལ་བའི་འཁོར་ལོའི་གཙོ་བོ་སྟེ། རླུང་གི་ཁམས་སོ། །

རིན་ཆེན་འབྱུང་ལྡན་ནི་གཙུག་ཏོར་གྱི་འཁོར་ལོའི་གཙོ་བོ་སྟེ། ནམ་མཁའི་ཁམས་སོ། །སེམས་དཔའ་ཅན་ནི་གསང་བའི་འཁོར་ལོའི་གཙོ་བོ་སྟེ། ཡེ་ཤེས་ཀྱི་ཁམས་སོ། །དེ་རྣམས་ཀྱང་གྲངས་བཞིན་དུ་ཚངས་པ་ནི་ལྟེ་བར་རོ། །ཁྱབ་འཇུག་ནི་སྙིང་གར་རོ། །ཞི་བྱེད་ནི་མགྲིན་པར་རོ། །ཐམས་ཅད་ནི་

དཔྲལ་བར་རོ། །རྣམ་པར་རྟོག་ནི་གཙུག་ཏོར་དུའོ། །དེ་ཉིད་ནི་གསང་བར་འགྱུར་རོ། །ཀུན་རྫོབ་ཏུ་དྲི་ཆེན་ལ་སོགས་པ་ཐམས་ཅད་འོག་ཏུ་འབབ་པས་ཁམས་དྲུག་ཟད་པར་རྟོགས་པར་བྱའོ། །དོན་དམ་པར་ནི་ཡང་ཐམས་ཅད་སྟེང་དུ་འབབ་པར་འགྱུར་རོ། །དེ་ལྟར་ཡང་། ཚངས་པ་མྱ་ངན་འདས་

Vol. 6 · folio 131b

སངས་རྒྱས། །ཞེས་གསུངས་ཏེ། དྲི་ཆེན་གྱི་ཁམས་མི་འཛག་པའི་ཕྱིར་རོ། །འཇུག་པས་ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་ཁམས་འཛག་པ་འགྲོ་བ་མེད་པའི་ཕྱིར་རོ། །བརྗོད་ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་དོན་ཏོ། །དེ་བཞིན་དུ་ཞི་བྱེད་ཅེས་པ་ནི་ཁུ་བ་འཛག་པ་མེད་པའི་ཕྱིར་རོ། །དེ་ཡང་

རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་དགེ་བ་བྱེད་པས་སངས་རྒྱས་ཞེས་པ་སྟེ། གཞན་ནི་མ་ཡིན་ཞེས་པའི་དོན་ཏོ། །ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་དོན་ཡོད་གྲུབ་པ་སྟེ་སྲོག་གི་རླུང་ངོ་། །དེ་ཡང་རྩ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཁམས་སུམ་ཅུ་དྲུག་པོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་རླུང་སྟེ།

དེ་མི་ཟད་པའི་ཕྱིར་འདུ་བྱེད་མེད་པའོ། །དེ་ཡང་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པ་རོ་གཅིག་པར་གྱུར་པ་ཞེས་པའི་དོན་ཏོ། །ཆུབ་པས་རྣམ་པར་རྟོག་པར་བཞེད། །ཅེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཁྲག་གི་ཁམས་དེ་འཛག་པ་མེད་པའི་ཕྱིར་སྡུག་བསྔལ་མེད་པའོ། །དེ་

མེད་པའི་ཕྱིར་བདེ་བ་དང་སྡུག་བསྔལ་མཐར་བྱེད་པ་དེ་རྟོགས་པའི་ཕྱིར་ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་ལ་ཁྱབ་པའི་ཕྱིར་རྣམ་པར་རྟོག་པ་ཞེས་པའི་དོན་ཏོ། །དེ་བཞིན་དུ། བདེ་བ་དམ་པས་དེ་ཁོ་ན་ཉིད་ཅེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་དམིགས་པ་མེད་པ་ཟད་

པ་མེད་པ་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་མངོན་པར་འདུ་མ་བྱས་པ། རྣམ་པར་ཐར་པ་བཞི་གཅིག་པའི་བཞིན་སྙིང་རྗེ་ལ་སོགས་པ་བཞིའི་རང་བཞིན་ཅན་དམིགས་པ་མེད་པའི་རང་བཞིན་གྱིས་མི་དམིགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སངས་རྒྱས་ཞེས་བརྗོད་དོ། །དེ་ལྟར་གང་ཡེ་

ཤེས་ཀྱིས་དམིགས་པས་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །དེ་གང་ལ་ཡོད་པའི་ལྷ་དེ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ། །དེ་ཉིད་གསུངས་པ། ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར། །ལྷ་ཞེས་བྱ་བར་བརྗོད་པ་ཡིན། །ཞེས་པ་ནི་འདིར་སྔོན་དུ་གསུངས་པའི་ལྷའི་འཁོར་ལོ་

དྲུག་གི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་ལས་མི་འཛག་པའི་ཕྱིར་རྡོ་རྗེ་ལུས་སོ། །དེ་ལས་བྱུང་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བདག་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་གི་སྐུ་དེ་ཉིད་བལྟའོ། །དེའི་

Vol. 6 · folio 132a

ཕྱིར་ཀུན་རྫོབ་ཀྱི་བདེན་པས་བརྗོད་ཅེས་པ་ནི་དམིགས་པ་དེའི་རང་བཞིན་དུ་བྱ་ཞེས་པའི་དོན་ཏོ། །ཡང་འཆད་བཞིན་པའི་ཕོ་ཉ་མོ་བཅུ་གཉིས་ཀྱི་བདག་ཉིད་དུ་སངས་རྒྱས་འཁྲུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པར་སྦྱོར་བས་མའི་ལྟོ་བར་སྔོན་གྱི་ལུས་འོངས་པ་དེའི་ཕྱིར་ཀུན་

རྫོབ་ཀྱི་བདེན་པར་དགོངས་སོ། །འདི་ལ་སྐལ་བ་ཡོད་པ་ཞེས་པ་ནི་དམིགས་པ་སྔོན་དུ་འགྲོ་བ་དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀྱི་སྐལ་བ་རིག་པ་ཉིད་དེ་ཀུན་རྫོབ་དང་དོན་དམ་པ་དེའི་སྐལ་པ་དང་ལྡན་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །གསུངས་ཞེས་པ་ནི་ཤེས་པར་བྱ། །ཞེས་དགོངས་པའི་

དོན་ཏོ། །དབང་ཕྱུག་ལ་སོགས་ཡོན་ཏན་ནི། །སྐལ་བ་རྣམ་པ་དྲུག་དུ་བཤད། །ཅེས་པ་ནི་འདིར་སྐལ་བའི་སྒྲ་ནི་རྣམ་པ་དྲུག་སྟེ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །དེ་ལྟར་

ཡོན་ཏན་གྱི་ཁྱད་པར་གྱིས་ཇི་ལྟ་བའི་དུས་ཀྱིས་འཁོར་ལོ་དྲུག་རྣམས་སུ་ཇི་ལྟ་བའི་རིམ་པས་རྟོགས་པར་བྱའོ། །ཡང་ན་ཉོན་མོངས་ལ་སོགས་བཅོམ། །ཞེས་པ་ནི་སྔོན་དུ་གསུངས་པའི་ཚངས་པ་ལ་སོགས་པའི་ལྟ་བ་ལ་གནས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་སྦགས་

པའི་སེམས་ཅན་དེ་རྣམས་ཀྱི་བག་ཆགས་འཇོམས་པའི་ཕྱིར་བཅོམ་ལྡན་འདས་ཞེས་བརྗོད་དོ། །ཡང་ན་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་དོ། །ད་ནི་འཁོར་ལོ་དྲུག་རྣམས་སུ་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཀྱི་རྣལ་འབྱོར་མ་བཅུ་

གཉིས་རྣམས་ཀྱི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་དབང་གིས་སངས་རྒྱས་རྣམས་ཀྱི་རྫོགས་པའི་རིམ་པ་ལས་བསྐྱེད་པའི་རིམ་པས་བསྐྱེད་པ་བརྗོད་དེ། འགྲོ་བའི་ཞེས་པ་ལ་སོགས་པ་ལ། འདིར་བསྐྱེད་མ་ཞེས་པ་ནི་མའོ། །ཤེས་རབ་ཅེས་པ་ནི་སྔོན་གྱི་ལྟེ་བའི་བུ་ག་ནས་ཡོད་པ་དང་མེད་པ་ཉེ་བར་མཚོན་པའི་

ཕྱིར་བློའོ། །ཕྲ་བ་ཞེས་པ་ནི་རབ་ཀྱི་མཐར་ཐུག་པ་སོང་བ་ཉིད་ཀྱིས་ནི་ཤེས་རབ་བོ། །དེའི་ཛྙཱ་ཞེས་པ་ནི་ཤེས་པར་བྱེད་པའི་ཕྱིར་རོ། །གང་གི་ཕྱིར་ཛྙཱ་ཁོང་དུ་ཆུད་པར་སྐད་ཀྱི་དབྱིངས་ནས་བརྗོད་དོ། །དེ་ལ་ཅུང་ཟད་ཆགས་པ་དེའི་སེམས་དེའི་རང་བཞིན་སྐྱེས་པ་ནི་ཡན་ལག་མ་སྟེ། དེ་ཡང་ཞེས་བརྗོད་

Vol. 6 · folio 132b

དོ། །གང་གི་ཕྱིར་འགྲོ་བ་བསྐྱེད་པས་མ། །ཞེས་པ་ལ་གང་གི་ཕྱིར་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་སྐྱེད་པར་བྱེད་པ་ནི་ཕ་ལས་འོངས་པའི་ཁུ་བར་བརྗོད་དོ། །དེའི་ཡང་བསྐྱེད་པ་ནི་ཤེས་རབ་ཀྱི་རྡུལ་གྱི་ཁམས་སོ། །སུ་ཞིག་བསྐྱེད་ཅེ་ན། འདིར་གསུངས་པ། ལས་ཀྱིས་བྱིན་གྱིས་

བརླབས་པའི་དྲི་ཟའི་སེམས་ཅན་ནོ། །འོན་ཀྱང་འཕགས་པ་རྣམས་ཀྱིས་ནི་ལས་བཟང་པོས་བྱིན་གྱིས་བརླབས་པའོ། །དེ་བཞིན་དུ་སོ་སོའི་སྐྱེ་བོ་ནི་ལས་ངན་པས་བྱིན་གྱིས་བརླབས་པའོ། །དེ་ཡང་འཆི་བའི་མཐར་རྫུས་ཏེ། སྐྱེས་པའི་ཡན་ལག་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཡང་འདིར་འགྲོ་

བ་ཞེས་པའི་སྒྲས་བརྗོད་དོ། །གང་གི་ཕྱིར་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བའི་སྒྲ་ཉིད་ནི་འགྲོ་བ་བསྐྱེད་པས་ཤེས་པའི་རིགས་པས་སོ། །དེ་ལྟར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་རྡུལ་དང་ཁུ་བའི་ཁམས་སོ། །ཤེས་རབ་

དེ་ཉིད་ལ་སྲིང་མོ་ཞེས་བརྗོད་དོ། །ཆ་ཤས་དུ་མ་སྟོན་པའི་ཕྱིར། །ཞེས་པ་ནི་ཁྲག་གི་བ་སྤུ་དང་པགས་པ་ལ་སོགས་པའི་ཁམས་རྣམས་འགྱུར་བའི་མཚན་ཉིད་དོ། །དེ་བཞིན་དུ་ཁུ་བའི་རྩ་དང་རྐང་ལ་སོགས་པའི་ཁམས་རྣམས་ཀྱི་ཆ་ཤས་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། མ་ལས་

འགྱུར་བ་རྣམ་པ་གསུམ། །དེ་བཞིན་ཕ་ལས་གྱུར་པ་གསུམ། །དྲུག་གི་སྦུབས་ཅན་གོང་བུ་འདི། །ལུས་ཀྱི་ཁམས་སུ་བརྟགས་པ་ཡིན། །ཤེས་རབ་དེ་ཉིད་ཡོན་ཏན་འཇོ་བའི་ཕྱིར། །ཞེས་པ་ལ་ཡོན་ཏན་ནི་ལྔ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་དེ་རྣམས་ལ་དེ་རྣམས་འཇོ་བའི་ཕྱིར་ཡང་དག་

པའི་ཡེ་ཤེས་གཟུང་ཞེས་པའི་དོན་ཏོ། །ཡང་ན་སྔོན་དུ་གསུངས་པའི་ཁུ་བ་དང་ཁྲག་ལས་བྱུང་བའི་ཁམས་རྣམས་ཐམས་ཅད་པདྨའི་རྩ་བའི་སྣལ་མ་བཞིན་རོ་མཉམ་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས་པར་འགྱུར་ཏེ། ཤེས་རབ་དེ་ལ་བུ་མོ་ཞེས་བརྗོད་དེ་ཉོན་མོངས་པའི་ཕུང་པོ་འཇོམས་པར་བྱེད་ཅིང་

ལྷའི་ཕུང་པོ་སྐྱེད་པའི་ངང་ཚུལ་ཅན་ཞེས་པའི་དོན་ཏོ། །ཁམས་དེ་རྣམས་ཐམས་ཅད་ཀྱི་དབང་པོའི་སྒོ་ནས་སྐྱེད་པ་ནི་བུ་མོའོ། །དེ་ལ་རེ་ཞིག་དབང་པོ་དྲུག་དང་། གཟུགས་ལ་སོགས་པའི་སྐྱེ་མཆེད་དྲུག་གོ། །དེ་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་གཟུང་བའི་ཕྱིར་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་

Vol. 6 · folio 133a

རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ། །དེ་བཞིན་དུ་སྒྲ་ནི་ལྔ་སྟེ། ཐུན་མོང་གི་སྒྲ་དང་། ལྷའི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། མི་ཤིགས་པའི་སྒྲ་དང་། ཡེ་ཤེས་ཀྱི་སྒྲའོ། །དེ་བཞིན་དུ་དྲི་ལྔ་ནི་ཤ་ལ་སོགས་པའི་དྲི་དང་། ལྷའི་དྲི་དང་། མཆོག་ཏུ་མི་འགྱུར་

བ་རང་རིག་པ་བདེ་བའི་དྲི་དང་། བཟླས་པའི་དྲི་དང་། བསམ་གཏན་གྱི་དྲིའོ། །དེ་བཞིན་དུ་རོ་ལྔ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྙིང་རྗེ་ལ་སོགས་པའི་རོ་དང་། དམ་པའི་ཆོས་ཀྱི་རོ་མྱང་བའི་རོ་དང་། བླ་མའི་མན་ངག་གི་དབང་གིས་བརྟགས་པའི་བདེ་བའི་རོ་དང་། མཆོག་གི་བདུད་རྩིས་ཚིམ་པའི་རོ་

དང་། རེག་པའི་རོའོ། །དེ་བཞིན་དུ་རེག་བྱ་ལ་ཡང་རྣམ་པ་ལྔ་སྟེ། དང་པོ་ཉིད་དུ་མ་དང་ཕའི་དབང་གིས་ཀུན་དུ་སྦྱོར་བའི་རེག་བྱའོ། །དེ་ཡང་མངལ་དུ་ཞུགས་པ་ནས་སྐྱེས་པ་ལ་ཐུག་པར་མྱང་བའི་རེག་བྱའོ། །དེ་བཞིན་དུ་སྙིང་རྗེས་ཕན་པའི་སེམས་ཅན་ལ་དབང་པོའི་ཤེས་པ་ལ་ཀུན་ལྟ་བའི་རེག་བྱའོ། །ཕུང་

པོ་ལྔ་ལ་སོགས་པ་ནས་ཁམས་སུམ་ཅུ་རྩ་དྲུག་འཇུག་པའི་མཐར་ཐུག་པས་དེ་རྣམས་ཀྱི་སོ་སོ་ཐ་དད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྐྱེད་པའི་ཚུལ་གྱིས་གནས་དང་ཉེ་བའི་གནས་སུ་རྒྱུ་བ་དེས་ན་འཆད་བཞིན་པའི་རབ་ཏུ་བྱེད་པ་གཉིས་པར་ལྟ་བའི་བདེ་བ་སྐྱེད་པའི་རེག་བྱའོ། །མྱ་ངན་ལས་འདས་པའི་

རེག་བྱ་ནི་ལྔ་པའོ། །དེ་དག་ནི་ཐབས་སོ། །འདིའི་ཤེས་རབ་ཀྱི་རང་བཞིན་གཟུགས་དྲུག་པ་དང་། སྒྲ་དྲུག་པ་དང་། དྲི་དྲུག་པ་དང་། རོ་དྲུག་པ་དང་། རེག་བྱ་དྲུག་པའོ། །དེ་དག་ཐམས་ཅད་དྲུག་པ་ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ངེས་པའོ། །དེ་བཞིན་

དུ། ཤེས་རབ་ཚོས་མཁན་མ་ཞེས་བརྗོད། །ཅེས་པ་ནི་མངལ་གྱི་གནས་ནས་འབྱུང་བས་ཚོས་མཁན་མ་སྟེ། དེའི་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་བསྒོས་པ་དེ་ཉིད་མཐོང་བ་སྟེ། སེམས་ཅན་ཐམས་ཅད་འཚེད་པས་ཞེས་པ་དབང་པོ་ལ་སོགས་པའི་ལྷ་དང་མི་ལ་སོགས་པ་རྣམས་སྙིང་རྗེས་

ཆགས་པས་འཚེད་པའི་ཕྱིར་རོ། །ཚོས་མཁན་མ་ནི་དེ་བཞིན་བརྗོད། །ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་འོ། །བརྗོད་པ་ནི་ཉེ་བར་མཚོན་པར་བྱ་བའི་དོན་ཏོ། །བརྩེ་བ་ཆེན་པོ་གཡོ་བས་ན། །ཤེས་རབ་གར་མཁན་མ་ཞེས་བརྗོད། །ཅེས་པ་ནི་འདིར་དེ་བཞིན་གཤེགས་པ་འཁྲུངས་པའི་ཕྱིར། གར་

Vol. 6 · folio 133b

མཁན་མ་ཞེས་པ་ནི་ཆོས་སྟོན་པའི་སྒོ་ནས་སེམས་ཅན་རྣམས་འདུལ་བའི་ཕྱིར་བྱང་ཆུབ་ཀྱི་ལམ་དུ་གཤེགས་ནས་བྱང་ཆུབ་བསྒྲུབས་ཏེ་བདུད་བཅོམ་པར་མཛད་པའི་སངས་རྒྱས་རྣམས་ཀྱི་རོལ་མོ་ནི་གར་རོ། །དེའི་ཕྱིར་ཤེས་རབ་དེ་ནི་གར་མཁན་མ་སྟེ། སྔོན་གྱི་བྱང་ཆུབ་ཀྱི་རོའི་གར་བྱེད་པའི་ཕྱིར་རབ་ཀྱི་མཐར་

སོང་བས་གཡོ་བ་ནི་རྟོག་པ་སྤངས་པའི་དོན་དུ་གནས་མེད་པ་ནི་སྦྱོར་བས་སེམས་དེ་ཉིད་གནས་མེད་པ་ཉིད་དེ། ཏིང་ངེ་འཛིན་ཕུལ་དུ་སོང་བ་ཉིད་ཀྱིས་སེམས་ཉིད་སེམས་མེད་པ་ཉིད་དུ་གྱུར་པའོ། །བརྩེ་བ་ཆེན་པོ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་འབོད་པའོ། །འོན་ཀྱང་དེ་བཞིན་གཤེགས་པ་ཉིད་རྡོ་རྗེ་སྙིང་པོ་སྟེ་དབྱེར་

མེད་པའི་ཡེ་ཤེས་ལས་དེ་བཞིན་གཤེགས་པ་འཁྲུངས་པའོ། །དབྱེར་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ཀྱི་དེ་ནི་རྡོ་རྗེའོ། །དེ་ལས་མར་མེའི་རྩེ་མོ་ལྟ་བུའི་དེ་བཞིན་གཤེགས་པའི་སྙིང་རྗེའི་དབང་གིས་བྱོན་པའོ། །དེའི་ཕྱིར་བརྩེ་བ་ཆེན་པོ་ཞེས་པ་བདག་ཉིད་ལ་བྱེད་པ་ཡིན་གྱི། གཞན་ལ་ནི་མ་ཡིན་ཞེས་

དགོངས་སོ། །དེ་བཞིན་དུ་ཤེས་རབ་དེ་ནི་གཡུང་མོ་སྟེ། གང་གི་ཕྱིར་བསམ་གཏན་གྱི་སྦྱོར་བས་བདེ་བ་སྣ་ཚོགས་པའི་འགྱུར་བ་འབྱུང་སྟེ། བདེ་བའི་མཐར་ཐུག་པའོ། །དེ་ཡང་བརྗོད་དུ་མེད་པའི་ཕྱིར་རེག་ཏུ་མེད་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་ཡང་

གཡུང་མོའོ། །ཌིཾ་ནི་ནམ་མཁའ་འགྲོ་བ་ཞེས་པ་འདིར་སྐད་ཀྱི་དབྱིངས་ལས་བརྗོད་དོ། །ཨམྦའི་ཞེས་པ་ལ། ཨམྦ་ནི་མ་སྟེ། ཤེས་རབ་མ་དེ་ནམ་མཁར་འགྲོ་བའི་དོན་ཏོ། །དེ་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནམ་མཁར་བསྟན་པ་གང་གི་ཕྱིར་བཅོམ་ལྡན་འདས་ལ་དེའི་བདག་ཉིད་ཀྱི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་

བྱའོ། །དེ་བཞིན་དུ་ལྟེ་བར་མའོ། །སྙིང་གར་སྲིང་མོའོ། །མགྲིན་པར་ཚོས་མཁན་མའོ། །དཔྲལ་བར་བུ་མོའོ། །གཙུག་ཏོར་དུ་གར་མཁན་ཅན་མའོ། །དེ་བཞིན་དུ་གསང་བར་གཡུང་མོའོ། །འདིར་སྡུད་པ་ལས་ཕྱི་རུ་སྤྲོ་བའི་རིམ་པས་བསྐྱེད་པ་ནི་ངེས་པའོ། །དེ་བཞིན་དུ་མ་གསུངས་ཀྱང་དགོངས་བཤད་

གཞན་གྱི་མན་ངག་གིས་གཉེན་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་རྣམས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཟླས་པའི་ཡུལ་གཉེན་མོ་ཤེས་རབ་མའོ། །དེ་བཞིན་དུ་དཀྱིལ་འཁོར་གྱི་ཡུལ་ལ་བྲམ་ཟེ་མོ་ཤེས་རབ་མའོ། །དེ་བཞིན་དུ་ལག་པའི་

Vol. 6 · folio 134a

བྱ་བ་རྣམས་ལ་རྒྱལ་རིགས་མའོ། །དེ་བཞིན་དུ་བླང་བ་དང་དོར་བའི་བྱ་བ་ལ་རྗེའུ་རིགས་མའི་ཤེས་རབ་མའོ། །དེ་བཞིན་དུ་བདེ་བའི་ལས་ནི་དམངས་རིགས་མའི་ཤེས་རབ་མའོ། །དེ་བཞིན་དུ་འཆི་བའི་གནས་སྐབས་འཇོམས་པ་ནི་གཏུམ་མོའི་ཤེས་རབ་མ་ཞེས་པ་དེ་ངེས་པའོ། །དེའི་ཕྱིར་

དེ་བཞིན་གཤེགས་པའི་བཟླས་པ་ཟློས་པར་བཤད་པ་ཞེས་པ་ནི་གང་དག་གིས་བརྗོད་ཅིང་ཟློས་པ་དེ་ནི་བཟླས་པ་བརྗོད་དེ། དབྱངས་དང་གསལ་བྱེད་ཀྱི་ཚོགས་སོ། །ཡང་ན་སྲོག་དང་རྩོལ་བའི་སྦྱོར་བས་བསྟན་པའོ། །དཀྱིལ་འཁོར་ཞེས་པ་ནི་དབུས་མ་ཨ་ཝ་དྷཱུ་ཏཱིའོ། །རྐང་པས་འདྲི་འགྱུར་ཞེས་པ་ནི་ལ་

ལ་ནཱ་དང་ར་ས་ནཱའི་རྩ་གཉིས་ཀྱི་སྲོག་མནན་པ་ནི་རྐང་པའོ། །ཨ་ཝ་དྷཱུ་ཏཱིར་འཇུག་པ་ནི་འདྲི་བ་སྟེ། སྔོན་གོམས་པའི་ཕྱིར་རོ། །འགྱུར་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ། །ཉེད་ཕྱིར་དཀྱིལ་འཁོར་ཞེས་བྱར་བརྗོད། །ཅེས་པ་ལ་ཉེད་པ་ནི་རྡུལ་ཆགས་ཆེན་པོ་རང་རིག་པའི་ཡེ་ཤེས་མཆོག་ཏུ་བདེ་བ་སྟེ། དེས་

སྣ་ཚོགས་རྒྱས་བཏབ་པ་འདིས་ན་དཀྱིལ་འཁོར་ཏེ། རང་དང་གཞན་ཀུན་རྫོབ་པ་དག་ཅིག་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ལག་པ་བརྐྱང་བ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ནི་སྣ་ཚོགས་འདུལ་བའི་འོད་ཟེར་རྣམས་ཏེ། །དེ་རྣམས་ཀྱི་བརྐྱང་བ་པ་ནི་གསལ་བར་འགྱུར་ཞེས་སྦྱར་རོ། །ཕྱག་རྒྱ་ཞེས་པ་ནི་

ཁམས་གསུམ་ས་རྣམས་བདུད་རྩིའི་རོ་རྣམས་ཀྱིས་ཚིམ་པར་བྱེད་པའི་ཕྱིར་ཕྱག་རྒྱ་སྟེ། སེམས་ཅན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་ཉིད་ཅེས་དགོངས་སོ། །སོར་མོ་བསྐུམ་པའང་དེ་བཞིན་ནོ། །ཞེས་པ་ནི་ཆོས་ཀྱི་བདུད་རྩིའི་འོད་ཟེར་རྣམས་ཀྱི་བསྐུམ་པ་ནི་བསྐུམ་པ་སྟེ། སེམས་ཅན་ཐམས་ཅད་རང་གི་ཡེ་

ཤེས་ཀྱིས་དེ་རྣམས་དང་རོ་མཉམ་པར་བྱེད་པའི་ཕྱིར་རོ། །གང་ཞིག་བསམ་པ་དེ་བསམ་གཏན་ཞེས་པ་ནི་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རིམ་གྱིས་རྣམ་པར་གཞག་པར་བྱ་སྟེ། གང་ཞིག་བསམ་པ་དེ་བསམ་གཏན་དུ་གཟུང་བར་བྱ་བ་རྣལ་འབྱོར་པའི་སེམས་ཀྱིས་གཞན་གྱི་སེམས་ཤེས་པར་

བྱེད་པའོ། །གང་ཕྱིར་རྣམ་བསམ་བསམ་གཏན་ནོ། །ཞེས་པ་ནི་གང་གི་ཕྱིར་བསམ་དུ་མེད་པ་དེ་བཞིན་གཤེགས་པའི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་ལམ་ཞེས་པའི་དོན་ཏོ། །འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་གང་བསམ་པ་ཕ་ལས་ཐོབ་པའི་བདེ་བ་གང་ཞེས་པ་ནི་ལྔ་པའི་དོན་

Vol. 6 · folio 134b

ལ་བདུན་པའོ། །ཕ་ལས་ཐོབ་པའི་འཆི་བའི་མཐར་བསྐྱེད་པའི་བདག་ཉིད་བདེ་བ་འཛག་པའི་གནས་སྐབས་སུ་མྱོང་བའི་བདེ་བ་དེ་ཉིད་ལོ་བཅུ་དྲུག་གི་མཐར་སྐྱེས་པ་རང་ཉིད་ཀྱིས་སྤྱོད་དོ། །བུད་མེད་ཀྱིས་ཀྱང་ལོ་བཅུ་གཉིས་མཐར་རང་ཉིད་ཀྱིས་སྤྱོད་དོ། །གང་གི་ཕྱིར་བདེ་བ་གང་གི་འདིར་མི་འཆི་ཞེས་པ་ནི་

འདིར་འཁོར་བ་པ་རྣམས་ནི་སྐད་ཅིག་ཙམ་གྱི་བདེ་བས་འཁོར་བ་ནས་འཁོར་བར་འཁོར་རོ། །བློ་དང་ལྡན་པ་རྣམས་ཀྱིས་ནི་གང་གི་ཚེ་བདེ་བ་ཉིད་བསྟན་པར་འགྱུར་བ་དེའི་ཚེ་རྣལ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་དོ། །གང་གི་ཕྱིར། བཅོམ་ལྡན་བདེ་བའི་རྣམ་པ་སྟེ། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །འདིར་

ནི་བདེ་ལས་བདེ་གཞན་གྱི། །འཆིང་དང་སྐྱེ་བ་འབྱུང་མི་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་ནི་རྒྱུད་འདིའི་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །སོགས་པའི་སྒྲས་ནི་བསྟན་པ་དང་། །སྟོན་པ་ལ་འབྲེལ་བ་ལ་སོགས་པ་རྣམས་ནི་སྔོན་དུ་གསུངས་སོ། །དེ་ཁོ་ན་ཉིད་ཀྱི་རབ་

ཏུ་བྱེད་པ་ཞེས་པ་ནི་རྟོག་པ་བཅུ་གཅིག་གི་མདོར་བསྡུས་པ་སྟེ། དེ་རྣམས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ནི་དམ་པའི་དོན་ལ་འཇུག་པའི་དོན་ཏོ། །དེ་ནི་རྟོག་པ་ཐམས་ཅད་ཀྱི་རབ་ཏུ་འབྱེད་པའོ། །དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་རབ་ཀྱི་མཐར་འགྲོ་བའི་ཕྱིར་རབ་ཏུ་འབྱེད་པའོ། །

དེ་ཉིད་དང་པོ་སྟེ། དང་པོའི་མིང་ཡིན་པའི་ཕྱིར་རོ། །འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་བཤད་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་མདོར་བསྟན་པ་སྟེ་དང་པོའོ།། །།ད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་

སུམ་ཅུ་རྩ་བདུན་གྱི་རྣམ་པར་འགྲེལ་བ་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པའི་རྗེས་ཐོགས་སུ་རབ་ཏུ་བྱེད་པ་གཉིས་པ་བཤད་ཅེས་པའི་དོན་ཏོ། །ཡང་ན་དེ་ནས་ཞེས་པ་ནི་གཅིག་གི་ཚིག་གི་རིགས་ཏེ། རབ་

ཏུ་བྱེད་པ་དང་པོ་དེའི་དོན་སྣ་ཚོགས་འབྱེད་ཅིང་རྟོགས་པར་བྱེད་པའི་བསྟན་བཅོས་ཞེས་བྱ་བ་ཞེས་པའི་ཚད་མའི་ངག་ཅེས་པའི་དོན་ཏོ། །འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུམ་ཅུ་རྩ་བདུན་ཞེས་པ་ནི་འདིར་བྱང་ཆུབ་ཀྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང་། ཁམས་ལྔ་དང་། ཡུལ་ལྔ་དང་། དེ་བཞིན་དུ་ལས་ཀྱི་

Vol. 6 · folio 135a

དབང་པོ་ལྔ་དང་། དེའི་བྱ་བ་ལྔའོ། །དེ་ལ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡེ་ཤེས་ཀྱི་དབང་པོ་དང་། ཡེ་ཤེས་ཀྱི་ཡུལ་དང་། དེ་བཞིན་དུ་ཡེ་ཤེས་ཀྱི་ལས་ཀྱི་དབང་པོ་དང་། དེའི་བྱ་བའོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་སུམ་ཅུ་རྩ་བདུན་པ་སྟེ། དེ་ཡང་ཆོས་ཅན་ཡེ་ཤེས་ཀྱི་

ཁམས་ཞེས་པའི་དོན་ཏོ། །དེ་ལྟར་ཆོས་རྣམས་སུམ་ཅུ་རྩ་བདུན་ཏེ། ཆོས་དེ་རྣམས་ཀྱི་ཕྱོགས་སོ། །ཕྱོགས་ཞེས་པ་ནི་ཡན་ལག་ཅེས་བརྗོད་དོ། །དེའི་ཡན་ལག་ནི་རྣམ་གསུམ་མམ་རྣམ་པ་མང་པོར་འགྱུར་བའོ། །དེ་ཐམས་ཅད་བཤད་པར་བྱ་ཞེས་པ་ནི་འཆད་བཞིན་པ་དེས་རྒྱས་པར་གསུངས་ཏེ། ནང་

གི་ལུས་ཞེས་པ་ལ་ལུས་ཞེས་པ་ནི་གཟུགས་ཀྱི་ཕུང་པོའོ། །དེ་ཡང་རྣམ་པ་གསུམ་སྟེ། དེ་ནི་ལུས་ཀྱིས་ཉེ་བར་མཚོན་པར་བྱའོ། །འདིར་ནང་གི་ལུས་གསུངས་པ། གང་རྣལ་འབྱོར་པ་རྣམས་ཀྱི་གཏུམ་མོའི་ཚོགས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྲོག་གི་རླུང་གཟུང་བའི་གནས་དེར་ལུས་ཀྱི་རྗེས་སུ་ལྟ་བ་

ཞེས་པ་ནི་རང་རིག་པའི་ཡེ་ཤེས་རང་གི་སེམས་དང་གཉིས་སུ་མེད་པའི་དངོས་པོའོ། །དེ་ཡང་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པ་སྟེ། རང་དབང་ཐོབ་པའི་སེམས་ཅན་རྣམས་འཁོར་ལོ་ཅན་ཐོབ་པར་བྱ་བའི་ཕྱིར་ཏེ། རྣམ་པར་སྤྱོད་ཅེས་པ་ནི་སྤྲོས་པའི་ཕྱིར་རོ། །དེས་ན་ཤེས་བཞིན་ཞེས་པ་དང་གི་

སྒྲ་ནི་སྡུད་པའི་དོན་ཏོ། །དེས་ཤེས་བཞིན་ནི་ཡང་དག་པར་རབ་ཏུ་ཤེས་པ་སྟེ། ལྷའི་དབང་པོས་སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཤེས་པའོ། །དེས་ན་དྲན་པ་དང་ལྡན་པའི་འཇིག་རྟེན་གྱི་རྣམ་པར་གསལ་ཏེ་ཞེས་པ་ནི་སྔོན་དུ་མངོན་ཤེས་ཐོབ་པས་རང་ལས་བྱུང་བའི་འཇིག་རྟེན་གྱི་གདུལ་བྱ་དེ་རྣམས་

དེས་དྲན་པ་དེའི་བདག་ཉིད་ཀྱིས་དྲན་ཞིང་རྟོགས་པའི་དོན་ཏོ། །གང་གི་ཕྱིར་རང་གི་བདག་ཉིད་ལས་བྱུང་བའི་སེམས་ཅན་སྔོན་དགེ་བའི་རྩ་བ་བསགས་པ་དེ་རྣམས་ཀྱི་ཅི་ཞིག་རྣམ་པར་གསལ་ཞེས་བརྗོད་དེ་ས་བོན་གྱི་ཁྱད་པར་ལས་འབྲས་བུའི་ཁྱད་པར་སྐྱེ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་འབྲས་ཀྱི་

མྱུ་གུ་ལས་འབྲས་ཀྱི་འབྲས་བུ་འབྱུང་གི་ཁྲེ་ནི་མ་ཡིན་ནོ། །འདི་ལྟར་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱི་ས་བོན་དང་། ལས་ཁྱད་པར་ཅན་ལས་འབྲས་བུ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ་ཞེས་འགའ་ཞིག་སོམ་ཉི་ཟ་བར་འགྱུར་ན། དེ་ལ་བརྗོད་པ་དེ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དང་ཡིད་

Vol. 6 · folio 135b

མི་བདེ་བ་ཞེས་གསུངས་ཏེ། འདིར་སྔོན་ནས་འཁོར་བར་སྐྱེ་བར་བྱེད་པ་ནི་མ་རིག་པའོ། །དེས་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཉེས་པ་རྣམས་ཀྱིས་འཆིང་བར་འགྱུར་རོ། །རྟོགས་པ་རྣམས་ཀྱིས་ནི་དེ་རྣམ་པར་བཅོམ་པའི་ཕྱིར་བཅིངས་པ་ལས་གྲོལ་བར་འགྱུར་རོ། །འོན་ཀྱང་

སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་དབང་གིས་ཇི་སྲིད་དུ་སངས་རྒྱས་སུ་མི་འགྱུར་བ་དེ་སྲིད་དུ་འཁོར་བའི་བཅིངས་པ་ལས་གྲོལ་བར་མི་འགྱུར་ཏེ། རང་གི་ཕུང་པོ་ལ་སོགས་པའི་སྒྲིབ་པ་རྣམས་ཟད་པའི་ཕྱིར་གྲོལ་བར་བརྗོད་དོ། །དེ་ལྟར་ཕན་ཚུན་ཟོ་ཆུའི་འཁྲུལ་འཁོར་བཞིན་སེམས་ཅན་གྱི་རིགས་གྲངས་

མེད་པ་དང་། སངས་རྒྱས་ཀྱི་རིགས་གྲངས་མེད་པ་རྣམས་ཉེ་བར་མཚོན་པར་བྱའོ། །འོ་ན་འདི་ལྟར་ཕ་ལས་བུ་སྐྱེ་བར་འགྱུར་མོད་ཕ་ནི་མཁས་པ་ཆེན་པོ་བྱ་བ་ཆོས་དང་ལྡན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ལ། དེའི་བུ་ནི་ལས་ངན་པ་ལ་དགའ་བ་རྨོངས་པ་ཆོས་མི་བྱེད་པ་ལ་སོགས་པའི་ཉེས་པས་

གོས་པ་དང་ལྡན་ནོ། །དེས་ན་འདིར་མ་རིག་པ་དང་ཡིད་མི་བདེ་བས་སེམས་ཁྱད་པར་ཅན་རྣམས་སྐྱེད་པར་བྱེད་དོ། །ཕྱིའི་ལུས་ལ་བརྟེན་པ་དེ་ཐམས་ཅད་ཉེས་པས་གོས་པར་འགྱུར་རོ། །ཇི་ལྟར་མེ་ལོང་གསལ་བ་ཉིད་ལ་དངོས་པོ་སྣ་ཚོགས་པ་བསྟན་པའི་ཕྱིར་དེ་ལ་གཟུགས་བརྙན་སྣང་བས་གསལ་བ་ཡང་སྔར་

གྱི་གཟུགས་སྤངས་ནས་བེམས་པོར་འགྱུར་རོ། །འོན་ཀྱང་འདིར་ལུས་དང་ངག་དང་སེམས་གསལ་བ་རྣམས་མི་གསལ་བར་འགྱུར་ཏེ། དེས་ན་སྐྱེ་བོ་ལ་སོགས་པ་རྣམས་ཀྱི་དངོས་པོ་སྣ་ཚོགས་པ་མཐོང་བས་གསལ་བའི་སྔོན་གྱི་གཟུགས་སྤངས་ནས་རྨོངས་པ་ཉིད་དུ་འགྱུར་རོ། །དེ་རྣམས་བཏུལ་བའི་རྒྱུས་

དེ་བཞིན་གཤེགས་པའི་ཤེས་བཞིན་ནོ། །དེ་རྣམས་འདུལ་བའི་དུས་སུ་ཡང་དེ་བཞིན་གཤེགས་པ་མཐོང་བའི་ཕྱིར་སེམས་དྲན་པ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་དུས་གསུམ་རིམ་པ་བཞིན་དུ་རྟོགས་པར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ནང་གི་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པ་

སྐྱེད་པར་བྱེད་པའི་རྒྱུའོ། །དེ་ཡང་སྔོན་དུ་གསུངས་སོ། །དེ་ནས་ཕྱིའི་ལུས་རྒྱེན་གྱི་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སོ། །དེ་བཞིན་དུ་ནང་དང་ཕྱིའི་ལུས་ནི་འཇིག་རྟེན་གྱི་བསམ་པ་བྱང་ཆུབ་སེམས་དཔའི་རིགས་སོ། །དེ་ཡང་འབྲས་བུའི་བདག་ཉིད་ཅན་སངས་རྒྱས་ཀྱི་མཛད་པ་བྱེད་པའི་

Vol. 6 · folio 136a

ཕྱིར་ཞེས་པའི་དོན་ཏོ། །དེ་ལྟར་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་རིགས་སྐུ་གསུམ་དུ་རྣམ་པར་གཞག་པའམ་ཡང་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ་ཞེས་པ་སྟེ་ངེས་པའོ། །ད་ནི་དེ་བཞིན་དུ་ཚོར་བ་རྣམ་པ་གསུམ་བསྟན་པའི་ཕྱིར། ནང་གི་ཚོར་བ་ཞེས་པ་

ལ་སོགས་པ་གསུངས་ཏེ། འདིར་ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ཏེ། དེའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ཚོར་བ་ནི་རྣམ་པ་གསུམ་མོ། །འདིར་རིན་ཆེན་འབྱུང་ལྡན་ནི་རྡུལ་གྱི་ཁམས་སོ། །དེ་ལས་བྱུང་བ་ནི་ཚོར་བ་སྟེ། བདེ་བ་དང་སྡུག་བསྔལ་བ་དག་གོ། །དེ་ལ་གང་ཚོར་བ་བདེ་བ་ནི་

ནང་གི་བདག་ཉིད་དོ། དེས་བདེ་བའི་རྣམ་པའི་བཅོམ་ལྡན་འདས་རང་རིག་པའི་ལུས་ཀྱི་བདག་ཉིད་ཅེས་པའི་དོན་ཏོ། །དེས་གང་ཚོར་བ་སྡུག་བསྔལ་བ་དེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། ངག་གི་བརྗོད་པས་ཆོས་མང་པོ་སྟོན་པའི་ཕྱིར་རོ། །གང་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དེ་ནི་སེམས་

ཅན་གྱི་རིགས་ཅན་གྱི་སྟེ། དངོས་པོའི་ཚོགས་པས་གཞན་གྱི་སེམས་ཁོང་དུ་ཆུད་པ་དེའོ་ཞེས་པའི་དོན་ཏོ། །དེས་ན་ཡང་ཚོར་བའི་རྗེས་སུ་ལྟ་ཞེས་པ་ནི་སེམས་ཅན་དེ་རྣམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྗེས་སུ་སྟོན་པའི་ཚོར་བ་དོན་མཐུན་པ་ཉིད་ཀྱི་བསྡུ་བའི་དངོས་པོ་ཞེས་པའི་དོན་ཏོ། །

ཤེས་བཞིན་དང་རྣམ་པར་སྤྱོད་ཅེས་པ་ལ་དང་གི་སྤྱོད་ནི་སེམས་ཅན་དེ་རྣམས་ཀྱིས་ཡང་དག་པའི་ལམ་ཤེས་ནས་སྤྱོད་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གྱིས་ཇི་སྲིད་ནམ་མཁའི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱེད་པའོ། །མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་དེ་ལྟར་ཚོར་བ་རྣམ་པ་

གསུམ་ལ་བརྟེན་པའི་སེམས་སོ། །ཚོར་བ་ཞེས་པ་གང་ཞེ་ན། མ་རིག་པའི་དབང་གིས་ཚོར་བའོ། །དེ་སད་པ་ནི་ཚོར་བ་བདེ་བའོ། །དྲན་པ་དང་ལྡན་པ་ནི་རིག་པ་བཟང་པོ་སྐྱེད་པར་བྱེད་དོ་ཞེས་པའི་དོན་ཏོ། །དེ་ལྟར་ལུས་བཞིའི་བདག་ཉིད་ཚོར་བ་ནི་ཚོར་བའི་ཕུང་པོའོ། །དེའི་ཡང་དག་པར་དྲན་

པའི་ཕྱིར་དྲན་པ་ཉེ་བར་གཞག་པའི་གཉིས་པའོ། །དེ་བཞིན་དུ་ཆོས་རྗེས་སུ་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ནང་གི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཆོས་རྣམས་ཀྱི་ཚིག་གི་ལམ་གྱིས་ངེས་པར་གསུངས་ཤིང་བཅོམ་

Vol. 6 · folio 136b

ལྡན་འདས་ཀྱིས་ཆོས་བསྟན་ཏོ། །དེ་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་བདག་ཉིད་དེ། དེ་དག་ནི་ལུང་གཞན་རྣམས་ལས་རྒྱས་པར་རྟོགས་པར་བྱའོ། །བདག་གིས་ནི་གཞུང་རྒྱས་པས་འཇིགས་པས་མ་བརྗོད་དོ། །འོན་ཀྱང་མན་ངག་གིས་བརྗོད་དེ། ནང་གི་ཆོས་རྣམས་

ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པདྨའི་སྐུད་རྩ་ལྟ་བུ་རྣམས་ལ་གང་བརྟེན་པའི་སེམས་ཏེ། དེ་ཡང་ཆོས་ཅན་ཞེས་བརྗོད་དེ་རང་རིག་པའི་བདག་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེའི་རང་བཞིན་གྱིས་ཡུལ་དང་ཡུལ་ཅན་རྣམས་ལ་ལྟ་བའི་ཆོས་ནི་ནང་གི་ཆོས་རྣམས་སོ། །ཕྱིའི་ཆོས་རྣམས་ཞེས་པ་ནི་དེ་ལྟ་བུའི་

ཆོས་རྣམས་ལ་བལྟས་པས་དངོས་པོ་སྣ་ཚོགས་པའི་མིང་རྣམས་ལ་འཇུག་སྟེ། དེའི་རང་གི་ལས་ཀྱི་དབང་གིས་དགེ་བ་འམ་མི་དགེ་བ་འབྱུང་ངོ་། །དེས་དངོས་པོ་སྣ་ཚོགས་པ་བསྐྱེད་དེ་འབྱུང་བ་ཆེན་པོའི་བདག་ཉིད་འབྱུང་བར་འགྱུར་རོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

ཚེ་རབས་སྔ་མའི་བག་ཆགས་ཀྱི་དབང་གིས་དགེ་བའི་ལས་ཀྱིས་དམ་པའི་ཆོས་སྣ་ཚོགས་པའི་དངོས་པོ་རྣམས་ལ་སེམས་བསྐྱེད་དོ། །ལས་དེས་ཕྱི་རུ་བྲག་ཅ་བཞིན་ཆོས་སྟོན་ཏོ། །ཉན་པ་དང་། སྟོན་པ་དང་ཀློག་པ་དང་། རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་བཞིན་དུ་དམ་པའི་ཆོས་སྣ་ཚོགས་

སྟོན་པའི་གླེགས་བམ་རྣམས་སྡུད་པར་བྱེད་པ་དང་། འཛིན་པར་བྱེད་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་བྱེད་དོ། །དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་ཞེས་པ་ནི་འདིར་ཆོས་ལ་དམིགས་པའི་སྙིང་རྗེ་གང་དག་སྣ་ཚོགས་པར་སྤྲུལ་

པའི་སེམས་ཅན་དེ་རྣམས་ཀྱི་བློ་ངན་པའི་ཉེས་པ་གཞོམ་པའི་ཕྱིར། ཆོས་རྣམས་ལ་རྗེས་སུ་ལྟ་བ་ཞེས་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ལམ་གྱི་རྗེས་སུ་ལྟ་བའོ། །དེས་ན་རྒྱས་པར་ཡང་ཆོས་སྟོན་པའོ། །རྣམ་པར་དཔྱོད་པ་དང་ཤེས་བཞིན་ཞེས་པ་ནི་དེ་ལྟར་སེམས་ཅན་དེ་

རྣམས་ཀྱི་བག་ཆགས་ཙམ་སྤང་བའི་ཕྱིར་བཏུལ་ཞེས་པ་ནི་སྔོན་བཞིན་དུ་བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་གྱིས་རྗེས་སུ་ཞུགས་པའོ། །མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་བདག་ཏུ་འཛིན་པས་གཟུང་བ་དང་འཛིན་པ་ལ་དམིགས་པའི་ཕྱིར་མ་རིག་པའོ། །དེས་ན་ཡིད་མི་བདེ་བ་ཞེས་

Vol. 6 · folio 137a

པ་ཅུང་ཟད་འདོད་ཆགས་ཀྱིས་གཡོགས་པར་འགྱུར་རོ། །དྲན་པ་དང་ལྡན་པ་ཞེས་པ་ནི་དེའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བས་སྔོན་གྱི་གཟུགས་སྤངས་ཏེ། རང་བཞིན་གྱི་གཟུགས་ཀྱི་རྗེས་སུ་དྲན་པའོ། །ཇི་ལྟར་ཉི་མ་འཆར་བས་པདྨ་ཁ་བྱེ་བ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་

མ་རིག་པས་གཡོགས་པས་ཀྱང་སངས་རྒྱས་ཀྱི་ཉི་མ་འཆར་བ་མཐོང་བས་ཁ་བྱེ་བར་འགྱུར་རོ། །དེ་ལྟར་དེ་རྣམས་ཀྱིས་ཡང་དག་པའི་ལམ་རབ་ཏུ་ཤེས་པས་ན་ཤེས་བཞིན་ནོ། །འཇིག་རྟེན་གྱི་བཏུལ་ཏེ་ཞེས་པ་ནི་དེ་ལས་བྱུང་བའི་ཕྱིར་རོ། །འཇིག་རྟེན་དེ་ལས་ཆོས་སྟོན་པར་བྱེད་དོ། །དེས་བག་ཆགས་

སྤངས་པའི་བདག་ཉིད་བཅོམ་ནས་རང་དང་མཉམ་པར་བྱེད་ཅེས་པའི་དོན་ཏོ། །དེ་བཞིན་དུ་རྣམ་པར་སྤྱོད་པ་ནི་ཐོག་མ་དང་བར་མ་དང་ཐ་མར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཐོག་མར་དགེ་བ་བར་དུ་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པས་དུས་གསུམ་དུ་དགེ་བ་ལ་རྣམ་པར་སྤྱོད་དོ། །དེ་ཡང་

འདུ་ཤེས་ཀྱི་ཕུང་པོ་འོད་དཔག་ཏུ་མེད་པའི་ཆོས་དེའི་ཡན་ལག་ནི་ཕྱོགས་དེ་ཡང་བྱང་ཆུབ་དེ་ནི་སྒྲུབ་ཐབས་ཀྱི་ཕྱིར་དྲན་པ་ཉེ་བར་གཞག་པ་གསུམ་པའོ། །བཞི་པའི་དབང་དུ་བྱས་ཏེ་གསུངས་པ། ནང་གི་སེམས་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ནི་རྣམ་པ་གསུམ་སྟེ། དེ་ལ་ཀུན་གཞི་རྣམ་

པར་ཤེས་པ་ནི་ནང་གི་སེམས་སོ། །ཕྱིའི་སེམས་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ། །ནང་དང་ཕྱིའི་སེམས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དེ་རྣམས་བཀག་པའི་ཕྱིར། གང་ནང་གི་སེམས་དེ་ནི་སྣང་བ་མེད་པའི་ཡེ་ཤེས་ཏེ། རྣལ་འབྱོར་པ་རྣམས་ཀྱི་སྔོན་དུ་

བཀག་པའི་ཕྱིར་རོ། །གང་ཕྱིའི་སེམས་དེ་ནི་བརྫུན་ཏེ། གང་གི་ཕྱིར་སེམས་ལས་བྱུང་བའི་དངོས་པོ་སྒྱུ་མ་ལྟ་བུའོ། །དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་སྐུ་ལ་རྣམ་པར་རིག་པ་འགོག་པའི་ཕྱིར་རོ། །དེའི་ཕྱིར་གང་ནང་གི་སེམས་པའི་ཕྱིའི་སེམས་སྒྲིབ་པ་མེད་པ་དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྔོན་

དུ་རྣམ་པར་ཤེས་པ་འགོག་པའི་ཕྱིར་རོ། །མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་གང་གི་ཕྱིར་སྔོན་དུ་འགོག་པས་དམིགས་པ་མེད་པར་གྱུར་ཏེ། དེའི་ཚེ་ཉེ་བའི་ཉོན་མོངས་པ་ཅུང་ཟད་འཛག་པ་དེ་ནི་མ་རིག་པའི་ཆགས་པ་རྣམ་པར་བཅོམ་པའི་ཕྱིར་སེམས་ཀྱི་རྗེས་སུ་ལྟ་བའོ། །སེམས་ཅན་ནད་

Vol. 6 · folio 137b

རྣམས་ཀྱི་སེམས་གང་སེམས་མེད་པར་བསྟན་པ་སྙིང་རྗེ་གསུམ་ལས་སྙིང་རྗེ་ཆེན་པོ་བསྒྲུབས་པ་སྟེ། ཆོས་ཀྱི་དབྱིངས་གཉིས་མེད་པ་སྟོང་པ་ཉིད་ཡང་དག་པའི་མཐའ་དོན་དམ་པ་འོད་གསལ་བ་དེ་ཁོ་ན་ཉིད་ཅེས་པ་རྣམ་གྲངས་ཏེ། དེའི་རྗེས་སུ་ལྟ་ཞིང་བཅོམ་ལྡན་འདས་རྣམ་པར་སྤྱོད་ཅེས་སྦྱར་རོ། །ཅི་

ལ་རྣམ་པར་སྤྱོད་ཅེ་ན་གསུངས་པ། ཤེས་བཞིན་དང་ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་རིས་ལ་ཡང་དག་པར་ཤེས་བཞིན་པ་ལ་མ་སྟོན་པ་དེས་ཉེ་བར་མཚོན་པ་དྲན་པ་དང་ལྡན་པ་ཞེས་པ་རྡོ་རྗེ་འཆང་གི་སྐུའོ། །འཇིག་རྟེན་གྱི་བཏུལ་དེ་ཞེས་པ་ནི་དེ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཏེ། རང་བྱིན་གྱིས་བརླབས་པའི་

ཆོས་ཀྱིས་འདོད་ཆགས་ཟད་པའི་སྐུ་ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པ་ལ་རྣམ་པར་སྤྱོད་ཅེས་དགོངས་སོ། །དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའི་ཆོས་སོ། །དེའི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་བཞི་པ་སེམས་སུ་བཤད་པ་དེས་ནི་རྣམ་པར་སྤྱོད་ཅེས་པ་ནི་

བཅོམ་ལྡན་འདས་ཀྱི་ངེས་པའོ། །བཞི་པོ་ཞེས་པ་ནི་གྲངས་ཙམ་མོ། །དེ་རྣམས་ཞེས་པའི་དེ་ལྟར་སྔོན་དུ་གསུངས་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ཞེས་པ་ནི་འཁོར་རྣམས་ལ་བསྟན་པའོ། །ད་ནི་ཡང་དག་པར་སྤོང་བ་བཞི་རྣམས་བརྗོད་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། འདིར་སངས་རྒྱས་ཀྱི་ཞིང་ཤིན་ཏུ་རྣམ་པར་དག་པ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་འགྱུར་རོ། །དེའི་དུས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་སེམས་ཅན་རྣམས་སྐྱེ་བར་འགྱུར་རོ། །དེ་ཡང་རྣམ་པ་བཞིར་འགྱུར་ཏེ་དེ་ལ་རྫུས་ཏེ་སྐྱེས་པ་ནི་

གཟུགས་མེད་པའི་ཁམས་སོ། །དེ་རྣམས་ཀྱི་ལས་ནི་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་དེ། དེས་ན་གཟུགས་མེད་པར་གནས་སོ། །དེ་ལ་གཙུག་ཏོར་ནས་དཔྲལ་བའི་འཁོར་ལོའི་མཐར་ཐུག་པར་སོར་བཞི་རྣམས་སུ་གཞན་བཞི་དང་ལྡན་པར་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱི་བག་ཆགས་

ཀྱི་ཉེས་པ་བཟློག་པའི་ཕྱིར་སྒྲོལ་མ་རླུང་གི་ཁམས་བསམ་སྟེ། དེ་ཡང་ཡང་དག་པར་སྤོང་བའོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་པ་ནི་གཟུགས་མེད་པའི་ཁམས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་འདི་རྣམས་ཀྱི་ཏིང་ངེ་འཛིན་གྱིས་ཇི་སྲིད་དུ་དེ་རྣམས་ཀྱི་གནས་སུ་

Vol. 6 · folio 138a

འཆི་བར་མི་འགྱུར་རོ། །སྔོན་གྱི་བག་ཆགས་ཀྱི་དབང་གིས་ཤི་ནས་སྡིག་པ་མི་དགེ་བའི་ཆོས་རྣམས་ལ་བློ་འཇུག་སྟེ། དེས་སྡུག་བསྔལ་སྣ་ཚོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱི་མི་བསྐྱེད་པར་བྱ་བའི་ཕྱིར་ཞེས་པ་ནི་སྡིག་པའི་བློ་དང་། མི་དགེ་བའི་བློ་དང་།

ཆོས་མ་ཡིན་པའི་བློ་དང་ཇི་སྲིད་དུ་སྐྱེ་བར་མི་འགྱུར་བ་དེ་སྲིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདུན་པ་སྐྱེད་དོ་ཞེས་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་པའོ། །འདུན་པ་དང་རིམ་པ་དང་འདྲ་བའི་ཚིག་གམ་སྔོན་གྱི་ཆོས་དང་ལས་དེ་དང་འདྲ་བ་ནི་དེ་བཞིན་གཤེགས་

པའི་གསུངས་ཞེས་པའི་དོན་ཏོ། །དེས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་འཇུག་པར་འགྱུར་རོ། །དེ་ནི་ལུས་རྣམ་པར་དབེན་པ་ཤེས་སོ། །ལུས་རྣམ་པར་དབེན་པས་ལུས་ཀྱི་ཏིང་ངེ་འཛིན་ལ་རྟེན་པར་བྱེད་དོ། །དེ་ཡང་སྤྲོས་པ་དང་བཅས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་

འཁོར་ལོ་ལ་དམིགས་པའོ། །དེས་ན་དབེན་ནོ་ཞེས་པ་ནི་དེ་རྣམས་ལ་སླར་དེ་ལ་སོགས་པ་སྟོན་ཅིང་འཛིན་པར་བྱེད་ཅིང་སླར་ཡང་མི་སྐྱེ་བ་འཛིན་པར་བྱེད་དོ། །དེའི་ཕྱིར་བརྩོན་འགྲུས་རྩོམ་མོ་ཞེས་པ་ནི་བླ་མ་དང་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱེད་དོ། །བརྩོན་འགྲུས་ཀྱི་སྤྲོ་བས་སྦྱིན་པ་དང་ཤིན་ཏུ་

སྦྱིན་པ་དང་སྦྱིན་པ་ཆེན་པོ་སྟེར་རོ། །དེས་ན་ཐེག་པ་གསུམ་ལ་སོགས་པའི་ཆོས་རྣམས་ཉན་ཏོ། །དེའི་ཕྱིར་བླ་མའི་མན་ངག་ལ་དམིགས་སོ། །དེས་ཀྱང་ཉོན་མོངས་པའི་ཕུང་པོ་རྣམས་ཡོངས་སུ་སྤོང་བར་བྱེད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྩོན་འགྲུས་

སྤྲོ་བའི་རང་བཞིན་ཆོས། །སྒྲུབ་པ་པོ་ནི་ཕ་རོལ་འགྲོ། །བརྩོན་འགྲུས་དང་ནི་བྲལ་ན་ནི། །སྒྲུབ་པོས་དངོས་གྲུབ་ཐོབ་མི་འགྱུར། །དེ་ལྟར་བརྩོན་འགྲུས་བརྟེན་པ་ཡིས། །མཁས་པ་རྣམས་ནི་འགྲུབ་པར་འགྱུར། །ཇི་སྲིད་མི་རུ་མ་སྐྱེས་པར། །བརྩོན་འགྲུས་ཉིད་ནི་བྱ་བ་ཡིན། །ཆོས་ནི་མང་པོ་མཉན་

པ་དང་། །བསྒོམ་པ་རྣམས་ནི་སྒྲུབ་པར་བྱེད། །སེམས་ཅན་རྒྱུ་རུ་བདག་བསྒྲུབ་པར། །སྨོན་ལམ་ཡང་ནི་འདེབས་པར་བྱེད། །དེ་བཞིན་དུ་སེམས་རབ་ཏུ་འཛིན་ཏོ་ཞེས་པ་ནི་སྟོང་པའི་ཏིང་ངེ་འཛིན་ཡོངས་སུ་སྤངས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཅིང་དེས་ཡང་དག་པའི་སྨོན་ལམ་

Vol. 6 · folio 138b

རྫོགས་པར་བྱས་པའོ། །སྨོན་ནོ་ཞེས་པ་ནི་སེམས་ཅན་ཐམས་ཅད་རྣམས་ལ་ཡང་དག་པའི་ལམ་སྟེར་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་རྣམས་ཀྱི་བསྟན་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གཟུགས་ཀྱི་ཁམས་པའི་ལྷ་ནི་

གཙོར་མེའི་ཁམས་ཀྱི་བདག་ཉིད་དོ། །དེ་རྣམས་ཀྱང་སྔོན་གྱི་དགེ་བའི་རྩ་བས་བདག་ཉིད་ཆེན་པོར་འགྱུར་རོ། །འོན་ཀྱང་དགེ་བའི་གྲོགས་མཆོག་དང་བྲལ་བའོ། །དེས་ན་དགེ་བའི་ཆོས་རྣམས་ལ་སེམས་བསྐྱེད་པར་མི་འགྱུར་ཏེ། གང་དང་གང་ཡང་དག་པར་སྤོང་བསྐྱེད་པའི་དགེ་བའི་ཆོས་དེས་ཡང་དག་

པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བའོ། །གང་འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་སྟེ། གང་གི་ཕྱིར་དཔྲལ་བ་ནས་མགྲིན་པའི་འཁོར་ལོའི་མཐར་ཐུག་པར་སོར་བཅུ་དྲུག་ནས་དེར་སྐྱེ་སྟེ། གཟུགས་ན་སྤྱོད་པ་བཅུ་དྲུག་གི་ལྷ་རྣམས་ཀྱི་གནས་བཅུ་དྲུག་པོ་དེ་རྣམས་སུ་སྐྱེ་

བར་འགྱུར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གདུལ་བྱའོ། །དེ་བཞིན་དུ་མེའི་ཁམས་གོས་དཀར་མོའོ། །དེས་ན་ཡང་དག་པར་སྤང་བར་བྱའོ། །གང་དུ་བསྒོམ་པར་བྱ་བ་ཡང་དེར་སྐྱེས་པའི་སེམས་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བློ་དང་ལྡན་ཏེ། དེས་ན་འཁོར་བར་ཡང་དང་ཡང་དུ་སྡུག་བསྔལ་

ཉམས་སུ་མྱོང་བར་འགྱུར་རོ། །དེས་ན་འདུན་པ་སྐྱེད་དོ་ཞེས་པ་དགེ་བ་དང་མི་དགེ་བའི་ཆོས་སྟོན་པ་ཉན་ཏོ། །དེས་ན་འདུན་པ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་མཐོང་བས་སོར་ཕྲེང་བཞིན་རྒྱལ་བར་འགྱུར་ཏེ། ཕྱིས་དྲན་པར་བྱེད་དོ། །དེ་ཡང་འབད་དོ་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱི་བཀའ་

དྲན་པ་འམ་འཛིན་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་རྣམས་འདོར་ཞེས་དགོངས་སོ། །དགེ་བའི་རྩ་བ་བསྐྱེད་པའི་ཕྱིར། བརྩོན་འགྲུས་རྩོམ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ཏེ། །ཡང་དག་པར་སྤོང་བ་གཉིས་པའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་གསུམ་པའི་དབང་དུ་བྱས་ཏེ་གསུངས་པ།

དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་འདིར་འདོད་པའི་ཁམས་ཀྱི་ལྷ་རྣམས་ནི་གཙོར་ཆུའི་ཁམས་ཀྱི་བདག་ཉིད་དོ། །ལྷག་མ་ནི་དེའི་ནང་དུ་འདུས་སོ། །དེ་ལ་མགྲིན་པ་ནས་སྙིང་གའི་འཁོར་ལོའི་བར་སོར་མོ་བཅུ་གཉིས་པོ་དེ་རྣམས་ལས་དེ་སོར་གཉིས་གཉིས་པོ་དེ་ལས་གནས་དྲུག་

Vol. 6 · folio 139a

རྣམས་སུ་འདོད་པའི་ཁམས་དྲུག་པོ་རྣམས་འབྱུང་བར་འགྱུར་ཏེ། སྔོན་དུ་གསུངས་པའི་ཡོན་ཏན་གཉིས་དང་། ཕྱི་མ་དང་ཡོན་ཏན་གསུམ་ལས་འབྱུང་ངོ་། །ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་ཏེ། དེ་ཡང་སྙིང་གའི་འོག་ཏུ་སོར་གཉིས་ལས་འབྱུང་བར་འགྱུར་རོ། །དེ་བཞིན་

དེ་མཱ་མ་ཀཱི་ནི་ཆུའི་ཁམས་སོ། །དེ་རྣམས་ཀྱང་བསོད་ནམས་ཀྱི་བདག་པོ་ཆེན་པོར་བསྟན་པས་སྦྱིན་པ་ལ་སོགས་པ་དང་ལྡན་པ་ཡེ་ཤེས་ཀྱི་སྣང་བ་སྤངས་པ་དགེ་བའི་གྲོགས་དང་བྲལ་བ་ཤིན་ཏུ་འདོད་པ་ལ་ཆགས་པའོ། །དེ་རྣམས་ཀྱི་སྤོང་བ་ནི་ཡང་དག་པར་སྤོང་བའོ། །འོན་ཀྱང་འདོད་པ་ལ་སྲེད་པ་དེ་གང་

གི་ཕྱིར་མི་བསྐྱོད་པ་སེམས་ཏེ། དེ་ཡང་ཞུ་བའི་རང་བཞིན་ནོ། །དེས་ན་མཱ་མ་ཀཱི་ཆུའི་ཁམས་སོ། །དེས་ན་འདོད་པ་ལ་སྲེད་པའི་སེམས་ཀྱི་འདོད་པས་སྐྱེས་མ་རྣམས་དང་སྙོམས་པར་འཇུག་གོ། །དེའི་ཕྱིར་ལྷ་རྣམས་འདོད་པ་ལ་སྲེད་པའོ། །དེས་ན་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའི་ཕྱིར་འདུན་པ་སྐྱེད་

ཅེས་པ་ལ། འདུན་པ་ནི་ཏིང་ངེ་འཛིན་རྙེད་པ་སྟེ། ཆོས་ཀྱི་དབྱིངས་ལྟ་བུར་ཤེས་པར་བྱེད་པའོ། །འབད་དོ་ཞེས་པ་ནི་དེ་ཡང་དག་པར་འབད་པའོ། །དེས་ན་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་རྟོགས་པར་བྱའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་པ་བསྟན་པའི་ཕྱིར། དེ་བཞིན་དུ་དགེ་

བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་པ་ནི་སྔོན་དུ་གསུངས་པའི་ཡང་དག་པར་སྤོང་བ་གསུམ་པོ་རྣམས་ཉེ་བར་བསྡུ་བའི་དོན་ཏོ། །དེ་རྣམས་ཐམས་ཅད་གྲངས་བཞིན་དུ། །བཞི་དང་དེ་བཞིན་བཅུ་དྲུག་དང་། །གནས་བདུན་དུ་ནི་གང་བཤད་པ། །གསུམ་པོ་རྫུས་ཏེ་

སྐྱེ་བར་འགྱུར། །དེ་བཞིན་དུ་ཡང་མངལ་ནས་སྐྱེས་པ་ནི་རྐང་གཉིས་པ་མི་ལ་སོགས་པའོ། །དེ་རྣམས་ཀྱི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་ཞེས་པ་ནི་དེ་ལྟར་རྫུས་ཏེ་སྐྱེས་པ་སྲིད་པ་གསུམ་གྱི་ལྷ་རྣམས་མངལ་ནས་འབྱུང་བར་སྐྱེད་པའི་ཕྱིར་སྔོན་གྱི་མིའི་དངོས་འཛིན་ཏོ། །དེས་ན་མི་དེ་རྣམས་

ཀྱང་དགེ་བའི་ཆོས་ཡོངས་སུ་རྫོགས་པའི་རང་བཞིན་གྱིས་གནས་ཏེ། དེ་རྣམས་ཡོངས་སུ་རྫོགས་པར་བྱ་བ་དང་། ཡང་དག་པའི་ལམ་སྦྱིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན། །ཁ་ཏོན་མར་མེ་མེ་ལོང་སོགས། །ཞེས་

Vol. 6 · folio 139b

སོ། །ཇི་ལྟར་ཁ་ཏོན་ལས་ཁ་ཏོན་དང་མར་མེ་ལས་མར་མེ་དང་། མེ་ལོང་ལས་གཟུགས་བརྙན་ནོ། །དེ་དེ་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སྤྲུལ་པའི་སྐུར་འགྱུར་རོ། །ལུས་དེ་སེམས་ཅན་རྣམས་ཀྱིས་བསྒོམ་པར་བྱ་བའི་ཐབས་ཚད་མེད་པ་ཞེས་པ་ནི་འདིར་དེ་བཞིན་གཤེགས་པས་རྣལ་

འབྱོར་དང་རྣལ་འབྱོར་མ་སྣ་ཚོགས་པའི་རྒྱུད་རྣམས་སུ་ཐབས་སྣ་ཚོགས་པའི་སྒོམ་པ་སྣ་ཚོགས་པ་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་ཞི་བ་དང་དྲག་པོ་དང་ཤིན་ཏུ་དྲག་པོའི་ཐབས་ཀྱིས་ཏེ། བཅོམ་ལྡན་འདས་ཀྱི་སྐུས་མན་ངག་སྣ་ཚོགས་པས་བསྟན་པའོ། །ཡོངས་སུ་རྫོགས་པར་བྱ་བ་ལ། །ཞེས་པ་ནི་ལྔ་པའི་

དོན་ལ་བདུན་པའོ། །སེམས་ཅན་གང་དང་གང་གི་རང་གི་སེམས་ཆོས་དེ་རྣམས་ཀྱིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་རོ། །སླར་ཡོངས་སུ་རྫོགས་པར་བྱ་བ་ཞེས་པ་ནི་སླར་གྱི་སྒྲས་མིར་འཇིག་རྟེན་དུ་འཇུག་པས་ལྷ་དང་ཀླུ་དང་གནོད་སྦྱིན་དང་མིའམ་ཅི་ལ་སོགས་པ་རྣམས་ཆོས་ཀྱི་སྐུ་བདུད་རྩིས་ཡོངས་སུ་

རྫོགས་པར་བྱེད་པའོ། །བྱོལ་སོང་དང་དམྱལ་བ་དེ་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་སྐྱེས་ནས་ཆོས་སྟོན་པར་བྱེད་དོ། །སྒོམ་པ་འཕེལ་བ་དང་རྒྱས་པའི་ཕྱིར་ཞེས་པ་ནི་དེ་ཡང་སྒོ་ང་ལས་སྐྱེས་པ་དང་དྲོད་གཤེར་ལས་སྐྱེས་པའི་སེམས་ཅན་བྱོལ་སོང་རྣམས་དང་། སྒོ་ང་ལས་སྐྱེས་

པ་རྐང་བཞི་པ་ལ་སོགས་པ་ཡང་མིའི་སྐྱེ་བ་ཐོབ་པས་སྒོམ་པ་སྣ་ཚོགས་པ་རྒྱ་ཆེན་པོ་འཕེལ་བར་འགྱུར་རོ། །སྒོམ་པ་དེས་སངས་རྒྱས་སུ་འགྱུར་ཏེ་ཡེ་ཤེས་འཕེལ་བའི་ཕྱིར་རོ། །འདུན་པ་སྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་མི་དེ་རྣམས་ནི་གཙོར་སའི་ཁམས་ཀྱི་རང་བཞིན་ཏེ། ལྷག་མ་

ནི་དེའི་ནང་དུ་འདུས་པའོ། །ཡང་ན་ཁམས་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་དོ། །དེ་རྣམས་ཀྱི་སྙིང་གའི་འོག་ཏུ་སོར་གཉིས་ནས་ལྟེ་བའི་མཐར་ཐུག་པ་སོར་བཅུ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་སྤྱན་མ་སའི་ཁམས་ཏེ་དེའི་རྟེན་ལྟེ་བའི་འཁོར་ལོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཁམས་བཞིའི་རང་

བཞིན་ཡང་དག་པར་སྤོང་བ་བཞི་རྣམས་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་མི་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་རྣམས་བཅོམ་ལྡན་འདས་ཀྱིས་རྣམ་པར་བཤད་པ་བསྟན་པའི་ཕྱིར། འདུན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འདུན་པ་ཞེས་པ་ནས་རྐང་པ་ཞེས་པའི་

Vol. 6 · folio 140a

མཐར་ཐུག་པ་ནི་མདོར་བསྟན་པའོ། །འདིའི་བཤད་པ་ནི་དབེན་པ་ཞེས་པ་ལ་སོགས་པའོ། །དབེན་པ་ཞེས་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེའི་དབང་པོའི་སྒོ་ནས་ཕུང་པོ་དང་ཁམས་རྣམས་དང་སྐྱེ་མཆེད་ལ་སོགས་པ་ཉེ་བར་མཚོན་པར་བྱ་བའོ། །དེ་ཡང་རྣལ་འབྱོར་གྱི་རྒྱུད་

དུ་མ་རྣམས་སུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་གསུངས་ཤིང་ཆོས་མངོན་པ་ལ་སོགས་པ་རྣམས་སུ་ཡང་གསུངས་སོ། །དེས་ན་བདག་གིས་མ་བསྟན་ཏེ། གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ། །ཡང་ན་དེ་རྣམས་ཀྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ཀྱིས་

སེམས་ཅན་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་རྣམ་པར་གནས་པ་རྣམས་དེའི་རང་བཞིན་གྱི་ཕྱིར་འདུན་པའོ། །དེའི་སྤོང་བ་ནི་སྒོམ་པ་དབེན་པ་སྟེ། དེས་ན་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་ལོ། །དེ་ཡང་ལྷག་པར་མོས་པའི་རྣམ་པར་རྟོག་པའོ། །དེས་ན་འཇིག་

རྟེན་པའི་གང་ཟག་ཏུ་ལྟ་བའོ། །བརྟེན་པ་ཞེས་པ་ནི་ལྟ་བ་ལ་བརྟེན་པའི་སེམས་སོ། །འདོད་ཆགས་དང་བྲལ་བ་ཞེས་པ་ནི་དེའི་འདོད་ཆགས་དང་བྲལ་བ་ནི་མན་ངག་རྣམ་པར་དབེན་པ་སྟེ། དེས་རབ་ཏུ་ཞི་བའོ། །དེ་ཡང་རྡོ་རྗེ་བཟླས་པའི་ཚུལ་གྱིས་རླུང་གི་སྦྱོར་བ་ཉིད་སྣའི་རྩེ་མོར་སྒོམ་པའི་རིམ་པས་

ཉེ་བར་མཚོན་པར་བྱའོ། །དེས་ནི་སེམས་བརྟེན་པར་འགྱུར་རོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ལས་གསུངས་ཏེ། རིན་ཆེན་ཁ་དོག་སྣ་ལྔ་པ། །ཉུངས་ཀར་སྦོམ་པོའི་ཚད་ཙམ་དུ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སོགས་

པ་རྒྱུད་སྣ་ཚོགས་ལས་རྒྱས་པར་གསུངས་སོ། །དེའི་ཕྱིར་རྫོགས་པའི་རྣལ་འབྱོར་མེད་པར་སླར་རྣམ་པར་རྟོག་པའི་སེམས་སུ་འགྱུར་ཏེ། དེ་གསུངས་པ། རྟེན་ཞེས་པ་ནི་རྣལ་འབྱོར་པ་ལ་དམིགས་པའི་ཕྱིར། སེམས་ཡོད་ཅེས་སྦྱར་རོ། །དེའི་འགོག་པ་ཞེས་པ་ནི་སེམས་རྣམ་པར་དབེན་པའོ། །དེ་ཡང་

སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ཀྱི་རང་བཞིན་གྱི་ཆོས་རྣམས་ལུང་རྣམ་པ་མང་པོའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ། །འོན་ཀྱང་དེའི་ཇི་སྲིད་དུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྔོན་དུ་མ་བྱས་པ་དེ་སྲིད་དུ་དེའི་འགོག་པར་མི་འགྱུར་རོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཐབས་སྣ་ཚོགས་པ་བསྟན་

Vol. 6 · folio 140b

མོད། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །བརྟེན་པ་ཞེས་པ་ནི་དེ་ལ་ཡང་བརྟེན་ཏོ། །འོ་ན་གང་ལས་ཤེས་ཤེ་ན། འགའ་ཞིག་སྒྱུ་མ་རྣམ་པ་དང་བཅས་པ་གོམས་པ་མེད་པར་དམིགས་པའི་ཕྱིར་བསྟན་པའི་རྒྱུན་ཉིད་དོ། །རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་ཞེས་པ་ནི་ཉེས་པ་དང་ཡོན་ཏན་ནོ། །

དེ་ཡང་རྣམ་པ་དང་བཅས་པའི་བདེན་པའམ་རྣམ་པ་མེད་པའི་སྒྱུ་མ་ལྟ་བུ་དེའི་ཉེས་པ་རྣམས་ཡོངས་སུ་ཐིམ་པའི་སེམས་ཉིད་ཡེ་ཤེས་ཏེ། དེ་བརྗོད་དུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་འདོད་པའི་ལྷའི་ང་རྒྱལ་ཙམ་གྱིས་ལུས་དང་ངག་དང་སེམས་

དྲི་མ་མེད་པས་སེམས་ཅན་ཐམས་ཅད་གྲོལ་བར་གྱུར་པ་མ་ཡིན་ནམ། ཇི་ལྟར་ཏིང་ངེ་འཛིན་སྣ་ཚོགས་པ་ལ་ཉེ་བར་སྤྱོད་པས་སེམས་གོང་ནས་གོང་ལ་བརྟེན་པར་འགྱུར། དེ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ཐོག་མ་མེད་པའི་བག་ཆགས་ཀྱིས་རྣམ་པར་རྟོག་པ་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །གང་གི་ཕྱིར་

འགྲོ་བའི་དོན་བྱེད་པའི་ཕྱིར། །བདག་གི་མདུན་དུ་ཞུམ་པར་མ་གྱུར་ཞེས་པ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་རྟོག་པ་ཙམ་བཞེད་དེ་སྨོན་ལམ་གྱི་དབང་གིས་སོ། །རིགས་པ་དེས་ན་སྔོན་གྱི་རྣམ་པར་རྟོག་པ་ངན་པའི་བག་ཆགས་ཀྱི་དབང་གིས་སྨོན་ལམ་སྔོན་དུ་སོང་བའི་རྣམ་པར་

རྟོག་པ་བཟང་པོས་རང་གི་དོན་དང་། གཞན་ཀྱི་དོན་དག་སྒྲུབ་པར་བྱེད་ཀྱི་རང་གི་དོན་གྱི་རྣམ་པར་རྟོག་པ་ཙམ་འཛིན་པ་ནི་མ་ཡིན་ནོ། །དེས་ན་འདིར་སྨོན་ལམ་འདེབས་སོ། །འདུན་པ་ཞེས་པ་ནི་ཅུང་ཟད་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་སུ་སྤྲུལ་པའི་རང་བཞིན་གྱིས་དེའི་ཡང་དམིགས་པ་རང་

བདག་ཉིད་དེ་དང་འདྲ་བར་འགྱུར་ཞེས་པའི་དོན་ཏོ། །ཤིན་ཏུ་ཞུམ་པར་མ་གྱུར་ཅིང་སྒྱུ་མའི་སེམས་དེ་ཡང་ཤིན་ཏུ་ཆེས་ཞུམ་པར་མ་གྱུར་ཅིག་ཅེས་པ་ནི་སྨོན་ལམ་མོ། །ཤིན་ཏུ་འཛིན་པར་མ་གྱུར་ཞེས་པ་ནི་རེས་འགའ་ཅུང་ཟད་གནས་པ་དེར་ཡང་གནས་པར་མི་བྱེད་པའི་སྨོན་ལམ་མོ། །འོ་ཞེས་

པ་ནི་དེ་དེ་བཞིན། །ཞེས་པའི་དོན་ཏོ། །དེ་ལ་རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། སྔོན་དུ་གསུངས་པའི་ཕུང་པོ་བཞི་པོ་དེར་ལྔ་པ་རྣམ་པར་ཤེས་པའི་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དེ་ཡང་མི་བསྐྱོད་པའི་ཆོས་ཏེ། དེའི་འགོག་པ་ངེས་པར་གསུངས་པ་དེས་ན་དེ་ལ་དེ་སྐད་ཅེས་བྱའོ། །

Vol. 6 · folio 141a

དེ་ལྟར་ལྡན་པ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་གཉིས་མེད་པའི་རྒྱུན་དུ་རྣལ་འབྱོར་དང་ལྡན་པའི་སེམས་དེ་ཡང་བསམ་དུ་མེད་པའི་འདུ་བྱེད་ཉིད་ཀྱིས་འདུན་པ་དེ་འགོག་པ་ལ་གནས་པའམ་མི་གནས་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་བསྟན་

པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་ཞེས་པ་ནས། རྐང་པ་ཞེས་པའི་བར་གྱི་མདོར་བསྟན་པའི་ཚིག་གོ། །དེའི་བཤད་པ་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ། །འོན་ཀྱང་སྔོན་དུ་གསུངས་པའི་

རྫུ་འཕྲུལ་གྱི་རྐང་པ་གང་ཡིན་པ་ནི་རགས་པའོ། །འདིར་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་ནི་དེ་ཉིད་ཀྱི་ཕྲ་བའི་མཚན་ཉིད་དོ། །དེའི་ཕྱིར་ཕྲ་བ་ནི་ལུས་རྣམ་པར་དབེན་པའོ། །དེ་བཞིན་དུ་ངག་དང་སེམས་ཀྱང་ངོ་། །རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། སྔོན་དུ་ཁམས་བཞི་གསུངས་པ་དེའི་ལྔ་པ་ནི་ནམ་མཁའི་

ཁམས་ཏེ། དེ་ཡང་རྫུ་འཕྲུལ་གྱི་རྐང་པ་པདྨ་འབར་བའི་ཆོས་དེའི་འགོག་པ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སྤྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ནི་ཤིན་ཏུ་ཕྲ་བ་སྟེ། དེ་ཡང་དབེན་པ་ཞེས་པ་ནི་སྔོན་བཞིན་རྟོགས་པར་བྱའོ། །རྫུ་འཕྲུལ་གྱི་རྐང་

པ་ཡང་ཅི་ཞེ་ན། དབང་པོ་རྣམས་ལ་དབང་པོ་དྲུག་པ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཡང་རྫུ་འཕྲུལ་གྱི་རྐང་པ་སྟེ། ཀུན་དུ་བཟང་པོའི་ཆོས་དེའི་འགོག་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པའི་དབང་དུ་བྱས་ཏེ་གསུངས་པ། སེམས་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་

སྔོན་བཞིན་ཏེ། དེ་ཡང་ཆེས་ཕྲ་བའོ། །དེའི་དབེན་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ཅི་ཞེ་ན། དེའི་ཡུལ་ཆོས་ཀྱི་དབྱིངས་སོ། །དེ་ཡང་སེམས་ལས་བྱུང་བ་བཅོམ་ལྡན་འདས་བྱམས་པའི་ཆོས་དེ་འགོག་པའོ། །ཡང་ན་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་། དྲི་རྡོ་རྗེ་དང་།

རོ་རྡོ་རྗེའི་རང་བཞིན་ཅན་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེའི་ཆོས་རྣམས་དེའི་འགོག་པའོ། །དེ་རྣམས་འགོག་པའི་ཕྱིར་འདོད་པའི་ཡོན་ཏན་ལྔ་རྣམས་འགོག་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ནི་སློབ་དཔོན་རྣམས་ཀྱི་ལུགས་སོ། །དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་དབེན་པ་དང་། །ཤིན་ཏུ་

Vol. 6 · folio 141b

དཔྱད་པ་དང་ཤིན་ཏུ་ཡོན་ཏན་གྱི་ཚུལ་གྱི་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ། །ད་ནི་དབང་པོ་ལྔ་རྣམས་བརྗོད་པའི་ཕྱིར། དེ་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ལ་སོགས་པའི་རང་དབང་དུ་འགྱུར་རོ། །དེས་ན་འདོད་པ་

ན་སྤྱོད་པ་ཞེས་པ་ནི་འདོད་པའི་ཁམས་ན་སྤྱོད་པའི་སེམས་ཅན་དེ་རྣམས་ཀྱང་ལས་ཀྱི་སར་སྐྱེས་ནས་བྱང་ཆུབ་ཀྱི་ས་བོན་རབ་ཏུ་འདེབས་ཏེ། ལས་དེས་འཇིག་རྟེན་པ་ཞེས་པ་ནི་རང་གི་ཕྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་མིའི་གཟུགས་རྣམས་སུ་འཇུག་པ་དེའི་ཚེ་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་

པ་ལ་དད་པར་བྱེད་ཅེས་དགོངས་སོ། །རང་གི་ལས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དེ་རྣམས་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་ཏེ། ཁ་ཅིག་ནི་རང་གི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་སྤྱོད་དོ། །ཁ་ཅིག་ནི་ལས་མི་དགེ་བས་བྱོལ་

སོང་དང་ཡི་དགས་དང་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །ཁ་ཅིག་ནི་ཤིན་ཏུ་དགེ་བའི་ལས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་བགྲོད་པར་འགྱུར་རོ། །དེ་ལྟར་དེའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་བསྟན་པར་བྱའོ། །དེ་རྣམས་ལ་བསྟན་པ་ཙམ་གྱིས་ཉོན་མོངས་པ་ཟད་པར་

བྱས་ནས་ཐམས་ཅད་སངས་རྒྱས་སུ་འགྱུར་རོ། །དེ་ལྟར་རང་གི་ལས་ཞེས་པ་ནས། སོ་སོར་མྱོང་བར་འགྱུར་ཞེས་པའི་མཐར་ཐུག་པ་ནི་སྨོན་ལམ་ཉིད་དེ། དེ་བཞིན་གཤེགས་པའི་ངེས་པའོ། །དེ་སྲོག་གི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པའོ། །འདིར་སེམས་ཅན་གང་དག་གི་བདག་འཚོ་

བའི་དོན་དུ་སྲོག་གཅོད་པ་ལ་སོགས་པ་དང་། ཚོང་སྣ་ཚོགས་པ་འཚོང་བར་བྱེད་ད་དོ། །ཡང་གི་སྒྲས་འཆད་པ་དང་རྩོད་པ་དང་ཆོམ་པ་ལ་སོགས་པ་གཟུང་ངོ་། །དེས་ན་སྡིག་པའི་ལས་རྣམས་བདག་ཉིད་མངོན་པར་འདུ་མི་བྱེད་པའོ། །གལ་ཏེ་བྱེད་པ་ན་དེས་ནི་དམྱལ་བ་ལ་སོགས་པར་སྡུག་བསྔལ་

ཉམས་སུ་མྱོང་བར་མི་འགྱུར་རོ། །དེ་རྣམས་ཀྱི། འདི་ནི་དད་པའི་དབང་པོར་བརྗོད། །ཅེས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཆོས་རྣམས་ཀྱི་དང་པོ་ནི་དད་པའོ། །གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་བསྐྱེད་པ་ནི་དད་པའོ། །དེའི་ཚེ་ཆོས་གང་དག་ཅེས་པ་ནི་ཉན་ཐོས་དང་། རང་སངས་

Vol. 6 · folio 142a

རྒྱས་དང་། ཐེག་པ་ཆེན་པོ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ཇི་ལྟར་གསུངས་པ་བཞིན་བྱེད་པ་སྟེ། གཞན་འཇིག་རྟེན་པའི་ཆོས་ལ་ནི་མ་ཡིན་ནོ་ཞེས་དགོངས་སོ། །དེ་ལྟར་དེ་རྣམས་ནི་མིག་གི་དབང་པོའི་ཡུལ་ལོ། །དེ་ཡང་གཟུགས་རྡོ་རྗེ་མའི་ཆོས་ཏེ། དེའི་

བྱ་བ་ལ་ཉེ་བར་སྤྱོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རྣ་བའི་ཡུལ་སྒྲ་རྡོ་རྗེ་མའི་ཆོས་བརྩོན་འགྲུས་ཀྱི་དབང་པོའོ། །དེ་བཞིན་དུ་སྣའི་ཡུལ་དྲི་རྡོ་རྗེ་མའི་ཆོས་དྲན་པའི་དབང་པོའོ། །དེ་བཞིན་དུ་ལྕེའི་ཡུལ་རོ་རྡོ་རྗེ་མའི་ཆོས་ཏིང་ངེ་འཛིན་གྱི་དབང་པོའོ། །དེ་བཞིན་དུ་ལུས་ཀྱི་ཡུལ་རེག་བྱ་རྡོ་རྗེ་མའི་ཆོས་ཤེས་རབ་

ཀྱི་དབང་པོའོ། །དེ་བཞིན་དུ་ཆོས་དེ་རྣམས་བརྩོན་འགྲུས་གང་གིས་ཤེས་པ་ནས་དེ་དག་ནི་སྟོབས་ལྔ་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །འོན་ཀྱང་ཡུལ་ཅན་ལྔས་ས་སྙིང་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་རྣམས་སྟོབས་ལྔའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་བསྟན་པའི་

ཕྱིར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པའི་གནས་རྣམས་ལའོ། །ཇི་ལྟ་བུ་ཞེ་ན་ཞེས་པ་ནི་ཚད་ཅི་ཞེས་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་

འདས་ཀྱི་ལན་གྱི་ཚིག་གོ། །འོན་ཀྱང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཀུན་གཞི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ཡང་འཇམ་དཔལ་གྱི་ཆོས་སོ། །ལྷག་མ་ནི་གོ་སླའོ། །ཆོས་རྣམ་པར་འབྱེད་པ་ལ་སོགས་པ་རྣམས་ནི་ལུས་རྣམ་པར་དབེན་པ་ལ་སོགས་པ་རྣམས་ལ་ངེས་པར་སྦྱར་བར་

བྱའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་པ་ལ་སོགས་པའི་སྒྲ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྫུ་འཕྲུལ་གྱི་རྐང་པའི་གནས་རྣམས་ལ་བསྒོམ་ཞེས་པ་སྟེ། དེ་བཞིན་གཤེགས་པ་དམ་བཅའ་བའོ། །འདི་ནི་ངེས་པའོ། །ཆོས་རྣམ་པར་འབྱེད་པ་ལ་སོགས་པ་དྲུག་པོ་འདི་རྣམས་ཀྱིས་ཆོས་

རྣམས་རྣམ་པར་གཞག་པ་གསུངས་ཏེ། དེ་རྣམས་ཐམས་ཅད་རིམ་པ་བཞིན་དུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དང་། གནོད་མཛེས་རྒྱལ་པོའོ། །ལས་ཀྱི་དབང་པོ་ལྔའི་དངོས་པོའི་ཕྱིར་རོ། །དེ་བཞིན་དུ་ལས་ཀྱི་དབང་པོ་རྣམས་ལས་

Vol. 6 · folio 142b

བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཆོས་སོ། །དེ་ཡང་མཚན་མའི་སྒོའོ། །དེ་ལྟར་དྲུག་པར་བརྗོད་དོ། །ལྷག་མ་ལས་ཀྱི་དབང་པོའི་བྱ་བ་རྣམས་འཆད་བཞིན་པ་ལས་ཤེས་པར་བྱའོ། །ད་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྗོད་

པའི་ཕྱིར། འཕགས་པའི་ལམ་ཡན་ལག་བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བུ་ཞེས་པ་ནི་བྱང་ཆུབ་ཀྱི་ཡན་ལག་གི་གནས་རྣམས་སུ་ཇི་ལྟ་བའི་རང་བཞིན་རྣམས་བསྒོམ་པར་བྱ་ཞེས་དགོངས་སོ། །འཇིག་རྟེན་ལས་འདས་པའི་ལྟ་བ་གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །

འོན་ཀྱང་ཅུང་ཟད་བརྗོད་དོ། །ཡང་དག་པའི་ལྟ་བ་ནི་ལས་ཀྱི་དབང་པོའི་བྱ་བས་མི་གཡོ་བའི་ཆོས་རྐང་པའི་བྱ་བའོ། །དེ་བཞིན་དུ་ཡང་དག་པའི་རྟོག་པ་ནི་ཉེ་བར་གནས་པ་མཇུག་མའི་བྱ་བ་དབྱུག་སྔོན་ཅན་གྱི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་ངག་ནི་ཚིག་གི་བྱ་བ་འདོད་པའི་རྒྱལ་པོའི་ཆོས་སོ། །དེ་བཞིན་དུ་

ཡང་དག་པའི་ལས་ཀྱི་མཐའ་ནི་ལག་པའི་བྱ་བ་སྟེ། སྟོབས་པོ་ཆེའི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་འཚོ་བ་ནི་ཁུ་བ་འཛག་པ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་རྩོལ་བ་ནི་ནམ་མཁའི་མཐར་ཐུག་པ་ཨ་ཝ་དྡྷཱུ་ཏཱིར་རང་རིག་པ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས་

ཀྱི་ཁམས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེ་མའི་ཆོས་སོ། །དེ་བཞིན་དུ་ཡང་དག་པའི་དྲན་པ་ནི་རྡོ་རྗེའི་ལམ་ནས་ཆགས་པ་ཆེན་པོ་ཆགས་པའི་ཁམས་སྟེང་དུ་འགྲོ་བའི་ཕྱིར་དྲུག་པ་ཡེ་ཤེས་ལས་ཀྱི་དབང་པོ་སྟེ། དེ་ཡང་བདག་མེད་པའི་ཆོས་སོ། །དེ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས་ལས་ཀྱི་དབང་པོའི་བྱ་བའི་སྙིང་

རྗེའི་ཆོས་སོ། །འདི་རྣམས་ཀྱི་ཅོད་པན་ན་བཞུགས་པའོ། །དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཆོས་ཏེ་དེ་ལྟར་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྱི་བདག་ཉིད་ཡང་དག་པའི་ཏིང་ངེ་འཛིན་གྱི་ཆོས་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཔའ་བོའི་ཆོས་སོ། །ཆོས་སུམ་ཅུ་རྩ་བདུན་པོ་དེ་རྣམས་རྣལ་འབྱོར་གྱི་

རྒྱུད་རྣམས་ལ་བརྟེན་ཏེ་མདོར་བསྡུས་ནས་གསུངས་སོ། །དེའི་ཕྱོགས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་ཡང་མདོར་བསྡུས་ཏེ་གསུངས་སོ། །རྒྱས་པར་ཡང་གཞུང་སྣ་ཚོགས་པའི་ལུང་རྣམས་ལས་རྟོགས་པར་བྱའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་དེ་དག་ཡང་དག་བཤད། །རབ་ཏུ་དགའ་

Vol. 6 · folio 143a

ལ་སོགས་པའི་ས། །ཞེས་པ་ནི་དེ་དག་ཅེས་པ་སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་སོ། །དེ་ལྟར་ཞེས་པ་དེ་རྣམས་ཐམས་ཅད་དོ། །ཡང་དག་བཤད་ཅེས་པ་ནི་འགྲོ་བའི་དོན་གྱི་རྒྱུར་བདག་གིས་ཡང་དག་བཤད་ཅེས་པའི་དོན་ཏོ། །རབ་ཏུ་དགའ་བ་ལ་

སོགས་པ། །ཞེས་པ་ལ་སོགས་པའི་སྒྲས་ནི་རིམ་པ་བཞིན་ས་བཅུ་གཉིས་རྣམས་གཟུང་ངོ་། །ཉིད་ནི་ངེས་པར་གཟུང་བའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཞེས་པ་ནི་ས་དེ་རྣམས་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟེན་ནོ། །བྱང་ཆུབ་སེམས་དཔའ་དེ་རྣམས་དབང་པོ་ལ་

སོགས་པ་རང་བཞིན་ཅན་ཞེས་པ་ལ་སོགས་པའི་སྒྲ་ནི་ཡུལ་དང་ཡུལ་ཅན་ལས་ཀྱི་དབང་པོ་དང་དེའི་བྱ་བའོ། །དེ་རྣམས་ཀྱི་རང་བཞིན་ནི་ཡང་དག་པའི་ལམ་རྗེས་སུ་རྟོགས་པའོ། །བྱང་ཆུབ་བསྒྲུབ་པའི་ཚུལ་ཡོད་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའོ། །དེ་རྣམས་ཀྱི་གནས་ནི་བྱང་ཆུབ་སྒྲུབ་པའི་

རྟེན་རང་གི་ལུས་ཞེས་པའི་དོན་ཏོ། །སངས་རྒྱས་ཐམས་ཅད་རྣམས་ཀྱི་གནས་པ་ཞེས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པའི་ས་བཅུ་གཉིས་ཀྱི་བདག་ཉིད་ཀྱི་གནས་ཏེ། དེ་རྣམས་བསྡུས་པའི་ལུས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲར་བསྟན་ཏོ། །སོ་སོར་ཕྱེ་ན་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་

རྣམས་སུ་བརྗོད་དེ་བསྐྱེད་པའི་རིམ་པའི་ཕྱིར་རོ། །རྟེན་དེའི་བརྟེན་པ་རྣལ་འབྱོར་མའི་རྒྱུད་སུམ་ཅུ་རྩ་དྲུག་ཏུ་བརྗོད་དེ། དེ་རྣམས་ཀྱང་ལུས་ཀྱི་རྩ་སུམ་ཅུ་རྩ་གཉིས་ཏེ། འཆད་བཞིན་པའི་རིམ་པས་སྟོན་ཏོ། །དེ་རྣམས་འདུས་པའི་བདག་ཉིད་རྩ་གསུམ་མོ། །ཐ་མལ་པའི་ཨ་ཝ་དྷཱུ་ཏཱི་དེ་རྣམས་འདུས་

པའི་རྩ་གཅིག་ནི་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱིའོ། །དེ་ལྟར་རྩ་སུམ་ཅུ་རྩ་དྲུག་པོ་དེ་ཡང་གནས་ཏེ། སངས་རྒྱས་ཐམས་ཅད་རྣམས་དང་། རང་རིག་པའི་ཡེ་ཤེས་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ཕུང་པོ་ལ་སོགས་ཁྱད་པར་ཉིད། །ཅེས་པ་ནི་སངས་རྒྱས་ཐམས་ཅད་རྣམས་

འབའ་ཞིག་གི་གནས་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་རྣམས་ཀྱི་ཡང་གནས་སོ། །སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཡང་ངོ་། །འོན་ཀྱང་དེ་རྣམས་ལ་ཁྱད་པར་ཡོད་དེ། གཞན་གཟུགས་ལ་སོགས་པའི་ཕུང་པོ་དང་། གཞན་ཁམས་རྣམས་དང་། གཞན་སྐྱེ་མཆེད་རྣམས་

Vol. 6 · folio 143b

དང་། གཞན་ཡུལ་རྣམས་དང་། གཞན་ལས་ཀྱི་དབང་པོ་རྣམས་དང་། གཞན་དེའི་བྱ་བ་རྣམས་སོ། །དེ་ཅི་ཞེ་ན། སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བའོ། །དེའི་ཡེ་ཤེས་ཀྱི་སྣང་བ་མཐོང་བར་

བྱ་བའི་ཕྱིར་དེ་རྣམས་ཀྱང་། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །སངས་རྒྱས་ཉིད་ནི་འབྱུང་བའི་མཆོག། །ཅེས་པ་ནི་འདིར་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རང་གི་ལུས་ལས་བྱུང་བ་དེའི་བདག་ཉིད་རྣམས་ཇི་སྲིད་དངོས་སུ་རྡོ་རྗེ་འཆང་གི་ས་ལ་བརྟེན་པར་མི་བྱེད་

པ་དེ་སྲིད་དུ་དེ་རྣམས་མ་རིག་པའི་དབང་གིས་བརྒྱ་ལ་ཅུང་ཟད་ལམ་མ་རྫོགས་པའི་དབང་གིས་འཁོར་བར་འཇུག་པར་འགྱུར་རོ། །དེའི་ཕྱིར། སངས་རྒྱས་ཉིད་འབྱུང་བའི་རྩའི་མཆོག །ཅེས་ཕུལ་དུ་བྱུང་བ་གཟུང་བ་དང་། འཛིན་པ་དང་བྲལ་བ་སྔོན་གྱི་རིམ་པས་རབ་ཏུ་དག་པའོ། །འོན་ཀྱང་

སུམ་ཅུ་རྩ་གཉིས་ཞེས་པ་ནི་ཐ་མལ་པའི་གནས་སྐབས་སུ་ཡང་སློབ་བཞིན་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་རྫོགས་པའི་རིམ་པར་འོས་པ་ཤིན་ཏུ་བསྡུས་པ་འདོད་པའི་ཕྱིར་བྱང་ཆུབ་བསྒྲུབ་པ་ལ་བརྩོན་པའོ། །གང་གི་ཕྱིར་རྩོད་པའི་དུས་སུ་ང་རྒྱལ་ཅན་ཚེ་ཐུང་བ་སྒྱུ་ཅན་ལས་ངན་པ་ལ་དགའ་

བ་འབྱུང་ངོ་། །དེས་ན་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པ་རྣམས་སུ་རྫོགས་པའི་རིམ་པ་བསྟན་པ་དེས་ན་རྩ་སུམ་ཅུ་རྩ་གཉིས་བསྟན་ཏོ། །དེ་རྣམས་ཀྱི་མིང་འཆད་བཞིན་པས་བརྗོད་པའི་ཕྱིར་རྒྱུ་བ་རྟོགས་པར་བྱའོ། །བྱང་ཆུབ་སེམས་རྣམས་སུམ་ཅུ་གཉིས། །གང་ཚེ་ཞེས་

པ་ནི་དེ་ལྟར་ཡང་རྩ་དེ་རྣམས་ལ་དུས་ཐམས་ཅད་དུ་བྱང་ཆུབ་སེམས་རྒྱུ་བས་ཐ་མལ་པའི་གནས་སྐབས་སུ་ཡང་བླ་མའི་མན་ངག་གིས་བསྒོམ་པའི་དུས་སུ་གང་བ་ཞེས་པ་ནི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་གྱུར་ཏེ། མགལ་མེའི་འཁོར་ལོ་བཞིན་རྒྱུན་མི་འཆད་པར་འགྱུར་བ་དེའི་ཚེ་འཆད་

བཞིན་པའི་དུས་སུ་འཁོར་ལོ་བཞིའི་དབྱེ་བ་རྣམས་ལས་བཤད་པའི་ཕྱིར་རོ། །དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྩ་རྣམས་འབའ་ཞིག་བྱང་ཆུབ་སེམས་ཀྱིས་གང་བར་མ་ཟད་ཀྱི་དབང་པོ་རྣམས་དང་འབྱུང་བ་རྣམས་དང་ཕུང་པོ་ལ་སོགས་པ་རྣམས་ཀྱང་གང་བ་སྟེ། འཆད་བཞིན་པའི་དུས་སུ་རང་རིག་

Vol. 6 · folio 144a

པའི་ཡེ་ཤེས་ཉམས་སུ་མྱོང་ཞེས་པའི་དོན་ཏོ། །དེ་ལྟར་རྣལ་འབྱོར་གྱིས་ཉམས་སུ་མྱོང་བས་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་མཐོང་ངོ་། །དེ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པའི་མཚན་ཉིད་གཉིས་སུ་མེད་པ་ཟུང་དུ་འཇུག་པའི་བདག་ཉིད་དངོས་པོ་དང་

དངོས་པོ་མེད་པར་རོ་མཉམ་པའི་རང་བཞིན་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། དེ་རྗེས་སངས་རྒྱས་ཉིད་ཅེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང་བྲལ་བ་མཆོག་ཏུ་མི་འཛག་པའི་རྣལ་འབྱོར་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དེ་བཞིན་ཉིད་བགྲོད་དུ་མེད་པ་རྒྱུད་མེད་པ་དང་

པོའི་དང་པོ་ཐོག་མ་མེད་པའི་སེམས་དཔའ་རྡོ་རྗེ་འཛིན་གྱི་སའོ། །མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དུས་གསུམ་དུ་རྒྱུད་ཉམས་པ་མེད་པ་རྟོག་གེ་པ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་སངས་རྒྱས་རྣམས་ཀྱི་ཡུལ་བརྗོད་དུ་མེད་པའོ། །གང་ཕྱིར་རྟོགས་པས་སངས་རྒྱས་ཉིད། །སེམས་ཉིད་རྫོགས་

པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་བསྟན་པ་མིན། །རང་རིག་པ་ཡི་མཆོག་ནི་རྙེད། །ཅེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་དམིགས་པ་ལ་སོགས་པ་དང་། སྐུ་གསུམ་རྣམ་པར་བསྒོམ་པ་དང་། དེ་བཞིན་དུ་སྐུ་གཟུགས་དང་། མཆོད་རྟེན་དང་དམ་

པའི་ཆོས་རྣམས་འདུས་བྱ་བ་ལ་ཉེ་བར་སྤྱོད་པ་དང་། དེ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང་། སྦྱིན་པ་པའི་ལྕི་བ་ཞེས་བྱ་བ་ལ་སོགས་པ་ནི་མཎྜལ་གྱི་ཚིགས་སུ་བཅད་པ་བརྗོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཞི་ནི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུའོ། །དེ་བཞིན་དུ་ཤེས་རབ་

ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ནི་ཡེ་ཤེས་ཀྱི་ཚོགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོགས་འདི་གཉིས་ཀ་ལ་འཇུག་པའོ། །དེ་ལྟར་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་སངས་རྒྱས་པ་ཉིད་དུ་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་སེམས་རང་རིག་པའི་ཕྱིར་སངས་རྒྱས་ཉིད་

འཐོབ་སྟེ། གཞན་དུ་བསྟན་པ་མིན་ཞེས་བརྗོད་དོ། །སེམས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། དེ་ཡང་ཆོས་ཀྱི་སྐུའོ་ཞེས་གལ་ཏེ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་གསུངས་པ། །རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །ཅེས་བྱ་བ་

Vol. 6 · folio 144b

ལ་སོགས་པ་དེ་རྣམས་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་གང་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་པས་རིག་པའི་ཡེ་ཤེས་མ་རྟོགས་པ་རང་གི་མངོན་པར་འདོད་པ་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དང་པོ་རེ་ཞིག་སེམས་ཅན་རྣམ་པ་གསུམ་

དུ་འགྱུར་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོས་སངས་རྒྱས་ཀྱང་རྣམ་པ་གསུམ་མོ། །ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་གྱིས་ཐེག་པ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ། །དེ་ལ་གང་དག་དབང་པོ་རྟུལ་པོའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་ཚུལ་གྱིས་

བསྟན་ཏོ། །གང་དག་དབང་པོ་ཅུང་ཟད་རྣོ་བའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་རྫོགས་པའི་རིམ་པ་བསྟན་ཏོ། །དེ་རྣམས་ཀྱང་སློབ་བཞིན་པར་འགྱུར་རོ། །གང་དག་དབང་པོ་རྣོན་པོའི་སེམས་ཅན་དེ་དག་ལ་རྫོགས་པའི་རིམ་པ་བསྟན་ཏོ། །དེ་བཞིན་དུ་གང་དག་དབང་པོ་རྣོན་པོའི་སེམས་ཅན་དེ་དག་

ལ་ཡང་དག་པར་རྫོགས་པའི་རིམ་པ་བསྟན་ཏོ། །འོན་ཀྱང་རྫོགས་པའི་རིམ་པའི་ཡོངས་སུ་རྫོགས་པའི་རིམ་པ་སྟེ། རྒྱུ་དང་འབྲས་བུའི་ཚུལ་གྱིས་ཕན་ཚུན་ལྟོས་པའི་ཕྱིར་རོ། །དེ་ལ་བསྐལ་པ་བཟང་པོའི་དུས་སུ་རྣམ་པར་གཟིགས་ནས་འོད་སྲུངས་ཀྱི་མཐར་ཐུག་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་གསུམ་བསྟན་ཏོ། །

རྫོགས་ལྡན་གྱི་དུས་སུ་ཡང་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱིས་ཐེག་པ་གསུམ་གྱི་ནང་དུ་རྡོ་རྗེ་ཐེག་པ་འདུས་པར་ཤེས་ཏེ། དེས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་སོགས་པ་རྣམས་ཀྱིས་གླེགས་བམ་ལ་སོགས་པ་མ་བསྟན་ཞིང་དམ་པའི་ཆོས་ཀྱི་མཛོད་ཀྱང་མ་མཛད་དོ། །འཁོར་

ཐམས་ཅད་ཀྱིས་རིག་ཅིང་རང་གི་བདག་ཉིད་ཀྱིས་ཡོངས་སུ་ཤེས་པའི་ཕྱིར་རོ། །དེའི་ཕྱིར་འདིར་རྩོད་པའི་དུས་སུ་ཤཱཀྱ་ཐུབ་པས་རྡོ་རྗེ་ཐེག་པ་ཡང་དག་པར་བསྟན་ཏོ། །སྡུད་པ་པོ་རྣམས་ཀྱིས་ཀྱང་དངོས་སུ་ཐོས་ཤིང་སྡུད་པ་པོས་གླེགས་བམ་རྣམས་བྲིས་པའམ་གཟུང་བའི་དོན་ཏོ། །དེས་ན་གཞན་དང་

གཞན་ལས་བརྒྱུད་དེ་འོངས་པ་གང་དག་ཡང་སྔོན་ནས་དབང་པོ་རྣོན་པོ་སློབ་བཞིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམས་ཀྱིས་གྲུབ་སྟེ། རྡོ་རྗེ་ཐེག་པ་ནང་དུ་འདུས་པའི་ཕྱིར་རོ། །རྡོ་རྗེ་ཐེག་པ་ཡང་ལུས་ཀྱི་རིམ་པ་ལུས་ལ་བརྟེན་པའི་སེམས་དེས་ལུས་སུ་སོང་ཞིང་འཇུག་པའི་ཕྱིར་སེམས་

Vol. 6 · folio 145a

ཉིད་རང་རིག་པའི་བདག་ཉིད་དོ། །དེས་ན་ཉམས་སུ་མྱོང་བས་རབ་ཀྱི་མཐར་ཐུག་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ཐར་པ་ཐོབ་སྟེ། གང་གི་ཚེ་དེའི་རྗེས་སུ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་སྒྲིབ་པ་དང་བྲལ་བ་སྤྲོས་པ་མེད་པའི་ཡེ་ཤེས་ཐོབ་ཅེས་པའི་དོན་ཏོ། །དེས་ན་

རང་གི་ལུས་ལ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་ལའོ། །རྡོ་རྗེའི་སྐུ་ནི་དབྱེར་མེད་པའི་ཏིང་ངེ་འཛིན་དང་ལྡན་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཉིད་བཞུགས་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ། དེའི་ཕྱིར་གཞན་བརྗོད་དུ་མེད་པའི་བདེ་བ་ལ་གནས་པ་སྟེ། བདེ་བའི་མཐར་ཐུག་ཅེས་པའི་

དོན་ཏོ། །གཞན་དུ་ཞེས་པ་ནི་རང་གི་ལུས་མ་གཏོགས་པར་ཞེས་པའི་དོན་ཏོ། །གང་ནའང་མེད་ཅེས་པ་ནི་རང་རིག་པའི་མཐའ་དེ་དང་ཡང་བྲལ་བ་གང་ན་ཡང་མེད་པ་སྟེ་བསྟན་བཅོས་བརྗོད་པ་ལ་ཡང་གནས་པ་མ་ཡིན་ཞེས་པའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་

ཏེ། རང་གི་ལུས་སྤངས་ནས་གཞན་དུ་སངས་རྒྱས་ཉིད་ཅེས་པ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་རྣམས་ལ་ཡང་མེད་དོ། །དེའི་ཕྱིར། མི་ཤེས་པ་ཡིས་བསྒྲིབས་པར་འདོད། །ཅེས་པ་ལ་རྡོ་རྗེ་ཐེག་པ་དང་བྲལ་བ་དེ་རྣམས་ཀྱི་འདོད་པ་ནི་རང་གི་སེམས་ཀྱི་བསམ་པའོ། །བྱིས་

པ་རྣམས་ཀྱི་ཕྱོགས་གཅིག་པའི་ཕྱིར་དེས་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །རང་ལུས་ཡེ་ཤེས་ཆེན་པོའི་གནས། །ཞེས་པ་ནི་མཆོག་གི་ལོངས་སྤྱོད་རྫོགས་པའི་སྐུ་ཆགས་པ་ཆེན་པོ་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར་རོ། །དེ་ཉིད་ཀྱིས་ན། ཀུན་རྟོག་ཐམས་ཅད་སྤངས་པ་ཉིད། །ཅེས་

གསུངས་ཏེ། བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་དང་བྲལ་བ་མ་བཅོས་པ་སྐད་ཅིག་མའི་བདེ་བ་སྤངས་པའོ། །དེ་ཡང་ཆོས་ཀྱི་སྐུའི་མཚན་ཉིད་ཐམས་ཅད་མཁྱེན་པ་བགྲོད་བྱ་མ་ཡིན་པའོ། །དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ཞེས་པ་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་རྣམས་

ལ་ཁྱབ་པར་བྱེད་པའི་ཆོས་ཀྱི་སྐུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ཡང་ལུས་ལ་གནས་ཀྱང་ཞེས་པ་ནི་སྤྲུལ་པའི་སྐུའི་ལུས་ཤེས་པའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ལུས་དེ་ཡང་སྔོན་གྱི་གཟུགས་

Vol. 6 · folio 145b

བརྙན་གྱི་ཕྱིར་བདེ་བའི་རང་བཞིན་དེ་ཡང་སྒྱུ་མ་ལྟ་བུའི་ལྟ་བ་ལས་བྱུང་བའོ། །ཅིའི་ཕྱིར་ཞེ་ན། ཡང་དག་པར་ལྟ་བ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་གང་འཇིག་རྟེན་ལས་འདས་པའི་བདག་གི་ལྟ་བ་ཀུན་ལས་མི་ལྡང་བ་ཞེས་བྱ་བ་ལ་སོགས་པས་སོ། །ལུས་མ་སྐྱེས་པས་ནི་བརྗོད་དུ་མེད་པའི་ཕྱིར་ཀུན་རྫོབ་

དང་དོན་དམ་པའི་བདེན་པ་དག་གཅིག་པ་ཉིད་ཀྱིས་དབྱེར་མེད་པའི་མཚན་ཉིད་དོ། །དེས་ན་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་དོ། །དེའི་ཕྱིར་ལུས་དང་སེམས་དག་ཀྱང་མི་ཕྱེད་པའི་ཕྱིར་ལུས་ལས་མ་སྐྱེས་པའོ། །གང་གི་ཕྱིར་སེམས་མ་རྟོགས་པར་ཤེས་པར་མི་ནུས་པ་དེའི་ཕྱིར་བརྗོད་དུ་མེད་པའོ། །གལ་ཏེ་འདི་མ་ཡིན་

ན། དེ་ཅི་ཞེ་ན། འོད་གསལ་བའི་ཡེ་ཤེས་ཅན་གྱིས་གྲུབ་པའི་ཕྱིར་དབང་པོས་དམིགས་པ་དང་བྲལ་བ་དེས་ན་ལུས་ཀྱིས་ངེས་པར་གཟུང་བའི་དངོས་པོ་མེད་དོ། །དེའི་ཕྱིར་རང་རིག་པ་ལས་དམ་པ་ཞེས་པའི་དོན་ཏོ། །དེ་ཉིད་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་དེ་ཉིད་སངས་རྒྱས་ཏེ་རང་ཉིད་ཀྱིས་རབ་ཏུ་རྟོགས་

པའི་ཆོས་ཀྱི་དབྱིངས་ཉིད་གོ་འཕང་དམ་པ་མི་ཟད་པ་ཉིད་ཀྱིས་ན་སངས་རྒྱས་ཉིད་དོ། །དེ་ཡང་སངས་རྒྱས་རྣམས་ཀྱི་ཡུལ། །ཞེས་པ་ཕུང་པོ་ལྔ་རྣམས་དང་དབང་པོ་ལྔ་རྣམས་དང་ཁམས་ལྔ་རྣམས་ཀྱི་ཡུལ་ཉམས་སུ་མྱོང་བའི་ཕྱིར་རང་རིག་པའི་སྤྱོད་ཡུལ་དེའི་མཐར་ཐུག་པ་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་

པ་དབང་པོ་དང་ཕུང་པོ་དང་ཁམས་ཐ་མལ་པ་རྣམས་སྤངས་པ་བརྗོད་དུ་མེད་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་རྡོ་རྗེ་ཐེག་པ་མེད་པར་དངོས་སུ་དངོས་གྲུབ་མེད་ངེས་པའོ། །གང་གི་ཕྱིར་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་འགྱུར་ཞེས་བཅོམ་ལྡན་འདས་

ཀྱིས་གསུངས་པའི་ཕྱིར་རོ། །དེ་ལྟར་སེམས་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་པ་ནི་བདེན་མོད། འོན་ཀྱང་དབང་པོ་རྟུལ་པོ་རྣམས་ལ་དངོས་གྲུབ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་བློ་རྣོན་པོ་མ་ཡིན་པའི་ཕྱིར་ཞེས་པ་སྟེ་ངེས་པའོ། །དེ་ལྟར་ཡི་གེ་དོན་མཐའ་དག་གསུངས་པར་

འགྱུར་རོ། །སླར་ཡང་དེ་ཉིད་ཀྱི་དོན་མན་ངག་ཉིད་ཀྱིས་གསུངས་པ། འདིར་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་གནས་སྐབས་བརྗོད་དོ། །དེ་ལ་དཀར་པོའི་ཕྱོགས་ལ་སྤྲོ་བའི་རིམ་པས་ཟླ་བའི་ཆ་བཅོ་ལྔའོ། །དེ་བཞིན་དུ་ནག་པོའི་ཕྱོགས་ལ་

Vol. 6 · folio 146a

སྡུད་པའི་རིམ་པས་ཉི་མའི་ཆ་བཅོ་ལྔའོ། །དེ་བཞིན་དུ་ཉའི་མཐར་ཆ་གཅིག་གོ། །དེ་བཞིན་དུ་གནམ་སྟོང་གི་མཐར་ཡང་ཆ་གཅིག་གོ། །དེས་ན་སྤྲོ་བའི་རིམ་པས་དབང་པོ་ཞེས་པ་ནི་དགའ་བ་ལ་སོགས་པའི་ཚེས་ལྔའོ། །དཀར་པོའི་ཚེས་གཅིག་ནས་ཚེས་ལྔའི་མཐར་ཐུག་པ་འདི་ལྟ་

སྟེ། དགའ་བ་དང་བཟང་པོ་དང་། རྒྱལ་བ་དང་སྟོང་པ་དང་རྫོགས་པའོ། །དེ་བཞིན་དུ་ཕུང་པོ་ཞེས་པ་ནི་ལྔ་སྟེ་དྲུག་པ་ནས་བཅུ་པའི་མཐར་ཐུག་པ་དགའ་བ་ལ་སོགས་པའི་ཚེས་ལྔའོ། །དེ་བཞིན་དུ་འབྱུང་བ་ཞེས་པ་ནི་ལྔ་སྟེ། བཅུ་གཅིག་ལ་སོགས་པའི་ཉའི་མཐར་ཐུག་པ་སྔོན་བཞིན་དུ་ཚེས་ལྔའོ། །འདི་རྣམས་

ཀྱི་ཆ་ཨ་ལ་སོགས་པ་ཐུང་ངུ་ཡོན་ཏན་དང་ཡ་ཎའི་རྐྱེན་བསྒྱུར་བའོ། །དེ་བཞིན་དུ་ནག་པོའི་ཚེས་གཅིག་ལ་སོགས་པ་སྡུད་པ་ཉིད་འབྱུང་བ་དང་ཕུང་པོ་དང་དེ་བཞིན་དུ་དབང་པོ་རྣམས་ཏེ། ལྔ་དང་ལྔ་དང་དེ་བཞིན་ལྔ་ནས་སྟོང་གི་མཐར་ཐུག་པའི་ཆ་བཅོ་ལྔ་ཡ་ཎའི་རྐྱེན་བསྒྱུར་བ་ལ་སོགས་པ་རིང་པོ་རྣམས་སོ། །དེ་

བཞིན་དུ་རྗེས་དབྱངས་དང་ཚེག་དྲག་གི་ཆ་དག་བཅུ་དྲུག་པ་མཐའ་མ་ཉིད་དོ། །དེ་ལྟར་རྩའི་རྒྱུ་བ་རྣམས་ཀྱིས་སྲོག་དང་ཐུར་སེལ་ཕྲད་པས་ཨ་ཝ་དྷཱུ་ཏཱིར་འཇུག་པ་རྟོགས་པར་བྱའོ། །དེ་ལ་རེ་ཞིག་རྩ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ཁོང་སྟོང་རྒྱུས་པའི་དབྱིབས་ཀྱི་རྩའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་

རྩའོ། །དེ་བཞིན་དུ་བྱང་ཆུབ་སེམས་སྐྱེད་པར་བྱེད་པ་རླུང་གི་རྩའོ། །གང་གི་ཚེ་རྩ་དེ་རྣམས་གནམ་སྟོང་དང་ཉ་དག་གི་མཐར་གང་བར་འགྱུར་ཞིང་མཐའ་མ་དག་གི་ཆ་གཉིས་འདུས་པ་དེའི་ཚེ་བྱང་ཆུབ་སེམས་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་ཀྱི་རྒྱུ་བར་མི་འགྱུར་རོ། །དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་དང་

བྱང་ཆུབ་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ། །དེར་རོ་མཉམ་པའི་ཕྱིར་ཤའི་ཁམས་འཇུ་བར་འགྱུར་རོ། །དེ་ཞུ་བའི་ཕྱིར་རུས་པའི་ཁམས་འཇུ་བར་འགྱུར་རོ། །དེ་ཡང་ཞུ་བའི་ཕྱིར་པགས་པའི་ཁམས་ཞུ་བར་འགྱུར་རོ། །དེ་དག་ཡོངས་སུ་ཟད་པའི་ཕྱིར་ལུས་ལ་སོགས་པའི་ཁམས་གསུམ་ཡོངས་སུ་ཟད་

པར་འགྱུར་རོ། །དེས་ན་དབང་པོ་དང་ཕུང་པོ་དང་འབྱུང་བའི་ཁམས་རྣམས་ཡོངས་སུ་ཟད་པར་འགྱུར་རོ། །དེས་ན་གཟུང་བ་དང་འཛིན་པ་རྣམས་མི་དམིགས་སོ། །དེ་ལྟར་ཆ་གཉིས་གཉིས་མེད་པའི་དངོས་པོ་སྲོག་དང་བདེ་བ་དག་རོ་གཅིག་པའི་དངོས་པོའི་སྲོག་གི་བརྡ་ནི་ཚེག་དྲག་སྟེ། དེ་ཡང་དངོས་པོའི་

Vol. 6 · folio 146b

དབྱེ་བས་ཐབས་སོ། །དངོས་པོ་རྣམས་མཐར་བྱེད་པས་ན་ཤེས་རབ་བོ། །དེ་བཞིན་དུ་བདེ་བ་ནི་རྗེས་དབྱངས་ཏེ། དེ་ཡང་དངོས་པོའི་དབྱེ་བས་ཤེས་རབ་དང་ཐབས་ཉིད་དུ་གྱུར་པའོ། །དེ་ལྟར་ཁམས་གསུམ་པའི་འགྲོ་བ་བརྟན་པ་དང་གཡོ་བ་ལ་སོགས་པ་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དོ། །དེ་རྗེས་

སངས་རྒྱས་ཉིད་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དག་གི་རྗེས་སུ་སངས་རྒྱས་ཀྱི་སྤྱན་གྱིས་གང་མཐོང་བའི་དངོས་པོ་དེ་ཐམས་ཅད་ནི་གཞོན་ནུ་མའི་ཆགས་པ་བཞིན་ནོ། །དེ་ཡང་བདག་གིས་བླ་མ་བརྒྱུད་པའི་མན་ངག་ལས་ཤེས་མོད་ཀྱི་འོན་ཀྱང་གཞུང་འདིར་མ་བརྗོད་དེ། བརྗོད་དུ་མེད་པའི་ཕྱིར་རོ། །དེ་ཡང་

བླ་མ་དང་ལུང་དང་བདག་ཉིད་ལ་ཡིད་ཆེས་པས་བརྒྱུད་པ་ལས་བདག་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །ཡང་ན་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མའི་བཀའ་དྲིན་གྱིས་རྟོགས་པའི་དོན་ཏོ། །དེ་ལ་རང་གི་ལུས་ལ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དགོངས་

བཤད་གཞན་གྱིས་གདན་བཞིར་གསུངས་ཏེ། དེ་བཞིན་དུ་ཚིགས་བཅད་དང་པོ་ཕྱེད་ཀྱིས་བདག་གི་གདན་ནོ། །གཉིས་པ་ནི་ཚིགས་བཅད་ཕྱེད་ཀྱིས་གཞན་གྱི་གདན་ནོ། །གསུམ་པའི་ཚིགས་བཅད་ཕྱེད་ཀྱི་སྦྱོར་བའི་གདན་ནོ། །བཞི་པའི་ཚིགས་བཅད་ཕྱེད་ཀྱིས་གསང་བའི་གདན་བསྟན་ཏེ་མདོར་

བསྡུས་པའོ། །དེ་ལ་རང་གི་ལུས་ལ་སྤྱོད་པ་ནི་སངས་རྒྱས་ཉིད་དེ་འདིར་བདག་གི་གདན་གྱི་རྐང་པ་ནས་གཙུག་ཏོར་གྱི་བར་གྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་འཁོར་ལོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་སྲོག་གི་རླུང་ངོ་། །དེ་ཡང་བདག་གི་གདན་ཏེ། གང་གི་ཕྱིར་བདག་སྲོག་ལ་བརྟེན་པའོ། །དེ་ཡང་རང་གི་

ལུས་སྔོན་དུ་གསུངས་པའི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཟད་པའི་ཕྱིར་རྡོ་རྗེའི་སྐུ་སྟེ། དེ་ཡང་བདེ་བའི་རང་བཞིན་ནོ། །དེ་ཉིད་དུ་སངས་རྒྱས་བཞུགས་ཏེ། བདག་ཉིད་ཀྱིས་བདེ་བ་རྟོགས་པའི་ཕྱིར། གཞན་གང་ན་ཡང་མེད་ཅེས་པ་ནི་ཁྱད་པར་གྱི་དོན་ཏོ། །འོན་ཀྱང་བདག་ཉིད་སངས་རྒྱས་ཏེ་བདག་

ཉིད་རྟོགས་པ་དེ་ལ་དེ་སྐད་ཅེས་བྱའོ། །གཞན་དུ་གཞན་གསུངས་པ། ལུས་ལས་གཞན་དུ་སངས་རྒྱས་ཉིད། །ཅེས་པ་ནི་ལུས་ནི་སྔོན་དུ་གསུངས་པའི་སྲོག་གམ་ཆ་གཉིས་པོ་ཤེས་རབ་དང་ཐབས་དག་གོ། །ལུས་ལས་ཞེས་པ་ནི་དེ་ལས་གཞན་པ་ནི་གཞན་གྱི་གདན་ཞེས་པའི་མིང་ཅན་འོད་གསལ་བའི་ཡེ་

Vol. 6 · folio 147a

ཤེས་ཏེ། དེ་ཡང་སངས་རྒྱས་ཉིད་དེ་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དོ། །མི་ཤེས་པ་ཡིས་བསྒྲིབས་པར་འདོད། །ཅེས་པ་ནི་དེ་ལ། སངས་རྒྱས་མེད་གཉིས་མེད་པ་མེད། །ཁོ་ན་ཉིད་མེད་ཡེ་ཤེས་མེད། །ཅེས་པ་ལ་སོགས་པའི་རྣམ་གྲངས་དུ་མས་བསྟན་ཏེ། དེ་ཐམས་ཅད་ཀྱི་དངོས་པོ་མེད་

པའི་ཕྱིར་ཞེས་པ་ནི། མི་ཤེས་པ་ཡིས་བསྒྲིབས་པར་འདོད། །ཅེས་དེ་བཞིན་གཤེགས་པས་གསུངས་སོ། །དེ་ལྟར་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་མེད་པར་དངོས་གྲུབ་མེད་དོ། །དེ་ཡང་མཆོག་ཏུ་ཟབ་པའི་ཕྱིར་དོན་དམ་པའོ། །དེའི་ཕྱིར་ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པའི་ཕྱིར་སྦྱོར་བའི་

གདན་གསུངས་ཏེ། རང་ལུས་ཡེ་ཤེས་ཆེན་པོའི་གནས། །ཞེས་པ་ནི་འདིར་འཆད་བཞིན་པའི་འཁོར་ལོ་བཞིའི་ཚུལ་གྱིས་འཁོར་ལོ་བཞི་རབ་ཏུ་ཕྱེ་བས་སྔོན་དུ་གསུངས་པའི་བྱང་ཆུབ་སེམས་ཞུ་བའམ། རྒྱུ་བ་ལ་སོགས་པས་གང་ལུས་ལ་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ལྷ་དང་ལྷ་མོ་བསྒོམས་པ་ལས་ལྷན་

ཅིག་སྐྱེས་པའི་ཡེ་ཤེས་ཀུན་རྫོབ་ཉིད་བསྐྱེད་པ་དེ་ནི་རང་གི་ལུས་ལ་གནས་པའི་བྱང་ཆུབ་སེམས་ཀྱི་རྣམ་པ་རྩའི་ཡེ་ཤེས་སོ། །དེ་ཡང་། རྟོག་པ་ཐམས་ཅད་སྤངས་པ་ཉིད། །ཅེས་པ་ནི་དེ་ལྟར་གསུངས་པའི་ཡེ་ཤེས་ཆེན་པོ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རེ་རེའི་བདེ་བ་སྣ་ཚོགས་པའི་ཡང་དག་པའི་རྟོག་

པ་ལས། བདག་དང་བདག་གི་རྟོག་པ་སྤངས་པ་ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པ་ནི་སྦྱོར་བའི་གདན་ནོ། །དེ་བཞིན་དུ་གསང་བའི་གདན་གསུངས་པ། དངོས་པོ་ཀུན་ལ་ཁྱབ་བྱེད་པ། །ཞེས་པ་ནི་འདིར་རང་རིག་པའི་ཡེ་ཤེས་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པའི་དུས་སུ་

ཡང་སེམས་རང་རིག་པའི་རང་བཞིན་སྣ་ཚོགས་པའི་བདེ་བ་ཉེ་བར་དམིགས་པའི་ཕྱིར་རོ། །དེས་ན་ཉེ་བར་དམིགས་པས་བསམ་དུ་མེད་པ་ཡང་བསམ་པ་ཉིད་དུ་འགྱུར་རོ། །དེ་ནི་གསང་བའི་གདན་ནོ། །གང་གི་ཕྱིར་གསང་བར་བྱ་བས་ན་གསང་བའམ་དཔག་པར་དཀའ་བ་ཅུང་ཟད་ཀྱང་སྣང་བ་མེད་པ་གང་

གིས་ཀྱང་མི་དམིགས་པ་སུས་ཀྱང་མི་མཐོང་བའོ། །དེ་བཞིན་དུ་རང་རིག་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དེ་ཡང་སྣོད་ལ་སོགས་པ་བཅུད་དང་བཅས་པ་བརྟན་པ་དང་གཡོ་བའི་དངོས་པོའོ། །དེ་ལ་སོགས་པ་དངོས་པོའི་མཐའ་ཡས་པ་རྣམས་ཀྱིས་བརྗོད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words