དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་སཾ་པུ་ཊི་ཏི་ལ་ཀཱ་ནཱ་མ་ཡོ་གཱི་ནཱི་ཏནྟྲ་རཱ་ཛ་སྱ་ཊཱི་ཀཱ་སྨྲྀ་ཏི་སཾ་དཪྴ་ནཱ་ལོ་ཀ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 6 · folio 147b
པའི་དངོས་པོ་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་ཉིད་ཀྱིས་ན་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་སོ། །དེ་ཡང་ལུས་ལ་གནས་ཀྱང་ལུས་མ་སྐྱེས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ཏེ་སྐུའོ། །དེ་རྣམས་ཀྱི་ལུས་ལ་གནས་པ་ནི་རྟོག་པའི་ཡེ་ཤེས་སོ། །དེ་ཡང་ལུས་ལས་ཕྱིར་བྱུང་བའོ། །
དེའི་ཕྱིར་ལུས་ལ་གནས་ཀྱང་དེ་ལུས་ལས་མ་སྐྱེས་ཏེ་གཟུགས་མེད་པའི་ཕྱིར་རོ། །རྒྱ་ཆེ་བའི་ཕྱིར་ལུས་དང་ཁམས་རྣམས་ལ་བརྟགས་བཞིན་པ་ན་གང་ལས་ཀྱང་མ་སྐྱེས་ཏེ། གནས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་གསང་བའི་གདན་ནོ། །དེ་ལྟར་གདན་བཞིའི་བདག་ཉིད་ཀྱི་རྣལ་འབྱོར་ནི་ལྔ་པ་
དེ་ཁོ་ན་ཉིད་ཀྱི་གདན་ཏེ། དེ་ཡང་རྣལ་འབྱོར་པ་རྣམས་ཀྱིས་རྟག་པར་རྒྱུན་དུ་བསྒོམ་པར་བྱ་ཞེས་པ་སྟེ་ངེས་པའོ། །ད་ནི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །ལུས་ལ་རྩ་ནི་དུ་ཞིག་
མཆིས། །ཞེས་པ་ནི་རྡོ་རྗེ་སྙིང་པོས་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞེས་པ་ནི་བསྟན་པའི་སྒོ་ནས་བསྟན་པའོ། །བཅུ་ཕྲག་གཉིས་ལྷག་བརྒྱ་ཕྲག་གཅིག །འཁོར་ལོ་བཞིའི་རབ་དབྱེ་ཉིད། །ཅེས་པ་ནི་མདོར་བསྡུས་པའི་ཚིག་གོ། །དེ་ལ་ལྟེ་བར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ། །དེ་
བཞིན་དུ་སྙིང་གར་འདབ་མ་བརྒྱད་པའོ། །མགྲིན་པར་འདབ་མ་བཅུ་དྲུག་པའོ། །སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་པའོ། །དེ་ལྟར་སྐུ་དང་ཐུགས་དང་། གསུང་དང་། ཡེ་ཤེས་ཀྱི་འཁོར་ལོ་རྣམས་རིམ་པ་བཞིན་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཀྱི་རབ་ཏུ་དབྱེ་བ་
ཉིད་དེ་མདོར་བསྡུས་ན། བརྒྱ་ཕྲག་གཅིག་དང་ཉི་ཤུའོ། །འོན་ཀྱང་རྒྱས་པར་ནི་བྱེ་བ་ཕྲག་བརྒྱད་ཅུ་སྟེ། རང་བཞིན་གྱི་ཆོས་རྣམས་ཀྱི་དབང་གིས་སོ། །གཞན་འཇིག་རྟེན་དུ་གྲགས་པ་ནི་བྱེ་བ་ཕྲག་ཕྱེད་དང་བཞི་སྟེ་བ་སྤུ་དང་སྐྲའི་ཆོས་ཉིད་དོ། །དེ་ལྟར་འཁོར་ལོ་བཞིའི་རབ་ཏུ་དབྱེ་བའི་རྩ་ལྷའི་རང་བཞིན་རྣམས་ནི་
གདན་བཞི་ལ་སོགས་པ་རྣམས་སུ་ཤེས་པར་བྱ་སྟེ། དེས་ན་འདིར་ནི་རྒྱས་པར་མ་གསུངས་སོ། །འོན་ཀྱང་འདིར་ནི་བདག་གིས་བླ་མ་བརྒྱུད་པའི་མན་ངག་གིས་འདི་རྣམས་ཀྱི་བཤད་པ་ཅུང་ཟད་ཙམ་བརྗོད་དོ། །དེ་ལ་རེ་ཞིག །རང་བཞིན་འཁོར་ལོར་མི་རྟོག་པ། །བྱང་ཆུབ་སེམས་ནི་བདེ་ཆེན་པོ། །རྣལ་འབྱོར་མ་
Vol. 6 · folio 148a
ནི་དྲུག་ཅུ་བཞིའོ། །ལྟེ་བའི་རྩ་ཡི་པདྨར་འཇུག །དབུས་རྩར་བཙན་ཐབས་སྦྱོར་བ་ཡིས། །ལག་པས་རྐང་པ་གཉིས་བཟུང་ནས། །ལྟག་པ་ནས་ནི་སྐེར་གཟུང་ཞིང་། །གྲུ་མོ་གཉིས་ཀྱིས་སྣ་ནི་གཟིར། །དེ་ཚེ་རླུང་ནི་བཟུང་བར་བྱེད། །དབུགས་སྟོང་འགྲོ་བའི་སྦྱོར་བ་ཡིས། །སེམས་ནི་
པདྨར་གཞུག་པར་བྱ། །ཆོས་རྣམས་ཐམས་ཅད་སྟོང་རང་བཞིན། །ཕུང་པོ་ཁམས་ནི་བརྒྱད་པོ་གཞོམ། །རྩ་བཅིངས་པ་ཡིས་རླུང་ལ་ཞུགས། །རླུང་གཉིས་དབྱེར་ནི་མེད་ཞུགས་པས། །པདྨའི་མདུད་པ་དབྱེ་བར་བྱ། །མགྲིན་པར་བརྒྱད་གཉིས་ཀྱི་ནི་རྩ། །དབུ་མ་ཡི་ནི་མདུད་པར་འབར། །སྔོན་གྱི་བྱེད་པའི་
བཅིངས་པས་འདོར། །བདེ་བ་ཆེན་པོའི་པདྨར་འཇུག །སུམ་ཅུ་གཉིས་སུ་ཞུགས་པ་ཡིས། །རྩ་ལས་རྒྱུན་མི་འཆད་པར་འབབ། །མཐེ་བོང་ནས་ནི་རླུང་བཀུག་ཅིང་། །གཙུག་ཏོར་བར་དུ་འཛག་པར་བྱ། །དེ་ནས་བླ་མའི་བཀའ་དྲིན་ནི། །རྣལ་འབྱོར་མ་ཡི་སྡེ་ཡི་ཆོས། །འདི་ནི་སུ་ལའང་བསྟན་མི་བྱ། །
མི་ཐོགས་འགྲོ་བའི་གཙོ་བོར་འགྱུར། །རྩའི་འཁོར་ལོ་གཟུང་བའི་མན་ངག་འདིས་དངོས་གྲུབ་ཐོབ་ཅིང་དུས་སུ་འཆི་བ་ཡང་སླུ་ན་དུས་མ་ཡིན་པར་འཆི་བ་ལྟ་ཅི་སྨོས། འདིས་རྒྱུན་མི་འཆད་པར་བསླབས་པའི་སྦྱོར་བས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་ཀྱང་འཐོབ་བོ། །སླར་ཡང་གང་གི་ཚེ་རྣལ་
འབྱོར་པ་རྣམས་མན་ངག་བསྒོམ་པའི་དུས་སུ་རྩ་སུམ་ཅུ་རྩ་གཉིས་ཁོང་སྟོང་དེ་རྣམས་ཀྱི་ནང་རྣམས་སུ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་རྒྱུན་དེ་རྣམས་འབྱུང་བ་དེ་རྣམས་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བྱང་ཆུབ་སེམས་ནི་རྣམ་པ་གཉིས་ཏེ། དེ་
ལ་གཅིག་ནི་རྒྱུན་འཛག་པའི་རང་བཞིན་ནོ། །གཉིས་པ་ནི་ཡི་གེའི་དོན་ཉིད་དོ། །དེ་དག་ལ་རྒྱུན་འཛག་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར་པ་རྣམས་ལ་བདེ་བ་སྟེར་བར་བྱེད་པའོ། །དེ་བཞིན་དུ་གང་ཡི་གེའི་དོན་དེ་ནི་དོན་དམ་པའི་བདེ་བ་སྟེར་བར་བྱེད་པའོ། །དེ་ཡང་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་མིང་
གི་དབྱེ་བས་ཇི་སྲིད་མཆོག་ཏུ་མི་འགྱུར་བ་དེ་སྲིད་རྣལ་འབྱོར་པ་རྣམས་ཀྱིས་མཚན་རྣམས་ཐོབ་པའོ། །དེ་བཞིན་དུ་མཆོག་ཏུ་འདོད་ཅེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་འདོད་ཅེས་པའི་དོན་ཏོ། །དེ་ཡང་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་བྱ་བ་ཚིག་འབྲས་
Vol. 6 · folio 148b
བུ་ལ་ཉེ་བར་སྤྱོད་པའི་ཕྱིར་ཞེས་སྦྱར་ཏེ་དེ་ཉིད་ཀྱི་ལས་ནི་མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པར་དགོངས་སོ། །དེ་ཉིད་ལ་གསུངས་པ། ཨ། ཐོག་མ་བར་དང་མཐའ་མ་རུ། །བྷེ། རྐང་པ་ནས་ནི་མགོ་རུ་དབྱེ། །དྱཱ་བདུད་རྩི་ཡིས་ནི་དགའ་བཞིན་པ། །སཱུ། ཁོང་སྟོང་ཐམས་ཅད་དུ་ནི་འགྲོ། །ཀྵྨ། དེ་ཉིད་དུ་ནི་འཛིན་
པར་བྱེད། །རཱུ། བདེ་བ་ཞེས་པ་བརྟེན་པ་ཡིན། །པཱ། དོན་དམ་པ་ཡི་སེམས་ནི་ཉིད། །ཙ། དཔྱད་པ་ཡིས་ནི་བྱང་ཆུབ་མཆོག །དི། ཉིན་མོའི་དུས་སུ་རྩ་ནི་གྲང་། །བྱཱ། མགོ་ཡི་སྤྱི་གཙུག་བར་དུ་ཁྱབ། །བཱ། ཚིག་ནི་ལྕེ་དབང་པདྨ་རུ། །མཱ། མ་དུ་ལུང་གའི་མགོ་བོ་རུ། །ཏུ། བཞི་པ་རྡོ་རྗེའི་རྩེ་མོའི་རྩར། །བཱ། གཡོན་ཏུ་ཁུ་
བའི་བུ་ག་རུ། །མ། ནོར་བུ་གནས་སུ་སོང་བ་ཙམ། །ཎཱི། བྱང་ཆུབ་སེམས་སུ་ཐིམ་པའོ། །ཀཱུ། དབང་པོ་ཐམས་ཅད་ལ་ནི་ཁྲོས། །རྨ། དབུ་མའི་རྩ་རུ་རྟོགས་པ་ཡི། །ཛཱ། གཏུམ་མོ་ཡི་ནི་གཟུགས་ཀྱིས་འཛག །བྷ། དངོས་དང་དངོས་མེད་ཟད་བྱེད་མ། །བ། སྒྲུབ་པོ་རྣམས་ཀྱིས་མཆོག་གི་གཟུགས། །ཀཱི། གྲགས་
དང་བདེ་བས་སྒེག་པ་མོ། །སི། མཆོག་དེ་ཁོ་ན་ཉིད་ནི་བརྟེན། །ཀཱ། འདོད་པའི་བསྟན་བཅོས་རྗེས་འབྲངས་མ། །དྷཱུ། དུ་བའི་ལམ་ནི་སྙིང་ཉིད་དོ། །ཡང་ན། འོག་ལྟའི་བཟང་མོའི་གཟུགས་ཅན་མ། །ཥཱ། ཚར་གཅད་རྗེས་སུ་བཟུང་བྱེད་མ། །བི། དབེན་པའི་བདག་ཉིད་སྐྱེད་བྱེད་མ། །ཥྚཱ། ཁམས་ནི་བཅོ་བརྒྱད་
འབབ་པ་མོ། །རྩ། ལུས་རྣམས་ཐམས་ཅད་དུ་ནི་རྒྱུ། །མཱ། མགྲིན་པ་དང་ནི་རྐང་དུ་མདར། །ཏུ། མྱུར་འགྲོའི་མཆོག་ནི་ལྟེ་བ་རུ། །རཱ། འདོད་ཆགས་མེ་ནི་རབ་འབར་མ། །ས། རྒྱུ་དང་མི་རྒྱུ་སྙིང་འཁོར་ལོར། །རྦ། རྐང་རྣམས་བཅིང་བར་སྦྱོར་བྱེད་མ། །རཱི། ཁུ་བ་ཐམས་ཅད་དུ་ནི་འཕངས། །ཤཱི། བར་གྱི་མཚམས་
ནི་ཚོལ་འགྲོ་མ། །ཏཱ། ཤིང་གི་གཟུགས་སུའང་དེ་ཤེས་བྱ། །དཱ། བྱང་ཆུབ་ཀྱི་ནི་སེམས་ཉིད་གཟུང་། །ཨུ། ཨུ་ཡི་ཡི་གེ་ཡི་ནི་གཟུགས། །ཥྨཱ། སྣ་ཡི་གནས་སུ་འགྲོ་འོང་བྱེད། །ཙ། ཐམས་ཅད་སྤྱོད་པར་སོང་བ་ནི། །ལ་ལ་ནཱ་བཅིངས་སྦྱོར་བ་ཡིས། །ར་ས་ནཱ་ནི་རྐན་གྱི་ལམ། །དྭེ། རྩ་གཉིས་
ཨ་ཝ་དྷཱུ་ཏཱིར་མ། །པྲ། ལྟེ་བ་ཡི་ནི་བུ་གར་ཞུགས། །མཱ། ང་རྒྱལ་ཅན་རྣམས་རྟོགས་བྱེད་མ། །ནཱ། སྣ་བུག་གཉིས་ཀ་ལས་ནི་སྟེང་། །ཀྲྀ། དབང་པོ་ཐམས་ཅད་དགུག་པར་བྱ། །ཥྞ། དྲོ་བའི་སྒོར་ནི་སོང་བའི་རྩ། །ཝ། ཡུར་བ་ཡི་ནི་ངོ་མཚར་བྱེད། ཁ་དོག་སྣ་ཚོགས་སྤངས་པ་ཉིད། །ཙ། གཏུམ་
Vol. 6 · folio 149a
བྱེད་གཏུམ་པའི་མ་མོའོ། །སཱ། བུ་ག་སྙིང་པོ་ལས་འབར་མ། །མཱ། དེར་ནི་བདག་ཉིད་མཆོད་པར་བྱེད། །ནྱ། གང་ཞིག་སྣང་བ་གསུམ་སྤངས་པ། །ཧེ། དེ་ཡི་རྒྱུ་ནི་འོད་གསལ་བའོ། །ཏུ། བཞི་པའི་དབང་གིས་རྩ་ནི་གང་། །དཱ། བློ་ལྡན་མཁའ་བཞིན་རྟག་ཏུ་བསམ། །ཡེ། གང་
དག་གི་ནི་ཁམས་ཐམས་ཅད། །ཀཱ། ལུས་ཅན་གྱི་ནི་རྩ་མང་པོ། །བི། དེ་ཉིད་དུ་ནི་ངལ་ནི་བསོས། །ཡོ། རྣལ་འབྱོར་པ་དེ་བ་མི་འགྱུར་བའོ། །གཱ། དེར་ནི་ཤིན་ཏུ་བརྗེ་དབང་གིས། །རྩ། རྒྱུ་བ་དག་གི་རྩ་འདྲ་བ། །པྲེ། དེ་ཉིད་དུ་ནི་གཞུག་པར་བྱ། །མ། གནད་གཅོད་སྲེད་པ་མཐར་བྱེད་མ། །ཎཱི། ཁུག་རྣ་དུ་བ་ལ་སོགས་ཀྱིས། །
སི། ཕྱག་རྒྱའི་དངོས་གྲུབ་འདོད་ཅན་མ། །དྷཱ། རྩིབས་བཅུ་གཉིས་ཀྱི་འཁོར་ལོར་བཤད། །ཙ། རྒྱུ་བའི་སྲོག་ནི་མཛེས་པའོ། །བཱ་མེ་ཡིས་རབ་ཏུ་དགང་བར་བྱ། །བ། ཉོན་མོངས་པ་ནི་སླུ་ཞིང་གསད། །ཀཱི། སྒྲ་ཡི་རྣམ་པ་ལྟ་བུའི་རྩ། །སུ། ཡིད་བཟངས་སྟེང་དུ་རབ་རྒྱུ་མ། །མ། ཡིད་སྲུབ་སྟེང་དུ་སོང་བ་ཉིད། །
ན། མི་ཡི་སྣ་ནི་འཕྱང་བས་ན། །ཏ། དེ་བཞིན་གཤེགས་པ་རྣམས་ཀྱིས་གས་གསང་། །ཐཱ། དེ་ཡི་གནས་ནི་སྟེང་བུ་ག །ཏྲི། རྩ་གསུམ་ཟླ་ཉི་སྒྲ་གཅན་ཏེ། །བྲི། དུས་མེ་ཞེས་པའི་བྱ་བའང་བཅིངས། །ཏཱ། སྐར་མ་རྣམས་དང་མིག་སྨན་མཁའ། །ཀཱ། ཐམས་ཅད་ཀྱི་ནི་ཁ་ནི་འབྱེད། །མི། དབང་པོས་མཆོག་ནི་
རྟོགས་པའི་ཕྱིར། །ནཱི། རྩ་གང་དག་ནི་མདུད་པ་མེད། །གེ། གླུ་ཡི་སྒྲ་ནི་རྗེས་འགྲོ་མ། །ཧཱ། ཧཱ་ཞེས་པ་ལས་འཆར་བ་ཉིད། །ཙཾ། གཏུམ་མོ་ཡི་ནི་གནས་སུ་འོངས། །རཱ། སྒོ་ང་རྣམས་ནི་འདིར་འགས་ཉིད། །ཀཱ། གཏི་མུག་ལ་སོགས་སྨོས་ཅི་དགོས། །མཱ། འབྱུང་བ་ཐམས་ཅད་རྣམས་ཀྱི་གཞི། །རཱ། དེ་ཉིད་དུ་ནི་
དགའ་བར་བྱ། །དཱ། བྱང་ཆུབ་ལམ་ལ་སེམས་དཔས་གཟུང་། །རཱི། དགྲ་བོ་རྣམས་ནི་ཟད་བྱེད་མ། །ཀཱ། འདོད་པའི་མཆོག་ནི་ཀུན་དུ་སྦ། །རྩ་སུམ་ཅུ་རྩ་གཉིས་པོ་ཀུན་རྫོབ་དང་དོན་དམ་པའི་གཟུགས་ཀྱི་བདག་ཉིད་བརྒྱུད་པའི་རིམ་པ་བླ་མ་དང་དགེ་བའི་གྲོགས་མཆོག་དེ་ཉིད་ཀྱི་ཁ་ནས་ཁོང་དུ་ཆུད་པར་བྱའོ། །རྩ་
འདི་རྣམས་ཞེས་པ་ནི་སླར་ཡང་རྡོ་རྗེ་སྙིང་པོས་ཞུས་པའོ། །དེ་རྣམས་ནི་སྔོན་དུ་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་སོ། །བཅོམ་ལྡན་འདས་ཇི་ལྟ་བུ་ཞེས་པ་ནི་བཅོམ་ལྡན་འདས་ལ་དྲིས་པའོ། །ཇི་ལྟ་བུ་ཞེས་པ་ནི། རང་བཞིན་ཇི་ལྟ་བུ་ཞེས་པ་སྟེ། འདིར་གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར་མའི་
Vol. 6 · folio 149b
རྒྱུད་རྣམས་ལ་དམིགས་པ་དེ་རྣམས་ཐམས་ཅད་ནི་རྩ་རྣམས་ཏེ། དེ་ཡང་ཅི་བསྒོམས་པའི་གནས་མ་ཡིན་ནམ་ལུས་རང་གྲུབ་པའི་ཕྱིར་རོ། །ཡང་ན་ལུས་ཀྱི་ནང་རྣམས་སུ་པདྨའི་རྩ་བ་ལྟ་བུ་ཐ་དད་པའི་འཁོར་ལོ་ཡོད་དམ་དེ་ཇི་ལྟ་བུར་འགྱུར་ཞེས་དགོངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲིད་པ་གསུམ་
ཞེས་བྱ་བ་ལ་སོགས་པས་ལན་གསུངས་ཏེ། འདིར་དགོངས་བཤད་གཞན་གྱིས་ལུས་ལ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ནི་སྲིད་པ་གསུམ་དུ་གསུངས་ཏེ། དེ་ཡང་གཅིག་ཏུ་འདུས་པ་ནི་ལུས་ཏེ། དེའི་ཡོངས་སུ་གྱུར་པ་ཞེས་པ་ནི་ལུས་ཐམས་ཅད་ཀྱི་བ་སྤུའི་བུ་ག་ལ་སོགས་པ་དང་ཚིགས་དེ་རྣམས་
ཐམས་ཅད་དུ་རྩ་སུམ་ཅུ་རྩ་གཉིས་ནང་དུ་འདུས་པར་འགྱུར་བ་ནི་ཁུ་བའི་རྣམ་པ་ཉིད་དོ། །དེའི་ཕྱིར་ཐམས་ཅད་གཟུང་བ་དང་འཛིན་པ་སྤངས་པའོ་ཞེས་གསུངས་སོ། །གལ་ཏེ་རེ་ཞིག་བྱང་ཆུབ་སེམས་ཀྱི་བདག་ཉིད་གཞན་རྒྱུས་པ་དང་རྩ་ཁོང་སྟོང་རྣམས་ཇི་ལྟ་བུ་ཞེ་ན། ཇི་ལྟར་བུ་རམ་ཤིང་གི་སྡོང་བུའི་
ཁམས་སྣ་ཚོགས་པ་ནི་བེམས་པོའི་བདག་ཉིད་དོ། །རོ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དེ་བཞིན་དུ་ལུས་ཀྱི་རྒྱུས་པ་སྣ་ཚོགས་པ་དང་རྩ་རྣམས་ཀྱང་བེམས་པོར་གྱུར་པ་སྟེ། དེ་རྣམས་ལ་བྱང་ཆུབ་སེམས་ནི་རོ་གཅིག་ཏུ་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །འོན་ཀྱང་དེ་ནི་གནས་སུམ་ཅུ་རྩ་
གཉིས་སུ་སྐྱེས་པའོ། །དེ་ལ་རེ་ཞིག་མི་ཕྱེད་པ་ནི་སྤྱི་བོར་རོ། །ཕྲ་གཟུགས་མ་ནི་སྤྱི་གཙུག་ཏུ། །ཞེས་པ་ལ་སོགས་པ་ནི་དགྱེས་པའི་རྡོ་རྗེར་གསུངས་པའི་ཚིག་ལས་ཤེས་པར་བྱའོ། །ཇི་ལྟར་འདིར་བུ་རམ་ཤིང་སྡོང་བུ་གཅིག་ཉིད་ལ་མདུད་པ་སྣ་ཚོགས་པ་ཡོད་པ་དེ་བཞིན་དུ་ལུས་ལ་ཡང་མདུད་
པ་སྣ་ཚོགས་པ་ཡོད་པའོ། །དེས་ན་གཟུང་བ་དང་འཛིན་པ་སྤངས་པའི་དོན་ཏོ། །ཇི་ལྟར་བུ་རམ་ཤིང་གི་སྡོང་བུ་འཁྲུལ་འཁོར་གྱིས་རོ་དྲངས་ཏེ་དངོས་པོ་ལོགས་སུ་བྱས་པ་དེ་ཡང་གང་དུ་འདོད་པ་དེར་ཁྱེར་ཏེ་ཆང་ལ་སོགས་པ་བསིང་བའི་ཕྱིར་རོ། །དེ་བཞིན་དུ་ལུས་ལ་ལྟེ་བའི་འཁྲུལ་འཁོར་གྱིས་ཏེ་དབུས་
སྟེང་དང་འོག་ཏུ་འགྲོ་བས་བྱང་ཆུབ་སེམས་ཀྱི་བཅུད་དྲངས་པ་ལོགས་སུ་བྱས་པའི་དངོས་པོ་ནི་ཁམས་རྣམས་ལས་ཐ་དད་པ་ཉིད་དེ། བྱང་ཆུབ་སེམས་ཀྱི་བཅུད་དེ་ཡང་གང་དུ་འདོད་པ་དེར་ཁྱེར་ཏེ་རྩ་སྣ་ཚོགས་པར་རྒྱུ་བའི་ཕྱིར་རོ་ཞེས་སྦྱར་རོ། །བྱང་ཆུབ་སེམས་དེ་ལ་ཡོན་ཏན་མེད་པ་མེད་དེ་དྲི་མ་མེད་པའི་ཕྱིར་
Vol. 6 · folio 150a
རོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་ཞེས་པའི་དོན་ཏོ། །གལ་ཏེ་རེ་ཞིག་དབང་པོ་གཉིས་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་ལག་པའམ་ཉ་ཕྱིས་ལ་སོགས་པས་བླངས་པ་དེའི་ཚེ་དེ་ལ་ཅུང་ཟད་ཀྱང་སྲོག་གི་གཟུགས་མེད་དེ་བེམས་པོ་དེ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་
གལ་ཏེ་སྲོག་མེད་ན་དེ་ལས་ཇི་ལྟར་འཇིག་རྟེན་རྣམས་སྐྱེ་བར་འགྱུར་ཞེ་ན། དེ་གསུངས་པ་མ་དང་ཕ་ཡང་དག་པར་སྦྱོར་བ་ལས་འགྱུར་ཏེ། ཕ་མེད་པར་མ་འབའ་ཞིག་ལས་མི་སྐྱེའོ། །དེ་བཞིན་དུ་མ་མེད་པར་ཕ་འབའ་ཞིག་ལས་ཀྱང་མི་སྐྱེའོ། །དེའི་ཕྱིར་བདེ་བ་ཙམ་འབའ་ཞིག་གི་རང་བཞིན་ཉིད་དུ་
འགྱུར་རོ། །ཇི་ལྟར་བུ་རམ་ཤིང་གི་རོ་མངར་བའི་རང་བཞིན་དེ་ལ་སྲོག་ཡོད་པ་ནི་མ་ཡིན་ཏེ་བེམས་པོའི་ཕྱིར་རོ། །དེ་ལྟར་དངོས་པོའི་སྦྱོར་བས་བེམས་པོ་མ་ཡིན་པའི་དངོས་པོ་རྣམས་སྐྱེ་བར་འགྱུར་རོ། །ཇི་ལྟར་ས་ལ་ས་བོན་སྣ་ཚོགས་པ་བཏབ་པས་འབྲས་བུ་སྣ་ཚོགས་པ་སྐྱེ་བར་འགྱུར་ཞེས་པ་ལ་
སོགས་པ་ནི་བདེན་པའམ་མི་བདེན་པར་འཁྲུལ་པར་མི་བྱའོ། །འོ་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏོ། །དེ་ལྟར་ཕུང་པོ་དང་། ཁམས་ལ་སོགས་པའི་བདག་ཉིད་རྣལ་འབྱོར་གྱི་རྒྱུད་དང་། དེ་བཞིན་རྩ་བའི་བདག་ཉིད་རྣལ་འབྱོར་མའི་རྒྱུད་དོ། །དེས་ན་ཀུན་རྫོབ་དང་དོན་དམ་པ་ཁ་སྦྱོར་ཤེས་རབ་དང་
ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདིས་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ། །འོན་ཀྱང་དྲན་པ་ཉེ་བར་གཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དབང་པོ་ལྔ་ལ་སོགས་པ་
བཞིས་བཤད་དེ། དེས་ན་བསྟན་པ་དང་བཤད་པ་ངེས་པའོ། །བྱང་ཆུབ་སེམས་ཞེས་པ་ནི་འདིར་འཇིག་རྟེན་ལས་འདས་པ་དོན་དམ་པ་དེ་ལ་འཇུག་པའི་མིང་གང་ལ་ཡོད་པ་ནི་བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ཞེས་པའི་རབ་ཏུ་བྱེད་པའོ། །དེ་ཡང་ལས་གང་གིས་བསྐྱེད་པ་དེ་བྱེད་པའི་ཕྱིར་རབ་ཏུ་བྱེད་པའོ། །
དང་པོ་ལ་ལྟོས་པས་ན་གཉིས་པའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དང་པོའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གཉིས་པའོ།། །།ད་ནི་དེ་ཁོ་ན་ཉིད་དམིགས་པའི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་
Vol. 6 · folio 150b
ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བྱང་ཆུབ་སེམས་ལ་འཇུག་པའི་རབ་ཏུ་བྱེད་པ་བསྟན་པའི་རྗེས་ཐོགས་སུའོ། །བཅོམ་ལྡན་འདས་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་རོ་གཅིག་པར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་དེ་ཞེས་པ་ནི་སྒྱུ་མའི་
གཟུགས་བརྙན་གྱི་བདག་ཉིད་དོ། །དེ་རྣམས་ཀྱིས་མཆོད་པར་བྱ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་བདག་ཉིད་ལ་ཡིད་ཆེས་པས་སོ། །ཕྱག་བཙལ་ནི་ཞེས་པ་ནི་དེ་རྣམས་ཀྱིས་ཡང་དང་ཡང་དུ་ཕྱག་འཚལ་བའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པར་བྱེད་དོ། །གསང་
ཆེན་ཞེས་བྱ་བ་ལ་སོགས་པ་ལ་སྙིང་པོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡང་གོང་མའོ། །གསང་ཆེན་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པའི་ཡེ་ཤེས་སོ། །བླ་ན་མེད་ཅེས་པ་ནི་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པ་ལས་
བླ་ན་མེད་པ་སྟེ་དེ་རྣམས་ཀྱི་གོང་མ་ཕུལ་དུ་ཕྱུང་བ་ཡང་དག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་བགྲོད་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་སོ། །དེ་ནས་ཞེས་པ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་སུ་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་ལ་དམིགས་ཏེ། རྨི་ལམ་བཞིན་དེ་
བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་མཁྱེན་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་མའི་རྒྱུད་རྣམས་སོ། །སྙིང་པོ་ཞེས་པ་ནི་དེ་རྣམས་ཀྱི་སྙིང་པོ་ཞེས་པའོ། །དེ་ཅི་ཞེ་ན་གསུངས་པ། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་
འཛིན་ཞེས་བྱ་བ་ལ། ཡེ་ཤེས་ཞེས་པ་ནི་ཁམས་གསུམ་པ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་དེས་ཡོངས་སུ་ཤེས་པ་སྟེ། ཡང་དག་པར་རྫོགས་པར་སངས་རྒྱས་ནས་མར་མེ་བཞིན་དུ་རིག་པའི་ཕྱིར་རོ། །རྡོ་རྗེ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཡེ་ཤེས་ཀྱི་སྣང་བ་དེའི་རང་བཞིན་ཉིད་ཅེས་
པའི་ཏིང་ངེ་འཛིན་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་རྒྱུད་ཐམས་ཅད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དོ། །དེ་གསང་ཆེན་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་གསང་ཆེན་ཞེས་པའི་དོན་ཏོ། །དེ་ཡང་གསུངས་པ་ཞེས་པ་ནི་བྲག་ཅའི་སྒྲ་ལྟར་ཉན་པ་པོ་རྣམས་གཞུག་པའི་ཕྱིར་དེར་དེ་གསུངས་
Vol. 6 · folio 151a
སོ། །གསང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལུས་ལ་བུ་ག་བཅུ་དྲུག་ཏུ་འགྱུར་ཏེ། དེ་རྣམས་ཀྱང་ཡི་གེ་བཅུ་དྲུག་གི་མིང་རྣམས་ཀྱིས་མཚོན་ཏོ། །གང་དག་བུ་ག་ཞེས་པ་དེ་དག་ནི་མཚམས་རྣམས་ཏེ། འདི་ལྟར་ར་གསུམ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པའི་མཚམས་རྣམས་
སུའོ། །དེ་བཞིན་དུ་ཧ་ནི་སྤྱི་བོའི་མཚམས་སུའོ། །ལྷག་མ་ཡི་གེ་བཅུ་གཉིས་ནི་རིམ་པ་བཞིན་ལག་པ་དང་རྐང་པ་ལ་སོགས་པའི་མཚམས་རྣམས་སུའོ། །དེ་ལྟར་ར་གསུམ་དང་ཧ་ནི་ཨ་ཝ་དྷཱུ་ཏཱི་ལ་ཡང་དག་པར་སྦྱར་བའོ། །དེ་བཞིན་དུ་ཡི་གེ་བཅུ་གཉིས་ནི་ལ་ལ་ནཱ་དང་ར་ས་ནཱ་ལ་དྲུག་དྲུག་ཡང་དག་
པར་སྦྱོར་བའོ། །གཞན་སྒོ་དགུ་རྣམས་ཀྱི་བུ་ག་དགུ་ནི་རབ་ཏུ་བྱེད་པ་དང་པོར་གསུངས་སོ། །དེ་ལྟར་བུ་ག་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་ལུས་སོ། །གང་སྙིང་གའི་བུ་ག་དེ་ནི་གཙུག་ཏོར་གྱི་བུ་གའོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་ལྟེ་བ་དང་སྙིང་ག་དང་མགྲིན་པ་དང་མགོ་བོར་ཡི་གེ་རྣམས་ཏེ། དེ་ཉིད་
དེར་རིམ་གྱིས་འོག་དང་སྟེང་དུ་འབབ་པའོ། །དེའི་ཕྱིར་དཔལ་གསང་བ་འདུས་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་དོ། །དེ་ཡང་སངས་རྒྱས་ཀུན་དངོས་པོ། །ཞེས་པ་ནི་སངས་རྒྱས་ཉི་ཤུ་རྩ་ལྔ་སྟེ་ལྷ་དང་ལྷ་མོ་རྣམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །སེམས་དཔའ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་སེམས་
དཔའ་ཞེས་བརྗོད་དེ། སེམས་དཔའ་འབྱུང་བའི་ཕྱིར་རོ། །ཡང་ན་རྟག་པའི་རང་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་དྲི་མ་མེད་པ་ངེས་ན་ཆོས་ཀྱི་སྐུའི་རྒྱུན་གྱི་སྦྱོར་བས་ཕུལ་དུ་ཕྱུང་བ་ཉིད་དོ། །གང་གི་ཕྱིར་དེ་བཞིན་ཉིད་ཀྱི་བདག་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱང་ཡིན་ལ།
དེ་བཞིན་གཤེགས་པ་ཡང་ཡིན་ཏེ། དེས་ན་མ་སྐྱེས་ཤིང་མི་འགག་པ་ནི་དེ་བཞིན་གཤེགས་པའོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དེ་བཞིན་དུ་རྡོ་རྗེའི་སྒྲས་ནི་ཆོས་ཀྱི་སྐུ་གཟུང་ངོ་། །མི་ཕྱེད་པས་ན་རྡོ་རྗེའམ། །དུས་ཐམས་ཅད་དུ་མི་འཇིགས་པའི་ཆོས་ནི་རྡོ་རྗེའོ། །ཁྱབ་པར་བྱེད་པའི་ཕྱིར་ཆོས་ཀྱི་དབྱིངས་
ནི་སེམས་དཔའོ། །འདི་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་སེམས་དཔའོ། །ཡང་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམས་ཏེ་སངས་རྒྱས་ཏེ། དེ་རྣམས་ཀྱི་རང་བཞིན་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའོ། །དེ་ཅི་ཞེ་ན། རྒྱུད་མེད་པའོ། །བདེ་བ་ཞེས་པ་ནི་བདེ་བ་ཡང་བྱ་བ་ཙམ་ཞེས་པའི་དོན་ཏོ། །
Vol. 6 · folio 151b
བདེ་བའི་མཆོག་ཅེས་པ་ནི་ལྷུན་གྱིས་གྲུབ་པའི་བདེ་བ་དཔེས་རྟོགས་པར་བྱེད་པ་བཟང་མོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྷན་ཅིག་ཉིད་མེད་པར་གྱུར་པ་ཐོག་མ་མེད་པ་ནས་གྲུབ་པ་དེ་ཉིད་མ་གྲུབ་པ་བསྒྲུབ་བྱ་མེད་ཅིང་སྒྲུབ་པ་པོ་ཡང་མེད་པ་སྒྲུབ་པ་ཡང་ཅུང་ཟད་མེད་པ། དངོས་པོ་ཐམས་ཅད་རྒྱུད་མེད་
པའི་ཕྱིར་རོ། །དེ་བཞིན་དུ་གྲུབ་པའི་ཡེ་ཤེས་འདི་ལ་དཔྱད་པའི་ཡོན་ཏན་གསུངས་ཏེ། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ། འདི་ཞེས་པ་འདི་ནི་རྣལ་འབྱོར་འདིའོ། །ནི་ཞེས་པ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །བཅོམ་ལྡན་རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ལ་སོགས་པའི་བླ་མ་སྟེ། རང་འབྱུང་ཉིད་ཀྱི་ཕྱིར་རོ། །དེའི་བཅོམ་ལྡན་ནི་རྣལ་འབྱོར་གྱི་ཁྱད་པར་རོ། །གང་གི་ཕྱིར་རྣལ་འབྱོར་ནི་རྣལ་འབྱོར་བླ་ན་མེད་པ་དང་། རྣལ་འབྱོར་གོང་ན་མེད་པའོ། །དེ་ནི་བཅོམ་ལྡན་ཞེས་པའི་སྒྲའོ། །བརྟན་ཞེས་པ་ནི་དེ་ལྟར་གོང་ན་མེད་པའི་རྣལ་འབྱོར་ཆེན་པོ་
རྟག་པ་དང་ཆད་པ་དང་བྲལ་བའོ། །དེ་ཡང་སྐུ་བཞི་མེད་པར་མི་སྐྱེ་ཞིང་མི་འགག་པའོ། །ཅིའི་ཕྱིར་ཞེ་ན། སྐུ་བཞི་སངས་རྒྱས་རྣམས་ཀྱིས་གོང་ནས་གོང་དུ་འཇུག་པ་སྟེ། ཚོགས་ཀྱི་ཡོན་ཏན་རྒྱས་པའི་ཕྱིར་རོ། །དེ་ནས་འདིར་དེ་ཡང་འདྲ་བའི་ཡེ་ཤེས་བརྟན་པའི་ཕྱིར་རོ། །ངེས་པའོ། །དེའི་ཕྱིར་
མཆོག་ཏུ་རྟག་པ་ཞེས་པའི་དོན་ཏོ། །འོན་ཀྱང་ཡིད་སྲུབས་ཞེས་པ་ནི་འདོད་པའོ། །དེ་ཡང་ད་ལྟར་བྱུང་བ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་ཀྱི་སྐུའོ། །དེས་མིང་སྣ་ཚོགས་པའི་བློས་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི་དངོས་པོ་རྣམས་འདོད་པའོ། །རྟག་ཏུ་ཞེས་པ་ནི་དུས་བཞི་གང་གི་
དང་པོ་དང་བར་མ་དང་ཐ་མ་རྣམས་སུ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་བདག་ཉིད་རྣམ་པར་རྟོག་པ་མི་འདོར་བས་འགྲོ་བའི་དོན་བྱེད་པའི་ཕྱིར་རོ། །དེ་བཞིན་དུ། རང་བཞིན་གྱིས་ནི་འདའ་དཀའ་བ། །ཞེས་པ་ནི་དཀའ་སྤྱོད་འདོར་བར་མི་ནུས་པའི་ཕྱིར་རོ། །དེ་ཉིད་གསུངས་པ། འདིར་སེམས་ཅན་རྣམས་
ཀྱི་བསམ་པ་སྣ་ཚོགས་པ་མཛེས་པར་འདོད་པ་དེ་རྣམས་སྣ་ཚོགས་པའི་ལས་ཀྱི་སྦྱོར་བའི་རྗེས་སུ་འབྲངས་ཏེ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལམ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ། སངས་རྒྱས་རྡོ་རྗེ་འཛིན་སོགས་པས། །ཞེས་པ་ནི་འདིར་གལ་ཏེ་རེ་ཞིག་རྣལ་འབྱོར་པ་རྣམས་ཀྱིས་ལས་
Vol. 6 · folio 152a
དམ་པའི་དབང་གིས་ཏེ། ལས་དེས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་བ་དེའི་ཚེ་མཛད་ཅེས་པས་སངས་རྒྱས་ལ་སོགས་པ་ཡང་མཛད་པར་འགྱུར་རོ། །མཛད་པ་ལ་ཡང་སྐྱོན་ཡོད་དེ། དེ་ཡང་གསུངས་པ། འོ་ན་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་
རྣམས་ཀྱང་རྒྱུ་མེད་པའི་ཕྱིར་རོ། །འདི་ལྟར། དང་པོ་སངས་རྒྱས་རྒྱུ་མེད་པ། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བ་མེད་པ་མ་བྱས་པ་ལས་མེད་པ་ཡིན་ན་ཇི་ལྟར་ལས་སྣ་ཚོགས་པར་འགྲུབ་ཅེ་ན། དེ་ཉིད་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བརྟན་པ་དང་
གཡོ་བ་ཞེས་པའི་སྣོད་དང་བཅུད་ལ་སོགས་པའི་དངོས་པོ་སྣ་ཚོགས་པའི་ཁམས་གསུམ་པའོ། །སངས་རྒྱས་ཀུན་ཞེས་པ་ནི་དེ་ཡང་མཆོག་ཏུ་བདེ་བ་དམིགས་པ་མེད་པ་སྟོང་པ་དང་སྙིང་རྗེའི་བདག་ཉིད་དོ། །སོགས་པའི་སྒྲས་འོད་གསལ་ལས་འབྱུང་བར་འགྱུར་བ་གཟུང་ངོ་། །དེ་ཡང་། དངོས་པོ་ཀུན་དུ་
འདིར་འགྱུར་རོ། །ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་དེ་རྣམས་ཀྱི་རང་བཞིན་མི་ཟད་པའི་ཡེ་ཤེས་ཞེས་པའི་དོན་ཏོ། །དེ་རྣམས་ཀྱང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་ཅན་རྒྱུ་དང་འབྲས་བུའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀུན་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་དང་ཡང་དག་
པར་རྫོགས་པའི་སངས་རྒྱས་སོ། །སོགས་པའི་སྒྲ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཆང་ལ་སོགས་པ་བཟུང་སྟེ། དེ་རྣམས་ཀྱི་དངོས་པོ་ནི་ཆོས་ཀྱི་དབྱིངས་སུ་འགྱུར་བའོ། །དེ་ཡང་། སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དངོས་སུ་སངས་
རྒྱས་སུ་བྱེད་པའོ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་པ་ལ་མཁའ་འགྲོ་མ་ནི་སྤྲུལ་པས་ནམ་མཁར་འགྲོ་ཞིང་རྒྱུ་བས་ཁྱབ་པའོ། །ཀི་ནི་ཨ་ཀའི་སྐད་དབྱིངས་ལས། །གྱ་གྱུར་འགྲོ་བའོ། །ནཱི་ནི་འོད་ཟེར་ཕྲ་བའི་གཟུགས་ཅན་དེ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་རྩའི་ཚོགས་སོ། །སྡོམ་པ་ཞེས་
པ་ནི་འདི་དག་གི་སྡོམ་པ་ཆོས་ཀྱི་དབྱིངས་དང་སྙོམས་པར་འཇུག་པའི་རྣལ་འབྱོར་ལས་བྱུང་ཞེས་པའི་དོན་ཏོ། །འདིས་ཞེས་པ་ནི་གསུངས་པའི་རིགས་པ་འདིས་སྒྱུ་མའི་རྣལ་འབྱོར་དུ་འགྱུར་ཏེ། དེས་ན་སྒྱུ་མའི་རང་བཞིན་སྒྱུ་འཕྲུལ་ཆེན་མོ་སྐྱེད་པར་བྱེད་པའོ། །ཐམས་ཅད་དུ་སྣ་ཚོགས་མཆོག་ཅེས་
Vol. 6 · folio 152b
པ་ནི་ཐམས་ཅད་ཀྱི་རྣམ་པའི་བདག་ཉིད་ཡེ་ཤེས་ཆེན་པོ་དེ་ཡང་བསམ་དུ་མེད་པའི་ཞེས་པའི་དོན་ཏོ། །སངས་རྒྱས་ལ་སོགས་འདུལ་བས་འགྲུབ། །ཅེས་པ་ནི་ལས་ཁྱད་པར་ཅན་སྣ་ཚོགས་ལ་སོགས་པ་བསྟན་པས་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱས་པར་འགྲུབ་པོ། །དེ་འབའ་ཞིག་
གྲུབ་པར་མ་ཟད་དེ། སེམས་ཅན་ཀུན་དོན་བླ་ན་མེད། །ཅེས་པ་དེས་ཀྱང་བྱ་བའི་ཕྱིར་བླ་ན་མེད་ཅེས་པ་ནི་ཡང་དང་ཡང་བྱེད་པའོ། །བུད་མེད་ཀུན་ཞེས་བྱ་བ་ལ་སོགས་པ་ལ་བུད་མེད་ཀུན་ཞེས་པ་ནི་ལྷ་མོ་ཐམས་ཅད་དེ། དེ་རྣམས་ཉིད་སྒྱུ་མའི་ལྷ་མོ་ཞིང་སྐྱེས་དང་། སྔགས་སྐྱེས་དང་ལྷན་ཅིག་སྐྱེས་པ་
གནས་དང་ཉེ་བའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམས་སོ། །རྣལ་འབྱོར་དེ་རྣམས་དང་སྒྱུ་མས་གྲུབ་པའོ། །དེ་བཞིན་དུ་སངས་རྒྱས་དེ་ཐམས་ཅད་དང་རྣལ་འབྱོར་མ་རྣམས་གང་དུ་གྲུབ་པ་འདིར་གསུངས་པ། འདིར་དམ་པའི་ལས་ཀྱིས་སྔོན་གྱི་གཟུགས་སྤངས་ཏེ་ཕུང་པོ་རྣམས་འདོར་བར་
འགྱུར་བའི་ཚེ་ཁམས་གསུམ་པ་རྣལ་འབྱོར་མའི་གཟུགས་ཀྱིས་སངས་རྒྱས་པར་འགྱུར་རོ། །དེ་བཞིན་དུ་རང་གི་གཟུགས་ཡོངས་སུ་བརྗེས་པ་ཞེས་པ་སླར་བདག་གི་གཟུགས་སྤངས་ནས་སངས་རྒྱས་པའོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་གོ། །འོན་ཀྱང་བྱང་ཆུབ་སེམས་
དཔའ་དང་རྣལ་འབྱོར་མ་རྣམས་སུ་ཤེས་པའི་དོན་ཏོ། །དེའི་ཕྱིར་གྲུབ་ཅེས་པ་ནི་བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་པའི་དོན་ཏོ། །དེ་བཞིན་དུ་བསམ་དུ་མེད་པ་དང་། ཤིན་ཏུ་བསམ་དུ་མེད་པ་དང་། ཆེས་བསམ་དུ་མེད་པ་དང་། ཆེས་པས་ཀྱང་ཆེས་བསམ་དུ་མེད་པ་དེ་ཉིད་
ཀྱང་བསམ་དུ་མེད་པའོ། །སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ལྔ་པོ་ཆེ་བའི་ཆེ་བ་ཆེ་བའི་ཡེ་ཤེས་བསམ་དུ་མེད་པ་དེ་ཉིད་ཀྱང་བསམ་དུ་མེད་པ་སྣ་ཚོགས་པ་དེ་ཉིད་བསམ་པ་དེས་ན་སྒྱུ་མ་དང་ཤིན་ཏུ་སྒྱུ་མ་དང་སྒྱུ་མ་ཆེན་པོ་སྒྱུ་མའི་ཕྱག་རྒྱ་དེ་ཡང་ཆེན་པོའི་ཆེན་པོ་ཕྱག་རྒྱ་ཆེན་པོའོ། །དེ་ཡང་
འདིར་མཁའ་འགྲོ་མ་ཞེས་པ་དགོངས་བཤད་གཞན་གྱིས་བསྟན་ཏེ། དེ་ལྟར་ཌཻ་ནི་ནམ་མཁར་འགྲོ་མ་ཞེས་པ་ལ་སོགས་པ་སྐད་དབྱིངས་ལས་བརྗོད་དེ། ཌཻ་ནམ་མཁའ་འགྲོ་བ་ནི་སྟོང་པའི་བདག་ཉིད་དུ་བྱེད་པའོ། །འདི་རྣམས་ཀྱིས་དོན་ཆེན་པོའི་དངོས་འགྲུབ་བསྟན་པའི་ཕྱིར་ངེས་པའི་ཚིག་གསུངས་
Vol. 6 · folio 153a
ཏེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་དང་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་གོ་སྐབས་སྟེར་བ་ཞེས་པ་ཡེ་ཤེས་ཀྱི་ནམ་མཁའ་ཤིན་ཏུ་ཟབ་པའི་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བ་མེད་པ་དང་། སྣང་
བ་མེད་པ་མ་ཡིན་པ་དང་། སྟོང་པ་མེད་པ་དང་། སྟོང་པ་མེད་པ་མ་ཡིན་པ་དང་། བརྫུན་པ་མེད་པ་དང་བརྫུན་པ་མེད་པ་མ་ཡིན་པ་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པ་མ་ཡིན་པ་དང་། ས་བོན་མེད་པ་དང་། ས་བོན་མེད་པ་མ་ཡིན་པ་དང་། མི་འགྱུར་བ་མེད་པ་དང་། མི་འགྱུར་བ་མེད་པ་མ་ཡིན་པ་
དང་། སྐབས་མེད་པ་དང་། སྐབས་མེད་པ་མ་ཡིན་པ་དང་། བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པ་མ་ཡིན་པ་དང་། བརྗོད་ཀྱིས་མི་ལང་བ་དང་བརྗོད་ཀྱིས་མི་ལང་བ་མ་ཡིན་པ་དང་། གཉིས་མེད་པ་དང་། གཉིས་མེད་པ་མ་ཡིན་པ་དང་། འོད་མེད་པ་དང་། འོད་མེད་པ་མ་ཡིན་པ་དང་། གཟུགས་མེད་
པ་དང་། གཟུགས་མེད་པ་མ་ཡིན་པ་དང་། བེམས་པོ་མེད་པ་དང་། བེམས་པོ་མེད་པ་མ་ཡིན་པ་དང་། བསྟན་དུ་མེད་པ་དང་། བསྟན་དུ་མེད་པ་མ་ཡིན་པ་དང་། བདག་མེད་པ་དང་། བདག་མེད་པ་མ་ཡིན་པ་དང་། བསམ་དུ་མེད་པ་དང་། བསམ་དུ་མེད་པ་མ་ཡིན་པ་དེ་ལ་སོགས་པའི་ཡོན་ཏན་རྒྱ་ཆེན་
པོས་ནམ་མཁའ་གང་བ་འདི་སྤྱོད་པ་དེ་ཐམས་ཅད་ནི་ནམ་མཁའ་ལ་སྤྱོད་པ་འགྲུབ་ཅིང་། དཔག་ཏུ་མེད་པ་དེ་དང་ལྷན་ཅིག་སྤྱོད་པ་ཞེས་པ་ཕུང་པོ་དྲུག་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཁའ་འགྲོ་མ་ཞེས་པ་ནི་གཅིག་གི་ཚིག་ཅན་གྱི་རིགས་ཏེ། དངོས་
པོ་འདི་དག་ཐམས་ཅད་ཀྱི་རང་བཞིན་གྱིས་བདག་ཉིད་བདག་མེད་པ་དེ་བསྒྲུབས་པས་ན་དེ་མི་བཟད་པའི་གནས་སོ་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་རབ་ཏུ་སྒྲུབ་ཅེས་དགོངས་སོ། །ཡང་ན་དངོས་པོ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ནམ་མཁའ་སྟེ། རྣམ་པར་
སྣང་མཛད་ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག་གོ། །དེ་དག་ལྷན་ཅིག་སྤྱོད་པ་ཞེས་པ་དེ་ནི་དེ་བཞིན་དུ་སྐྱེས་པ་ཉིད་ཀྱིས་གཅིག་གིས་ཚིག་ཅན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་ཐབས་ཞེས་པའི་དོན་ཏོ། །དེ་དག་གིས་ནི་དངོས་གྲུབ་དེ་ཉིད་རྫོགས་པས་ཁྱབ་པ་རྣམ་པ་ཀུན་གྱི་མཆོག་དང་
Vol. 6 · folio 153b
ལྡན་པ་སྟོང་པ་ཉིད་ཀྱི་ཚུལ་གང་ཡིན་པ་དེ་ནི་མཁའ་འགྲོ་མ་སྟེ། བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་རབ་ཏུ་གྲུབ་པ་སྟེ། དེ་ལྟར་བྱུང་བ་ལ་དེས་འགྲུབ་པར་འགྱུར་རོ། །དེས་ན་ཞིང་སྐྱེས་ལ་སོགས་པའི་མཁའ་འགྲོ་མ་ཐབས་ཀྱི་བདག་ཉིད་ཅན་འགྲུབ་ཅེས་པ་ནི་ཚུལ་ལོ། །ཀུན་
དུ་ཞེས་པ་ནི་ཕྱོགས་བཅུར་རོ། །སྣ་ཚོགས་ནི་ཕུང་པོ་ལ་སོགས་པའོ། །རྒྱས་འདེབས་པ་ནི་ཀུན་དུ་སྣ་ཚོགས་ཕྱག་རྒྱ་སྟེ་ལྷ་མོའོ། །དེ་ཡང་མཁའ་འགྲོ་མ་ལ་སོགས་པར་དེ་བཞིན་དུ་བལྟ་བ་དང་འཁོར་ལོས་སྒྱུར་བ་དྲུག་ཏུ་བལྟ་བར་བྱའོ། །དང་གི་སྒྲ་ནི་ཁྱད་པར་ཏེ་ཐ་མལ་པའི་བུད་མེད་ཀྱི་གཟུགས་ཉིད་ལྷ་
མོའི་གཟུགས་ཅན་ཞེས་པའི་དོན་ཏོ། །ཡང་ན་ཀུན་དུ་སྣ་ཚོགས་ཕྱག་རྒྱ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་པའོ། །ཀུན་དུ་ཞེས་པ་ནི་སེམས་ཅན་དེ་རྣམས་དེས་རྒྱས་གདབ་པའི་ཕྱིར། སྡོམ་པ་དེ་ཉིད་གསུངས་པ་ཞེས་ཤེས་པ་ནི་དོན་འདིའོ། །རྡོ་རྗེ་
ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱང་རིགས་ལྔའི་དབྱེ་བས་ལྔའི་རང་བཞིན་ཏེ། དེ་ཡང་རྡོ་རྗེ་དང་པདྨ་དང་། དེ་བཞིན་དུ་ནོར་བུའོ། །མ་གསུངས་ཀྱང་འཁོར་ལོ་དང་རལ་གྲི་ཡང་གཟུང་ངོ་། །དེའི་ཕྱིར་སེམས་ཅན་བསྒོམ་པ་ལ་མོས་པས་དེ་རྣམས་ཁྱད་པར་ཅན་གྱི་རིགས་ལྔ་རྣམས་སུ་
འགྱུར་ཏོ། འདི་ལྟ་སྟེ། རྡོ་རྗེ་འཛིན་གྱི་རིགས་དང་དེ་བཞིན་དུ་པདྨ་འཛིན་པ་དང་། ནོར་བུ་འཛིན་པ་དང་། འཁོར་ལོ་དང་རལ་གྲི་འཛིན་པའི་རིགས་རྣམས་སོ། །དང་ཞེས་པ་ནི་མ་གསུངས་པའི་རིགས་ཀྱང་རྟོགས་པར་བྱ་བའི་དོན་ཏོ། །སེམས་ཅན་དེ་དག་ཐམས་ཅད་ནི་སངས་རྒྱས་རྡོ་རྗེ་འཛིན་པ་ལ་
སོགས་པ་དེ་རྣམས་ཀྱི་རིགས་ཅན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སོ། །དེ་ལྟར་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་ཁོ་ན་ཉིད་དོ་ཞེས་པ་སྟེ། བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ད་ལྟར་བྱུང་བའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལྟ་བ་
བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའི་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཡེ་ཤེས་བསྟན་པའི་ཕྱིར་དེ་རྣམས་ཐམས་ཅད་དེ་བཞིན་གཤེགས་པའོ། །དེ་རྣམས་ཟིལ་གྱིས་གནོན་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །
Vol. 6 · folio 154a
དེས་ན་རྡུལ་དང་བྲལ་བ་ཞེས་པ་ནི་སྙིང་རྗེའི་རྡོ་རྗེ་བཏུལ་ཏེ། རྗེས་སུ་ཆགས་པ་དངོས་པོའི་ལྟ་བ་དེ་དང་བྲལ་བའོ། །གནས་ཞེས་པ་ནི་ཟུང་དུ་འཇུག་པ་ཞེས་པ་དེས་སྙིང་རྗེ་མངོན་དུ་བྱེད་པའོ། །དེའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འདི་གསུངས་ཏེ། སྟོང་པ་མ་ཡིན་
ཞེས་བྱ་བ་ནས། དེ་ནས་ཆོས་ཀྱི་གསུང་འདི་བྱུང་། །ཞེས་པའི་མཐར་ཐུག་པ་ནི་གོ་སླའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་བསྟོད་པ་དེ་ཉིད་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེ་ལས་ཞེས་
པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཟབ་མོའི་ཐེག་པ་ཆེན་པོ་རྣམས་ལས་སོ། །འབྱུང་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་བའོ། །ཡོན་ཏན་རབ་རྒྱས་ཞེས་པ་ནི་སྔགས་ཀྱི་ཐེག་པ་དབུ་མ་ཆེན་པོ་ལས་ཀྱང་སངས་རྒྱས་འབྱུང་བའོ། །དུས་གསུམ་དུ་ཐམས་ཅད་ཀྱིས་བསྟོད་པའི་རྒྱལ་པོ་འདིས་འཆད་
བཞིན་པ་དེས་ཇི་ལྟ་བ་བཞིན་བྱེད་དོ། །ལྷག་མ་ནི་གོ་སླའོ། །ད་ནི་ལས་དང་པོ་པའི་རྣལ་འབྱོར་པ་རྣམས་མཉམ་པར་གཞག་པའི་ཕྱིར་དེ་ཁོ་ན་ཉིད་བརྗོད་དེ། ཡང་མཆོད་ཅིང་ཞེས་བྱ་བ་ལ་སོགས་པ་ལ་བཤད་དུ་གསོལ་ཞེས་པ་ནི་དེ་ཁོ་ན་ཉིད་བཤད་དུ་གསོལ་ཞེས་པའི་དོན་ཏོ། །སྙིང་པོ་ཞེས་པ་ནི་དེ་ཁོ་ན་ཉིད་དོ། །
ཆོས་ཀུན་གཅིག་པའི་སྐུ་ཞེས་པ་ལ། ཆོས་ཀུན་ནི་བརྟན་པ་དང་གཡོ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ། །དེ་ཡང་མ་རིག་པའི་དབང་གིས་འཇིག་རྟེན་པས་ཡོངས་སུ་བརྟགས་པའི་སེམས་སོ། །དེའི་ཕྱིར་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ་དེའི་ལན་བཅོམ་ལྡན་འདས་ཀྱིས་གསུངས་
སོ། །དེ་ཅི་ཞེ་ན། དབང་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཡུལ་རྣམས་ལ་དམིགས་ཏེ། དེ་ཡང་ཐམས་ཅད་འཁྲུལ་པས་རྣམ་པར་ཤེས་པར་ཡོངས་སུ་རྟོག་གོ། །དེ་ཐམས་ཅད་སྒྱུ་མ་ཉིད་ཀྱི་ཕྱིར། དེ་དང་དེའི་རང་བཞིན་ཞེས་པ་ནི་བསམ་
གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཡོངས་སུ་བརྟག་པར་བྱའོ། །དེས་ན་མཉམ་པར་མ་གཞག་པ་འཁོར་བའི་སྦྱོར་བས་སོ། །འོན་ཀྱང་དེ་ལ་མོས་པས་རྟག་ཏུ་མཉམ་པར་གཞག་པར་འགྱུར་རོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དངོས་ཀུན་བདག་ཉིད་ཅེས་པ་ནི་གཉིས་མེད་པའི་ཡེ་ཤེས་
Vol. 6 · folio 154b
སོ། །དེ་ནི་རྨོངས་པ་འགས་ཀྱང་ཞེས་པ་ནི་རྣམ་པར་རིག་པའི་ཡེ་ཤེས་ཀྱིས་མི་ཤེས་ཞེས་པའི་དོན་ཏོ། །དེ་རྣམས་ཐ་ཤལ་ཞེས་པ་ནི་བྱིས་པའི་རིགས་རྣམས་སོ། །དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྟེན་ཞེས་པ་ནི་གཟུང་བ་ལ་སོགས་པ་ལ་མངོན་པར་ཤེས་པར་བྱེད་དོ། །དེ་ཉིད་ཀྱིས་ན་འཁོར་བར་
འཆིང་བར་འགྱུར་ཏེ། སྦུབས་བྱེད་པའི་སྲིན་བུ་བཞིན་ནོ། །དེས་ན་དེ་རྣམས་ཀྱིས་རྣམ་པར་དག་པ་བསྟན་པའི་ཕྱིར། སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་སེམས་སུ་རྣམ་པར་རྟོག་པ་དང་སེམས་མེད་པར་རྟོག་པ་ལ། གལ་ཏེ་རེ་ཞིག་རང་གི་མཚན་ཉིད་ཀྱིས་སེམས་མེད་དེ་མེད་པའི་
ཕྱིར་སེམས་མེད་པའི་དངོས་པོ་ཡང་མེད་དེ། གང་གི་ཕྱིར་ཕ་ལས་བུ་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཕ་མེད་ན་བུ་སུ་ལས་སྐྱེ་བར་འགྱུར། ས་བོན་མེད་པར་མྱུ་གུ་འབྱུང་བར་མི་འགྱུར་རོ། །དེ་བཞིན་དུ་མྱུ་གུ་མེད་པར་འབྲས་བུ་ཕུན་སུམ་ཚོགས་པར་མི་འགྱུར་རོ། །དེའི་ཕྱིར་སེམས་དང་སེམས་མེད་པར་མི་
འགྱུར་རོ་ཞེས་པ་སྟེ་ངེས་པའོ། །སེམས་དངོས་མེད་ཅེས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་སོ་སོར་སྣང་བ་དེ་རྣམས་འཁྲུལ་བའི་ཤེས་པས་དམིགས་པ་ནི་བརྫུན་པའོ། །དེ་ལྟར་རྣམ་པར་ཤེས་པ་རྣམ་པ་གསུམ་བདེན་པར་ནི་མེད་དོ། །འཁྲུལ་པ་དེས་ནི་འཁོར་བར་འཁོར་ཞིང་སྡུག་བསྔལ་ཉམས་
སུ་མྱོང་བར་འགྱུར་རོ། །འདིར་གསུངས་པ་སེམས་ཅན་གྱི་ཁམས་མངོན་སུམ་གྱི་ཚད་མ་ལ་སྣང་བ་དེས་ན་རྣམ་པར་ཤེས་པ་ཡོད་དོ། །དེ་ལས་ནི་སེམས་ཅན་གྱི་ཁམས་འབྱུང་ངོ་། །དེས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་སུ་འགྱུར་རོ། །གང་གི་ཕྱིར་སེམས་ཅན་ཉིད་སངས་རྒྱས་ཏེ།
སེམས་ཅན་གཅིག་ཀྱང་སངས་རྒྱས་མ་ཡིན་པ་མེད་ཅེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེས་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཞིང་དོན་དམ་པའི་བདེན་པ་དེ་ལ་བརྟེན་ཏེ། དེ་ལྟར་བདེན་པ་གཉིས་
རྣམ་པར་འཆད་པའི་རྒྱུན་གྱིས་སྐུ་བཞིས་སེམས་ཅན་གྱི་དོན་བྱེད་པས་སངས་རྒྱས་སྐྱེས་རབས་སྣ་ཚོགས་པ་ལེན་པར་མཛད་པ་མ་ཡིན་ནམ། ཇི་ལྟར་སེམས་དང་སེམས་མེད་པ་སེམས་ཀྱི་དངོས་པོ་མེད་ཅེས་བརྗོད། དེ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སུན་དབྱུང་བར་འགྱུར་རོ། །དེས་ནི་
Vol. 6 · folio 155a
མནར་མེད་པ་ལ་སོགས་པར་འགྱུར་རོ། །དེས་ཀྱང་སངས་རྒྱས་པའི་སེམས་ཅན་རྣམས་ཀྱི་ལོག་པའི་ལྟ་བའི་དབང་གིས་མུ་སྟེགས་པའི་ལུགས་བརྗོད་དེ་བསོད་ནམས་དང་སྡིག་པ་ལ་སོགས་པ་མེད་ཅེས་གསུངས་པའི་ཕྱིར་དེས་ཀྱང་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་ཞེས་
འགའ་ཞིག་དོགས་པ་སྐྱེ་བར་འགྱུར་ན་དེའི་ཕྱིར་བརྗོད་དེ། བཅོམ་ལྡན་འདས་ཀྱི་གསུང་བསྟན་པ། རྣམ་ཤེས་བྱ་བ་ལ་སོགས་པ་ནི། འདིར་དེ་ཐམས་ཅད་ནི་བདེན་མོད། །འོན་ཀྱང་དེ་བཞིན་གཤེགས་པས་བསྟན་པའི་རྣམ་པར་ཤེས་པ་དང་དེ་ཡེ་ཤེས་དེ་ལ་ཡང་དགོངས་པ་ཡོད་དོ། །འབྲས་བུ་ཞེས་པ་
ལ། འདིར་འབྲས་བུ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡང་ངོ་། །འདི་རྣམས་ནི་ཐོག་མ་མེད་པའི་དུས་ནས་རྒྱུད་མཉམ་པ་སྟེ། དེ་རྣམས་ཀྱི་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་གྱི་དབང་གིས་བསྐྱེད་བྱ་དང་སྐྱེད་བྱེད་དུ་འབྲེལ་པའི་དངོས་
པོར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུ་ཞེས་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པ་ལ་སོགས་པ་ལ་འཇུག་པའོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་བསྟན་ཏེ། །དེས་ན་བླ་ན་མེད་པའི་མན་ངག་གིས་བསྒོམ་པ་ལ་སོགས་པ་ལ་དམིགས་སོ། །དེས་
ནི་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་རོ། །དེ་ལྟར་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རྣལ་འབྱོར་པའི་ཕུན་སུམ་ཚོགས་པར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པའི་ལམ་ལ་འཇུག་པའི་འབྲས་བུ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་ཆོས་ནི་རང་བཞིན་གྱིས་འབྱུང་བའི་ཆོས་རྣམས་སོ། །ཆོས་ཅན་ཞེས་པ་ནི་
གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ནོ། །དེ་སྒོམ་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་མ་རྟོགས་པར་བྱེད་དོ། །དེས་ན་གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཀྱི་རང་བཞིན་རྣམ་པ་མང་པོ་དེས་ན་སེམས་ཀྱི་ཆོས་སྣ་ཚོགས་པའི་རྣམ་པར་རྟོག་པ་ཉིད་
ལས་རྣམ་པར་རྟོག་པ་འབྱུང་སྟེ། དེ་རྣམས་ཀྱང་རྒྱུན་མི་འཆད་པར་ཆུ་བོའི་རྒྱུན་བཞིན་འབྱུང་ངོ་། །དེས་ན་རྒྱ་མཚོ་ཞེས་པ་ནི་འདུས་པར་འགྱུར་ཏེ། ཇི་ལྟར་རྒྱ་མཚོར་ཆུ་འདུས་པ་བཞིན་ནོ། །དེས་ན་ཐོག་མ་མེད་པའི་རྒྱུད་ཀྱི་དབང་གིས་སེམས་ཅན་སངས་རྒྱས་ལ་སོགས་པའི་རིགས་སུ་འགྱུར་ཏེ།
Vol. 6 · folio 155b
དེ་རྣམས་ཀྱི་ཆོས་རྣམས་ཀྱིས་ཐར་བར་ཞེས་པ་ནི་ཐར་བ་གཅིག་ཁོ་ན་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེས་སུ་འགྱུར་ཞེས་པ་སྟེ་ངེས་པའོ། །དེའི་ཕྱིར་དུ་མ་ཉིད་དུ་དམིགས་པ་མེད་ཅིང་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཆོས་ལ་བརྟེན་པའི་རང་བྱིན་གྱིས་བརླབས་པས་རྡོ་རྗེ་འཆང་གི་རྣམ་པ་ལ་སོགས་
པར་དམིགས་པའི་ཡུལ་གྱི་ཆོས་དེ་རྣམས་ཀྱང་རང་གི་སེམས་ཉིད་ལས་བྱུང་བ་སྒྱུ་མའི་རྣམ་པ་དེ་ནི་ཁྱད་པར་གྱིས་རྟོག་པར་བསྟན་ཏོ། །དེས་ན་སྒྱུ་མའི་རྣམ་པ་འབྱུང་བ་དེ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དམིགས་པ་མེད་པ་ནི་རྣམ་པར་མི་རྟོག་པ་སྟེ་སྒྱུ་མ་མི་བདེན་པའི་ཕྱིར་རོ། །དེ་ལྟར་དམིགས་པ་
དང་བཅས་པ་དང་དམིགས་པ་མེད་པའི་སེམས་གསལ་བ་གཉིས་མེད་པའི་གཉིས་མེད་པར་དགོངས་སོ། །བླ་མའི་ཞལ་ནས་རྙེད་པར་འགྱུར། །ཞེས་པ་ནི་དེ་ཡང་དབང་ཕྱི་མའི་དུས་སུ་བླ་མས་བསྟན་པའི་དཔེའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཐོབ་པའོ། །ཇི་ལྟར་ནང་དུ་རྣམ་གནས་པ། །
ཞེས་པ་ནི་རྡོ་རྗེའི་ནོར་བུ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བའི་གཟུགས་སུ་གནས་པ་དེ་ཉིད་བླ་མའོ། །དེས་ན་ཀུན་རྫོབ་དེས་གང་གི་ཚེ་རང་རིག་པར་འགྱུར་བ་དེའི་ཚེ་བླ་མར་ཤེས་པར་བྱའོ། །ཅིའི་ཕྱིར་བླ་མ་ཞེ་ན། ཇི་སྲིད་སྐྱེས་པ་ནས་འཆི་བའི་མཐར་ཐུག་པར་དེ་ཡང་ནང་གི་བདེ་བ་ཉིད་རྣམ་པར་གནས་
པ་དེའི་ཞལ་ནས་རྙེད་པར་འགྱུར་ཏེ། བདེ་བ་ཉམས་སུ་མྱོང་བའི་མཐར་ཐུག་པར་དཔེས་རྟོགས་པ་སྤྲོས་པ་མེད་པའི་བདེ་བ་བརྗོད་དུ་མེད་པའི་དོན་དམ་པའི་ཡེ་ཤེས་སོ། །དེ་ཡང་འཆད་བཞིན་པས་བཤད་པར་བྱའོ། །དེ་ལྟར་བླ་མ་ནི་རྒྱུད་ཐམས་ཅད་དུ་དགོངས་བཤད་གཞན་གྱིས་བསྟན་པ་སྟེ།
བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ཁོ་ན་ཉིད་བསྟན་པ་ཞེས་པ་ནི་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་ཡོངས་སུ་བརྟག་པ་འཆད་བཞིན་པས་བཤད་པ་དེས་ཉམས་སུ་མྱོང་བ་འདི་བསྟན་པ་དེའི་རབ་ཏུ་བྱེད་པ་དེས་ཡང་དག་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་
དང་པོའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་བཞི་པའོ།། །།ད་ནི་སེམས་ཅན་སྣ་ཚོགས་པའི་བསམ་པ་སྣ་ཚོགས་པས་རང་གི་ལས་དགེ་བས་སངས་རྒྱས་སུ་འགྱུར་རོ། །དེས་ན་མན་ངག་སྣ་ཚོགས་པའི་དོན་དུ་བསམ་
Vol. 6 · folio 156a
པ་སྣ་ཚོགས་པ་སྟོན་པའི་བསྡུས་དོན་དེ་བྱེད་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རབ་ཏུ་བྱེད་པ་གསུམ་གྱི་མཐར་ཏེ། རབ་ཏུ་བྱེད་པ་གསུམ་བསྟན་པ་དེའི་རྗེས་ཐོགས་སུའོ། །དེའི་ཕྱིར་རབ་ཏུ་བྱེད་པ་དེ་གསུམ་བཤད་པའོ། །དེ་ཡང་ཡང་དག་བཤད་
པར་བྱ། །ཞེས་པ་ནི་ཡང་དག་པར་རབ་ཏུ་བཤད་པར་བྱ་བ་སྟེ། རྒྱས་པར་བཤད་པར་བྱ་ཞེས་པའི་དོན་ཏོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་འགྱུར་བ་དེས་ཀྱང་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་བའོ། །དེ་ཡང་གང་ཞེ་ན། རྒྱུད་རྣམས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ་རྒྱུད་ཀུན་གྱི་ཤེས་རབ་དང་ཐབས་ཏེ། དེ་རྣམས་ཀྱི་གཏན་ལ་དབབ་པ་ནི་ཡང་དག་པར་རྣམ་པར་གཞག་པ་རྣམ་པ་སྣ་ཚོགས་པའོ། །སྦྱོར་བ་ཡང་བསམ་པ་སྣ་ཚོགས་པ་རྣམ་པ་མང་པོ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་ཐུན་མོང་དུ་ངེས་པའི་རྒྱུད་ཐམས་ཅད་ཀྱི་སྒྲ་ཞེས་དགོངས་སོ། །དེ་བཞིན་དུ་ངེས་པ་
ཡང་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་སྦྱོར་བ་དེ་ནི་རྣམ་པ་གསུམ་མོ། །དེ་ཅི་ཞེ་ན། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ཕྱིར་རོ། །ཡང་ན་རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་དོ། །དེ་ནས་རྒྱ་ཆེ་བའི་གཟུགས་
ཞེས་པ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བསྡུས་པའི་དོན་ཏོ། །དེ་ཡང་ཡུལ་དང་དེ་བཞིན་དུ་ཡུལ་ཅན་དེ་རྣམས་ཀྱི་རང་བཞིན་དེའི་བདག་ཉིད་ཆོས་ཀྱི་སྐུའོ། །གང་དག་ཡུལ་ཡིན་པ་དེ་དག་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཏེ་རྣམ་པར་ཤེས་པ་ཅན་ནོ། །ཡུལ་ཡང་རྣམ་པར་
ཤེས་པ་གསུམ་སྟེ། དེ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་ནི་སེམས་སོ། །ཉོན་མོངས་པ་ཅན་གྱི་ཡིད་ནི་སེམས་མེད་པའོ། །དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ནི་སེམས་ཀྱི་གཟུགས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་གྲུ་གསུམ་རྒྱ་ཆེ་བ་དོར་ཏེ། དངོས་པོར་གཟུང་བའི་ཕྱིར་ན་སྒྱུ་མའི་
གཟུགས་ཅན་ཞེས་པའི་དོན་ཏོ། །དེ་ལྟར་ཆོས་ཀྱི་སྐུ་གཅིག་དང་དུ་མ་ཉིད་དེ་རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དོན་དུའོ། །དེའི་ཕྱིར་ཏིང་ངེ་འཛིན་ལ་དམིགས་པས་རྣམ་པར་ཤེས་པ་རྣམས་སྐྱེ་བར་འགྱུར་ཏེ། དེ་བསྟན་པའི་ཕྱིར་གནས་སུ་སྐྱེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་
Vol. 6 · folio 156b
ཅན་རྣམས་ལ་གཙོར་འདོད་པའི་ཁམས་ལ་བརྟེན་པ་དེ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་བརྟེན་ཏོ། །ཚངས་སོགས་ལྷ་དང་ལྷ་མིན་ཞེས་པ་ནི་གོ་སླའོ། །སོགས་པའི་སྒྲས་ནི་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམས་སོ། །
དེ་ལྟར་དངོས་པོ་ཐམས་ཅད་ནི་ཁྱབ་བྱའོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ། །དངོས་པོ་རྣམས་ཀུན་ཏུ་སྦྱོར་བས་ན་རྣམ་པར་ཤེས་པ་ཙམ་མོ། །དངོས་པོ་དེ་རྣམས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའི་རྒྱུས་ཚངས་པ་ལ་སོགས་པ་བདག་ཉིད་ཆེན་པོའི་ལྷ་དང་། །གཞན་ཡང་
ཆོས་དང་ལྡན་པའི་མི་ལ་སོགས་པ་འཐོབ་བོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་བསོད་ནམས་ཀྱིས་ཚོགས་ཀྱི་ཕྱིར་རོ། །དེ་ཉིད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་རྣམས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱབ་པར་བྱེད་པའོ། །དེའི་ཕྱིར་ཀུན་རྫོབ་རྣམ་པའི་གཟུགས་ཅན་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་
པ་ལྔ་ལ་ཁྱབ་པ་ཅན་ཡོངས་སུ་ཤེས་པའི་ཚུལ་ཅན་སྟོང་པ་ཉིད་ཀྱི་གཟུགས་ཅན་རྣམ་པ་ཀུན་གྱི་རང་གི་ངོ་བོ་ཅན་ཞེས་པའི་དོན་ཏོ། །དེ་ཉིད་ཡུལ་ལས་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་སེམས་ཅན་འཁོར་བར་འཆིང་བར་གསུངས་ཏེ། གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །
དེ་རྣམས་གྲོལ་བའི་རྒྱུར་དེ་བཞིན་གཤེགས་པ་ཉིད་ཀྱིས་ཐབས་གསུངས་པ། དེས་ན་སངས་རྒྱས་དབང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འཁོར་བའི་སྡུག་བསྔལ་རྣམས་སུ་ལྟུང་བའི་སེམས་ཅན་དེ་རྣམས་འབྱུང་བའོ། །དེས་ན་ཞེས་པ་ནི་དེའི་ཕྱིར་ཞེས་པའི་དོན་ཏོ། །དཔའ་བོ་སངས་
རྒྱས་ཞེས་པའི་དང་པོའི་སངས་རྒྱས་སམ་ཐོག་མ་མེད་པའི་སངས་རྒྱས་འོད་གསལ་བ་ལས་བཞེངས་པའི་རྡོ་རྗེ་འཆང་གིས་སོ། །དེ་ཉིད་ཀྱིས་ན་ཉོན་མོངས་པའི་བདག་ཉིད་ཀྱི་སྡུག་བསྔལ་ཅན་ལ་གཟིགས་པའོ། །དེ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་སྤྲུལ་ཏེ་རིགས་པས་ཞེས་པ་ནི་ཤེས་རབ་དང་
ཐབས་ལ་སོགས་པ་རྒྱུར་བསྟན་པའོ། །དེ་ཡང་དང་པོ་ལས་ཀྱི་ཕྱག་རྒྱའི་སྒོ་ནས་འདོད་ཆགས་ཀྱི་བདག་ཉིད་ཅན་རྣམས་ལ་བསྟན་ཏེ། དེ་རྣམས་ཀྱི་རྐྱེན་ནི་འདོད་པའི་ཡོན་ཏན་ལྔ་ལ་ཉེ་བར་ལོངས་སྤྱོད་པའོ། །དེ་ནས་སྤྲུལ་པའི་རྒྱུད་ཤེས་པ་ནི་དེའི་ཕྱིར་རིགས་པས་ནང་གི་བདག་ཉིད་ཀྱི་སྦྱོར་བ་བསྟན་ཏེ། དེ་ཡང་
Vol. 6 · folio 157a
འཆད་བཞིན་པའི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་ལས་སོ། །འབྲས་བུ་ཞེས་པ་ནི་དེའི་ཕྱིར་ཤེས་རབ་དང་ཐབས་དག་གཅིག་པ་ཉིད་དོ། །མཚོན་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ་དེས་འབྲས་བུ་མཚོན་དུ་མེད་པ་ཞེས་པའི་དོན་ཏོ། །དེ་ཡང་། ཁམས་གསུམ་རྣམས་སུ་དྲི་མེད་
སྣང་། །ཞེས་པ་ནི་སྣང་བ་གསུམ་སྤངས་པའི་འོད་གསལ་བའི་ཡེ་ཤེས་ཏེ། དེས་ན་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་ལ་སོགས་པའི་གཟུགས་སུ་སྤྲུལ་ཏེ། དེས་ན་སྐྱེས་རབས་སྣ་ཚོགས་པ་རྣམས་སུ་སྤྲུལ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཤིང་དང་མེ་ཡི་ཚུལ་བཞིན་
དུ། །ཞེས་པ་ནི་འདིར་ཇི་ལྟར་ཤིང་གཉིས་བསྲུབས་པ་ལས་མེ་འབྱུང་སྟེ། མེ་དེ་ཉིད་ཀྱིས་ཤིང་དེ་གཉིས་བསྲེགས་སོ། །དེ་བཞིན་དུ་རང་གི་ངོ་བོ་ཡོངས་སུ་ཤེས་པས་རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་རྣམས་སུ་རབ་ཏུ་འཕྲོ་སྟེ། དེ་སྒྱུ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་ངོ་། །དེ་
བཞིན་དུ་ཅུང་ཟད་རང་གི་ངོ་བོ་ཡོངས་སུ་ཤེས་པའི་དབང་གིས་གདུལ་བྱའི་སེམས་ཅན་མ་ལུས་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ནི་ཤིང་བཞིན་ནོ། །དེ་རྣམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་མེ་བཞིན་ཏེ། དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི་མེས་ཉོན་མོངས་པ་ཐམས་ཅད་ཀྱི་སྒྲིབ་པ་
རྣམས་བསྲེགས་ཏེ། རང་གི་རིག་པ་ལས་བྱུང་བའི་ཕྱིར་ཞེས་དགོངས་སོ། །དེ་ལྟར་སངས་རྒྱས་ཀྱི་རོལ་མོ་དམ་པ་རྣམ་པ་སྣ་ཚོགས་པའི་བདག་ཉིད་དོ། །བཟང་པོ་ཞེས་པ་ནི་རང་གི་ངོ་བོ་ལས་བྱུང་བའི་བྱིས་པ་རྣམས་ཀྱིས་མི་རྟོགས་པ་རྣལ་འབྱོར་པ་རྣམས་ཀྱི་ངོ་མཚར་སྐྱེད་པར་བྱེད་པ་དང་། ཕྱག་རྒྱ་
ཆེན་པོའི་བདེ་བ་སྟེར་བར་བྱེད་པའོ། །ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་དེ་དེ་བཞིན་དུ་བྱ་ཞེས་པའི་དོན་ཏོ། །གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་འདིར་ཐ་མལ་པའི་གཏི་མུག་ལ་སོགས་པ་རྣམས་གཏི་མུག་ཆེན་པོ་ལ་སོགས་པས་སྦྱང་བར་བྱའོ། །དེ་ལྟར་རྣམ་པར་དག་པ་ལྔ་ནི་རྣམ་
པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ། །དེ་རྣམས་ཐམས་ཅད་སྦྱོང་ཞེས་པ་ནི་དེ་རྣམས་ནི་རྡོ་རྗེ་སེམས་དཔའ་དེའི་རང་བཞིན་ཏེ། ཉོན་མོངས་པ་ལྔ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་བའོ། །དེ་དག་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ད་ནི་སེམས་ཅན་གང་དག་གིས་
Vol. 6 · folio 157b
བླ་ན་མེད་པར་སྔགས་ཀྱི་ཐེག་པ་ཆེན་པོ་མི་རྙེད་པ་དེས་ན་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱུང་བར་བརྗོད་དོ། །གང་དག་བླ་མ་ལ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་དང་ཕྱག་རྒྱ་རྙེད་མི་འགྱུར། །ཞེས་པ་ནི་སྔགས་དང་ཕྱག་རྒྱ་མི་ཤེས་པའི་དོན་ཏོ། །འང་གི་དོན་ནི་ཕྱག་རྒྱ་ཆེན་པོ་
ཡང་མི་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ། །འཛམ་བུའི་གླིང་དུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དགའ་ལྡན་གྱི་གནས་ནས་དེ་བཞིན་གཤེགས་པ་རྣམས་འཁྲུང་བར་འགྱུར་བའོ། །འདིར་ཡང་འཛམ་བུའི་གླིང་དུ་བདག །ཅེས་པ་ནི་ཤཱཀྱ་ཐུབ་པ་སངས་རྒྱས་བདག་དགའ་ལྡན་གྱི་གནས་ནས་རིན་པོ་ཆེ་སྣ་བདུན་
གྱི་རང་བཞིན་རྡོ་རྗེའི་རྒྱན་གྱི་བདག་ཉིད་ཀྱི་གཞལ་ཡས་ཁང་རྣམས་སུ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་བ་ནི་ཐུན་མོང་གི་ཚིག་གོ། །ངེས་པར་གསུངས་པའི་ཚིག་ནི་བཙུན་མོ་ཞེས་པ་ནི་རྡོ་རྗེའི་བཙུན་མོ་སྤྱན་མ་ལ་སོགས་པ་དང་། མཁའ་འགྲོ་མ་ལ་སོགས་པའོ། །ཡང་ན་ཐ་མལ་པའི་
བུད་མེད་རྣམས་སོ། །དེ་རྣམས་ཀྱི་བྷ་ག་གྲུ་གསུམ་ནི་ས་བཅུ་གཅིག་རྣམ་པར་དག་པའི་ཕྱིར་གོང་ནས་གོང་དུ་སྤངས་པའོ། །ས་བཅུའི་དབུས་ཁོང་སྟོང་གི་ས་བཅུ་གཅིག་པའོ། །འདི་ནི་མིང་ཙམ་མོ། །རང་གི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་བྷ་ག་སྟེ། སྣ་ཚོགས་སྡུད་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་
དགའ་བའི་བདག་ཉིད་ལུས་དང་ངག་དང་སེམས་གསུམ་གྲུ་གསུམ་མོ། །དག་པ་ཞེས་པ་ནི་རང་རིག་པའི་བདག་ཉིད་དེ་ཉིད་གང་ལ་ཡོད་པ་དེ་ལ་དག་པ་ཞེས་བརྗོད་དེ་གཙོ་བོའོ། །དེ་ཇི་ལྟར་དགའ་བ་དེ་བསྟན་པའི་ཕྱིར་ཨེའི་ཆ་བྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཨེའི་རྣམ་པ་ཨ་ཝ་དྷཱུ་ཏཱི་ལའོ། །དབུས་
སུ་ཝཾ་ནི་བལྟ་བར་བྱ། །ཞེས་པའི་སྒྲ་ནི་བདག་ཉིད་རྡོ་རྗེ་སེམས་དཔའོ། །དེ་ལྟར་ཨེ་ཝཾ་ཞེས་པ་ཤེས་རབ་དང་ཐབས་ཀྱི་མདོར་སྦྱོར་བ་བསྡུས་པ་བསྟན་པའོ། །ཇི་ལྟ་བ་ཞེས་པ་ནི་རགས་པའོ། །དེ་ཉིད་བསྟན་པའི་ཕྱིར་གྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྫོགས་པའི་རིམ་པ་ལས་སྐྱེ་བར་
འགྱུར་བ་དེ་ཡང་རྫོགས་པའི་རིམ་པ་བསྒོམས་པ་ལས་བསྟན་པ་དེས་ན་དག་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའོ། །དེའི་ཕྱིར་རྫོགས་པའི་རིམ་པར་བརྗོད་དོ། །གྲུ་གསུམ་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་དབུས་ཀྱི་ཨ་ཝ་དྷཱུ་ཏཱིའོ། །དེ་ཡི་དཀྱིལ་འཁོར་ཉམས་དགའ་བར། །ཞེས་པ་ནི་
Vol. 6 · folio 158a
ཆོས་ཀྱི་དབྱིངས་ཡོན་ཏན་རྒྱས་པ་ཐམས་ཅད་འབྱུང་བ་ཐམས་ཅད་ཀྱི་གནས་དེ་ཉིད་བླ་མའི་མན་ངག་གིས་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ཡོངས་སུ་ཟད་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉམས་དགའ་བ་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་གཏམས་པའོ། །མེ་ཏོག་ནི་ཏིང་ངེ་འཛིན་
སྣ་ཚོགས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པའོ། །འབྲས་བུ་ནི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་རྣམས་ཏེ། དེ་ལ་སོགས་པ་ཐོབ་པའི་གནས་སུ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་རྟོགས་པའི་ཕྱིར། རྡོ་རྗེ་རོལ་པ་ཡང་དག་འབྱུང་། །ཞེས་པ་ནི་འདིར་
ཨ་ཝ་དྷཱུ་ཏཱིར་བསམ་གྱིས་མི་ཁྱབ་པའི་སེམས་ཀྱིས་ཡོངས་སུ་རྟོགས་པའི་སྲོག་དང་ཐུར་སེལ་འཇུག་པས་བྱང་ཆུབ་སེམས་དགུག་པའོ། །ཇི་ལྟར་དེ་དགུག་ཅེ་ན་དབུ་རྒྱན་གྱི་བུ་ག་ནས་ལྟེ་བར་འོང་བ་དེ་ལ་བརྟེན་པའི་བདེ་བ་དེ་ཉིད་ཀྱི་སྦྱོར་བ་གོམས་པ་ལས་བསམ་དུ་མེད་པ་ཡང་སྟེང་དུ་འགྲོ་སྟེ། མི་འཛག་པའི་ཕྱིར་རོ། །
དེས་ན་དེ་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྐྱེའོ། །དེའི་ཕྱིར་ཆོས་ཀྱི་འབྱུང་གནས་ཤེས་པའི་སྒྲར་འཇིག་རྟེན་དུ་གྲགས་སོ། །དེ་ཡང་བཙུན་མོའི་བྷ་ག་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའོ། །དང་གི་སྒྲས་ནི་ཐ་མལ་པའི་བུད་མེད་གཟུང་བའི་དོན་ཏོ། །དེ་བཞིན་དུ་དེའི་ཞེས་པ་ནི་ཨ་ཝ་དྷཱུ་ཏཱིའི་བྷ་གའོ། །པདྨ་
ཞེས་པ་ནི་རྩ་བརྒྱད་རེག་བྱའི་བདག་ཉིད་ཅན་ནོ། །གེ་སར་བཅས་ཞེས་པ་ནི་དེའི་མདུད་པའི་བུ་གའམ། ཁོང་སྟོང་ལ་སྦྱར་བའོ། །དེ་རྣམས་ཀྱི་རང་བཞིན་བསྟན་པའི་ཕྱིར་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་རྩ་བརྒྱད་རྣམས་ལ། ཨཱ་ལི་ཀཱ་ལི་མཉམ་འདྲེས་པའི་སྡེ་ཚན་བརྒྱད་ཅེས་པ་ནི་འདིར་
ཨཱ་ལི་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གོ། །དེ་བཞིན་དུ་ཀཱ་ལི་ནི་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་གསུམ་མོ། །འདི་ནི་ཡི་གེའི་དོན་ཏོ། །འོན་ཀྱང་རྩ་རྣམས་ལ་སྲོག་མཉམ་པར་འདྲེས་པ་དེ་ནི་ཀཱ་ལིའི་གཟུགས་སོ། །དེ་བཞིན་དུ་ཨཱ་ལིའི་གཟུགས་ནི་ཐུར་སེལ་གྱི་རླུང་ངོ་། །དེ་དག་མཉམ་དུ་འདྲེས་པ་ནི་
དེར་ཐིམ་པ་ཞེས་པའི་དོན་ཏོ། །དེས་ན་སྡེ་ཚན་བརྒྱད་རྣམ་པར་གནས་ཏེ་བརྡས་བསྟན་པ་བརྗོད་དུ་མེད་པ་ཞེས་པའི་དོན་ཏོ། །དེས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འགོག་ཅིང་མིང་ཙམ་ཡང་མེད་འགོག་ཅེས་པ་སྟེ་ངེས་པའོ། །ཡང་ན་ཨཱ་ལི་ཀཱ་ལི་ཞེས་པ་ནི་ཟླ་བ་དང་ཉི་མ་སྟེ་ཁུ་བ་དང་རྡུལ་ལོ། །དེ་དག་འདྲེས་
Vol. 6 · folio 158b
པ་ནི་སྒྲ་གཅན་ཏེ། ཀུན་གཞི་རྣམ་པར་ཤེས་པའི་མིང་ཅན་ནོ། །དེ་ཡང་དབུས་སུ་གནས་པའི་གེ་སར་གང་གི་མཇུག་མ་དེ་ནི་དུ་བ་མཇུག་རིངས་ཏེ། དེའི་རྣམ་པར་ཐར་པ་བརྒྱད་ནི་རྩ་བརྒྱད་དེ་རྣམས་ཀྱི་དབུས་སུ་རྣམ་པར་ཤེས་པ་བརྒྱད་འདབ་མ་བརྒྱད་བཞིན་དུ་རྩ་བརྒྱད་ལ་གནས་ཏེ་དེ་ལ་ཤར་གྱི་འདབ་མ་ལ་ཉོན་མོངས་
པ་ཅན་གྱི་ཡིད་ཉི་མའོ། །དེ་བཞིན་དུ་ནུབ་ཀྱི་འདབ་མ་ལ་ཀུན་གཞི་རྣམ་པར་ཤེས་པ་སྒྲ་གཅན་གྱི་མིང་ཅན་ནོ། །དེ་བཞིན་དུ་ལྷོའི་འདབ་མ་གསུམ་ལ་ཤར་ལ་སོགས་པ་རིམ་པ་བཞིན་དུ་སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པའོ། །དེ་རྣམས་དང་སྤེན་
པ་དང་ཕུར་བུ་དང་མིག་དམར་གྱི་མིང་ཅན་ནོ། །དེ་བཞིན་དུ་བྱང་གི་འདབ་མ་གསུམ་ལ། ཤར་ལ་སོགས་པ་རིམ་བཞིན་དུ་མིག་གི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་རྣམས་ཀྱང་གཟའ་ལྷག་པ་དང་ཟླ་བ་དང་པ་སངས་ཀྱི་མིང་ཅན་ནོ། །དེ་ལྟར་
གཟའ་བརྒྱད་ཀྱི་རེས་བརྒྱད་དམ་ཐུན་བརྒྱད་དེ་སྒྲ་གཅན་གྱི་ལོངས་སྤྱོད་ཀྱི་དབང་གིས་སོ། །རྩ་བརྒྱད་པོ་དེ་རྣམས་ཀྱང་སྒོ་བརྒྱད་རྣམས་སུ་སོང་བའི་དོན་ཏོ། །ལུས་ཅན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་མིང་གི་དང་པོའི་ཡི་གེས་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །
གང་གི་ཕྱིར་རང་གི་ལུས་སུ་བསྒྲུབས་པའི་སྔགས་སྡེ་ཚན་བརྒྱད་རང་བཞིན་གྱིས་གྲུབ་པའོ། །དེ་རྣམས་ཀྱང་སྤྲོས་ན་ཡི་གེ་ལྔ་བཅུའི་བརྡས་དབྱེ་བ་རྣམས་ཞེས་པ་ནི་འདིར་ལུས་ལ་གདན་ལྔ་བཅུའི་གནས་རྣམས་སུ་མདུད་པ་ལྔ་བཅུར་འགྱུར་ཏེ། དེ་རྣམས་ལ་ཁུང་བུ་ལྔ་བཅུའམ་ཀོར་ལྔ་བཅུར་འགྱུར་རོ། །དེ་རྣམས་ལ
སྨིག་རྒྱུ་འཁྱུགས་པ་ལྟ་བུ་ག་ལ་ཡོད་དེ། དེ་རྣམས་ཀྱི་གནས་རྣམས་སུ་ཡི་གེ་རྣམས་གྲངས་བཞིན་དུ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཞེས་པ་ཡང་དག་པར་གནས་སོ། །དེ་ལྟར་ཡི་གེ་
ལྔ་བཅུ་པོ་རྣམས་ཀྱི་དབྱིབས་ནི་ཤར་ཕྱོགས་ལ་སོགས་པའི་ཡི་གེ་བཞིན་དུ་གནས་སོ། །དེ་རྣམས་ཉིད་ཀྱི་གནས་གསུངས་པ་དེ་ལྟར་རིམ་པ་བཞིན་སྤྱི་བོ་དང་སྤྱི་གཙུག་དང་། རྣ་བ་གཡས་པ་དང་རྒྱབ་ཀྱི་ཆ་དང་། རྣ་བ་གཡོན་པ་དང་། སྨིན་མའི་དབུས་དང་། མཁལ་མ་དང་། སྙིང་དང་། མཆན་ཁུང་
Vol. 6 · folio 159a
གཉིས་དང་། ནུ་མ་གཉིས་དང་། གློ་བ་གཉིས་དང་། སྣའི་རྩེ་མོ་དང་། གློ་བའི་རྩ་གཉིས་དང་། ལྟོ་བ་དང་། ལ་ལ་ནཱ་དང་། ར་ས་ནཱ་དག་དང་། བཤང་བའི་རྩ་དང་སྐྲ་མཚམས་ཀྱི་བུ་ག་དང་། རྒྱུ་ཞབས་དང་། རྣག་གི་རྩ་དང་། བརླ་གཉིས་དང་། རྗེ་ངར་གཉིས་དང་། ཚིལ་གྱི་བུ་ག་
དང་། རྐང་པའི་བོལ་གཉིས་དང་། པུས་མོ་གཉིས་དང་། ལྷག་མ་ནི་ལག་པ་དང་རྐང་པའི་སོར་མོ་ཉི་ཤུའི་བུ་ག་རྣམས་སོ། །དེ་ལྟར་རང་བཞིན་བརྗོད་དོ། །གནས་དེ་རྣམས་སུ་སྔགས་གཞན་རྣམས་མགྲིན་པ་དང་། རྐན་དང་མཆུ་ལ་སོགས་པས་ཡི་གེ་ཉིས་བརྩེགས་དང་སུམ་བརྩེགས་ལ་སོགས་པ་སྣ་
ཚོགས་པར་སྦྱོར་བའི་རང་བཞིན་ཅན་བརྗོད་དོ། །དེ་ལྟར་རྒྱུད་རྣམས་དང་གཞན་ཡང་ཕྱིའི་བསྟན་བཅོས་རྣམས་ཏེ། སྒྲའི་བསྟན་བཅོས་ལ་སོགས་པ་རྣམས་འབྱུང་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོའི་རང་བཞིན་ཞེས་པ་ནི་རྡོ་རྗེ་ནི་རང་རིག་
པའི་ཡེ་ཤེས་སོ། །དེའི་སྙིང་པོ་ནི་མིང་གི་ཡི་གེ་རྣམ་པར་ཤེས་པ་ཙམ་ཉིད་དོ། །གཞན་ནི་མིན་ཞེས་པ་ནི་དེ་ལྟར་རང་རིག་པའི་ཡེ་ཤེས་ཀྱི་ཡི་གེ་རྣམས་ནི་གཞན་ཐ་མལ་པ་འགའ་ཞིག་གི་ལུས་ལས་འབྱུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་རྟག་པ་རྒྱུན་དུ་ཡང་དག་པའི་སྦྱོར་བས་
བསླབ་ཅེས་པ་སྟེ་ངེས་པའོ། །དེ་ལྟར་སྡེ་ཚན་དེ་རྣམས་ལ། །ཨ་ནི་མགྲིན་པ་དང་ཁར་རོ། །དེ་བཞིན་དུ་ཀ་ནི་རྣ་བ་གཡས་པར་རོ། །ཙ་ནི་མིག་གཡོན་པར་རོ། །ཊ་ནི་མིག་གཡས་པར་རོ། །དེ་བཞིན་དུ་ཏ་ནི་རྣ་བ་གཡོན་པ་ལའོ། །བ་ནི་སྣའི་བུ་ག་གཡོན་པར་རོ། །དེ་བཞིན་དུ་ཡ་ནི་བུ་ག་གཡས་པར་
རོ། །དེ་བཞིན་དུ་ཤ་ནི་བཤང་བའི་བུ་གར་རོ། །སྡེ་ཚན་ལྔ་བཅུ་པོ་རྣམས་ནི་སྲོག་གི་བུ་གར་རོ་ཞེས་བརྗོད་པ་ནི་དབུགས་ནང་དུ་ཆུད་པ་སྟེ། སྔོན་དུ་གསུངས་པའི་བཙན་ཐབས་ཀྱི་སྦྱོར་བས་སོ། །སླར་ཡང་བྱང་ཆུབ་སེམས་དང་ལྷན་ཅིག་རྡོ་རྗེ་རོལ་པ་ནི་ཨ་ཝ་དྷཱུ་ཏཱིའི་བདེ་བར་རོ། །མཉམ་པར་གྱུར་པ་འོངས་ཏེ་
པདྨར་ཞུགས་པའོ། །པདྨ་དེ་ཡང་ཨ་ཝ་དྷཱུ་ཏཱི་ནམ་མཁའ་དང་མཚུངས་པ་བེམས་པོ་དང་བྲལ་བའོ། །དེ་ཡང་སོ་སོ་ཞེས་པ་ནི་རང་གི་ངོ་བོ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རིག་པ་སྟེ་ལྷའི་དབང་པོ་དང་ལྷའི་རྣམ་པར་ཤེས་པ་བརྒྱད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་རྣམས་དབུས་ཀྱི་ཞེས་
Vol. 6 · folio 159b
བྱ་བ་ལ་སོགས་པ་ནི་ལྷའི་རྣམ་པར་ཤེས་པ་བརྒྱད་པོ་དེ་རྣམས་དབུས་སུའོ། །ལྟེ་བ་ཞེས་པ་ནི་དེར་བསྐྱེད་པ་རང་རིག་པའི་ཡེ་ཤེས་གཙོ་བོ་ཉིད་ཀྱི་ཕྱིར་ལྟེ་བའོ། །ཉམས་སུ་མྱོང་བའི་ཕྱིར་ཏེ་དེ་རྣམས་ཀྱི་དབུས་སུ་གནས་པ་ཉིད་དོ། །དེའི་ཕྱིར་མཆོག་གི་དབང་ཕྱུག་མ་སྟེ། མཆོག་ནི་ཡེ་ཤེས་དམ་པ་
རྣམ་པར་ཤེས་པ་རྣམས་དང་བྲལ་བ་དེའི་རང་བཞིན་ཙམ་ཉིད་དོ། །དེས་ན་དབང་ཕྱུག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་རྫོགས་པའོ། །དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་འདོད་པ་རྣམས་ལ་དངོས་གྲུབ་སྟེར་བར་བྱེད་པའོ། །དེས་ན་སྡེ་ཚན་བརྒྱད་ཀྱིས་ཡང་དག་
པར་བསྐོར་བའོ། །དེ་ཅི་ཞེ་ན། མཆོག་ཏུ་མི་འགྱུར་ཞེས་པ་སྟེ། མི་འཛག་པའི་ཕྱིར་རོ། །དེ་ཡང་ཨ་སྟེ་ཡི་གེ་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་བའོ། །དོན་ཆེན་ཞེས་པ་ནི་རང་གི་ངོ་བོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དེས་ན་གྲུབ་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར་རོ་ཞེས་དགོངས་
སོ། །དེ་བཞིན་དུ་སྡེ་ཚན་རྣམས་ཀྱི་གཙོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཀྱི་སྐུ་རྟག་པའི་མཚན་ཉིད་དོ། །དེ་ཉིད་ལས་ཞེས་པ་ནི་གནས་འདི་རྣམས་ལས་བྱུང་བ་ལུས་ཅན་རྣམས་སྔགས་ཐམས་ཅད་རྣམས་ནི་འཆད་བཞིན་པ་དེ་ཉིད་ཀྱིས་སྟོན་ཏོ། །གང་རལ་གྲི་མིག་སྨན་
ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་ཀྱི་ལས་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་དེ་ཐམས་ཅད་འཆད་བཞིན་པ་ལ་སོགས་ཀྱི་རབ་ཏུ་བྱེད་པ་ལས་བཤད་པར་བྱའོ། །ད་ནི་སྔགས་འདི་རྣམས་ཀྱི་གནས་ཀྱི་དབང་གི་ཡོན་ཏན་གྱི་རང་བཞིན་བརྗོད་པའི་ཕྱིར། སྒྲ་ནི་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྩ་ཨ་ཝ་དྷཱུ་ཏཱི་ནང་དུ་རང་རིག་པའི་ཡེ་ཤེས་དེ་ནི་སྒྲའོ། །དེ་ཡང་ཨའི་ཡི་གེའི་མིང་ཅན་བདེ་བས་ཁྱབ་པར་བྱེད་པའོ། །དེའི་ཕྱིར་སྔགས་ཤེས་སུ་གསུངས་པར་འགྱུར་ཏེ། སྔགས་རྣམས་བརྗོད་པའི་རང་བཞིན་ནོ། །དེ་ཡང་བདེ་བ་སྣ་
ཚོགས་པ་ཉིད་ཀྱི་ཕྱོགས་དཔེའི་ཡུལ་མ་ཡིན་པའོ། །དེ་ཉིད་ཀྱི་དབང་དུ་བྱས་ཏེ་གསུངས་པ། སྣ་ཚོགས་མདུད་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ལ་སྣ་ཚོགས་མདུད་པ་ནི་རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ་། །ཕྱི་དེ་ནི་རྡོ་རྗེ་ནོར་བུའི་ལྟེ་བའོ། །ནང་ནི་ལྟེ་བའི་ལྟེ་བའོ། །དེའི་གནས་ཆེན་ལས་ཞེས་པ་
Vol. 6 · folio 160a
ནི་འདིར་ཕྱག་རྒྱ་བཞིའི་དབྱེ་བས་དང་པོ་གོམས་པའི་སྦྱོར་བས་ལྟེ་བ་ལ་སོགས་པའི་འཁོར་ལོ་བཞི་ལ་རིམ་པ་བཞིན་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ། །དེ་རྣམས་ཀྱང་འཆད་བཞིན་པས་གསལ་བར་བསྟན་པའི་ཕྱིར་རོ། །དེ་ཡང་དཔྲལ་བ་ནས་ལྟེ་བའི་མཐར་
ཐུག་པར་བཟློག་པ་དེ་ལས་ཀྱི་ཕྱག་རྒྱ་ལ་སོགས་པར་ཤེས་པར་བྱའོ། །དེའི་ཕྱིར་ལྟེ་བའི་གནས་ནས། ཆོས་ཀྱི་རོལ་བ་ཡང་དག་འབྱུང་། །ཞེས་པ་ནི་འདིར་སྔོན་གྱི་བདེ་བ་ཆེན་པོའི་འཁོར་ལོ་ལས་རྡོ་རྗེ་རོལ་པ་ནི་ཨོ་རྒྱན་གྱི་སྒོ་ནས་བྱང་ཆུབ་སེམས་རང་རིག་པའི་ཡེ་ཤེས་རོ་མཉམ་པའི་གཟུགས་ལྟེ་
བར་འོངས་པའོ། །དེས་ན་སྣ་ཚོགས་མདུད་པའི་གནས་ཆེན་ལས་ཆོས་ཞེས་པ་སླར་ཡང་ཛཱ་ལནྡྷ་རའི་སྒོ་ནས་སྟེང་དུ་སོང་བའི་ཆོས་ཀྱི་འཁོར་ལོར་འཇུག་པ་ནི་ཆུའི་འཁྲུལ་འཁོར་བཞིན་ནོ། འོན་ཀྱང་དགོངས་བཤད་གཞན་གྱིས་ཆོས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་
པའོ། །རོལ་པ་ཞེས་པ་ནི་དཔེའི་བདེ་བ་སྤངས་པའོ། །ཡང་དག་འབྱུང་ཞེས་པ་ནི་གང་གི་ཕྱིར་ལྟེ་བའི་སྟེང་དུ་བདེ་བ་འགྲོ་བའི་ཕྱིར་བསམ་གྱིས་མི་ཁྱབ་པའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་སྟེར་བར་བྱེད་པའོ། །དེའི་ཚེ་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཅི་ཡང་མེད་
པ་ནི་ཁ་ཅིག་ཏུ་འགའ་ཞིག་གིས་ངེས་པ་འདི་ལས་ཅི་ཡང་མེད་དེ། རྟག་ཏུ་ལྟེ་བ་ལ་སོགས་པ་རྣམ་པར་གནས་པ་ནི་སྔགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཡེ་ཤེས་ཀྱི་གནས་ཕྱོགས་གཅིག་པ་གནས་པ་མེད་པར་རང་བཞིན་གྱིས་མ་སྐྱེས་ཤིང་མི་འགག་པའི་དངོས་པོ་རྣམས་སུ་འཛིན་
པ་མེད་པའི་ཕྱིར་ཞེས་དགོངས་སོ། །དངོས་གྲུབ་ཅེས་པ་ནི་དེའི་ཕྱིར་སྔོན་ནས་གྲུབ་པའོ། །དེས་ན་དངོས་གྲུབ་ནི་བསྟན་པའི་སྒོ་ནས་བཤད་པའོ། །རྫུ་འཕྲུལ་ཞེས་པ་ནི་མཆོག་ཏུ་མི་ཟད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་གནས་ཞེས་པ་ནི་རྟག་པ་རྒྱུན་དུ་གནས་པ་རྟག་ཏུ་དངོས་པོ་མེད་པའི་མཚན་ཉིད་དོ། །དེ་ཡང་
དེ་དག་ལ་སོགས་པའི་ཡོན་ཏན་གྱི་རྣམ་གྲངས་ཤེས་པར་བྱ་སྟེ་མིང་མེད་པའི་ཕྱིར་རོ། །དེས་ན་དེ་བཞིན་དུ་བསྟན་ཏོ། །དེ་ཡང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །དེ་ལྟར་སྔགས་དང་དབྱངས་དང་གསལ་བྱེད་ཀྱི་སྡེ་ཚན་ཐམས་ཅད་སྒྲའི་རང་བཞིན་སངས་རྒྱས་སོ། །གང་གི་ཕྱིར་
Vol. 6 · folio 160b
སངས་རྒྱས་དང་སྒྲ་ལ་རྟེན་ཅིང་དེ་ལས་བྱུང་བའོ། །དེ་དེའི་ཕྱིར་སྔགས་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱི་གསུང་གི་སྒོ་ནས་བསྟན་པའི་བདག་ཉིད་ཅེས་པ་སྟེ་ངེས་པའོ། །ད་ནི་སྔོན་དུ་དངོས་པོར་ཞེན་པ་དགག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་འཁོར་ལོ་བཞིའི་དབྱེ་བས་རྡོ་རྗེ་འཆང་གི་ཆོས་ཀྱི་
འབྱུང་གནས་ཀྱི་ནང་གི་གཞལ་ཡས་ཁང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བཞུགས་པ་མཆོག་ཏུ་ཟབ་པའི་གནས་ནི་ཀུན་རྫོབ་ཀྱི་བདེན་པའི་དབྱེ་བས་བརྗོད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་རྣམ་པར་དག་པའི་རྗེས་ཐོགས་
སུ་རྣལ་འབྱོར་པ་དག་པ་བརྗོད་དེ། དེས་ན་གཞན་ཞེས་པ་ནི་མཆོག་ཏུ་ཟབ་པ་ལས་ཟབ་པའི་གནས་སོ། །དེ་ཡང་། ཁ་སྦྱོར་ལས་བྱུང་མཚན་ཉིད་དེ། །ཞེས་པ་ནི་འདིར་ཐུན་མོང་དུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅིང་གཉིས་མེད་པའོ། །ཁྱད་པར་དུ་མངོན་པར་འདོད་པ་ནི་བསམ་གྱིས་མི་
ཁྱབ་པའི་སྙིང་རྗེ་དང་སྟོང་པ་སྟེ། དེས་ནི་ཁ་སྦྱོར་རོ། །དེས་ན་དབྱེར་མེད་ཅིང་བསམ་དུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཟབ་པ་ལས་ཀྱང་ཟབ་པ་གཉིས་མེད་པ་དེ་གང་ལས་བྱུང་བ་ཡོད་པ་དེ་ནི་ཁ་སྦྱོར་ལས་བྱུང་བ་སྟེ། དེའི་མཚན་ཉིད་རབ་ཏུ་བཤད་པར་བྱ་ཞེས་སྦྱར་རོ། །དེ་ཡང་ཨེ་ཞེས་བྱ་
བ་ལ་སོགས་པས་སོ། །དེ་བཞིན་དུ་ཨེ་ནི་ཡེ་ཤེས་ཀྱི་ཨ་ཝ་དྷཱུ་ཏཱིའོ། །ས་ཞེས་པ་ནི་ས་ཆེན་པོར་ཤེས་པར་བྱ་སྟེ། བསྟན་པའི་སྒོ་ནས་ཤེས་པར་བྱའོ། །དེས་ན། ལས་ཀྱི་ཕྱག་རྒྱ་ཉིད་དང་སྤྱན། །ཞེས་གསུངས་ཏེ། དེ་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །ལྷག་མ་ནི་གོ་སླའོ། །དེ་ལྟར་འཁོར་ལོ་
བཞིའི་རབ་ཏུ་དབྱེ་བས་གཞལ་ཡས་ཁང་བསྟན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཅན་ཏེ། དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་སྔོན་ནས་དག་པའི་ཁམས་རྣམས་སོ། །དེས་ན་མི་ཟད་པའི་ཕྱིར་རིན་པོ་ཆེའོ། །དེ་ཡང་པགས་པ་དང་། རྒྱུས་པ་དང་། ཤ་དང་། རུས་པ་དང་། ཞག་དང་། ཁྲག་དང་།
ཁུ་བའི་རིན་པོ་ཆེ་སྣ་ཚོགས་པའི་ཉེ་བར་སྤྱོད་པ་དེ་རྣམས་ཀྱིས་སྤྲས་པའམ་སྤྲུལ་པའོ། །དེ་ལྟར་གནས་དེའི་ནང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་བསྟན་པའི་ཕྱིར། ཨེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་དངོས་པོར་རོ་མཉམ་པར་
Vol. 6 · folio 161a
གྱུར་པའོ། །དེས་ན་ཆོས་ཀྱི་དབྱིངས་བསམ་དུ་མེད་པའི་ཤེས་རབ་དམིགས་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་ཨེའི་ཆ་བྱད་བཟང་པོ་ཆོས་ཀྱི་འབྱུང་གནས་ཀྱི་གནས་སོ། །དེའི་དངོས་པོ་ཉིད་ཀྱིས་སྣ་ཚོགས་སུ་སྤྲུལ་པའི་མཚན་ཉིད་ནི་ཐབས་ཏེ། དེ་བཞིན་དུ་ཝཾ་ནི་བསམ་དུ་མེད་པའི་
སྙིང་རྗེའི་བདག་ཉིད་རང་རིག་པ་བསམ་དུ་མེད་པའི་ཐབས་ལུས་དང་ངག་དང་སེམས་ཀྱི་ཆོས་ཀྱི་སྒྱུ་མ་ལྟ་བུ་གསལ་བར་བྱེད་པའོ། །དེ་ཉིད་ཤེས་རབ་ཀྱི་བདག་ཉིད་དཔྱད་པའི་སྤྱོད་ཡུལ་མ་ཡིན་པའི་ཨེ་ལ་ཝཾ་གྱིས་བརྒྱན་ཏེ། ཨེའི་ཆ་བྱད་ཀྱི་ཤེས་རབ་བོ། །ཨེ་དེ་ཉིད་ཀྱིས་ཀྱང་ཝཾ་བརྒྱན་པའོ། །ངེས་
པར་ཞེས་པ་ནི། གདོན་མི་ཟ་བར་ཞེས་པའི་དོན་ཏོ། །འོག་དང་སྟེང་འདི་དག་ཕན་ཚུན་དུ་སྙོམས་པར་འཇུག་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་རྣལ་འབྱོར་བསམ་དུ་མེད་པ། ཨེ་དང་ཝཾ་ཉིད་ཅེས་ཀྱང་གསུངས་པའི་ཚིག་གིས་གཉིས་མེད་ཅིང་གཉིས་མེད་པར་གསུངས་སོ། །དེས་ན་ཨེ་ཝཾ་
ཞེས་བྱ་བ། །ཞེས་པ་ནི་འདུས་པ་ལ་སོགས་པའི་རྒྱུད་རྣམས་སུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་བསྟན་པའོ། །ཚིག་ཕྲད་ཅེས་པ་ནི་འདི་སྐད་བདག་གི་ལ་སོགས་པ་དགོངས་བཤད་གཞན་གྱི་ཚིག་གིས་ངེས་པར་གཞག་པའོ། །ཇི་ལྟར་འོག་དང་སྟེང་དུ་ཞེས་པ་ནི། འོག་ལྟེ་བའི་རྩ་བར་ཨེའོ། །
སྟེང་སྙིང་གའི་གནས་སུ་ཝཾ་མོ། །འདི་གཉིས་ཀ་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ། །དེས་ན་གཉིས་མེད་པ་ལས་བྱུང་བའི་དངོས་པོའི་མཚན་ཉིད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞལ་སྟོང་ཕྲག་བརྒྱ་དུ་མས་ཀྱང་བསྟན་པར་མི་ནུས་ན། བདག་ཅག་མི་རྣམས་ཀྱི་ལྕེས་བརྗོད་པ་ལྟ་
ཅི་སྨོས། དེའི་ཕྱིར་འདི་ཡང་རྒྱུད་འདིར་རྡོ་རྗེའི་ཚིག་འདིས་འདི་སྐད་ཅེས་པ་ནས་ཡོངས་སུ་རྫོགས་པའི་མཐར་ཐུག་པའི་རྒྱུད་བསྡུས་ཏེ་སྟོན་པར་བྱེད་པ་ནི་ཨེ་དང་ཝཾ་གཉིས་ཏེ། དེ་བཞིན་དུ་བསམ་དུ་མེད་པ་གཉིས་མེད་པ་རྟོག་པ་བཅུ་གཅིག་གི་བདག་ཉིད་རྒྱུད་འདི་བསྡུས་པས་བསམ་དུ་མེད་པ་གཉིས་
མེད་པ་སྟོན་ཏོ། །དེ་ལས་བྱུང་བའི་ཕྱིར་དེ་ལྟར་རྒྱུད་ཐམས་ཅད་བདེ་བའི་རང་བཞིན་དུ་དགོངས་སོ། །བདེ་བ་དེ་ཡང་ཨེ་དང་ཝཾ་ལ་རབ་ཏུ་གནས་པ་སྟེ་དེ་ལྟར་ཡང་གསུངས་པ། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་ཝཾ་གྱིས་རྣམ་པར་བརྒྱན། །བདེ་བ་ཐམས་ཅད་ཀྱི་ནི་གཞི། །སངས་རྒྱས་རིན་ཆེན་
Vol. 6 · folio 161b
ཟ་མ་ཏོག །ཅེས་ཏེ། དེ་བཞིན་གཤེགས་པའི་ངེས་པའོ། །ད་ནི་སེམས་ཅན་རྣམས་ཀྱིས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྙེད་པར་བྱ་བའི་ཕྱིར་བསྟན་བྱ་དང་སྟོན་པ་པོ་དག་གི་འབྲེལ་པ་བརྗོད་དོ། །བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱུད་ཐམས་ཅད་ཀྱི་བླ་མའི་རྒྱུད་ཁ་སྦྱོར་ཞེས་པ་
ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་སྔོན་དུ་རྟོགས་ཏེ་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་སོ། །དེས་ན་རྫོགས་པའི་རིམ་པ་བསྒོམ་པ་བསྟན་པའི་ཕྱིར་སེམས་ཅན་གྱི་དོན་གྱི་དབང་གིས་བསྐྱེད་པའི་རིམ་པའི་ཚུལ་འོག་ནས་འཆད་བཞིན་པ་དེས་དེ་བཞིན་གཤེགས་པར་བསྐྱེད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་
ཁོང་དུ་ཆུད་པས་བྲག་ཅའི་སྒྲ་བཞིན་དུ་གསུངས་ཏེ། དེ་ཉིད་བདག་གིས་ཐོས་ཞེས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་ཀྱི་སྤྲུལ་པའི་སྐུ་སྟེ། ཏིང་ངེ་འཛིན་ལ་བཞུགས་པའི་ཕྱིར་དང་། སྔོན་དུ་ལེགས་པར་བསླབས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཨེ་དང་ཝཾ་གྱི་ཡི་གེ་གཉིས་བདེ་བ་ཉིད་ཀྱི་ཆོས་ཀྱི་རང་བཞིན་བདག་ཉིད་ཀྱིས་ཐོས་ཏེ་
བསམ་གྱིས་མི་ཁྱབ་པ་བདག་ཉིད་རྡོ་རྗེ་སྙིང་པོའི་གཟུགས་སུ་སྣང་བའོ། །ནི་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཆགས་པ་ཆེན་པོ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་བསམ་དུ་མེད་པའི་རྣམ་པར་ཤེས་པ་དང་། ཡེ་ཤེས་དག་གཅིག་ཏུ་འདྲེས་ཤིང་ཨེ་ཝཾ་གཉིས་རོ་མཉམ་པར་གྱུར་པས་སོ། །
དེ་རྟག་ཏུ་གནས་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྟག་པའི་རང་བཞིན་དུ་ཉེ་བར་བསྟན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །དེ་བཞིན་དུ་ཐོས་པ་མཉན་པ་ཞེས་པ་ནི་རང་ཉིད་ཀྱི་ཁ་ནས་བརྗོད་ཅིང་ཐོས་པར་འདོད་པ་ཉིད་དོ། །བསྟན་པ་ཞེས་པ་ནི་འདིར་རྡོ་རྗེ་
སྙིང་པོ་རང་ཉིད་སོམ་ཉི་ཟ་བའོ། །གང་གི་ཕྱིར་ཚིག་འདི་བསྟན་པ་འདིའི་ཚེ་གང་ཡང་བདེ་ཆེན་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་བདེ་བ་ཆེན་པོའི་རང་བཞིན་ནོ། །མགོན་པོ་ཞེས་པ་ནི་འཇིག་རྟེན་འདོན་པར་བཞེད་པ་དེས་ན་སེམས་ཅན་རྣམས་ཀྱི་མགོན་པོར་འགྱུར་ཏེ། བསམ་དུ་མེད་པའི་སྙིང་
རྗེ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་བདག་ཉིད་ཀྱིས་ཞེས་པ་ལ་སོགས་པ་ནི་དམ་བཅས་པ་ཉིད་དེ། དེའི་ཚེ་ཐོས་ཞེས་པ་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོས་པ་སྟེ་རྣ་བས་ཐོས་ཞེས་པའི་དོན་ཏོ། །དེ་ཉིད་ཀྱིས་ནམ་འཆི་བ་ལ་ཐུག་པར་དུས་ཐམས་ཅད་དུ་རྟོགས་པའོ། །ཤེས་པས་ཞེས་བྱ་བ་ནི་
Vol. 6 · folio 162a
མངོན་པར་ཤེས་པའི་སྟོབས་ཀྱིས་ཐོས་ཤིང་ངེས་པར་གཟུང་བའོ། །དེའི་ཕྱིར་རྟོགས་པ་ནི་མ་ཡིན་ཞེས་པ་ནི་བསྒོམས་པས་རྟོགས་པར་མ་བྱས་པ་སྟེ། དུས་ཐམས་ཅད་དུ་ཐོས་པ་བརྒྱུད་པས་སྐྱེ་བ་དུ་མར་དགོངས་ཤིང་རྟོགས་པའོ། །དེས་ན་ཡོངས་སུ་ཤེས་པས་སམ་མངོན་ཤེས་ཀྱི་
ཤེས་པ་ཉིད་ཀྱིས་ཐོས་པའོ། །དེས་ན་དེ་ཉིད་ཀྱིས་སྟོན་ཏོ། །སྙམ་མོ། །རྟོགས་པ་ལ་ཞེས་པ་ནི་འདིར་བསྒོམ་པ་འབའ་ཞིག་གིས་དེ་ཁོ་ན་ཉིད་རྟོགས་ཏེ། དེས་ན་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་ཐོབ་ནས་སྟོན་པ་འདི་ལ་བཅོམ་ལྡན་འདས་ཉེས་པ་ཅི་མཆིས་ཞེས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ། །དེར་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཅི་གསུང་སྙམ་པ་སྟེ། རྡོ་རྗེ་སྙིང་པོ་རང་ཉིད་ཀྱི་ཐེ་ཚོམ་བསལ་བའི་དོན་ཏོ། །སྡུད་པར་བྱེད་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རིགས་ཀྱི་བུ་ཞེས་པ་ནི་ཉན་པའི་སྐྱེ་བོ་རྣམས་ལ་བོད་པའོ། །ལྷག་མ་ནི་གོ་སླའོ། །བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཞེས་པ་ནི་གཉིས་
མེད་པའི་ཁྱད་པར་ཅན་གྱི་ཐར་པ་སྟེ། གཞན་སྤྱིར་སྟོང་པ་དང་སྙིང་རྗེ་གཉིས་མེད་མཆོག་གི་ཐར་པ་བསམ་དུ་མེད་པ་གཉིས་མེད་པ་སེམས་ཅན་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་རྙེད་པའོ། །བསྟན་ཏོ་ཞེས་པ་ནི་ཡང་དག་བསྟན་པའོ། །དུས་ཞེས་པ་ནི་དེ་བཞིན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་
རྙེད་པའི་དུས་སོ། །དེ་ཡང་དུས་གཅིག་ན་ཞེས་གསུང་བར་འགྱུར་ཏེ། རྟག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །སླར་ཡང་མི་རྟག་པའི་དུས་ཀྱི་བསྒོམ་པ་རྟོགས་པ་ཉིད་བསྟན་པའི་ཕྱིར། དུས་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ནི་ཞེས་པ་ནས་ཉིད་ཅེས་པའི་མཐར་
ཐུག་པ་ནི་བསྟན་པའི་ཚིག་གོ། །འདི་ཉིད་ཀྱི་བཤད་པ་བསྟན་པའི་ཕྱིར། སྣ་རྩེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་སྔོན་དུ་གསུངས་པའི་ཚུལ་གྱིས་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་གཏུམ་མོ་སྦར་ཏེ། །ལྟེ་བའི་འཁོར་ལོ་ནས་བདེ་བ་ཆེན་པོའི་འཁོར་ལོར་སོང་བའི་བྱང་ཆུབ་ཀྱི་སེམས་ཨ་
ཝ་དྷཱུ་ཏཱིའི་སྣ་རྩེའི་བུ་ག་ནས་འོངས་པ་ནི་རང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་སྲོག་གཉིས་མེད་པ་དེ་ལ་དུས་བཟང་པོ་ཞེས་བརྗོད་དོ། །དེ་བཞིན་དུ་མེའི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཡང་སླར་ལ་ཡང་བྱང་ཆུབ་ཀྱི་སེམས་མེའི་གཟུགས་ཀྱིས་ཞེས་པ་གཏུམ་མོའི་གཟུགས་ཀྱིས་ཛཱ་ལནྡྷ་རའི་བུ་ག་ནས་སོང་བ་ནི་
Vol. 6 · folio 162b
མི་འཛག་པར་འགྱུར་བའོ། །དུས་ནི་ངན་པ་ཞེས་པ་ནི་སྐད་ཅིག་དེ་ཉིད་དཀའ་སྤྱོད་དུ་འགྱུར་བའོ། །གྲགས་ཞེས་པ་ནི་བསྟན་ཞེས་པའི་དོན་ཏོ། །དེ་དག་ཅེས་པ་ནི་བདེ་བའི་དུས་དང་སྡུག་བསྔལ་གྱི་དུས་དག་གཅིག་པ་ཉིད་དུ་གྱུར་པའི་དུས་གཅིག་ནི་བསམ་གྱིས་མི་ཁྱབ་པའི་དུས་དེ་ཉིད་དུ་བསྟན་ཏོ། །འདུས་པ་
ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཀུན་དུ་རྟོག་པའི་བདེ་བ་དེ་རྣམས་སྤངས་པ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེ། དེ་ཡང་བསམ་གྱིས་མི་ཁྱབ་པར་སོན་པའོ། །གང་གི་ཕྱིར་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པའོ། །སངས་རྒྱས་ཞེས་པ་ནི་ཉེ་
བར་བཏགས་པའི་ཚིག་གོ། །འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དུ་འགྱུར་བའོ། །དེ་ཡང་བསམ་གྱིས་མི་ཁྱབ་པ་སྟེ། དེས་ན་སྟོང་པ་དང་སྙིང་རྗེ་བསམ་གྱིས་མི་ཁྱབ་པའོ། །དེའི་ཕྱིར་གཉིས་མེད་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ནི་གྱུར་པའི་སྒྲར་བསྟན་ཏོ། །
འདི་རྣམས་ཀྱི་ངེས་པའི་ཚིག་བསྟན་པའི་ཕྱིར། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ། །སླར་ཡང་བཞུགས་པའི་གནས་ཀྱི་ངེས་པ་བརྗོད་པའི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་དབང་ཕྱུག་ལ་སོགས་པའི་སྐལ་བ་དྲུག་དང་། ཡང་
དག་པར་སྦྱོར་བའི་ཕྱིར་བཅོམ་ལྡན་འདས་ཏེ། དེ་ཡང་གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣལ་འབྱོར་པའི་རང་གི་མཚན་ཉིད་ཀྱི་ནང་དུ་འདུས་པའོ། །
དེས་ན་དེ་བཞིན་གཤེགས་པ་རྣམས་ཚངས་པ་ལ་སོགས་པའི་གཟུགས་ལ་བརྟེན་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཉེ་བར་བསྡུས་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་རྣམས་ཉིད་སྙིང་པོ་སྟེ་མི་ཟད་པའི་ཕྱིར་རོ། །དེ་ཉིད་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་དང་རེས་འགའ་ཡང་མི་འགྲོ་བའི་
ཕྱིར་རོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ལྷ་མོ་སྤྱན་མ་ལ་སོགས་པ་འབྱུང་བ་ཆེན་པོའི་ཁམས་རྣམས་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཡེ་ཤེས་ལྔའི་བདག་ཉིད་དེ་རྣམས་རོ་མཉམ་པར་གྱུར་པ་སྟེ། དེའི་བཙུན་མོའི་བྷ་གའོ། །དེར་བཞུགས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཡེ་ཤེས་ཀྱི་རང་བཞིན་
Vol. 6 · folio 163a
ཞེས་པའི་དོན་ཏོ། །ཡང་ན་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་བདེ་བ་ཆེན་པོའི་རང་བཞིན་རང་རིག་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། །ཨ་ཝ་དྷཱུ་ཏཱི་ནང་གི་སྲོག་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ཡང་དཀྱིལ་འཁོར་ལྔ་ཉེ་བར་བསྡུས་པས་བྱང་ཆུབ་སེམས་འགུགས་
པའོ། །དེ་ནས་སྐད་ཅིག་ཐམས་ཅད་ལ་ཀུན་དུ་ཞེན་པའི་སེམས་དེའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །བྷ་ག་ནི་ཉོན་མོངས་པ་ཐམས་ཅད་ལས་ཁ་ཕྱིར་ཕྱོགས་པའོ། །དེས་ན་ཐ་མལ་པའི་ཀུན་རྫོབ་ཏུ་བསྟན་ཏོ། །གཞན་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུ་དང་འབྲས་བུའི་གནས་ཐབས་ལ་བདེ་བ་ཡང་བུད་མེད་ཀྱི་བྷ་ག་
ལ་ཀུན་དུ་སྦྱོར་བའི་ཕྱིར་དེར་ཡང་བཞུགས་པའོ། །གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡང་བདག་གོ་ཞེས་བརྗོད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་པའི་ཀུན་རྫོབ་ཏུ་བསྟན་ཏོ། །དེ་ལྟར་ཀུན་རྫོབ་རྣམ་པ་གསུམ་གྱི་བྷ་ག་ལ་བཞུགས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ་འཆད་བཞིན་
པས་སེམས་ཅན་རྣམས་ལ་སྟོན་ཏོ། །དེ་ཉིད་གསུངས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོའི་ཞུ་བ་བཅོམ་ལྡན་འདས་ལ་ཞུས་པའོ། །ཀྱེ་ཞེས་པ་ནི་བོད་པའོ། །ཅི་ཞེ་ན། བཞུགས་ཞེས་གསུངས་ཏེ། སྔོན་དུ་གསུངས་པ་འདི་ལྟ་བུའི་ཀུན་རྫོབ་རྣམ་པ་གསུམ་དོན་དམ་པར་
ཡང་ཇི་ལྟ་བུ་ཞེས་པའི་དོན་ཏོ། །ཅི་གསུངས་པར་འགྱུར་ཞེས་པ་ནི་དགོས་པ་ཅི་ཡོད་ཅེས་པའི་དོན་ཏོ། །གལ་ཏེ་ཡང་བཅོམ་ལྡན་འདས་དོན་དམ་པའི་རང་བཞིན་ཡིན་པ་དེའི་ཚེ་མ་གསུངས་པའི་ཕྱིར་ཀུན་རྫོབ་རྣམ་པ་གསུམ་ཇི་ལྟ་བུའི་དགོས་པ་ཡིན་ཞེས་པའི་དོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་
གསུངས་པའོ། །ཅི་གསུངས་ཞེས་པ་ནི་རྡོ་རྗེ་སྙིང་པོའི་སོམ་ཉི་བསལ་ཏེ། རང་གི་ངོ་བོའི་རང་བཞིན་ཤེས་པར་བྱའོ། །རོ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་འདིས་དང་པོ་ཉིད་དུ་དོན་དམ་པ་བསྟན་པ་བརྗོད་དེ། རོ་གཅིག་ཅེས་པ་ནི་རང་གི་ལུས་དང་ངག་དང་སེམས་ཀྱི་ཆོས་དེའི་རང་བཞིན་རྣམས་འབྱུང་བའོ། །
དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་དེ་བཞིན་ཉིད་ལས་བྱུང་བ་གཞན་གྱི་དབང་གིས་རང་བཞིན་དུ་གྱུར་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོབ་ཀྱི་བདེན་པའི་གཟུགས་ཅན་ཏེ། གང་གི་ཕྱིར་སེམས་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་དེ་གཞན་གྱི་དངོས་པོ་རྣམས་ལ་ཐིམ་པར་གྱུར་
Vol. 6 · folio 163b
པ་གཅིག་དང་དུ་མའི་རང་བཞིན་སྣ་ཚོགས་ཀྱི་ནོར་བུའི་གཟུགས་བཞིན་དེའི་ཚེ་གཞན་དབང་དུ་གཞག་པ་རྣམ་པ་སྣ་ཚོགས་པ་དེ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །སླར་ཡང་བརྟགས་པའི་བསྒོམ་པའི་དབང་གིས་དེ་བཞིན་གཤེགས་པ་དེ་རྣམས་རོ་གཅིག་པ་ཉིད་དེ་ཡེ་ཤེས་དང་
རྣམ་པར་ཤེས་པ་གཅིག་པ་ཉིད་དོ། །དེས་ན་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཉེ་བར་བསྡུས་པ་དེས་ན་ཡོངས་སུ་གྲུབ་པའི་ཆོས་ཉིད་དོ། །དེ་ལྟར་སེམས་དང་སེམས་ལས་བྱུང་བའི་མ་རིག་པའི་བག་ཆགས་ཟད་པ་ནི་རྒྱུའོ། །དེའི་འབྲས་བུ་བསྟན་པའི་ཕྱིར་དེ་བཞིན་དུ་སེམས་ལ་
སོགས་པ་གསུམ་གྱི་རྣམ་པར་དག་པ་གསུངས་ཏེ། སྣ་ཚོགས་པ་ཞེས་བྱ་བ་ལ་སོགས་པ་ལ་སྣ་ཚོགས་ཞེས་པ་ནི་ཐབས་ཀྱི་ཁྱད་པར་རོ། །ཇི་ལྟར་འགའ་ཞིག་ལེགས་པ་བཟོ་བ་ཉིད་ཀྱིས་ནོར་བུ་རྣམས་འཆོས་ཤིང་བྱེད་པ་དེའི་ནོར་བུ་སྣ་ཚོགས་པའི་ཡོན་ཏན་གྱི་སྐྱོན་ཡང་ཡོན་ཏན་དུ་འགྱུར་རོ། །
དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཐབས་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་འདུལ་བར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། གདུལ་བྱའི་སྐྱེ་བོ་དེ་རྣམས་ཀྱི་ཡིད་ལ་འདོད་པ་འཕྲོག་པ་དང་ལྡན་ཞེས་པ་ནི་འདིར་བསྒོམ་པའི་དུས་སུ་ཡང་ལས་དང་པོ་པ་དེས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཡིད་དེས་རང་
གིས་སེམས་ཀྱི་འདོད་པ་སྣ་ཚོགས་པའི་བློ་དེ་ཉིད་དང་། བླ་མའི་མན་ངག་གིས་ཐབས་སྣ་ཚོགས་པའི་ནང་དུ་ཆུད་ཀྱང་བདེ་བས་སེམས་ཀྱི་གློ་བུར་ཟད་དེ། དེས་ན་བདེ་བ་དང་སེམས་ཅན་འདི་དག་ལ་བརྟེན་པའི་བློ་སྐྱེའོ། །དོན་ཏོ་ཞེས་པ་ནི་དེ་ལྟར་རྡོ་རྗེ་སྙིང་པོ་ལ་བོད་པའོ། །ཀུན་རྫོབ་གསུམ་ལ་བདེན་
པར་བརྟེན་པ་འདིས་དེ་ཉིད་ཀྱི་དོན་ཡོངས་སུ་རྫོགས་པའི་ནང་དུ་ཆུད་ཀྱང་བསམ་གྱིས་མི་ཁྱབ་པ་ལ་སེམས་པའོ། །དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྙིང་རྗེས་བསྒྲུབས་ཞེས་པའི་དོན་ཏོ། །དེ་བཞིན་དུ་སེམས་ཅན་ལ་དམིགས་པས་ལྷུན་གྱིས་གྲུབ་པས་དམིགས་པ་མེད་པའི་སྙིང་རྗེ་སྐྱེའོ། །དེས་
ནི་ཆོས་ལ་དམིགས་པའི་སྙིང་རྗེ་བསྒྲུབ་པར་བཤད་དོ། །སླར་ཡང་ཉེ་བ་བསྡུ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ཞེས་པ་ནས་བདག་གིས་ཐོས་ཞེས་པའི་མཐར་ཐུག་པ་གསུངས་སོ། །ཅི་ཐོས་ཤེ་ན། གསུངས་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་གང་གིས་ཞེས་པ་ནི་ཡང་དག་
Vol. 6 · folio 164a
པའི་ཡེ་ཤེས་ཀྱི་ཉོན་མོངས་པ་བཅོམ་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་ན་ཤེས་རབ་ཅེས་པ་ནི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་བཅུ་དྲུག་ལས་གཙོར་གྱུར་པ་དེ་ནི་གང་གི་ཕྱིར་ཉོན་མོངས་པ་ཐམས་ཅད་འཇོམས་པ་དེའི་ཕྱིར་ཤེས་རབ་ལ་བྷ་ག་ཞེས་བརྗོད་དོ། །
སོགས་པའི་སྒྲ་ནི་རྩ་རྣམས་ཀྱི་རྒྱུ་བས་དཀྱིལ་འཁོར་ལྔའི་སྲོག་རྣམས་རྒྱུ་བ་ཤེས་པར་བྱ་སྟེ། ཨ་ཝ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་དེ་འཇུག་པའི་དུས་སུ་དེའི་བྷ་ག་ལ་བཞུགས་པ་སྟེ། གང་གི་ཕྱིར་སེམས་དང་སྲོག་དག་གཅིག་པ་ཉིད་དོ། །ཡང་ན་ཐ་མལ་པའི་བུད་མེད་རྣམས་ཀྱི་བྷ་ག་བདེ་བ་
དང་ལྡན་པ་དེ་ལ་དེའི་རང་བཞིན་གནས་པའོ། །དེ་ལྟར་དེ་རྣམས་ཀྱི་བཙུན་མོ་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ནོ། །བཙུན་མོ་ཞེས་པ་ནི་སྙིང་རྗེ་བཅུ་དྲུག་པོ་དེ་རྣམས་དང་ལྷན་ཅིག་བཞུགས་པ་
སྟེ། སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་རྣམ་པ་དེ་སྤྲོས་པ་དང་བཅས་པར་གྱུར་པའོ། །དེས་ན་བྱང་ཆུབ་སེམས་དཔའི་སྐྱེ་བོའི་ལུས་ལ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་འཛིན་པ་བཞུགས་པའོ། །དེ་ཡང་ཉོན་མོངས་ཉེར་བསྣུན་ཞེས་པ་ནི་རང་གི་ཆ་ལས་བྱུང་བའི་སེམས་ཅན་དེ་རྣམས་ཐམས་ཅད་
ནི་མི་ཤེས་པས་བསྒྲིབས་ཤིང་དེ་དང་ཉེ་བར་གནས་པའི་སེམས་ཅན་འདུལ་དཀའ་བ་ལ་སོགས་པ་ལ་དམིགས་པ་དེས་ན་མི་ཤེས་པ་དེ་རྣམས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་མཐོང་བས་འདུལ་བར་འགྱུར་རོ། །དེས་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་འཇོམས་པར་འགྱུར་རོ། །དེའི་
ཕྱིར་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་པའི་ཕྱིར་ཆོས་ལ་དམིགས་པའི་སྙིང་རྗེ་གྲུབ་པའོ། །དེ་ཉིད་ཀྱིས་ན་ཨེ་མའོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་བར་བསྟན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་བྱང་ཆུབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་
དེ་རྣམས་ཀྱིའོ། །ཀུན་མཁྱེན་ཡེ་ཤེས་ཞེས་པ་ནི་རབ་ཏུ་སོན་པའི་མཐར་ཐུག་པས་འབྲས་བུ་གང་ཐོབ་པའོ། །དེ་ཉིད་ཀྱིས་བླ་ན་མེད་པ་ཞེས་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །ག་ཞེས་པ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བའི་དོན་ཏོ། །ཡང་དག་པར་རྫོགས་
Vol. 6 · folio 164b
པའི་བྱང་ཆུབ་ཐོབ་པའི་དོན་དུའོ། །དེའི་ཕྱིར། བཙུན་མོ་ཉིད་དུ་ཉེ་བར་སྤྲུལ། །ཞེས་པ་ནི་རྒྱལ་བའི་རྣམ་པར་སྒེག་མོ་སྙིང་རྗེ་མགྲིན་པ་ནས་སྐད་ཅིག་ཀྱང་མི་འདོར་ཏེ། དེ་ནི་གཉིས་སུ་མེད་པའི་བདེ་བ་དང་ལྡན་པས་མི་འདོར་རོ། །གང་གི་ཕྱིར་སེམས་ཅན་ཐམས་ཅད་ནི་དེའི་རང་བཞིན་ཡིན་པས་དེས་ན་
དེ་རྣམས་ཀྱི་དོན་བྱེད་དོ། །འདི་རྣམས་ཀྱི་ཉེ་བར་བསྡུ་བ་གསུངས་པ། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་ལ་འཁོར་རྣམས་རང་གི་རིགས་ལས་བྱུང་བ་ནི་སངས་རྒྱས་ཀྱི་སྲས་སོ། །དེས་ན་འདི་སྐད་ཅེས་པ་ནི་ཁྱོད་ཀྱི་འདི་ཞེས་པའི་དོན་ཏོ། །གང་གིས་ཐོས་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་
སྦྱོར་བའོ། །དེ་ཡང་ངག་གི་སྒོ་ནས་ངེས་པར་གཟུང་བ་མིང་སྔོན་དུ་འགྲོ་བས་ན་ཡི་གེ་དེ་ཡང་ཆོས་ཀྱི་ཐོས་སོགས་རྟག་ཏུ་བཞུགས་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་དམ་པའི་ཆོས་ཀྱི་གླེགས་བམ་ལའོ། །སོགས་པའི་སྒྲས་ནི་སྙན་དངགས་ཀྱི་བསྟན་བཅོས་དང་། སྒྲའི་བསྟན་བཅོས་ལ་སོགས་པ་དང་།
གཞན་ཡང་འཇིག་རྟེན་པའི་ཚིག་བརྗོད་པ་ལ་ཡང་ངོ་། །རྟག་ཏུ་བཞུགས་ཞེས་པ་ནི་བརྗོད་པའི་ངང་ཚུལ་ཞེས་དགོངས་སོ། །འོན་ཀྱང་དག་པ་ཞེས་པ་ནི་འདིར་ཡི་གེ་དག་པ་དེ་རྣམས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་དེ་ཉིད་ཀྱི་ནང་དུ་ཐིམ་མོ། །དེས་ན་བརྗོད་དུ་མེད་པས་དག་པའོ། །གང་གི་ཕྱིར་ཆོས་ཐམས་
ཅད་འདུས་མ་བྱས་ཤིང་གདོད་ནས་མ་སྐྱེས་པ་ཉིད་དངོས་པོ་མེད་པའི་མཚན་ཉིད་མི་བདེན་པ་བརྫུན་པའོ། །དེའི་ཕྱིར་བརྗོད་དུ་མེད་ཅེས་དགོངས་སོ། །དེ་ལྟར་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱི་དེ་བཞིན་དུ་དངོས་གྲུབ་དེ་རྣམས་ཀྱང་སྐྱེད་པར་བྱེད་པའོ། །བརྗོད་དུ་མེད་ཅེས་པ་ནི་འདིར་གལ་ཏེ་ཡང་ཆོས་
རྣམས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་བྱང་ཆུབ་དེའི་བདག་ཉིད་སངས་རྒྱས་ཏེ་རྫོགས་པའི་སངས་རྒྱས་སོ། །དེ་རྣམས་ཀྱི་ཆོས་ནི་རྟེན་མེད་པ་ཆོས་ཀྱི་སྐུའོ། །དེས་ན་ཡི་གེ་དང་ཡི་གེ་མ་ཡིན་པའི་ཆ་བརྗོད་དུ་མེད་པའོ། །དེས་ན་ཡི་གེ་བརྗོད་པའི་མིང་གི་མཐའ་ནུབ་པའོ། །དེ་ཡང་སྙིང་རྗེས་བསྒྲུབ་པ་དག་
གིས་ཞེས་པ་ནི་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་བཟུང་ནས་འགྲོ་བའི་དོན་བྱ་བའི་ཕྱིར་རྩོད་པའི་དུས་སུ་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྣམས་ཕྱག་ན་རྡོ་རྗེ་ལ་ཡི་གེ་ཐམས་ཅད་ཀྱི་གཟུགས་ཀྱིས་སོ། །བསྟན་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བའི་ཚིག་གི་སྒོ་ནས་བསྟན་ཞེས་དགོངས་སོ། །དེའི་
Vol. 6 · folio 165a
ཕྱིར་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་འདི་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་མཉན་པར་བྱ་བ་དང་། བཀླག་པར་བྱ་བ་དང་། བསམ་པར་བྱ་བ་དང་། བཅང་བར་བྱ་བ་དང་། དམ་པའི་ཆོས་སྣ་ཚོགས་པའི་དགོངས་པ་བླ་མའི་མན་ངག་གིས་བསྒོམ་པར་བྱའོ། །
དེས་ན་སེམས་ཅན་རྣམས་ལ་དེ་སྐད་ཅེས་བྱའོ། །མཚོན་བྱ་ཞེས་པ་ནི་མངོན་དུ་བསྒོམ་པ་ལ་རྟོག་པའི་བདག་ཉིད་ཅན་ཡི་གེའི་མིང་ཅན་གྱིས་རང་རིག་པ་ལ་སོགས་པའི་མཚོན་པར་བྱའོ། །དེ་ཡང་སྔོན་དུ་ཞེས་པ་ནི་ཡང་དག་པར་དེར་ཐིམ་པའི་སེམས་ཀྱིས་ཇི་སྲིད་མཚོན་པ་མེད་པའི་བར་དུ་ཞེས་སྦྱར་རོ། །ཚེ་འདི་
ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ལྟར་བསྡུས་པའི་དོན་བསྟན་པའི་ཕྱིར། དངོས་གྲུབ་ཀྱི་མཆོག་ཅེས་གསུངས་ཏེ། གཉིས་མེད་པ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་མཆོག་གི་དངོས་གྲུབ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དངོས་གྲུབ་རྣམས་ཀྱི་མཆོག་འདུས་མ་
བྱས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་ཅེས་པའི་དོན་ཏོ། །རྒྱུད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣམས་ཀྱིའོ། །དེ་དག་གི་གླེང་གཞི་ཞེས་པ་ནི་དེའི་ངེས་པའི་ཚིག་ཡང་དག་པར་བསྟན་པའོ། །གསང་ཆེན་ཞེས་པ་ནི་སྟོང་པ་དང་
སྙིང་རྗེ་གཉིས་སུ་མེད་པའི་ཕྱིར་དེ་དག་སྦས་པ་ཉིད་དོ། །དཔལ་ཁ་སྦྱོར་གྱི་ཐིག་ལེ་ལས་བྱུང་བ་ཞེས་པ་ནི་དེ་བཞིན་དུ་དཔལ་ནི་གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་གཉིས་སུ་མེད་པ་ལས་བྱུང་བའོ། །རྟོག་པའི་རྒྱལ་པོ་ཞེས་པས་ན་དེ་ལྟར་རྟོག་པ་ཐམས་ཅད་ཀྱི་གླེང་གཞི་གཙོ་བོར་གྱུར་པ་
བརྗོད་པ་ལེའུའམ་དུམ་བུའམ་རིམ་པར་ཕྱེ་བའོ། །དེ་ཉིད་དོན་དམ་པ་བྱང་ཆུབ་སེམས་ལས་མཆོག་གོ། །དེ་ཉིད་དོན་གྱི་སྒྲས་བསྟན་ཏེ། གང་གིས་རྟོག་པའི་རྒྱལ་པོ་ཐམས་ཅད་མཛེས་ཤིང་འབར་བས་ན་རྒྱལ་པོའོ། །དེ་དེ་ལས་བྱུང་བ་སྟེ་སྒྲ་བརྙན་ལྟ་བུ་དང་དེ་ཡང་དང་པོའོ། །ཐོག་མ་དང་ཐ་མ་དོན་མཐུན་
པ་ཉིད་ཀྱིས་ན་རྫོགས་པ་ཞེས་པས་ནི་ཐོབ་པའོ། །དེ་ལྟར་སྡུད་པར་བྱེད་པས་ཡི་གེའི་རྣམ་པས་གླེགས་བམ་ལ་སོགས་པ་རྣམས་སུ་བྲིས་པ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཞེས་འབྲེལ་ཏོ། །ཁ་སྦྱོར་གྱི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བཅོམ་ལྡན་འདས་གསང་ཆེན་ཐམས་ཅད་ཀྱི་རང་བཞིན་ལ་འཇུག་
Vol. 6 · folio 165b
པའི་རྟོག་པའི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་རྟོག་པ་དང་པོ་བསྟན་པ་སྟེ་ལྔ་པ་ཡོངས་སུ་རྫོགས་པའོ། །རྟོག་པ་དང་པོའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །།ད་ནི་རྟོག་པ་གཉིས་པའི་བྱང་ཆུབ་སེམས་ཀྱི་དབང་གི་རབ་ཏུ་བྱེད་པ་ནས་
བརྩམས་ཏེ། སེམས་ཅན་གྱི་དོན་དུ་དེའི་དཀྱིལ་འཁོར་གྱི་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་གྱི་རྗེས་སུ་སྟེ་དེ་བསྟན་པའི་མཐར་རོ། །ཡང་དག་བཤད་བྱ་ཞེས་པ་ནི་ཡང་དག་པའི་ཆོས་བསྟན་པ་བཤད་པར་བྱ་
ཞེས་པའི་དོན་ཏོ། །སྒྲུབ་པ་པོ་རྣམས་ལ་ཞེས་པ་ནི་ད་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཞེས་པའི་དོན་ཏོ། །ཕན་པའི་ཕྱིར་ཞེས་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་ཏེ་གཞན་མུ་སྟེགས་པ་ལ་སོགས་པའི་ཆོས་རྣམས་དང་མཚུངས་པ་ནི་མ་ཡིན་ནོ། །དེས་ན་འདི་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ། །
སློབ་མ་དབང་བསྐུར་བའི་ཞེས་པ་ནི་འདིར་དབང་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའོ། །དེ་ལ་འཇིག་རྟེན་ནི་དེ་བཞིན་གཤེགས་པའི་དབུགས་འབྱུང་བ་སྟེ། དེ་ཡང་རྣམ་པ་བཅུའོ། །གང་འཇིག་རྟེན་ལས་འདས་པ་དེ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ། གསང་བ་དང་
ཤེས་རབ་ཡེ་ཤེས་དང་གོང་མའོ། །དེ་ལྟར་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་དང་། དམ་པའི་ཆོས་ཀྱི་སྣོད་དུ་བྱེད་པའོ། །དེ་བཞིན་དུ་རྡོ་རྗེ་འཆང་གི་དབུགས་དབྱུང་བས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་སངས་རྒྱས་ཉིད་འཐོབ་པར་འགྱུར་བའོ། །དེ་
ལྟར་ཕྱི་དང་ནང་གི་བདག་ཉིད་འཆད་བཞིན་པ་དེ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཏེ། གང་གིས་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་གས་སོ། །ཆོ་ག་དེ་ཡང་ཞེས་པ་ལ་ཡང་གི་སྒྲས་ནི་དབང་གི་ཆོ་ག་གཟུང་ངོ་། །བསྟན་པར་བྱ་ཞེས་པ་ནི་བཤད་པར་བྱ་ཞེས་པའི་དོན་ཏོ། །དང་པོར་ལྷ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སློབ་
མས་གསོལ་བ་བཏབ་པའི་རྗེས་སུ་སྟེ། དེ་ལྟར་དང་པོ་ཉིད་དུ་བླ་མ་དང་སློབ་མ་དག་ཕན་ཚུན་ལེགས་པར་བརྟགས་པ་བདག་ལ་ལྟོས་པ་མེད་པ་རང་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མ་ལ། བླ་མས་ཀྱང་སྙིང་རྗེ་མངོན་དུ་བྱའོ། །དེ་ནས་ཡོ་བྱད་ཐམས་ཅད་
Vol. 6 · folio 166a
ཐོབ་པ་དེའི་ཚེ་དཀྱིལ་འཁོར་གྱི་སར་སློབ་དཔོན་སོང་ནས་དྲི་ཞིམ་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ས་ལ་བསང་གཏོར་བྱའོ། །སླར་ཡང་བླ་མས་རང་གི་འདོད་པའི་ལྷའི་སྦྱོར་བ་མངོན་དུ་བྱ་སྟེ། དེའི་ཚེ་བུམ་པ་ལ་སོགས་པ་དགོད་ཅིང་ས་བོན་དགོད་པ་ལ་
སོགས་པ་སྔོན་དུ་འགྲོ་བས་སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེ་ཉིད་ལ་གསོལ་བ་གདབ་པར་བྱ་སྟེ། མེ་ཏོག་ལ་སོགས་པ་ཕུལ་ལ་བཟོད་པ་གསོལ་ཏེ། བློས་ནམ་མཁར་གཤེགས་སུ་གསོལ་ལོ། །དེ་ནས་པུས་ནུབ་ཙམ་བརྐོ་བར་བྱའོ། །རུས་བུ་ལ་སོགས་པའི་ཟུག་རྔུ་བསལ་ནས་མཐོ་གང་ཙམ་
བརྐོས་ཏེ་ཆུས་བཀང་ལ་བརྟག་སྟེ། གོམ་པ་བརྒྱ་བརྒྱར་སོང་ལ་སླར་ལོག་ནས་བལྟའོ། །གལ་ཏེ་ཅུང་ཟད་པར་མ་གྱུར་ན་དེའི་ཚེ་ས་གཟུང་བར་བྱའོ། །གལ་ཏེ་ཅུང་ཟད་ན་དེའི་ཚེ་དོར་རོ། །ཅིའི་ཕྱིར་ཞེ་ན། ཉེས་པ་དུ་མར་ཐལ་བའི་ཕྱིར་རོ། །སླར་ལ་ཡང་གང་གི་ཚེ་ཉེས་པ་འདི་རྣམས་མེད་པ་དེའི་ཚེ་རི་ཉིད་
ཀྱིས་ས་དགང་བར་བྱའོ། །གལ་ཏེ་ས་ལྷག་ན་དེའི་ཚེ་སྔགས་ཀྱི་དངོས་གྲུབ་འགྲུབ་བོ། །གལ་ཏེ་ཉུང་ན་དེའི་ཚེ་དངོས་གྲུབ་མེད་དོ། །གལ་ཏེ་ཡང་མཉམ་ན་དེའི་ཚེ་ཞི་བར་འགྱུར་རོ། །དེ་བཞིན་དུ་བླ་མས་ཏིང་ངེ་འཛིན་ལ་དམིགས་པར་བྱས་ནས། སྔགས་བཟླས་པ་ལ་སོགས་པ་དང་མཆོད་པ་ཡང་བྱ་སྟེ། བུམ་
པ་ལ་སོགས་པ་གཞག་པར་བྱའོ། །དེ་ནས་སའི་ལྷ་མོ་སྤྱན་དྲངས་ཏེ། དེ་ཉིད་ལ་མཆོད་པ་བྱས་ནས། ཧཱུཾ་ལས་རྡོ་རྗེ་འབར་བྱས་པས། །ཞེས་པ་ནི་དཀྱིལ་འཁོར་དེའི་གནས་སུ་སའི་ལྷ་མོ་དེ་ཐིམ་པར་བསམ་པར་བྱའོ། །དེའི་ཚེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །དེས་ན་དེའི་རང་བཞིན་དུ་བྱ་ཞེས་དགོངས་
སོ། །དེའི་ཚེ་དེར་ཕྱོགས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ། །སླར་ཡང་བླ་མས་ཏིང་ངེ་འཛིན་གསུམ་གྱི་ཚུལ་གྱིས་སྲུང་བའི་འཁོར་ལོ་ལ་སོགས་པ་ཉེ་བར་དགོད་པར་བྱའོ། །དེའི་རྗེས་སུ་སྒྲུབ་པ་པོ་གལ་ཏེ་རྒྱ་ཇི་ཙམ་འདོད་པ་དེ་ཙམ་གྱི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཉིད་ཀྱི་གནས་གསུངས་
པ་སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྟོང་པ་ཞེས་པ་ནི་དུར་ཁྲོད་དུ་ཞེས་པའི་དོན་ཏོ། །སླར་ལ་ཡང་ཉེས་པའི་དོན་གསུངས་པ། འདིར་ཆོས་རྣམས་ཐམས་ཅད་ཀྱི་གཞི་ནི་མ་རིག་པའོ། །དེས་ནི་ཕུང་པོ་ལྔ་རྣམས་སྐྱེ་བར་འགྱུར་རོ། །དེས་ན་སྣ་ཚོགས་པ་ཉིད་དོ། དེའི་ཕྱིར་རྣལ་འབྱོར་
Vol. 6 · folio 166b
པ་རང་གི་ལུས་སྦྱང་བར་བྱ་སྟེ། ལས་དང་པོ་པས་རྣམ་པ་དང་བཅས་པའི་ལྷའི་བདག་ཉིད་བསྒོམ་པའོ། །དེས་ན་སེམས་རྩེ་གཅིག་པ་ཧཱུཾ་གི་བརྡས་བསྟན་པ་སེམས་རྡོ་རྗེ་ཅན་དབྱེར་མེད་པའི་ཡེ་ཤེས་རྡོ་རྗེར་འགྱུར་ཞེས་དགོངས་ཏེ། དེའི་ཚེ་གཡོན་དང་གཡས་ཀྱི་སྣའི་བུ་ག་དག་གི་སྲོག་ལ་སོགས་པ་བཅུའི་
དཀྱིལ་འཁོར་ལྔ་ལྔ་བསྒོམ་པར་བྱ་ཞེས་པ་ནི་སློབ་པའི་ལམ་མོ། །ཕྱིས་བསྒོམ་པའི་ལམ་གསུངས་ཏེ། སྐྱེད་མོས་ཚལ་ཞེས་པ་ནས་ལྡིང་ཁང་གི་བར་རོ། །དེ་ཡང་རིམ་པ་བཞིན་ས་ལ་སོགས་པ་ནམ་མཁའི་མཐར་ཐུག་པའི་དཀྱིལ་འཁོར་ལྔ་སྣ་བུག་གཡས་པར་སྡུད་པའི་རིམ་པས་སོ། །དེ་བཞིན་དུ་ནམ་
མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་སྣ་བུག་གཡོན་པར་སྤྲོ་བའི་རིམ་པས་སོ། །དེ་ལྟར་དཀྱིལ་འཁོར་མཆོག་ཅེས་པ་ནི་གནས་འདི་རྣམས་སུ་བསམ་པར་བྱའོ། །དེ་ཡང་རང་བཞིན་གྱིས་དག་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ། །འོན་ཀྱང་ཞི་བ་ལ་སོགས་པའི་ལས་བྱ་བའི་
ཕྱིར་འཆད་བཞིན་པ་ལས་བསྟན་པར་བྱའོ། །དེ་བཞིན་དུ་ཡང་ཕྱིའི་དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་བསྟན་པའི་ཕྱིར། རྡུལ་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུར་ཁྲོད་ཀྱི་སོལ་བ་དང་སོ་ཕག་དང་མིའི་རུས་པའི་ཕྱེ་མ་དང་། མི་རུས་ཀྱི་ཕྱེ་མ་ལྡོང་རོས་ཀྱིས་བསྒྱུར་བའི་རྡུལ་ཚོན་དང་། དེ་བཞིན་
རྡུལ་ཚོན་ལྗང་གུའོ། །དེ་རྣམས་མ་རྙེད་ན། རིན་ཆེན་ལྔའི་རང་བཞིན་ཞེས་པ་ནི་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་དང་ཀར་ཀེ་ཏ་ཀ་དང་བཻཌཱུརྱ་དང་མརྒཏ་རྣམས་སོ། །ཡང་ན་གསེར་དང་དངུལ་དང་བྱུ་རུ་དང་། མུ་ཏིག་དང་མུ་མེན་རྣམས་སོ། །དེ་རྣམས་ཀྱང་མ་རྙེད་ན་འབྲས་ལ་སོགས་པ་སྟེ། འབྲས་བཏགས་པའི་
རང་བཞིན་ལྡོང་རོས་ལ་སོགས་པའི་ཚོན་སྣ་ལྔས་ཁ་བསྒྱུར་བའི་ཕྱེ་མ་རྣམས་ཀྱིས་བྱ་ཞེས་པ་ནི་དྲང་བའི་དོན་ཏོ། །དེ་བཞིན་དུ་ངེས་པའི་དོན་བསྟན་པའི་ཕྱིར་རྡུལ་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས་པ་ནི་སྔོན་དུ་གསུངས་པའི་དཀྱིལ་འཁོར་རེ་རེ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་
ལྔའི་བདག་ཉིད་དོ། །ཡང་ན་དེ་ཉིད་ཀྱི་ཨ་ཝ་དྷཱུ་ཏཱིར་བདུད་རྩི་ལྔ་རྒྱུ་བའི་ཕྱིར་རོ། །དེས་ན་འབྲས་ལ་སོགས་པའི་འབྲུ་མ་ཟོས་པས་ནད་མེད་པར་འགྱུར་བ་དང་། སྐྲ་དཀར་དང་གཉེར་མ་སྤངས་པའི་ལུས་ཀྱི་དངོས་གྲུབ་ཏུ་འགྱུར་རོ་ཞེས་པ་སྟེ་ངེས་པའོ། །ད་ནི་སློབ་མའི་དབང་གི་དཀྱིལ་འཁོར་གྱི་ཚད་
Vol. 6 · folio 167a
བསྟན་པའི་ཕྱིར། ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁྲུ་གསུམ་ནས་བརྩམས་ཏེ་ཁྲུ་བཞི་ལ་སོགས་པའམ་ཁྲུ་སྟོང་གི་མཐར་ཐུག་པར་རོ། །དེ་ལྟར་དཀྱིལ་འཁོར་རྫོགས་ནས་འདི་ཉིད་དུ་སློབ་མ་དང་། སློབ་དཔོན་ལྷ་གང་ལ་མོས་པ་དགྱེས་པའི་རྡོ་རྗེ་
ལ་སོགས་པའི་ལྷ་གནས་སུ་དགོད་དེ། ཇི་ལྟ་བའི་ཆོ་གས་མཆོད་པ་བྱས་ནས་གཏོར་མ་སྦྱིན་ནོ། །འོན་ཀྱང་དབང་བཅུ་མ་གསུངས་མོད་དེ་བཞིན་དུ་འདིར་གོ་རིམས་ཇི་ལྟ་བ་བཞིན་རྒྱས་པར་བྱའོ། །གཞན་དུ་དམ་ཚིག་ཉམས་པར་འགྱུར། །ཞེས་པ་སྟེ་ངེས་པའོ། །དེ་ནི་སླར་ལ་ཡང་འཇིག་རྟེན་ལས་འདས་
པའི་དབང་གི་དོན་འདོད་པ་སྐལ་པ་དང་ལྡན་པའི་སློབ་མ་རྣམས་ཀྱི་གསང་བའི་དབང་བསྟན་པའི་ཕྱིར། རིག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྱིར་རིགས་ལྔ་ལས་བྱུང་བའོ་ཞེས་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་པས་བྱུང་བའོ། །དེ་བཞིན་དུ་སྔགས་ཞེས་བྱ་བ་ལ་སོགས་པ་ལ་སྔགས་
ཀྱི་ལམ་ལ་ཀླ་ཀློའི་ལམ་གྱིས་བསྟན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བླ་མའི་ནུས་པ་སྟེ། དེས་ན་ཁམས་གསུམ་པ་གང་སུ་ཡང་རུང་བའི་བུ་མོ་སྔགས་ཀྱི་ནུས་པས་འགུགས་པའོ། །གཉིས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་ལ་སྤྱོད་པས་རྣམ་པར་རྟོག་པ་མི་བྱ་སྟེ། སྔགས་ཀྱི་ལམ་ལ་
བརྟེན་པས་བུད་མེད་རྣམས་ལ་རིགས་ཅན་རིགས་ཅན་མ་ཡིན་པར་མི་བརྟག་པའི་དོན་ཏོ། །བློ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །ཡོ་བྱད་ཅེས་པ་ནི་ཆེས་མྱུར་བར་རྣལ་འབྱོར་འཕེལ་བར་འགྱུར་རོ། །ལྷག་མ་ནི་གོ་སླའོ། །སྐལ་བཟངས་མ་ཞེས་པ་ནི་པདྨ་ཅན་ཏེ། དེ་ཡང་གསུངས་པ། རུས་
སྦལ་རྒྱབ་དང་གླང་པོའི་དཔུང་། །པདྨའི་ཁ་དང་ལེགས་ཟླུམ་པ། །སྤུ་ནི་མེད་ཅིང་ཁ་རྒྱས་པ། །དྲུག་པོ་དེ་དག་སྐལ་བཟངས་བརྗོད། །བུ་མོ་འདི་དག་གིས་ནི་ཞེས་པ་ནི་རིག་མ་བརྒྱད་ཀྱིས་སོ། །རིགས་ཀྱི་རིམ་པ་བཞིན་ཞེས་པ་ནི་གཽ་རཱི་ལ་སོགས་པའི་རིགས་ལས་བྱུང་བའོ། །ཡང་ན་གང་དང་
གང་དུ་སྐྱེས་པའི་བུ་མོ་དེ་དང་དེ་ཉིད་བཟུང་སྟེ། གསུམ་ལ་སྐྱབས་སུ་འགྲོ་བ་དང་དབང་བསྐུར་བ་སྔོན་དུ་འགྲོ་བས་དམ་པའི་ཆོས་སྣ་ཚོགས་པ་མཉན་པར་བྱའོ། །གཞན་ཡང་ག་ར་ན་སྣ་ཚོགས་པའི་རིམ་པ་ཞེས་པ་ནི་འདོད་པའི་བསྟན་བཅོས་དང་རྗེས་སུ་མཐུན་པར་ལེགས་པར་བསླབ་པ་བརྗོད་དེ། འཁྱོགས་
Vol. 6 · folio 167b
དང་བསྐུམས་དང་བརྐྱངས་པ་དང་། །བརླ་གདེངས་ལེགས་པར་བརྐྱངས་པ་ཞེས་པ་ལ་སོགས་པ་བྱེད་པ་དྲུག་ཅུ་རྩ་བཞིའི་བར་ལ་ལེགས་པར་བསླབས་ཤིང་བྱང་བར་བྱའོ། །དེ་ལྟར་སྒྲུབ་པ་པོ་རྣམས་ལ་གདུང་བའི་ཕྱག་རྒྱ་རྣ་ཆ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །དངོས་གྲུབ་
མཆོག་སྟེར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པའོ། །འདི་ལྟ་བུའི་ཕྱག་རྒྱ་གང་དག་སྔོན་དུ་གསུངས་པའི་ཚུལ་གྱིས་སྦྱངས་པ་དེ་དག་གིས་ནི་ཇི་སྐད་གསུངས་པ་བཞིན་ཏེ། གཞན་དུ་ནི་མ་ཡིན་ནོ། །རིག་པ་འཛིན་པའི་གྲོགས་ལ་སོགས་པ་དང་བཅས་པ་ཞེས་པ་ནི་འདིར་རྣལ་འབྱོར་
གྱི་ནུས་པས་སློབ་དཔོན་གྱི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པ་དེའི་དངོས་གྲུབ་འཛིན་པས་ན་རིག་པ་འཛིན་པའོ། །དངོས་གྲུབ་དེ་རྣམས་ཀྱང་དགུག་པར་བྱའོ། །གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པ་དེའི་ཚེ་འཇིག་རྟེན་པའི་དངོས་གྲུབ་གཞན་བསྒྲུབ་པ་ནི་གྲོགས་སུ་གྱུར་པའོ། །དེའི་ཕྱིར་
དེ་ཐམས་ཅད་སློབ་པར་འགྱུར་རོ། །སོགས་པའི་སྒྲས་ལྷ་དང་མི་ལ་སོགས་པ་རྣམས་བསྡུའོ། །མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པའི་སློབ་དཔོན་ལ་ཕྱག་རྒྱས་དབུལ་ཞེས་པའོ། །གཞན་ཐམས་ཅད་ནི་གོ་སླའོ། །ད་ནི་སློབ་མས་སློབ་དཔོན་ལ་གསོལ་
བ་བཏབ་པ་གསུངས་ཏེ། སློབ་མ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མའི་བྱ་བ་བསྟན་པའོ། །འདུད་ཅེས་བྱ་བ་ལ་སོགས་པ་ནི་གསོལ་བ་གདབ་པའི་ཕྱིར་བསྟོད་པའོ། །དེ་ཡང་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །ཀུན་མཁྱེན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་སོ། །
འགྲོ་བ་མི་ཤེས་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་སོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་ནི་འོད་དཔག་མེད་ཀྱི་སྒོ་ནས་སོ། །དེ་བཞིན་དུ་དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པའི་སྒོ་ནས་སོ། །འགྲོ་བ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་སྒོ་
ནས་སོ། །དེ་ལྟར་མདོར་བསྡུས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་སློབ་དཔོན་གྱི་ཡོན་ཏན་ཡང་དག་པར་གྱུར་པ་སློབ་མས་བརྗོད་པར་འགྱུར་རོ། །དེ་ཉིད་བླ་ན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གསོལ་བ་གདབ་པའོ། །རྡོ་རྗེའི་དབང་བསྐུར་བ་ཞེས་པ་ནི་བུམ་པའི་དབང་གི་རྗེས་སུ་གསང་
Vol. 6 · folio 168a
བའི་དབང་བསྐུར་བའོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་ཐོགས་སུ་དབང་བླ་མ་ལ་གསོལ་བ་གདབ་པའོ། །དེ་ལྟར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་བླ་མས་ཀྱང་ཇི་སྐད་གསུངས་པ་བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདོད་པའི་
ཡོན་ཏན་ལྔ་ཞེས་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། རྣམ་པ་སྣ་ཚོགས་པ་དེ་རྣམས་ཀྱིས་བརྒྱན་པའི་གནས་རྣམས་སུ་སློབ་མ་དབང་བསྐུར་བར་བྱའོ། །འགྲོ་བའི་གཙོ་བོ་ཞེས་པ་ནི་མ་གསུངས་ཀྱང་དེ་བཞིན་དུ་རྒྱས་པའི་དབང་རྣམ་པ་བཅུ་སྟོན་ཏོ། །ཉིད་ནི་ངེས་པར་གཟུང་བའོ། །
འོན་ཀྱང་མེ་ཏོག་བསྒྱུར་ནས་དམ་ཚིག་སྦྱིན་པར་བྱའོ། །དེས་ན་རང་བཞིན་ཞེས་པ་ནི་ལུས་སྦྱང་བའི་ཕྱིར་རོ། །དེ་ཡང་ཁྲག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་ཆེན་པོ་ཞེས་པ་ནི་རང་འབྱུང་གི་མེ་ཏོག་གོ། །ག་པུར་བཅས་ཞེས་པ་ནི་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་
སེམས་སོ། །དེས་ན་དེ་དང་ལྡན་པར་འགྱུར་རོ། །དེ་བཞིན་དུ་མིའི་ཁྲག་དང་། ཙནྡན་ཡང་དག་པར་སྦྱར་ཞེས་པ་ནི་བཤད་པ་དང་ལྡན་པའི་མི་བསྐྱོད་པའོ། །དེ་བཞིན་སེམས་ལས་འབྱུང་བར་བཤད། །ཅེས་པ་ནི་ཡང་སྔོན་དུ་གསུངས་པའི་པདྨའི་སྣོད་ལ་གནས་པའོ། །དེ་དག་ཐམས་ཅད་བདུད་རྩི་ལྔའོ། །
དེ་ལྟར་དམ་ཚིག་གསུངས་སོ། །གཞན་ཡང་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པའོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་ཞེས་བྱ་བ་ལ་སོགས་པ་ནི་གསང་བའི་དབང་ངོ་། །དེས་ནི་ངག་དག་པར་འགྱུར་རོ། །དེ་བཞིན་དུ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །
དེས་ནི་སེམས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བདག་དང་གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་དབང་བླ་མའོ། །དེས་ནི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྗེས་སུ་གནང་བ་སྦྱིན་པའོ། །དེ་ལྟར་སློབ་མ་ལ་ཆོས་བསྟན་པ་སྨྲ་བར་བྱའོ། །
དེ་བཞིན་དུ་ཆོས་བསྟན་པ་ཐོས་ནས་རངས་པའི་སློབ་མས་འདི་བརྗོད་དོ། །དེ་རིང་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གང་དང་གང་ཞེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་ཡོན་དང་བཅས་པ་སྦྱིན་པའོ། །གཞན་དེ་ཐམས་ཅད་ལ་གང་ཅུང་ཟད་མ་བསྟན་པ་དེ་ཐམས་ཅད་ནི་གོ་སླའོ། །འོན་ཀྱང་དོན་དེ་དེ་
Vol. 6 · folio 168b
བཞིན་འཆད་བཞིན་པས་བཤད་པར་བྱའོ། །དེས་ན་ཁ་ཅིག་ཏུ་དོན་གསལ་བར་ཁོང་དུ་ཆུད་པར་བྱ་ཞེས་པ་སྟེ། དྲང་བའི་དོན་ཏོ། །ད་ནི་འདི་ཉིད་ཀྱིས་བསྡུས་པའི་ངེས་པའི་དོན་བསྟན་པའི་ཕྱིར། ཁྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ལུས་ལ་རྐང་པ་ནས་ཇི་སྲིད་དུ་མགྲིན་པའི་མཐར་ཐུག་
པར་ཁྲུ་གསུམ་དང་སོར་བཅུ་གཉིས་ལྷག་པར་འགྱུར་རོ། །དེས་ནི་དབྱིབས་ཀྱི་རླུང་བསྟན་པའི་དོན་ཏོ། །བཞི་ཞེས་པ་ནི་ཀོ་སྐོ་ནས་སྣའི་བར་ལ་སོར་བཞིའོ། །འདིས་ནི་ལས་ཀྱི་རླུང་བསྟན་པའོ། །ཅིའི་ཕྱིར་བསྟན་ཞེ་ན་གསུངས་པ། རིག་མ་ཞེས་བྱ་བ་ལ་སོགས་པ་ནི་རིག་མ་ནི་སྤྱན་ལ་སོགས་པའི་
ལྷ་མོ་ལྔ་དཀྱིལ་འཁོར་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་ནོ། །དེ་ཡང་སྔགས་ཀྱི་ལམ་གྱིས་ཏེ། ཡི་གེ་གསུམ་གྱི་རང་བཞིན་གྱིས་རྡོ་རྗེ་བཟླས་པའི་ཚུལ་གྱིས་དཀྱིལ་འཁོར་ཐམས་ཅད་ནང་དུ་ཐིམ་པར་བྱ་བའོ། །གང་གིས་སེམས་དབང་བསྐུར་བར་འགྱུར་བས་སྐད་ཅིག་ཐམས་ཅད་
དུ་བདེ་བ་ལ་དམིགས་པ་ཐོབ་བོ། །དེ་བཞིན་དུ་མངོན་སུམ་དུ་ཕུང་པོ་ཐམས་ཅད་ཀྱི་སྟེ། དེ་ལྟར་ཡང་ཇི་ལྟར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་བདག་ཉིད་དེ་བདེ་བའི་གནས་སོ། །དེ་ལྟར་སེམས་བདེ་བ་ཉིད་དུ་ཡོངས་
སུ་བརྟགས་ཏེ། དེ་ལས་བྱུང་བའི་ཕྱིར་ཞེས་དགོངས་སོ། །དེའི་ཕྱིར་ཇི་ལྟར་སེམས་དབང་བསྐུར་བར་འགྱུར་བ་དེ་བཞིན་དུ། འཇིག་རྟེན་ཁམས་ནི་མཐའ་ཡས་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་དེ་ཐམས་ཅད་བློས་གཟུང་བར་བྱའོ། །
འདིས་ནི་ཀུན་རྫོབ་ཀྱི་བདེན་པ་རང་བྱིན་གྱིས་བརླབས་པའི་བདག་ཉིད་འཐོབ་པོ། །དེས་ནི་ཁམས་གསུམ་པ་སྣ་ཚོགས་པའི་རང་བཞིན་བསྐྱེད་དོ། །དེས་ཀྱང་འགྲོ་བའི་དོན་བྱེད་དེ་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཆེན་པོ་བསྲུངས་པའི་ཕྱིར་འགྲུབ་བོ། །དེ་བཞིན་དུ་སྔགས་ཀྱི་ལམ་གྱིས་དོན་དམ་
པ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་རྡོ་རྗེ་ལྟ་བུའི་སྲོག་འཇུག་པར་འགྱུར་རོ། །དེའི་ཚེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པ་དྲུག་རྣམས་སྐྱེད་པར་འགྱུར་བ་ནི་དོན་དམ་པའི་དམ་ཚིག་གོ། །འདི་དོན་ཐམས་ཅད་ནི་དབང་གི་དོན་ཏེ་རྒྱལ་བའི་བདག་ཉིད་གང་གིས་ཡང་དག་པར་ཐོབ་པོ། །མདོར་
Vol. 6 · folio 169a
ན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྣལ་འབྱོར་གྱི་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཡོན་ཏན་གྱི་རྒྱ་མཚོ་བཞིན་ཞེས་སོ། །དེས་ན་མ་ལ་སོགས་པ་རྣལ་འབྱོར་མ་བཞི་རིམ་པས་བཟློག་པས་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པས་སྒྲུབ་པར་བྱེད་དོ། །ཡང་ན་ཕྱག་རྒྱ་གཅིག་
བསམ་གཏན་གྱི་ཁྱད་པར་གྱིས་ཇི་ལྟར་ཐོབ་པ་དེ་དང་ལྷན་ཅིག་བྱ་ཞེས་དགོངས་སོ། །གང་དེ་ལྟར་མི་འགྱུར་བ་དེའི་ཚེ་གཞན་རིག་མ་བརྒྱད་པ་ཞེས་པ་བྲམ་ཟེ་མོ་ལ་སོགས་པའོ། །དེ་རྣམས་ཀྱི་ཡང་ཡི་གེའི་དོན་བརྗོད་དེ་རྣལ་འབྱོར་པའི་རྒྱུད་རྒྱས་པ་རྣམས་ལས་ཇི་ལྟ་བ་བཞིན་གསུངས་པ། དྭི། ལྕེ་གཉིས་
འདུས་པའི་གནས་སུའོ། །ཛ། རྒོད་མ་ཡི་ནི་མེ་ནི་འབར། །དྷ། ཡེ་ཤེས་ཐིག་ལེ་འོང་བར་འགྱུར། །རཱ། འདོད་ཆགས་ལ་སོགས་ལྔ་ཟད་པས། །མ། དྲེགས་པ་འབབ་པའི་རྩ་ནི་གང་། །ཐ། ནུ་མའི་དབུས་སུ་རྣམ་པར་གཟུང་། །བཱ། བག་ཆགས་དམ་པ་ཤེས་པར་བྱ། །རཱ། འདོད་ཆགས་ཕུལ་
དབྱུང་བྱེད་པ་ཡིན། །ཛ། རིགས་འབྱུང་དེ་ནི་རྣམ་པར་འཇོམས། །ཀཱི། སྐྲ་ཡི་མཚམས་སུ་སོང་བའི་རྩ། །ཨ། མ་མཆུའི་བདུད་རྩི་བཟའ་བའོ། །ཐ། གང་ཚེ་མགྲིན་པར་འདར་ཞིང་འདར། །བཱ། ཚིག་གི་ཚོགས་མི་འགོག་པའོ། །ཙཾ། བདུད་རྩིའི་རོ་ནི་མྱང་བའོ། །ཌྷ། ཚངས་སྒོ་ཞེས་པ་ཚོལ་འགྲོ་
བ། །ལི། དེར་ནི་མི་ཤིགས་པ་ལ་འཁྱུད། །ཀཱ། དུས་དང་དུས་མིན་གཉིས་དུས་མིན། །དོཾ། སྦྲུལ་བཞིན་དུ་ནི་ཤུགས་འགྲོ་མ། །བཱི། ས་བོན་གཟུགས་ནི་བདུད་རྩིར་སོང་། །མ། ནོར་བུའི་བུ་ག་གཉིས་ལས་གཡས། །ཎི། དེ་འགྲོ་བར་ནི་སེམས་ཅན་སྦྲུལ། །ཀུ། རིགས་དང་རུས་ནི་རབ་ཏུ་
སྐྱེས། །ལ། དབང་ནི་ཐམས་ཅད་ཐོབ་པ་ཡིན། །ཛ། སྤྲུལ་པ་པོ་ནི་རྟག་ཏུ་འབྱུང་། །ཨ། འབྱུང་བ་ཐམས་ཅད་རྣམས་ནི་གནས། །ཐ། བརྟན་པ་ལ་སོགས་གཡོ་དང་བཅས། །བཱ། ཨ་ཝ་དྷཱུ་ཏཱིའི་སྟེང་དུ་འགྲོ། །རཱ། འདོད་ཆགས་བདུད་རྩི་མི་འཛག་ཕྱིར། །ཛྙཱི། རྟག་ཏུ་བདག་ནི་ཤེས་རྣམ་པ། །ན།
ཤེས་པ་མེད་ཅིང་ཤེས་བྱ་མེད། །ཊ། སྒྲུབ་ཐབས་ཐམས་ཅད་དྲན་བཞིན་ཏེ། །ད། དངོས་གྲུབ་ཐམས་ཅད་འོང་བར་འགྱུར། །རཱ། རྒྱལ་པོ་དགྲ་ཡིས་འཇིགས་ཐམས་ཅད། །ཤིལ། མདུན་ནས་དལ་བ་ཉིད་དུ་སོང་། །པི། སེམས་ཅན་གང་དག་སྤྲོ་ཆུང་བ། །ཀ། འདི་ལྟ་བུ་ཡི་མཆོག་ནི་བྱེད། །མ། ཡིད་ཅན་གྱིས་ནི་
Vol. 6 · folio 169b
ཡོད་མེད་བྱེད། །ཐ། སྲོག་ནི་རྡོ་རྗེ་ལྟ་བུར་བརྟན། །བཱ། བག་ཆགས་བདེ་བ་ཙཾ་ནི་ཉིད། །རྡོ་རྗེ་རླུང་བུ་བསྟན་པ་ཡིན། །འདི་ནི་སྦྱོར་བའི་ལམ་ཡིན་ནོ། །དེ་ནས་མཐོང་བའི་ལམ་གསུངས་པ། །རི་དགས་མིག་ལ་སོགས་པ་ཡི། །འདིར་རི་དགས་བཞིན་དུ་རྣལ་འབྱོར་མིག །བསྒོམ་པ་རྟོག་པ་ཡི་ནི་སེམས། །
རྒྱ་ཆེ་བར་ནི་ལྟ་བའི་ལུས། །དབུ་མ་ཕྲ་མ་སྤངས་པའོ། །བདེ་དང་སྡུག་པ་རོ་སྨད་ཉིད། །ཆོས་ཀྱི་དབྱིངས་ནི་རྒྱ་ཆེའི་ཕྱིར། །ནུ་མ་མཐོན་པོ་ཞེས་པ་འདིར། །སྲིད་དང་མྱ་ངན་འདས་པ་ཉིད། །ལྟ་བའི་སྡོང་པོ་སྤངས་པ་ཉིད། །དེ་དག་གཉིས་མེད་མཆོག་ཏུ་འགྱུར། །སྐལ་བཟངས་ཞེས་པ་འདི་ནི་གསུངས། །
སུ། །བདེར་གཤེགས་འཆིང་བ་དང་ནི་བྲལ། །བྷ། རང་གི་བག་ཆགས་ཀྱིས་ནི་འཁོར། །གཱ། སེམས་ཅན་རྣམས་ཀྱི་རིགས་ནི་གཟུང་། །དེ་ཡང་བསམ་མེད་གཉིས་སུ་མེད། །སྒྱུ་མ་ཉིད་དེ་སྒྱུ་མའི་སྒྱུ། །འཁྲུལ་བས་སྨིག་རྒྱུའི་ཚོགས་ལ་ནི། །ཆུ་ཡི་རྣམ་པ་ཉིད་དུ་མཐོང་། །འཁྲུལ་བའི་ཕྱིར་ན་ཆུ་ནི་མེད། །
དེ་ལྟར་ཐམས་ཅད་དུ་ནི་དོར། །ཟབ་མོའི་ཆོས་ཀྱི་དབྱིངས་ནི་ཉིད། །བཅོམ་པའི་གཟུགས་ལ་འདས་པའི་སྒྲ། །བསྐལ་པའི་དང་པོར་རྟག་ཏུ་གནས། །དམ་ཚིག་ཅེས་པ་དུས་མི་འགྱུར། །སྤྱད་པས་གཉིས་མེད་རབ་ཏུ་འཐོབ། །དེ་ལྟར་ཤིན་ཏུ་གུས་གནས་སུ། །དེ་ཉིད་བརྗོད་མེད་མཆོག་མདུན་དུ། །སྔགས་
དང་རྒྱུད་སོགས་ཐམས་ཅད་ནི། །སྨིག་རྒྱུ་བཞིན་དུ་རྟག་ཤེས་བྱ། །འདི་དག་གཉིས་མེད་བུ་མོ་ཡང་། །གཉིས་མེད་ཆོས་ཉིད་དུ་ནི་གསུངས། །ལུས་ངག་གསུམ་གྱི་སྲིད་གསུམ་དུ། །རིན་ཐང་མེད་པ་བསྒོམ་པའི་བདག །འདི་ཉིད་ཀྱིས་ནི་སེམས་ཅན་ཀུན། །དབང་བསྐུར་ཉིད་བདག་དེ་ཡི་དངོས། །དེ་
ལྟར་བདག་ཉིད་དངོས་གྲུབ་ནི། །ཆོས་རྣམས་ཀྱིས་ནི་རིག་རིམ་གྱིས། །ཡང་ན་ཇི་ལྟ་ཕྱག་རྒྱ་ནི། །ཟབ་མོའི་ཆོས་ཀྱི་ངེས་པས་སོ། །ད་ནི་རྒྱུ་བ་གསུང་པ་སྟེ། །ལོ་ནི་བཅུ་དྲུག་མ་ལ་སོགས། །ལོ་ནི་བཅུ་དྲུག་མ་ཞེས་པ། །འདི་ནི་དགོངས་བཤད་གཞན་ཉིད་ཀྱིས། །འཕོ་བ་བཅུ་དྲུག་ཏུ་ནི་བརྗོད། །དེ་ཡིས་
རྣལ་འབྱོར་མ་རྒྱུ་འགྱུར། །གནས་ནི་བཅུ་དྲུག་གནས་སུའོ། །འཁོར་ལོ་རྩིབས་ནི་བཅུ་དྲུག་ཏུ། །ཐམས་ཅད་དུ་ནི་སྲོག་རྣམས་རྒྱུ། །དེ་བཞིན་འཁོར་ལོའི་དོན་ནི་གསུངས། །ཐིག་ལེ་ལྔ་པ་ལྔ་ཉིད་དེ། །ཕྲེང་བ་བཞིན་དུ་ཡོངས་སུ་གྲགས། །ཟུར་བཞིའི་ཐིག་ལེ་རྣམས་དང་ནི། །དབུས་ཀྱི་ཐིག་ལེ་
Vol. 6 · folio 170a
ཉིད་ཀྱང་དབྱེ། །ཐམས་ཅད་དུ་ནི་དོར་བྱ་སྟེ། །ཆ་ནི་བཅུ་དྲུག་རྒྱུ་བའི་ཕྱིར། །ཐུན་མཚམས་བཞིའི་ཐིག་ལེ་བཞི། །སྟོང་པའི་ཐིག་ལེ་རྣམས་སུ་བརྟག །གནས་ལྔའི་བུ་ག་རྣམས་སུ་ནི། །ཐིག་ལེའི་གནས་སོགས་སྔོན་འགྲོ་བ། །མཆོག་གི་དེ་ཉིད་ཤེས་པར་བྱ། །ལྔ་གསུམ་
གཅིག་ལ་རྒྱུ་བའི་ཕྱིར། །དེ་ཡང་པད་འདབ་བཞིན་ཞེས་བྱ། །དང་པོ་ཐིག་ལེ་གཙུག་ཏོར་མིང་ཅན་ལས། །ཉི་མའི་ཆ་ནི་བྱུང་ནས་སུ། །གཉིས་པ་ཡི་ནི་དང་པོར་འགྲོ། །ཡང་ནི་གསུམ་པའི་གཉིས་པར་འོང་། །བཞི་པ་ཡི་ནི་དང་པོར་སོང་། །ལྔ་པ་ཡི་ནི་གཉིས་པར་འགྲོ། །དེ་བཞིན་བཞིཔའི་གསུམ་པར་
འགྲོ། །ཡང་ནི་ལྔ་པའི་བཞི་པར་འོང་། །བཞི་པ་ཡི་ནི་ལྔ་པར་འགྲོ། །དེ་ནས་གསུམ་པའི་བཞི་པར་རོ། །གཉིས་པ་ཡི་ནི་ལྔ་པར་འགྲོ། །དེ་ནས་དང་པོའི་བཞི་པར་རོ། །གཉིས་པ་ཡི་ནི་གསུམ་པར་འགྲོ། །དང་པོའི་ཐིག་ལེའི་གཉིས་པར་འགྲོ། །རྟག་ཏུ་གཡས་ནས་བསྐོར་བ་རུ། །ཡང་དག་པར་
ནི་བྱེད་པར་འདོད། །དེ་བཞིན་རིམ་པ་བཞིན་ཤེས་བྱ། །རྐང་པའི་མཐེ་བོང་གཡོན་པ་ནས། །ཕྲག་པ་གཡོན་པའི་མཚམས་སུ་འགྲོ། །བདུད་རྩི་ཡི་ནི་གནས་སུ་འོང་། །ལག་པའི་མཐེ་བོང་ཚིགས་སུ་འགྲོ། །ཡང་ནི་ལྕེ་ཡི་རྩེ་མོར་འོང་། །རྐང་པ་གཡས་པ་རུ་ནི་འགྲོ། །ཕྲག་པ་ཡི་ནི་མཚམས་
སུ་འགྲོ། །དེ་ནས་མཚན་མའི་འབྲས་བུར་འགྲོ། །དེ་ལས་རྩ་བའི་བུ་གར་རོ། །མགྲིན་པ་ནས་ནི་རྐན་དུ་འགྲོ། །དེ་ལས་དྲེགས་པ་འབར་བར་འགྲོ། །སྣ་ཡི་བུ་ག་དག་ཏུ་འགྲོ། །དེ་ལྟར་འཕོ་བ་བཅུ་གཉིས་ནི། །པདྨ་འདབ་མ་བརྒྱད་དུ་གྲགས། །ཕྱོགས་བཞི་རུ་ནི་ཐིག་ལེ་བཞི། །ཤར་ལ་སོགས་
པའི་འདབ་མར་གནས། །འཆར་བ་དང་ནི་ནུབ་པའི་རྒྱུས། །ཕུན་སུམ་ཚོགས་པའི་རིམ་ཤེས་བྱ། །ཉི་མ་འཆར་དང་ཟླ་བ་འཆར། །དེ་བཞིན་སྒྲ་གཅན་ཐིག་ལེ་ཡང་། །དེ་རྣམས་འཛིན་པ་སྔོན་འགྲོ་བ། །དེ་རྣམས་གནས་ནི་རིམ་པ་བཞིན། །དངོས་གྲུབ་རྒྱུ་རུ་བསྟན་པར་བྱ། །ལ་ལ་ནཱ་ཡི་ཁོང་
སྟོང་གནས། །དང་པོ་རྟག་ཏུ་ཤེས་པར་བྱ། །གཉིས་པ་ར་ས་ནཱ་དབུས་ཉིད། །གསུམ་པ་ཨ་ཝ་དྷཱུ་ཏཱིའི་གནས། །བཞི་པ་མགོ་བོ་ཡི་ནི་མཚམས། །འདི་ནི་མཆོག་གི་དེ་ཉིད་དེ། །རྣལ་འབྱོར་མ་ཡི་ཚོགས་རྒྱུ་ཕྱིར། །རབ་ཏུ་འབད་དེ་ཤེས་པར་བྱ། །དུས་དང་དུས་ཚོད་ཉེར་མཚོན་པ། །དེ་ཡང་
Vol. 6 · folio 170b
གྲངས་ནི་བཅུ་དྲུག་ལ། །སྲོག་དང་རྩོལ་བ་ཉེར་བརྟག་ཕྱིར། །དཀྱིལ་འཁོར་དེ་ཉིད་རླུང་གིས་ནི། །རྣལ་འབྱོར་པ་ཡི་གྲངས་བགྲང་བ། །དབུགས་ནི་དྲུག་བརྒྱ་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས། །ཆ་ནི་རིམ་པར་རྣམ་ཤེས་པས། །རྒྱུ་བ་དེ་ཉིད་རྒྱ་ཡིས་གདབ། །དེ་དག་བཅུ་དྲུག་ལྷ་ཆེན་མོ། །
དེ་ཡི་དབུས་དུ་གྲངས་མེད་པ། །རང་བཞིན་དང་ནི་སྐྱེས་བུར་ཤེས། །སེམས་ཀྱི་གཟུགས་ནི་མཐོང་བའི་ཕྱིར། །དེ་ཡང་ནག་མོ་གཅིག་ལ་སོགས། །གདན་བཞི་པ་ལས་ཤེས་པར་བྱ། །དེ་བཞིན་རྡོ་རྗེ་མཁའ་འགྲོ་རུ། །དུས་ཀྱིས་རྣལ་འབྱོར་མས་ཤེས་བྱ། །ཡེ་ཤེས་རོ་མཉམ་གྱུར་པ་ཡི། །བདུད་
རྩིའི་རྒྱུན་ནི་འབབ་པར་འགྱུར། །འདིས་ནི་འབབ་པར་ཤེས་བྱ་སྟེ། །གནས་བཅུ་དྲུག་ཏུ་འཛག་ཕྱིར་རོ། །དེ་བཞིན་ཨ་ཝ་དྷཱུ་ཏཱིའི་ཆ། །གཞོན་ནུ་ལ་སོགས་ལེགས་བྱེད་ཕྱིར། །དེ་ཡི་ཆ་ནི་དེ་ཚེ་ཤེས། །དུས་ཀྱི་རྩ་ནི་བརྟགས་པ་ཡིན། །དེ་ཉིད་ཀྱིས་ནི་དང་པོར་འགྱུར། །ལང་ཚོ་ནད་མེད་འཕེལ་བའི་
ཕྱིར། །དེ་ལྟར་ཕྱག་རྒྱར་རྟག་ཏུ་བཤད། །སངས་རྒྱས་པ་ནི་འདོད་བཟང་ལྷ། །འདི་ལྟ་བུ་ཡི་ཕྱག་རྒྱས་གདབ། །ཕྱག་རྒྱ་འདི་ནི་ཕྱག་རྒྱ་ཆེ། །དེ་ཡི་གཟུགས་ཀྱིས་ཕྱི་རོལ་སྡུད། །གསུམ་ལ་སྐྱབས་འགྲོ་སོགས་དོན་བཞིན། །འོན་ཀྱང་སེམས་ཅན་དོན་དབང་ལས། །ཕྱི་རུ་དོན་ཉིད་བསྟན་པ་ཡིན། །
རང་རིག་བདག་ཉིད་ལས་ནི་གཞན། །གཞན་དུ་ཕྱག་རྒྱ་བརྗོད་པ་མིན། །དེ་ལྟར་འདི་ནི་བསྟན་པ་ཡང་། །སློབ་མ་རྣམས་ལ་བརྩེ་དབང་གིས། །དེ་ཡང་སྔ་མ་བཞིན་དུ་འབྱུང་། །མི་བསྐྱོད་ལ་སོགས་བདེ་གཤེགས་དྲུག །འདིར་ནི་བསྟོད་པ་ཡང་ནི་བྱེད། །བདུད་ཅེས་བྱ་སོགས་ཚིགས་བཅད་ཀྱིས། །
སྟོང་པ་དངོས་པོ་ཀུན་གྱི་མཆོག། །དེ་ཡི་སྙིང་པོ་རྫོགས་ལོངས་སྤྱོད། །དེ་ཡང་ལྷན་ཅིག་སྐྱེས་པ་ཙམ། །རྟོག་པ་ཡི་ནི་དྲ་བ་སྤངས། །འོད་གསལ་ཞེས་པའི་ཆོས་འདི་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ། །ཡེ་ཤེས་ཀྱི་ནི་སྐུ་དེ་ཡིས། །བླ་མ་དམ་པ་ཕྱག་འཚལ་བསྟོད། །མི་བསྐྱོད་དངོས་
པོའི་གཟུགས་ཀྱིས་ནི། །རྟག་ཏུ་གཙོ་བོ་ཀུན་དུ་བཞུགས། །སླར་ལ་ཡང་ནི་རྣམ་སྣང་མཛད། །མགོན་པོ་དམིགས་པ་ཡི་ནི་མཆོག །དེ་ཡི་བསྟོད་པའི་ནང་ཆུད་པ། །སངས་རྒྱས་གངྒཱའི་བྱེ་མར་འདོད། །འགྲོ་བ་ཞེས་སོགས་ཚིགས་སུ་བཅད། །དེ་ལྟར་སེམས་ཅན་ཐམས་ཅད་ནི། །དེ་རྣམས་ལ་ནི་
Vol. 6 · folio 171a
བསྟན་པའི་ཆོས། །རིན་ཆེན་འོད་ཟེར་སྙིང་གསང་བ། །རྡོ་རྗེ་མི་ཕྱེད་བྱེད་པ་ནི། །སེམས་དཔའ་རྟག་ཏུ་རྒྱུན་ཆགས་པས། །ཆོས་ཀྱི་དབྱིངས་ནི་དེ་ཡི་གཞི། །དེ་ལྟར་རིན་ཆེན་རྡོ་རྗེ་ཆེ། །བླ་མ་སྟོན་པ་འགྲོ་བའི་གཙོ། །མ་བྱོན་རྡོ་རྗེ་སེམས་དཔའ་ནི། །དངོས་པོ་ཀུན་གྱིས་ཕྱག་
འཚལ་ལོ། །ཡང་ནི་དཔག་མེད་རྡོ་རྗེ་རུའི། །ཡང་དག་བཞུགས་པ་ཁྱོད་དཔའ་བོ། །རྫོགས་སངས་རྒྱས་དག་ཐོབ་ཕྱིར་དང་། །སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར། །དེ་བཞིན་བྱང་ཆུབ་སེམས་བསྒྱིངས་ནས། །དེ་ཉིད་ལ་སོགས་ཡང་དག་བསྟན། །དེ་ལྟར་ཡང་ནི་ལུས་ལ་ནི། །བྱང་ཆུབ་སེམས་
ནི་འབྱུང་བ་ནི། །དོན་དམ་པ་ཡི་གཟུགས་ནི་ཉིད། །དེ་ཡི་རང་བཞིན་ཅན་ཕྱག་འཚལ། །དེ་བཞིན་དཀོན་མཆོག་གསུམ་ལ་སོགས། །ཐེག་པ་ཆེ་ལ་སོགས་ཆོས་ཉིད། །ལུས་ལས་ཡང་དག་འབྱུང་བ་ཡིན། །དོན་ཡོད་གྲུབ་པ་དབང་བསྒྱུར་བས། །བསྟན་པ་དང་ནི་གཡོ་སྣ་ཚོགས། །གཙོ་བོ་ཁྱོད་
ཀྱིས་སྤྲུལ་བྱེད་ཅིང་། །ཁམས་གསུམ་ལ་སོགས་བསྐྱེད་པ་དང་། །འདུ་བྱེད་ཞི་བར་བྱེད་པའོ། །དེ་ལྟར་སྐུ་སོགས་རྡོ་རྗེ་གསུམ། །དཔའ་བོ་ཡིས་ནི་ཕ་རོལ་འགྲོ། །དཔའ་བོ་འགྲོ་བའི་བྱ་བ་སྤྱོད། །དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད། །དེ་བཞིན་ཡིད་བཞིན་ནོར་བུ་སོགས། །རྡོ་རྗེ་སེམས་དཔའ་
བདག་དངོས་ཀྱིས། །གཙོ་བོ་ཁྱོད་ནི་ཡང་དག་བཞུགས། །རྡོ་རྗེ་སེམས་དཔའ་འགྲོ་བ་ཉིད། །གཟུགས་བརྙན་བཞིན་དུ་མཛད་པའོ། །དེས་ན་ཁྱོད་ཀྱི་སྐུ་ཉིད་ནི། །འདོད་པ་ཡི་ནི་དངོས་གྲུབ་སྟེ། །དཔལ་ལྡན་ལ་སོགས་གོ་སླའོ། །དེ་བཞིན་གཤེགས་པ་དྲུག་རྣམས་ཀྱིས། །སྲས་པོ་གཉིས་ལ་
ཕྱག་འཚལ་བསྟོད། །ཡོན་ཏན་ལ་སོགས་གོ་སླའོ། །ཞེས་པ་ནི་ངེས་པའོ། །ད་ནི་ཏིང་ངེ་འཛིན་ཡང་དག་པའི་སྦྱོར་བས་བྱང་ཆུབ་སེམས་ཀྱི་གསང་བའི་དབང་བརྗོད་པའི་ཕྱིར། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་དཔོན་ནི་སྔོན་ནས་གྲུབ་པའི་ཕྱིར་དེའི་ལུས་ཀྱི་དཀྱིལ་འཁོར་
དང་པོའོ། །གཉིས་པ་ནི་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་རོ། །དེ་ཡང་ཕྱག་རྒྱའི་སྦྱོར་བས་བསྐྱེད་པར་བྱའོ། །སླར་ཡང་དེ་ཉིད་ནི་གཅིག་སྟེ་བདག་གི་དངོས་པོའོ། །གཉིས་པ་ནི་གཞན་ལ་ཕན་པའོ། །གང་བདག་གི་དངོས་པོ་དེ་ཡང་ནང་གི་བླ་མའོ། །དེའི་ཕྱིར་པདྨའི་སྣོད་ཨ་ཝ་དྷཱུ་ཏཱིའི་དབུས་སུ་འོངས་ཏེ། ལྟེ་
Vol. 6 · folio 171b
བའི་དབུས་སུ་ངལ་བ་སོས་པའི་བྱང་ཆུབ་སེམས་སོ། །རྒྱལ་བ་བདག་ཉིད་སྐྱེས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་དོ། །ཨུ། མཆོག་གི་དེ་ཉིད་འབྱུང་བར་འགྱུར། །དྷཱུ། ཕོ་ཉ་ཕོ་ཉ་མོ་རང་བཞིན། །ཏ། དེ་ནི་བདེན་པ་ཆེན་པོའི་སེམས། །ཙ། སྒྱུ་མ་ཡིས་ནི་སྡུད་པར་བྱད། །མ། ཡིད་ཀྱིས་དབང་
བསྐུར་བ་ནི་སྦྱིན། །རཻ། འདི་དག་ཚོགས་ཀྱི་དཀྱིལ་འཁོར་ཏེ། །ཚྭ། བདེ་བའི་སྐུ་ཡི་དྲི་མ་ཉིད། །ཏཻ། ཁམས་གསུམ་སྤྲོ་བ་ཉིད་ཀྱིས་ནི། །གཱ བདེ་བ་ཕུན་སུམ་ཚོགས་པ་གཟུང་། །ཐཱ། གནས་དང་གནས་མིན་ཉམས་དགའ་བ། །མ། བཀྲ་ཤིས་ཡིད་ཅན་རྣམས་ཀྱིས་ཡོངས་སུ་རྫོགས། །ག། གསང་
བའི་དུས་སུ་སོང་ནས་ནི། །ལ། བདེ་བ་དམིགས་པ་བརྒྱུད་པ་ནི། །གྷི། རི་བོ་ཡི་ནི་ཕྱིར་མཆོད་པ། །ཏི། ཏིལ་ལས་མར་ཁུ་འབྱུང་བ་བཞིན། །བྷི། འབྱུང་བའི་རྩིག་པ་ལ་ནི་བརྟེན། །དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེ། །ལྡན་པ་རྣལ་འབྱོར་པ་དེ་ནས། །སློབ་མ་དབང་བསྐུར་བྱ་ཞེས་པ། །དེ་ནི་འབྱུང་ཆེན་བདག་ཉིད་
ལས། །འབྱུང་ལས་གྱུར་པའི་དངོས་པོ་འབྱུང་། །དེ་ཐམས་ཅད་ནི་སློབ་མར་འགྱུར། །འགྲོ་བའི་གཙོ་བོར་ཞེས་པ་ནི། འགྲོ་བའི་གཙོ་བོར་བྱ་བའི་ཕྱིར་རོ། །བྱ་ཞེས་པ་ནི་སློབ་དཔོན་གྱིས་དབང་ངོ་། །དེ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །དེའི་ཕྱིར་མཆོག་གི་དབང་ཕྱུག་ཏུ་འགྱུར་ཏེ། སངས་
རྒྱས་ཉིད་དུ་ངེས་པའོ། །ད་ནི་དེ་རྣམས་ཀྱི་རྟེན་བརྗོད་པའི་ཕྱིར། །བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པར་བྱ་ཞེས་པ་ནི་ཕྱིའི་རྣལ་འབྱོར་མ་ཞིང་སྐྱེས་དང་སྔགས་སྐྱེས་དང་ལྷན་ཅིག་སྐྱེས་མ་གནས་ལས་སྐྱེས་པ། འཆད་བཞིན་པ་རྣམས་ཀྱི་མངལ་དུ་འཇུག་པར་འགྱུར་ཏེ། དེ་བཞིན་དུ་དེ་ཡང་གལ་ཏེ་
རྣལ་འབྱོར་པ་སྔོན་དུ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་རྣམ་པར་མོས་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་འགྱུར་བ་དེའི་ཚེ་རྒྱུ་དེས་ནི་ཕ་དང་མ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་གི་རིགས་ལས་སྐྱེ་བར་འགྱུར་ཞེས་སྦྱར་རོ། །འོན་ཏེ་རྣལ་འབྱོར་གྱི་རྒྱུད་གཅིག་པུ་ལ་མོས་པ་དེས་ན་ཕ་ནི་དཔའ་བོ་ལ་སོགས་
པ་ཡོན་ཏན་གྱིས་བརྒྱན་ཅིང་། མ་ནི་ཐ་མལ་པའི་བུད་མེད་དོ། །དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་ལ་མོས་པ་དེས་ན་མ་ནི་དཔའ་མོ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་ཏེ་ཕ་ནི་ཐ་མལ་པའི་སྐྱེས་པའོ། །དེས་ན་ཅུང་ཟད་མ་གྱུར་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་
Vol. 6 · folio 172a
གཟུང་བར་བྱའོ། །དེས་ན་དག་པའི་སེམས་དེ་སྦྱིན་པར་བྱ་ཞེས་སྦྱར་རོ། །དེས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །དེ་ལྟར་དམ་ཚིག་ཅེས་པ་ནི་བརྡའི་སྐད་ཀྱིས་གསུངས་པའོ། །ཉམས་དགའ་ཞེས་པ་ནི་རང་རིག་པའི་བདག་ཉིད་དོ། །བཟང་པོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི་
རང་བཞིན་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡོངས་སུ་དག་པའོ། །འདུས་བྱས་ཞེས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་དེའི་གནས་སོ། །ཁྲག་ཆེན་པོ་ཞེས་པ་ནི་འདིར་དེའི་རང་གི་ངོ་བོ་ལས་བྱུང་བའི་སེམས་དེ་མ་ཡིས་ཀྱང་རྣལ་འབྱོར་གྱི་ནུས་པས་དེའི་དུས་སུ་མཐོང་ངོ་། །དེའི་ཚེ་རང་གི་བདག་ཉིད་ཆགས་
པ་ཆེན་པོའི་ཏིང་ངེ་འཛིན་ལ་དམིགས་པར་བྱ་སྟེ། དེས་རང་བྱུང་གི་མེ་ཏོག་བསྐྱེད་པ་དེ་ནི་ཁྲག་ཆེན་པོའོ། །དེ་དང་ག་བུར་བཅས་ཞེས་པ་ནི་རང་རིག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ། དེ་ཡང་དེ་བཞིན་དུ་བསྐྱེད་ཅེས་པའི་དོན་ཏོ། །འོན་ཀྱང་ཙནྡན་དམར་པོ་དང་སྦྱར་ཞེས་པ་ནི། ཕ་ཆགས་པ་
ཆེན་པོ་སྐྱེས་པ་དེས་ན་རྣལ་འབྱོར་མ་བསྐུལ་ཏེ། དེས་ཀྱང་འཁྱུད་པ་ལ་སོགས་པ་བྱེད་དོ། །དམར་པོ་ནི་ཆགས་པས་མཆོད་པའི་ཕྱིར་དེའི་ཚེ་ཙནྡན་དྲི་བཞིན་བྲི་བའོ། །ཇི་ལྟར་ཕྱིའི་རྣམ་པར་རྟོག་པས་རྡུལ་ཕྲ་རབ་ལྟ་བུའི་སེམས་ཅན་རྣམས་ཤིན་ཏུ་ཕྲ་བར་འགྱུར་ཏེ། དྲི་སྣོམ་པས་ན་དྲི་ཟའོ། །དེ་བཞིན་
དུ་འདིར་ཡང་ཐ་མལ་པའི་བྱང་ཆུབ་སེམས་ནི་དྲི་མ་མེད་པ་སྟེ། ཐ་མལ་པའི་བག་ཆགས་ཀྱི་དབང་གིས་སོ། །རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་ལྟ་བུ་མ་ཡིན་ཏེ། ཆགས་པ་ཆེན་པོའི་བདག་ཉིད་ཙནྡན་བཞིན་དུ་དྲི་ཤེས་པར་བྱ་སྟེ། བག་ཆགས་ཁྱད་པར་ཅན་ལས་རང་རིག་པ་ཉིད་དུ་འགྱུར་རོ། །དེ་བཞིན་
དུ་ཡང་ཇི་ལྟར་ཙནྡན་གོ་ཤིཪྵའི་དྲི་བསྣམས་པ་ཙམ་གྱིས་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་དུ་རང་རིག་པའི་བདེ་བ་ཉེ་བར་མཚོན་པ་ཙམ་གྱིས་འཁོར་བའི་བག་ཆགས་རྣམས་ཀྱི་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུར་རོ། །དེ་ཡང་དེ་ཉིད་བག་ཆགས་སུ་འགྱུར་ཏེ། དེའི་ཚེ་
དྲི་ནི་སེམས་ཅན་ཐམས་ཅད་ཀྱི་མིང་ཅན་དེ་དེ་བཞིན་ནོ། །མ་དང་ཕའི་དྲི་ཞིམ་པོའི་ཙནྡན་བཞིན་དུ་དེ་དག་གི་དྲི་བསྣམས་ཞེས་པ་སྟེ་ངེས་པའོ། །རྡོ་རྗེ་ཆུ་དང་བཅས་པ་ཞེས་པ་ནི་ཕའི་བྱང་ཆུབ་སེམས་འཛག་པའི་དུས་སུའོ། །ལྔ་པ་སེམས་ལས་བྱུང་བ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དྲི་ཟ་ཉེ་བར་
Vol. 6 · folio 172b
འཁོར་གྱི་སེམས་ཅན་དེ་ཡང་རྣལ་འབྱོར་པ་རྣམས་ཀྱི་སེམས་ཁྱད་པར་ཅན་ལས་བྱུང་བ་དེ་ཉིད་མ་དང་ཕའི་བདེ་བ་དང་ལྷན་ཅིག་རོ་གཅིག་པར་གྱུར་པ་སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར། འདི་དེ་དམ་ཚིག་ཡང་དག་འདོད། །ཅེས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཀྱི་མཚན་
ཉིད་དེ་ཡང་དེ་བཞིན་གཤེགས་པས་དཔལ་འདུས་པ་ལ་སོགས་པའི་རྒྱུད་ཐམས་ཅད་སངས་རྒྱས་ཐམས་ཅད་ཡང་དག་པར་བཞེད་པ་གསུངས་སོ། །དེ་རྣམས་ཀྱང་ཐོག་མ་མེད་པའི་དུས་སུ་གསུངས་སོ་ཞེས་པ་སྟེ་ངེས་པའོ། །དེ་བཞིན་དུ་བཟང་པོ་བསྐྱང་བར་བྱ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་བཞིན་
དུ་སྡོམ་པ་ནི་གྲུབ་པའི་རྣལ་འབྱོར་པས་སྲོག་ཆགས་གསད་མི་བྱ་ཞེས་པ་ནི་མྱུར་དུ་མྱ་ངན་ལས་འདས་པར་མི་བྱ་ཞེས་དགོངས་སོ། །བུད་མེད་རིན་ཆེན་དོར་མི་བྱ། །ཞེས་པ་ནི་དཔལ་སྒྱུ་མ་ཡོངས་སུ་མི་དོར་ཞེས་པའི་དོན་ཏོ། །ཡང་ན་གལ་ཏེ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་ན། དེའི་ཚེ་སློབ་དཔོན་
གྱིས་ཏེ། དེ་ནི་དོར་ཞེས་པ་ནི་འཇིག་རྟེན་གསུམ་སྤྱོད་པར་མི་འགྱུར་བ་དེའི་ཚེ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་མི་འགྱུར་རོ། །དེའི་ཕྱིར་སྡོམ་པ་མི་འདོར་ཏེ། ཇི་སྲིད་དུ་ནམ་མཁའི་སྦྱོར་བ་འཛིན་པ། དེ་སྲིད་དུ་སྒྱུ་མའི་ལུས་བཞིན་དུ་བརྟག་ཅེས་པ་ནི་མཆོག་གི་སྡོམ་པའི་ངེས་པའོ། །སྔོན་
དུ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་གསུངས་པའི་ཚུལ་གྱིས་རིག་མའི་རང་བཞིན་གྲུབ་པ་རྣམས་མཐོང་བའི་ཕྱིར་གསང་བའི་དབང་ངོ་། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །བདག་གི་རྣལ་འབྱོར་མ་ཞེས་པ་ནི་ཨ་ཝ་དྷཱུ་ཏཱི་ལ་བརྟེན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དག་
པ་དེའི་ཚེ་སྔ་མ་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་སིཧླ་ཞེས་པ་ནི་སྒྱུ་མར་ཡིད་ཆེས་པ་རང་འབྱུང་ཆགས་པ་ཆེན་པོའི་ཁྲག་སྙིང་རྗེའོ། །ག་བུར་ཞེས་པ་ནི་ཡི་གེ་ལྔ་སྟེ། ཀ་ནི་སྡོང་བུའི་རྩ་བ་རུ། །རི་ན་བུ་ག་ལྔ་རུའོ། །པ་ནི་རླུང་ལྔ་རྣམས་སུའོ། །ཨུ་ནི་ཡི་གེ་མི་འགྱུར་བའོ། །ར་ནི་འཚེད་པའི་
ཆགས་སྦྱོར་བས། །བུད་མེད་དེ་ནི་མི་འཛག་བྱེད། །ཅེས་པ་ནི་སྙིང་རྗེར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མཆོག་ཏུ་མི་འགྱུར་བའི་རིག་པ་ཐོབ་པའོ། །དེ་སྲིད་བསྟེན་ཞེས་བྱ་བ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རྒྱུན་དུ་གོམས་པར་བསྟེན་པའོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words