དཔལ་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག

Sanskrit title (Tibetan script, as in the text) ཤྲཱི་ཧེ་རུ་ཀ་བྷཱུ་ཏ་ནཱ་མ་མཎྜ་ལ་ནོ་པི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 9 · folio 286a

༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཧེ་རུ་ཀ་བྷཱུ་ཏ་ནཱ་མ་མཎྜ་ལ་ནོ་པི་ཀཱ། བོད་སྐད་དུ། དཔལ་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞབས་ནི་ཡོངས་སུ་བསྐྱོད་པས་ཤིན་ཏུ་བཟློག་པར་

དཀའ་བའི་དབའ་རླབས་ཡོངས་སུ་བགྲོད་པ་བཞིན། །ཕྱག་རྣམས་རྣམ་པར་བསྐྱོད་པའི་རྣམ་རྒྱས་རླབས་ཀྱི་གར་ནི་ཤིན་ཏུ་དག་པའི་རླབས། །ཕྱག་གི་གླང་པོ་ལ་སོགས་ཆུ་ན་རྒྱུ་བ་བཞིན་ཏེ་གྱེན་གྱི་དབུ་སྐྲ་མེ་དང་མཚུངས། །དབུ་མའི་ཕྲེང་ལྟར་བཞད་ཅིང་ཆུ་གཏེར་དྲི་མེད་ཁྲག་འཐུང་ཁྱེད་

ཀྱི་སྐུས་ནི་སྲུང་གྱུར་ཅིག །དཔལ་ལྡན་ཁྲག་འཐུང་ཀུན་མཁྱེན་རིག་པར་བཅས། །སྙིང་རྗེ་གཅིག་ཅིང་སྐྱོན་རྣམས་མ་ལུས་སྤངས། །ལྷན་ཅིག་སྐྱེས་དངོས་སྤྱི་བོས་བཏུད་བྱས་ཏེ། །དེ་ཡི་བསྡུས་པའི་དཀྱིལ་འཁོར་བརྗོད་པར་བྱ། །དཀྱིལ་འཁོར་ཆེན་པོའི་ལས་ནི་མ་གཏོགས་

Vol. 9 · folio 286b

པར། །དངོས་གྲུབ་བླ་མེད་མཆོག་ནི་མི་རིགས་ཏེ། །དབང་དང་རབ་གནས་བཟླས་དང་སྒྲུབ་པ་སོགས། །དེ་བས་འདོད་པས་ཆོ་ག་ལ་བརྩོན་བྱ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་སྔགས་དང་ནི། །བྱ་བ་གདན་དང་བཟླས་པ་སྦྱིན་སྲེག་དང་། །མཆོད་པ་ལས་སུ་ལྡན་པ་སྡུད་པ་སྟེ། །དེ་ཉིད་

དག་ནི་རྣམ་པ་བཅུ་ཡིན་ནོ། །སློབ་དཔོན་དེ་ཉིད་བཅུ་རྣམས་ཤེས། །སྔགས་དང་རྒྱུད་ཀྱི་སྦྱོར་བ་རིག །མཚན་ཉིད་ཀུན་དང་ཡང་དག་ལྡན། །བསྟན་བཅོས་དོན་ནི་ཀུན་རིག་ཅིང་། །དབང་རྣམས་ཀུན་གྱིས་དབང་བསྐུར་ཅིང་། །བླ་མའི་བཀའ་ཐོབ་ཡོན་ཏན་ལྡན། །དམ་ཚིག་ལྡན་ཞིང་

སྡོམ་པར་ལྡན། །བརྟན་ཞིང་ཐེག་པ་གསུམ་ལྡན་རིག །འཇིག་རྟེན་ཆོས་ཀྱིས་མི་འཕྲོགས་ལ། །བཟོད་ལྡན་སྙིང་རྗེའི་བདག་ཉིད་ཅན། །བཟླས་པ་ལ་བརྩོན་སེར་སྣ་བྲལ། །དད་དང་བྱམས་ལ་ཡང་དག་གཞོལ། །ཆོ་ག་ཡོངས་སུ་རྫོགས་པ་ཡིས། །དཀྱིལ་འཁོར་བྱ་བ་བརྩམ་པ་

སྟེ། །བསོད་ནམས་ལ་སོགས་འབྲེལ་ཕྱིར་དང་། །དད་པའི་ཕྱིར་ཡང་བྱ་བ་སྟེ། །རྟག་པར་དཀྱིལ་འཁོར་སྨོད་པ་དང་། །ཆོ་ག་དམན་པར་མི་བྱའོ། །སྐྱེ་བ་འདིར་ཡང་སྡུག་བསྔལ་ཆེ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་

བྱ་བ་ཉིད། །ཆོ་ག་བདག་ཉིད་ནུས་པ་ཡིས། །རྒྱུད་ལས་གསུངས་པའི་གཞུང་དེ་ཉིད། །དེ་ལྟར་བྱས་པའི་བསོད་ནམས་ཀྱིས། །བལྟ་བས་མི་མཐོང་སྐྱེ་བར་འགྱུར། །དཀྱིལ་འཁོར་མངོན་པར་མཆོད་པ་ཡིས། །དེས་ནི་མྱུར་བར་སྐྱེ་བར་འགྱུར། །དེ་ལ་དང་པོར་འདི་ལྟར་སློབ་དཔོན་

བཀྲ་ཤིས་པར་འདོད་པས་སློབ་མ་ལ་སོགས་པས་དཀྱིལ་འཁོར་སྔོན་དུ་སོང་བས་ལན་གཉིས་ལན་གསུམ་དུ་གསོལ་བ་བཏབ་པའམ། བདག་ཉིད་བསོད་ནམས་འདོད་པས་དཀྱིལ་འཁོར་གྱི་ཆོ་གའི་ཡིད་ཀྱིས་དང་པོར་རེ་ཞིག་སྔོན་དུ་བསྙེན་པ་བྱའོ། །དེ་ལ་དགེ་ཞིང་རྗེས་སུ་མཐུན་པ་

བར་ཆད་མེད་པའི་གནས་སུ་ཀྱེའི་རྡོ་རྗེའི་རྣལ་འབྱོར་གྱིས་དམིགས་ཤིང་རྣལ་འབྱོར་པས་ཏིང་ངེ་འཛིན་གསུམ་བྱས་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔགས་དང་། རང་གི་ལྷག་པའི་ལྷ་ཉིད་ཀྱི་སྔགས་འབུམ་བཟླས་པར་བྱ་ཞིང་། གཞན་དག་གི་སྔགས་ནི་ཁྲི་བཟླས་

Vol. 9 · folio 287a

པར་བྱའོ། །ཡང་ན་བདག་པོའི་སྣང་བས་དེ་ལ་མོས་པས་ཀྱང་དཀྱིལ་འཁོར་བྱའོ། །སྔོན་དུ་བསྙེན་པའོ། །རི་ཕུག་དང་ནི་ཆུ་འགྲམ་དང་། །དུར་ཁྲོད་སྐྱེ་བོས་དབེན་དང་ནགས། །འབབ་ཆུས་གང་བ་འབའ་ཞིག་ཏུ། །དངོས་གྲུབ་མྱུར་བར་གདོན་མི་ཟ། །

གྲོང་ཁྱེར་ཁྱིམ་དང་ལྷས་དང་ནི། །གཙུག་ལག་ཁང་གི་ཁྱིམ་གནས་སུ། །ཡུན་རིངས་ཀྱིས་ནི་དངོས་གྲུབ་དག །འགྲུབ་ཅེས་དེ་ཉིད་རིག་པས་གསུངས། །གནས་ནི་རྣམ་པར་བསྟན་པའོ། །ཉི་མ་བཟང་ཞིང་སྐར་བཟང་ལ། །ཐོ་རངས་དུས་སུ་བློ་ལྡན་གྱིས། །ས་ཡི་མཚན་ཉིད་ཕ་

རོལ་སོན། །ས་ནི་ཡང་དག་བརྟག་པར་བྱ། །ཙིན་ཙ་ཡུང་བ་བཏུ་བར་རམ། །ཀ་རཉྫ་དང་དོན་འགྲུབ་ཀོ་བི་ད་ར་དང་། ཀརྞི་ཀས་ནི་མཉམ་བཀང་རིགས་ཀྱི་རི། །རུས་སྦལ་གླང་པོའི་རྒྱབ་འདྲའི་ས་ནི་སྤང་བར་བྱ། །ཤར་ཕྱོགས་པི་པི་ལིང་གི་ཤིང་དང་ནི། །ལྷོ་ཕྱོགས་བླག་ཤ་བ་ཡི་

ཤིང་དང་ལྡན། །ནུབ་ཕྱོགས་ནྱ་གྲོ་དྷ་ཡི་ཤིང་དང་ལྡན། །བྱང་གི་ཕྱོགས་ན་བ་ཀུ་ལེ་དང་ལྡན། །མེ་ཡི་མཚམས་ནི་ཀ་ཀུ་བྷེ་དང་ལྡན། །པ་ལཱ་ཤ་ནི་བདེན་བྲལ་དག་དུ་བརྗོད། །རླུང་གི་ཕྱོགས་སུ་ཤལ་མ་ལི་ཤིང་སྟེ། །དབང་ལྡན་དུ་ནི་ཨུ་དུམྺཱ་རའོ། །མྱ་ངན་མེད་དང་ཀནྡ་སུ་ཁ་ནིམ་པ་གྲུ་ཌ་ཤིང་། ཏ་མ་ལ་དང་མ་

ཙོ་ཀུ་ཙ་ཨ་མྲ་བལ་བོ་སེའུ། ཆུ་དང་དབང་པོའི་ཕྱོགས་སུ་ཆུ་མིག་དང་ལྡན་ཤིས་པའི་ས། །གྲུ་བཞིའི་མཚན་ཉིད་ས་ནི་རྣམ་པར་བརྟག་པར་བྱ། །དེར་ནི་གད་པ་གྲུ་བཞི་རྣམ་པར་བརྐོས་བྱས་ནས། །དེ་ལ་བརྐོས་པའི་ས་ཡིས་ཤིན་ཏུ་གང་བར་བྱ་བ་སྟེ། །གལ་ཏེ་དོང་སྟེ་ཁེངས་པར་མ་གྱུར་

ཤིས་པ་མ་ཡིན་ཞིང་། །ས་ལ་སོགས་པ་ལྷག་པར་གྱུར་ན་ཤིན་ཏུ་བསྔགས་པ་ཡིན་ནོ། །ས་ཡོངས་སུ་བརྟག་པའོ། །ཙིན་ཙ་ལ་སོགས་ལྡན་པ་ཡིས། །གལ་ཏེ་དཀྱིལ་འཁོར་བརྩམས་གྱུར་ན། །འཐབ་མོ་མྱ་ངན་ནོར་ཉམས་པ། །ཡོན་བདག་དག་ལ་མྱུར་དུ་འགྲུབ། །རུས་སྦལ་གླང་རྒྱབ་

ཡང་ན་གཞོང་། །འཆི་དང་ནད་དང་ཡང་ན་རྒུད། །དེ་ཕྱིར་དེ་འདྲའི་གནས་སུ་ནི། །བློ་ལྡན་དཀྱིལ་འཁོར་བརྩམ་མི་བྱ། །ཨ་ཤོ་ཀ་སོགས་མཉམ་ལྡན་པའི། །དཀར་པོའི་ས་ནི་ཤིན་ཏུ་ཤིས། །བྱང་ཤར་དག་ནི་ཆུ་མིག་ཏུ། །འགྱུར་ན་དངོས་གྲུབ་བླ་ན་མེད། །ཁུང་བུ་བརྐོས་

Vol. 9 · folio 287b

པའི་སས་མ་ཁེངས། །ཐམས་ཅད་ཀུན་ནི་ཉམས་པར་འགྱུར། །བརྐོས་པའི་སས་ནི་ཁུང་བཀང་ན། །ཐམས་ཅད་དག་ནི་འབྱུང་བར་འགྱུར། །ས་ཡི་མཚན་ཉིད་དོ། །དེ་ལ་རབ་ཏུ་བསྔགས་པའི་སའི་དབུས་སུ་སྟན་བདེ་ཞིང་མཐོ་བ་ལ་འདུག་སྟེ། གཙང་སྦྲ་དང་། དྲི་ཞིམ་པ་དང་།

ལུས་ཇི་སྙེད་པའི་གོས་ཀྱིས་བརྒྱན་པ་དང་། ཅོད་པན་བཅིངས་པ་བྱས་ནས། ཡོ་བྱད་ཐམས་ཅད་མཉེས་པར་བཞག་སྟེ། སྲུང་བ་དང་བཟླས་པ་བྱ་ཞིང་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བླངས་ལ། སྔགས་པ་མཉམ་པར་གཞག་པས་གཏོར་མ་དང་མཆོད་པ་བྱིན་ལ་ཐོ་རངས་ཀྱི་དུས་སུ་ཏིང་ངེ་

འཛིན་གསུམ་བྱ་སྟེ། འཆད་པར་འགྱུར་བའི་ཆོ་གའམ་བདུག་པའི་སྦྱིན་སྲེག་གིས་བགེགས་བསལ་ཞིང་ཕུར་བུས་གདབ་ཅིང་རྡོ་རྗེ་ར་བ་དང་། རྡོ་རྗེའི་གུར་ལ་སོགས་པ་ཡང་རྣམ་པར་བསྒོམས་ཏེ། སློབ་མ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱའོ། །དེའི་རྗེས་ལ་གཏོར་མ་རྒྱ་ཆེན་

པོ་མན་ངག་ཇི་ལྟ་བས་སྦྱངས་ལ་རྔའི་སྒྲ་དང་བཅས་པས་ཕྱོགས་ཀུན་གྱི་འཇིག་རྟེན་སྐྱོང་བ་རྣམས་ལ་དབུལ་ལོ། །དེ་ནས་ཕྱི་དེ་ཉིན་པར་སྔ་དྲོའི་དུས་སུ་སྔགས་པས་ལྷ་ཉིད་ཀྱི་རྣལ་འབྱོར་བྱ་སྟེ། ལས་ཐམས་ཅད་པའི་སྔགས་ཀྱིས་བསྔགས་པའི་ཆུས་ཡང་དག་པར་གཏོར་ལ་འཆད་

པའི་འགྱུར་བའི་མཚན་ཉིད་ཀྱིས་སའི་ལྷ་མོ་ཡིད་ཀྱིས་སྤྱན་དྲངས་ནས་མཆོད་པ་ལྔས་ཡང་དག་པར་མཆོད་ནས། ལྷ་མོ་ཁྱོད་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་ཅིང་། ཨོཾ་ཏིཥྛ་བཛྲ་ཧཱུཾ། ཞེས་པའི་སྔགས་ཀྱིས་ནམ་མཁའི་དཀྱིལ་དུ་དགོད་པར་བྱའོ། །

པུས་མོའི་ཚད་ཙམ་ས་ལ་ནི། །ལས་ཀྱི་རྡོ་རྗེས་བརྐོ་བར་བྱ། །བ་སུའི་ཀླུ་ནི་མཉམ་དམིགས་ལ། །དེ་ནས་ཤིན་ཏུ་ཡོངས་སུ་སྦྱངས། །སྟོན་ཟླ་འབྲིང་དང་ཐ་ཆུངས་ལ། །ཉི་ཤར་དབང་ལྡན་ཕྱོགས་སུ་དགོད། །ཀླུ་ནི་ལྷོ་རུ་ཁ་བལྟས་ཉལ། །གཡོན་ལོགས་སུ་ནི་ཤིན་ཏུ་གནས། །

དགུན་ཟླ་ར་འབྲིང་ཐ་ཆུངས་ལ། །གཤིན་རྗེ་རུ་ནི་མགོ་གནས་ཏེ། །ནུབ་ཏུ་ཁ་ཕྱོགས་མི་ཚུལ་ནི། །རོ་སྟོད་ཡིན་ཏེ་ཀླུ་ཡི་ཚུལ། །དཔྱིད་ཀྱི་ར་བ་འབྲིང་དང་ཐ། །ཟླ་བར་བྱང་ཕྱོགས་ཁ་བལྟ་བ། །ནུབ་ཏུ་མགོ་བལྟ་ཉལ་བ་ནི། །བ་སུའི་ཀླུ་ནི་སྟོབས་པོ་ཆེ། །དབྱར་ཟླ་ར་འབྲིང་ཐུ་ཆུངས་

Vol. 9 · folio 288a

ལ། །ཀླུ་ནི་གཞོགས་ཀྱིས་ཉལ་བ་སྟེ། །བྱང་དུ་མགོ་བསྟན་ཤར་དུ་ནི། །དུས་རྣམས་ཀུན་དུ་ཁ་བལྟའོ། །ཀླུ་འདིའི་རྒྱབ་ཀྱི་སྨད་དུ་ནི། །གལ་ཏེ་ཀུན་དུ་བརྐོས་གྱུར་ན། །ཡོན་བདག་འདོད་པའི་དངོས་གྲུབ་ནི། །འབྱུང་བར་འདི་ལ་ཐེ་ཚོམ་མེད། །གལ་ཏེ་

མགོ་བོར་བརྐོས་གྱུར་ན། །ཕ་མ་སྤུན་དང་རྩ་ལག་དང་། །བུ་དང་ཚ་བོ་སྟོབས་ལ་སོགས། །རྟག་ཏུ་བརླག་པར་འགྱུར་བ་ཡིན། །གལ་ཏེ་རྒྱབ་ཀྱི་ལུས་ལ་བརྐོས། །གནས་རྣམས་ཉམས་དང་ཡང་ན་འཆི། །ཡུན་ནི་རིང་བར་སྔ་མའི་ཆས། །བ་གླང་མ་ཧེ་ལ་སོགས་

བརླག །ཀླུ་གནས་ཡང་དག་ཤེས་བྱ་སྟེ། །སྨད་ཀྱི་ཆ་འདིར་བརྐོ་བར་བྱ། །བསྐོར་བས་ཡོངས་སུ་བགྲོད་བྱས་ལ། །ས་ཡི་གྲགས་ལྡན་མ་ལ་བལྟ། །བློ་ལྡན་མཁས་པས་བརྟག་བྱས་ལ། །དེ་ནས་ཟུག་རྔུ་བསལ་བྱས་ལ། །གལ་ཏེ་ཟུག་རྔུ་དེ་མ་བསལ། །ཉེས་པ་དག་

ནི་སྐྱེད་པར་འགྱུར། །རུས་པ་ཡན་ལག་རྫོགས་དང་མཉམ་ཆུད་ན། །ཟུག་རྔུ་སོལ་བའི་ཟུག་རྔུས་འཇིགས་པ་སྟོན། །ཐལ་བས་ནོར་ཉམས་འཆི་དང་མི་རུས་དང་། །སྦྲུལ་སོགས་ཟུག་རྔུས་ཀྱང་ནི་གནོད་པར་འགྱུར། །རྡོ་བ་རྡུལ་དང་གྱོ་མོ་སེན་མོ་སྐྲ་དང་ཀྲེ་ཏའི་ཤིང་། །སོ་

ཕག་དྲི་མ་སྣུམ་པ་ཚེར་མ་ལ་སོགས་བཅས། །འཆིང་དང་བསྣུན་པ་ལ་སོགས་མང་པོའི་ཟུག་རྔུ་འབྱུང་། །ཟུག་རྔུ་ལེགས་བསལ་དེས་ནི་ཉོན་མོངས་མ་ལུས་སེལ། །པུས་མོ་ཙམ་ནི་བརྐོས་ནས་སུ། །ས་ནི་དག་པར་མ་གྱུར་ན། །སླར་ཡང་སྔགས་པས་རྐེད་པ་ཙམ། །ཡོངས་

སུ་དག་ཅིང་བརྐོ་བར་བྱ། །རྒྱུན་མི་ཆད་པའི་ཟུག་རྔུ་འདི། །གལ་ཏེ་འབྱུང་བར་གྱུར་པ་ན། །ལག་པས་བཀབ་སྟེ་སྔགས་བཟླས་པས། །དེ་ཉིད་ཀྱིས་ནི་དག་པར་འགྱུར། །སྔགས་ནི་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། །དེ་ནས་ཡི་གེ་ཧཱུྃ་གིས་བསྔགས་པའི་བདུད་རྩི་ལྔ་དང་བསྲེས་པའི་

ཆུ་ས་འཇིམ་པ་བྱས་པས་ཡང་དག་པར་བྱ་ཞིང་། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཆུས་བསང་བ་བྱ་ཞིང་། འབྲུ་དང་རིན་པོ་ཆེ་དང་སྨན་རྣམས་དབུས་སུ་བརྟན་པར་གཞུག་ཅིང་ས་གཞི་དེ་ཤིན་ཏུ་མཉམ་པར་བྱའོ། །རང་གི་ཁྱིམ་དང་བ་ལང་ལྷས།

Vol. 9 · folio 288b

གཙུག་ལག་ཁང་དང་ཁང་ཤུལ་དང་། འབབ་ཤུལ་རྒྱ་མཚོ་འཇུག་ངོགས་སུ། །སྦྱང་དང་བརྐོ་བ་སོགས་མི་བྱ། །ལག་པ་བརྐྱངས་ཏེ་སྔགས་བཟླས་པས། །དེ་ཡིས་ས་ནི་སྦྱང་བར་གསུངས། །དེ་ཡིས་ས་ནི་སྦྱང་འགྱུར་ཏེ། །རང་གི་སེམས་ནི་ཡོངས་སུ་དག །སྔགས་

ནི་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་སྒོ་བཞི་དང་རྟ་བབས་སུ་ལྡན་པའི་ཁང་བུ་བརྩེགས་པའི་ནང་དུ་ཆུད་པའི་བླ་རེ་བྲེ་བ་དང་། རྔ་མ་དཀར་པོ་དང་། ལྗོན་ཤིང་དང་། འཕན་དང་ལོ་མས་ཀུན་དུ་ཁྱབ་པར་བྱ་ཞིང་ཁྱད་པར་འཕགས་པའི་དར་གྱིས་ལེགས་པར་བརྒྱན་ཅིང་། དྲི་ཞིམ་པོ་དང་

མེ་ཏོག་གི་ཕྲེང་བས་རྣམ་པར་བཀྲ་བའི་གོས་ཀྱིས་ཡན་ལག་བརྒྱན་པའི་རང་བཞིན་གྱིས་སྦྱངས་པ་དང་། དྲི་ཡིས་ཉེ་བར་བྱུགས་པ་དང་། ཟུར་བཞིར་རྣམ་པར་གནས་པའི་སྤོས་དྲི་ཞིམ་པོའི་སྣོད་བྱས་ལ་སླར་ཡང་སྦྱིན་སྲེག་ལ་སོགས་པ་བྱའོ། །དེ་བཞིན་དུ་སའི་ལྷ་མོ་ནམ་མཁའི་

ཕྱོགས་སུ་རྣམ་པར་གནས་པར་བསམ་པར་བྱའོ། །ས་སྦྱང་བའི་ཆོ་གའོ། །དེའི་རྗེས་ལ་རྡོ་རྗེ་སློབ་དཔོན་གྲོགས་བཟང་པོ་དང་། ཤིན་ཏུ་ལེགས་པར་བསྡམས་པའི་དཀྱིལ་འཁོར་གྱི་ས་ལ་སྟན་བདེ་བ་ལ་འདུག་སྟེ། གཏོར་མ་དང་མཆོད་པ་ལ་སོགས་པ་ཕུལ་ལ། རང་འདོད་པའི་ལྷའི་

དཀྱིལ་འཁོར་རྣམ་པར་བསྒོམ་ཞིང་བགེགས་བསྐྲད་པར་བྱ་བའི་ཕྱིར་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ས་ལ་ཡོངས་སུ་གཏོར་བར་བྱའོ། །དེ་ནས་ཨོཾ་བྷཱུ་ཁྃ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའི་རང་བཞིན་དུ་བྱའོ། །ཧཱུྃ་ལྃ་ཧཱུྃ། ཞེས་བྱ་བས་རྡོ་རྗེ་

རྡུལ་ཕྲན་གྱི་རང་བཞིན་དུ་ས་གཞི་བསྒོམ་པར་བྱའོ། །ཨོཾ་མེ་དཱི་ནི་བཛྲ་བྷ་བ་བཛྲ་སཏྭ་ཧཱུྃ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་མན་ངག་གིས་ས་སྦྱང་བའོ། །འདི་ནི་ནང་གི་སྦྱང་བའི་ཆོ་ག་འོ།། །།དེའི་རྗེས་ལ་སློབ་དཔོན་གྱིས་མེ་ཏོག་དྲི་ཞིམ་པོས་དགྲམ་པ་བྱས་ནས་དཀྱིལ་འཁོར་

གྱིས་གཞིའི་དབུས་སུ་འདུག་སྟེ་ལག་ཏུ་རྡོ་རྗེ་དང་དྲིལ་བུ་བཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ཀྱི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པ་ལ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སློབ་མས་ཕྱོགས་བཞི་ན་རྣམ་པར་གནས་པའི་དཀར་མོ་ལ་སོགས་པའི་རྣལ་འབྱོར་མ་

Vol. 9 · folio 289a

བཞིར་བསྒོམས་ལ། ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་པར་བྱ་སྟེ། ཞི་བ་དེ་བཞིན་གཤེགས་པ་ཀུན། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་རྣམས་མཆོག་ནི་བདག་མེད་པའི། །དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །མཚན་

ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་ཡང་དག་སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །ཞི་བ་མཆོག་ནི་ཆོས་ལས་འབྱུང་། །ཡེ་ཤེས་སྤྱོད་པ་རྣམ་པར་སྤྱོད། །ཀུན་དུ་བཟང་པོ་གསུང་གི་མཆོག །ཁ་ལོ་སྒྱུར་བས་དཀྱིལ་

འཁོར་གསུངས། །སེམས་ཅན་ཀུན་གྱི་ཐུགས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་བྲལ། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་ཁ་ལོ་སྒྱུར་བས་གསུངས། །དེ་ནས་སྔགས་པས་གསོལ་བ་བཏབ་པ་དང་དུ་བླངས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་

ཀྱི་ང་རྒྱལ་བསྐྱེད་པར་བྱ་སྟེ། བདག་ཉིད་སངས་རྒྱས་བྱང་ཆུབ་སེམས། །བདག་ཉིད་དོན་ཡོད་རྡོ་རྗེ་ཆོས། །རྡོ་རྗེ་ཉི་མ་ཉིད་ཀྱང་བདག །བདག་ཉིད་སངས་རྒྱས་ཐམས་ཅད་དོ། །ཞེས་བྱ་བས་སོ། །དེའི་རྗེས་ལ་ཧཱུྃ་བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་འདིས་བསྒོམས་པའི་དཀྱིལ་འཁོར་གྱི་

འཁོར་ལོ་གཤེགས་སུ་གསོལ་ཏེ། ནམ་མཁའི་དཀྱིལ་དུ་དགོད་པར་བྱའོ། །དེ་ནས་སེམས་ཅན་གྱི་ཁམས་ཉོན་མོངས་པའི་མུན་པས་གཡོགས་པ་ཤིན་ཏུ་སྙིང་རྗེ་བའི་ཡིད་ཀྱིས་ཉོན་མོངས་པ་ལ་རབ་ཏུ་ཁྲོས་ཏེ་དེ་ནས་ལྡང་བར་བྱའོ། །ཊ་ཡིག་རི་བོང་མིག་གཡོན་ལ། །མ་ཡིག་ཉི་མ་

གཡས་ལ་འཛིན། །སྣ་ཚོགས་འཇིག་རྟེན་དག་ལ་གཟིགས། །ཀུན་ནས་རྡོ་རྗེའི་ལྟ་སྟངས་ཀྱིས། །རྐང་མཐིལ་ནས་ནི་རྡོ་རྗེ་འབར། །དལ་བས་རྡོ་རྗེ་གསོར་བྱ་ཞིང་། །རྡོ་རྗེ་རྒྱ་གྲམ་གོམ་སྟབས་གར། །གནས་རྣམས་སུ་ནི་དྲིལ་བུ་དཀྲོལ། །བྃ་ཧྭྃ་ས་ཡྃ་པྲ་དུཥྚོ་གྷ་ན་ཧཱུྃ། ཁ་ནས་ཧཱུྃ་

ཡིག་སྒྲ་འདོན་ཅིང་། །རབ་སྡང་བསྡིགས་པས་གཞག་པར་བྱ། །སྔགས་པས་གཡས་ནས་བསྐོར་བྱ་ཞིང་། །འཁོར་ལོ་ཡིས་ནི་བསྐོར་བར་བྱའོ། །དེ་ནས་བགེགས་ནི་གཞིལ་བྱའི་ཕྱིར། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །ལུས་ངག་སེམས་ལ་གནས་པ་ཡི། །གཟའ་དང་

Vol. 9 · folio 289b

འབྱུང་པོ་ཤ་ཟ་སོགས། །གང་ཞིག་ལུས་ནི་སྲུལ་པོ་སྟེ། །ཁྱེད་རྣམས་ཀུན་དུ་འགྲོ་བར་བྱོས། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། །རྡོ་རྗེ་སེམས་དཔའ་དངོས་ཀྱི་རིགས། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྙུང་བའི་དཀྱིལ་འཁོར་སྦྱོར་བའོ། །གལ་ཏེ་གང་ཞིག་གོམས་བྱེད་ན། །

རྡོ་རྗེ་འབར་བས་ལུས་པོ་ནི། །གསང་བ་གསུམ་སྐྱེས་གཤེགས་པ་དང་། །ཀུན་ནས་ཀུན་དུ་ཕྱེ་མར་བརླག །དེ་ནས་དེ་རྗེས་མ་ལུས་བགེགས། །འཇིགས་པས་བྱེད་པར་བལྟ་བར་བྱ། །བགེགས་བསྐྲད་པའི་མཚན་ཉིད་དང་ཡོངས་སུ་གཟུང་བ་ཞེས་བྱའོ། །དེ་ནས་སྔགས་པས་བགེགས་

ཉེ་བར་ཞི་བར་བྱ་བའི་ཕྱིར། བདུད་རྩི་འཁྱིལ་བའི་སྐུ་ལུས་ཕྱེད་རྣོ་བ་ཤིན་ཏུ་མི་བཟད་པའི་ཉི་མ་ཕྱེད་པའི་འོད་དང་མཚུངས་པ་དབུས་སུ་བསྒོམ་པར་བྱ་སྟེ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱྃ་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པྃ་ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་ཀཱ་ཡ་

ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་བྱ་བའི་སྔགས་འདིས་ཕྱོགས་ཐམས་ཅད་དུ་སྤྲོ་བའི་སྦྱོར་བས་བློས་གདབ་པར་བྱའོ། །སླར་ཡང་བགེགས་མ་ལུས་པ་ཞི་བར་བྱ་བའི་ཕྱིར། རང་རང་གི་ཕྱོགས་ན་གནས་པ་བུ་དང་ཞོ་ཤས་འཚོ་བ་དང་འཁོར་དུ་བཅས་པའི་དབང་པོ་ལ་སོགས་པ་ཕྱོགས་

སྐྱོང་བ་དང་། གཞན་ཡང་བགེགས་བྱེད་པ་ནི་དཀྱིལ་འཁོར་གྱི་སའི་དབུས་སུ་གཅིག་པ་ཉིད་དུ་གནས་པར་བལྟས་ལ། བདུད་རྩི་འཁྱིལ་པའི་སྔགས་དེ་ཉིད་ཀྱི་བློས་གདབ་པར་བྱའོ། །ཕུར་བུས་གདབ་པའི་ཆོ་གའོ། །དེ་ནས་བགེགས་མེད་ཅིང་འབར་བ་རྣོན་པའི་རིགས་ཀྱི་འོད་དུ་

དཀྱིལ་འཁོར་གྱི་ས་བལྟས་ལ་ཕུར་བུས་གདབ་པའི་ཕྱི་རོལ་ཏུ་རྡོ་རྗེ་ར་བ་ཞེས་བྱ་བ་སྟེ། རེ་ཕ་དམར་པོ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཡི་གེ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་འོད་ཟེར་ལྔ་དང་ལྡན་པའི་སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ་ཞིང་འོད་ཟེར་གྱི་

ཕྲེང་བ་དེས་རྡོ་རྗེ་ཕྲེང་བ་འབར་བ་འཕྲོས་པས་ཕྱོགས་བཞིར་ཁྱབ་ཅིང་། ཤིན་ཏུ་ཐུག་པར་གྱུར་པས་རྣམ་པར་མཛེས་ཤིང་རྡོ་རྗེ་ར་བ་གྲུ་བཞི་པའོ། །སྟེང་དུ་ཁྱབ་པས་ནི་རྡོ་རྗེའི་གུར་དང་ར་བའི་འོག་ཏུ་ཁྱབ་པས་ནི་ས་གཞི་རྡོ་རྗེའི་རང་བཞིན་ནོ། །ར་བ་དང་གུར་གཉིས་ལས་ཀྱང་ཕྱོགས་ཕྱོགས་སུ་འོད་

Vol. 9 · folio 290a

ཟེར་སྤྲོས་པས་ཐུག་པར་གྱུར་ཏེ། ཕྱིའི་ཕྱོགས་བཅིང་བ་དང་ཉི་མ་དང་སྣ་ཚོགས་རྡོ་རྗེ་ལས་ཀྱང་ཀུན་ནས་འོད་ཟེར་དུ་གྱུར་པས་ནང་མཚམས་མེད་པར་བྱས་ལ། དེ་ནས་ཕྱི་རོལ་ཐག་རིང་པོར་མཚམས་བཅད་པར་བསྒོམ་པར་བྱའོ། །རྡོ་རྗེའི་གུར་ལ་སོགས་པའི་སྲུང་

བའི་འཁོར་ལོའི་ཆོ་གའོ། །དེ་ནས་བཾ་ཡིག་ལས་སྐྱེས་ཤིང་དེ་ལས་བྱུང་བ་ལུས་ཕྱེད་ལ། གསེར་གྱི་མདོག་ཅན་ཕྱག་ན་རིན་པོ་ཆེའི་བུམ་པ་བསྣམས་པ། ན་བཟའ་བཟང་པོས་བརྒྱན་ཅིང་སའི་ལྷ་མདུན་དུ་བསམས་ལ་ཚིགས་སུ་བཅད་པས་རབ་ཏུ་གནས་པར་བྱས་ཏེ། ཀྱེ་རྡོ་རྗེ་ཁྲོ་བོའི་

མཆོད་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །རིན་ཆེན་དུ་མ་འཛིན་པའི་ས། །ཆེ་གེ་མོ་བདག་དཀྱིལ་འཁོར་བྲི། །བསྐུལ་བ་ལན་གསུམ་བར་དུ་ནི། །ས་ལ་བསང་གཏོར་ལ་སོགས་སྦྱིན། །མཆོད་པས་མཉམ་པར་མཆོད་བྱས་ལ། །དེ་ཉིད་དུ་ནི་ཐིམ་པར་བསམ། །དེ་ནས་སློབ་དཔོན་

གྲོགས་དང་བཅས་པས་དཀྱིལ་འཁོར་ལ་དྲི་ཞིམ་པོ་དང་མེ་ཏོག་བཟང་པོས་ཉེ་བར་བྱུག་པ་དང་། གཏོར་བ་བྱས་ལ། ལྷའི་གནས་སུ་བདུད་རྩི་ལྔས་དཀྱིལ་འཁོར་དགུ་དང་། བདག་མེད་མའི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བཅོ་ལྔ་བྱས་ལ། ནམ་མཁའ་ལ་གནས་པའི་དཀྱིལ་

འཁོར་བློས་སྤྱན་དྲངས་ཏེ། བདུད་རྩི་ལྔས་ཉེ་བར་བྱུགས་པའི་དཀྱིལ་འཁོར་ལ་མཉམ་པར་དགོད་པར་བྱའོ། །རྡོ་རྗེ་ར་བ་ལ་སོགས་པ་དང་མཚམས་བཅད་པའི་མཐར་ཐུག་པར་བྱས་ལ། ཕྱི་དང་གསང་བའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལ་ཡང་དག་པར་མཆོད་

པ་དང་། བསྟོད་པ་དང་བདུད་རྩི་མྱོང་བ་བྱའོ། །ས་ཡོངས་སུ་བཟུང་བ་དང་སྟ་གོན་ལ་གནས་པའི་དུས་སུ་མཚན་མོ་རོལ་མོ་དང་ཏམྦུ་ར་དང་གླིང་བུ་དང་ལག་རྔ་དང་རྫ་རྔ་ཤིན་ཏུ་སྙན་པའི་རོལ་མོའི་དབྱངས་དང་། གླུ་སྙན་པ་དང་སྐྱེ་བོ་སྒེག་པོ་དག་གིས་གར་གྱི་རྗེས་སུ་འབྲང་བ་དང་། བཀྲ་

ཤིས་ཀྱི་ཁྱད་པར་གྱིས་ཀྱང་དཀྱིལ་འཁོར་གྱི་ཁྱིམ་དུ་དཀྱིལ་འཁོར་མཆོད་པར་བྱའོ། །དེ་ནས་ལེགས་པར་ཡོངས་སུ་བརྟགས་པའི་ཤིན་ཏུ་འཇམ་ཞིང་བདེ་བའི་སྟན་ལ་འདུག་སྟེ། མདུན་གྱི་གཡོན་གྱི་ཆ་རུ་མེ་ཏོག་བཟང་པོ་དང་ཆུས་ཡོངས་སུ་བཀང་ཞིང་ཡོངས་སུ་བཟླས་པའི་འཐོར་

Vol. 9 · folio 290b

འཐུང་གི་སྣོད་གཞག་པར་བྱ་ཞིང་། ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་རྣལ་འབྱོར་པས་བུམ་པ་སྟ་གོན་ལ་གནས་པར་བྱ་སྟེ། དེ་ལ་ནག་པོ་མ་ཡིན་པ་དང་། ཁ་འདབ་ཡངས་པ་དང་། མགྲིན་པ་རིང་བ་དང་། ནང་ཡངས་པ་ཤིན་ཏུ་ལེགས་པར་བཀྲུས་ལ་སྤོས་

ཀྱིས་བདུག་ཅིང་ནས་དང་། ནས་སོ་བ་དང་། སྲན་མ་མ་ཤ་དང་། འབྲས་ཀྱི་སོ་བ་དང་། ཏིལ་དང་འབྲུ་ལྔ་དང་། བྲི་ཧ་ཏི་དང་། ཀཎྜ་ཀ་རི་དང་སྭེ་ཏ་ཨ་པ་ར་ཛི་ཏ་དང་། ལྷར་བཅས་དང་ལྡན་པའི་སྨན་ལྔ་དང་། གུར་གུམ་དང་། ཨ་ག་རུ་དང་། འགྲན་ཏི་ཀ་དང་། ཙནྡན་དང་པ་ཏྲྃ་ག་སྟེ་དྲི་ལྔ་དང་།

གསེར་དང་། དངུལ་དང་། ཟངས་དང་། མུ་ཏིག་དང་། བྱུ་རུ་དང་། མཐིང་ཤིང་སྟེ་རིན་ཆེན་ལྔ་དང་ལྡན་པ། གླང་པོ་ཆེ་དང་། རྟ་དང་བ་གླང་དང་བོང་བུ་ལ་སོགས་པས་མ་བགྲོད་པའི་ཆུ་ཀླུང་ལ་སོགས་པ་ནས་ཤིན་ཏུ་བཤམས་ལ་ཆུ་བླངས་ལ་སྣོད་གཞན་དང་རེག་པར་མི་བྱའོ། །

ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་བྱ་བས་མཎྜལ་གྱི་ཆུ་རུ་བྱས་ནས་ཆུས་ཡོངས་སུ་བཀང་བ་ལ་ཙུ་ཏ་ཛ་དང་ཛམྦུ་ཀ་དང་། བིལ་བ་དང་། ཏ་མ་ལུ་སྟེ་ཁ་རྒྱན་ལྔ་གཟུགས་ཤིང་གོས་སར་པ་ཟུང་གིས་མགྲིན་པ་དཀྲི་བར་བྱས་ཏེ། ཆོས་འབྱུང་ལ་གནས་པའི་རང་གི་ལྷའི་མཚན་མས་

མཚན་པར་བྱ་ཞིང་། ཡི་གེ་བྃ་གྱིས་རིན་པོ་ཆེའི་རང་བཞིན་དུ་བྱས་པར་བསམས་ལ། འཕན་དང་གདུགས་དང་ལྡན་པར་བྱ་ཞིང་བསྒོམས་པའི་དཀྱིལ་འཁོར་གྱི་བདག་པོ་སྟེང་དུ་དགོད་ཅིང་མེ་ཏོག་ཕྲེང་བས་དཀྲིས་པའི་རྡོ་རྗེས་སྦྲེལ་ལ། རྣམ་པར་རྒྱལ་བའི་བུམ་པ་དང་རྗེས་སུ་

མཐུན་པའི་སྟན་གཞག་ཅིང་མེ་ཏོག་གིས་དཀྲིས་པའི་རྡོ་རྗེ་ལག་པ་གཡོན་གྱིས་བླངས་ལ། གཡས་པས་ནི་ཕྲེང་བ་བླངས་ལ་སྔགས་པས་ཡི་གེ་གསུམ་གྱི་བར་དུ་བཅུག་པའི་ལྷ་རང་གི་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་པར་བྱའོ། །དེ་བཞིན་དུ་དཀྱིལ་

འཁོར་གྱི་བུམ་པ་གཞན་ལས་ཅུང་ཟད་དམན་པའི་ཚད་ཀྱིས་ཏེ། ཆོ་ག་ཡང་དེ་བཞིན་དུ་བྱ་ཞིང་ལྷ་རང་རང་གི་མཚན་མས་མཚན་པ་དང་། རྗེས་སུ་མཐུན་པའི་གདན་ལྡན་པར་བསྒོམས་ལ་དཀྱིལ་འཁོར་གྱི་ས་ལ་དཀྱིལ་འཁོར་གྱི་ལྷ་བྱིན་གྱིས་བརླབས་པའི་ཡི་གེ་གསུམ་གྱི་བར་དུ་ཆུད་པའི་དཀྱིལ་འཁོར་གྱི་

Vol. 9 · folio 291a

ལྷའི་སྔགས་ཀྱིས་ལན་བདུན་གྱི་བར་དུ་མངོན་པར་བསྔགས་པར་བྱའོ། །དེ་ནས་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་དྲིལ་བུ་དཀྲོལ་ལ་བསྟོད་པར་བྱའོ། །དེ་བཞིན་དུ་བུམ་པ་གཞན་ཡང་ཆོ་ག་བྱ་སྟེ། སེམས་ཅན་

རྣམས་གསང་བའི་དོན་དུ་གྷསྨ་རཱི་བསྐྱེད་ལ། ཡི་གེ་གསུམ་གྱི་བར་དུ་ཆུད་པའི་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་མངོན་པར་བསྔགས་པར་བྱས་ལ། དེ་བཞིན་དུ་ཞབས་བསིལ་དང་། བསྟོད་པ་ལ་སོགས་པ་བྱའོ། །དེའི་འོག་ཏུ་བགེགས་ཉེ་

བར་ཞི་བར་བྱ་བའི་ཕྱིར་གཏོར་མ་སྦྱིན་པར་བྱའོ། །དེ་ལ་བུམ་པ་སྟ་གོན་ལ་གནས་པ་འདི་ཉིན་གཅིག་བཞིན་དུ་དུས་གསུམ་དུ་ཆོ་ག་བྱའོ། །གཞན་དག་ན་རེ་ཤར་ཕྱོགས་ལ་སོགས་པའི་སྒོར་བུམ་པ་བརྒྱད་དང་ལྡན་པ་སྟེ། རྒྱལ་བ་དང་། བཀྲ་ཤིས་དང་། གྲུབ་པ་དང་།

བསྲུང་བ་དང་། རྒྱལ་བ་དང་། ཞི་བ་དང་། རྫུ་འཕྲུལ་དང་། གྲུབ་པའི་མིང་དང་ལྡན་པ་སྟེ། ཨོཾ་སུྃ་ཀྵུྃ་ཡུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ལན་བདུན་དུ་བསྔགས་ལ་དེ་བཞིན་དུ་ལྷག་པར་གནས་པར་བྱའོ་ཞེས་ཟེར་རོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་ལྷ་མོ་རྣམས་

ཀྱི་བུམ་པ་བཅོ་ལྔ་ལ་དེ་བཞིན་དུ་གྲི་གུག་གིས་མཚན་པར་བསྒོམ་ཞིང་། རང་རང་གི་སྔགས་ཀྱིས་མངོན་པར་བསྔགས་པར་བྱ་ཞིང་ལྷག་མ་ནི་སྔ་མ་བཞིན་ནོ། །བུམ་པ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་ཐལ་མོ་སྦྱར་ལ་ལུས་བཏུད་དེ་མེ་ཏོག་བཟང་པོ་བཟུང་ལ། ཨོཾ་སརྦ་

ཏ་ཐཱ་ག་ཏ་སུ་ལ་ལི་ཏི། བི་ལ་ས་ན་མི་ཏེར་ནཱ་མ་མི་བྷ་ག་བཱན་ཏྃ། ཛཿཧཱུྃ་བྃ་ཧོཿ། པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལིན་ནཱ་ཐ་ཧོཿ། ཞེས་བརྗོད་ལ་མེ་ཏོག་དོར་ལ་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པར་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལག་པ་གཡས་པ་བརྐྱང་སྟེ།

སྔགས་པས་སྤོས་བཟངས་ཀྱིས་གཡབ་པར་བྱ་ཞིང་ལྕེ་ལ་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེ་ཕྲ་མོ་བསམ་པར་བྱས་ལ། དཀྱིལ་འཁོར་གྱི་བདག་པོ་དང་གཞན་ཡང་བསྐུལ་བར་བྱ་སྟེ། བཅོམ་ལྡན་ཁྲོ་བོ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །སྙིང་རྗེའི་བདག་

Vol. 9 · folio 291b

ཉིད་དཀྱིལ་འཁོར་ནི། །མགོན་པོ་བདག་ནི་འདྲི་བར་འཚལ། །སློབ་མ་རྣམས་ནི་བསྐྱབ་པ་དང་། །ཁྱད་རྣམས་ལ་ཡང་མཆོད་པའི་ཕྱིར། །དེ་ལ་བདག་དང་བཅོམ་ལྡན་ཀྱེ། །བཀའ་དྲིན་བདག་ནི་མཛད་པའི་རིགས། །སངས་རྒྱས་འགྲོ་ལ་འཁོར་ལོ་བསྐོར། །འབྲས་

བུ་ལ་གནས་བྱང་ཆུབ་སེམས། །གཞན་ཡང་སྔགས་ཀྱི་ལྷ་ཉིད་དང་། །འཇིག་རྟེན་སྐྱོང་བའི་ལྷ་དག་དང་། །རྫོགས་སངས་བསྟན་ལ་རབ་ཞུགས་པའི། །འབྱུང་པོ་བསྟན་པ་ལ་མོས་རྣམས། །ཡང་དག་རྡོ་རྗེའི་སྤྱན་གྱིས་ནི། །བདག་ཅག་རྣམས་ལ་དགོངས་སུ་

གསོལ། །ཆེ་གེ་མོ་དག་རྡོ་རྗེ་ཆེ། །ཀྱེ་རྡོར་འབྱུང་བའི་དཀྱིལ་འཁོར་ནི། །ཅི་ནུས་པ་ཡིས་ཆོ་ག་ཡི། །འགྲོ་བ་སྦྱང་ཕྱིར་འབྲི་བར་འཚལ། །སློབ་མ་དང་བཅས་དེ་དག་ལ། །བརྩེ་བས་ཡོངས་སུ་བཟུང་ནས་ནི། །དཀྱིལ་འཁོར་དང་བཅས་ཐམས་ཅད་ལ། །མྱུར་བ་རུ་ནི་སྒྲུབ་

པར་རིགས། །ཞེས་ལན་གསུམ་གྱི་བར་དུ་གསོལ་བར་བྱ་ཞིང་མཆོད་ལ་བསྟོད་པར་བྱའོ། །ལྷ་ལྷག་པར་གནས་པར་བྱ་བའི་ཆོ་གའོ། །དེ་ནས་སྔགས་པས་དཀྱིལ་འཁོར་གྱི་ས་ལས་འཕགས་ཏེ་སློབ་མ་ཡང་དག་པར་བསྲུངས་ཏེ་ལྷག་པར་གནས་པར་བྱ་སྟེ། ཡོན་ཏན་

བདེ་གཤེགས་དད་དང་ལྡན། །རིགས་ལྡན་ང་རྒྱལ་བྲལ་བ་དང་། །ཁ་དོག་གཟུགས་དང་ལང་ཚོར་ལྡན། །དོན་འདོད་བརྩོན་འགྲུས་ཁྱད་པར་འཕགས། །བྱས་གཟོ་བཟོ་མཁས་ཤེས་རབ་ལྡན། །ལེགས་བཀྲུས་མེ་ཏོག་ཕྲེང་གིས་བརྒྱན། །གཟུགས་བྲལ་ཡོན་ཏན་མེད་

པའང་རུང་། །དམན་པའང་ལྷག་པར་གནས་པར་བྱ། །དཀྱིལ་འཁོར་ཆོ་གར་འཁོར་རྣམ་བཞི། །དེ་དག་རྗེས་སུ་གནང་བ་ཉིད། །རང་རང་བསླབ་པ་དང་ལྡན་ཞིང་། །ཐེག་ཆེན་ལ་ནི་མོས་པའི་བདག །ལ་ལ་སྔགས་ནི་གྲུབ་དོན་དུ། །དཀྱིལ་འཁོར་འདིར་ནི་འཇུག་

པར་བྱེད། །དེ་ལས་གཞན་པ་བསོད་ནམས་འདོད། །འཇིག་རྟེན་ཕ་རོལ་འདོད་པ་གཞན། །འཇིག་རྟེན་ཕ་རོལ་བསྟན་པ་ན། །ངེས་པར་དད་པར་བྱེད་པ་ནི། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་ཡི། །སྐྱེ་བོ་འདི་ཡི་བློ་ཡིས་མིན། །སྐྱེ་བ་འདི་ཡི་བློ་ཡིས་ནི། །དེ་བཞིན་

Vol. 9 · folio 292a

འཇིག་རྟེན་ཕ་རོལ་མིན། །འཇིག་རྟེན་ཕ་རོལ་འདོད་པའི་མི། །འདི་ཡི་འབྲས་བུ་ཞར་འབྱུང་ཉིད། །འདི་དག་མ་ལུས་བར་བརྗོད་ནས། །སློབ་མ་སྙིང་ལ་འཇུག་སྒོར་བྱ། །རྡོ་རྗེའི་ལམ་ནས་བྱུང་ནས་ནི། །རང་རིག་པདྨའི་དབུས་ན་གནས། །མ་ལུས་སྙིང་གར་ཞུགས་ནས་

ནི། །ཞུ་གྱུར་དེ་བཞིན་གཤེགས་པ་ཡིས། །བཀྲུ་བར་བསྒོམ་བྱ་སྔགས་མཆོག་གིས། །དཀྱིལ་འཁོར་སྒོ་ནས་གསོལ་གདབ་པ། །སེམས་ཅན་རྣམས་ལ་ཕན་མཛད་པའི། །བརྩོན་ཆེན་བདག་ནི་སྟོན་པ་ཁྱོད། །འཁོར་བའི་རྒྱ་མཚོ་མི་བཟད་ལས། །བདེ་ཆེན་ཁྱོད་ཀྱིས་དྲང་དུ་གསོལ། །

ཐེག་ཆེན་ཁྱོད་ཀྱིས་དྲང་དུ་གསོལ། །ཐེག་བརྟན་བྱང་ཆུབ་ཆེན་པོ་ནི། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་པོ་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་

མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་སློབ་མས་གསོལ་བ་གདབ་པར་བྱའོ། །གུས་ཤིང་ཁྱད་འཕགས་དུལ་བ་ཡིས། །སློབ་མས་ལན་གསུམ་གསོལ་ནས་ནི། །གཙོ་གྱུར་སློབ་མ་བཀུག་བྱས་ལ། །བླ་མས་ཚིག་འདི་བརྗོད་པར་བྱ། །ཐེག་ཆེན་འདི་ནི་བརྩེ་བ་སྟེ། །

སྔགས་ཀྱི་སྤྱོད་པ་ཆོ་གའི་གཞུང་། །ཐེག་ཆེན་སྣོད་ནི་ཁྱེད་རྣམས་ལ། །དེ་ནི་ཡང་དག་བཤད་པར་བྱ། །དུས་གསུམ་འབྱུང་བའི་སངས་རྒྱས་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་སྟོབས་ཀྱིས། །ཡེ་ཤེས་མཚུངས་པ་མེད་པ་བརྙེས། །མཚུངས་མེད་སྔགས་

ཀྱིས་སྦྱོར་བ་ཡིས། །བདུད་ཀྱི་སྡེ་ཆེན་མི་བཟད་པ། །དཔའ་བོ་ཤཱཀྱ་སེང་གེ་སོགས། །གང་ཞིག་གིས་ནི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་ལ་འགྲོ་བ། །ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར། །དེ་བས་བརྩེ་བློས་འདི་དག་ནི། །ཀུན་མཁྱེན་ཐོབ་བྱའི་ཕྱིར་དུ་གྱིས། །ཞེས་

འདི་དག་བརྗོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། །གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྒྱས་པར་བྱའོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་སྡོམ་པ་ནི། །དུས་འདི་ནས་ནི་གཟུང་བར་བགྱི། །

Vol. 9 · folio 292b

བསླབ་པའི་ཚུལ་ཁྲིམས་རྣམ་གསུམ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་བརྟན་པར་རབ་ཏུ་གཟུང་། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །རིན་ཆེན་རིགས་ཆེན་བསྐྱེད་བྱའི་ཕྱིར། །སློབ་དཔོན་དག་

ཀྱང་གཟུང་བར་བགྱི། །དམ་པར་བྱས་ལ་ཉིན་བཞིན་དུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །རིན་ཆེན་རིགས་ཆེན་ལ་སྦྱོར་བའི། །དམ་ཚིག་དག་ཀྱང་ཡིད་དུ་འོང་། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང་། །པདྨའི་རིགས་མཆོག་དག་པ་ལ། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །

སྡོམ་པ་ཐམས་ཅད་ལྡན་པར་ནི། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང་། །ལས་ནི་ཆེན་པོ་རིགས་འབྱུང་ཕྱིར། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུས། །སྡོམ་པ་ཐམས་ཅད་གཟུང་བར་བགྱི། །

མ་བསྒྲལ་བ་ནི་བསྒྲལ་བྱ་ཞིང་། །མ་གྲོལ་བ་དག་རྣམ་གྲོལ་བགྱི། །དབུགས་མ་ཕྱིན་པ་དབུགས་ཕྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གཉིས་ལན་གསུམ་མོ། །འབྱོར་པ་མ་ཡིན་པ་ལ་ནི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དཀོན་མཆོག་གསུམ་ལ་

སྐྱབས་སུ་མཆི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བ་འདིས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྦྱིན་ནོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམས་ཀྱི་སྙིང་ག་དང་སྤྱི་གཙུག་དང་མགྲིན་པ་རྣམས་སུ་བདག་མེད་མ་དང་མཁའ་སྤྱོད་མ་

དང་ས་སྤྱོད་མ་རྣམས་བསྒོམ་ཞིང་ལག་པ་གཡས་པས་རྡོ་རྗེའི་རྩེ་མོ་ནས་བཟུང་ལ་ཡི་གེ་གསུམ་པའི་སྔགས་བརྗོད་ཅིང་སྙིང་ག་ལ་སོགས་པར་རེག་པར་བྱའོ། །སྤྱི་བོར་ནི་མེ་ཏོག་གཞག་ཅིང་སྤོས་དང་མར་མེ་ཡང་མདུན་དུ་སྟེ། དྲི་ནི་སྙིང་གར་སྦྱིན་པར་བྱའོ། །དེ་ནས་པ་ཊོ་དང་ཨུ་དུམྺར་

དང་ཨ་ཤྭཏྠ་ལ་སོགས་པ་འོ་མ་ཅན་གྱི་ཤིང་ལས་སྐྱེས་པ་སོར་བཅུ་གཉིས་པ་སྲིན་གྱིས་མ་ཟོས་ཤིང་མ་ཚིག་པ། འགྱེལ་བ་མ་ཡིན་པ། རྨ་མེད་པ་མི་ཡོ་བ་ལ་དྲི་ཆུས་བསྐུས་ཏེ། རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངས་ལ། ཨོཾ་ཨ་ཛི་ཧྭཱ་སྃ་བརྟ་ནི་ཧཱུྃ་ཕཊ་ཅེས་བྱ་བས་སོ། །ཤིང་ལ་ལ་ནི་

Vol. 9 · folio 293a

བདུན་ཡོངས་སུ་བཟླས་ནས་དེ་ལ་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཤར་རམ་བྱང་དུ་བལྟས་ལ། བ་གླང་གི་པགས་པ་ཙམ་གྱི་སའི་ཆ་ལྕི་བས་ཉེ་བར་བྱུགས་ལ་བླ་མའི་བཀས་རྩེ་མོ་ནས་ཟོས་ཏེ་སོ་ཤིང་དོར་བར་བྱའོ། །སོ་ཤིང་ཇི་ལྟར་བོར་ཏེ་ལྷུང་བ་དེ་ཁ་ཚུར་ཕྱོགས་པ་

དེ་དེ་ལྟ་ན་ནི། དེ་ནི་དངོས་གྲུབ་མཆོག་ཏུ་ཤེས། །གང་ཞིག་སྨྲ་བ་མཁས་པར་འགྱུར། །ཤར་དུ་དེ་བཞིན་དངོས་གྲུབ་ནི། །འབྲིང་པོ་རུ་ནི་རབ་ཏུ་གྲགས། །བྱང་དུ་དེ་བཞིན་དངོས་གྲུབ་ནི། །འཇིག་རྟེན་པ་དང་དུད་འགྲོ་ཡིན། །སོ་ཤིང་བོར་བར་གྱུར་པ་ན། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་

ནི་སྟེང་འོག་དངོས་གྲུབ་སྟེ། །ཕྱི་རོལ་ལྷུང་ན་དངོས་གྲུབ་མེད། །དེ་ནས་ཨོཾ་ཧྲཱི་བི་ཤུདྡྷ་སརྦ་དྷརྨཱཿཔཱ་པཾ་ནི་ཙ་སྱ། སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱཾ་ཨ་པ་ན་ཡ་ཧཱུྃ་ཞེས་བྱ་བའི་སྔགས་འདིས་མངོན་པར་བསྔགས་པའི་ཆུ་ཁྱོར་བ་གསུམ་བླུད་པར་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་

སྐུད་པ་གསུམ་བསྒྲིལ་ལ་མདུད་པ་གསུམ་དོར་བས་སློབ་མ་རྣམས་བསྲུང་བའི་དོན་དུ་ལག་པ་གཡས་པ་ལ་བཅིང་བར་བྱའོ། །དེའི་རྗེས་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི། ཀུ་ཤ་གཅིག་སྔས་ཀྱི་དོན་དུ་སྦྱིན་པར་བྱ་ཞིང་། དེ་བཞིན་དུ་གཞན་ཡང་ཀུ་ཤ་མང་པོ་སྟན་གྱི་

དོན་དུ་སྦྱིན་པར་བྱའོ། །དེ་ནས་ཆོས་བཤད་ལ་ཉན་དུ་གཞུག་གོ། །ཀུན་མཁྱེན་འཇིག་རྟེན་འབྱུང་བ་ནི། །བརྒྱ་ལམ་དག་ན་འབྱུང་འགྱུར་ཏེ། །ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་དག་ན་འབྱུང་བར་འགྱུར། །སྔགས་ནི་ཐེག་པར་སྦྱོང་བ་ནི། །དེ་བས་ཀྱང་ནི་འབྱུང་བར་དཀོན། །གང་

གིས་སེམས་ཅན་མཚུངས་མེད་དོན། །མི་ལྡོག་ནུས་པར་སྤྱད་པར་གྱིས། །བསྐལ་པ་བྱེ་བ་དུ་མ་རུ། །གང་གིས་སྔོན་གྱི་སྡིག་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །གསང་སྔགས་ཐེག་པ་གནས་ནས་ནི། །སྐྱོབ་པའི་སྔགས་ནི་

བཟླས་པ་ཡིས། །གོ་འཕང་བླ་ན་མེད་འགྱུར་ཞིང་། །དཔག་མེད་གྲགས་པ་སྨོས་ཅི་དགོས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །དེ་རྣམས་ཀྱིས་ནི་ངན་འགྲོ་གཅོད། །གང་ཞིག་སྤྱོད་མཆོག་འདི་ཡིས་ནི། །བློ་ནི་ཤིན་ཏུ་དྲི་མ་མེད། །དེ་ནས་བདག་ཉིད་ཆེ་ཁྱོད་ཀྱིས། །མཚུངས་པ་

Vol. 9 · folio 293b

མེད་པའི་རྙེད་པ་རྙེད། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། །གང་ཞིག་ཁྱེད་རྣམས་བསྟན་པ་འདིར། །ཐམས་ཅད་ཡོངས་སུ་གཟུང་གནས་པས། །བདག་ཉིད་ཆེན་པོ་རྣམས་སུ་སྐྱེ། །དེ་བས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པ་ཉིད་དུ་སྐྱེ་བར་འགྱུར། །དཔལ་ལྡན་ལམ་མཆོག་འདི་

ཡིས་ནི། །ཐེག་པ་མཆོག་ཏུ་འབྱུང་བར་བྱེད། །གང་ཞིག་ཁྱེད་རྣམས་བགྲོད་འགྱུར་བ། །དེ་བཞིན་གཤེགས་པ་ཉིད་འགྱུར་ཏེ། །ཡོད་དང་མེད་ལས་འདས་པས་ན། །ནམ་མཁའ་ལྟ་བུའི་དྲི་མ་བྲལ། །ཟབ་ཅིང་རྟོག་གེ་བ་རྣམས་ཀྱིས། །བརྟག་པར་མི་ནུས་གནས་དང་བྲལ། །སྤྲོས་

པ་རྣམས་དང་བྲལ་བ་དེ། །སྤྲོས་པ་རྣམས་ཀྱིས་རྣམ་པར་སྤྲོས། །ཐེག་ཆེན་གཞུང་ལ་གནས་པ་ཡིས། །འདི་འདྲ་བ་ཡིས་ཆོས་ཐོབ་འགྱུར། །ཞེས་པས་སོ། །དེ་ནས་དགེ་བའི་བསམ་པས་ལངས་སུ་བཅུག་ལ་དེས་རང་གི་གནས་སུ་དཀྱིལ་འཁོར་བྲི་བར་བྱ་ཡིས་རྨི་ལམ་དུ་ཇི་ལྟར་མཐོང་བ་

བརྗོད་པར་རིགས་སོ་ཞེས་བརྗོད་ལ་ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་ལས་ཐམས་ཅད་པའི་སྔགས་འདིས་མངོན་པར་བསྲུངས་ལ་དེ་ལ་ཉལ་དུ་གཞུག་གོ། །སློབ་མ་ལྷག་པར་གནས་པའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཐམས་ཅད་རྫོགས་ནས་ལས་ཐམས་ཅད་པའི་

སྔགས་སམ། རྩ་བའི་སྔགས་ཇི་སྲིད་འདོད་པའི་བར་དུ་བཟླས་ལ་སེང་གེའི་ཉལ་ཐབས་སུ་བྱས་ཏེ། ཉལ་བར་བྱའོ། །དེ་ནས་ཐོ་རངས་དེའི་མཚན་མ་མཐོང་བའི་རྨི་ལམ་དྲི་བར་བྱའོ། །དགེ་བ་འམ་མི་དགེ་བ་ཐོས་ནས་ཚམ་ཚོམ་མེད་པར་སྨྲ། རྨི་ལམ་སངས་རྒྱས་མཐོང་བ་དང་། །སྐུ་

གཟུགས་མཆོད་རྟེན་མཐོང་བ་དང་། ཆོས་ཉན་པ་དང་དེ་ཡི་གྲོགས། །དགེ་སློང་དགེ་འདུན་མཐོང་བ་དང་། །ལྷ་ཁང་སངས་རྒྱས་སྲས་དང་དགེ་སློང་མ། །རི་བོ་སྐྱེད་མོས་ཚལ་ལ་འཛིན་དང་རྟེན། །འབབ་ཆུ་ལྟེང་ཀ་ཞོ་ཡི་ཚོགས་རྣམས་དང་། །རི་དགས་རྒྱལ་དང་ཨེ་ན་ཡ་རྣམས་

བསྔགས། །འཁོར་ལོ་ཡིས་མཚན་ཁྱད་འཕགས་བྱ་རྣམས་དང་། །རྨི་ལམ་རྟག་ཏུ་བསམ་གཏན་འཇུག་མཐོང་དང་། །ཆུ་དང་རི་བོ་བཟང་ལ་གནས་པ་དང་། །ཁྱད་འཕགས་ནམ་མཁའ་ལ་གནས་འཕགས་བསམ་ཞིང་། །དགེ་བསྙེན་རྣམས་དང་རྒྱལ་པོ་བརྩོན་ལྡན་དང་། །སྔགས་

Vol. 9 · folio 294a

པ་དབང་ཕྱུག་ན་ཆུང་བཟང་མོ་དང་། །ཕ་མ་བླ་མ་མཐོ་རིས་སོང་བ་དང་། །ལྷ་མོ་མཆོག་དང་གསང་བ་དམ་པ་དང་། །སྒྲུབ་མཆོག་ཡོན་ཏན་ལྡན་དང་བྲམ་ཟེ་དང་། །རྒྱལ་བའི་དཀྱིལ་འཁོར་འདུས་པ་ཆེན་པོ་དང་། །གོས་ཀྱིས་བརྒྱན་དང་མེ་ཏོག་རྒྱས་པ་དང་། །སྦྱིན་སྲེག་

བྱེད་དང་འབྲས་བུ་མེ་ཏོག་དང་། །རྒྱལ་པོར་དབང་བསྐུར་རྒྱལ་སྲིད་ཐོབ་པ་དང་། །གཡུལ་ལས་རྒྱལ་དང་བདག་ཉིད་རྐུན་པོ་བསད། །རྒྱ་མཚོར་བྱིང་ལས་ཐར་བར་གྱུར་པ་དང་། །ངམ་གྲོག་བགྲོད་པར་དཀའ་ལས་ཐར་པའོ། །དེ་དག་ལ་སོགས་པའི་རྨི་ལམ་གྱི་མཚན་མ་དགེ་བ་

དང་། དེ་ལས་མི་མཐུན་པ་ནི་མི་དགེ་བ་ཞེས་བརྗོད་དོ། །དགེ་བ་ལས་ནི་དངོས་གྲུབ་དང་མི་དགེ་བ་ལས་ནི་དངོས་གྲུབ་མ་ཡིན་པར་སྔགས་པས་ཤེས་ནས་གང་མི་དགེ་བ་མཐོང་བ་དེ་ལྟ་ན་ནི་བགེགས་མཐར་བྱེད་ཀྱི་སྔགས་བཟླ་བར་བྱ་ཞིང་། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་དང་རྨི་ལམ་ལྟ་

བུས་ཐོབ་པར་ཉེ་བར་བཟུང་ནས་དེ་ལ་མོས་ཤིང་དངོས་གྲུབ་ཀྱི་ཕྱིར་རྨི་ལམ་ངན་པ་ཉེ་བར་ཞི་བར་བསྒོམ་མོ། །དེ་ནས་རྣལ་འབྱོར་པས་ཀྱེ་རྡོ་རྗེའི་ཏིང་ངེ་འཛིན་གསུམ་བྱ་སྟེ། ལྷག་པར་གནས་གཞུག་པའི་ཆེད་དང་། ལྷའི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་དོན་དུ་ནམ་མཁའ་ལ་དགོང་པར་བྱས་ལ། དུར་ཁྲོད་ནས་རྙེད་

པའམ་དམ་ཚིག་དང་ལྡན་པས་བཀལ་བའི་སར་པ་ལ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་དང་དྲི་དང་ཁ་དོག་བཟང་བ་སྒྲུབ་པའི་ཕྱེ་མས་བསྲེས་པས་སོ་སོར་བཙོས་པ་ལ། བྷྲཱུྃ་ཨཱྃ་ཛཱྀྃ་ཁྃ་ཧཱུྃ། ཡི་གེ་ལས་གྲུབ་པ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་།

འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པའི་རང་བཞིན་དང་། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ལ་མེ་ལོང་ལ་སོགས་པ་ཡང་སོ་སོའི་ཡེ་ཤེས་བཞིའི་རྗེས་སུ་

འབྲངས་པས་ཉི་ཤུ་རྩ་ལྔས་ཕྱེ་བའི་ཐིག་སྐུད་རིམ་བཞིན་དུ་ལག་པར་གཞག་ལ་བསྒྲིལ་བར་བྱ་ཏེ། དེ་ནས་རང་གི་ཕྱོགས་ན་རྣམ་པར་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔར་བལྟས་ལ། དེ་རྣམས་

Vol. 9 · folio 294b

ཀྱི་ཐུགས་ཀར་ཡང་ཡི་གེ་བྷྲཱུཾ་ལ་སོགས་པའི་ས་བོན་ལས་གྲུབ་པའི་ཡེ་ཤེས་ཀྱི་ཐིག་སྐུད་འོད་ཟེར་གྱི་རང་བཞིན་བལྟས་ལ། ཨོཾ་ཨ་ཤྭ་ཤྭ་ཏ་བཛྲ། སཱུ་ཏྲ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཡ་ན་ཧཱུྃ་ཞེས་བྱ་བ་འདིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱའོ། །དེ་བཞིན་དུ་མཚན་སྤོས་ལ་རིན་

ཆེན་འབྱུང་ལྡན་ལ་སོགས་པ་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱིས་དེ་ལྟར་གནས་པར་བྱས་ནས། སློབ་དཔོན་གྱིས་མིག་གཉིས་ལ་ཛ་ཡིག་ལས་ཉི་ཟླ་བསྒོམ་པར་བྱ་སྟེ། རབ་ཏུ་འབར་ཞིང་བསྐྱོད་པའི་མིག་ལ་མིག་གི་རྫི་མ་འབར་པའི་ལྟ་སྟངས་ཀྱིས་ལྕགས་

ཀྱུས་བཀུག་ཅིང་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ཐིག་བཅོམ་ལྡན་འདས་ཀྱིས་བསྐུལ་ཞིང་བཏང་བར་མོས་ཏེ། ཐིག་སྐུད་ལག་ཏུ་བཞག་ལ་རང་རང་གི་ཁ་དོག་གི་ནང་དུ་རྣམ་པར་བཅུག་སྟེ། གྷསྨ་རཱིའི་རྣལ་འབྱོར་དང་ལྡན་པའི་སློབ་མ་དང་སྟབས་གཅིག་ཏུ་ཐིག་འཛིན་པས་ཕན་ཚུན་གནས་ཏེ།

ཆོས་ཐམས་ཅད་ནི་ཕན་ཚུན་གནས་པ། ཆོས་ཐམས་ཅད་ནི་གཅིག་ནས་གཅིག་ཏུ་གནས་པ། ཆོས་ཐམས་ཅད་ནི་ཤིན་ཏུ་རབ་ཏུ་གནས་པ་སྟེ། ཧཱུྃ་ཞེས་བྱ་བ་འདི་བརྗོད་ཅིང་ཐིག་སྐུད་བསྒྲིལ་བར་བྱའོ། །དེ་ནས་ཡང་ཇི་ལྟར་བསྒྲིལ་བར་བྱས་ཤིང་གཅིག་ཏུ་གྱུར་པའི་ཐིག་སྐུད་ཁྲུ་རུ་ནི་

དཀྱིལ་འཁོར་གྱི་ཉིས་འགྱུར་དུ་འགྱུར་ལ། ཕྲ་སྦོམ་ནི་སྒོའི་ཉི་ཤུ་ཆའོ། །དེ་ནས་སྔགས་པས་དྲིའི་ཆུས་བསྲེས་པའི་བདུད་རྩི་རྣམ་པ་ལྔས་གཤེར་བར་བྱས་ལ། དེའི་སྙིང་པོར་ཡི་གེ་གསུམ་ཆུད་པར་བྱས་ཏེ་དྲིས་ཉེ་བར་བྱུགས་པའི་གསེར་ལ་སོགས་པའི་སྣོད་དུ་གཞག་ཅིང་མཆོད་པ་རྣམ་པ་

ལྔས་མཆོད་ལ་ལག་ཏུ་གཞག་སྟེ་ཡི་གེ་ཧཱུྃ་གི་བཟླས་པས་ཡོངས་སུ་བསྲུང་བར་བྱའོ། །དེ་ནས་ཡང་སྔགས་པས་དཀྱིལ་འཁོར་གྱི་ས་ལ་དྲིས་ཉེ་བར་བྱུགས་ཤིང་མེ་ཏོག་བཀྲམ་ལ། ནམ་མཁའི་དཀྱིལ་ན་བཞུགས་པའི་ཀྱེའི་རྡོ་རྗེའི་དཀྱིལ་འཁོར་མངོན་པར་དམིགས་ལ། བསང་གཏོར་

ལ་སོགས་པ་ཕུལ་ལ་མཆོད་པ་དབུལ་བར་བྱ་སྟེ། དེ་ནས་རྣལ་འབྱོར་བ་བདག་ཉིད་ཀྱེ་རྡོ་རྗེའི་རྣལ་འབྱོར་དང་ལྡན་པས་བྱང་ཕྱོགས་སུ་སྒྲུབ་པ་པོ་གྷསྨ་རཱིའི་གཟུགས་སུ་དམིགས་ལ་མིག་གཡས་གཡོན་དག་ལ་ཡི་གེ་ཛ་ལས་སྐྱེས་པའི་འོད་ཟེར་སེར་པོ་དང་ལྡན་པའི་ཉི་ཟླ་རྣམ་པར་བསམ་

Vol. 9 · folio 295a

པར་བྱའོ། །དེ་ནས་སྔགས་པ་ནུབ་ཀྱི་ཕྱོགས་སུ་གནས་ཏེ་ཁ་ཤར་དུ་བལྟས་ཏེ། ཁུ་ཚུར་གཡོན་པས་ཐིག་སྐུད་དེ་ལྟེ་བའི་ཐད་ཀར་གཟུང་བར་བྱ་སྟེ། བྱང་ཕྱོགས་ཀྱི་སྒྲུབ་པ་པོས་ཀྱང་དེར་གཟུང་བར་བྱས་ལ་ཛཿཛཿཛཿཞེས་བྱ་བའི་ཛཿཡིག་གསུམ་གྱིས་བསྐུལ་ལ།

བྱང་ཕྱོགས་ཀྱི་སྒྲུབ་པ་པོས་ཀྱང་ཛཿཛཿཛཿཞེས་བྱ་བའི་ཛ་ཡིག་གསུམ་གྱིས་དེ་དགུག་པར་བྱའོ། །དེ་བཞིན་དུ་ཤར་ཕྱོགས་སུ་མངོན་པར་འདུག་ལ་ཁ་ནུབ་ཕྱོགས་སུ་བལྟས་ཏེ་ལྷན་ཅིག་པས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་

མཐེབ་མཛུབ་ཀྱིས་ཐིག་བླངས་ལ་སེ་གོལ་གྱི་སྒྲ་བྱ་ཞིང་། ལྟེ་བའི་ཐད་ཀའི་ཕྱོགས་དང་མཉམ་པར་བར་སྣང་ལ་ཕྱོགས་ཐམས་ཅད་མཉམ་པས་ཚངས་ཐིག་གདབ་པར་བྱ་སྟེ། དེ་བཞིན་དུ་འོག་གི་ཐིག་གདབ་པར་བྱའོ། །དེ་ནས་ཡང་། འདིར་ནི་སེམས་ཅན་འགྲོ་དོན་དུ། །ཁྱེད་

རྣམས་ཀྱི་ནི་དུས་ལ་བབ། །ཅེས་བྱ་བའི་ཐིག་གི་སྒྲས་ནམ་མཁའི་ཁམས་ཐམས་ཅད་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བར་བྱའོ། །དེ་ནས་བསྐོར་བའི་འགྲོས་ཀྱིས་ལྷོ་ཕྱོགས་ནས་འདུག་ལ། བྱང་ཕྱོགས་སུ་ཁ་ཕྱོགས་པ་དང་། སློབ་མ་ནི་

བྱང་ཕྱོགས་འདུག་ལ་ཁ་ལྷོ་རུ་ཕྱོགས་པ་དང་། ལྷན་ཅིག་པས་དེ་བཞིན་དུ་ཚངས་ཐིག་གདབ་པར་བྱ་ཞིང་དེ་བཞིན་དུ་འོག་ཏུ་ཡང་ཐིག་གདབ་པར་བྱའོ། །དེ་ནས་མེའི་མཚམས་ན་འདུག་སྟེ་ཁ་བྱང་དུ་ཕྱོགས་པ་དང་། དབང་ལྡན་གྱི་མཚམས་སུ་འདུག་སྟེ་ཁ་ལྷོར་ཕྱོགས་པ་དང་

ལྷན་ཅིག་པས་ཤར་གྱི་ཆའི་ཐིག་གདབ་པར་བྱའོ། །དེ་ནས་རླུང་གི་ཕྱོགས་སུ་འདུག་སྟེ་ཁ་ལྷོར་ཕྱོགས་པ་དང་། བདེན་བྲལ་མཚམས་སུ་འདུག་སྟེ་ཁ་བྱང་དུ་ཕྱོགས་པ་དང་། ལྷན་ཅིག་པས་ནུབ་ཀྱི་ཆའི་ཐིག་གདབ་པར་བྱའོ། །ཡང་བསྐོར་བའི་འགྲོས་ཀྱིས་རླུང་གི་མཚམས་སུ་

འདུག་ལ་ཁ་ཤར་དུ་ཕྱོགས་པ་དང་དབང་ལྡན་གྱི་མཚམས་སུ་འདུག་སྟེ་ཁ་ནུབ་ཏུ་ཕྱོགས་པ་དང་ལྷན་ཅིག་པས་བྱང་ཕྱོགས་ཀྱི་ཆའི་ཐིག་གདབ་པར་བྱའོ། །དེ་ནས་མེའི་མཚམས་སུ་འདུག་སྟེ་ཁ་ནུབ་ཏུ་ཕྱོགས་པ་དང་། བདེན་བྲལ་གྱི་མཚམས་སུ་འདུག་སྟེ་ཁ་ཤར་དུ་ཕྱོགས་པ་དང་ལྷན་ཅིག་པས་ལྷོ་ཕྱོགས་ཀྱི་ཆའི་

Vol. 9 · folio 295b

ཐིག་གདབ་པར་བྱའོ། །ཡང་དེ་ཁོ་ན་བཞིན་དུ་འདུག་ལ་རླུང་གི་མཚམས་སུ་འདུག་པས་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་བདེན་བྲལ་གྱི་མཚམས་སུ་འདུག་པ་དང་དབང་ལྡན་གྱི་མཚམས་སུ་འདུག་པ་དང་ལྷན་ཅིག་པས་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ནས་

ཕྱོགས་བཞིའི་དབུས་མ་ཚངས་ཐིག་གི་གཞོགས་གཉིས་སུ་འཁོར་ལོ་གྲུ་བཞི་པ་ཆ་བརྒྱད་ཀྱི་ཚད་སྒོའི་སའི་ཆའི་ཐིག་གདབ་པར་བྱའོ། །དེ་ནས་རྩ་བའི་ཐིག་གྲུ་བཞི་པའི་ཕྱི་རོལ་དུ་སྒོའི་བཞི་ཆའི་ཚད་ཀྱི་རྡུལ་ཚོན་གྱི་ཐིག་གདབ་པར་བྱའོ། །དེའི་ཕྱི་རོལ་དུ་སྒོའི་ཕྱེད་ཀྱི་ཚད་བི་དྷི་

ཀའི་སའོ། །དེ་ནས་རྡུལ་ཚོན་གྱི་ཐིག་གོ། །དེ་ནས་བི་དྷི་ཀའི་ཚད་ཀྱིས་དྲ་བ་དང་དྲ་བ་ཕྱེད་པ་ཉི་ཟླའི་སྣམ་བུའི་ཐིག་གོ། །དེ་ནས་རྡུལ་ཚོན་གྱི་སའི་ཐིག་གདབ་པར་བྱའོ། །དེ་ནས་སྒོ་བཞི་རྣམས་ཀྱི་གཞོགས་གཉིས་སུ་སོ་སོར་རྡུལ་ཚོན་གྱི་སའི་ཐིག་རྣམ་གསུམ་གདབ་པར་

བྱ་ཞིང་། སྒོའི་ཚད་ལྷའི་སྣམ་བུའི་སའི་ཐིག་གདབ་པར་བྱའོ། །དེ་ནས་སྒོའི་གཞོགས་གཉིས་སུ་རྡུལ་ཚོན་གྱི་སའི་ཚད་ཀྱི་ཆ་དོར་ལ་རྡུལ་ཚོན་གྱི་སའི་ཚད་དུ་རྟ་བབས་དང་ཀ་བའི་ཐིག་གདབ་པར་བྱའོ། །དེ་ལྟར་ཁྲུན་དུ་ནི་སྒོའི་སུམ་འགྱུར་ཏེ་རྟ་བབས་ཀྱི་སྟེང་དུ་ནི་ཇི་ལྟར་

མཛེས་པར་བྲིའོ། །དེ་ནས་ཐིག་སྐུད་དེ་ཉིད་ཉིས་ལྡབ་ཏུ་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། དཀྱིལ་འཁོར་ལ་གདབ་པའི་སེང་ལྡེང་གི་ཕུར་པ་ཡོངས་སུ་བཟུང་སྟེ། བརྟན་པར་གདབ་པ་དེ་ལ་ཐིག་སྐུད་བཏགས་ཤིང་། དེའི་བྱང་ཕྱོགས་ཀྱི་སྒྲུབ་པ་པོ་དང་ལྷན་ཅིག་དབང་ལྡན་གྱི་

ཕྱོགས་ནས་བརྩམས་ནས་བསྐོར་བའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ནས་ཕྱི་རོལ་ཟླུམ་པོའི་རྣམ་པ་རྡོ་རྗེའི་ཐིག་གཉིས་གདབ་པར་བྱའོ། །ཡང་ཐིག་སྐུད་དེ་ཉིད་ཉིས་ལྡབ་དུ་བྱས་ཏེ་རང་གིས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས་བསྐོར་བའི་འགྲོས་ཀྱིས་དཀྱིལ་འཁོར་གྱི་ནང་དུ་

ཟླུམ་པོའི་རྣམ་པ་རྡོ་རྗེའི་ཐིག་གཉིས་དེ་བཞིན་དུ་གདབ་པར་བྱའོ། །དེ་ནས་ཁོར་ཡུག་ཅེས་བྱ་བ་འོད་ཀྱི་དཀྱིལ་འཁོར་གྱི་ཐིག་གཉིས་བསྐོར་བའི་འགྲོས་ཀྱིས་ཕྱོགས་རྣམས་མཉམ་པར་འབྱུང་བར་གདབ་པར་བྱའོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བརྒྱད་དང་

Vol. 9 · folio 296a

མཚུངས་པར་ཀ་བ་བརྒྱད་ཀྱི་ཐིག་ལ་དེ་བཞིན་དུ་མཉམ་པའི་ཆར་གདབ་པར་བྱའོ། །ཤར་ཕྱོགས་ཀྱི་ཆའི་འཁོར་ལོའི་ཀ་བ་གདབ་པ་ལ་ནི་ལྷོ་ཕྱོགས་ཀྱི་ཆ་རུ་འདུག་ཅིང་བྱང་དུ་ཁ་ཕྱོགས་པས་གདབ་པར་བྱའོ། །ནུབ་ཕྱོགས་ཀྱི་ཆའི་པདྨའི་ཀ་བའི་ཐིག་ནི་བྱང་ཕྱོགས་ཀྱི་ཆ་

རུ་འདུག་ལ་ཁ་ལྷོར་ཕྱོགས་ཏེའོ། །བྱང་ཕྱོགས་ཀྱི་ཆའི་རལ་གྲིའི་ཀ་བའི་ཐིག་ནི་ནུབ་ཕྱོགས་ཀྱི་ཆར་འདུག་ཅིང་ཁ་ཤར་དུ་ཕྱོགས་པས་སོ། །ལྷོ་ཕྱོགས་ཀྱི་ཆའི་རིན་པོ་ཆེའི་ཀ་བའི་ཐིག་གི་ཤར་ཕྱོགས་ཀྱི་ཆར་འདུག་ཅིང་ཁ་ནུབ་ཏུ་ཕྱོགས་པས་གདབ་པར་བྱའོ། །དེ་ལ་གལ་ཏེ་ཐིག་འདེབས་

པ་ལ་སྦྱོར་བའི་བྱང་གི་སྒྲུབ་པ་པོ་མེད་པ་དེ་ལྟ་ན་ནི་གྲོགས་ལས་མ་གཏོགས་པར་ཡང་རང་གི་ཐིག་སྐུད་ཕུར་བུས་བཏབ་ལ་གདབ་པར་བྱའོ། །ཐིག་འདེབས་པའི་དུས་སུ་ཡང་མཚན་མ་བརྟག་པར་བྱ་སྟེ། མཚན་ངན་དངོས་གྲུབ་མིན་པ་སྟེ། །ཐིག་སྐུད་ཆད་ན་བླ་མ་ཉམས། །དམན་དང་

སྟོངས་པས་ནད་ལ་སོགས། །ཕྱོགས་ལ་རྨོངས་ན་སློབ་མ་འཁྲུལ། །མཚན་མ་དེ་ཡང་ཚངས་ཐིག་གཉིས་བཏབ་པ་ལས་སོ་ཞེས་ཁ་ཅིག་སྨྲའོ། །གཞན་དག་ན་རེ་ཚངས་ཐིག་དང་ཕྱོགས་ཐིག་དང་ཟུར་ཐིག་བཏབ་པ་ལས་སོ་ཟེར་རོ། །ལ་ལ་ན་རེ་ཐིག་ཐམས་ཅད་བཏབ་པ་ལས་སོ་ཞེས་གསུང་ངོ་། །དེའི་རྗེས་ལ་རྩ་བའི་ཐིག་རིང་ནས་

བརྩམས་ནས་སྒོ་དཀྱིལ་དུ་ཐིག་བཞི་ཕྱི་བར་བྱའོ། །དེ་ནས་སོ་སོའི་སྒོ་ལོགས་ན་གནས་པའི་དང་པོའི་རྡུལ་ཚོན་གྱི་རེ་ཁཱ་བཞག་ལ། གསུམ་པའོ། །དེ་ནས་ཡ་ཕུབས་ཀྱི་གཞོགས་གཉིས་ན་གནས་པའི་སྒོའི་ཚད་ཀྱི་རེ་ཁཱ་གཉིས་སོ། །དེ་ནས་བི་དྷི་ཀའི་འོག་ན་གནས་པ་མགྲིན་པ་

གཡས་གཡོན་གྱི་ལོགས་ན་གནས་པའི་སོ་སོའི་རེ་ཁཱ་གཉིས་ཕྱི་བར་བྱའོ། །དེ་ནས་སྒོའི་ཕྱེད་ཀྱི་ཚད་ཁ་ཁྱེར་གྱི་འོག་ན་གནས་པ་སོ་སོའི་རེ་ཁཱ་གཉིས་སོ། །དེ་ནས་བི་དྷི་ཀའི་ཚད་ཕྱོགས་ཀྱི་མཁུར་བའི་གཞོགས་ན་གནས་པ་སོ་སོའི་རེ་ཁཱ་གཉིས་དང་ཁ་ཁྱེར་གྱི་སྟེང་ན་ཡང་ལྷག་མ་

རྡུལ་ཚོན་གྱི་ས་ལ་གནས་པའི་རེ་ཁཱ་བདུན་ཕྱེ་བར་བྱའོ། །དེ་ནས་ཡང་དཀྱིལ་འཁོར་གྱི་ཐིག་གིས་བཏབ་ཅིང་ཅི་ལྟ་བའི་དབྱིབས་ཀྱི་ཚད་ཀྱིས་བརྒྱན་པ་དེ་ནི་ཕྱི་དང་ནང་དུ་ཡང་བསྒོམ་པར་བྱ་སྟེ། ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་ཉེ་བར་བརྒྱན། །ཐིག་བཞི་དག་དང་མཉམ་

Vol. 9 · folio 296b

ལྡན་ཞིང་། །དར་དང་མེ་ཏོག་ཕྲེང་གིས་བརྒྱན། །རེ་ཁཱ་ལྔ་དང་མཉམ་ལྡན་པ། །དཀྱིལ་འཁོར་མཆོག་ལ་བ་དན་རྩེར། །དྲིལ་བུ་རྣམས་ཀྱིས་མཉམ་པར་ལྡན། །མཚམས་ཀྱི་ཆ་ནི་ཐམས་ཅད་དེ། །སྒོ་སོགས་ཀྱི་ནི་མཚམས་རྣམས་སུ། །རིན་པོ་ཆེ་ལ་རྡོ་རྗེས་མཚན། །འཕར་མ་

གཅིག་པ་དག་ཏུ་བྱ། །བདག་མེད་མ་ཡིས་ཡང་དེ་བཞིན། །སླར་ཡང་འཁོར་ལོའི་ནང་དུ་ནི། །ཕྱི་ཡི་འཁོར་ལོའི་ཕྱེད་ཀྱི་ནི། །ཀུན་ནས་ཡོངས་སུ་ཟླུམ་པོ་ལ། །འཁོར་ལོའི་ཀ་བ་སོགས་ཀྱིས་བརྒྱན། །རྡོ་རྗེའི་ཕྲེང་བ་སོགས་ཀྱིས་མཛེས། །རྔ་མ་མེ་ལོང་དག་དང་ལྡན། །བླ་རེ་

ཡིས་ནི་རྣམ་པར་བྲེས། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་ཚོན་ཅན་གྱིས་ཐིག་བཏབ་ལ། ཐིག་སྐུད་ཀྱང་ཡི་གེ་གསུམ་པ་མུཿའི་མཐའ་ཅན་གྱིས་གཤེགས་སུ་གསོལ། །སྣོད་གཙང་མར་གཞག་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཁོད་དེ། ཡི་གེ་

ཧཱི་ཡིས་མིག་གཡས་གཡོན་ལ་ཉི་ཟླ་དག་བསྐྱེད་ལ་ཁྲོ་བོའི་ལྟ་སྟངས་ཀྱིས་ཀུན་ནས་བལྟ་བར་བྱ་ཞིང་ཡིད་ཀྱིས་སྒོ་བཞི་དབྱེ་བར་བྱའོ། །ཐིག་གདབ་པའི་ཆོ་གའོ། །དེ་ནས་རིན་པོ་ཆེའི་རིགས་དང་ལྕགས་སམ་དུང་གི་གནས་སམ། སཱ་ལི་དང་ཁྲེ་འམ་དུར་ཁྲོད་ཀྱི་སོ་ཕག་དང་སོལ་

བ་དང་མི་རུས་སམ། རྐུན་མོའི་ལོ་མའི་རང་བཞིན་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོའི་ཁ་དོག་རྣམས་ལེགས་པར་བཏགས་ལ་སྤོས་ཀྱིས་བདུགས་ཏེ། སྣོད་གཙང་མར་སོ་སོར་བཞག་ལ། །བྷཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུྃ། ཡི་གེ་བསྐྱེད་ལ་རྡུལ་ཚོན་མདུན་དུ་གཞག་སྟེ། སྔོན་

བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་འོད་ཟེར་རྣམས་ཀྱིས་འབར་བར་བལྟས་ལ་ལྕགས་ཀྱུས་བཀུག་ཅིང་དེ་རྣམས་ཡེ་ཤེས་ཀྱི་རང་བཞིན་དུ་གཅིག་ཏུ་བྱས་ལ། དེ་རྣམས་འབར་བར་བལྟས་ལ་མངོན་པར་བསྔགས་པར་བྱས་ཏེ། ཨོཾ་

བཛྲ་ཙཱི་ཏྲ་ས་མཱ་ཡ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་བཛྲ་བེེ་ག་ཞེས་བརྗོད་ལ་དཀྱིལ་འཁོར་ལ་གནས་པའི་ཡེ་ཤེས་ཀྱི་ཐིག་ཡིད་ཀྱིས་དོར་ལ་དབུས་སུ་གཞུག་སྟེ། དཀྱིལ་འཁོར་གྱི་ལྟེ་བ་ལ་གནས་པའི་ཕུར་པ་ཡི་གེ་ཧཱུྃ་གིས་བཏོན་ལ། རང་གི་ལག་ན་གནས་པའི་

Vol. 9 · folio 297a

རྡོ་རྗེའི་སྙིང་པོ་ལ་བསྒོམ་པར་བྱ་ཞིང་ཕུར་བུ་བཏོན་པའི་ཤུལ་དུ་ཚོན་སྣ་ལྔས་མཉམ་པར་བཀང་ལ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུ་རྣམས་ཀྱིས་མཚན་མ་ངན་པ་སྤང་པའི་ཕྱིར། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་ནི་སྒྲོལ་བ་པོ། །ཀྱེ་

རྡོར་ཞེས་བྱ་རྒྱལ་པོ་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །ཞེས། ང་རྒྱལ་བསྐྱེད་ལ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པས་ཁུ་ཚུར་གཡོན་པས་སོ་སོར་བླངས་ཏེ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ལ། དཀར་

པོ་དང་། སེར་པོ་དང་དམར་པོ་དང་། ལྗང་གུ་དང་། ནག་པོའི་ཁ་དོག་རྣམས་ཕྱི་རོལ་ནས་བརྩམས་ཏེ་བསྐོར་ཞིང་བྲི་བར་བྱའོ། །ཡང་གསུངས་པ། དཀར་པོས་རྡོ་རྗེའི་རང་བཞིན་བསྡུས། །གཞན་ནི་གསེར་གྱིས་སྤྲས་པ་སྟེ། །པདྨ་རཱ་གའི་རང་བཞིན་བསྡུས། །མརྒཏ་ལྟ་བུ་

དེ་བཞིན་ཏེ། །ནང་དུ་ནག་པོ་ཤེས་པར་བྱ། །འདི་ནི་ཚོན་རྩིའི་རིམ་པར་ལྡན། །ཞེས་སོ། །དེ་བཞིན་དུ་ཡང་། ཇི་ལྟར་རེ་ཁཱ་འབབ་པ་ནི། །མཉམ་ལ་མ་ཡོ་མ་ཆད་ཅིང་། །སྒོ་ཡི་ཉི་ཤུའི་ཆ་ཡིས་ནི། །མཚམས་ནི་ནས་ཀྱི་ཚད་དུ་འགྱུར། །དེ་ནས་ཡང་སྔགས་པ་མཉམ་པར་

གཞག་པས་མཚན་མ་ཉེ་བར་བརྟག་པར་བྱ་སྟེ། སྦོམ་པར་ལྷུང་བས་རིམས་སུ་འགྱུར། །དམན་པ་ཡིས་ནི་ནོར་ཉམས་ཤིང་། །ཡོ་བ་གནམ་ཐིག་ཆད་པས་ནི། །བླ་མ་སློབ་མ་འཆི་བར་འགྱུར། །རྡུལ་ཚོན་བསྐོར་བ་མ་ཡིན་པས། །ཕབ་ན་ཡང་དག་འདེབས་པར་འགྱུར། །

དེ་ལས་གཞན་འགྱུར་དགེ་བ་སྟེ། །བླ་མ་སློབ་མ་ཤིན་ཏུ་འཕགས། །དེ་ནས་དབུས་ཀྱི་དཀྱིལ་འཁོར་གྱི་ཐིག་ལ་ཐུག་པར་ཤར་གྱི་སའི་ཆ་ནི་དཀར་པོའོ། །ལྷོའི་སའི་ཆ་ནི་སེར་པོར་བྱའོ། །ནུབ་ཀྱི་སའི་ཆ་ནི་དམར་པོའོ། །བྱང་གི་སའི་ཆ་ནི་ལྗང་གུའོ། །དབུས་ཀྱི་སའི་ཆ་

ནི་ནག་པོའོ། །དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་དམར་པོའི་ཟེའུ་འབྲུ་ལ། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཐོད་པ་དཀར་པོ་ནང་དམར་བ་ཁ་གྱེན་དུ་བལྟས་པའི་དབུས་སུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲི་བར་བྱའོ། །ཕྱག་གཉིས་པ་དང་ཕྱག་དྲུག་པའི་ཀྱེ་རྡོ་རྗེ་

Vol. 9 · folio 297b

རྣམས་ཀྱི་རྡོ་རྗེ་ནག་པོ་འོད་འཕྲོ་བའོ། །ཤར་གྱི་འདབ་མ་ལ་སོགས་པར་རིམ་པ་ཇི་ལྟ་བ་བཞིན་དུ་སྣ་ཚོགས་རྡོ་རྗེ་དང་བྲལ་བའི་ཐོད་པ་སྟེ། ཤར་སྒོའི་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ཁ་དོག་ནག་པོའི་གྲི་གུག་གོ། །ལྷོ་སྒོར་ནི་བཙོད་ཀྱི་མདོག་གི་རྡེའུ་ཆུང་ངོ་། །ནུབ་ཀྱི་སྒོར་

ནི་གསེར་གྱི་མདོག་ཅན་གྱི་རུས་སྦལ་ལོ། །བྱང་སྒོར་ནི་མརྒཏ་ཀྱི་མདོག་གི་སྦྲུལ་ལོ། །དབང་ལྡན་གྱི་མཚམས་སུ་ནི་ཨིནྡྲ་ནཱི་ལའི་མདོག་གི་སེང་གེའོ། །མེའི་མཚམས་སུ་ནི་ཆུ་ཤེལ་ལྟ་བུའི་དགེ་སློང་ངོ་། །བདེན་བྲལ་མཚམས་སུ་ནི་ནམ་མཁའ་སྔོ་བསངས་ཀྱི་འཁོར་

ལོའོ། །རླུང་གི་མཚམས་སུ་ནི་སྣ་ཚོགས་པའི་མདོག་གི་རྡོ་རྗེ་སྟེ། པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་གནས་པའི་ཟླ་བའི་སྟེང་དུ་བྲི་བར་བྱའོ། །མཚན་མ་དེ་དག་ལ་ནི་སླར་ཡང་བདུད་བཞི་པོ་ཚངས་པ་ལ་སོགས་པའི་གདན་མཉམ་པའམ་མི་མཉམ་པར་བྲི་བར་

བྱའོ། །དེ་ནས་བདག་མེད་མའི་དཀྱིལ་འཁོར་བྲི་བར་འདོད་པས་དཀྱིལ་འཁོར་དེའི་སྙིང་པོ་ལ་པདྨ་དམར་པོ་འདབ་བརྒྱད་བྲི་བར་བྱའོ། །དེའི་ཟེའུ་འབྲུ་ལ་ཡང་ཟླ་བའི་སྟེང་དུ་གྲི་གུག་ཁ་དོག་ནག་པོ་བྲི་བར་བྱའོ། །དེ་བཞིན་དུ་ཤར་ལ་སོགས་པའི་པདྨའི་འདབ་མ་རྣམས་ལ་གྲི་

གུག་བཞིའོ། །ཕྱིའི་འཕར་མ་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ཡང་བཞིའོ། །ཤར་སྒོ་ལ་སོགས་པར་ཡང་བཞིའོ། །ཤར་ནུབ་ཀྱི་སྒོ་ལ་གནས་པ་ནི་གཞོགས་གཉིས་སུ་གྲི་གུག་གཉིས་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྲི་བར་བྱའོ། །

ཡང་འདི་དག་ནི་རྡུལ་ཚོན་བྲི་བའི་ལས་ལ་འཇུག་པ་དང་ལྡོག་པའི་དུས་སུ་ཡིད་ཀྱིས་རྡོ་རྗེ་ཐིག་བསལ་བར་བྱ་སྟེ། བཛྲ་བེ་ག་ཞེས་བྱ་བ་བརྗོད་ནས་བྱའོ། །གཞན་དུ་ནི་དམ་ཚིག་ཉམས་པ་ཡིན་ནོ། །དེ་བཞིན་དུ་ཡང་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་ཐིག་རིས་ཡིད་ཀྱིས་

སྤངས། །གཞན་དུ་ན་ནི་འཇུག་པ་དང་། །ལྡོག་པ་ཡི་ནི་དམ་ཚིག་རྣམས། །དེ་དག་གིས་ནི་ཉམས་པ་ཡིན། །ཞེས་གསུངས་སོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་སུ་ཞི་བ་དང་། རོ་ལངས་དང་། རོ་དང་འབྱུང་པོ་ལ་སོགས་པས་བཀྲམ་པའི་དུར་ཁྲོད་བརྒྱད་བྲི་

Vol. 9 · folio 298a

བར་བྱའོ། །དེ་ལ་ཤར་ཕྱོགས་སུ་ནི་འཚེད་པས་སྦྲེལ་བ་དྲག་ཅིང་གཏུམ་པའི་རི་ཕུག་ཅེས་བྱ་བའི་དུར་ཁྲོད་དོ། །ལྷོ་ཕྱོགས་སུ་ནི་དུམ་བུས་བཀང་བའི་འཇིགས་སུ་རུང་བའོ། །ནུབ་ཕྱོགས་སུ་ནི་བོར་བས་སྦྲེལ་བ་ཀ་རཾ་ཀ་ཀཾ་ངོ་། །བྱང་ཕྱོགས་སུ་ནི་

མདུང་གིས་འབིགས་པས་སྦྲེལ་པ་འབར་བ་སྣ་ཚོགས་སོ། །དབང་ལྡན་མཚམས་སུ་ནི་བཅིངས་པས་སྦྲེལ་བ་ཧ་ཏའི་གད་མོའོ། །མེའི་མཚམས་སུ་ནི་ཕྱེད་བསྲེགས་པ་དཔལ་གྱི་ནགས་ཚལ་ལོ། །བདེན་བྲལ་གྱི་མཚམས་སུ་ནི་དུམ་བུ་ཕྱེད་པས་གང་བ་མུན་པ་མི་བཟད་

པའོ། །རླུང་གི་མཚམས་སུ་ནི་དོང་བརྐོ་བས་གང་བ་ཀཱི་ལི་ཀཱི་ལའི་སྒྲ་སྒྲོགས་པ་བྲི་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ་ཤིང་གི་རིམ་པ་བྲི་བར་བྱ་སྟེ། ཤྲི་ཤ་དང་། ཙཱུ་ཏ་དང་། ཀ་ཀོ་ལི་དང་། ཨ་ཤྭཏྠ་དང་། པ་ཏ་དང་། ཀ་རཉྫ་དང་། ལ་ཏ་པར་ཀ་ཏི་དང་། ས་རྡུལ་ལོ། །

ཤིང་གི་རྩེ་མོར་ནི་ཤིང་གི་བདག་པོ་འཁོར་དང་བཅས་པ་བྲི་བར་བྱ་སྟེ། དེ་ལ་ཁྲ་གདོང་ཅན་ནི་ཁྲའི་ཚོགས་ཀྱིས་བསྐོར་བའོ། །ཅེ་སྤྱང་གདོང་ནི་འུག་པའི་ཚོགས་ཀྱིས་བསྐོར་བའོ། །ཁྱི་གདོང་ཅན་ནི་ཁྱིའི་ཚོགས་ཀྱིས་བསྐོར་བའོ། །ཕག་གདོང་ཅན་ནི་ཕག་གི་ཚོགས་

ཀྱིས་བསྐོར་བའོ། །བྱི་ལའི་གདོང་ཅན་ནི་ཅེ་སྤྱང་གི་ཚོགས་ཀྱིས་བསྐོར་བའོ། །སྟག་གི་གདོང་ཅན་ནི་སྟག་གི་ཚོགས་ཀྱིས་བསྐོར་བའོ། །བྱ་རྒོད་ཀྱི་གདོང་ཅན་ནི་སྲིན་པོའི་ཚོགས་ཀྱིས་བསྐོར་བའོ། །ཤ་བའི་གདོང་ཅན་ནི་རོ་ལངས་ཀྱི་ཚོགས་ཀྱིས་བསྐོར་བའོ། །

ཤིང་གི་རྩ་བ་རྣམས་སུ་ནི་ཕྱོགས་སྐྱོང་ལ་འཁོར་དང་སྲས་སུ་བཅས་པ་འདུད་ཅིང་ཐལ་མོ་སྦྱར་བ་དང་ལྡན་པའམ་མི་ལྡན་པའང་རུང་བྲི་བར་བྱ་སྟེ། དེ་ལ་དབང་པོ་ནི་སྐུ་མདོག་སེར་པོ་རིན་པོ་ཆེའི་ཅོད་པན་དང་རྡོ་རྗེ་འཛིན་པ་ན་བཟའ་བཟང་པོས་བརྒྱན་ཅིང་གླང་པོ་དཀར་པོ་ལ་བཅིབས་པའོ། །

གཤིན་རྗེ་ནི་སྐུ་མདོག་ནག་པོ་སྤྱན་དམར་བ། སྨིན་མ་དང་སྐྲ་གྱེན་དུ་བརྫེས་པ། དབྱུག་པ་དང་མདུང་འཛིན་ཅིང་མ་ཧེ་ལ་བཅིབས་པའོ། །ཆུ་ལྷ་ནི་སྐུ་མདོག་དཀར་པོ་གདེངས་ཀ་བདུན་དང་ཀླུའི་ཞགས་པ་དང་དུང་འཛིན་པ་ཆུ་སྲིན་ལ་བཅིབས་པའོ། །ནོར་སྦྱིན་ནི་གསེར་གྱི་མདོག་ཅན་

Vol. 9 · folio 298b

རིན་པོ་ཆེའི་ཅོད་པན་ཅན་ལྕགས་ཀྱུ་དང་དབྱུག་པ་འཛིན་ཞིང་ཤ་ར་བྷ་ལ་བཅིབས་པའོ། །དབང་ལྡན་ནི་སྐུ་མདོག་དཀར་པོ་རལ་བའི་ཅོད་པན་གྱི་རྩེར་ཟླ་བས་མཚན་པ། སྤྱན་གསུམ་པ་ཐོད་པའི་ཕྲེང་བས་བརྒྱན་པ་ཕྱག་བཞི་ལ་རྔེའུ་ཆུང་དང་ཐོད་པ་དང་རྩེ་གསུམ་དང་ཁཊྭཱཾ་ག་འཛིན་པ་ཁྱུ་

མཆོག་ལ་བཅིབས་པའོ། །མེ་ལྷ་ནི་སྐུ་མདོག་དམར་པོ་སྐྲའི་ཐོར་ཚུགས་དང་། མཆོད་ཕྱིར་ཐོགས་པ་ཅན་ཕྱག་བཞི་ལ་མི་འཇིགས་པ་དང་ཕྲེང་བ་དང་མགྲིན་རིངས་དང་། དབྱུ་གུ་འཛིན་པ་ར་ལ་བཅིབས་པའོ། །བདེན་བྲལ་ནི་སྐུ་མདོག་སྔོན་པོ་སྐྲ་སེར་སྐྱ་གྱེན་དུ་འགྲེང་བ་ཐོད་པའི་ཕྲེང་བས་

བརྒྱན་པ་གྲི་དང་ཐོད་པ་འཛིན་པ་རོ་ལ་བཅིབས་པའོ། །རླུང་ལྷ་ནི་དུ་བའི་མདོག་ཅན་རླུང་དར་འཛིན་ཅིང་རིན་པོ་ཆེའི་ཅོད་པན་ཅན་རི་དྭགས་ལ་བཅིབས་པའོ། །དེ་དག་ཀྱང་ལྷ་དང་ཡི་དགས་དང་ཀླུ་དང་གནོད་སྦྱིན་དང་། འབྱུང་པོ་དང་དྲང་སྲོང་དང་སྲིན་པོ་དང་། རླུང་གི་ཚོགས་ཀྱིས་བསྐོར་བ་

བྲི་བར་བྱའོ། །དེའི་གཡོན་ཕྱོགས་རྣམས་སུ་ཀླུ་བརྒྱད་པོ་གདེངས་ཀ་དང་བཅས་པ་བྲི་བར་བྱ་སྟེ། དེ་ལ་བ་སུ་ཀ་ནི་ཟླ་བ་དང་མཚུངས་པའི་སྤྱི་བོ་ན་ཨུཏྤ་ལ་སྔོན་པོ་ཅན་ནོ། །པདྨ་ནི་དུང་དུ་སྟོན་པ་གདེངས་ཀ་ལ་སྐར་མས་མཚན་པའོ། །ཀར་ཀོ་ཊ་ནི་དཱུར་བ་བཞིན་ལྗང་བ་མགྲིན་པར་རི་མོ་

གསུམ་གྱིས་མཚན་པའོ། །ཏཀྵ་ཀ་ནི་མེ་ཏོག་བནྡུ་ཀ་དང་མཚུངས་པ་སྤྱི་བོ་ན་གཡུང་དྲུང་གིས་མཚན་པའོ། །པདྨ་ཆེན་པོ་ནི་ཀུནྡ་དང་མཚུངས་པ་སྤྱི་བོར་མདུང་གིས་མཚན་པའོ། །ཧུ་ལུ་ཧུ་ལུ་ནི་མིག་སྨན་དང་མཚུངས་པ་སྤྱི་བོར་པདྨས་མཚན་པའོ། །རིགས་ལྡན་ནི་དུ་བའི་མདོག་ཅན་

ཟླ་བ་ཕྱེད་པས་མགྲིན་པར་མཚན་པའོ། །དུང་སྐྱོང་ནི་གསེར་གྱི་མདོག་ཅན་མགྲིན་པར་ཟླ་བ་རྒྱས་པས་མཚན་པ་བྲི་བར་བྱའོ། །དེའི་རྒྱབ་ཀྱི་ཆ་རྣམས་སུ་སྤྲིན་བྲི་བར་བྱ་སྟེ། དེ་ལ་སྒྲ་སྒྲོགས་ནི་མདོག་ནག་པོའོ། །འཁྱིལ་པ་ནི་མདོག་སྔོན་པོའོ། །མི་བཟད་པ་ནི་གུར་གུམ་གྱི་མདོག་གོ།

གྷུར་ནི་ཏ་ནི་སྣ་ཚོགས་པའི་མདོག་གོ། །གྷ་ན་ནི་མདོག་དཀར་པོའོ། །རྙིས་པ་ནི་མདོག་སེར་པོའོ། །ཆར་འབབ་པ་ནི་དྲུ་ས་རའི་མདོག་གོ། །ཙནྡན་ནི་མིག་སྨན་གྱི་མདོག་སྟེ་དེ་ལྟར་བྲི་བར་བྱའོ། །གཞན་དག་ཏུ་ནི་འཁོར་ལོ་ཇི་ལྟར་རྗེས་སུ་མཐུན་ཞིང་མཛེས་པར་བརྟག་པར་བྱའོ། །རྡུལ་

Vol. 9 · folio 299a

ཚོན་དབབ་པའི་ཆོ་གའོ།། །།དཀྱིལ་འཁོར་བྲི་བའི་དུས་སུ་བརྒྱ་ལ་གང་ཞིག་རྩོད་པ་དང་། བགེགས་སློང་བར་བྱེད་པའམ། བདག་ཉིད་བགེགས་བྱེད་པ་དེ་ལྟ་ན་ནི་སྔར་གསུངས་པའི་ཆོ་གས་དབང་པོ་ལ་སོགས་པ་བསྒོམས་པ་ལ་ཕུར་བུ་བཏབ་ཅིང་བགེགས་ཉེ་བར་ཞི་

བར་བྱའོ། །གལ་ཏེ་ཆར་འབབ་ཅིང་བདུད་ཀྱི་བྱེད་པ་དེ་ལྟ་ན་ནི་དུར་ཁྲོད་ཀྱི་རས་ཀྱིས་ཉེ་བར་གཡོགས་ལ་ཀྱེ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲོ་བོར་གནས་ཏེ། ཨོཾ་ཨཱརྱ་ཨཱརྱ། ས་མ་སཱ་ན་པྲི་ཡཱ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཡོངས་སུ་བཟླ་ཞིང་མིག་གྱེན་དུ་བལྟས་ལ་ཁྲོ་བོའི་མེ་འབར་

བའི་ཕྲེང་བའི་རིགས་ཡང་དག་པར་སྤྲོས་པ་དེས་ནམ་མཁའི་དཀྱིལ་ཁྱབ་ཅིང་སྤྲིན་ཐམས་ཅད་ཐལ་བར་བྱས་པར་བསམ་མོ། །དེ་ནས་མེ་ཞི་བར་འདོད་ན་མེའི་སྟེང་དུ་བྃ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ། དེའི་སྟེང་དུ་པདྨ་སྣ་ཚོགས་འདབ་མའི་ཟེའུ་འབྲུ་ལ་བྷྲཱུཾ་དཀར་པོ་

ལས་སྐྱེས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་དབུས་ན་གནས་པའི་ཡི་གེ་བྷྲཱུྃ་ཡོངས་སུ་གྱུར་པ་ལས་སྟོན་ཀའི་ཟླ་བ་ལ་གནས་པའི་ཐུགས་ཀར་ཡི་གེ་བྷྲཱུྃ་གྱིས་བྱིན་གྱིས་བརླབས་པ། རྒྱ་མཚོ་བཞི་དང་ཆུ་བོ་བཞི་དང་མ་དྲོས་པའི་ཆུ་དང་མཚུངས་པ་རྣམས་ཀྱིས་ཐུགས་ཀའི་

ས་བོན་གྱི་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱི་ཕྲེང་བ་ལས་བྱུང་བས་ནམ་མཁའི་དཀྱིལ་མ་ལུས་པ་ཁྱབ་པའི་ཆུའི་རྒྱུན་ཕྱོགས་བཅུར་ཡོངས་སུ་ཁྱབ་པར་བྱེད་པའི་རྣམ་པར་སྣང་མཛད་རྣམ་པར་བསམ་པར་བྱའོ། །གལ་ཏེ་རླུང་ཞི་བར་བྱེད་འདོད་ན། དེ་ལྟ་ན་ནི་རང་གི་ལྷ་ཉིད་ཀྱི་རྣལ་འབྱོར་

རམ་རྡོ་རྗེ་ཧཱུྃ་མཛད་ཀྱི་རྣལ་འབྱོར་གྱིས་ཡི་གེ་ཧཱུྃ་འབུམ་བཟླས་པའི་ལྕི་བ་ས་ལ་མ་ལྷུང་བ་འམ་གྲོག་མཁར་གྱི་སས་རླུང་ལྷའི་གཟུགས་བརྙན་བྱས་ལ། ཡཾ་ཡིག་ལས་བྱུང་བའི་རླུང་ལྷའི་སྐུ་ནམ་མཁའི་དཀྱིལ་དུ་བསྒོམས་ལ་ཡིད་ཀྱིས་བཀུག་ལ་གཟུགས་བརྙན་བྱས་ལ་གཞུག་ཅིང་

བསྡམས་ལ། མི་རུས་ལས་ཕུར་པ་སོར་བཞི་པའི་ཚད་ཀྱིས་བརྒྱ་རྩ་བརྒྱད་བཟླས་ལ་གཟུགས་བརྙན་ལ་གདབ་པར་བྱའོ། །དེ་བཞིན་དུ་ཆུའི་བགེགས་ཞི་བར་བྱ་བའི་ཕྱིར་ཡང་ཆུ་ལ་གདབ་པར་བྱའོ། །ཡང་ན་སྔར་བརྗོད་པའི་རིམ་པས་རྡོ་རྗེ་ར་བ་ལ་སོགས་པ་ས་གཞི་རྡོ་རྗེ་ར་བ་ལ་ཐུག་

Vol. 9 · folio 299b

པའི་ཆོ་གའི་རྗེས་སུ་འཇུག་པས་ཁྲོ་བོའི་བལྟ་བས་མདུན་དུ་བལྟས་ལ། རྩ་བའི་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཥྚཱ་ན་ནཱ་ཡ། བིཾ་ག་ལོརྡྷྭ་ཀེ་ཤ་བརྟྨ་ནི། ཙ་ཏུ་རྦིཾ་ཤ་ཏི་ནེ་ཏྲཱ་ཡ། ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཀ་པཱ་ལ་མཱ་ལཱ་ནེ་ཀཱ་དྷ་རི་ཎེ། ཨཱདྷྨ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨ་རྡྷེནྟུ་དཾཥྚྲཱྀ་

ནི། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫྫ་ཡ་གརྫྫ་ཡ། ཏརྫྫ་ཡ་ཏརྫྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱན། བནྡྷ་བནྡྷ། ནཱ་གཱཥྚ་ཀཱན། གྲྀཧྞ་གྲྀཧྞ། ཤ་ཏྲཱུཾ། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ། ཧེ་ཧཻ་ཧོ་ཧཽ་ཧཾ་ཧ། ཕཊ་སྭཱ་ཧཱ། ཞེས་བྱ་བས་སོ། །ཡང་ན་བགེགས་ཐམས་ཅད་ཞི་བར་བྱ་

བའི་ཕྱིར་ཨརྒའི་ལོ་མ་དང་དུག་དང་སྐེ་ཚེ་དང་ཙི་ཏྲ་ཀའི་ཁུ་བས་བགེགས་རྣམས་ཀྱི་མིང་བྲིས་ལ། ཨོཾ་ཧེ་བཛྲ་ཛྭ་ར་ཛྭ་ར། ཤ་ཏྲཱུཾ་ནཾ་བྷྲཱུཾ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཁྲི་ཡོངས་སུ་བཟླས་ལ། ཁྲོས་པས་འབྲས་ཕུབ་ཀྱི་མེ་ལ་བསྲེག་པར་བྱའོ། །གལ་ཏེ་དེ་ལྟ་ན་ཡང་

བགེགས་མ་ཞི་ན་དེ་ལྟ་ན་ནི་དུག་དང་ཚྭ་དང་སྐེ་ཚེ་དང་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བ་དང་བསྣུན་པ་དང་། མི་རུས་ཀྱི་ཕྱེ་མ་དང་སྨྱོ་བྱེད་ཀྱི་ཁུ་བས་བགེགས་ཀྱི་གཟུགས་བརྙན་བྱས་ལ། བོང་བུ་དང་རྔ་མོ་ལ་སོགས་པའི་ལྕི་བ་ལ་དུར་ཁྲོད་ཀྱི་མེ་བཏང་སྟེ། མཚོན་རྣོན་པོས་དུམ་བུར་

བཅད་ལ། ཨོཾ་སརྦ་བིགྷྣཱཾ་མཱ་ར་ཡ་གྷུ་ཞེས་བྱ་བའི་སྔགས་ཀྱིས་ཁྲོས་ཤིང་འགེངས་པའི་ལྟ་སྟངས་དང་གཡོན་བརྐྱང་བའི་གོམ་སྟབས་ཀྱིས་སྔར་བཞིན་དུ་བགེགས་བསྲེག་པར་བྱའོ། །ཡང་ན་ཆོས་ཐམས་ཅད་རྣམ་པར་རྟོག་པ་ཙམ་གྱིས་སློབ་སྟེ་དེའི་རང་བཞིན་དང་བདག་

མེད་པས་བགེགས་ཐམས་ཅད་ཐལ་བར་བྱའོ། །བགེགས་ཞི་བར་བྱ་བའི་ཆོ་གའོ།། །།དེ་ནས་རྡུལ་ཚོན་རྫོགས་པར་གདབ་པར་བྱས་ནས་སློབ་དཔོན་ཁྲུས་དང་དྲི་ཞིམ་པོས་བྱུགས་པ་དང་ལུས་ལ་གོས་བཟང་པོ་དང་ཅོད་པན་དང་མེ་ཏོག་དང་ལྡན་པས་དཀྱིལ་འཁོར་དུ་ཞུགས་ཏེ་

སྟན་ཤིན་ཏུ་འཇམ་ཞིང་མཐོ་བ་ལ་འདུག་ནས་ལྷའི་རྣལ་འབྱོར་དུ་བྱས་ནས། རྡུལ་ཚོན་ལྷག་མ་ཡི་གེ་གསུམ་གྱི་མཐར་ཡི་གེ་མུཿས་གཤེགས་སུ་གསོལ་ལ། རྡུལ་ཚོན་གྱི་སྣོད་ཀྱང་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་གཞག་གོ། །དཀྱིལ་འཁོར་གྱི་ཕྱིའི་ས་ལྕི་བས་བྱུགས་ཤིང་

Vol. 9 · folio 300a

གཏོར་བ་དང་། མེ་ཏོག་གི་ར་བ་དང་ལྡན་པ་དང་། ཁནྚ་བིནྚ་ལ་སོགས་པའི་སྤོས་ཀྱིས་བདུག་པ་དང་། མར་མེའི་ཕྲེང་བ་འབར་བ་དག་ཀྱང་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ལམ་ནང་དུ་གདབ་པའི་རྣམ་པར་རྒྱལ་བའི་བུམ་པས་ལི་ཛཾ་ལ་སོགས་པས་གང་བར་

བྱས་ལ་ཤར་གྱི་ཆའམ་ལྷོའི་ཆར་གཞག་པར་བྱའོ། །དཀར་པོ་ལ་སོགས་པའི་བུམ་པ་བཞི་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ལ་སོགས་པའི་ཕྱོགས་སུ་ཇི་ལྟར་རིམ་པ་བཞིན་དུ་གཞག་པར་བྱའོ། །གཞན་ཡང་པུཀྐ་སཱི་ལ་སོགས་པའི་བུམ་པ་ནི་དབང་ལྡན་ལ་སོགས་པའི་

མཚམས་སུ་གཞག་པར་བྱའོ། །ལས་ཐམས་ཅད་པའི་བུམ་པ་ཡང་དཀྱིལ་འཁོར་གྱི་ཤར་སྒོའི་ཕྱོགས་སུ་གཞག་པར་བྱའོ། །སྒོའི་བུམ་པ་བརྒྱད་པོ་ཡང་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོ་ལ་སོགས་པའི་ཕྱོགས་སུ་གཞག་པར་བྱའོ། །བདག་མེད་མའི་དཀྱིལ་འཁོར་ལ་

ཡང་རྣམ་པར་རྒྱལ་བའི་བུམ་པ་སྔ་མ་བཞིན་དུ་དགོད་པར་བྱའོ། །རྡོ་རྗེ་མ་ལ་སོགས་པའི་བུམ་པ་བཅུ་བཞི་པོ་ཡང་གནས་ཇི་ལྟ་བའམ་ཇི་ལྟར་མཛེས་པ་བཞིན་དུ་ཤར་ནས་བརྩམས་ཏེ་དགོད་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནས་ལྷ་མོའི་བུམ་པ་དེ་རྣམས་ནས་ཆུ་ཅུང་ཟད་ཅུང་ཟད་

བླངས་ལ་བདུད་རྩི་ལྔ་དང་ལྡན་པས་པདྨའི་སྣོད་དུ་དགོད་པར་བྱའོ། །བུམ་པ་དགོད་པའི་ཆོ་གའོ། །དེ་ནས་སྔགས་པས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་ཏེ་ཡོ་བྱད་བསགས་ལ། རབ་ཏུ་དགའ་བའི་ཡིད་ཀྱིས་ཆོ་ག་བཞིན་དུ་དཀྱིལ་འཁོར་མཆོད་ཅིང་བསྒྲུབ་པར་བྱ་སྟེ། དེ་ལ་རིམ་

པ་ནི་འདི་ཡིན་ཏེ། ཡོད་ན་ལོ་བཅུ་དྲུག་མའི་ཕྱིའི་རིག་མ་འམ་མེད་པར་གྱུར་ན་བསྒོམས་པའི་རིག་མ་དང་ལྷན་ཅིག་ཏིང་ངེ་འཛིན་གསུམ་དང་ལྡན་པའི་རྣལ་འབྱོར་པས་པདྨ་དེའི་སྒྲས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ལ། རང་གི་སྙིང་གནས་ཞུགས་ཏེ་

ཞུ་བས་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨའི་དབུས་སུ་གནས་པར་བསྒོམ་ཞིང་དེ་ནས་ནམ་མཁའི་དཀྱིལ་དུ་སྤྲོ་བའི་སྦྱོར་བས་སྤྲོ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱས་ནས། ཡང་བློས་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ཟུར་གྱི་ནམ་མཁའ་ལ་དེ་དགོད་པར་བྱའོ། །དེ་ནས་དེ་དང་ལྷན་

Vol. 9 · folio 300b

ཅིག་ཏུ་ལྷགས་པའི་བགེགས་ཀྱི་རིགས་ཞལ་བརྒྱད་པའི་ཧཱུཾ་གི་སྒྲས་བསལ་བར་བྱ་ཞིང་རང་གི་དཀྱིལ་འཁོར་ཡང་མངོན་པར་བསྲུང་བར་བྱའོ། །དེ་ནས་བསང་གཏོར་ལ་སོགས་པ་བྱིན་ལ་ཛཿཧཱུྃ་པྃ་ཧོཿཞེས་བྱ་བ་འདིས་ཇི་ལྟར་རིམ་པ་བཞིན་དུ་སྤྱན་དྲངས་ལ་དཀྱིལ་

འཁོར་ལ་གནས་པའི་མཚན་མ་རྣམས་ལ་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ཏེ། དེ་ནས་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ཕུང་པོ་ལ་སོགས་པ་རྣམ་པར་དག་པར་མོས་ཏེ། ཡང་བསང་གཏོར་ལ་སོགས་པ་ཕུལ་ལ་རང་གི་ཐུགས་ཀ་ནས་སྤྲོས་པའི་མཆོད་པའི་

ལྷ་མོ་བརྒྱད་ཀྱིས་ཕྱི་དང་གསང་བའི་མཆོད་པས་ཡང་དག་པར་མཆོད་ལ་ན་བཟའ་གཉིས་ཀྱང་སོ་སོར་ཕུལ། འཁོར་ལོའི་བདག་པོ་ལ་ཚིགས་སུ་བཅད་པ་འདིས་བསྟོད་པར་བྱའོ། །སྣ་ཚོགས་རྣམ་པར་བཀྲ་བའི་དངོས་པོ་རྣམས་ལ་གཟིགས་པར་མོས། །སྣ་ཚོགས་རྣམ་པར་བཀྲ་བའི་

འོ་དང་འཁྱུད་པས་དགྱེས་པ་དང་། །སྣ་ཚོགས་རྣམ་པར་བཀྲ་བའི་བདེ་བའི་སྟོན་མོས་རབ་ཏུ་དད་པ་དང་། །སྣ་ཚོགས་རྣམ་པར་བཀྲ་བའི་སྡོམ་པ་ཆེན་པོ་ཉེ་བར་རབ་ཏུ་སྟོན། །འཇིག་རྟེན་དངོས་པོ་རྣམས་ཀྱི་དམ་ཚིག་རྣམས་ལ་བཞུགས། །རྒྱུ་དང་མི་རྒྱུ་འཇིག་རྟེན་མ་ལུས་བཞེངས་སུ་

གསོལ། །ཁྱོད་ནི་རྣལ་འབྱོར་མ་ཚོགས་དང་བས་ཡོངས་སུ་བསྐོར། །ཁྱོད་ནི་མཆོག་ཐོབ་པ་ཡིས་སེམས་ནི་བདེ་བས་ཁྱབ། །དེར་ནི་རྒྱུ་དང་མི་རྒྱུའི་འཇིག་རྟེན་ཐམས་ཅད་སྦྱོང་། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་རྣམ་རྟོག་མཛོད། །དཔལ་ལྡན་ཁྲག་འཐུང་རྡོ་རྗེ་ཡིས་ནི་དགྱེས་

པ་ཡིས། །སྒྱུ་མ་རབ་བསླུས་རྡོ་རྗེ་དག་ལ་རབ་ཏུ་འཇུག །ཅེས་པས་སོ། །དེ་ནས་པདྨའི་སྣོད་ཀྱི་བདུད་རྩི་ལྔ་པོ་མན་ངག་ཅི་ལྟ་བས་སྦྱངས་ལ་གཏོར་བར་བྱའོ། །དཀྱིལ་འཁོར་གྱི་ལྷ་དང་གཙོ་བོར་བཅས་པ་བདུད་རྩི་དེས་ངོམས་ཤིང་བདེ་བས་ཚིམ་པར་བསྒོམས་ལ་སོ་སོར་རིམ་པས་

དཀྱིལ་འཁོར་གྱི་བདག་པོའི་སྔགས་ནས་བརྩམས་ཏེ་ལྷ་ཐམས་ཅད་ཀྱི་སྔགས་བཟླས་ལ་དེ་རྣམས་ཡོངས་སུ་དགྱེས་པར་བྱའོ། །དེ་ནས་སྔགས་པས་ཡོད་པར་གྱུར་ན་བྱང་ཆུབ་ཀྱི་སྒྲུབ་པ་པོ་སྐྱེ་བོ་གཞན་དག་འཇུག་པ་བཟློག་པའི་ཕྱིར་དཀྱིལ་འཁོར་དུ་བཀོད་ལ་ཕྱིར་འགྲོ་བར་བྱ་སྟེ།

Vol. 9 · folio 301a

རྔ་མ་དཀར་པོ་དང་འཕན་དང་རྒྱལ་མཚན་དང་བ་དན་དང་བཅས་པ་གླུ་དང་གར་དང་རོལ་མོའི་སྒྲ་ལ་སོགས་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ་མདུན་དུ་ཟངས་མོ་ཆེའི་ནང་དུ་ཁུར་བ་ལ་སོགས་པ་ཉ་དང་ཤ་དང་ཟན་དང་ཞོ་དང་འོ་མ་དང་སྦྲང་རྩི་དང་ཆང་དང་སཱ་ལི་དང་ཏིལ་

གྱིས་བསྲེས་པ་དང་། སྣ་ཚོགས་པའི་བཟའ་བཅའ་དང་བཏུང་བ་དང་བལྡག་པ་དང་གཞིབ་པའི་རྫས་ཀྱིས་གང་བར་མར་མེ་ལྔ་དང་། བདུད་རྩི་དང་མཆོད་རྫས་དང་གདུགས་དང་རྒྱལ་མཚན་དང་མར་མེའི་ཕྲེང་བ་སྟེ། རྫས་གཞན་གྱིས་ཀྱང་དགང་བར་བྱའོ། །མེད་པར་གྱུར་ན་ནི་ཟན་དང་ཆུ་

ཙམ་གྱིས་ཐམས་ཅད་གང་བར་མོས་པར་བྱས་ལ། མདུན་ན་གནས་པའི་གཏོར་མ་ལ་བལྟ་ཞིང་དེ་ལ་ཆོ་ག་བཞིན་དུ་འབར་བ་ལ་སོགས་པ་དང་ཡེ་ཤེས་ལྔའི་བདག་ཉིད་ཀྱིས་རིམ་པས་སྦྱང་བར་བྱའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ་བར་སྣང་ལ་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་རྩེ་མོ་གྱེན་

དུ་བལྟས་བ་བསྒོམས་ལ། དེའི་འོག་ཏུ་ཨ་ཡིག་ལས་སྐྱེས་པའི་ཐོད་པ་དམར་པོ་ཁ་གྱེན་དུ་ཕྱོགས་པའོ། །ཐོད་པ་དེའི་དབུས་སུ་ཨོཾ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔའི་གཟུགས་སུ་གྱུར་པར་གཏོར་མ་བལྟའོ། །དེ་ནས་རྡོ་རྗེ་དང་ཐོད་པ་མཉམ་པར་སྦྱོར་བ་ལས་མེ་བྱུང་

སྟེ་མེ་ལོང་ཡེ་ཤེས་དང་། དེས་གདུངས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་གདུངས་པས་ཞུ་ཞིང་འོད་འབར་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་དང་། ཡེ་ཤེས་ཀྱི་རང་བཞིན་དང་ཉི་མའི་དཀྱིལ་འཁོར་དུ་བྱས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། དེའི་འོད་ཟེར་གྱིས་ཕྱོགས་བཅུའི་འཇིག་

རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་མ་ལུས་པའི་གཟུགས་བལྟས་ལ། འོད་ཟེར་དེ་ཉིད་ཀྱིས་དེའི་ཡེ་ཤེས་ཀྱི་ས་བོན་ལས་ཡེ་ཤེས་ཀྱི་བདུད་རྩི་བླངས་ནས་བདུད་རྩི་དེ་ཉིད་བླུགས་ཤིང་རོ་མཉམ་པར་བྱས་པ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་

ཤེས་ཏེ། འདི་དེ་ཡེ་ཤེས་ལྔས་སྦྱངས་ལ་བདུད་རྩིའི་མཆོག་ཏུ་བྱ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མདུན་གྱི་ནམ་མཁའི་ཕྱོགས་སུ་ཆོས་འབྱུང་གི་ནང་དུ་ཆུད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམས་ལ། དེའི་ཤར་ཕྱོགས་ལ་སོགས་པའི་འདབ་མ་ལ་

Vol. 9 · folio 301b

རིམ་པ་ཇི་ལྟ་བ་བཞིན་དུ་དབང་པོ་དང་། གཤིན་རྗེ་དང་ཆུ་ལྷ་དང་རྣམ་ཐོས་སོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་འདབ་མ་ལ་དབང་པོ་དང་མེ་ལྷ་དང་བདེན་བྲལ་དང་རླུང་ལྷ་སྟེ། ཧཱུྃ་ཡིག་ལས་སྐྱེས་ཤིང་མདོག་ནག་པོ་ཞལ་གཅིག་པ་ལག་ན་རྡོ་རྗེ་དང་དྲིལ་བུས་སྦྲེལ་བ་རང་དང་འདྲ་བའི་རིག་མ་

ལ་འཁྱུད་པ་གཡས་བརྐྱང་བས་གནས་པ་མི་བསྐྱོད་པའི་ཅོད་པན་ཅན་བསྒོམ་པར་བྱའོ། །ཆོས་འབྱུང་གི་ནང་བརྒྱད་པོ་དེའི་སྟེང་དུ་ཉི་ཟླ་ཚངས་པ་ལ་སོགས་པའི་ལྷར་ལྡན་པ། རྒྱལ་ཆེན་བཞིའི་རིས་དང་ལྡན་པ་སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་

དགའ་དང་། གཞན་འཕྲུལ་དབང་བྱེད་དོ། །འདོད་པ་ན་སྤྱོད་པ་དང་ལྡན་པའོ། །ཚངས་པ་འཁོར་དང་། ཚངས་པ་མདུན་ན་འདོན་དང་། ཚངས་པ་ཆེན་པོ་སྟེ། བསམ་གཏན་དང་པོ་དང་ལྡན་པ་དང་། འོད་ཆུང་དང་ཚད་མེད་འོད་དང་། འོད་གསལ་ཏེ། བསམ་གཏན་གཉིས་པར་སྐྱེས་པ་

དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཏེ། བསམ་གཏན་གསུམ་པར་སྐྱེས་པ་དང་། སྤྲིན་མེད་འོད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་དང་། གྱ་ནོམ་སྣང་བ་དང་། འོག་མིན་ན་གནས་པ་སྟེ། བསམ་གཏན་བཞི་པ་

ལས་སྐྱེས་པ་གཟུགས་ན་སྤྱོད་པ་དང་ལྡན་པའོ། །བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པ་དང་། འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ན་གནས་པ་དང་ལྡན་པ་སྟེ། ཨཾ་ཡིག་ལས་སྐྱེས་པ་སྐུ་མདོག་དཀར་པོ། རྡོ་རྗེ་དང་དྲིལ་བུ་འཛིན་པ་འཁོར་དང་བཅས་པ་རང་དང་འདྲ་བའི་རིག་

མ་དང་ལྡན་པ། གཡས་བརྐྱང་བས་གནས་པ་རྣམ་པར་སྣང་མཛད་ཀྱི་ཅོད་པན་ཅན་བསྒོམ་པར་བྱའོ། །དེའི་འོག་ཆོས་འབྱུང་གི་ནང་དུ་ནི་མཐའ་ཡས་དང་། བ་སུ་ཀ་དང་། ཏཀྵ་ཀ་དང་། ཀར་ཀོ་ཊ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་ལ་སོགས་པའི་ཀླུ་

དང་ཐག་བཟངས་རིས་དང་། པ་ལི་དང་། པྲ་ཧ་དང་། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མ་ཡིན་ཆེན་པོ་ནི་ས་འོག་ན་གནས་པའོ། །སའི་ལྷ་ཡང་འཁོར་དང་བཅས་པའོ། །ཡང་སོས་དང་། ཐིག་ནག་དང་བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་།

Vol. 9 · folio 302a

རབ་ཏུ་ཚ་བ་དང་། མནར་མེད་པའི་མིང་ཅན་ཏེ་ཚ་བའི་དམྱལ་བ་ན་རབ་ཏུ་གནས་པ་ཚ་བ་དང་ལྡན་པ་དང་། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་ཅན་དང་། སོ་ཐམས་ཐམས་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་དང་། པདྨ་དང་། པདྨ་ཆེན་པོ་དང་ཞེས་བྱ་བ་གྲང་བ་ན་གནས་

པའི་དམྱལ་བ་དང་ཆུ་དང་སྐམ་དང་། རླུང་གི་ཕྱོགས་དང་རི་བོ་ལ་སོགས་པ་སོ་སོ་ན་གནས་པའི་སེམས་ཅན་དམྱལ་བའི་རིས་སུ་སྐྱེས་པ་ཁ་དོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། གཡས་བརྐྱང་བས་གནས་པ་འོད་དཔག་མེད་པའི་ཅོད་པན་

ཅན་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གོས་རྣམ་པར་བཀྲ་བ་དང་ཐོར་ཚུགས་དང་། མེ་ཏོག་དང་། རྣ་བར་ཨུཏྤ་ལ་དང་། རྣ་ཆ་དང་། མགུལ་རྒྱན་དང་དོ་ཤལ་དང་དཔུང་རྒྱན་དང་། རྐང་གདུབ་དང་སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་

དྲིས་ཉེ་བར་བྱུགས་པའི་བི་དྷི་ཀ་བརྒྱད་ཀྱི་དབུས་སུ་ཆོས་འབྱུང་ལ་གནས་པའི་ལྷ་སྟེ། ཤར་དང་དབང་ལྡན་དག་གི་མཚམས་སུ་དྲིས་ཉེ་བར་བྱུགས་ལ་བི་དྷི་ཀ་ནི་ཆོས་འབྱུང་གི་སྟེང་ན་གནས་པ་སྟེ། ནུབ་དང་བདེན་བྲལ་དག་གི་བར་གྱི་བི་དྷི་ཀ་ལ་ནི་ཆོས་འབྱུང་གི་འོག་ན་གནས་པའི་

ལྷའོ། །ཡང་ན་རང་དང་ཉེ་བ་ཇི་བཞིན་དུ་རིམ་པས་དཀར་མོ་ལ་སོགས་པ་བཀུག་སྟེ། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། བསང་གཏོར་ལ་སོགས་པ་ཡང་བྱིན་ལ་གཏོར་མ་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ལ་འདི་ནི་གཏོར་མ་བྱིན་གྱིས་བརླབ་པའི་

སྔགས་སོ། །ཨོཾ་ཨིནྡ། ཛ་མ་ཛ་ལ། ཛ་ཀྑ་བྷཱུ་ཏ། བཱ་ཧྣི། བཱ་ཨུ་རཀྑ། ཙནྡ། སུཛྫ། མཱ་ད། པཔྤ་ཏཱ་ལཾ། པཱ་ཏཱ་ལ། ཨཥྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛིཾ་གྷཱ་ཕུལླ། དྷཱུ་པ། མཱཾ་ས། པིཾ་ག །ཨམྦྷ་སཔྤ་ཀཛྫ་སཱ་དྷ། ཁནྟི། ཁུ་ནི། ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་

ཎཱཾ། ཨཱདྱ་ནུཏྤནྣ་ཏྭ་ཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་དེ་རྣམས་ཀྱི་ལྕེ་ལ་ཧཱུྃ་ཡིག་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་ཕྲ་ཞིང་མཛེས་པ་བསམ་པར་བྱ་སྟེ། སྤྲོ་བའི་སྦྱོར་བས་དེའི་རང་བཞིན་དུ་ལྕེ་བྱས་ལ། དེ་ནས་ལངས་ཏེ་རྔ་ལ་སོགས་པའི་སྒྲས་དེ་ལ་མངོན་དུ་ཕྱོགས་ཤིང་རིམ་པ་དེ་

Vol. 9 · folio 302b

ལྟ་བ་བཞིན་དུ་ཁུར་པའི་ཁུ་བ་ལ་སོགས་པ་ཐལ་མོས་ལན་གསུམ་གྱི་བར་དུ་གཏོར་ཞིང་བདུད་རྩིའི་མཆོག་ཏུ་གྱུར་པའི་གཏོར་མ་དེས་དེ་དག་ཚིམ་པར་བྱའོ། །དེ་ལྟར་ན་ཕྱོགས་སྐྱོང་ལ་སོགས་པ་ལ་གཏོར་མ་ཕུལ་བས། དེ་རྣམས་ཀྱིས་ཉེ་བར་སྤྱད་དེ་དགའ་བ་དང་ལྡན་པས་སྒྲུབ་པ་པོ་

ལ་མངོན་པར་མོས་པའི་དངོས་གྲུབ་སྟེར་ཞིང་ཕྱོགས་པར་བསྒོམས་ལ། ཡང་འཐོར་འཐུང་ལ་སོགས་པ་ཕུལ་ཏེ་མཆོད་པ་རྣམ་པ་ལྔས་མཆོད་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟོད་ཅིང་། ཐོད་པ་ན་གནས་པའི་བདུད་རྩི་མྱངས་ལ་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་

དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱའོ། །གཤེགས་ནས་ཀྱང་དེ་རྣམས་རབ་ཏུ་དགའ་བའི་ཡིད་དང་ལྡན་

པས་རང་རང་གི་གནས་སུ་ཤེས་པར་བལྟའོ། །གཏོར་མའི་ཆོ་གའོ། །དེ་ནས་སློབ་དཔོན་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྔགས་པས་རྡོ་རྗེ་དང་དྲིལ་བུ་ལག་ཏུ་བཟུང་སྟེ། གཡས་བརྐྱང་བའི་གོ་འཕང་གིས་གནས་ལ། ཀྱེ་རྡོ་རྗེ་ཕྱག་གཉིས་པའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་སྔོན་

པོའི་ཕྲེང་བ་བླངས་ལ། ཧཱུྃ་ཧཱུྃ་གི་སྒྲ་བརྗོད་པར་བྱ་བ་དང་། ཧི་ཧིའི་རྣམ་པར་འཇིགས་པའི་ངང་ཚུལ་དང་རྡོ་རྗེའི་གོ་འཕང་དང་རྡོ་རྗེའི་གར་གྱི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ལ་དྲིལ་བུ་དཀྲོལ་ཞིང་བསྐོར་བ་གསུམ་བྱས་ལ། དམན་པ་དང་སྟོང་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་

དཀྱིལ་འཁོར་ལ་བལྟས་ལ། མེ་ཏོག་གི་ཕྲེང་བ་སྔོན་པོ་བཅོམ་ལྡན་འདས་ལ་ཕུལ་ཏེ། སླར་གར་གྱི་སྦྱོར་བས་བླངས་ལ། རང་གི་སྤྱི་བོར་བཅིངས་ཏེ། དཀྱིལ་འཁོར་ལ་མཆོད་པ་ཆེན་པོས་མཆོད་པར་བྱའོ། །ཀོ་ཤ་ཏས་ཀར་ཀརྩུ་རེ། །མར་དང་སྦྲང་རྩིར་སྦྱར་བ་ཡི། །དཀྱིལ་

འཁོར་མདུན་དུ་སྤོས་རྣམས་ནི། །རྟག་པར་དགྱེས་མཛད་དགོད་པར་བྱ། །སྲོག་དང་ཀུན་དུར་གླ་བ་དང་། །རྒྱ་མོ་ལས་ནི་འབྱུང་བ་རྣམས། །རིན་ཆེན་རྒྱལ་པོ་དགྱེས་པའི་སྤོས། །བུ་རམ་གྱིས་སྦྱར་ལྷོ་ཡི་ཆར། །པ་པ་ཏི་སྐྲ་པྲ་བ་ག །ས་དེ་དྲི་དང་ས་ཏིར་བྱས། །འོད་དཔག་མེད་ནི་དགྱེས་

Vol. 9 · folio 303a

པའི་སྤོས། །ཁ་ཤར་གྱིས་སྦྱར་རྒྱབ་ཏུ་བཞུག །ཙནྡན་གཉིས་དང་ག་བུར་དང་། གླ་བ་སེན་མོ་ས་ལ་ཀི། དོན་ཡོད་གྲུབ་པ་དགྱེས་པའི་སྤོས། །མར་གྱིས་སྦྱར་ལ་གཡོན་དུ་བཞག །དཔལ་དུམ་མི་བསྐྱོད་ཁ་ཆེ་དང་། །ཕ་ལི་ནི་དང་རྒྱ་མཚོ་སྐྱེས། །དཔལ་ལྡན་ཁྲག་

འཐུང་དགྱེས་པའི་སྤོས། །ཁར་ཡིས་སྦྱར་རང་མདུན་དུ་དགོད། །བོ་ལ་གླ་བ་ས་རྫི་དབང་། །ཀོ་སི་ཨ་སྲེག་འདབ་མཉམ་པ། །ཏིལ་མར་གྱིས་བསྒོས་མར་མེ་ནི། །འོད་ལྡན་མཚམས་སུ་དགོད་པར་བྱ། །གལ་ཏེ་འདུ་བ་ཚོགས་པ་ཡོད་ན་དཀྱིལ་འཁོར་ལས་མི་རིང་བར་བསྙེན་བཀུར་

དང་གུས་པ་སྔོན་དུ་སོང་བས་ཤར་ཕྱོགས་ཀྱི་ཆར་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདོན་པར་བྱའོ། །ལྷོར་ནི་རིན་པོ་ཆེའི་ཏོག་གོ། །ནུབ་ཏུ་ནི་སྡོང་པོ་བརྒྱན་པའི་མདོ་སྡེའོ། །བྱང་དུ་ནི་ཟླ་བའི་སྒྲོན་མའི་མདོ་སྡེའོ། །གར་ལ་སོགས་པ་དང་ཕེག་རྡོབ་པ་ཡང་

ཕྱོགས་བཞིར་བྱའོ། །དེ་ནས་ཡང་མེ་ཏོག་བཟང་པོ་སྣ་ཚོགས་པ་ལ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་འདིས་ལྷན་ཅིག་སྐྱེས་པ་ཡང་དག་པར་སྦྱར་བའི་སྤོས་སོ། །ཨོཾ་

བཛྲ་དཱི་པེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་འདིས་བསྐོལ་བའི་ཏིལ་མར་མེའི་རྩེ་མོའི་སྣང་བའོ། །ཨོཾ་དྷྭྃ་དྷྭྃ་བཛྲ་ནེ་བི་དྱེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བྱ་བ་འདིས་ས་ལི་དྲི་ཞིམ་པོའི་ལྷ་བཤོས་སོ། །གཞན་ཡང་མཆོད་པའི་རྫས་ནི་ཧཱུྃ་ཡིག་ལས་བསྐྱེད་པ་བྱས་ལ་ཡི་གེ་གསུམ་གྱིས་ཕུལ་ལ་

བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་ཆོ་ག་དམན་པ་དང་སྟོང་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དཀྱིལ་འཁོར་ལ་སྔར་ཕྱག་འཚལ་བའམ། ཡང་ན་མོས་པས་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱས་པའི་སྦྱིན་སྲེག་བྱ་སྟེ། དཀྱིལ་འཁོར་གྱི་ལྷོ་ཕྱོགས་སམ། ཤར་

ཕྱོགས་ཀྱི་ཆར་ས་སེར་པོ་ལ་ཞེང་དུ་ཁྲུ་གང་གི་ཚད་ཙམ་བརྐོས་ལ་ཞབས་སུ་ནི་སོར་བཅུ་གཉིས་ཏེ། རྡོ་རྗེ་ཕྲེང་བས་བསྐོར་ཞིང་དབུས་སུ་ནི་བི་དྷི་ཀའི་མཚན་མ་གནས་ཤིང་རིང་ཐུང་སོར་བརྒྱད་པ་གཙོ་བོའི་མཚན་མ་བྱིན་གྱིས་བརླབས་པའི་དབུས་སུ་སྟེ། སྟེང་དུ་སོར་བཞི་པའི་

Vol. 9 · folio 303b

བར་མཚམས་བོར་ལ་ཞེང་དང་དཔངས་སུ་ནི་སོར་བཞི་པ་པདྨ་རྒྱས་པའི་རྣམ་པ་ལྟ་བུ་ལ་ཕྱོགས་རྣམས་སུ་ནི་རྡོ་རྗེ་རྩེ་ལྔ་པས་མཚན་ཅིང་མཚམས་སུ་ནི་རྡོ་རྗེ་རྩེ་གསུམ་པས་བསྐོར་ཞིང་ཁྲུ་གང་ཙམ་གྱི་ཐབ་ཁུང་གི་ས་དང་ལྡན་པའི་ཐབ་ཁུང་བྱས་ལ་ས་སེར་པོས་བྱུག་ཅིང་། དཀྱིལ་འཁོར་

གྱིས་ཡང་ལྕི་བས་ཉེ་བར་བྱུགས་ལ། ཡང་དེ་གཉི་ག་དྲི་སེར་པོ་དང་བདུད་རྩི་ལྔ་བསྲེས་པས་ཉེ་བར་བྱུག་པ་བྱས་ལ། མེ་ཏོག་བཟང་པོ་ཁྲ་བོའམ། མེ་ཏོག་སེར་པོས་དུས་གསུམ་དུ་དགྲམ་པར་བྱའོ། །དེ་ནས་ཐབ་ཁུང་ཤིས་པ་དེ་ལ་ནང་ལ་ནི་ལོ་མའམ། ཤ་ལའི་བར་ནི་འམ་ཆུ་

ཤིང་གི་ལོ་མའམ་གོས་ཕྲ་མོས་ཀུན་ནས་གདབ་པར་བྱའོ། །འབྱོར་པར་མ་གྱུར་ན། རྡུལ་ཚོན་གྱིས་ཐབ་ཁུང་བྲི་བར་བྱའོ། །དེ་ནས་ཁྲུས་དང་དྲི་ཞིམ་པོས་ཡན་ལག་དང་གོས་ཁྲ་བོས་བརྒྱན་པ་དང་། མེ་ཏོག་གི་ཕྲེང་བ་དང་ཐོར་ཚུགས་དང་ཡིད་རབ་ཏུ་དགའ་བས་སྟན་བཟང་པོ་ལ་འདུག་

པའམ། རྒྱལ་པོའི་རོལ་པས་བསྲུང་བའི་བཟླས་པ་བྱས་ལ་ཁ་བྱང་དུ་ཕྱོགས་པའམ་ཁ་ཤར་དུ་ཕྱོགས་པས་ཇི་སྲིད་མངོན་པར་འདོད་པ་རྒྱས་པར་གྱུར་པ་དེ་སྲིད་དུ་སྔགས་པས་དགའ་བ་དང་ལྡན་པས་རྒྱས་པའི་སྦྱིན་སྲེག་བྱའོ། །དེ་ནས་མདུན་དུ་བདུད་རྩི་ལྔ་དང་ཆུར་བསྲེས་པས་མཎྜལ་

བྱས་ལ། མེ་ཏོག་གི་གཅལ་ཡང་བཀྲམ་སྟེ། གཡོན་གྱི་ཆར་ཡང་མཉྫི་ལ་སོགས་པ་གསེར་རམ་དངུལ་ལམ་ཟངས་སམ་རྡོ་ཤིང་ངམ་སའི་རང་བཞིན་ནམ་དུང་ངམ་ཉ་ཕྱིས་སམ་པརྞ་པུ་ཏ་ལ་སོགས་པ་ལེགས་པར་བཀྲུས་ལ་བདུགས་ཏེ་སྣོད་གསུམ་བཞག་ལ། དེ་དག་ཏུ་

ཞོ་དང་ཏིལ་དང་བི་ཏའི་དྲིས་ཇི་ལྟར་བརྗོད་པ་བཞིན་དུ་འཇུག་ངོགས་ཀྱི་ཆུས་དགང་བར་བྱའོ། །དེ་ནས་དང་པོའི་སྣོད་ཀྱི་ཆུ་ལ་ཨོཾ་གྱི་མཐའ་ཅན་ལས་ཐམས་ཅད་པའི་སྔགས་ཀྱིས་ལན་བདུན་གྱི་བར་དུ་བསྔགས་སོ། །སྣོད་གཉིས་པའི་ཆུ་ལ་ནི་ཡི་གེ་གསུམ་གྱི་བར་དུ་ཆུད་པའི་རང་

གི་ལྷའི་སྔགས་ཨོཾ་གྱི་མཐའ་ཅན་གྱིས་ལན་བདུན་གྱི་བར་དུ་བསྔགས་པར་བྱའོ། །དེ་ནས་མདུན་དུ་མཉྫི་གཉིས་ལ་བཟེད་ཞལ་གཉིས་ཀྱི་སྣོད་བཞག་ལ་སྔ་མ་བཞིན་དུ་དགོད་པར་བྱའོ། །གཡས་ཀྱི་ཕྱོགས་སུ་བུད་ཤིང་ལ་མངར་གསུམ་དང་ལྡན་པ་དང་། ཟན་བཟང་པོའི་ཆངས་

Vol. 9 · folio 304a

པ་ལ་ཞོ་མར་དང་སྦྲང་རྩིར་ལྡན་པ་ཏིལ་ནག་པོ་དང་སོ་བ་དང་མར་དུ་ལྡན་པ། ས་ཧའི་མེ་ཏོག་དང་བིལ་བའི་འབྲས་བུ་དང་སཱ་ལུ་དང་འབྲས་ཐུག་པོ་ཆེ་དང་སོ་བ་དང་། ནས་དང་གྲོ་དང་རྒྱལ་པོ་སྲན་མ་དང་། སྲན་མ་མ་ཤ་དང་པདྨ་དང་ནཱ་ག་གེ་སར་དང་ཀར་ནི་ཀ་དང་། མེ་ཏོག་

དམར་པོ་ལ་སོགས་པའི་བསྲེག་རྫས་ལ་ལས་ཐམས་ཅད་པའི་ཆུས་བཏབ་ལ་དགོད་པར་བྱའོ། །དེ་ནས་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར། གཏོར་མ་བྱིན་ལ་ལྷའི་རྣལ་འབྱོར་དུ་བྱས་པའི་རྣལ་འབྱོར་པས་མཆོད་སྦྱིན་གྱི་ཤིང་ལས་བྱུང་བའི་ཐབ་ཁུང་ནས་འབུས་མ་ཟོས་པའི་བུད་ཤིང་

བླངས་ལ། དགེ་འདུན་གྱི་ཚང་བང་ངམ། ནོར་བུ་ལས་བྱུང་བའམ་རྒྱལ་པོའི་ཚང་བང་ནས་མེ་ཆེན་པོའི་མེ་བླངས་ལ། སྣོད་གཙང་མར་བཞག་ལ་འོ་མ་དང་ལྡན་པའི་བུད་ཤིང་སྐམ་པོས་སྦར་ལ། དེ་ནས་དེའི་ཡི་གེ་གསུམ་གྱིས་བུས་ལ་ལས་ཐམས་ཅད་པའི་ཆུ་ལ་ཀུ་ཤའི་བསང་སྦྲེལ་གྱི་རྩེ་མོ་

ནས་བཟུང་ལ་ལན་གསུམ་གྱི་བར་དུ་བསྐོར་ཞིང་གཏོར་ཏེ། ཐབ་ཁུང་གི་དབུས་སུ་ཤིང་སྐམ་པོའི་ཚལ་བུའམ་རྩྭ་སྐམ་པོ་དང་བཅས་པས་གཞུག་པར་བྱའོ། །དེ་ནས་ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་བྱ་བའི་སྔགས་བཟླས་ལ་རླུང་གཡབ་ཀྱིས་སྦར་བར་བྱ་ཞིང་། རིགས་ཀྱི་སྙིང་པོས་ལན་བདུན་

གྱི་བར་དུ་བསྔགས་པའི་མར་གྱིས་བླུགས་ལ་སྦར་བར་བྱའོ། །དེ་ནས་ཨོཾ་ཨི་མེ་ཀུ་ཤཱ་ཤུ་བྷཱ་དི་བྱ་བ་པུ་ཏྲ་བྲཧྨ་བ་བི་ཊེ་ཎ་བུདྡྷ་དྷརྨ་སཾ་ཧ་ར་ཀཱཿཔྲྀ་ཐི་བི་ར་སཾ་བཛྲ་ཏ་གརྦྷ་ཨ་བིགྷྣཱཾ་མ་མ་ཤཱནྟིཾ་ཀུ་རུ་བནྡུ་ཨོཾ་བཛྲ་སཏྭ་ཨཱཿའདིས་ལན་བདུན་གྱི་བར་དུ་བསྔགས་པའི་ཀུ་ཤ་རྩ་བ་ནས་བཏོན་ཅིང་

གསར་པ་དྲི་མས་མ་གོས་པ་མ་ཆད་པ་ཐ་དད་པ་མ་ཡིན་པ་སྲིན་གྱིས་སོ་བཏབ་པ་མ་ཡིན་པ་ཤིན་ཏུ་རིང་བ་མ་ཡིན་པས་བསྐོར་བར་བྱའོ། །བི་དྷི་ཀའི་ཤར་དུ་ཁ་བལྟ་ཞིང་སྦྱིན་པ་དང་གཤིན་རྗེ་ནས་ནུབ་ཏུ་ཁ་བལྟ་བ་དང་། བྱང་དུ་རྩེ་མོ་བསྟན་ལ། མེ་ནས་ཤར་དུ་རྩེ་མོ་བསྟན་པར་བྱའོ། །

དེ་ནས་རང་གི་ལྷའི་ས་བོན་ལས་ཐབ་ཁུང་བསྐྱེད་ལ་དེ་ནས་མེ་འབར་བ་དེའི་དབུས་སུ་རེ་ཕ་དང་བཅས་པའི་དཀྱིལ་འཁོར་ཟུར་གསུམ་པ་དང་པོ་མཆོག་གི་ཐུགས་ཀྱི་གཟུགས་ལ། ཨོཾ་ཡོངས་སུ་གྱུར་པའི་པདྨ་ལ་གནས་པའི་ཡི་གེ་ཧཱུྃ་ལས་སྐྱེས་པ་ཁ་དོག་སེར་པོ་དབུ་སྐྲའི་ཐོར་ཚུགས་ཅན་

Vol. 9 · folio 304b

གཡས་ན་བགྲང་ཕྲེང་དང་མི་འཇིགས་པ། ཕྱག་གཡོན་ན་སྤྱི་བླུགས་དང་དབྱུག་པ་འཛིན་པ། གསུས་པ་འཕྱང་བ་ན་བཟའ་སེར་པོ་ཅན་ཚངས་སྐུད་དང་ལྡན་པ། འོད་ཟེར་སེར་ཞིང་གདན་སེར་པོ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མེ་ལྷ་རྣམ་པར་བསྒོམས་ལ།

ནམ་མཁའ་ལ་ཡང་ཡེ་ཤེས་སེམས་དཔའ་བལྟས་ལ་སྔགས་འདོན་ཞིང་སྤྱན་དྲང་བར་བྱ་སྟེ། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀཱ་མཱརྠ་པྲ་སཱ་དྷ་ཀཱ། ཀ་རུ་ཎ་ཀྲྀ་ཏྶ་ཏྭ་ཨརྠ་ཨསྨིན་སནྣི་ཧི་ཏོ་བྷ་བ་ཞེས་བྱ་བས་སོ། །དེ་ནས་ཡེ་ཤེས་ཀྱི་མེ་ལྷ་སྤྱན་དྲངས་ཏེ། དེ་ཉིད་གསུམ་གྱི་དབུས་སུ་ཆུད་

པའི་ཊཀྐིའི་སྔགས་ཀྱིས། མདུན་གྱི་ནམ་མཁའི་ཕྱོགས་སུ་པདྨའི་གདན་ལ་དགོད་ཅིང་དེ་དང་ལྷན་ཅིག་ལྷག་པའི་བགེགས་ཧཱུྃ་ཡིག་གིས་བསྐྲད་ལ། ཆུ་སྣོད་དང་པོ་ལས་ཀུ་ཤའི་གཙང་བསྲེལ་གྱིས་དང་པོའི་བཟེད་ཞལ་དུ་བསང་གཏོར་ལན་གསུམ་དབུལ་ལོ། །དེ་ནས་མཐེབ་

མཛུབ་གཉིས་ཀྱིས་སྣོད་གཉིས་པ་ན་གནས་པ་ནས་མེ་ཏོག་དང་བཅས་པའི་ཆུ་བླུགས་ལ་དེ་བཞིན་དུ་འཐོར་འཐུང་ལན་གསུམ་དབུལ་བར་བྱའོ། །དེ་ནས་ཨོཾ་ཛཿཧཱུྃ་བཾ་ཧོཿ། ཁཾ་རཾ་པྲ་བ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བརྗོད་ལ་རྡོ་རྗེ་རྩེ་མོ་ཁ་ཕྱེ་ནས་ཆུ་སྣོད་གསུམ་པ་

ནས་སྣོད་གཉིས་པར་མཆོད་ཡོན་ལན་གསུམ་གྱི་བར་དུ་དབུལ་བར་བྱའོ། །དེ་ནས་ཨོཾ་ནི་རི་ཏི་ཧཱུཾ་ཁཾ་པྲ་བ་ར་སཏྐཱ་ར་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་བྱ་བ་འདིས་དེ་ན་གནས་པའི་ཆུ་ཉིད་ལས་མཐེབ་མཛུབ་སྦྱར་བས་མེ་ཏོག་དང་བཅས་པ་བླངས་ཏེ་དེ་བཞིན་དུ་དལ་བས་ལན་གསུམ་གྱི་བར་དུ་

ཞབས་ལ་དབུལ་བར་བྱའོ། །དེ་ནས་ཨོཾ་ཨགྣ་ཡེ་ཨཱདྱི་བྱཱ་དི་བྱཱ་བི་ཥཱ་བི་ཥཱ་མ་ཧཱ་ཤྲི་ཡེ་ཧ་བྱཱ་ཀ་བྱཱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་དེ་བཀུག་ལ་དམ་ཚིག་གི་མེ་ལ་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་དང་། འདིའི་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབ་པ་དང་།

དབང་ཡང་བྱ་སྟེ། ཡང་བསང་གཏོར་ལ་སོགས་པ་དང་ཆོ་གའི་རྗེས་སུ་འཇུག་པ་སྔར་བརྗོད་པའི་སྔགས་ཉིད་ཀྱིས་མཆོད་པ་རྣམ་པ་ལྔས་མཆོད་ལ་ཡང་དག་པར་གྲུབ་པའི་མེ་ལ་མངོན་པར་བསྟོད་པར་བྱའོ། །དེའི་རྗེས་ལ་གསེར་རམ་ཟངས་སམ་མཆོད་སྦྱིན་གྱི་ཤིང་ལས་བྱས་

Vol. 9 · folio 305a

པ་སྐྱེས་བུའི་མཐེབ་སོར་གྱི་ཚད་དང་ལྡན་པ་སྟེ། སོར་ཉི་ཤུ་བཞི་པ་ཆང་ཟུངས་ལ་རྡོ་རྗེས་མཚན་པ་རྣལ་འབྱོར་དབྱུག་པའི་སྟེང་དུ་ནི་སོར་བཞི་པ་ལ་གྲུ་བཞི་པ་ཟབས་སུ་སོར་གཉིས་བྲུས་པ་དང་པོ་མཆོག་གི་རྡོ་རྗེས་མཚན་པ་གུང་མོའི་ཚད་ཀྱིས་རོ་འབབ་པའི་བུག་

པ་དང་ལྡན་པ། དེའི་མཆུ་ནས་འོག་ཏུ་སོར་བཞི་པ་ལ་དབུས་སུ་རྩེ་མོར་ཐུག་པ་དང་བཅས་པ་སྟེ། རྩེ་གསུམ་པའི་རྡོ་རྗེའོ། །རྩེ་གསུམ་རྡོ་རྗེའི་དབུས་སུ་པདྨའི་འདབ་མའི་རྣམ་པའོ། །དབྱུག་པའི་འོག་ཏུ་ནི་སོར་དྲུག་པའི་རྡོ་རྗེ་རིན་པོ་ཆེས་མཚན་པའི་བླུགས་གཟར་དེ། དེ་དང་

རྗེས་སུ་མཐུན་པའི་དབྱུག་པ་ལ་རྡོ་རྗེ་རིན་པོ་ཆེ་དང་། རྒྱར་ནི་སོར་གཉིས་པ་པདྨའི་འདབ་མའི་རྣམ་པ་ལ་ཟབས་སུ་སོར་གང་ཙམ་བརྐོས་ལ་དབུས་སུ་རྡོ་རྗེ་མཆོག་གི་རྡོ་རྗེས་མཚན་པའི་དགང་གཟར། དེའི་ཁ་ལ་ནི་རང་གི་ལྷའི་ས་བོན་དང་མེའི་ཁར་ཡང་རྃ་ཡིག་བཀོད་ལ་པུས་མོའི་

ནང་ནས་ལག་པ་ཁ་གྱེན་དུ་བལྟས་ཏེ། ལག་པ་གཡོན་པས་མར་གྱིས་བཀང་བའི་བླུགས་གཟར་བླངས་ལ་ལག་པ་གཡས་པ་ཁ་སྦུབ་སྟེ་བླུགས་གཟར་ལ་བསྐྱོན་པའི་དགང་གཟར་བླངས་ཏེ། དེའི་བླུགས་གཟར་མར་གྱིས་བཀང་ལ་ཨོཾ་ཨགྣ་ཡེ། ཨོཾ་ཨ་མུ་ཀཾ་སྱ་པུཥྚིཾ་ཀུ་རུ་ཨོཾ།

ཞེས་བྱ་བའི་སྔགས་ཀྱིས་བསྲེག་རྫས་ལ་བསྲེགས་པས་མེ་ལྷའི་ཁ་ཅུང་ཞིག་དབྱེ་བའོ། །དེ་ནས་དགང་གཟར་དང་བླུགས་གཟར་དུ་བཅས་པ་བསྐོར་བ་བྱས་ལ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ། ཨགྣ་ཡེ་ཨོཾ་ཨ་མུ་ཀཾ་སྱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་བརྗོད་ལ་རྫོགས་པའི་སྲེག་པ་བྱའོ། །

དེ་ནས་སྔགས་པས་མཉམ་པར་གཞག་པས་མེའི་ཁ་དོག་དང་དྲི་དང་སྒྲའི་རྣམ་པས་མེའི་མཚན་ཉིད་དགེ་བ་དང་མི་དགེ་བའི་ལྟས་བརྟག་པར་བྱ་སྟེ། མེ་ནི་རྩེ་གཅིག་འབར་བ་ཡིས། །སྦྱོར་བ་ཐམས་ཅད་བྱེད་པར་འགྱུར། །གཡོ་བ་མེད་པས་མཉམ་འབར་ལ། །རྩེ་གཉིས་པ་ནི་

འབྲིང་པོར་ཤེས། །གལ་ཏེ་འབར་བ་རྩེ་བཞི་ལ། །ལེགས་པར་མཉམ་ནས་མཐོང་ན་ནི། །དེ་ན་རྟག་ཏུ་ས་རྣམས་ཀྱི། །རྒྱ་མཚོ་བཞི་ཡི་སྐ་རགས་སོ། །ཀུན་ད་ཟླ་མཚུངས་སྣུམ་པ་ཡི། །བཻ་ཌཱུརྱ་གཟུགས་བཟང་པོའི་འོད། །དུ་བ་མེད་ཅིང་དྲི་བྲལ་མེ། །ནད་མེད་རིགས་རྒྱུད་

Vol. 9 · folio 305b

འཕེལ་བར་བྱེད། །ཆུ་ཤེལ་ནོར་བུ་དང་མཚུངས་པའི། །ཁ་བ་ཡི་ནི་རྣམ་པ་འདྲ། །བུ་ཡ་ར་ག་ལྟ་བུ་ཡིས། །སྡིག་པ་འཕྲོག་ཅིང་དངོས་གྲུབ་སྟེ། །ལྷམ་བུ་ཆུ་ཤེལ་དབང་པོའི་གཞུ། །གློག་དང་བྱུ་རུ་དང་མཚུངས་ལ། །གསེར་སྦྱངས་ཨིནྡྲ་ནཱི་ལ་དང་། །ཉི་འོད་རྒྱལ་སྲིད་ལོངས་

སྤྱོད་སྟེར། །ཙམ་པ་འདམ་སྐྱེས་ཨུཏྤལ་སི། །མ་ལ་ཏི་དྲིས་བསིལ་དང་ལྡན། །ག་པུར་ཨ་རུ་ཎ་ཡི་དྲི། །རིག་པའི་གནས་ཀྱི་བདག་པོ་གཏེར། །གླང་ཆེན་རྟ་དང་ཁྱུ་མཆོག་སྒྲ། །དུར་བ་ཀེང་གི་ལ་ཡི་སྒྲ། །ཡུལ་འཇུག་དུས་ཀྱི་སྦྱིན་སྲེག་གིས། །དགྲ་རྣམས་འཇོམས་ཤིང་

རྣམ་པར་རྒྱལ། །པི་ཝང་གླིང་བུ་མེ་དང་འགའ། །པདྨ་དུད་དང་ཀ་ཧའི་སྒྲ། །ཤིན་ཏུ་ཟབ་ཅིང་ཤིན་ཏུ་སྣུམ། །སྒྲ་མེད་མེས་ནི་བདེ་བ་སྟེར། །དཔལ་བྱེད་གདུགས་དང་དུང་དང་པད། །རྩེ་མོ་གསུམ་པོ་དག་གི་ཚུལ། །རྒྱལ་མཚན་རྔ་ཡབ་རྡོ་རྗེ་མཆོག །ཀླུ་དྲུང་རྟ་དང་གླང་པོའི་

ཚུལ། །མར་བསྲེག་དགང་གཟར་རྣམ་པ་དང་། །གདན་བཟང་ཉི་མའི་རྣམ་པ་དང་། །སྒྲ་མེད་གཡས་ནས་སྐོར་བྱེད་ཅིང་། །གོང་བུ་གཅིག་པས་དོན་ཆེན་སྟེར། །དགེ་བ་ཡི་ནི་མཚན་ཉིད་དོ། །གཡོ་ཞིང་མངོན་དུ་ཕྱོགས་ཤིང་འབར། །རྩེ་གསུམ་པ་ལ་དུ་བར་བཅས། །འཁོར་

ཞིང་མེ་སྟག་འཕྲོ་བར་བཅས། །ལུས་ངག་ཡིད་ལ་ནད་རྣམས་བྱེད། །གང་ཞིག་ཧོམ་མཁན་བསྲེག་པའི་ཚུལ། །མེ་ལྕེ་རྩེ་གསུམ་ལྟག་པ་འདྲ། །མེ་ལྕེ་ཆད་ཅིང་འོད་ཟེར་བྲལ། །ལངས་ན་དེ་ཡིས་འཆི་བ་སྟེ། །མེ་གང་མྱུར་དུ་གཡོ་བྱེད་ཅིང་། །མྱུར་དུ་དགོད་ཅིང་ནིཥྛ་ར། །

གཡོན་ནས་མྱུར་དུ་འཐོར་བྱེད་ཅིང་། །མྱུར་དུ་ས་ལ་རེག་པར་བྱེད། །འདི་ནི་ཤིང་མཛེར་ཐིག་ལེ་གནག །རིགས་རྒྱུད་ཉམས་ཤིང་འཁུ་བར་སྨྲ། །རྒྱལ་པོའི་བཞོན་པར་ཉམས་པའམ། །ཡང་ན་དེ་ཡི་དཔོན་པོ་འཆི། །མདོག་བྲལ་དུ་བ་སྤྲིན་ནག་དང་། །སྔོ་བསངས་མདོག་དང་ཤིན་

ཏུ་བསྲེས། །རྩུབ་དང་པ་ལ་ས་དམར་འདྲ། །འདོད་པའི་དོན་ནི་ཉམས་པར་བྱེད། །དེ་ཡང་རྙང་དྲི་དྲི་མ་ངན། །ཆུ་སྐྱེས་སྲོག་ཆགས་དྲི་དང་ལྡན། །རྡུལ་དང་བྱི་ལ་མ་ཧེ་དང་། ཅེ་སྤྱང་གཏུམ་པ་དྲི་ཡི་ཆ། །བྱ་རོག་སྦྲུལ་གྱི་དྲི་དག་གམ། །བཤང་བ་དུ་མའི་དྲི་དང་ལྡན། །གལ་ཏེ་འདི་

Vol. 9 · folio 306a

འདྲའི་མེར་གྱུར་ན། །གཙོ་བོ་རྒུད་པར་སྨྲ་བར་བྱེད། །ཙ་ཏ་ཙ་ཏའི་སྒྲ་ལ་སོགས། །འུར་འུར་ཞེས་པའི་སྒྲ་དང་ལྡན། །འཚེག་འཚེག་སྒྲ་ཡི་རང་བཞིན་ནམ། །རྡོ་རྗེ་སྒྲ་ཡིས་ནོར་ཉམས་བྱེད། །རལ་གྲིའི་རྩེ་མོར་ཟུར་འདྲ་དང་། །རྔ་མོ་བ་ལང་མགོ་དང་མཚུངས། །

གང་འདི་འཇིགས་པའི་རྣམ་པ་སྟེ། །གལ་ཏེ་སྦྱིན་སྲེག་འདི་བརྗོད་ན། །མི་དགེ་བ་ཡི་མཚན་ཉིད་དོ། །དེ་ལྟར་ཤེས་པར་བྱས་ནས་གལ་ཏེ་སྔགས་པས་མི་དགེ་བའི་ལྟས་མཐོང་བ་དེ་ལྟ་ན་ནི་ལས་ཐམས་ཅད་པའི་ཆུས་ལན་བདུན་གཏོར་ཞིང་། ལས་ཐམས་ཅད་པའི་སྔགས་ཀྱིས་སྦྱངས་

ལ་བསྲུངས་ཏེ། མར་གྱིས་བསྲེགས་པས་ལན་བདུན་བསྲེག་པར་བྱ་ཞིང་། ཡང་སྔ་མ་བཞིན་དུ་བསྐོར་བར་བྱའོ། །དེ་ལྟར་བགེགས་མེད་པར་བྱས་ནས་ཡང་མེ་ལ་བསྲེག་རྫས་དང་མར་དགང་གཟར་དང་བླུགས་གཟར་གང་བ་གཅིག་གམ་གསུམ་མམ་ལན་བདུན་དུ་འབྱོར་ཚད་ཀྱིས་

བླུགས་གཟར་དགང་གཟར་ལྡན་པས་དབུལ་བར་བྱ་སྟེ། ཨོཾ་ན་མཿཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་བླུགས་གཟར་གྱིས་མར་གྱི་སྲེག་བླུགས་གསུམ་མམ་བདུན་བསྲེགས་ལ། པ་ལ་ཤ་དང་། ཨུ་དུམྺཱ་ར་དང་། ཨ་མྲ་དང་། ཀ་ཏམྦ་དང་། ཀསྨ་རྱ་དང་། ཨ་ཤྭཏྠ་དང་། པ་

ལ་ཀྵ་དང་། ནྱ་གྲོ་དྷ་ལ་སོགས་པའི་ཡམ་ཤིང་གི་ཤིང་འོ་མ་ཅན་ལས་སྐྱེས་པའི་ཤིང་སར་པ་ལོ་མ་གཉིས་དང་བཅས་པ་མཉམ་པར་བཅད་པ་དབུས་ཀྱི་ཆ་ནས་ལག་པས་བཟུང་ནས་རྩེ་མོ་གཉིས་མཉམ་པར་གཤིབས་ལ་བདུད་རྩི་དང་དྲི་སེར་པོའི་ཆུས་བཀྲུས་ལ་ཞོ་དང་འོ་མ་དང་མར་ལ་རྩེ་མོ་གཉིས་བསྙུགས་ཏེ། མིང་

མེད་དང་མཐེ་བོས་བཟུང་ལ་ཡམ་ཤིང་རྩེ་གཅིག་པས་བསྲེག་པར་བྱའོ། །ཡང་ན་སེང་ལྡེང་དང་ཉི་མའི་ཤིང་དང་པ་ལ་ཀྵ་དང་། པི་པི་ལིང་དང་། ཨ་པསྨ་ན་དང་། པ་ལ་ཤ་དང་། ཨུ་དུམྺཱ་ར་དང་། བྷ་ཏ་དང་། བེ་ཀཾ་ཀ་ཏ་དང་། ཨ་མྲ་དང་། སཱ་ལི་དང་། ཁ་ལྕེ་ལས་སྐྱེས་པ་ཤིན་ཏུ་གསར་ཞིང་དྲང་ལ་

ལོ་མ་དང་བཅས་པའི་ཡམ་ཤིང་ཕྱོགས་དྲང་པོ་ནས་རང་རང་གི་སྔགས་ཀྱིས་བསྲེག་པར་བྱའོ། །ཡ་ཡོ་ཅན་དང་སྐྲ་འདབ་ཅན་དང་བྲལ་བ་རྩེ་མོ་ཉམས་པ་དང་། པགས་པ་དང་བྲལ་བ་དང་རིང་བ་དང་ཐུང་བ་དང་སྦོམ་པ་དང་ཕྲ་བ་དང་། ཡོ་བ་དང་རྩེ་མོ་ཁྲག་དང་སྲིན་གྱིས་ཟོས་པ་དང་། སྲོག་

Vol. 9 · folio 306b

ཆགས་དང་བཅས་པ་ནི་སྤང་བར་བྱའོ། །དེའི་རྗེས་ལ་ཡམ་ཤིང་གིས་བསྲེག་པའི་མེ་ལ་མར་དང་མར་ཁུ་མ་ཉམས་པ་དང་ཁྲེ་དང་སོ་བ་དང་དཱུར་བ་དང་ཀུ་ཤ་ལ་སོགས་པའི་བསྲེག་རྫས་གཞན་བསྲེག་པར་བྱ་བ་སྔགས་བརྗོད་ལ་བསྲེག་པར་བྱ་སྟེ། སྔགས་སོ་སོའི་མཐའ་རུ་ཨོཾ་

ཆེ་གེ་མོ་རྒྱས་པར་གྱིས་ཤིག །ཨོཾ་ཞེས་བསྐུལ་བའི་སྔགས་ཀྱིས་དོར་བར་བྱའོ། །དེ་ལ་སྔགས་ཀྱི་ཚིག་ནི་ཨོཾ་བཛྲཱ་ཡ་ཛཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའིའོ། །ཨོཾ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པ་ལ་ཀྵའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷ་ལ་

སོགས་པའི་འོ་མ་ཅན་གྱིའོ། །ཨོཾ་ས་ཧཱ་གཱ་ཧཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །དེ་ལྟར་ན་གཞན་ལ་ཡང་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་བཾ་ད་ཧ་སྭཱ་ཧཱ། ཏིལ་ལ་སོགས་པའི་འོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། མ་ཉམས་པའི་ཁྲེ་ལ་སོགས་པའི་འོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། སོ་བ་

དང་བཟའ་བ་མཆོག་གིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བའིའོ། །ཨོཾ་ཨ་པྲ་ཏི་ཧ་ཏཱ་ཡ་སྭཱ་ཧཱ། ཀུ་ཤའིའོ། །བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའི་འོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མའི་འོ། །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། གྲོའི་འོ། །རྫས་གཞན་ལ་ཡང་ཧཱུྃ་གི་དེ་ཁོ་ན་ཉིད་གསུམ་

ལས་སྐྱེས་པ་རྣམས་ཀྱིས་སོ། །དེ་ལ་གལ་ཏེ་ཡོད་ན་འཇུ་བའི་རྫས་དེ་ཐམས་ཅད་ནི་མེ་ལྷའི་ཞལ་དུ་དབུལ་ལོ། །ཀུ་ཤ་ལ་སོགས་པའི་བསྲེག་རྫས་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །བཟའ་བ་དང་བཏུང་བ་ལ་སོགས་པ་ནི་ཕྱག་ཏུའོ། །མེ་ཏོག་ནི་སྤྱི་བོར་རོ། །སྤོས་ནི་འབར་བ་ལའོ། །

དྲི་ནི་སྙིང་གར་རོ། །བསང་ཏོར་ནི་སྐུ་དང་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་དང་ལྷ་བ་ཤོས་ནི་མདུན་དུའོ། །དགང་གཟར་དང་བླུགས་གཟར་མེད་པར་གྱུར་ན་ལག་པའི་མཐེབ་མཛུབ་ཀྱི་སྦྱོར་བས་བསྲེག་རྫས་ཐམས་ཅད་བསྲེག་པར་བྱའོ། །དེ་ལ་སོར་མོ་ལྔའི་སྦྱོར་བས་ནི་

རྫོགས་པའི་སྲེག་བླུགས་སོ། །གུང་མོ་དང་མིང་མེད་དང་མཐེ་བོའི་སྦྱོར་བ་ཅིག་ཤོས་ཀྱིས་སྲེག་བླུགས་སྦྱིན་པར་བྱའོ། །དེ་ནས་མེ་ལྷ་ལ་འཐོར་འཐུང་ལ་སོགས་པ་བྱིན་ལ། མེ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་མེར་གྱུར་པས་ཆོས་ཀྱི་དབྱིངས་སུ་གྱུར་པ་ལ།

Vol. 9 · folio 307a

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལས་མ་ལུས་པའི་གནས་འཇིག་རྟེན་ལས་འདས་པའི་མེར་བལྟས་ལ། དེའི་སྙིང་གའི་པདྨ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་རང་གི་ལྷའི་ས་བོན་གྲུབ་པ་མཚན་མ་དང་ས་བོན་ལས་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་

ལྷ་མོ་དང་དཀྱིལ་འཁོར་གྱི་བདག་པོར་བཅས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དཔལ་ཀྱེ་རྡོ་རྗེར་བསྒོམས་ལ། ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་སྤྱན་དྲངས་ལ་མདུན་གྱི་ནམ་མཁའི་ཕྱོགས་སུ་དགོད་པར་བྱའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱན་ནི་ཧ་བྷ་ག་ཏྱཾ། ས་མ་ཡེ་ན་ཙ་ཨནྡྷ་དི་ཀཾ་ཙ།

པྲ་ཏི་ཙེ་དཾ་མེ་ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་བགེགས་བསྐྲད་པ་ལ་སོགས་པ་བྱ་ཞིང་འཐོར་འཐུང་དང་བསང་གཏོར་ལ་སོགས་པ་ཕུལ་ལ། ཛཿཧཱུྃ་བཾ་ཧོཿ། ཞེས་བྱ་བ་འདིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ། ཡེ་ཤེས་ཀྱི་འཁོར་ལོ་དང་དམ་ཚིག་གི་

འཁོར་ལོ་གཉིས་ལྷན་ཅིག་ཏུ་གྱུར་ཅིང་ཆུ་དང་འོ་མ་ལྟ་བུར་བལྟའོ། །དེ་ནས་དཀྱིལ་འཁོར་དེའི་ལུས་དང་མིག་ལ་སོགས་པ་རྣམ་པར་སྦྱང་བ་དང་དབང་བསྐུར་བ་ཡང་བྱས་ལ། སླར་ཡང་བསང་གཏོར་དང་འཐོར་འཐུང་ལ་སོགས་པ་དང་མཆོད་པ་དང་བསྟོད་པའི་བར་གྱིས་ཆོ་ག་བྱས་

ལ། ལྕེ་ལ་ཧཱུྃ་ཡིག་བསྟིམས་ཏེ། རང་རང་གི་སྔགས་ཀྱིས་ཅིག་ཤོས་ཀྱི་སྲེག་བླུགས་ཀྱང་སྔོན་བཞིན་དུ་ཕུལ་ལ། ཡོ་བྱད་ཐམས་ཅད་ཀྱི་རྫས་བསྲེས་ལ། སྲེག་བླུགས་གཅིག་གམ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དམ་སྟོང་ཕྲག་བརྒྱ་ཇི་ལྟར་རྙེད་པ་སྔ་མ་

བཞིན་དུ་འབུལ་ལོ། །དེ་ནས་ཡང་བསྲེག་རྫས་ཐམས་ཅད་ལྷ་རྣམས་ཀྱི་ལྗགས་ལ་ལེགས་པར་ལྷུང་བར་མོས་པར་བྱའོ། །དབང་གི་དུས་སུ་ནི་ཡོན་ཕུལ་ལ་སློབ་མ་རྣམས་ཀྱི་ལག་པ་གཡོན་པའི་མཐེ་བོ་སོ་སོ་ནས་གཟུང་ལ་རང་ངམ་གཞན་གྱིས་སྲེག་བླུགས་གསུམ་མམ་བདུན་བྱིན་ལ་ཡོད་

པར་གྱུར་ན། རྒྱལ་པོ་སའི་བདག་པོ་དང་དགེ་འདུན་དང་ལྷ་མོ་དང་ཕྱོགས་སྐྱོང་བ་དང་། བདག་ཉིད་རྒྱས་པར་བྱ་བའི་དོན་དུ་སྲེག་བླུགས་བསྲེག་པར་བྱའོ། །དེ་ལྟར་ཅི་རྙེད་པའི་སྦྱིན་སྲེག་བྱས་ལ་མཐར་ནི་རིགས་ཀྱི་སྙིང་པོ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ཏུ་མར་གྱི་སྲེག་

Vol. 9 · folio 307b

བླུགས་ཀྱིས་ཉེ་བར་སྦར་བར་བྱའོ། །དེ་ནས་རྫོགས་པའི་སྲེག་བླུགས་ཕུལ་ལ་འཐོར་འཐུང་དང་ཕྱེ་མ་དང་བྲལ་བའི་ཏ་མྦོ་ལ་དང་། གོས་ལ་སོགས་པ་ཕུལ་ལ་མཆོད་པ་དང་བསྟོད་པ་བྱས་ལ། དེ་ནས་ལྷ་དེ་དག་ཐམས་ཅད་ལ་ཙནྡན་ལ་སོགས་པ་དང་མར་ལ་སོགས་པའི་རྫས་ཀྱིས་

དགའ་ཞིང་མགུ་ནས་རང་གི་ལུས་ཀྱི་སྤྲིན་སྤྲོས་པས་རིན་པོ་ཆེ་དང་བདུད་རྩིས་གང་བའི་བུམ་པ་ལག་ན་བཟུང་སྟེ། བསྒྲུབ་བྱ་ལ་དབང་བསྐུར་ཞིང་རྡོ་རྗེའི་ལུས་སུ་བྱས་ལ་དེའི་ཁང་པ་ཡང་རིན་པོ་ཆེ་དུ་མས་ཡོངས་སུ་གང་བར་བསྒོམས་ལ་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱང་བསྐྱེད་ཅིང་།

རང་གི་ལུས་ཀྱི་སྤྲིན་རང་ཉིད་ལ་ཡང་དག་པར་འདུས་པར་བལྟའོ། །དེ་ནས་སྔགས་པས་མེ་ཏོག་གི་ཐལ་མོ་སྦྱར་ལ་མཉམ་པར་གཞག་སྟེ་ལུས་བཏུད་ལ་དམན་པ་དང་སྟོང་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་དང་། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་མཁྱེན་ཅིང་བཟོད་པར་གསོལ་བར་བྱ་སྟེ།

བཅོམ་ལྡན་བདག་ལ་ནུས་མེད་པས། །མ་འབྱོར་པ་དང་མ་རིག་དང་། །དམན་པའམ་ནི་ལྷག་པ་སྟེ། །གང་བགྱིས་དེ་ཁྱོད་བཟོད་པར་གསོལ། །ཞེས་བྱ་བས་སོ། །དེ་ནས་བཛྲ་སཏྭ་ཞེས་ལན་གསུམ་བརྗོད་པར་བྱའོ། །ཨོཾ་ཁྱེད་ཀྱིས་འགྲོ་བའི་དོན་ཀུན་མཛད། །རྗེས་སུ་མཐུན་པའི་

དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར་མཛད་དུ་གསོལ། །ཨོཾ་ཨཱཿཧཱུྃ་བཛྲ་མུཿཞེས་བརྗོད་ལ་རང་གི་འདོད་པའི་ལྷའི་དཀྱིལ་འཁོར་གཤེགས་སུ་གསོལ་བར་བྱའོ། །དེ་ནས་ཐབ་ཁུང་དང་མེ་ལྷ་སྔོན་བཞིན་དུ་བསང་གཏོར་དང་འཐོར་འཐུང་

ལ་སོགས་པ་ཕུལ་ཏེ་མངོན་པར་མཆོད་ལ། རིམ་པ་བཞིན་དུ་ཡོ་བྱད་ལྷག་མ་བསྲེག་པར་བྱའོ། །དེ་ནས་རྫོགས་པའི་སྲེག་བླུགས་ཕུལ་ལ། །བསང་གཏོར་ལ་སོགས་པ་ཡང་ཕུལ་ཏེ། །ཏམྤོ་ལ་དང་གོས་ལ་སོགས་པའི་མཆོད་པ་ཡང་བྱས་ལ། དྲིལ་བུ་ཡང་དཀྲོལ་ཞིང་བསྟོད་

པར་བྱའོ། །དེ་ནས་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་ཞིང་བཟོད་པ་ཕུལ་ནས་བཛྲ་སཏྭ་ཞེས་ལན་གསུམ་བསྐུལ་ལ། སྭཱརྠ་ནྩེ་བ་པ་རཱརྠ་ཉྩ་སཱ་དྷི་ཏཾ་གཙྪ། ཧ་བྱ་བྷུ་ཀ་ཨ་ག་མི་ཥྭཱ་པི་ཡ་ཐཱ་ཀཱ་ལཱེ། སརྦ་སིདྡྷི་ཀུ་རུ་ཤྭ་མི་ཞེས་བྱ་བའི་སྔགས་ཀྱིས་མེ་ལྷ་གཤེགས་སུ་གསོལ་

Vol. 9 · folio 308a

ལོ། །དེ་ནས་མེ་ནང་དུ་སྣོད་ལེགས་པར་བཀྲུས་པར་བསྲེག་རྫས་ཀྱི་ལྷག་མ་མར་དང་འོ་མ་དང་སྦྲང་རྩི་དང་ཤ་ཁ་རར་ལྡན་པའི་ཐུག་པ་བསྡུས་ཏེ་བསྐོལ་ལ། གཉེན་འདབ་རྣམས་ལ་ཡང་ཅུང་ཟད་སྦྱིན་པར་བྱའོ། །དེའི་རྗེས་ལ་ཡི་གེ་བརྒྱ་པའི་སྔགས་ལན་བདུན་བརྗོད་ལ་དགེ་

བ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ལ་ལྡང་བར་བྱའོ། །དེ་ལ་འདི་ནི་ཡི་གེ་བརྒྱ་པའི་སྔགས་སོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨ་

པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། འདིར་ཞར་ལ་འོངས་པའི་དབང་གིས་ཞི་བ་ལ་སོགས་པའི་སྦྱིན་སྲེག་གི་ཆོ་ག་བརྗོད་པར་བྱའོ། །དེ་ལ་ནད་དང་གནོད་པ་དང་སྐར་མདའ་ལྟུང་བའི་

གནོད་པ་དང་བགེགས་དང་ཉོན་མོངས་པ་དང་སྡིག་པས་ཟིན་པའི་བདག་གམ་གཞན་རྣམས་ཞི་བར་བྱ་བའི་ཕྱིར་དང་། མངོན་པར་ཤེས་པ་དང་ཐར་པ་བསྒྲུབ་པའི་ཕྱིར་ཡང་ཞི་བའི་སྦྱིན་སྲེག་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དཀར་པོ་ལ་རྒྱར་ཁྲུ་གང་བརྐོ་ཞིང་ཟབས་སུ་ནི་སོར་

བཅུ་གཉིས་ཏེ། དབུས་སུ་ནི་པདྨ་འདབ་མ་བརྒྱད་པ་སོར་བཅུ་དྲུག་པ་ལ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་སོར་བརྒྱད་པ་རྩེ་མོ་ཤར་དུ་བསྟན་པའོ། །སྟེང་དུ་ནི་སོར་བཞི་པའི་བར་བཞག་པ་རྒྱ་དང་དཔངས་སུ་ཡང་སོར་བཞི་པའི་བི་དྷི་ཀས་བསྐོར་བའི་ཐབ་ཁུང་ཟླུམ་པོ་བྱས་ལ་འཇིམ་པ་དཀར་པོས་བྱུག་

ཅིང་དཀྱིལ་འཁོར་གྱི་ས་ལ་ལྕི་བས་ཀྱང་ཉེ་བར་བྱུགས་ལ། ཡང་དེ་གཉི་ག་ཙནྡན་དཀར་པོའི་དྲི་བདུད་རྩི་ལྔ་དང་བཅས་པས་བྱུག་ཅིང་མེ་ཏོག་དཀར་པོ་བཟང་པོས་ཀྱང་མངོན་པར་གཏོར་བར་བྱའོ། །རྡུལ་ཚོན་གྱིས་ཀྱང་ཐབ་ཁུང་བྱའོ། །གསེར་ལ་སོགས་པའི་སྣོད་དུ་དྲི་དཀར་པོ་དང་ནས་དང་འོ་

མ་དང་བཅས་པའི་ཆུས་བཀང་ལ་སྭཱ་ཧཱའི་མཐའ་ཅན་གྱི་སྔགས་ཀྱིས་སྔར་བཞིན་བཟླ་བར་བྱའོ། །འོ་མ་ཅན་གྱི་ཤིང་ངམ་འབྲོག་གི་ལྕི་བའི་བུད་ཤིང་དང་ཞོ་མར་དང་སྦྲང་རྩི་དང་འོ་མ་དང་ནས་དང་ཏིལ་དང་ལཱ་ཛཱ་དང་པྲི་ཡང་ཀུ་དང་ཙནྡན་དང་འབྲས་སཱ་ལུའི་ཟན་དང་དཱུར་བ་སྔོན་པོ་དང་། མེ་

Vol. 9 · folio 308b

ཏོག་དཀར་པོ་གྲུས་པ་དང་ཀེ་ས་རའི་མེ་ཏོག་དང་། ཨ་མྲའི་ལོ་མ་དང་ནིར་ཡ་བ་ལ་སོགས་པའི་དྲི་ཞིམ་པོ་རྣམས་ཀྱང་བསྲེག་ཅིང་པ་ལ་ཤ་ལ་སོགས་པ་སོར་བཅུ་གཉིས་པ་ལ་སྦོམ་པ་མ་ཡིན་པ་མཐེབ་མཛུབ་ཀྱི་ཚད་ཙམ་རྩེ་མོའི་ཆ་བདུད་རྩི་དང་དྲི་དཀར་པོ་དང་ཆུས་སྦང་བར་བྱ་ཞིང་། སྦྲང་

རྩི་དང་འོ་མ་དང་མར་ལ་རྩེ་མོ་གཉིས་བསྙུགས་ལ། ལྷག་མ་ནི་སྔར་གསུངས་པའི་ཡམ་ཤིང་གི་མཚན་ཉིད་དོ། །མཆོད་སྦྱིན་གྱི་ཤིང་ལས་བྱུང་བ་འམ་ནོར་བུ་ལས་བྱུང་བའམ་ཐ་མལ་པའམ་བྲམ་ཟེའི་མེ་བླངས་ལ་མེ་སྦར་ཞིང་། མེ་ལྷ་སྐུ་མདོག་དཀར་པོ་ན་བཟའ་དཀར་པོ་མནབས་པ་

ཐོར་ཚུགས་དཀར་པོ་ལ་མེ་ཏོག་དཀར་པོ་དང་ལྡན་ཞིང་བྱམས་པ་དང་སྙིང་རྗེ་དང་ལྡན་པ། པདྨའི་གདན་ལ་བཞུགས་ཤིང་ཞལ་བྱང་ངམ་ཤར་དུ་ཕྱོགས་ཤིང་ཡིད་ཞི་བ་སྟེ། ཉའི་ཚེས་གཅིག་ནས་བརྩམས་ཏེ་སྔགས་པ་སྔར་ལངས་ཏེ། སྔགས་ཐམས་ཅད་ཀྱི་མཐར་ནི་སྭཱ་ཧཱ་ཨ་མུ་ཀ་སྱ་

ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ཡང་དག་པར་བསྐུལ་ཞིང་སྔགས་རབ་ཏུ་བཏོན་ཏེ་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་མར་དང་བདུད་རྩི་ལ་སོགས་པའི་རྫས་ཀྱིས་དགའ་ཞིང་མགུ་ནས་ལྷ་རྣམས་རང་གི་ལུས་ཀྱིས་སྤྲིན་གྱི་ཚོགས་སྤྲོས་ཏེ། ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་

པ་རྣམས་ཀྱིས་བསྒྲུབ་བྱ་དབང་བསྐུར་ཞིང་མི་འདོད་པའི་ནད་ལ་སོགས་པ་བོར་ནས། མངོན་པར་འདོད་པའི་དངོས་གྲུབ་བསྒྲུབས་ཏེ་རང་གི་ལུས་ཀྱི་སྤྲིན་རང་ཉིད་ལ་འདུས་ཤིང་། རྣམ་པར་གནས་ཏེ་བྱ་བ་བྱས་པར་བལྟའོ། །ཞི་བའི་སྦྱིན་སྲེག་གི་ཆོ་གའོ། །རལ་གྲི་དང་འཁོར་ལོ་

དང་མདའ་དང་རིན་པོ་ཆེ་དང་པདྨ་དང་གཏེར་ཆེན་པོ་དང་བཅུད་དང་བཅུད་ལེན་དང་རྒྱལ་སྲིད་ལ་སོགས་པ་བསྒྲུབ་པར་བྱ་བའི་ཕྱིར་ནི་བདག་ཐ་མལ་པའམ་ཕ་རོལ་ཐ་མལ་པས་ཟླ་བ་ཉ་ནས་བརྩམས་ཏེ་རྒྱས་པའི་སྦྱིན་སྲེག་བྱའོ། །དེ་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་ས་གཞི་སེར་པོ་ལ་

ཁྲུ་དོ་པ་ཟབས་སུ་ནི་ཁྲུ་གང་བ་ཁ་ཁྱེར་གྱི་བར་ལ་སོར་བརྒྱད་དཔངས་སུ་ཡང་སོར་བརྒྱད་པའི་བེ་དྷི་ཀས་བསྐོར་བ་ལ། དབུས་ན་འཁོར་ལོ་རྩིབས་བརྒྱད་པ་ལ་རྡོ་རྗེ་རིན་པོ་ཆེ་དང་ལྡན་པ། རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུའམ། ཟུར་བཞི་པ་ལྟ་བུར་བརྐོས་ལ་ཐབ་ཁུང་བྱས་ཏེ་ས་མདོག་སེར་

Vol. 9 · folio 309a

པོ་དང་དྲི་དང་བདུད་རྩིས་ཐབ་ཁུང་དང་དེའི་ས་ཕྱོགས་ཉེ་བར་བྱུགས་ལ། མེ་ཏོག་སེར་པོའམ་མེ་ཏོག་ཁྲ་བོ་དགྲམ་པར་བྱའོ། །བུད་ཤིང་ནི་འབྲོག་གི་ལྕི་བ་མ་གཏོགས་པར་སྔར་བརྗོད་པ་ཉིད་ཀྱི་འབྲས་བུ་དང་བཅས་པའོ། །ལྷག་མ་ནི་ལས་ཐམས་ཅད་པའི་ཆོ་

གར་གསུངས་པ་བཞིན་ནོ། །རྒྱས་པའི་སྦྱིན་སྲེག་གི་ཆོ་གའོ། །བསད་པ་དང་སྐམ་པ་དང་བསྐྲད་པ་དང་སྡང་བ་དང་རེངས་པ་དང་རྨོངས་པ་དང་ལུས་སྐེམས་པ་ལ་སོགས་པའི་ལས་བསྒྲུབ་པར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་རྩུབ་ཅིང་སྐམ་

པའི་ནམ་མཁའ་ལྟ་བུའི་ས་གཞི་ནག་པོ་ལ་སོར་ཉི་ཤུ་པ་ཟབས་སུ་སོར་བཅུ་པ་དབུས་སུ་ནི་རྩེ་གསུམ་པའི་རྩེ་མོར་སོར་བརྒྱད་པའི་རྡོ་རྗེས་བྱིན་གྱིས་བརླབས་པ། སྟེང་དུ་སོར་གསུམ་བོར་ལ་ཞེང་དང་དཔངས་སུ་ནི་སོར་གསུམ་པ་ཁ་ཁྱེར་གཞོལ་བས་བསྐོར་བའི་བི་དྷི་ཀའམ་མགོ་བྱང་དུ་བལྟས་

པའི་ཟུར་གསུམ་ནག་པོའི་ཐབ་ཁུང་བྱས་ལ། ས་བདག་དང་དུར་ཁྲོད་ཀྱི་ཐལ་བ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་ལྕི་བ་ཇི་སྙེད་པས་བྱུགས་ལ་དྲི་མི་ཞིམ་པ་དང་། མེ་ཏོག་སྔོན་པོ་དང་དམར་པོ་དང་སོ་བའི་འབྲུ་ལ་སོགས་པས་དགྲམ་པར་བྱའོ། །དེ་ལ་སྔར་བརྗོད་པའི་སྣོད་དུ་དྲི་ངན་པའི་

ཆུ་དང་ཀོ་ཏྲ་བ་དང་། མི་དང་བ་ལང་དང་བོང་བུའི་ཆུ་མེ་ཏོག་དང་བཅས་པ་ལ་སྔགས་ཡི་གེ་ཕཊ་ཀྱི་མཐའ་ཡིས་སྔར་བཞིན་དུ་ཡོངས་སུ་བཟླས་ལ་གཡས་ཀྱི་ཆར་ཡོངས་སུ་གཞག་པར་བྱའོ། །ཡུངས་ཀར་སེར་པོ་དང་འབྲུ་མར་ཚན་དེ་དང་མེ་ཏོག་དང་ཚྭ་དང་སྐེ་ཚེ་དང་། དུར་ཁྲོད་ཀྱི་

ཐལ་བ་དང་། རྐང་པའི་རྡུལ་དང་ནིམ་པའི་ལོ་མ་དང་བོང་བུ་དང་རྔ་མོ་ལ་སོགས་པའི་ལྕི་བ་དང་སྐྲ་དང་བརྡུངས་ལ། བྱ་རོག་ལ་སོགས་པ་རྣམས་ཀྱི་དང་བྱི་ལའི་གཅིན་རྟུག་དང་། ཚེར་མ་དང་། གསེག་མ་དང་རུས་པའི་ཕྱེ་མ་དང་ཁྲག་སོ་རུ་དང་ཤ་དང་དུག་དང་ཁྲག་དང་སྐེ་ཚེ་དང་སྨྱོ་བའི་འདབ་

མའི་ཁུ་བས་སྦྱར་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཆུ་དང་། ཐལ་བ་དང་བསྣུན་པ་དང་སོལ་བ་དང་དུག་ལ་སོགས་པ་དང་བསྲེས་ལ་རྫས་འདི་རྣམས་ཀྱིས་དགྲའི་སྤྲུལ་པའི་གཟུགས་བརྙན་བྱས་ལ་བསྲེག་རྫས་བྱའོ། །མི་ཚིལ་གྱི་མར་མེ་ཡང་གཡོན་གྱི་

Vol. 9 · folio 309b

ཆར་བཞག་གོ། །བུད་ཤིང་ནི་ཚ་བ་དང་ཚེར་མ་ཅན་དང་། ཁ་བ་དང་དྲི་ང་བ་དང་ཤིང་ལས་སྐྱེས་པའམ། ཡང་ན་དུར་གྱི་ཤིང་ངམ་བོང་བུ་དང་རྔ་མོའི་ལྕི་བ་སྐམ་པོའོ། །ནིམ་པ་དང་སེང་ལྡེང་དང་ཀོ་བྷི་དྷ་དང་བྷ་ལ་ཏ་ཀ་དང་མ་ད་ནའི་ཤིང་ལས་སྐྱེས་པའམ། ཚ་བ་དང་ཚེར་མ་དང་བཅས་པའམ།

ཁ་བའི་ཤིང་ལས་སྐྱེས་པའམ་དུར་ཁྲོད་ཀྱི་ཤིང་ལས་སྐྱེས་པ་རྩ་བའི་ཆ་ནས་བཅད་ལ་ཡམ་ཤིང་བྱ་སྟེ། སོར་བཅུ་པ་ལ་མེ་ཏོག་དང་བཅས་པ་རྩེ་མོ་རྣོ་བ་འབྲུ་མར་ཚན་དེ་ལ་རྩེ་མོ་གཉིས་བསྙུག་གོ། །དུར་ཁྲོད་ཀྱི་མི་རུས་ལས་སྐྱེས་པའམ། དུར་ཁྲོད་ཀྱི་ཤིང་ལས་སྐྱེས་པའམ།

རྡོ་ལས་བྱུང་བའམ། གདོལ་པའི་ཁྱིམ་ནས་བྱུང་བའི་མེ་ཡིས་སོ། །ཁ་དོག་ནག་པོ་སྐྲ་གྱེན་དུ་འབར་བ། མིག་དམར་བ་མཆེ་བ་གཙིགས་པ་གདོང་ཁྲོ་གཉེར་དང་བཅས་པ། ཁྲོ་ལ་འཇིགས་སུ་རུང་བ། གསུས་པ་འཕྱང་བ། བོང་ཐུང་བ་གོས་ནག་པོ་གྱོན་པ། མཆོད་ཕྱིར་ཐོགས་

པ་དང་ལྡན་པ། འབར་ཞིང་ཁ་གདངས་པའི་མེ་ལྷའོ། །ཁྲོ་ཞིང་གོས་སྔོན་པོ་བགོས་པའི་ཐོར་ཚུགས་མེ་ཏོག་དང་ལྡན་པ། གོས་དང་ཁྲག་དང་ཆུས་བརླན་པར་བྱས་ཤིང་ཁེངས་པའི་མིག་ཅན། ཁྲོ་གཉེར་གྱི་གདོང་དང་ལྡན་པ་རྐང་པ་གཡོན་པས་གཡས་པ་མནན་པ། སོ་

ཡིས་སོ་ལ་མནན་ཅིང་སྟན་དང་བྲལ་ཏེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལྟོ་བ་ལ་ཙོག་བུར་འདུག་པའམ། ཁྲོ་བོའི་སྐྱིལ་ཀྲུང་བཅིངས་ལ་ཁ་ལྷོ་རུ་བལྟ་ཞིང་སྙིང་རྗེའི་ཁྲོས་པས་དཀོན་མཆོག་གསུམ་ལ་གནོད་པའི་དགྲ་བཟློག་པར་བྱ་བའི་ཕྱིར་མར་ངོ་གང་ཡང་རུང་བ་ནས་བརྩམས་ཏེ།

ཉིན་ཕྱེད་དམ་མཚན་ཕྱེད་ན་ཁྲོ་བ་ཉིད་ཀྱིས་ཚད་མར་བྱས་ཏེ། པུས་མོ་གཉིས་ལས་ཕྱི་རོལ་ཏུ་ལག་པ་བྱས་ལ་ལག་པ་གཡོས་པས་མཚོན་རྣོན་པོ་བླངས་ཏེ། བསྲེག་བྱ་ལ་བཅད་ཅིང་བཅད་ཅིང་ལག་པ་གཡོན་གྱིས་སྡིགས་མཛུབ་བྱས་ཏེ། ཕཊ་ཨ་མུ་ཀ་སྱ་ཨ་བྷི་ཙ་རཾ་ཀུ་རུ་ཕཊ་

ཅེས་པའི་སྔགས་བརྗོད་ལ་བསྲེག་པར་བྱ་སྟེ། མངོན་སྤྱོད་ཀྱི་སྦྱིན་སྲེག་བྱ་སྟེ། སྡང་བ་ལ་ནི་ཁྱད་པར་དུ་བསྐུལ་བའི་མཚམས་སུ། ཨོཾ་ཛྲཱྀཾ་སྭཱ་ཧཱ། ཧཱུྃ་ཨ་མུ་ཀཾ་བི་དེ་ཤ་ཡ། བསྐྲད་པ་ལ་ནི་ཨོཾ་ཁཾ་སྭཱ་ཧཱ། ཧཱུྃ་ཨ་མུ་ཀ་ཨུཙྪ་ཏྲ་ན་ཡ་ཧཱུྃ། རེངས་པ་དང་རྨོངས་པ་དག་ལ་ནི་ཨོཾ་ཧཱུྃ་ཧཱུྃ་སྭཱ་ཧཱ།

Vol. 9 · folio 310a

བཽ་ཥཊ་ཨ་མུ་ཀཾ་སྟྭཾ་མྦྷ་ཡ་མོ་ཧ་ཡ་བཽ་ཥ་ཊ། བསད་པ་ལ་ནི་ཨོཾ་གྷུ་སྭཱ་ཧཱ། ཕཊ་ཨ་མུ་ཀཾ་མཱ་ར་ཡ་ཕཊ། དེ་ལྟར་གཞན་ལ་ཡང་ངོ་། །སྦྱིན་སྲེག་གི་ལྷ་དགྱེས་ཏེ་རང་གི་སྙིང་གའི་ས་བོན་ལས་ཁྲོ་བོ་སྤྲོས་ཏེ་རྡོ་རྗེ་ཞགས་པ་དང་མེ་མདག་གི་ཆར་གྱིས་བསྒྲུབ་བྱ་

ལ་བཀང་ཞིང་མཚོན་ཆ་དུ་མས་བཏབ་ཅིང་སྲོག་དང་བྲལ་ཏེ་བདེ་བར་གཤེགས་པ་ཉིད་ལ་སྦྱར་ནས་སྤྲོས་པ་རྣམས་བདག་ཉིད་ལ་བསྡུས་པར་བལྟའོ། །འདི་ནི་མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གའོ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་

བུད་མེད་ཀྱི་དཀྱིལ་འཁོར་དང་བཅས་པ་དང་མིའི་དབང་པོ་ལ་སོགས་པ་རྣམས་དབང་དུ་བྱ་བ་དང་དགུག་པའི་ཕྱིར་དབང་གི་སྦྱིན་སྲེག་གམ་དགུག་པའི་སྦྱིན་སྲེག་བྱ་སྟེ། དེ་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སམ་དགུག་པ་ལ་ནི་ནུབ་ཉིད་དུ་སྟེ། ས་ཕྱོགས་དམར་པོ་བྷ་གའི་རྣམ་པའམ་

ཟླ་བ་ཕྱེད་པའི་རྣམ་པ་ལ་དབུས་སུ་རྡོ་རྗེ་པདྨས་བྱིན་གྱིས་བརླབས་པའོ། །དགུག་པ་ལ་ནི་དབུས་སུ་རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་རྡོ་རྗེ་ལྕགས་ཀྱུས་བྱིན་གྱིས་བརླབས་པ་སྟེ། དེ་གཉིས་ཀ་ཡང་ཞི་བའི་ཐབ་ཁུབ་ལྟར་བརྐོ་ཞིང་ཁ་ཁྱེར་ལ་སོགས་པའི་ཚད་དང་ལྡན་པའི་ཐབ་ཁུང་བྱས་

ཏེ། ས་དམར་པོ་དང་དྲིས་ཉེ་བར་བསྐུས་ལ་མེ་ཏོག་དམར་པོས་ཀྱང་བརྒྱན་ཅིང་ཆུ་ཤིང་ལ་སོགས་པའི་འདབ་མས་ཀྱང་དགབ་པར་བྱའོ། །སྔར་བརྗོད་པའི་སྣོད་ན་གནས་པའི་ཆུ་དང་མེ་ཏོག་དམར་པོ་དང་དྲིར་ལྡན་པ་ལ་ཡི་གེ་ཧོའི་མཐའི་སྔགས་ཀྱིས་གཡོན་ཕྱོགས་སུ་བཟླའོ། །དགུག་

པ་ལ་ནི་གཡས་ཕྱོགས་སུ་གཞག་པར་བྱ་ཞིང་པྲི་ཡང་ཀུ་དང་ཙམ་པ་ཀ་དང་པུཎྜ་རཱི་ཀ་དང་ནཱ་ག་གེ་སར་དང་ཀེ་ས་ལ་དང་ཀུ་ཙ་ལ་དང་ཨ་ཤོ་ཀ་སྟེ། ནགས་ལས་བྱུང་བའི་ལོ་མ་དང་བཅས་པ་སོར་ལྔ་པ་ཞི་བའི་སྐབས་སུ་གསུངས་པའི་སྐྱོན་དང་བྲལ་བའི་ཡམ་ཤིང་ངོ་། །སྐྱུར་བའི་འབྲས་བུ་

དང་ཨུཏྤ་ལ་དམར་པོ་དང་མེ་ཏོག་དམར་པོའི་འབྲས་བུ་སྟེ། གཞན་ཡང་རང་རང་གི་བརྟག་པ་ལས་གསུངས་པའི་བསྲེག་རྫས་ནི་གཡས་སུའོ། །དགུག་པ་ལ་ནི་དེ་དག་ཉིད་གཡོན་དུ་སྟེ། ལྕགས་ཀྱུའི་རྣམ་པའི་ཚེར་མ་དང་གཞག་པར་བྱའོ། །ནིམ་པ་དང་སྐྱུར་བའི་ཤིང་ལས་སྐྱེས་པ་དང་གཞན་ཡང་མེ་ཏོག་

Vol. 9 · folio 310b

ཏུ་བཅས་པའི་བུད་ཤིང་ནི་དབང་ལའོ། །དགུག་པ་ལ་ནི་ཚེར་མ་དང་བཅས་པའི་བུད་ཤིང་ངོ་། །མེ་ནི་སྨད་འཚོང་མའི་ཁྱིམ་མམ་སྨད་འཚོང་མ་མ་ཡིན་པ་གར་མཁན་གྱི་རིགས་ཀྱི་ཁྱིམ་གྱི་མེའོ། །དགུག་པ་ལ་ནི་གར་མཁན་གྱི་ཤུལ་ལམ་ལམ་པོ་ཆེའི་མེའོ། །ཁ་དོག་དམར་པོའི་འོད་དང་

ལྡན་པའི་མེ་ལྷ་གདན་དང་བཅས་པ་གོས་དམར་པོ་གྱོན་པ་མཆོད་ཕྱིར་ཐོགས་པ་དང་ལྡན་པའོ། །གོས་དམར་པོ་གྱོན་ཅིང་ཅོད་པན་ལ་མེ་ཏོག་གིས་དཀྲིས་ལ། ཁྲོ་བོའི་ང་རྒྱལ་སྤངས་ལ་ཆགས་པའི་ཡིད་ཀྱིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཁ་ནུབ་ཏུ་ཕྱོགས་པས་སོ། །དགུག་པ་ལ་ནི་

ཅུང་ཞིང་སྔགས་པས་ཁ་གྱེན་དུ་བལྟས་ལ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཨ་མུ་ཀཾ་བ་ཤིཾ་ཀུ་རུ་ཧོཿ། ཨོཾ་ཧཱུྃ་སྭཱ་ཧཱ། ཛ་ཨ་མུ་ཀཾ་ཨཱ་ཀཱཪྵ་ཡ་ཛཿཞེས་པའི་སྔགས་བརྗོད་ལ། ནམ་ཕྱེད་ན་དབང་གི་སྦྱིན་སྲེག་གམ། དགུག་པའི་སྦྱིན་སྲེག་གོ། །སྦྱིན་སྲེག་གིས་ལྷ་མགུ་ནས་རང་གི་ལུས་ཀྱིས་སྤྲིན་སྤྲོ་སྟེ། མེ་ཏོག་

ནག་པོ་དང་དམར་པོ་ཁ་བྱེ་བ་ལས་བྱས་པའི་གཞུ་རྣ་དྲུང་དུ་བཀང་བ་ཨུཏྤལའི་སྡོང་བུ་མདའ་ཡིས་བསྒྲུབ་བྱའི་སྙིང་གར་བསྣུན་ཏེ་དབང་དུ་བྱེད་པ་དང་དགུག་པ་ལ་ནི་ཨུཏྤལ་དམར་པོའི་སྡོང་བུའི་ཞགས་པས་བཅིངས་ཤིང་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས་ཀྱུས་སྙིང་ག་ནས་བཟུང་སྟེ་བཀུག་

ནས་སྒྲུབ་པོའི་རྐང་པའི་དྲུང་དུ་གདབ་པར་བྱས་ནས་རང་གི་ལུས་ཀྱི་སྤྲིན་རང་ཉིད་ལས་འདུས་པར་བསྒོམ་པར་བྱའོ། །དབང་དང་དགུག་པའི་སྦྱིན་སྲེག་གི་ཆོ་གའོ། །ལས་ཐམས་ཅད་པའི་སྦྱིན་སྲེག་ནི་ཇི་ལྟར་གྲགས་པའི་ལས་རྐྱང་བས་བྱའོ། །དེ་ལ་ཡང་གསུངས་པའོ། །འདིས་ཚེ་འཕེལ་

བར་བྱ་བའི་ཕྱིར་མར་ལ་བསྙུགས་པའི་དཱུར་བ་དང་བཅས་པ་བསྲེག་པར་བྱ་ཞིང་བསྲུང་བའི་དོན་དུ་ནི་དེ་བཞིན་དུ་ཏིལ་མར་ལ་བསྙུགས་ཏེ་ཀུ་ཤས་བསྲེག་པར་བྱ་ཞིང་། རང་འདོད་པའི་ལྷ་བསྒོམ་པར་བྱའོ། །སྔགས་ཀྱི་མཐར་ནི་ཇི་ལྟར་ཡང་དག་པར་བསྐུལ་བའི་ཚིག་དང་། རྫས་དང་

བྱ་བ་དང་བསྒོམ་པ་དང་སྔགས་དང་། ས་བོན་ལ་སོགས་པའི་ཁྱད་པར་ཡང་སྔོན་དང་སྔོན་དུ་འབྲང་བས་སྦྱར་བར་བྱའོ། །དེ་ལྟར་ན་ཇི་ལྟ་བ་བཞིན་གྱི་ཚེས་དང་དུས་དང་ཇི་ལྟར་སྐབས་ཡོད་པའམ། དེ་ལ་མོས་པས་ཇི་སྲིད་དུ་མངོན་པར་འདོད་པའི་ཞི་བ་ལ་སོགས་པར་གྱུར་པ་དེ་སྲིད་དུ་

Vol. 9 · folio 311a

སྦྱིན་སྲེག་བྱའོ། །དེ་ཡང་། ཐ་མལ་གནས་ལ་རྒྱས་པ་བྱ། །ནད་ཀུན་ལ་ནི་ཞི་བ་སྟེ། །སྡང་བ་ཀུན་ལ་གསད་བྱ་ཞིང་། །བདག་གི་དོན་འདོད་དབང་གིས་བྱ། །ཞེས་གསུངས་སོ། །དེ་ནས་ཕྱིའི་སྦྱིན་སྲེག་བྱས་པའི་སྔགས་པས་རྫས་དང་བདག་

དང་ལྷ་རྣམས་རྣམ་པར་དག་པའི་སྒོ་ནས་བསམ་པར་བྱ་ཞིང་བྱམས་པ་དང་བཟོད་པ་དང་བརྩོན་འགྲུས་དང་སྟོང་པ་ཉིད་དམིགས་པར་བྱ་ཞིང་། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་དང་ཀུན་འབྱུང་གི་བདེན་པ་ལ་དགོད་པར་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་

ཐེག་པ་ཆེན་པོ་དང་ལམ་དམན་པ་དང་འབྲིང་དང་ལྷག་པས་རྣམ་པར་གྲོལ་བའི་ཁྱད་པར་གྱིས་སངས་རྒྱས་ཀྱི་གོ་འཕང་འགྲུབ་པར་བྱའོ། །དེ་ཡང་། ཕྱིར་ནི་རྣམ་པ་གསུམ་ལྡན་ཏེ། །གནས་གསུམ་པོ་ལ་གསུམ་གནས་ན། །ཧཾ་གི་ལས་རྣམས་གསུམ་པོ་ནི། །འགྲུབ་པར་

དེ་བཞིན་གཤེགས་པས་གསུངས། །ཧཾ་གི་ལས་ནི་མི་ཤེས་པར། །གང་དག་གཞན་དུ་བྱེད་པ་ནི། །སྔགས་ཀྱི་ཡེ་ཤེས་སྤངས་པ་ཡིས། །རྨོངས་པས་འབྲས་བུ་ཐོབ་པ་མེད། །ཅེས་གསུངས་སོ། །དེ་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་སྒྲུབ་པ་པོ་རྣམས་ལ་ཡུན་

མི་རིང་བ་ཉིད་ཀྱིས་འགྲུབ་པར་འགྱུར་ཏེ། སླར་ཡང་མྱུར་དུ་གོམས་པར་བྱ་བའི་ཕྱིར་འདི་ལྟར་བསམ་པར་བྱ་སྟེ། འདི་ལྟར་སྐབས་སུ་སྦྱིན་སྲེག་ཐམས་ཅད་ལ་ནི་གང་འདི་དག་ས་དང་ཐབ་ཁུང་ཀུ་ཤ་དང་མེ་ཏོག་དང་བསྲེག་རྫས་དང་སྣོད་དང་ཆུ་དང་བཟད་ཞལ་བླུགས་གཟར་དང་དགང་གཟར་དང་

ཡམ་གིང་དང་བུད་ཤིང་དང་མེ་ལྷ་དང་འདོད་པའི་ལྷ་དང་དཀྱིལ་འཁོར་མཆོད་པའི་བདག་ཉིད་ལ་སོགས་པ་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པའོ་ཞེས་ངེས་པར་བྱའོ། །ཧཾ་ཡིག་ཡན་ལག་འབྲས་སྐྱེས་པ། །དེ་ལས་གཞན་དག་

བཤད་པ་ནི། །མ་བརྗོད་ན་ཡང་བདག་ཉིད་ཀྱིས། །མཁས་པས་ཤེས་པར་བྱས་ཏེ་གཟུང་། །ས་གཞི་ཞིང་ས་འཕེལ་བར་བྱེད། །ཐབ་ཀྱིས་ཁྱིམ་ནི་འཕེལ་བྱེད་ཅིང་། །མར་གྱིས་ཐམས་ཅད་འབྱོར་བར་བྱེད། །ཡམ་ཤིང་གིས་ནི་གཟི་བྱིན་བསྐྱེད། །ཤིང་གིས་ལྷག་པར་

Vol. 9 · folio 311b

དཔའ་བར་བྱེད། །ཀུ་ཤས་སྲུང་བ་ཐམས་ཅད་བྱེད། །དཀར་པོས་ས་གཞི་ཞི་བར་བྱེད། །ཁྲེ་ཡིས་རྒྱས་པར་བྱེད་པར་བརྗོད། །ཏིལ་གྱིས་སྡིག་པ་འཕྲོག་པར་རིགས། །སོ་བས་ནོར་དང་སོ་བ་འདྲེན། །སྲན་མས་སྟོབས་ནི་ཆེ་བར་བྱེད། །ནས་བྱིན་པས་ནི་རླུང་གི་ཤུགས། །

དཱར་བ་ཡིས་ནི་ཚེ་འཕེལ་བྱེད། །གྲོ་ཡིས་ནད་རྣམས་ཉམས་པ་དང་། །སྦྲང་རྩི་འོ་མས་ཤེས་རབ་སྟེ། །ཞོ་ཟན་བདེ་བ་ཐམས་ཅད་སྟེར། །འདོད་པའི་ལྷ་དང་མེ་ཡིས་ནི། །དེ་བཞིན་འདོད་པའི་དངོས་གྲུབ་སྟེ། །ལྷག་མས་ལས་ཀྱི་རྗེས་མཐུན་པར། །ཞོ་སོགས་ལས་ནི་བྱེད་པར་

ཤེས། །བླུགས་གཟར་ཤེས་རབ་གོང་མ་ཐབས། །དེ་ཉིད་སྦྱོར་བ་གཉིས་མེད་བསྒོམ། །དེ་ནས་རྣམ་པར་བྱུང་བའི་མར། །ཡེ་ཤེས་ཆེན་པོའི་བདུད་རྩིར་བྱེད། །བདག་དག་རྒྱུ་དང་མི་རྒྱུ་དང་། །མེ་ལྷ་དེ་ཡིས་ཚིམ་པར་བྱ། །དེ་ལྟར་གང་ཞིག་སྦྱིན་སྲེག་བྱེད། །དེ་ནི་འདོད་པའི་

སྣོད་དུ་གྱུར། །སྦྱིན་སྲེག་གི་ཆོ་གའོ། །དེ་ལྟར་སྦྱིན་སྲེག་གི་ཆོ་ག་བྱས་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་སྟེ། དེ་ནས་ལྷའི་འཁོར་ལོ་ལ་མངོན་སུམ་བཞིན་དུ་བལྟས་ལ། སྔར་གསུངས་པའི་ཆོ་གས་དཀྱིལ་འཁོར་ལ་ཡང་དག་པར་མཆོད་པ་དང་བསྟོད་པ་དང་། བདུད་རྩི་

མྱང་བ་ལ་སོགས་པ་བྱས་ནས་བཟླ་བར་བྱའོ། །དེ་ནས་སློབ་མ་རྣམས་ལ་དབང་སོགས་བསྡུ་བར་འདོད་པའི་སྔགས་པས་རིགས་ཀྱི་གཙོ་བོ་ལ་བླ་མ་བྱས་ཏེ། འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གས་བདག་ཉིད་དང་པོར་དཀྱིལ་འཁོར་དུ་འཇུག་པའི་བདག་ཉིད་ཀྱིས།

རིགས་ཀྱི་བདག་པོས་དབང་མཐའ་དག་གི་བར་རྫོགས་པར་བྱས་ལ། དེ་ནས་འདི་ལྟར་ལས་ཐམས་ཅད་དང་རྗེས་སུ་གནང་བ་ཐོབ་ནས་དཀྱིལ་འཁོར་དུ་སློབ་མ་གཞུག་པའི་དོན་དུ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྡོ་རྗེ་འཛིན་པའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་གཟུགས་བརྙན་ལྟ་བུའི་

ཆོས་ཐམས་ཅད་ཀྱི་བདག་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དང་བདེན་པ་དང་དྲན་པར་བྱ་བའི་ཕྱིར་དགའ་བས་ཚིགས་སུ་བཅད་པ་འདི་ཉན་དུ་གཞུག་གོ། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །གདོད་མ་མེད་པའི་

Vol. 9 · folio 312a

གཏེར་གྱི་མཆོག །སེམས་དཔའི་རྡོ་རྗེ་ཆེན་པོའི་དངོས། །དཔལ་ལྡན་ཀྱེ་རྡོར་སོགས་བདག་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །དོན་དམ་མི་འགྱུར་བདག་ལ་སྒྲུབས། །སྐྱོན་

རྣམས་ཀུན་དང་བྲལ་བ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་ཆགས་ཁྱོད། །འདོད་ཆགས་ཆེ་ལ་དགྱེས་ཆེན་པོ། །བཅོམ་ལྡན་བདག་ལ་དེ་ཉིད་སྒྲུབས། །ཤིན་ཏུ་དག་པ་རྣམས་ཀྱི་མཆོག །གདོད་མ་ནས་གྲོལ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་གྱི་མཆོག །བྱང་ཆུབ་

སེམས་དཔའ་བདག་ལ་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ནི། །དངོས་གྲུབ་རྡོ་རྗེ་མཐར་ཐུག་པ། །རྡོ་རྗེ་སྙིང་པོའི་བདག་པོར་གྱུར། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པའོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡིད་

ཉིད་ནི། །འདོད་མཆོག་དམ་ཚིག་རྣམས་ཀྱི་མཆོག །བདེན་པ་གང་གིས་ཡེ་ཤེས་ཏེ། །ཤེས་རབ་ཐབས་དག་དཀྱིལ་འཁོར་ལ། །བདེན་པ་དེ་ཡིས་མགོན་པོ་བདག །ཁྱོད་ཀྱིས་འདོད་པ་ཡོངས་སུ་རྫོགས། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་དང་ལ་རྙོག་པ་མེད། །

གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་མཉམ་པར་བྱུང་། །དེ་ཉིད་ལས་བྱས་དེ་བཞིན་ཉིད། །ཅེས་བྱ་བའི་བདེན་པས། །གཟུགས་བརྙན་གསལ་པོར་དྲི་མེད་པར། །དེ་ནས་དཀྱིལ་འཁོར་ནས་བྱུང་བའི་སློབ་དཔོན་གྱི་ཞབས་གཉིས་ལ་དཀྱིལ་འཁོར་སྔོན་དུ་འགྲོ་བས་

ཕྱག་འཚལ་ལ། དྲང་བར་བྱ་བའི་ཕྱིར་སློབ་མས་གསོལ་བ་གདབ་པར་བྱ་བ་ནི་འདི་ལྟར་གསོལ་བ་གདབ་པར་བྱའོ། །འཁོར་ལོ་ཕྱིར་མི་ལྡོག་པའི་དབང་། །མགོན་པོས་བདག་ལ་སྩལ་ནས་ནི། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་ལས་ཀྱང་གསུང་དུ་གསོལ། །སངས་

རྒྱས་ཀུན་གྱི་དམ་ཚིག་རྣམས། །སྡོམ་པ་གསང་བ་རྣམས་ཀྱི་མཆོག །སེམས་ཅན་རྣམས་ཀྱི་དོན་གྱི་རྒྱུས། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །དེ་ནས་འདི་ལྟར་གསོལ་བ་བཏབ་ནས་བླ་མས་དཀྱིལ་འཁོར་གྱི་བདག་པོ་ལ་གསོལ་བ་བཏབ་པར་བྱ་སྟེ། བདག་ཆེ་གེ་མོ་མིང་འདི་ཞེས། །བྱང་ཆུབ་སེམས་

Vol. 9 · folio 312b

ནི་གཟུང་བ་ལ། །དམ་ཚིག་སྡོམ་པར་ལྡན་པར་ནི། །གསང་བའི་དཀྱིལ་འཁོར་འདི་རུ་འཚལ། །ཞེས་བྱ་བས་སོ། །དེ་ནས་སློབ་དཔོན་གྱིས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པ། །གསང་ཆེན་ཡོངས་སུ་གཟུང་བ་ཡི། །བདག་ཉིད་ཆེན་པོ་ཁྱོད་འདོད་དམ། །འཆལ་

ཞེས་སློབ་མས་ཀྱང་བརྗོད་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལུས་ལ་ཁྲུས་དང་དྲི་ཞིམ་པོ་དང་མེ་ཏོག་གི་ཕྲེང་བ་དང་གོས་དམར་པོ་ཅོད་པན་དང་བཅས་པ་ལ་གདོང་པ་གོས་དམར་པོས་བཀབ་ལ་ཡོན་ཕུལ་ཏེ། ཨ་ཁཾ་བཱི་ར་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་མེ་ཏོག་གི་ཕྲེང་བ་བཟུང་ལ། ལས་

ཐམས་ཅད་པའི་སྔགས་བཟླས་པའི་བུམ་པའི་ཆུས་གཏོར་ལ། སློབ་མ་འདོད་པའི་ལྷའི་གཟུགས་ལ་མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབས་པར་རྣམ་པར་བསམས་ནས། ཡོལ་བས་བཅད་པ་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་བའི་ཕྱིར་ཀྱེ་སྙིང་དུ་སྡུག་པ་ཁྱོད་སུ་ཡིན་ཞེས་

དྲི་བར་བྱའོ། །དེས་ཀྱང་སྐལ་བཟང་སྙིང་དུ་སྡུག་པ་བདག་གོ་ཞེས་བརྗོད་པར་བྱའོ། །དེ་ནས་བླ་མས་ཀྱང་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དེ་ཡི་གེ་ཧཱུྃ་གིས་ཤར་སྒོར་གཞག་པར་བྱའོ། །དེ་ནས་འདིའི་སྙིང་གར་ཨོཾ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི་ཞེས་བྱ་བའི་སྔགས་

ཀྱིས་རྣལ་འབྱོར་དུ་སེམས་བསྐྱེད་དོ། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་བྱ་བ་འདིས་སྙིང་གར་མེ་ཏོག་དང་བཅས་པའི་རྡོ་རྗེ་གཞག་པར་བྱའོ། །དེ་ནས་འདི་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་རིང་ཁྱོད་བྱིན་གྱིས་བརླབ་པར་འགྱུར་རོ། །ཁྱོད་ཀྱིས་འདི་

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་གསང་ཆེན་གྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བརྗོད་པར་མི་བྱ་ཞིང་། གཞན་དད་པ་མེད་པ་རྣམས་ལ་བརྗོད་པར་མི་བྱའོ། །དེ་ནས་ལས་ཐམས་ཅད་པའི་སྔགས་སམ། ཊཀྐའི་སྔགས་ཀྱིས་སློབ་མ་དྲངས་ལ། ཨ་ཁཾ་བཱི་ར་

ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་ཡོལ་བའི་ནང་དུ་བཅུག་ལ་སློབ་དཔོན་དང་དཀྱིལ་འཁོར་ལ་ཕྱག་བྱས་ནས་སློབ་མས་འདི་སྐད་བརྗོད་པར་བྱའོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྙེན་བཀུར་གྱི་ཕྱིར་བདག་ཉིད་དབུལ་བར་བགྱིའོ། །ཨོཾ་སློབ་དཔོན་རྣམས་ཀྱི་བསྙེན་བཀུར་

Vol. 9 · folio 313a

གྱི་ཕྱིར་བདག་ཉིད་དབུལ་བར་བགྱིའོ། །ཨོཾ་སེམས་ཅན་རྣམས་ཀྱི་བསྙེན་བཀུར་གྱི་ཕྱིར་བདག་ཉིད་དབུལ་བར་བགྱིའོ་ཞེས་བྱ་བས་སོ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་འདིར་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་

ཀྱིས་དེ་བས་ན་ངས་ཀྱང་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། །ཁྱོད་ཀྱིས་འདི་ནི་དཀྱིལ་འཁོར་མ་མཐོང་བའི་སྔོན་དུ་བརྗོད་པར་མི་བྱའོ། །དེས་དམ་ཚིག་ཉམས་

པར་གྱུར་ཏ་རེ་ཞེས་བྱ་བས་སོ། །དེ་ནས་སློབ་མའི་སྤྱི་བོར་རྡོ་རྗེ་བཀོད་ལ། འདི་དེ་རྡོ་རྗེ་དམ་ཚིག་སྟེ། །གལ་ཏེ་ཁྱོད་ཀྱིས་ཚུལ་འདི་ནི། །འགའ་ཞིག་དྲུང་དུ་བཟླས་གྱུར་ན། །མགོ་བོ་དག་ནི་གཤེགས་པར་བྱེད། །ཅེས་བྱ་བས་སོ། །དེ་ནས་སྙིང་གར་རྡོ་རྗེ་བཀོད་ལ། །ཨོཾ་རྡོ་རྗེ་

སེམས་དཔའ་ཉིད་ཀྱང་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་གནས། །གལ་ཏེ་ཁྱོད་ནི་སྨྲ་བྱེད་ན། །སྐད་ཅིག་དེ་ལ་འབིགས་པར་འགྱུར། །ཞེས་བྱ་བ་འདིས་མནས་བསྒགས་ལ། །བདུད་རྩི་ལྔ་དང་བསྲེས་པའི་དྲི་ཞིམ་པོའི་ཆུས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་མ་ཧོ་ད་

ཀ་ཞེས་བྱ་བ་འདིས་ལན་བདུན་བཟླས་ཏེ། འདི་དེ་དམྱལ་བའི་ཆུ་ཡིན་ཏེ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་ལ་བླུད་པར་བྱའོ། །དེ་ནས་སློབ་མ་དམ་བཅས་པ་བརྟན་པར་བྱ་བའི་ཕྱིར་འདི་སྐད་

བརྗོད་པར་བྱའོ། །དེང་ནས་བཟུང་སྟེ་ང་ནི་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་སྟེ། །གང་ང་ཡིས་བརྗོད་པ་འདི་དག་ཁྱོད་ཀྱིས་བྱ་ཞིང་། ང་ལ་ཁྱོད་ཀྱིས་བརྙས་པར་ཡང་མི་བྱའོ། །ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ཏེ་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བྱ་བས་སོ། །དེ་ནས་སརྦ་ཏ་ཐཱ་ག་

ཏ་ཤྭཱ་དྷི་ཏིཥྛཱ་ན་ཏ་མ་བཛྲ་སྭཱ་ཧཱ། ཞེས་བརྗོད་དུ་བཅུག་ལ་དེའི་སྙིང་གར་སའི་དཀྱིལ་འཁོར་ལྃ་ཡིག་ལས་སྐྱེས་པ་གྲུ་བཞི་པ་སེར་པོ་ཟུར་བཞིར་རྡོ་རྗེ་རྩེ་གསུམ་པའི་ཡི་གེ་ཧཱུྃ་གིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །མགྲིན་པར་ནི་ཆུའི་དཀྱིལ་འཁོར་བྃ་ཡིག་ལས་སྐྱེས་པ་

Vol. 9 · folio 313b

ཟླུམ་པོ་དཀར་བ་བུམ་པས་མཚན་པ། ཨའི་ཡི་གེས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ནས་སྤྱི་བོར་རླུང་གི་དཀྱིལ་འཁོར་ཡྃ་ཡིག་ལས་སྐྱེས་པ་གཞུའི་རྣམ་པ་ནག་པོ། །མཐའ་གཉིས་སུ་དར་དཔྱངས་གཡོ་བས་མཚན་པ་དབུས་སུ་ཧྃ་གིས་བྱིན་གྱིས་བརླབས་

པ་བསམ་ཞིང་། རྐང་མཐིལ་གཉིས་སུ་ཛྫ་ཡིག་ཡང་དག་པར་འབར་བ་བསམ་པར་བྱའོ། །དེ་ནས་དེའི་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྃ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་ཟུར་གསུམ་པ་བསྒོམ་པར་བྱས་ལ་དེས་སྣང་བར་བྱས་ཏེ། དྲིལ་བུ་

དཀྲོལ་ལ་ཨཱ་བེ་ཤ་ཡ་སྟྭཾ་བྷ་ཡ་ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུྃ་ཨ་ཛྷཻཾཿཞེས་བྱ་བའི་སྔགས་ཀྱིས་བསྐུལ་ལ་ཇི་སྲིད་དུ་བབས་ཀྱི་བར་དུ་དབབ་པར་བྱའོ། །ཡང་ན་སློབ་མའི་རྐང་པའི་འོག་ཏུ་རླུང་གི་དཀྱིལ་འཁོར་ལས་ས་བོན་གྱིས་བྱིན་གྱིས་བརླབས་པ་བསྒོམས་ལ། དེས་དེ་བསྐུལ་བར་བསྒོམ་པར་བྱའོ། །དེ་

ནས་ཡང་དྲག་པོའི་གར་དང་བཅས་པས་དྲིལ་བུ་དཀྲོལ་ཞིང་། ཨོཾ་ལི་ལེ་ལི་ལེ་ཧཱུྃ་ཞེས་བྱ་བའི་སྔགས་བབས་ཀྱི་བར་དུ་བརྗོད་ལ། དེ་བབས་པར་རིག་ནས་ཀྱང་འདོད་ཆགས་རྡོ་རྗེར་བསམས་ལ་དེའི་ལྕེ་ལ་ཨཱཿཡིག་དམར་པོ་བསྒོམས་ལ། རྡོ་རྗེ་སྨྲོས་ཤིག་ཅེས་བརྗོད་པར་

བྱའོ། །དེ་ནས་དེ་བབས་པ་ལ་བརྟན་པར་བྱ་བའི་ཕྱིར་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ། །དེ་ལྟར་དྲིས་པ་དང་དགེ་བ་དང་མི་དགེ་བ་སྨྲ་བར་འགྱུར་རོ། །དེ་ནས་ཨོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་ས་ལི་ཏེ་ཧཱུྃ་ཧཱུྃ་ཧོ་ཧོ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་བབས་པ་བརྟན་པར་བྱ་ཞིང་།

ཚིགས་སུ་བཅད་པ་འདིས་བདེན་པའི་བྱིན་རླབས་བདར་བར་བྱའོ། །ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་རབ་གཞུག་པས། །ལྷ་རྣམས་ཀྱི་ནི་རིམ་པ་ནི། །ཇི་ལྟར་བསོད་ནམས་དེ་ལྟར་འགྱུར། །འདི་ཡིས་དངོས་གྲུབ་ཅི་འགྱུར་བ། །དེ་ཡི་རིགས་ནི་སྣོད་

ཡིན་ཏེ། །གང་འདིའི་བསོད་ནམས་རྗེས་མཐུན་པ། །དེ་འདྲའི་དཀྱིལ་འཁོར་དག་ཏུ་འགྱུར། །ཞེས་བྱ་བས་སོ། །དེ་ནས་དེའི་མིག་གིས་ཅི་མཐོང་ཞེས་དྲི་བར་བྱའོ། །དེས་བརྗོད་པའི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོའི་དཀྱིལ་འཁོར་གྱི་སྣང་བས་ཞི་བ་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words