དཔལ་ཧེ་རུ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག
Sanskrit title (Tibetan script, as in the text) ཤྲཱི་ཧེ་རུ་ཀ་བྷཱུ་ཏ་ནཱ་མ་མཎྜ་ལ་ནོ་པི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 9 · folio 314a
རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་དངོས་གྲུབ་ཏུ་འོས་པ་དེ་ལ་རིམ་པས་བརྗོད་པར་བྱའོ། །དེ་ནས་གཟུང་བའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཧཱུྃ་གིས་འཕངས་ལ། པྲ་ཏཱིཙྪ་ཧོ་ཞེས་བརྗོད་པར་བྱའོ། །དེ་ནས་དངོས་གྲུབ་དམན་པ་དང་མཆོག་མེ་ཏོག་ལྷུང་བ་ལྷས་
མཚོན་པར་བྱའོ། །ལྷ་རྣམས་ཀྱི་ནི་ཁྱད་པར་ལས། །དེ་བཞིན་གནས་ལ་གུས་པ་ཡི། །སངས་རྒྱས་ལ་ལྷུང་མེ་ཏོག་དེ། །དབུ་སྙན་གཙུག་ཏོར་དབུ་སྐྲ་ན། །དངོས་གྲུབ་ཕྱག་རྒྱ་ཆེར་གསུངས་ཏེ། །སྔགས་ལ་མངོན་པར་སྦྱར་ནས་འགྱུར། །སྤྱན་དང་ཞལ་གྱི་ཕྱོགས་ཆ་ན། །
སྔགས་ཀྱི་དངོས་གྲུབ་དག་ཏུ་གསུངས། །སྐུ་ཡི་སྟོད་དུ་དངོས་གྲུབ་མཆོག །སྐུ་སྨད་ན་ནི་འབྲིང་དུ་བཤད། །འོག་ཆར་དངོས་གྲུབ་ཐ་མ་སྟེ། །མཆོག་ནི་བྱང་ཆུབ་ཅེས་སུ་བཤད། །འབྲིང་གིས་དབང་ཕྱུག་དངོས་གྲུབ་སྟེ། །ཐ་མ་ཡིས་ནི་ནོར་རྣམས་གྲུབ། །འདི་ཡིས་རིམ་པ་
ཐམས་ཅད་ནི། །བདག་མེད་མ་རྣམས་ལ་ཡང་ངེས། །གཞན་དུ་ལྷ་རྣམས་གདན་ལ་ནི། །དངོས་གྲུབ་གསུམ་གྱི་རྣམ་པར་སྟོན། །ཇི་ལྟར་བོར་བའི་མེ་ཏོག་དེ། །གཟུགས་བརྙན་ལས་ནི་རིང་ལྷུང་ན། །དེ་ཡི་དངོས་གྲུབ་རིང་བར་འགྱུར། །ཉེ་བ་ཉིད་ན་འདིར་འགྱུར་ཏེ། །སྔགས་པ་རྣམས་
ལ་ཕན་པའམ། །ཕན་འདོགས་རབ་ཏུ་འཛིན་པ་སྟེ། །དེ་ཡི་སྤྱོད་ཡུལ་ལྷུང་གྱུར་ན། །དེ་ནི་དེ་ཡི་རིགས་སུ་ཤེས། །འཕངས་པའི་མེ་ཏོག་ཕྲེང་བ་དེ། །གལ་ཏེ་བར་དུ་ལྷུང་གྱུར་ན། །གང་ལ་ཉེ་གྱུར་ཕྲེང་བ་དེ། །དེ་ནི་དེ་ཡི་རིགས་སུ་སྟོན། །གལ་ཏེ་མཎྜལ་འདས་ན་ནི། །གལ་ཏེ་དེ་ནི་
ལྷུང་གྱུར་ན། །དེ་ཡི་དངོས་གྲུབ་གཞན་འགྱུར་ཏེ། །འདི་ཡིས་དད་པ་བཅོས་མའོ། །གལ་ཏེ་རྒྱ་ལ་ཕྲེང་བ་དེ། །ཕྲེང་བ་རེ་ཁཱར་ལྷུང་གྱུར་ན། །ཞི་བྱས་སླར་ཡང་ཕྲེང་བ་ནི། །དེ་ནི་ནན་ཏན་གྱིས་གཏོར་བྱ། །སླར་ཡང་དེ་ལ་ཉེ་གྱུར་ན། །བློ་ལྡན་གྱིས་ནི་སླར་མི་དོར། །དེ་ལ་དངོས་གྲུབ་
ཐོབ་པ་མིན། །གར་ཡང་ངེས་མེད་བློ་ལྡན་ཀྱེ། །གཉིས་ཀྱི་བར་དུ་མཉམ་པ་དང་། །ཕྱིར་ལྷུང་བ་ལ་འབྲས་བུ་མེད། །ཞི་བྱས་སླར་ཡང་བློ་ལྡན་གྱིས། །ཕྲེང་བ་དེ་ནི་དོར་བར་བྱ། །ཐིག་གི་རྣམ་པར་ཤེས་པ་ཉིད། །གཞན་མེད་རྟག་པར་སྙིང་པོ་ལྷུང་། །དེ་ཡི་སྤྱོད་ཡུལ་དེ་ཤེས་ཉིད། །
Vol. 9 · folio 314b
ཕྲེང་བ་རུ་ནི་རབ་ཏུ་གྲགས། །དེ་ལ་སོགས་པ་རྣམ་པ་ཡིས། །གལ་ཏེ་ཡང་དག་ལྡང་མ་ཡིན། །སླར་ཡང་ཕྲེང་བ་འཕང་བར་བྱ། །དེ་ལྟར་གསུམ་ཡིན་སྤང་བར་བྱ། །མེ་ཏོག་དོར་བའོ། །དེ་ནས་མེ་ཏོག་ལྷུང་བ་ལས་ལྷ་ཤེས་པར་བྱ་སྟེ། སླར་ཡང་འཕངས་པའི་མེ་ཏོག་བླངས་ཏེ་བླངས་
ནས་ཀྱང་། །འདི་ནི་མཉེས་ཤིང་སྟོབས་པོ་ཆེ། །ཞེས་བརྗོད་ལ་སློབ་མའི་སྤྱི་བོར་བཅིང་བར་བྱའོ། །ཕྲེང་བའི་དབང་ངོ་། །དེ་ནས་སློབ་མའི་མིག་དག་ལ་ཡི་གེ་ཨོཾ་འབར་བ་དང་ལྡན་པར་བསྒོམས་ལ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་ཉིད། །མིག་རྣམས་འབྱེད་པ་རྣམས་ཀྱི་མཆོག།།
རྡོ་རྗེའི་མིག་ནི་བླ་མེད་པར། །མིག་རྣམས་ཐམས་ཅད་དབྱེ་བར་བྱ། །ཞེས་བརྗོད་ལ་གདོང་བཅིངས་པ་བཀྲོལ་ལ། །ཀྱེ་རྡོ་རྗེའི་མཐོང་བ་བརྗོད་པར་བྱ་བ་ནི་སོ་སོའི་ལྷ་རྣམས་ཀྱི་མིང་དང་། དཀྱིལ་འཁོར་གྱི་བདག་པོའི་མིང་སྔོན་དུ་འགྲོ་བ་ནས་བརྩམས་ཏེ། དཀྱིལ་འཁོར་བསྟན་པར་བྱའོ། །
དེ་ནས་བླ་མ་དགྱེས་ནས་སློབ་མ་ལ་འདི་སྐད་བརྗོད་པར་བྱའོ། །དེང་ནས་དད་པ་བསྐྱེད་བྱོས་ལ། །དཀྱིལ་འཁོར་འདི་ནི་བལྟ་བར་བྱའོ། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །རིག་པའི་སྔགས་ནི་བྱིན་གྱིས་བརླབས། །གྲུབ་པའི་རྣལ་འབྱོར་དེ་དག་དང་། །འབྱོར་པ་ཐམས་ཅད་
མངོན་དུ་གྱུར། །དངོས་གྲུབ་རྒྱུས་ནི་དམ་ཚིག་སྐྱོངས། །སྔགས་ཀྱི་དངོས་ལ་འབད་ལྡན་གྱིས། །དེ་ནས་སློབ་མས་ཀྱང་བླ་མའི་ཞབས་དག་ལ་བཏུད་དེ་འདི་སྐད་བརྗོད་པར་བྱའོ། །ཨོཾ་བཛྲ་མཎྜ་ལ་མ་ཧཱ་མཎྜ་ལ་པྲ་ཏི་ཧོ྅་ཧཾ། ཨོཾ་ཡོ་ག་མཎྜ་ལ་མ་ཧཱ་མཎྜ་ལ། ད་ར་ས་ཧོ྅ཧཾ།
ཨོཾ་གུ་ཧྱ་མཎྜ་ལ་མ་ཧཱ་མཎྜ་ལ་ཌཾཀྵི་ཧོ྅ཧཾ། ཞེས་བྱ་བས་སོ། །སློབ་མ་གཞུག་པའི་ཆོ་གའོ། །དེ་ནས་བླ་མ་དང་སློབ་མའི་དགེ་བ་སྤེལ་བར་བྱ་བའི་ཕྱིར་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གསུམ་བླང་བར་བྱའོ། །བཀྲ་ཤིས་དམ་པ་གང་ཞིག་སེམས་ཅན་མ་ལུས་ཕན་ཞིང་མོས་
པ་ཡིས། །དཔལ་ལྡན་ཁྲག་འཐུང་སྐྱོན་རྣམས་མང་པོ་རྣམ་པར་སེལ་མཛད་པ། །རིག་པའི་ཡན་ལག་ཆགས་པའི་བདེ་བའི་བདག་ཉིད་ལེགས་ཉམས་པའི། །དབང་རྣམས་མཆོག་ལ་ཡང་ནི་དེས་ནི་བཀྲ་ཤིས་གྱུར་པར་ཤོག །བཀྲ་ཤིས་གང་ཞིག་ལྷ་དང་མི་དང་ལྷ་མ་ཡིན་
Vol. 9 · folio 315a
གྱིས་མཆོད། །ལྟག་ན་མེད་པའི་ཆོས་རྣམས་དག་ནི་དེ་ཡིས་གསུངས་པ་དང་། །འཇིག་རྟེན་གསུམ་པོ་རྣམས་སུ་བདག་མེད་པར་ནི་རྣམ་བཤད་པ། །དབང་རྣམས་མཆོག་ལ་ཡང་ནི་དེས་ནི་བཀྲ་ཤིས་གྱུར་པར་ཤོག །བཀྲ་ཤིས་གང་ཞིག་མཆོག་གི་ཆོས་རྣམས་རྟག་
པར་འཛིན་མཛད་པའི། །ལྷ་ཡི་ཚོགས་ནི་རྒྱལ་བའི་སྲས་པོའི་ཚོགས་ཀྱི་བདག །བཀྲ་ཤིས་བཟང་པོ་སེམས་ཅན་ཕན་འདོགས་མཛད་པ་རྣམ་པ་བཞི། །དབང་རྣམས་མཆོག་ལ་ཡང་ནི་དེས་ནི་བཀྲ་ཤིས་གྱུར་པར་ཤོག །དེ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་ཆེ་
བའི་ཆེན་པོ་གསལ། །བདག་ལ་དྲང་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་ལ་སོགས་སྩོལ། །ཞེས་བྱ་བ་འདིས་གསོལ་བ་བཏབ་པ་དང་། སློབ་མ་པདྨ་ལ་སོགས་པའི་གདན་ལ་འདུག་ཅིང་། མི་བསྐྱོད་པའི་གཟུགས་སུ་བསམས་ལ། །དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཀྱེ་
རྡོ་རྗེའི་གཟུགས་དང་ལྡན་པས་ཡེ་ཤེས་ཀྱི་ཆུས་གང་བའི་རིན་པོ་ཆེའི་བུམ་པ་བསྣམས་ནས་དབང་བསྐུར་བར་རྣམ་པར་བསམས་ལ། རྡོ་རྗེ་རིན་ཆེན་དབང་བསྐུར་ནི། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་ལས་མཉམ་བྱུང་བ། །སངས་རྒྱས་རྣམས་ཀྱིས་
བདག་ལ་སྩོལ། །ཞེས་བརྗོད་ལ། ཁུ་ཚུར་གྱི་ཆུ་དང་བཅས་པའི་རྡོ་རྗེ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ། ཞེས་བརྗོད་ལ་འཁོར་ལོས་སྒྱུར་བ་ལྟར་དབང་བསྐུར་བར་བྱའོ། །དེ་ལ་འདི་ནི་དབང་བསྐུར་བའི་རིམ་པ་སྟེ། དང་པོ་རྣམ་རྒྱལ་བུམ་པའི་ཆུས། །དེའི་འོག་གཽ་རཱི་སོགས་བུམ་
ཆུས། །དེ་འོག་སྦོས་མོ་སོགས་བུམ་ཆུས། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཆུའི་དབང་ཞེས་བྱའོ། །དེ་ནས་སློབ་མ་རིན་ཆེན་རྒྱལ་པོའི་གཟུགས་སུ་བསྒོམས་ལ། རང་གི་ལྷ་དང་ལྡན་པའི་གསེར་ལ་སོགས་པ་ལས་བྱས་པའི་ཅོད་པན་སྔར་བརྗོད་པའི་
སྔགས་ཀྱིས་སྤྱི་བོར་བཞག་ལ་ཕྱོགས་བཅུ་ན་དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོའི་གཟུགས་ཀྱི་ཅོད་པན་ལ་ཞུགས་པར་བསྒོམས་ལ་སྔར་བཞིན་དུ་དབང་བསྐུར་བར་བསྒོམ་མོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ཅོད་པན་གྱི་དབང་ཞེས་བྱའོ། །དེ་ནས་འོད་
Vol. 9 · folio 315b
དཔག་མེད་ཀྱི་གཟུགས་སུ་དེ་བསྒོམས་ལ་རྡོ་རྗེའི་རྩེ་མོ་ནས་བླངས་ཏེ། སངས་རྒྱས་རྡོ་རྗེའི་དབང་གིས་ནི། །དེ་རིང་ཁྱོད་ལ་དབང་བསྐུར་གྱིས། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །དངོས་གྲུབ་ཕྱིར་ནི་རྡོ་རྗེ་ལོང་། །ཞེས་བརྗོད་ལ་རྡོ་རྗེས་སྙིང་ག་དང་སྤྱི་གཙུག་དང་མགྲིན་པ་རྣམས་སུ་
རེག་པར་བྱ་སྟེ། ལག་པ་རྣམས་སུ་བྱིན་ལ་སྔར་བཞིན་དུ་དབང་བསྐུར་བར་བྱའོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་རྡོ་རྗེའི་དབང་ཞེས་བྱའོ། །དེ་ནས་དོན་ཡོད་གྲུབ་པའི་གཟུགས་སུ་རྣམ་པར་བསྒོམས་ལ། དྲིལ་བུ་ལག་པ་གཡོན་པར་བྱིན་ལ་རྡོ་རྗེ་དང་དྲིལ་བུར་
ལྡན་པའི་ལག་པ་གཉིས་འཁྱུད་པའི་ཚུལ་དབྱེར་མེད་པའི་རྣམ་པ་ལ་ཨོཾ་བཛྲ་ཨ་དྷི་པ་དྷི་སྟྭཱཾ་ཨ་བྷི་ཥིཉྩ་མི། ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་དབང་བསྐུར་བར་བྱའོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདག་ཉིད་དྲིལ་བུའི་དབང་ཞེས་བྱ་བའོ། །དེ་ནས་དེ་རྣམ་པར་སྣང་མཛད་ཀྱི་
གཟུགས་སུ་བསམས་ལ་རྡོ་རྗེ་དང་དྲིལ་བུ་སྤྱི་བོར་བཞག་སྟེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེས་བརྗོད་ལ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་རྣམ་གྲངས་འདིས་རིགས་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཚུལ་གྱིས་འཁོར་ལོས་སྒྱུར་པའི་མིང་གི་
དབང་བསྐུར་བར་བྱའོ། །འདི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མིང་གི་དབང་ཞེས་བྱའོ། །དབང་འདི་རྣམས་ཀྱིས་ནི་སྔགས་ཀྱི་རྒྱུད་ཉན་པ་དང་བཤད་པ་དང་སྒྲུབ་པ་ལ་དབང་དུ་བྱས་པར་འགྱུར་རོ། །དེ་ཉིད་ཁོ་ན་རིག་པའི་དབང་གི་ཡེ་ཤེས་རིགས་རྣམ་པ་ལྔ་པོ་དེའི་
ཕྱིར་དབང་ལྔ་ཞེས་བྱའོ། །གང་གང་སྣང་བ་དེ་དེ་རྣམས། །དེ་ནི་ཧེ་རུ་ཀ་དངོས་ཉིད། །ཕལ་པ་གང་ནི་དག་པའི་ཆོས། །སངས་རྒྱས་ཡེ་ཤེས་ཀྱང་དེ་ཡིན། །རིག་པའི་དབང་སྤྱིས་བྱང་ཆུབ་ངེས་པར་ཐོབ་པ་ཡིན་གྱིས། ཁྱད་པར་གྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་པ་
མ་ཡིན་ནོ། །དེ་བས་ནན་ཏན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་ཐོབ་པར་བྱ་བའི་ཕྱིར་སློབ་དཔོན་གྱི་དབང་གི་དོན་དུ་གཉེར་བ་སྤྱིའི་སྡོམ་པ་བཟུང་ཞིང་སློབ་དཔོན་གྱི་སྡོམ་པ་བཟུང་བ་ལ་བརྟུལ་ཞུགས་སྦྱིན་པར་བྱའི་གཞན་དུ་ན་ལུང་བསྟན་པ་དང་དབུགས་
Vol. 9 · folio 316a
འབྱིན་པ་མ་ཡིན་ཏེ། དེ་གཉིས་ཀྱིས་ནི་ཕྱིར་མི་ལྡོག་པའི་ས་ལ་རབ་ཏུ་གནས་པའི་ཕྱིར་ཏེ། བདག་ནི་ལུང་བསྟན་ཏོ། །བདག་ནི་དབུགས་འབྱིན་པ་ཐོབ་པོ་ཞེས་མོས་པའི་སྟོབས་ཀྱིས་འབད་པ་མེད་པའི་ངེས་པ་ཐོབ་པའོ། །སྣོད་ཀྱི་བྱེ་བྲག་མཐོང་ནས་བརྟུལ་ཞུགས་
སྟེར་བ་ལྟར་ལུང་བསྟན་པ་དང་། དབུགས་དབྱུང་བ་ཡང་དེ་ཁོ་ན་རིག་པས་མི་སྦྱིན་ནོ། །ཞེས་གཞན་དག་ན་རེའོ། །བརྒྱ་ལ་དེ་བཞིན་དུ་རྗེས་སུ་གནང་བ་ཡང་བྱིན་ནས་སེམས་ཅན་ཐམས་ཅད་ཅེས་བྱ་བའི་ཚིགས་སུ་བཅད་པ་ལྔ་པོ་འདིས་ཞེས་ནི་གཞན་དག་ན་རེའོ། །དེ་ནས་གཞན་
ཡང་རང་གི་ལྷའི་ཕྱག་རྒྱ་བསླབས་ལ། རྩ་བའི་སྔགས་སམ་སྙིང་པོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་སློབ་མ་དེ་ལ་སྦྱིན་པར་བྱའོ། །ང་ཡིས་ཁྱོད་ལ་བཅོམ་ལྡན་སྦྱིན། །འདིར་ནི་ཉེ་བར་གྱུར་པ་ཡིན། །ཞེས་སྨྲ་བར་བྱའོ། །ང་ཡིས་ཁྱོད་ནི་བཅོམ་ལྡན་གཟུང་། །བདག་
ལ་ཉེ་བ་རུ་ནི་གྱུར། །ཞེས་སློབ་མས་ཀྱང་བརྗོད་པར་བྱའོ། །དེ་ནས་བླ་མས་ཁྱོད་ཀྱིས་སྔགས་དང་ཕྱག་རྒྱ་འདི་དཀྱིལ་འཁོར་མ་མཐོང་བ་འགའ་ཞིག་གི་དྲུང་དུ་སྨྲ་བར་མི་བྱའོ། །གླེང་གཞི་དེས་ཁྱོད་དམྱལ་བར་གྱུར་ཏ་རེ་ཞེས་སློབ་མ་ལ་བརྗོད་པར་བྱའོ། །རིག་པའི་དབང་གི་ཆོ་
གའོ། །དེ་ནས་རིག་པའི་དབང་དང་སློབ་དཔོན་གྱི་སྡོམ་པ་འཛིན་པས་ཕྱག་འཚལ་ཏེ་ཡོན་ཕུལ་ལ། བྱང་ཆུབ་རྡོ་རྗེས་སངས་རྒྱས་རྣམས། །ཇི་ལྟར་ཆེ་བའི་ཆེན་པོ་གསལ། །བདག་ལའང་དྲང་བའི་དོན་དུ་ནི། །ནམ་མཁའ་རྡོ་རྗེ་ལ་སོགས་སྩོལ། །ཞེས་བྱ་བའི་གསོལ་བ་
འདི་དང་ལྡན་པས་སྒོ་ན་གནས་པ་གཞུག་པར་བྱ་ཞིང་པདྨ་འདབ་མ་བརྒྱད་པ་བྲིས་ལ་དེའི་སྟེང་དུ་བཞག་སྟེ། རང་འདོད་ལྷའི་རྣལ་འབྱོར་གྱིས་སློབ་མ་ནམ་མཁའ་ལ་གཞག་ལ། རང་གི་སྙིང་གའི་འོད་ཟེར་ལས་ཁ་ནས་བཏོན་པའི་དེ་བཞིན་གཤེགས་པ་ཐམས་ཅད་དཔལ་ཧེ་རུ་ཀའི་
གཟུགས་དང་ལྡན་པས་མཆོད་པ་རྣམ་པ་ལྔ་དང་གདུགས་དང་རྒྱལ་མཚན་དང་བ་དན་དང་རོལ་མོ་དང་བཀྲ་ཤིས་ཀྱི་གླུ་དང་ལྡན་པས་ཕྱག་ན་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་ཆུ་གནས་པས་དབང་བསྐུར་བར་རྣམ་པར་བསྒོམ་པར་བྱ་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་ནི། །ཁམས་
Vol. 9 · folio 316b
གསུམ་གྱིས་ནི་ཕྱག་བྱས་པ། །གསང་བ་གསུམ་ལས་མཉམ་བྱུང་བ། །སངས་རྒྱས་ཀུན་གྱི་གསལ་གྱུར་ཏོ། །ཞེས་བརྗོད་ལ་པདྨའི་སྣོད་ལ་གནས་པའི་ཆུས་དབང་བསྐུར་བར་བྱའོ། །དེ་ནས་འདི་ལ་དཀྱིལ་འཁོར་གྱི་དེ་ཉིད་དང་ལྷའི་དེ་ཉིད་དང་། སློབ་དཔོན་གྱིས་ཡོངས་སུ་སྤྱད་པ་ཡང་
བརྗོད་པར་བྱ་སྟེ། དེ་ལ་ཤིན་ཏུ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱི་སྙིང་པོ་སྡུད་པའི་ཕྱིར་ལོངས་སྤྱོད་རྫོགས་སྐུས་དཀྱིལ་འཁོར་བསྡུས་སོ། །སེམས་ཡང་དག་པར་བསླང་བ་རྣམ་པར་དག་པས་ནི་ཁང་བུ་བརྩེགས་པའོ། །ཚད་ལས་མཉམ་པར་བགྲོད་པ་ཉིད་ཀྱི་ཕྱིར་གྲུ་བཞིའོ། །བྱམས་
པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་དང་། བཏང་སྙོམས་རྣམ་པར་དག་པས་ནི་ཐིག་བཞིའོ། །ཆོས་རྗེས་སུ་དྲན་པའི་སྦྱོར་བས་ནི་ཐིག་སྐུད་དོ། །འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་མཆོག་ཏུ་འཛིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་
འཛིན་པའི་ལྟ་བ་ལས་གྲོལ་ཞིང་ཡེ་ཤེས་རྣམ་པར་དག་པས་ནི་ཐིག་འདེབས་པ་དང་། སྡོམ་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་། དགེ་བའི་ཆོས་སྡུད་པ་དང་། སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པས་ནི་རྒྱན་དུ་མས་བརྒྱན་པའོ། །དད་པ་དང་བརྩོན་འགྲུས་དང་།
དྲན་པ་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོས་ནི་སེམས་ཀྱི་རྣམ་གྲངས་རྣམ་པ་ལྔའོ། །སྡིག་པ་མི་དགེ་བ་སྐྱེས་པ་རྣམས་འཇོམས་པར་བརྩོན་པ་ནི་ཤར་གྱི་རྟ་བབས་སོ། །མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་སོ་སོར་རྟོག་པ་ནི་ནུབ་ཀྱི་རྟ་བབས་སོ། །སྐྱེས་པ་རྣམས་གནས་
པར་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་ནི་བྱང་གི་རྟ་བབས་སོ། །ཡང་དག་པར་སྤོང་བ་བཞི་རྣམ་པར་དག་པའི་རྟ་བབས་བཞིའོ། །ལུས་དང་ཚོར་བ་དང་སེམས་དང་། ཆོས་ཞེས་བྱ་བ་དྲན་པ་ཉེ་བར་གཞག་པས་ནི་སྟེགས་བུ་བཞིའོ། །བཟོད་པ་དང་ཆོས་དང་། དོན་དང་སྔགས་དང་།
གཟུངས་རྣམ་པར་དག་པས་ནི་བི་དྷི་ཀ་ལ་རྣམ་པར་གནས་པའི་གླུ་དང་གར་ལ་སོགས་པའི་མཆོད་པས་སྦྲེལ་བའི་ལྷ་མོའི་ཚོགས་སོ། །སྟོང་པ་ཉིད་རྣམ་པར་ཐར་པའི་སྒོ་ནི་ཤར་གྱི་སྒོའོ། །མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་ནི་ལྷོའི་སྒོའོ། །སྨོན་པ་མེད་པ་རྣམ་པར་ཐར་
Vol. 9 · folio 317a
པའི་སྒོ་ནི་ནུབ་ཀྱི་སྒོའོ། །མངོན་པར་འདུས་མ་བྱས་པ་རྣམ་པར་ཐར་པའི་སྒོ་ནི་བྱང་གི་སྒོའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཤར་གྱི་ཡ་ཕུབས་སོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ལྷོའི་སྒོའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་ནུབ་ཀྱི་སྒོའོ། །དཔྱོད་
པའི་རྫུ་འཕྲུལ་གྱི་རྐང་པ་ནི་བྱང་གི་སྒོའོ། །ཐུགས་རྗེས་བརླན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་བུམ་པ་གང་བའོ། །དྲན་པ་དང་ཆོས་རྣམ་པར་འབྱེད་པ་དང་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ཏིང་ངེ་འཛིན་དང་བརྩོན་འགྲུས་དང་། བཏང་སྙོམས་དང་
ཞེས་བྱ་བ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམ་པར་དག་པས་ནི་མེ་ཏོག་གི་ཕྲེང་བའོ། །སྒྲིབ་པ་ཐམས་ཅད་རྣམ་པར་གྲོལ་ཞིང་ཏིང་ངེ་འཛིན་དང་ཤེས་རབ་ཡང་དག་པར་འདུས་པ་དེ་བཞིན་གཤེགས་པའི་ལམ་གྱི་ཡེ་ཤེས་ནི་རྔ་ཡབ་པོ། །ཉོན་མོངས་པའི་ས་བོན་ལ་བཏོན་ནས་ཉོན་མོངས་
པ་རྣམ་པར་འཇོམས་པ་ནི་དོ་ཤལ་ལོ། །ཉོན་མོངས་པའི་ས་བོན་ཉེ་བར་བཅོམ་ནས་ཉོན་མོངས་པ་རྣམས་ཕྱེད་པ་ནི་དོ་ཤལ་ཕྱེད་པའོ། །མེ་ལོང་ལ་སོགས་པའི་ཡེ་ཤེས་ཀྱིས་ནི་མེ་ལོང་ངོ་། །འགྲོ་བ་ཐམས་ཅད་དབྱེར་མེད་པར་བརྗོད་པས་དེར་གནས་པའི་ཉོན་མོངས་པས་རྗེས་སུ་མ་
གོས་པའི་ཕྱིར་པདྨའོ། །སེམས་ཅན་རྣམས་མཉམ་པར་འབྱུང་བའི་ཕྱིར་བྱང་ཆུབ་ཀྱི་སེམས་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་དག་པས་ནི་ཟླ་བའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་ཡེ་ཤེས་ནི་ཉི་མའི་དཀྱིལ་འཁོར་རོ། །གཟུགས་ལ་སོགས་པ་
ལས་ཕྱིན་ཅི་མ་ལོག་པའི་ཕྱིར་གོང་ན་མེད་ཅིང་མཐའ་ལས་འདས་པའི་ཡོན་ཏན་ནོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པའི་ཕྱིར་མཆོད་པ་རྣམ་པ་ལྔའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ནི་ན་བཟའོ། །གདུལ་བྱ་ལ་བསྐྱོད་པའི་དམ་པའི་ཆོས་མདོའི་
སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང་ཆེད་དུ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་སྡེ་སྟེ། ལྟ་བའི་ཡན་ལག་དགུའི་ཚིག་ཐམས་ཅད་ན་གནས་པའི་ཕྱིར། བ་དན་
Vol. 9 · folio 317b
སྣ་ཚོགས་པའི་རྩེ་མོ་ན་དྲིལ་བུ་ལ་རླུང་གིས་བསྐྱོད་པའི་སྒྲའོ། །ཤ་དང་ལྷ་དང་ཤེས་རབ་དང་ཆོས་དང་། སངས་རྒྱས་ཀྱི་སྤྱན་གྱི་ལྟ་བ་རྣམ་པར་དག་པས་ནི་ཚོན་སྣ་ལྔའོ། །བདག་མེད་མའི་དཀྱིལ་འཁོར་ལ་ཡང་དེ་བཞིན་ཏེ། འོན་ཀྱང་ཁྱད་པར་ནི་འདི་ཡང་དག་པའི་ལྟ་བ་དང་། ཡང་
དག་པའི་རྟོག་པ་དང་། ངག་དང་ལས་ཀྱི་མཐའ་དང་། འཚོ་བ་དང་རྩོལ་བ་དང་། དྲན་པ་དང་ཏིང་ངེ་འཛིན་དང་འདུ་ཤེས་པ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་དག་པས་ནི་ཀ་བ་བརྒྱད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཐམས་ཅད་དུ་ཐོགས་པ་མེད་པར་རྡོ་རྗེ་
ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཀ་བ་བརྒྱད་ཀྱི་སྟེང་རྡོ་རྗེ་ཕྲེང་བས་སྦྲེལ་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་བདག་མེད་པར་བསྡུས་པས་ནི་དུར་ཁྲོད་བརྒྱད་དོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཅེས་བྱའོ། །གཟུགས་ཀྱི་སྐྱེ་མཆེད་ཀྱི་ལུས་སུ་གྱུར་པ་ལ་སོ་སོར་རྟོག་པ་ནི་དཀར་
མོའོ། །སྒྲའི་སྐྱེ་མཆེད་ཀྱི་སེམས་སུ་གྱུར་པ་ལ་སོ་སོར་རྟོག་པའི་ངོ་བོ་ནི་ཆོམ་རྐུན་མའོ། །དྲིའི་སྐྱེ་མཆེད་དག་ཏུ་གྱུར་པ་ལ་སོ་སོར་རྟོག་པའི་ངོ་བོ་ནི་རོ་ལངས་མའོ། །རོའི་སྐྱེ་མཆེད་ཡེ་ཤེས་སུ་གྱུར་པ་ལ་སོ་སོར་རྟོག་པའི་ངོ་བོ་ནི་གྷསྨ་རཱིའོ། །སའི་ཁམས་ལུས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡེ་
ཤེས་ཀྱི་ངོ་བོ་ནི་པུཀྐ་སཱིའོ། །ཆུའི་ཁམས་སེམས་ཀྱི་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་ངོ་བོ་ནི་རི་ཁྲོད་མའོ། །མེའི་ཁམས་ངག་གི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི་ཙཎྜ་ལཱིའོ། །རླུང་གི་ཁམས་ཡེ་ཤེས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ངོ་བོ་ནི་ཌོམྦི་ནཱིའོ། །ཇི་ལྟར་བརྗོད་པའི་ཡང་དག་པའི་ཡེ་
ཤེས་ཀྱི་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གོང་ན་མེད་པའི་བྱང་ཆུབ་དཔལ་ཀྱེ་རྡོ་རྗེའོ། །བདག་མེད་མའི་དཀྱིལ་འཁོར་ལ་ནི་རེག་པའི་སྐྱེ་མཆེད་དང་ཤེས་རབ་ཀྱི་དབང་པོའི་ངོ་བོ་ཉིད་ནི་ས་སྤྱོད་མའོ། །ཆོས་ཀྱི་སྐྱེ་མཆེད་དང་དད་པ་དང་། །བརྩོན་འགྲུས་དང་དྲན་པ་དང་།
ཏིང་ངེ་འཛིན་དང་ཤེས་རབ་དང་སྟོབས་ཀྱི་ངོ་བོ་ནི་མཁའ་སྤྱོད་མའོ། །དད་པའི་དབང་པོའི་ངོ་བོ་ནི་ས་འོག་གནས་མའོ། །བརྩོན་འགྲུས་ཀྱི་དབང་པོའི་ངོ་བོ་ནི་ཆོམ་རྐུན་མའོ། །དྲན་པའི་དབང་པོའི་ངོ་བོ་ནི་རོ་ལངས་མའོ། །ཏིང་ངེ་འཛིན་གྱི་དཔོང་པོའི་ངོ་བོ་ནི་གྷསྨ་རཱིའོ། རབ་
Vol. 9 · folio 318a
ཏུ་དགའ་བ་དང་དྲི་མ་མེད་པ་དང་། འོད་བྱེད་པའི་སའི་ངོ་བོ་ནི་པུཀྐ་སཱིའོ། །མངོན་དུ་གྱུར་པའི་སའི་ངོ་བོ་ནི་རི་ཁྲོད་མའོ། །རིང་དུ་སོང་བ་དང་མི་གཡོ་བའི་ངོ་བོ་ནི་ཙཎྜ་ལཱིའོ། །ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་གྱི་ངོ་བོ་ནི་ཌོམྦི་ནཱིའོ། །གཟུགས་ཀྱི་ཕུང་པོ་དང་
མིག་གི་སྐྱེ་མཆེད་དང་གཏི་མུག་ཆེན་པོ་དང་། སངས་རྒྱས་ཀྱི་ས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ནི་རྡོ་རྗེ་མའོ། །ཚོར་བའི་ཕུང་པོ་དང་སྣའི་སྐྱེ་མཆེད་དང་ང་རྒྱལ་ཆེན་པོ་དང་། སངས་རྒྱས་ཀྱི་ས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་གསང་བའི་དཀར་མོའོ། །
འདུ་ཤེས་ཀྱི་ཕུང་པོ་དང་། ལྕེའི་སྐྱེ་མཆེད་དང་། འདོད་ཆགས་ཆེན་པོ་དང་། སངས་རྒྱས་ཀྱི་ས་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་ཆུའི་རྣལ་འབྱོར་མའོ། །འདུ་བྱེད་ཀྱི་ཕུང་པོ་དང་ལུས་ཀྱི་སྐྱེ་མཆེད་དང་། ཕྲག་དོག་ཆེན་པོ་དང་། སངས་རྒྱས་ཀྱི་ས་དང་།
བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ནི་རྡོ་རྗེ་མཁའ་འགྲོ་མའོ། །རྣམ་པར་ཤེས་པའི་ཕུང་པོ་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཞེ་སྡང་ཆེན་པོ་དང་། སངས་རྒྱས་ཀྱི་ས་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ནི་བདག་མེད་མའོ། །ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བའོ། །
ཕྱི་དང་ནང་དང་ས་སྦྱང་བ་ལ་སོགས་པ་དང་སློབ་དཔོན་གྱིས་ཡོངས་སུ་སྦྱང་བ་ཡང་ངོ་། །དེ་ནས་དམ་ཚིག་གསུམ་དང་ལྡན་པས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། ཧཱུཾ་ཡིག་ལས་སྐྱེས་རྡོ་རྗེ་ནི། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །
ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་པར་ཟུང་། །ཞེས་བརྗོད་ལ་འཛིན་དུ་གཞུག་གོ། །སློབ་མས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བ་ཧོ། །ཧི་ཧི་ཧི་ཧི་ཧཱུྃ་ཞེས་བརྗོད་ལ་རྡོ་རྗེ་གཟུང་བར་བྱའོ། །རྡོ་རྗེ་བརྟུལ་ཞུགས་ཞེས་
བྱའོ། །དེ་ནས་བླ་མས། སེམས་དཔའ་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙིང་པོ་བདག་པོའི་གཙོ། །ཞེས་བྱ་བའི་དེ་ཁོ་ན་ཉིད་འདིས་སློབ་མ་རྡོ་རྗེ་འཛིན་དུ་གཞུག་གོ། །རྡོ་རྗེའི་བརྟུལ་ཞུགས་དང་རྡོ་རྗེའི་དམ་
Vol. 9 · folio 318b
ཚིག་གོ། །དེའི་རྗེས་ཨ་ཡིག་ལས་སྐྱེས་པའི་དྲིལ་བུ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བརྗོད། །རྒྱལ་བ་བྱང་ཆུབ་མཆོག་གི་གཞུང་། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ཞེས་བྱ་བས་འདིས་འཛིན་དུ་གཞུག་ཅིང་། །སྲིད་པ་རང་བཞིན་གྱིས་
དག་ཕྱིར། །རང་བཞིན་གྱིས་ནི་འབྱུང་བར་བྱེད། །སེམས་ཅན་རང་བཞིན་གྱིས་དག་པས། །དམ་པའི་སྲིད་པ་དག་ཏུ་བྱེད། །ཅེས་བྱ་བ་འདིས་དྲིལ་བུའི་དེ་ཉིད་ཀྱིས་སློབ་མས་ཀྱང་བཟུང་ལ་དེ་དཀྲོལ་བར་བྱའོ། །རྡོ་རྗེ་བརྟུལ་ཞུགས་དང་དྲིལ་བུའི་དམ་ཚིག་གོ། །དེ་ནས་རང་འདོད་ལྷའི་ཕྱག་རྒྱ་
སྟེ། །ཡིད་ཀྱི་སྐུ་ནི་བརྟན་པ་ཁྱོད། །ཕྱག་རྒྱ་མངོན་པར་རྟོགས་པར་མཛོད། །ཐམས་ཅད་དུ་ནི་བརྟན་པ་གང་། །དེས་ན་ཕྱག་རྒྱ་ཞེས་སུ་བརྗོད། །ཅེས་བྱ་བ་འདིས་བསླབ་པར་བྱའོ། །སློབ་མས་ཀྱང་བླ་མའི་ངག་གིས་རང་གི་ལྷ་ཉིད་ཀྱི་ཕྱག་རྒྱ་བསྒོམས་ལ། དེ་ཉིད་
ཕྱག་རྒྱའི་མངོན་པར་རྟོགས་པ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེའི་བརྟུལ་ཞུགས་དང་། ཕྱག་རྒྱའི་མངོན་པར་རྟོགས་པ་སྟེ་དམ་ཚིག་གསུམ་དང་ལྡན་པའི་རྡོ་རྗེའི་བརྟུལ་ཞུགས་སོ། །དེ་ནས་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་རྣམ་པར་བསྒོམས་ལ།
ཁུ་ཚུར་གཡོན་པས་ཆོས་གོས་ཀྱི་གྲྭ་ནས་བཟུང་ལ་སྙིང་གར་བཞག་སྟེ། མཆོག་སྦྱིན་པའི་ཕྱག་རྒྱ་ཆེན་པོ་གཡས་བརྐྱང་བས་མངོན་པར་ཕྱོགས་ལ། ཨོཾ་འདིར་ནི་ང་ཡིས་ལུང་བསྟན་བྱ། །ཁྱོད་ནི་བདེ་གཤེགས་རྡོ་རྗེ་སེམས། །སྲིད་པ་ཡོངས་སུ་གྲུབ་པའི་ཕྱིར། །སྲིད་པའི་
ངན་འགྲོ་ལས་གདོན་བྱ། །ཧེ་ཤྲཱི་ཨ་མུ་ཀཾ་བཛྲ་ནཱ་མ་སིདྡྷྱ་བྷུར་བྷུ་བ་སྭཿ། ཞེས་བརྗོད་ལ་ལུང་བསྟན་པར་བྱའོ། །ཕྱག་རྒྱ་ཆེན་པོ་བརྐྱང་བ་འདིས་གང་ལུང་བསྟན་པ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མགྲིན་གཅིག་ཏུ་བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །འདི་ཁོ་ན་རྡོ་རྗེ་འཛིན་པ་རྣམས་ཀྱི་ཕྱག་རྒྱ་དང་སྔགས་དང་བྱིན་གྱི་རླབས་སོ་ཞེས་བརྗོད་པར་བྱའོ། །ལུང་བསྟན་པ་ཞེས་བྱ་བའོ། །དེ་ནས་དམ་ཚིག་གསུམ་དང་ལྡན་པའི་དབུགས་འབྱིན་པ་སྦྱིན་པར་བྱ་སྟེ། གསང་ཆེན་
Vol. 9 · folio 319a
དཀྱིལ་འཁོར་དམ་པ་ལ། །མཐོང་ནས་མཆོག་ཏུ་རབ་ཏུ་ཞུགས། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །ཁྱོད་ནི་དེ་རིང་ལེགས་གནས་ཉིད། །གང་ཕྱིར་བདེ་ཆེན་མ་དོར་ན། །སླར་ཡང་ཁྱོད་ནི་མི་འཆི་འགྱུར། །ཁྱོད་ནི་མཐོང་བ་མེད་པ་རུ། །སུ་ལ་ཡང་འཇིགས་
མེད་སྤྱད་པར་གྱིས། །སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར། །ཁྱོད་སྲིད་སྡུག་བསྔལ་མཚོ་ལས་ཐར། །སྲིད་པ་ཤིན་ཏུ་བསྣུན་བྱའི་ཕྱིར། །བསྟན་པའི་མཆོག་ཏུ་ཡང་དག་འབྱུང་། །དངོས་གྲུབ་དམ་ཚིག་སྡོམ་པ་སྟེ། །འདི་ནི་ཁྱོད་ཀྱིས་རྟག་ཏུ་ཟུངས། །རྟག་པ་མཆོག་རྣམས་དག་པའི་
བཀའ། །སངས་རྒྱས་ཀུན་གྱིས་མཉམ་པར་གསུངས། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་ཞིག་རྡོ་རྗེའི་ཕྱག་རྒྱ་སྟེ། །གང་ཞིག་བལྟས་པ་ཙམ་གྱིས་ཀྱང་། །སངས་རྒྱས་ཉིད་དུ་གདོན་མི་ཟ། །དམ་པའི་ཆོས་ནི་སྤོང་བ་དང་། །དོར་བ་ནམ་ཡང་མི་བྱའོ། །མི་ཤེས་པ་
ཡི་རྨོངས་པ་ཡིས། །རྟག་པར་བསྒྲགས་པར་བྱས་གྱུར་ན། །བདག་ཉིད་ཀྱིས་ནི་བདག་ཉིད་སྤངས། །བཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བ་བདེར་བཟུང་སྟེ། །མ་འོངས་པ་ན་འདི་འཚང་རྒྱ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དོར་བ་ནམ་ཡང་མི་བྱའོ། །སློབ་
དཔོན་ལ་ནི་བརྙས་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་དང་མཉམ། །སློབ་དཔོན་འདི་ལ་བརྙས་ན་ནི། །སངས་རྒྱས་ཐམས་ཅད་ལ་བརྙས་ཡིན། །དེ་ནི་རྟག་ཏུ་སྡུག་བསྔལ་ཐོབ། །ཡམས་དང་འཚེ་བ་ནད་རྣམས་དང་། །གདོན་དང་རིམས་
དང་དུག་རྣམས་དང་། །བགེགས་དང་ལོག་འདྲེན་མི་བཟད་པས། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པས། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་
སུ་མཐུན་པར་དབུལ་བ་བྱ། །དེས་ནི་རིམས་སོགས་གདུང་བ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་པར་རང་གི་དམ་ཚིག་བསྒྲུབ། །རྟག་པར་དེ་བཞིན་གཤེགས་པ་མཆོད། །རྟག་པར་བླ་མ་ལ་ཡང་དབུལ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཕྱིར་
Vol. 9 · folio 319b
སངས་རྒྱས་ཐམས་ཅད་ལ། །རྟག་པར་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལ་དངོས་གྲུབ་མཆོག་ཏུ་འགྱུར། །དེ་རིང་ཁྱོད་ཀྱིས་སྐྱེ་འབྲས་བཅས། །གང་འདིར་རབ་ཏུ་ཞུགས་པ་ཉིད། །ལྷ་དང་དམ་ཚིག་མཚུངས་པར་ནི། །གནས་པར་གྱུར་བར་ཐེ་
ཚོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་རྣམས་ཀྱིས། །ཁྱོད་ནི་དེ་རིང་དབང་བསྐུར་ཏེ། །ཁམས་གསུམ་པ་ཡི་རྒྱལ་པོ་ཆེ། །ཁྱོད་ཀྱིས་རྒྱལ་པོའི་གཙོ་བོར་གནས། །དེ་རིང་བདུད་ལས་རྣམ་པར་རྒྱལ། །གྲོང་ཁྱེར་མཆོག་ཏུ་རྣམ་པར་ཞུགས། །དེ་རིང་སངས་རྒྱས་ཐོབ་པར་འགྱུར། །
འདིར་ནི་སོམ་ཉི་མི་བྱའོ། །མི་བཟད་རང་གི་དམ་ཚིག་བདེ་སྟེར་བཟའ་བ་དང་། །རྡོ་རྗེ་ལ་ནི་ཡིད་ཀྱིས་རབ་ཏུ་དད་པར་གྱིས། །འགྲོ་བ་མྱུར་དུ་བདེ་བ་དེ་ནི་རྡོ་རྗེ་སེམས། །རབ་མཉམ་རྟག་པར་ཁྱོད་ནི་དེ་རིང་ཞུགས་པར་གྱུར། །སློབ་མ་གུས་ཤིང་མཉེས་གཤིན་པ། །བླ་མའི་ཞབས་
གཉིས་བཏུད་བྱས་ནས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །གསུངས་ཤིག་དེ་ལྟར་བདག་གིས་བགྱི། །འདི་དག་ནི་དབུགས་དབྱུང་བ་སྦྱིན་པའོ། །དེ་ནས་དེའི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། །དེ་ལ་དང་པོར་རང་གི་གཙོ་བོའི་རྣལ་འབྱོར་དང་ལྡན་པས་གསེར་གྱི་ཐུར་མ་ལ་
བཟླས་པ་བྱས་ནས་སྦྱིན་ཞིང་འདི་སྐད་ཅེས་བརྗོད་པར་བྱའོ། །སྨན་པའི་རྒྱལ་པོས་ཐུར་མ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །ཁྱོད་ཀྱིས་མི་ཤེས་ལིང་ཏོག་ནི། །མཉེས་གཤིན་རྒྱལ་བས་བསལ་བར་མཛད། །ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་བ་ཏྲ་ལཾ་ཧྲཱིཿསློབ་མའི་མིག་
གཉིས་ལ་ཡི་གེ་པྲཾ་བསྒོམས་ལ་བཟླ་བར་བྱའོ། །དེ་ནས་མེ་ལོང་བསྟན་ལ་ཆོས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་དག་དང་མཚུངས། །དག་ཅིང་དང་ལ་རྙོག་བ་བྲལ། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་མཉམ་པར་བྱུང་། །རང་
བཞིན་མེད་ཅིང་གནས་དང་བྲལ། །ཆོས་རྣམས་དེ་ལྟར་ངེས་ཤེས་ནས། །སེམས་ཅན་དོན་ནི་མཚུངས་མེད་གྱིས། །ཁྱོད་ནི་འདྲེན་པ་རྣམས་སུ་སྐྱེ། །ཞེས་བྱ་བ་གསུངས་སོ། །དེ་ནས་མཐའི་དབྱངས་ཡིག་ལས་སྐྱེས་པའི་དྲིལ་བུ་དཀྲོལ་ལ་སྦྱིན་པར་བྱ་སྟེ། ཐམས་ཅད་
Vol. 9 · folio 320a
ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ལས། །མཆོག་གི་མཉམ་པ་ཉིད་གསལ་ལོ། །ཞེས་བྱ་བས་སོ། །དེ་ནས་ཡི་གེ་ཧོས་གཞུ་བྱིན་ཏེ་འདི་སྐད་ཅེས་བརྗོད་དོ། །སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱ་ཧཱ། །ཞེས་བྱ་བས་སོ། །
ཕྱོགས་བཞིར་མདའ་བཞི་འཕང་བར་བྱའོ། །གཅིག་ནི་སྟེང་དུ་འཕང་ཞིང་འོག་ཏུ་ཡང་ངོ་། །ཨོཾ་བཛྲ་སཏྭ་ཞེས་བྱ་བ་འདིས་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །མེ་ལོང་དང་མཚུངས་རྡོ་རྗེ་མ། །དག་ཅིང་དང་ལ་རྟོག་པ་མེད། །སངས་རྒྱས་ཀུན་གྱི་བདག་པོ་
མཆོག །དེ་ནི་མཉེས་གཤིན་སྙིང་ལ་གནས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོའི་བྱང་ཆུབ་ཀྱི་སེམས་འདིར་མོས་པར་བྱའོ། །དེ་ནས་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བྱ་བས་རྐང་པ་གཉིས་ཀྱི་འོག་ཏུ་འཁོར་ལོའོ། །ཨོཾ་བཛྲ་བྟ་ཥ་རཾ་ཞེས་བྱ་བས་ལག་པ་གཡས་
སུ་ནི་དུང་དང་གཡོན་དུ་གླེགས་བམ་སྟེ། དབྱངས་ཡིག་དང་པོས་དྲིལ་བུ་བསྐྱེད་ལ། ཡང་མཐའི་དབྱངས་ཡིག་གིས་བྱིན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དེང་ནས་བཟུང་སྟེ་སེམས་བསྐྱེད་པ་དང་མཚུངས་པ་ཙམ་གྱིས་འདི་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ། །
ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་དེས་པར་སྒྲོགས་པའོ། །དེ་ལ་འདོད་པའམ་ཡིད་གཉིས་མིན། །དོགས་པ་མེད་པའི་སེམས་ཀྱིས་སོ། །སྔགས་སྤྱོད་ཐེག་པའི་ཆོ་ག་ནི། །འཇིག་རྟེན་པ་ལ་རྟག་ཏུ་སྟོན། །དེ་ལྟར་བྱས་གཟོ་སངས་རྒྱས་རྣམས། །ཉེ་བར་ཕན་
གདགས་ཞེས་སུ་གསུངས། །དེ་ནས་རྡོ་རྗེ་འཛིན་རྣམས་ཀྱིས། །ཁྱེད་རྣམས་ཀུན་དུ་སྲུང་བར་མཛད། །ཡང་རང་གིས་སངས་རྒྱས་འཁོར་ལོས་བསྒྱུར་བའི་གཟུགས་ཇི་ལྟ་བར་དམིགས་ལ། འཇིག་རྟེན་མ་ལུས་ཐམས་ཅད་དུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །
ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །དེ་བཞིན་དུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་། །ལས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་པར་བྱའོ། །འདི་ནི་རྗེས་སུ་གནང་བ་སྦྱིན་པའོ། །བརྟུལ་
Vol. 9 · folio 320b
ཞུགས་དང་རྗེས་སུ་གནང་བ་སྦྱིན་པ་ལ་ཐུག་པ་དེ་ནི་ཞི་བའི་མཐར་ཡང་སྦྱིན་པར་བྱའོ། །དེ་ནས་སློབ་མ་ཡོངས་བརྟགས་ལ། །རིགས་ཀྱི་རིག་པ་ཀུན་བྱས་ཤིང་། །ལག་གདུབ་སྲུང་བས་བཟླས་བྱས་ལ། །ལག་གཡས་ལ་ནི་བཅིང་བར་བྱ། །སྤྱི་བོར་གདུགས་ནི་གཟུང་བྱ་
ཞིང་། །བསྐོར་བ་དག་ནི་བྱས་ནས་ཀྱང་། །དཀྱིལ་འཁོར་སྒོ་རུ་ཐལ་སྦྱར་ལ། །གདུགས་དང་བཅས་པ་ལྷུང་བར་བྱ། །སློབ་མ་ལ་ནི་འདི་བརྗོད་བྱ། །རྒྱུད་ནི་འཛིན་པར་གྱུར་པའོ། །སློབ་དཔོན་གྱིས་ནི་གདུགས་གསལ་པ། །དེ་ཡིས་སྙིང་ལ་འཇུག་བསྒོ་བ། །ད་ནི་
དཀྱིལ་འཁོར་སློབ་དཔོན་འགྱུར། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔར་བཅས། །ལྷ་རྣམས་ཀྱིས་ནི་གསུང་ཡང་ཡིན། །སེམས་ཅན་རྣམས་ནི་བསྐྱབ་པའི་ཕྱིར། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་ཡིས། །རྒྱུད་དང་
སྦྱར་ཏེ་སྒྲུབ་པ་པོས། །ནན་ཏན་གྱིས་ནི་བྲི་བར་བྱ། །དེ་ནས་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། །ང་ཡིས་ཁྱོད་ལ་བཅོམ་ལྡན་བྱིན། །འདིར་ནི་ཡང་དག་ཉེ་བར་འགྱུར། །ཞེས་བྱ་བ་འདིས་སློབ་མ་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་བཟུང་ལ། །བཅོམ་ལྡན་ཁྱོད་ལ་
བདག་གིས་ནི། །ཞེས་བྱ་བ་འདིས་བཟུང་ལ་བཟླ་བར་བྱའོ། །དེ་ནས་རང་གི་ལྷ་ཉིད་ཀྱི་ཕྱག་རྒྱ་བཞི་བརླབས་ལ་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་སྔགས་སམ་ཕྱག་རྒྱ་འདི་ནི་གཞན་དག་མི་ཤེས་པ་རྣམས་ལ་ནམ་ཡང་ལན་ཅིག་ཙམ་ཡང་བརྗོད་ཅིང་བསྟན་པར་མི་བྱའོ། །
དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་དུ་སེམས་ཅན་དེ་ནི་དཀྱིལ་འཁོར་མ་མཐོང་བར་གྱུར་པས། ཕྱག་རྒྱ་དང་དཀྱིལ་འཁོར་སྦྱོར་བའི་འབྲས་བུ་ཐོབ་པ་ནི་ཡིད་གཉིས་ཐོབ་པར་གྱུར་ནས་ཉམ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་འགྲོ་བར་གྱུར་ཏ་རེ། ཁྱོད་ཀྱང་གཞི་
དེས་དམྱལ་བར་འགྲོ་བར་འགྱུར་རོ། །སྤྱིའི་སློབ་དཔོན་གྱི་དབང་ངོ་། །ཁྱད་པར་ནི། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་མཉམ་པར་འཁྱུད། །རྡོ་རྗེ་དྲིལ་བུའི་སྦྱོར་བས་ནི། །སློབ་དཔོན་གྱི་ནི་བསྐུར་བར་འདོད། །འཇིག་རྟེན་ལས་འདས་པའི་སློབ་དཔོན་གྱི་དབང་
Vol. 9 · folio 321a
ཞེས་བྱའོ། །སློབ་དཔོན་གྱི་དབང་ཁོ་ན་ཕྱིར་མི་ལྡོག་པའི་དབང་རྡོ་རྗེ་འཛིན་པ་ཆེན་པོའི་དབང་ཞེས་ཀྱང་བརྗོད་དོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སློབ་དཔོན་གྱི་དབང་ཞེས་བྱའོ། །རིག་པའི་དབང་དང་སློབ་དཔོན་གྱི་དབང་ནི་བུམ་པའི་དབང་ཞེས་
བརྗོད་དེ། ནོར་བུའི་བུམ་པ་ལ་མངོན་པར་དབང་བསྐུར་བའི་ཕྱིར་རོ། །སྐུ་རྣམ་པར་དག་པའི་མཚན་ཉིད་སྤྲུལ་པའི་ངོ་བོ་བུམ་པའི་དབང་ཞེས་བྱའོ། །སློབ་དཔོན་མཆོག་ནི་དབང་ཕྱུག་སྟེ། །སློབ་དཔོན་དབང་བསྐུར་ཡང་དག་སྦྱིན། །དམ་ཚིག་བཟང་པོ་ངེས་པར་བྱིན། །རྨད་དུ་བྱུང་
བའི་སྡོམ་པའི་མཆོག །གླང་པོ་མི་སོགས་བ་ལང་སོགས། །མཐའ་སོགས་ཀྱི་ཡང་བཟའ་བར་བྱ། །ཀྱེ་ཡི་རྡོ་རྗེའི་དངོས་གྲུབ་རྒྱུས། །བདུད་རྩི་ལྔ་ནི་དེ་བཞིན་བཟའ། །སྲོག་ཆགས་ཀྱང་ནི་ཁྱོད་ཀྱིས་གཞོམ། །མི་བདེན་པ་ཡང་སྨྲ་བར་བྱ། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོང་། །
གཞན་གྱིས་བུད་མེད་བསྟེན་པར་གྱིས། །སྲོག་ནི་སེམས་ཞེས་བརྗོད་པ་སྟེ། །སེམས་གཅིག་སྲོག་ཆགས་གསོད་པའོ། །འཇིག་རྟེན་བླ་མེད་བསྒྲལ་ཞེས་པ། །བརྫུན་དུ་ཡང་ནི་སྨྲས་པའི་སྒྲས། །བཙུན་མོའི་ཁུ་བ་མ་བྱིན་པར། །རབ་མཛེས་གཞན་གྱི་བུད་མེད་དེ། །དམ་
ཚིག་དེ་ཉིད་ཡང་དག་པར། །རྫོགས་སངས་རྒྱས་ཀྱིས་ཡང་དག་བསྟན། །བཟའ་ཆེན་ཁྱོད་ཀྱིས་བསྐྱབ་པ་སྟེ། །སྡོམ་པ་ལ་ནི་བསྒོམ་པར་དཀའ། །ཞེས་སོ། །དེ་ནས་མཆོད་པ་ལྔ་པོ་ནི། །ཡུལ་རྣམས་ཀྱི་ཡང་ཁྱད་པར་གྱིས། །བླ་མའི་ཀུན་དུ་སྒྲུབ་པ་པོ། །ཆོ་གས་སློབ་མ་
མཆོད་པར་བྱ། །དམ་ཚིག་ལ་སོགས་སྦྱིན་པའོ། །དེ་ནས་སློབ་མས་ཚོགས་ཀྱི་འཁོར་ལོ་བྱས་ལ། །དེའི་འོག་ཏུ་བླ་མ་ལ་རིག་མ་བརྒྱད་དབུལ་བར་བྱ་སྟེ། །སྐྱེད་མཛད་མ་དང་སྲིང་མོ་དང་། །བུ་མོ་དང་ནི་ཚ་མོ་དང་། །དེ་བཞིན་ཞང་པོའི་ཆུང་མ་དང་། །སྲུ་མོ་དང་ནི་སྒྱུག་མོ་
དང་། །དེ་བཞིན་པ་ཡི་སྲིང་མོ་དེ། །རིག་མ་བརྒྱད་དུ་ཡང་དག་གྲགས། །དེ་ནི་ལྷ་མོ་བརྒྱད་ཀྱི་དངོས། །སྒྲུབ་པོར་དངོས་གྲུབ་སྟེར་བའོ། །དེ་རྣམས་མེད་ན་དེ་བཞིན་གཤེགས་པ་ལྔའི་རིགས་ལས་སྐྱེས་པ་རྡོ་རྗེ་མ་ལ་སོགས་པའི་རིག་མ་དབུལ་བར་བྱའོ། །གར་མ་ཚོས་
Vol. 9 · folio 321b
མ་རིགས་ངན་མ། །དེ་བཞིན་གཏུམ་མོ་བྲམ་ཟེ་མོ། །དེ་བཞིན་གཤེགས་པའི་རིགས་ལས་སྐྱེས། །རིག་མ་ལྔ་ཞེས་ཉེ་བར་བརྗོད། །ཞེན་ཅིང་འཁྱུད་པའི་འོ་ཡིས་ནི། །དེ་ནས་དེ་མཆོད་རྣལ་འབྱོར་པས། །བོ་ལླ་ཀཀྐོ་ལ་སྦྱོར་བས། །དེ་རྣམས་དང་ནི་རོལ་པར་བྱ། །དེར་ནི་ཆང་ཡང་
བླུད་བྱ་ཞིང་། །སཱ་ལི་ལས་སྐྱེས་སྟོབས་བཟའ་བྱ། །བཏུང་བ་དང་ནི་བཟའ་བ་དང་། །དེ་བཞིན་སླར་ཡང་མཚོན་པར་བྱ། །ཕྱི་ནང་ཐུན་ཚོད་གཉིས་པ་ལ། །སློབ་མ་དེར་ནི་གཞུག་པར་བྱ། །མིག་ནི་གོས་ཀྱིས་བཀབ་བྱས་ལ། །འཁོར་ལོ་དེར་ནི་གཞུག་པར་བྱ། །སཱ་ལུ་ལས་
སྐྱེས་བཙོས་སྦྱར་བའི། །སློབ་མ་ཚིམ་པར་བཟའ་བར་བྱོས། །དེར་ནི་ཆང་ཡང་བཏུང་བར་བྱོས། །རྣལ་འབྱོར་མ་ཡང་མཆོད་པར་བྱ། །དུམ་བུ་གཅིག་པའི་ཐོད་ཆེན་པོ། །ཆང་གིས་རབ་ཏུ་བཀང་བྱས་ལ། །སྐལ་ཆེན་པོ་སྟོན་ལ་དབུལ་ཞིང་། །རྗེས་ལ་ཕྱག་བྱས་རང་ཉིད་
བཏུང་། །སྦྱིན་པའང་དེ་ཉིད་རང་གིས་སོ། །དེ་བཞིན་དུ་ནི་སྒྲུབ་པ་པོས། །ཡང་ནས་ཡང་དུ་ཕྱག་ཀྱང་བྱ། །མའམ་སྲིང་མོ་ཡིན་པ་དང་། །སྒྱུག་མོ་དང་ནི་ཚ་མོ་དང་། །རྣམ་པར་མི་རྟོག་སེམས་ཀྱིས་སོ། །དངོས་གྲུབ་ཡུན་མི་རིང་བས་ཐོབ། །དེ་ནས་སློབ་དཔོན་གྱིས་འདོད་
ཡོན་ལྔ་དང་ལྡན་པའི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་ཚོགས་ཀྱི་རིགས་མཆོད་པ་ལྔ་དང་ལྡན་པ། གླུ་དང་རོལ་མོའི་སྒྲ་དང་མཆོད་པ་དང་ལྡན་པའི་ཚོགས་ཀྱིས་དཀྱིལ་འཁོར་བསྡུས་ལ། གོས་ལ་སོགས་པའི་ཡོལ་བས་སྐྱེ་བོ་མེད་པར་བྱས་ལ། བླ་རེ་ལ་སོགས་པ་
མཐར་ཐུག་པས་བླ་རེ་བྲེས་ཏེ། རྔ་མས་འཕྱང་ཞིང་འགན་སྟན་འཇམ་པོ་ལ་རྒྱབ་རྟེན་ཟུང་དང་ལྡན་ཞིང་། བདུག་པས་བདུགས་ཤིང་མར་མེ་སྦར་བའི་ཕྱོགས་སུ་ཉེ་བར་འདུག་སྟེ། རིགས་དེ་རྣམས་གང་ཡང་རུང་བའམ་སྒྲུབ་པ་པོ་ལ་དགའ་བ། སྐྲ་བཟང་ལ་མཛེས་པའི་
བཞིན་ཅན། མིག་ཡངས་པ་མདོག་སྔོ་བསངས་ལ་དེ་ཁོ་ན་ཉིད་ཀྱི་གཟུགས་ཀྱིས་མཚན་པ། ལང་ཚོས་བརྒྱན་ཅིང་རིགས་དང་ལྡན་པ། དད་པ་དང་སྙིང་རྗེ་དང་ལྡན་པ་ལ་བརྟན་པས་རང་གིས་དབང་བསྐུར་ལ། ཏིང་ངེ་འཛིན་གསུམ་ལ་མཁས་པ། གོས་བཟང་པོས་བརྒྱན་
Vol. 9 · folio 322a
ཅིང་སི་ཧླ་ག་བུར་འབྱུང་བ་སྟེ། ཡང་ན་གང་ཡང་རུང་སྟེ་ཇི་ལྟར་རྙེད་པའི་ལོ་བཅུ་གཉིས་པའམ། ལོ་བཅུ་དྲུག་ལོན་པའི་རིག་མ་སློབ་མས་ཕུལ་ལོ། གོས་ཀྱིས་བརྒྱན་པ་མེ་ཏོག་དང་ལྡན་པ་ཡན་ལག་གིས་ཡིད་འཕྲོག་པ། ཆགས་པས་མཛེས་པ་
འདི་འདྲ་བ་ལ་པང་དུ་བླངས་ཏེ་ཆགས་པ་བསྐྱེད་ལ་འཁྱུད་པར་བྱའོ། །དེ་ནས་རིག་མ་དང་བཅས་པའི་བླ་མ་མཐོང་ནས་མཆོད་པ་རྣམ་པ་ལྔ་པོ་དང་། གདུགས་དང་རྒྱལ་མཚན་དང་བ་དན་དང་གོས་ཀྱི་རྒྱན་དང་ཆང་ལ་སོགས་པ་དང་ཤ་ལ་སོགས་པའི་མཆོད་པ་དུ་མས་དེ་ལ་
ཡང་དག་པར་མཆོད་ལ། ཡན་ལག་ཐམས་ཅད་ཀྱིས་ཕྱག་བཙལ་ལ་མངོན་པར་བསྟོད་པར་བྱ་སྟེ། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་པའི་མཆོག །ཕྱག་རྒྱ་སྒྲུབ་པོ་མི་ཕྱེད་པའི། །རྡོ་རྗེ་སྦྱོར་བ་ལས་འབྱུང་བའི། །ཇི་ལྟར་བདག་ཉིད་ཆེ་ཁྱོད་
ཀྱིས། །བདག་ལ་འང་དེ་མཛོད་གཙོ་བོ་ཀྱེ། །འཁོར་བ་ཡི་ནི་འདམ་ཚོགས་སུ། །བདག་བྱིང་དྲོངས་ལ་སྐྱབས་སུ་གསོལ། །ཞེས་པའོ། །དེ་ནས་དེའི་མཐར་སློབ་དཔོན་དང་རིག་མ་དག་སོ་བཏབ་པ་བཏུང་བར་བྱ་ཞིང་། ནུ་མ་གཉིས་དང་པདྨ་ལ་ཡང་རེག་པར་བྱ་སྟེ།
རྐང་པ་བཀུག་ལ་འཕྱང་མོ་ལ་སོགས་པས་གཞུག་པའི་བྱེ་བྲག་གིས་ཇི་སྲིད་དུ་ཁུ་བ་དང་ལྡན་པར་གྱུར་པ་དེ་སྲིད་དུ་འདི་ལ་ཀུན་དུ་རུའི་སྦྱོར་བས་བསྟེན་པར་བྱའོ། །གྲོལ་བའི་དུས་ཀྱི་གནས་སྐབས་དེ་རུ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་
བཅད་པ་འདིས་བསྟོད་པ་དང་རང་གི་ལྷ་ཉིད་ཀྱི་རྣལ་འབྱོར་མངོན་དུ་བྱས་ལ། ཤེས་རབ་དང་སློབ་མའི་གདོང་བཅིངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བས་གང་བ་ཟླ་བ་ཉ་བ་དང་མཚུངས་པ། ཀུན་དུ་རུའི་སྦྱོར་བ་ལས་བྱུང་བ་རྡོ་རྗེ་ནོར་བུའི་ནང་ན་གནས་པ།
མཐེ་བོང་དང་མིང་མེད་གཉིས་ཀྱིས་སློབ་མའི་ཁའི་ནམ་མཁའ་ལ་དོར་ལ་འདི་སྐད་བརྗོད་པར་བྱའོ། །ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །ཁྱོད་ཀྱི་སེམས་རྒྱུད་དབང་བསྐུར་
Vol. 9 · folio 322b
རོ། །ཞེས་པས་སོ། །སློབ་མས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་ལ་ལྟོ་བ་རུ་མིད་པར་བྱའོ། །རིག་མ་ཡང་གོས་དང་བྲལ་བར་བྱས་ལ། །པདྨའི་གདན་སྦྱོར་བ་ལས་སྐྱེས་པ་ལ་སློབ་མའི་ཁས་དེ་བཞིན་དུ་ལྟོ་བར་མིད་དེ་གནས་པར་བྱའོ། །ངག་རྣམ་པར་དག་པའི་མཚན་ཉིད་
དང་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གསང་བའི་དབང་ཞེས་བྱའོ། །དེ་ནས་སློབ་དཔོན་དང་སློབ་མ་དག་ཤེས་རབ་ཡེ་ཤེས་ཀྱི་དབང་ལེན་པར་འདོད་ན། རིག་མ་གཅིག་གིས་གཞུང་ངམ་གཞན་མ་གཅིག་ལའང་རུང་དེ་བཞིན་དུ་སྔར་བཞིན་དུ་ཀུན་དུ་རུ་བྱ་ཞིང་།
སློབ་མས་ཀྱང་རྫོགས་པའི་བྱང་ཆུབ་ཏུ་དུས་སུ་སྔར་བཞིན་བསྟོད་པ་བྱས་ལ་རྒྱལ་བའི་དབང་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་ལངས་ལ་སློབ་མ་རྨད་དུ་བྱུང་བ་ཁྲོ་བ་སྤངས་པ་ཕྲག་དོག་མེད་པ་མཐོང་ནས་དེ་ལ་རིག་མ་གཏད་པར་བྱ་སྟེ། རྗེས་སུ་འདྲེན་
ཅིང་ཕན་སེམས་ཀྱིས། །དེ་ནས་སྟོན་པས་བཀའ་སྩལ་པ། ལྷ་མོ་དགའ་སྟེར་གནས་སྟེར་མ། །སྣ་ཚོགས་གཟུགས་མ་ཡིད་འོང་མ། །སེམས་དཔའ་ཆེན་པོས་འདི་ཁྱེར་ལ། །ཀུན་དུ་རུ་གྱིས་རྡོ་རྗེ་འཛིན། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་
མཆོད་པ་དག་ཏུ་གྱིས། །སྐད་ཅིག་དབྱེ་བས་ཕྱེ་བ་ཡི། །དགའ་བ་དེ་ནས་སྐྱེ་གྱུར་ཏེ། །བདེ་བའི་ཡེ་ཤེས་སྐད་ཅིག་ལ། །ཨེ་བཾ་རྣམ་པར་རབ་ཏུ་བཞུགས། །དང་པོ་དགའ་བ་ཙམ་ཉིད་དེ། །གཉིས་པ་ལ་ནི་མཆོག་དགའ་དང་། །གསུམ་པ་དགའ་བྲལ་ཞེས་སུ་བརྗོད། །
དེ་བཞིན་བཞི་པ་ལྷན་ཅིག་སྐྱེས། དགའ་བ་བདེ་བ་ཅུང་ཟད་བདེ། །མཆོག་གི་དགའ་བ་དེ་བས་ལྷག །དགའ་བ་བྲལ་ལ་ཆགས་པ་ཡིན། །ལྷན་ཅིག་སྐྱེས་པ་ལྷག་མ་ཉིད། །དང་པོར་རེག་པར་འདོད་པ་དང་། །གཉིས་པ་ལ་ནི་བདེ་བར་འདོད། །གསུམ་པ་ཆགས་པ་
ཉམས་པའི་ཕྱིར། །དེ་ཕྱིར་བཞི་པ་བསྒོམ་པར་བྱ། །མཆོག་གི་དགའ་བ་སྲིད་པར་བརྗོད། །མྱ་ངན་འདས་པའང་ཆགས་བྲལ་ཉིད། །དབུ་མ་དགའ་བ་ཙམ་ཉིད་དེ། །འདི་རྣམས་སྤངས་པ་ལྷན་ཅིག་སྐྱེས། །སྣ་ཚོགས་དང་ནི་རྣམ་པར་སྨིན། །རྣམ་ཉེད་དེ་བཞིན་མཚན་
Vol. 9 · folio 323a
ཉིད་བྲལ། །སྐད་ཅིག་བཞི་པོ་མཉམ་པར་ཕྲད། །དེ་ལྟར་རྣལ་འབྱོར་པས་ཤེས་འགྱུར། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་བཤད། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །བདག་གིས་བདེ་
བ་ཟོས་པའོ། །གྲོས་ནི་རྣམ་པར་ཉེད་པར་བརྗོད། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །སྣ་ཚོགས་དང་པོའི་དགའ་བ་ཉིད། །རྣམ་སྨིན་ལ་ནི་མཆོག་དགའ་ཉིད། །རྣམ་ཉེད་དགའ་བྲལ་དགའ་བ་ཉིད། །ལྷན་ཅིག་སྐྱེས་
དགའ་མཚན་ཉིད་བྲལ། །ཆགས་པ་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཁོ་ན་ལ། །ལྷན་ཅིག་སྐྱེས་པ་རྫོགས་པར་བརྗོད། །དགའ་བ་གསུམ་པོ་རྣམ་པར་སྤངས། །དེ་ཡང་དགའ་བ་དང་པོར་མཚོན། །མཆོག་མཐའ་དགའ་
བྲལ་དབུ་མར་ནི། །སྟོང་ལས་སྟོང་པ་ཧེ་རུ་ཀ །ཞེས་སོ། །གྲངས་འདིའི་རིམ་པས་གསུངས་ཏེ། བསྐྱེད་པའི་རིམ་པས་ཡང་དགའ་བྲལ་གྱི་གནས་སུ་ལྷན་ཅིག་སྐྱེས་པ་རྟོགས་པར་བྱའོ། །དེ་ནས་རིག་མས་ཀྱང་ཞེན་པ་ལྟ་བུས་སྒྲུབ་པ་པོ་ལ་རྣམ་པར་བལྟས་ལ། འདི་སྐད་བརྗོད་པར་བྱའོ། །དྲི་ཆེན་དྲི་ཆུ་བཟའ་བ་དང་། །ཁྲག་
དང་ཁུ་བ་དེ་བཞིན་ཤ། །རྟག་པར་བུད་མེད་ལ་གུས་མཆོག །མཉེས་གཤིན་ཁྱོད་ཀྱིས་ནུས་སམ་ཅི། །བྷ་གའི་པདྨར་འོ་བྱེད་པ། །མཉེས་གཤིན་ཇི་ལྟར་བདེ་བར་སྨྲོས། །དེ་ནས་སྒྲུབ་པོ་བཞིན་འཛུམ་པས། །འདི་སྐད་ཅེས་ནི་བརྗོད་པར་བྱ། །ཁུ་བ་ཁྲག་ལ་སོགས་བཟའ་བ། །ཅི་
ཕྱིར་ལྷ་མོ་བདག་མི་སྤྲོ། །དེ་བཞིན་བྷ་གར་འོ་བྱེད་དང་། །རྟག་པར་བུད་མེད་ལ་གུས་བགྱིད། །དེ་ནས་དགྱེས་ཤིང་གོས་དང་བྲལ་བར་བྱས་ཤིང་། གུར་གུམ་དང་། གླ་བ་དང་། ག་བུར་དང་། ཙནྡན་ལ་སོགས་པའི་དྲི་བཟང་པོས་བྱུགས་ལ་གནས་སུ་མེ་ཏོག་བཟང་པོས་བརྒྱན་ལ།
ཙོག་པུར་འདུག་ལ་རང་གི་མཚན་མ་ཉེ་བར་བསྟན་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །ཨེ་མ་བདག་པད་རིན་ཆེན་ནི། །བདེ་བ་ཐམས་ཅད་ཡང་དག་གནས། །གང་ཞིག་ཆོ་ག་བཞིན་དུ་བསྟེན། །བདག་ནི་དེ་ཡི་མདུན་དུ་གནས། །རྫོགས་སངས་རྒྱས་
Vol. 9 · folio 323b
བསྟེན་ལ་སོགས་དང་། །ཇི་ལྟར་པདྨར་བྱ་བ་གྱིས། །བདེ་ཆེན་རྒྱལ་པོ་འདི་ཉིད་ནི། །དེ་བཞིན་དུ་ནི་རྣམ་པར་གནས། །བྷཉྫ་མོཀྵ་ཧོ་ཞེས་བྱ་བས་སོ། །དེ་ནས་སྒྲུབ་པ་པོས་བླ་མའི་མན་ངག་གིས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པས་བདག་མེད་མའི་གཟུགས་སུ་དེ་རྣམ་པར་བསམས་
ལ། །དེའི་སྙིང་ག་དང་། སྤྱི་གཙུག་དང་། མགྲིན་པ་རྣམས་སུ། ཧཱུྃ་ཨོཾ་ཨཱཿའི་ཡི་གེ་བལྟ་བར་བྱའོ། །དེ་ནས་པདྨ་དང་རྡོ་རྗེ་སྦྱང་བར་བྱ་སྟེ། ཨོཾ་པདྨ་སུ་ཁ་དྷ་ར། མ་ཧཱ་རཱ་ག། སུ་ཁནྡ། ཙ་ཏུ་རཱ་ནནྡ། བྷ་ག་བི་ཤྭ། ཧཱུྃ་ཧཱུྃ་ཧཱུྃ། ཀརྱཾ་ཀུ་རུ་ཥྭ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ། ཙ་ཏུ་རཱ་ནནྡ། དཱ་ཡ་ཀ །ཁ་
ག་མུ་ཁ་ཨེ་ཀ་ར་སྭ་ན་ཐ། ཧཱུྃ་ཧཱུྃ་ཧཱུྃ། ཀརྱཾ་ཀུ་རུ་ཥྭ་མེ་ཞེས་བྱ་བ་འདིས་སོ། །དེའི་རྗེས་ལ་དགའ་བ་དང་བཅས་ཤིང་ཞེན་པའི་མིག་གིས་དེ་ལ་བལྟ་བར་བྱ་ཞིང་འཁྱུད་པ་དང་འོ་དང་བཅས་པས་པདྨའི་ནང་ན་གནས་པའི་བདག་མེད་མའི་རང་བཞིན་གྱིས་རྩ་གསུམ་ལ་སོར་མོའམ་ལྕེས་རྩེ་བར་
བྱས་ལ། ཇི་སྲིད་དུ་གཉི་གའི་ཁུ་བ་དེ་སྲིད་དུ་བསྟེན་པར་བྱའོ། །དེ་ལ་ཡང་ཀུན་དུ་བལྟས་ནས་བརྩམས་ཏེ། ཚོགས་ཀྱི་ལམ་དང་། མཐོང་བ་དང་སྒོམ་པ་དང་། ཁྱད་པར་དང་། མཐར་ཕྱིན་པ་དང་། བར་ཆད་མེད་པའི་ལམ་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་བརྡའི་སྒོ་ནས་བླ་
མའི་མན་ངག་གིས་རིག་པར་བྱའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་རྩེ་མོ་ལ་གནས་པ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ། བདེ་བ་ཆེན་པོ་དབང་པོ་ཐམས་ཅད་འཕེལ་བ་འགགས་པ། ཡུལ་ན་མི་གནས་པ་དམིགས་པ་མེད་པའི་དབང་གིས་སོ་སོར་ངེས་པའི་
ཡུལ་འཕེལ་བ་དོན་དམ་པའི་ལྷན་ཅིག་པའི་དཔེའི་ཚུལ། གང་ཞིག་ཉམས་སུ་མྱོང་བར་གྱུར་པ་དེ་ནི་མན་ངག་གོམས་པའི་དབང་གིས་བཙིར་བའི་ཆོ་གས་རླུང་རྣམ་པར་རྒྱལ་བའམ། ཕྱིའི་སྲུང་བས་ཇི་ལྟར་ནུས་པས་བརྟན་པར་བྱས་ལ། དོན་དམ་པ་ལྷན་ཅིག་སྐྱེས་པ་དམིགས་
པར་བྱ་བའི་ཕྱིར་མཚོན་པར་བྱའོ། །ཡང་གསུངས་པ། བྱང་ཆུབ་སེམས་ནི་རྣམ་སྤངས་ནས། །ཇི་སྲིད་མ་བྱས་རྣལ་འབྱོར་པས། །དེ་སྲིད་རྒྱུན་མི་འཆད་པ་ཐོབ། །དགའ་སྐྱེས་བདེ་བ་ཅི་ཞིག་སྤྲོས། །བདེ་བ་ཐམས་ཅད་ཀྱི་ནི་སྟེ། །བྱང་ཆུབ་སེམས་ནི་ལྷུང་གྱུར་ན། །རྣམ་ཤེས་
Vol. 9 · folio 324a
ཕུང་བོ་བརྒྱལ་བའི་ཕྱིར། །སྨོད་མེད་དངོས་གྲུབ་གནས་འོངས། །ཞེས་སོ། །སྦྱོར་བ་དེ་ནི་མཉམ་བྱུང་བའི། །མཁས་པས་ག་ཕུར་སྤངས་མི་བྱ། །དེ་ནས་ལག་གིས་བླང་མི་བྱ། །ཐོད་པ་དུང་གིས་མ་ཡིན་ཏེ། །བདུད་རྩི་ལྕེ་ཡིས་བླང་བྱས་ནས། །རྒྱས་དང་སྟོབས་
ནི་ངེས་པར་བྱེད། །དེ་ནས་ལངས་ཏེ་བློ་ལྡན་གྱིས། །བླ་མའི་ཞབས་ལ་བཏུད་པར་བྱ། །མཆོག་ཏུ་དགའ་བ་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་སྨྲས་པ་སེམས་དཔའ་ཆེ། །བདེ་བ་ཆེན་པོ་རྣམ་པར་ཟུང་། །ཇི་སྲིད་བྱང་ཆུབ་བར་དུ་ནི། །སེམས་ཅན་
དོན་གྱི་རྡོ་རྗེ་འཛིན། །ཞི་དང་རྒྱས་པ་ལ་སོགས་པ། །འདི་ཡིས་ཀུན་དུ་འགྲུབ་པར་འགྱུར། །འབྱུང་བ་ལྔ་ཡི་རང་བཞིན་ལས། །ཀུན་དུ་རུ་ལ་ལྔ་རུ་འགྱུར། །དགའ་བ་ཆེན་པོ་གཅིག་ཉིད་ལས། །དབྱེ་བ་ལྔ་རུ་འགྲོ་བར་འགྱུར། །བོ་ལ་ཀཀྐོ་ལ་སྦྱོར་བས། །རེག་པས་སྲ་བའི་
བག་ཆགས་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་ཆུབ་སེམས་གང་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །གཉིས་བསྐྱོད་པ་ཡིས་སྦྱོར་བ་ལས། །དྲོད་
ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ནི། །ཀཀྐོ་ལར་ནི་གང་ཞིག་སེམས། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །བདེ་བའི་འདོད་ཆགས་ཁྲག་ཏུ་འགྱུར། །དགའ་བ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་སེར་སྣ་རྡོ་རྗེར་
འགྱུར། །སེར་སྣ་ནམ་མཁའ་ལས་བྱུང་ཉིད། །སེམས་ནི་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་མཚོན། །རིགས་ནི་ལྔ་པོ་དེ་ཉིད་ལས། །སྟོང་ཕྲག་དུ་མ་སྐྱེས་པ་ཉིད། །དེ་ཕྱིར་འདི་དག་རང་བཞིན་གཅིག །བདེ་ཆེན་མཆོག་ཏུ་རྟག་པ་ཉིད། །འདི་ཉིད་ཡེ་ཤེས་
ཆེན་པོ་ཉིད། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །གཉིས་དང་གཉིས་སུ་མེད་པའི་ཚུལ། །དངོས་དང་དངོས་མེད་བདག་ཉིད་གཙོ། །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཆགས་དང་ཆགས་བྲལ་རྣམ་པར་འདྲེས། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག །དེ་ཉིད་ཡི་གེ་དམ་པ་
Vol. 9 · folio 324b
ཉིད། །བརྟན་དང་གཡོ་བ་ཁྱབ་ནས་གནས། །སྒྱུ་མའི་གཟུགས་ཅན་ཉིད་དུ་འདོད། །དཀྱིལ་འཁོར་འཁོར་ལོའི་ཐབས་ཀྱིས་ནི། །རྟག་ཏུ་ངེས་པར་འགྲོ་བར་འགྱུར། །ཡང་ན་བདག་ཉིད་ཐམས་ཅད་དེ། །ཡང་ན་ཀུན་གྱིས་རྣམ་པར་སྤངས། །དེ་ཡང་དགའ་བྲལ་དང་པོར་མཚོན། །དགའ་བ་
གསུམ་པོ་རྣམ་པར་སྤངས། །ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་དང་མཚུངས། །ཞི་བ་ཐར་ཉེར་འདོད་ཆགས་སྐྱེས། །ཁྱེད་རང་ཡང་ནི་དེ་ཡི་ཕ། །ཞེས་སོ། །ཐུགས་རྣམ་པར་དག་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །ཡང་
དབང་གཉིས་པོ་འདི་ལ་ནི་དེ་ཁོ་ན་ཉིད་མེད་པར་གྱུར་ན། བསྒོམས་པས་བཀུག་པའི་གྲོགས་ཀྱིས་སྦྱོར་བས་སོ། །འདིར་ནི་འདི་སྐད་གསུངས་པར་གྱུར་ཏེ། སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ཏེ། །དགའ་བ་ལ་སོགས་རིམ་པ་ཡིས། །འདི་བཞི་གྲངས་བཞིན་
བསྐུར་བར་ཤེས། །ཞེས་སོ། །དེ་ལ་ཡང་དབང་བཞི་པ་ཞེས་ཇི་ལྟར་ཡིན་ཏེ། །ཀྱེ་རྡོ་རྗེའི་རྒྱུད་ལས་དབང་རྣམ་པ་གསུམ་ཞེས་འདོད་དོ། །བཞི་པ་སླར་ཡང་དེ་བཞིན་ནོ། །ཞེས་པ་ནི་གསུམ་པ་ལས་གཞན་པ་ནི་ཕྲེང་བ་དང་ཆུ་ལ་སོགས་པ་སྟེ། དབང་གི་མཐའ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་
པའི་གཞུང་དེས་བསྡུས་ནས་སྨྲས་ཏེ། གང་འདི་ལྟར་རྡོ་རྗེའི་རིགས་ཀྱི་ལེའུ་ལས་དབང་རྣམ་པ་བཞི་བརྗོད་པ་ཇི་ལྟར་འདོད་པ་བཞིན་འགྱུར་ཏེ། དེ་ལྟར་ན་ནི་དབང་རྣམ་པ་བཞི་པོ་ནི་ཤེས་རབ་ཡེ་ཤེས་ལས་མངོན་ནས་མོས་པར་སྦྱོར་རོ། །དེ་བཞིན་ད་ཡང་དགོད་པས་དག་པ་སློབ་དཔོན་དུ་འདོད་
ཅིང་། བལྟ་བ་དེ་བཞིན་གསང་བ་སྟེ། །ལག་པས་འཁྱུད་པས་ཤེས་རབ་བོ། །དེ་ཡང་དེར་ནི་གཉིས་གཉིས་སོ། །ཞེས་སོ། །འདིའི་དོན་ནི་གང་ཤེས་རབ་དང་ལྷན་ཅིག་ཏུ་དགའ་བ་དང་། དགོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་གཟུགས་སློབ་དཔོན་གྱི་ཕྱིར་
དེ་ནི་སློབ་དཔོན་གྱི་དབང་ངོ་། །གང་ཤེས་རབ་ལ་དགའ་བ་དང་བཅས་པས་པདྨ་ལ་བལྟ་བ་དེ་ནི་གསང་བ་ལ་བརྟེན་པའི་ཕྱིར་གསང་བའི་དབང་ངོ་། །གང་ཡང་ཤེས་རབ་ལ་འཁྱུད་ནས་ཤེས་རབ་ལ་བརྟེན་པ་དང་བཅས་པའི་ཕྱིར། ཤེས་རབ་ཀྱི་དབང་ངོ་། །གང་སླར་གཉིས་ཀྱིས་འབྱོར་པ་ལས་
Vol. 9 · folio 325a
ཐུན་མོང་བ་དང་མཆོག་གི་དེ་ཁོ་ན་ཉིད་ཉེ་བར་མཚོན་པ་དང་བཅས་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་བཞི་པ་ཞེས་སུ་འདོད་དོ། །གཞན་ནི་འདི་ལྟར་སོ་སོར་འདོད་དེ། ལེའུ་དང་པོ་ལས་འདི་ལྟར་ཐམས་ཅད་དུ་བཞིའོ་ཞེས་ཟེར་བའི་ཕྱིར་རོ། །ལ་ལ་ནི་མངོན་པ་ནི་མི་ཕྱེད་པའི་མོས་
པའི་སྦྱོར་བ་སྟེ། དེ་བས་ན་སེམས་ཀྱི་དབང་དེ་ཉིད་ལས་རྣམ་པ་གཉིས་ཀྱི་དབྱེ་བས་དབང་བཞི་པར་བསྟན་པར་བྱའོ། །དེ་བཞིན་དུ་ཡང་ཤེས་རབ་ཀྱི་ཡན་ལག་ལ་འདུས་ཤིང་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་གང་བསྟེན་པར་བྱས་པའི་མཚན་ཉིད་དེ་ནི་ཤེས་རབ་ཀྱི་ཤེས་རབ་ལ་བརྟེན་པའི་ཕྱིར་
ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱའོ། །གང་མཉམ་པར་གཞག་པའི་ཡིད་ཀྱིས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྦྱོར་བ་འདི་ནི་དམ་ཚིག་འདི་དང་འདྲ་བར་འདི་ཡང་བསྒོམ་པར་བྱ་བ་ནི་ལྷན་ཅིག་སྐྱེས་པ་དམ་པའི་སྦྱོར་བ་དེ་ནི་ཐམས་ཅད་དུ་པཎྜི་ཏ་ཆེན་པོ་དཔལ་ཞི་བ་རིན་ཆེན་འབྱུང་གནས་ཞབས་ཀྱིས་
འདི་གསལ་བར་གསུངས་སོ། །ལྷན་ཅིག་སྐྱེས་པ་དམ་པའི་སྦྱོར་བའོ། །ལྷན་ཅིག་སྦྱོར་བ་དམ་པའི་སྦྱོར་བའི་ཊཱི་ཀཱ་ལྷན་ཅིག་སྐྱེས་མཛེས་ཞེས་བྱ་བ་བདག་ཉིད་ཀྱིས་བྱས་པ་དེར་ཡང་བདག་གི་དབང་གི་དོན་ཡང་དག་པར་བཤད་དེ། འདིར་གཞུང་རྒྱས་པའི་འཇིགས་པས་རྒྱས་པར་མ་བྱས་སོ། །འདི་དག་
ཐམས་ཅད་ཀྱང་མཉམ་པར་གཞག་པའི་བླ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་སློབ་མ་ལ་བསྙད་པར་བྱ་བ་ཡིན་ནོ། །སྐུ་གསུང་ཐུགས་རྣམ་པར་དག་པའི་མཚན་ཉིད་བདེ་བ་ཆེན་པོའི་ངོ་བོ་དབང་བཞི་པ་ཞེས་བྱའོ། །ཇི་ལྟར་བརྗོད་པའི་མངོན་པར་དབང་བསྐུར་གསུམ་པོ་ནི་ཉན་ཐོས་དང་། རྒྱལ་
པོ་དང་མུ་སྟེགས་དང་། རྟོག་གེ་སྐམ་པོ་དང་རྨོངས་པ་དང་མ་ནིང་དང་། རྒན་པོ་དང་། རང་གི་བུ་དང་། དད་པ་མེད་པ་རྣམས་ལ་སྦྱིན་པར་མི་བྱའོ། །གཞན་ཡང་ཕྲེང་བ་དང་ཚུལ་སོགས་པའི་མངོན་པར་དབང་བསྐུར་བ་གང་སུ་ཡང་རུང་བ་ལ་ཚིག་ཙམ་གྱིས་མི་བྱའོ། །འདི་ནི་དབང་གི་ཆོ་གའོ།། །།ཆོས་དང་
དེ་བཞིན་བདེ་གཤེགས་གླེགས་བམ་རྡོ་རྗེ་དྲིལ་བུ་དང་། །རབ་གནས་ནམ་མཁའི་ཁམས་དང་མཉམ་པར་རྗེས་སུ་འགྲོ་བར་ནི། །དོན་དམ་མགོན་པོ་འདི་ནི་འཇིག་རྟེན་པ་ཡིས་མི་ཤེས་པས། །འཇིག་རྟེན་རྣམས་ལས་ཕན་པར་འདོད་པས་རབ་ཏུ་གནས་པར་བྱེད། །སྐུ་གཟུགས་མཆོད་རྟེན་གཙུག་ལག་
Vol. 9 · folio 325b
ཁང་། །དམ་ཆོས་རས་རིས་གླེགས་བམ་དང་། །བཟང་པོ་ཚད་དང་དམན་པ་དང་། །རྫོགས་པ་བདེ་བའི་རྒྱུད་ལྡན་པ། །དེ་རིགས་དེ་མཚན་ཤེས་པ་ཡིས། །རབ་གནས་དག་ནི་བྱ་བར་རིགས། །བསོད་ནམས་མངོན་པར་འཕེལ་བྱེད་དང་། །ཡང་ནི་རྗེས་སུ་ཡི་རང་ཉིད། །གང་དུ་སྐུ་གཟུགས་རྫོགས་
པ་ཉིད། །མ་མཆོད་ཡུན་རིང་གནས་པ་ནི། །ཇི་སྲིད་མཆོད་པར་མ་གྱུར་པ། །དགེ་བ་མ་ཡིན་སྐྱེད་པར་བྱེད། །དཔེར་ན་སྐྱེས་བུ་གང་ཞིག་ནི། །རིག་པའི་མཚན་ཉིད་རྣམ་སྤངས་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །གཟུགས་བརྙན་རྣམས་ཀྱང་དེ་བཞིན་འགྱུར། །གང་གིས་རབ་གནས་དག་
དང་བྲལ། །དེ་ལ་ཕྱག་འཚལ་མཆོད་པ་ནི། །དཔེར་ན་སྔགས་བྲལ་སྦྱིན་སྲེག་བཞིན། །བསྲེག་རྫས་འབྲས་མེད་ཐལ་བའོ། །དེ་བཞིན་འདི་ལྟར་སྔགས་མེད་གནས། །མཆོད་ལྡན་གང་ཞིག་མཆོད་པའོ། །དེ་ཡི་ལས་ཀྱི་རྣམ་སྨིན་གྱིས། །སྐྱེ་བ་ཀུན་དུ་མཆོད་འོས་མིན། །དེ་ལ་ཉི་མ་བཟང་པོ་དང་། །རྒྱུ་སྐར་
བཟང་པོ་དང་གཟའི་སྦྱོར་བ་དང་ལྡན་པ་ལས་ཁྲུས་དང་གཙང་སྦྲས་དྲི་བཟང་པོས་ལུས་ལ་བྱུགས་ལ་རྒྱན་བཟང་པོ་དང་། ཐོར་ཚུགས་དང་གྲོགས་བཟང་པོ་དང་བཅས་པས་ལག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ལ་ཡོ་བྱད་ཡོངས་སུ་བསོགས་ཏེ། མེ་ཏོག་བཟང་པོས་གཏོར་བའི་སྟན་འཇམ་པོ་ལ་ཉེ་བར་འདུག་ཅིང་། དཀྱིལ་
འཁོར་གྱི་མཆོད་པ་དང་ཏིང་ངེ་འཛིན་གསུམ་བྱས་ལ་ལྷ་ལ་མངོན་དུ་ཕྱོགས་པ་གསུམ་གྱིས་རྡོ་རྗེ་སློབ་དཔོན་རྣམས་ཀུན་མཆོག་དང་ལྡན་པའི་རྗེས་སུ་མཐུན་པ་མཚན་མ་དང་། སྟན་དང་རྟེན་དང་བརྟེན་པ་དང་བཅས་པའི་དཀྱིལ་འཁོར་སྙིང་གར་ས་བོན་དང་མཚན་མས་བྱིན་གྱིས་བརླབས་ལ་རིགས་དང་རྗེས་སུ་
མཐུན་པའི་ཅོད་པན་ལ་བྱིན་གྱིས་བརླབས་པ་དང་ལྡན་པར་བལྟས་ལ་ནམ་མཁའ་ལ་ཡང་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་རྣམ་པར་བལྟས་ལ། བསང་གཏོར་ལ་སོགས་པ་བྱིན་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྤྲོས་པའི་མཆོད་པའི་ལྷ་མོ་བརྒྱད་པོས་ཡང་དག་པར་མཆོད་པ་དང་། བསྟོད་
པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་མེ་ཏོག་བཟང་པོས་ཐལ་མོ་སྦྱར་ཏེ་ལུས་བཏུད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ལ་ལི་ཏ་བི་ལཱ་ས་ན་མི་སྟེ་ན་མཱ་མི་ཧཾ་བྷ་ག་བཱན་ཏྃ་ཛཿཧཱུྃ་བཾ་ཧོཿཔྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ཐལ་མོའི་མེ་ཏོག་དོར་བར་བྱའོ། །དེ་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་
Vol. 9 · folio 326a
བཙུགས་ལ། ལག་པ་གཡས་ཀྱི་སྤོས་ཀྱིས་བདུག་པར་བྱ་ཞིང་། གཙོ་བོ་དང་གཞན་ཡང་སྟ་གོན་ལ་གནས་པར་བྱའོ། །བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཕྱག་འཚལ་བསྟོད། །རྡོ་རྗེ་བདག་ཉིད་རབ་གནས་ནི། །མགོན་པོ་བདག་ནི་བགྱིད་པར་འཚལ། །
སློབ་མ་རྣམས་ལ་སྐྱབས་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་དེ་ལ་དང་། །བཀའ་དྲིན་དག་ནི་མཛད་པར་རིགས། །ཇི་ལྟར་རྫོགས་པའི་སངས་རྒྱས་རྣམས། །དགའ་ལྡན་དུ་ནི་ཡང་དག་གནས། །ལྷ་མོ་སྒྱུ་འཕྲུལ་ལྟོ་བ་དེར། །དེ་རུ་གནས་ནས་འདི་རུ་མཛད། །མགོན་
པོ་རྟག་ཏུ་འདིར་བཞུགས་ལ། །གྱུར་ཏེ་མེ་ཏོག་ལ་སོགས་འདི། །ཆེ་གེ་མོ་ཡི་བྱང་ཆུབ་སེམས། །འཕེལ་བའི་ཕྱིར་ནི་བཞེས་སུ་གསོལ། །ཞེས་དེ་ལྟར་ལན་གསུམ་སྟ་གོན་ལ་གནས་པར་བྱའོ། །མཆོད་པ་ལ་སོགས་པ་སྔ་མ་བཞིན་དུ་བྱའོ། །དེ་ནས་ཕྱི་རོལ་དུ་འཁོད་དེ་ཕྱོགས་སྐྱོང་རྣམས་ལ་གཏོར་མ་
སྦྱིན་པར་བྱའོ། །དེ་ནས་ནང་དུ་ཞུགས་ཏེ་ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་སྐུད་པ་སུམ་བསྒྲིལ་ལ་མདུད་པ་གསུམ་དང་ལྡན་པ་ལ། སོ་སོ་འབྲང་མས་ལག་པ་གཡས་པ་ལ་བཏགས་ལ། ལས་ཐམས་ཅད་པའི་སྔགས་ཀྱིས་བཟླས་པའི་ཆུ་གཏོར་ལ་སློབ་མ་བསྲུང་བར་བྱའོ། །བྱ་བ་ཐམས་ཅད་
ཀྱིས་གསོ་སྦྱོང་འདི་དང་ལྡན་པའི་སློབ་མ་དང་། ལྷན་ཅིག་རྒྱུ་བར་བྱ་ལ། འདི་དག་དེ་ཡིས་བརྗོད་དུ་གཞུག་སྟེ། སྔགས་པས་ཅུང་ཟད་གང་བརྗོད་པ། །མཆོད་པ་ལ་སོགས་ཆོ་ག་ཡིས། །མཆོད་སྦྱིན་ཆེ་འབྲས་བསྐྱེད་པ་ལ། །གཡོ་ནི་མེད་པ་དག་ཏུ་བྱོས། །ཞེས་པས་སོ། །དེ་ནས་བགེགས་ཞི་བར་བྱ་བའི་ཕྱིར། །རྩ་བའི་
སྔགས་ཡོངས་སུ་བཟླས་ལ་ཉལ་བར་བྱའོ། །འདི་ནི་རབ་ཏུ་གནས་པའི་ཆོ་གའོ།། །།དེ་ནས་ཉི་མ་གཞན་པ་ལ་ནི་ཇི་ལྟར་བརྗོད་པའི་མཚན་ཉིད་ཀྱིས་སྔགས་པས་ཞི་བའི་གཏོར་མ་སྦྱིན་ལ། ལྷ་ལ་མངོན་པར་ཕྱོགས་པས་འདུག་སྟེ། ལྷའི་རྣལ་འབྱོར་བྱས་ལ་གཟུགས་བརྙན་ཤར་དུ་བསྟན་ལ། གོས་སེར་པོ་བསྐོན་ཏེ་སྔར་
གསུངས་པའི་མཚན་ཉིད་ཀྱི་རྫོགས་པའི་རྣལ་འབྱོར་གྱིས་རྫོགས་པར་བྱས་ལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ལ་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་ཧཱུྃ་དང་ཨཱཿདང་ཨོཾ་གྱི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པ་ཁྲི་ཟུར་བཞི་པ་གྲུ་བཞིའི་ཚད་དཔངས་སུ་ཁྲུ་དོ་པའི་ཁྲི་གཙང་མ་ལ་ཡང་དག་པར་བཀོད་དེ་བྱབ་པ་
Vol. 9 · folio 326b
རྣམས་ཀྱིས་བྱ་བ་པར་བྱའོ། །དེ་ནས་ཁུ་ཚུར་གཡས་གཡོན་གྱིས་ཉུངས་ཀར་སེར་པོ་བླངས་ལ། ལུགས་སུ་འཇུག་པ་དང་བཟློག་པས་བསྐོར་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བྱ་བ་འདིས་ལན་གསུམ་གྱིས་བསྔགས་ལ་མེ་ལ་དོར་བར་བྱའོ། །དེ་བཞིན་དུ་སྔགས་དེ་ཉིད་ཀྱིས་ཆུ་ལ་གཏོར་བར་བྱའོ། །དེ་ནས་
ཁམ་པོར་སོ་མ་བཏང་བ་དང་ཟན་ཆངས་ཀྱིས་ཀྱང་བྱབ་པར་བྱ་སྟེ། དེའི་རྗེས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བས་ལན་བདུན་གྱིས་བསྔགས་པའི་དྲི་དང་ཏིལ་མར་དང་དཱུར་བའི་ཚོམ་བུས་རབ་ཏུ་གཏོར་ལ་ཕྱིའོ། །འཁར་བའི་སྣོད་ན་གནས་པས་འབའ་དོ་དང་། ཨུ་དུམྺཱ་ར་དང་། ཤི་རི་
ཤ་དང་། ཨ་ཤྭདྠ་དང་། བླག་ཤ་དང་། བ་ཀ་ལ་བྱབ་ཅིང་ས་བོན་ལྔས་བྱིན་གྱིས་བརླབས་པའི་དྲི་ལྔས་བཀྲུ་བར་བྱའོ། །ཕྱི་ནས་རྒྱལ་པོ་མངོན་པར་དབང་བསྐུར་བའི་སྦྱོར་བས་གདུགས་དཀར་པོ་འཛིན་པའི་མི་དང་། བཅས་པས་རྒྱལ་བ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བསྟོད་པར་
བྱ་སྟེ། རྔའི་སྒྲ་དང་། དུང་གི་སྒྲ་དང་། བུད་མེད་རྣམས་ཀྱི་ཅ་ཅོའི་སྒྲ་དང་། གླུ་སྙན་ཉེ་བར་མཚན་པར་བྱས་པའི་དབང་བསྐུར་བའི་ཆོ་ག་དང་དེ་བཞིན་གཤེགས་པའི་ཕྱག་ན་བསྣམས་པའི་བུམ་པས་ཁྲུས་ཀྱི་ཚིགས་སུ་བཅད་པ་འདོན་ཅིང་ཁྲུས་བྱའོ། །ཚིགས་སུ་བཅད་པ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །
དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ལ་ཁྲུས་གསོལ་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། རི་མོ་དང་གླེག་བམ་ལ་སོགས་པ་ནི་མེ་ལོང་ལ་བཀྲུ་བར་བྱའོ། །དེ་བཞིན་དུ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་ཆེད་དུ་བརྗོད་པ་
གདོན་པར་བྱ་སྟེ། བཀྲ་ཤིས་གང་ཞིག་ཆོས་ཀྱི་སྐུས་བསྔགས་པས། །གཅིག་དང་དུ་མ་ཉིད་ནི་རབ་སྤངས་ཤིང་། །ངོས་གཟུང་བྲལ་བ་སྤྲོས་པ་མེད་པ་ཡིས། །ཁྱོད་ཀྱིས་བཀྲ་ཤིས་དེས་ནི་ཞི་བར་མཛོད། །བཀྲ་ཤིས་གང་ཞིག་དཔེ་བྱད་མཚན་ཉིད་སོགས། །དབུས་བཞུགས་ཉིད་འཁྲུངས་ཀྱིས་ནི་
རྣམ་པར་བརྒྱན། །ལོངས་སྤྱོད་རྫོགས་སྐུ་ཆོས་གསུང་བཟང་པོ་སྟེ། ཁྱེད་ཀྱིས་བཀྲ་ཤིས་དེས་ནི་ཞི་བར་མཛོད། །བཀྲ་ཤིས་གང་ཞིག་མེ་བཞིན་འབར་བ་སྟེ། །འོད་འབར་ཤིན་ཏུ་རབ་ཏུ་འཁོར་བ་ཡི། །སྤྲུལ་པའི་སྐུ་ནི་གཞན་གྱི་དོན་མཛད་པ། །ཁྱེད་ཀྱིས་བཀྲ་ཤིས་དེས་ནི་ཞི་བར་མཛོད། །ཅེས་བྱ་བ་
Vol. 9 · folio 327a
ནི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའོ། །རིམ་པ་དེ་ལྟར་མངོན་པར་བཀྲུས་ནས། །གཙང་ལ་འཇམ་པའི་ན་བཟའ་འམ། །ལོག་པས་ཆུ་མེད་པར་བྱས་ཏེ། གུར་གུམ་གྱི་ལྡེ་གུས་གོས་གཉིས་ལ་བསྐུས་ལ། ཨོཾ་དི་བྱཱ་བཱ་ས་མེ་སྭཱ་ཧཱ། ཞེས་བྱ་བས་འདིས་ཡོངས་སུ་གསོལ་
བར་བྱའོ། །དེ་ནས་ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཞེས་བྱ་བའི་སྔགས་འདིས་ག་པུར་དང་གླ་བ་དང་སི་ཧླ་དང་། ཙནྡན་ལ་སོགས་པའི་དྲིས་ཡོད་པར་གྱུར་ན་མཉམ་པར་བྱུགས་པར་བྱའོ། །ཨོཾ་བཛྲ་བྷ་ར་ཥ་བི་བྷུ་ཥ་ནེ་སྭཱ་ཧཱ། ཞེས་བྱ་བས་རྣ་ཆ་དང་མགུལ་རྒྱན་དང་དཔུང་རྒྱན་དང་ལག་གདུབ་ལ་སོགས་པའི་རྒྱན་གྱིས་
བརྒྱན་པ་བྱའོ། །དེ་ནས་ཨོཾ་བཛྲ་རཏྣ་ཏྲ་མི་ཏི་ཞེས་བྱ་བའི་སྔགས་ཀྱིས་སྤྱི་བོར་ཅོད་པན་བཅིང་བར་བྱའོ། །ཨོཾ་བཛྲ་སཏྭ་ཨཱཿཞེས་བྱ་བས་མེ་ལོང་བསྟན་པར་བྱའོ། །གསེར་གྱི་རང་བཞིན་གྱི་ཐུར་མ་ལ། ཨོཾ་བཛྲ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོདྷ་ནེ་སྭཱ་ཧཱ། ཞེས་བྱ་བ་འདིས་སྤྱན་ཕྱེ་བར་བྱའོ། །དེ་ནས་གོ་རོ་ཙ་
ནའི་ཐིག་ལེ་ཕུལ་ལ། མེ་ཏོག་དང་སྤོས་དང་མར་མེ་དང་ཏམ་པོ་ལ་ཅུང་ཟད་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། ཡི་གེ་ཧཱུཾ་གིས་བླངས་ཏེ། ཊཀྐིས་སམ་སྲུང་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་བཅུག་ལ་གཅིག་ཏུ་དགོད་པར་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པའི་ཆོ་
གས་ཡེ་ཤེས་ཀྱི་དཀྱིལ་འཁོར་རམ་ཡེ་ཤེས་སེམས་དཔའ་བསྒྲུབས་ལ། འཐོར་འཐུར་དང་བསང་གཏོར་ལ་སོགས་པ་ཕུལ་ལ། ཞལ་བརྒྱད་པའི་ཧཱུྃ་གི་སྒྲས་དེ་དང་ལྷན་ཅིག་ལྷགས་པའི་བགེགས་ཀྱི་རིགས་ཚར་གཅད་ལ། ཛ་ཧཱུྃ་བཾ་ཧོཿཞེས་བྱ་བ་འདིས་བཀུག་ལ་གྲུབ་པའི་སྐུ་གཟུགས་ལ་གཞུག་པ་དང་བཅིང་བ་
དང་དབང་དུ་བྱས་ལ། མིག་དང་ལུས་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་བྱིན་ལ། ཡང་བསང་གཏོར་ལ་སོགས་པ་དབུལ་ལོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་སྔགས་བརྗོད་ལ་དབུལ་བར་བྱ་སྟེ། ཆུ་དང་ཐང་ལས་དེ་བཞིན་སྐྱེས། མེ་ཏོག་དམ་པ་འདི་དག་ནི། བདག་གིས་
གུས་པས་དབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །ལྷན་ཅིག་སྐྱེས་སམ་སྦྱར་ལས་བྱུང་། །སྤོས་མཆོག་དམ་པ་འདི་རྣམས་ནི། །བདག་གིས་གུས་པས་དབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། ལྷན་ཅིག་སྐྱེས་སམ་དེ་བཞིན་སྦྱར། །དྲི་མཆོག་དམ་པ་འདི་རྣམས་ནི། །
Vol. 9 · folio 327b
བདག་གིས་གུས་པས་དབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །མར་མེ་བཟང་འབར་མུན་པ་འཕྲོག །ཤིན་ཏུ་སྣུམ་པའི་སྒྲོན་མ་འདི། །བདག་གིས་དད་པས་དབུལ་ལགས་ཀྱིས། །ཅི་བདེ་བར་ནི་རབ་ཏུ་བཞེས། །བཟའ་དང་བཅའ་བར་ཡང་དག་ལྡན། །ཁ་དོག་དྲི་དང་རོར་ལྡན་པ། །ལྷ་བཤོས་
ཐམས་ཅད་ལྡན་པ་སྟེ། །ཕུལ་བ་མཉམ་པར་རབ་ཏུ་བཞེས། །སོ་སོ་རང་གི་ཚིགས་སུ་བཅད་པ་ལ་སྔགས་བརྗོད་པར་བྱའོ། །དེ་ནས་འཐོར་འཐུང་ལ་སོགས་པ་ཕུལ་ལ། འདོད་ཡོན་ལྔའི་མཆོད་པས་ཀྱང་མཆོད་ལ། །བསྟོད་པ་དང་བདུད་རྩི་མྱང་བར་བྱའོ། །དེ་ནས་སྔགས་པས་མཉམ་པར་གཞག་སྟེ།
ཐལ་མོ་སྦྱར་བ་དམ་པ་དེ་ཉིད་ལས། །ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཞེས་བྱ་བའི་ཚིགས་སུ་བཅད་པ་འདིས་བརྗོད་ལ། །ཡི་གེ་བརྒྱ་པའི་སྔགས་ལན་བདུན་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་བརྟན་པར་བྱ་སྟེ། སེམས་ཅན་གྱི་དོན་དུ་གསོལ་བ་གདབ་པར་བྱའོ། །མགོན་པོ་ཇི་ལྟར་སྐལ་ལྡན་
པར། །སེམས་ཅན་དོན་ནི་རྟག་ཏུ་མཛོད། །སྣ་ཚོགས་གཟུགས་ནི་བཟུང་གྱུར་ཏེ། །འཇིག་རྟེན་ཁམས་འདི་ཐམས་ཅད་དུ། །ཞེས་བྱ་བས་སོ། །དེ་ནས་སྔོན་བཞིན་དུ་ཕྱི་རོལ་དུ་གཏོར་མ་ཕུལ་ལ། བདུད་རྩིས་དགྱེས་པར་བྱས་ཏེ། །ཡང་དག་པར་མཆོད་ལ། ཕྱོགས་སྐྱོང་གཤེགས་སུ་གསོལ་བར་
བྱའོ། །དེ་ནས་རྗེས་ལ་དཀྱིལ་འཁོར་དུ་ཞུགས་པའི་ལྷ་དང་དཀྱིལ་འཁོར་ལ་ཕྱག་འཚལ་ཞིང་། བསྐོར་བ་བྱས་ལ། ཆོ་ག་དམན་པ་བསྐང་བའི་ཕྱིར་སྔོན་བཞིན་དུ་རྒྱས་པའི་སྦྱིན་སྲེག་གི་མཐར་ཡོན་བདག་རྒྱས་པར་བྱ་བའི་ཕྱིར། མཐེ་བོང་གཡས་པ་ལག་པ་གཡོན་པས་བཟུང་སྟེ། བསྲེག་
རྫས་ལས་ལན་གསུམ་མམ་བདུན་སྦྱིན་པའམ་སྦྱིན་དུ་གཞུག་གོ། །དེ་ནས་བླ་མས་སློབ་མ་ལ་ཡོན་བླང་བར་བྱ་སྟེ། སློབ་མས་ཀྱང་དགའ་བའི་ཡིད་ཀྱིས་རང་གི་འབྱོར་བ་དང་རྗེས་སུ་མཐུན་པ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུ་མོ་དང་། གླང་པོ་དང་རྟ་དང་ཤིང་རྟ་དང་། བ་ལང་དང་མ་
མ་ཧེ་ལ་སོགས་པ་དང་། སོ་བ་དང་གསེར་དང་། དངུལ་དང་ཟངས་དང་ནོར་བུ་དང་མུ་ཏིག་ལ་སོགས་པའི་རྫས་དང་། ལོ་ཐོག་ཕུན་སུམ་ཚོགས་པའི་ཞིང་ས་དང་། ཁྱིམ་དང་སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་ལ་སོགས་པའམ་གནས་རྣམས་ཕུལ་བས་དགྱེས་ཏེ། སློབ་དཔོན་དམ་
Vol. 9 · folio 328a
པ་དང་ལྷ་ཐམས་ཅད་དགྱེས་པར་འགྱུར་རོ། །དགྱེས་པས་ནི་འདོད་པའི་དངོས་གྲུབ་རྣམས་སུ་ཤེས་པར་བྱའོ། །ཐམས་ཅད་དུ་བླ་མ་དགྱེས་པར་བྱའོ། །དེ་ནས་སྣོད་ལེགས་པར་བཀྲུས་པར་སྲེག་བླུགས་ཀྱི་ལྷག་མ་སྦྲང་རྩི་དང་། འོ་མ་དང་ཤ་ཁ་རར་བསྲེས་པའི་
ཐུག་པ་བསྒྲུབས་ལ་རང་གི་ལྷའི་སྔགས་ཀྱིས་སོ། །དེའི་རྩེ་མོའི་ཆ་གསེར་ལ་སོགས་པའི་སྣོད་དུ་བཞག་ལ། ཨོཾ་དི་བྱཱ་ནཾ་ས་མཱ་དྷི་དྷྱཱ་ནཾ་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདིས་ལྷ་ལ་དབུལ་བར་བྱའོ། །དེ་ནས་དྲི་གཙང་ཁང་བརྩིག་པ་ནི་ཤིན་ཏུ་གཟོབ་པས་བརྩིགས་ལ། སྐུ་གཟུགས་
ཀྱི་སུམ་ཆའི་ཚད་ཀྱི་སྟེགས་བུ་ལ་སྐུ་གཟུགས་ཤིན་ཏུ་བུབ་པ་མ་ཡིན་པ་དང་། གྱེད་པ་མ་ཡིན་པ་དང་། ཡོ་བ་མ་ཡིན་པས་དྲང་པོར་ལེགས་པར་བཀོད་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་བྱ་བ་འདིས་བཞུགས་སུ་གསོལ་ལོ། །དེ་ལྟ་མ་ཡིན་ན་ནི་ཉེས་པ་སྟེར་བར་འགྱུར་རོ། །དེ་ནས་སྔོན་བཞིན་དུ་
བསང་གཏོར་ལ་སོགས་པ་ཕུལ་ལ་ཡང་དག་པར་མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བ་ལ་སོགས་པ་དང་། ཡི་གེ་བརྒྱ་པའི་སྔགས་ལན་བདུན་བཟླས་ལ་བཟོད་པར་གསོལ་བར་བྱ་སྟེ། ལྷ་དང་དེ་ཡི་སྲས་རྣམས་དང་། །རྫོགས་སངས་བཟོད་མཛད་པ་ཡི་རིགས། །ཚངས་སོགས་ལྷ་ཡི་ཚོགས་
རྣམས་ཀྱིས། །ཐེག་འགྱུར་ཆོ་གའི་བྱ་བ་ལ། །ཀུན་དུ་ཞི་དང་བཀྲ་ཤིས་དང་། །ཡོན་ཏན་བདག་ཉིད་ཆེར་མཛད་ནས། །སངས་རྒྱས་ཡུལ་དུ་གཤེགས་ནས་ནི། །སླར་ཡང་བྱོན་པར་མཛད་དུ་གསོལ། །གང་གིས་སྐུ་གཟུགས་འདི་ལ་ནི། །བསྐལ་པ་བསྐལ་པ་བརྒྱར་བཞུགས་ཏེ། །ས་ཆུ་མེ་དང་རླུང་
རྣམས་ཀྱི། །ལྷ་རྣམས་ཀྱིས་ནི་བསྲུང་བར་མཛོད། །འདི་ནི་ཤིན་ཏུ་དགྱེས་འགྱུར་ཏེ། །དགའ་བས་རང་གི་གནས་གཤེགས་ལ། །སློབ་དཔོན་སློབ་མར་བཅས་པ་དང་། །བུ་དང་ཚ་བོ་བསྲུང་དུ་གསོལ། །ཞེས་བྱ་བས་སོ། །གཞན་ཡང་ཁྱད་པར་བརྗོད་པར་བྱ་སྟེ། བྲིས་པ་དང་ལུགས་མ་ལ་ཇི་ལྟར་བརྗོད་
པའི་ཆོ་གས་རབ་ཏུ་གནས་པར་བྱ་སྟེ། རྗེ་བཙུན་གྱི་མཆོད་རྟེན་ཡང་ཁང་བུ་བརྩེགས་པ་བསྐྱེད་པའི་ཆོ་གས་བསྐྱེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས་སུ་བསྒོམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རིག་སྔགས་ཀྱི་ལྷ་མ་ལུས་པ་སྤྱན་དྲངས་ལ། མཆོད་
Vol. 9 · folio 328b
རྟེན་གྱི་ནང་དུ་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལ་བསང་གཏོར་ལ་སོགས་པ་ཕུལ་ཏེ། མངོན་པར་མཆོད་པ་དང་བདུད་རྩི་མྱང་བ་ལ་སོགས་པ་བྱས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱི་བྷྲཱུཾ་དྲྀ་ཌྷ་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གླེགས་
བམ་ནི་འདི་ལྟར་རབ་ཏུ་གནས་པར་བྱ་སྟེ། ཡི་གེ་ཛྲཱྀཾ་ཡོངས་སུ་གྱུར་པ་ལས་གླེགས་བམ་ལ་འོད་དཔག་ཏུ་མེད་པར་བལྟས་ལ། དེ་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཡི་གེའི་ཆལ་པར་བསྒོམས་ལ། ཨོཾ་ཧཱུཾ་ཧྲཱི་དྷྭཾ་ཞེས་བྱ་བ་འདིས་རབ་ཏུ་གནས་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་
འཛིན་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་བསྒོམ་པར་བྱའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཙུག་ལག་ཁང་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་བཞུགས་པའི་ཏིང་ངེ་འཛིན་གྱི་གནས་ཆོས་ཀྱི་དབྱིངས་རྒྱས་པར་ཨོཾ་ཧཱུཾ་ཧྲཱིཿཞེས་བྱ་བའི་
སྔགས་འདིས་བསྐྱེད་པར་བྱའོ། །དེ་ནས་ལྷག་པར་གནས་པ་ལ་སོགས་པ་བྱས་ལ། གཏོར་མ་དང་མཆོད་པ་ལ་སོགས་པ་ཕུལ་ཏེ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་ཛྲཱྀཾ་བྷ་བ་དྲྀ་ཌྷ་ཏིཥྛ་བྷུ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་རབ་ཏུ་གནས་པར་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་
རྡོ་རྗེ་འཛིན་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ། མི་ཕྱེད་པའི་རྡོ་རྗེ་བཞིན་དུ་རབ་ཏུ་གནས་པར་བསྒོམས་ལ། བུམ་པ་ཐམས་ཅད་ཀྱི་ཆུས་བཀྲུས་ནས། གཙུག་ལག་ཁང་ལ་ཨོཾ་བཛྲོད་ཀ་ཨ་བྷི་ཥེ་ཀ་ན་ཞེས་བྱ་བའི་སྔགས་ཀྱིས་བསང་བར་བྱའོ། །དེ་ནས་གཙུག་ལག་ཁང་སྐྱོང་བའི་ནག་པོ་ཆེན་པོ་
བློས་བཀུག་ལ་གཅིག་དུ་གཞུག་པ་དང་། བཅིང་པ་དང་དབང་དུ་བྱས་ལ། སློབ་དཔོན་ཕྱག་གཉིས་པའི་ཧེ་བཛྲའི་རྣལ་འབྱོར་དང་ལྡན་པས་བཀའ་སྦྱིན་པར་བྱ་སྟེ། གཙུག་ལག་ཁང་འདི་གནས་བར་དུ། །སྡིག་བྲལ་ཁྱོད་ཀྱིས་སྲུང་བར་གྱིས། །འཕགས་པའི་དགེ་འདུན་བྱ་བ་དཀའ། །བྱ་བ་
རྣམས་ནི་མྱུར་དུ་སྒྲུབས། །ཞེས་པས་སོ། །དེ་ལྟར་བྱས་ནས་བླ་མས་སློབ་མ་དགའ་བ་དང་བཅས་པས་བོད་ཅིང་བཤེས་དྲིན་བྱའོ། །རབ་གནས་མཚན་མ་ངན་སྤངས་པ། །ཁྱོད་ཀྱིས་གསོལ་གདབ་བྱས་པའོ། །དེ་ནི་ང་ཡིས་འབད་པས་བྱས། །ཅི་བདེ་བར་ནི་མཆོད་པར་གྱིས། །ཞེས་བྱ་
Vol. 9 · folio 329a
བས་སོ། །དེ་ནས་སྔགས་ཀྱི་ལྷག་མའི་ཐུག་པ་སྦྱིན་པར་བྱའོ། །བདེ་གཤེགས་ལྷག་མ་འདི་དག་ནི། །སྡིག་པ་ཉམས་པས་བཟའ་བར་གྱིས། །གཞན་ལ་ཅི་ཐོབ་པ་ཅུང་ཟད་སྦྱིན་པར་བྱའོ། །དེ་ནས་སློབ་མས་ཀྱང་མཆོད་པ་དུ་མས་ལྷ་རྣམས་མཆོད་ལ་བསྐོར་བ་གསུམ་བྱ་ཞིང་
ཕྱག་བྱའོ། །དེ་ནས་རང་གི་གནས་སུ་འཁོད་ལ་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ལ་སོགས་པ་ལ་གསོལ་བར་བྱའོ། །གཞན་ཡང་མགོན་མེད་ཅིང་ཕོངས་པ་ལ་ནུས་ཚད་ཀྱི་སྟོན་མོ་སྦྱིན་པར་བྱའོ། །དེའི་རྗེས་ལ་བཟོ་བོ་དང་སློབ་དཔོན་དུ་བཅས་པ་ལ་སྟོན་མོ་གསོལ་ཏེ།
ན་བཟའ་ལ་སོགས་པའི་སྦྱིན་པས་ཡོངས་སུ་མཉེས་པར་བྱས་ལ། བཟོད་པ་གསོལ་ཏེ་གཤེགས་སུ་གསོལ་ལོ། །མཚན་མོ་ཚོགས་ཀྱི་འཁོར་ལོ་བྱས་ལ་རོལ་མོའི་སྒྲ་ཆེན་པོ་བྱའོ། །དེ་ནས་སློབ་དཔོན་དཀྱིལ་འཁོར་དུ་ཞུགས་ལ་མཆོད་པར་བྱ་སྟེ། ལག་པ་གཡོན་པས་སྤོས་ཀྱི་རེང་བུ་གཟུང་ཞིང་།
ལག་པ་གཡས་པས་དྲིལ་བུ་དཀྲོལ་ཏེ་བསྟོད་པར་བྱ་ཞིང་། ཡི་གེ་གསུམ་པོ་མུཿའི་མཐའ་ཅན་གྱིས་གཤེགས་སུ་གསོལ་ལོ། །རྡུལ་ཚོན་སྣོད་གཙང་མར་གཞག་ལ་འདོད་པ་རྣམས་ལ་ཅུང་ཟད་སྦྱིན་ཏེ། ཆུ་ཀླུང་ཆེན་པོ་ལ་དོར་བར་བྱའོ། །དཀྱིལ་འཁོར་གྱི་ས་ཕྱོགས་ཀྱང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་
ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏྟ་མུཿཞེས་བྱ་བའི་སྔགས་ཀྱིས་ལྕི་བས་བྱུག་པར་བྱའོ། །དེ་ནས་ཕྱོགས་སྐྱོང་ལ་སོགས་པ་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ། །གང་གིས་དཀྱིལ་འཁོར་འདི་འདྲ་བས། །དངོས་གྲུབ་ཇི་ལྟར་འདོད་པར་འགྱུར། །སྐྱེ་བ་འདི་འམ་ཕ་རོལ་དུ། །དེ་བས་འདི་དག་ལྡན་པར་བྱ། །ཡང་
གསུངས་པ། གདོལ་པ་སྨྱིག་མཁན་ལ་སོགས་པ། །གསོད་དོན་དོན་དུ་སེམས་པ་སྟེ། །དེས་ཀྱང་ཀྱེ་རྡོར་ཤེས་པ་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པའོ། །རྩིག་རྨང་དང་ནི་རབ་གནས་དང་། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ནི། །དེ་རྣམས་སློབ་དཔོན་དབང་བར་ནི། །རྡོ་རྗེ་འཛིན་པ་
རྣམས་ཀྱིས་གསུངས། །དཔལ་ལྡན་ཀྱེ་རྡོར་རྒྱུད་ལས་གསུངས། །གང་ཞིག་ཆོ་ག་མ་རྫོགས་པ། །དེ་རྫོགས་བྱ་ཕྱིར་སྤྱི་ཡིས་ནི། །རྒྱུད་གསུངས་ཆོ་གར་བརྟེན་པ་ཡིན། །དཔལ་ལྡན་ཞི་བ་བཟང་པོའི་ཞབས་ཀྱི་པདྨ་ལས་སྐྱེས་བཅུད། །ཡང་དག་མན་ངག་རིན་ཆེན་བཟང་པོའི་མཛོད་ནི་མྱང་བྱས་ནས། །
Vol. 9 · folio 329b
དཔལ་ལྡན་ཁྲག་འཐུང་འབྱུང་བའི་དཀྱིལ་འཁོར་རིན་པོ་ཆེ་འདི་ཡིས། ཉིན་མོའི་འབྱུང་གནས་བདག་ནི་སྐྱེ་བོའི་བསིལ་གྲིབ་བྱེད་པར་འདོད། །དཔལ་ལྡན་ཧེ་རུ་ཀ་འབྱུང་དཀྱིལ་འཁོར་ལེགས་པར་སྦྱར་བ་ལས། །དེ་ཡིས་སྐྱོན་བསལ་དགེ་བ་བདག་ལ་རབ་ཏུ་གང་སྐྱེས་པ། །དེ་ཡིས་སྐྱེ་བོ་མ་ལུས་པ་
རྣམས་ཉོན་མོངས་རྣམ་བྲལ་ཏེ། །དཔལ་ལྡན་ཁྲག་འཐུང་ཞབས་པད་ལྷ་དང་ལྷ་མིན་མིས་འདུད་ཤོག །དཔལ་ཧེ་ཀ་འབྱུང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །མཁས་པ་ཆེན་པོ་ཉིན་མོའི་འབྱུང་གནས་ཟླ་བའི་ཞབས་ཀྱིས་མཛད་པ་རྫོགས་སོ།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words