དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 16 · folio 168b

པས་ལེའུ་བཞི་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དམ་ཚིག་སྤྱོད་པའི་སྤྱོད་ཡུལ་མཁའ་འགྲོ་མར་བསྟེན་པ་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན། སྤྲུལ་པ་དང་ལོངས་སྤྱོད་དང་ཆོས་ཀྱི་སྐུའི་བདག་ཉིད་གང་ཡིན་པ་དེའི་རྒྱུ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ས་གསུམ་དུ་

སྐུའི་འཁོར་ལོ་ལ་སོགས་པར་རོལ་ཅིང་ཁྱད་པར་བྱེད་དོ། །དེ་ཉིད་ནི་བརྩོན་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་དང་། རབ་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དང་། འཁོར་ལོས་སྒྱུར་མ་དང་།

བརྩོན་ཆེན་མ་ཞེས་པ་འདི་རྣམས་ནི་དཀར་པོ་སྟེ་སྐུའི་འཁོར་ལོའོ། །ས་སྲུངས་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣམ་དང་། ཁྭ་གདོང་མ་ཞེས་པ་འདི་རྣམས་ནི་དམར་མོ་སྟེ་གསུང་གི་

འཁོར་ལོའོ། །རབ་ཏུ་གཏུམ་མོ་དང་། གཏུམ་པའི་མིག་ཅན་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོའི་བློ་མ་དང་། མིའུ་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་ཞེས་བྱ་བ་ནི་མདོག་ནག་པོ་སྟེ་ཐུགས་ཀྱི་འཁོར་ལོའོ། །སྔོན་རྒྱུད་ཐམས་ཅད་གོ་རིམས་བཟློག་པ་

ཉིད་ནི་གོ་རིམས་སོམོ། །དེའི་ཕྱིར་རབ་ཏུ་གཏུམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་གཏུམ་མོ་ལ་སོགས་པ་བྱས་པས། གཏུམ་པའི་མིག་ཅན་མ་ལ་སོགས་པ་བལྟ་བར་བྱའོ། །རང་རང་གི་མིང་བརྗོད་པ་གང་ཡིན་པ་དེའི་སྔོན་དུ་སྒྲུབ་པའི་ཐབས་གསུངས་པའི་རིམ་པས་ཀ་ར་ཀ་ར་

ལ་སོགས་པའི་སྔགས་དང་ཡང་དག་པར་ལྡན་པའི་བར་དེ་ནི། རང་མིང་བརྗོད་པའི་སྔགས་ཞེས་བྱ་བ་སྟེ་དང་པོའི་དོན་ལས་དྲུག་པའོ། །ཧུཾ་ཧཱུཾ་ཕཊ་མཐའ་རུ་སྦྱར་ཞེས་པ་ནི་ཧུཾ་ཧཱུཾ་ཕཊ་དང་མིང་གི་མཐར་སྦྱར་བ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། །ཞེས་པ་ནི་

ཀ་ར་ཀ་ར་ལ་སོགས་པའི་སྔགས་ལས་སྔོན་དུ། ཨོཾ་གྱིས་གསལ་བར་བྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །འདིའི་དོན་ནི་ཨོཾ་ཀྵྨཱཾ་ཀྵྨཱཾ་ཙཀྲ་བེ་གེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པས་འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་བརྒྱད་ཀྱིའོ། །ཨོཾ་ཕཊ་ཕཊ་ཨེ་རཱ་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་པ་ལ་

Vol. 16 · folio 169a

སོགས་པས་ས་སྲུངས་མ་ལ་སོགས་པ་བརྒྱད་དོ། །ཨོཾ་ཀར་ཀ་ར་པྲ་ཙཎྜི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་བརྒྱད་ཀྱིའོ་ཞེས་པ་ནི་དཀྱིལ་འཁོར་རང་རང་གི་ལུས་ལ་ཡང་དགོད་དོ། །འདི་ཉིད་ཀྱི་ཕྱིར་ཐུགས་ཀྱི་འཁོར་ལོ་དང་།

དེ་ནས་གསུང་གི་འཁོར་ལོ་དང་། དེ་ནས་སྐུའི་འཁོར་ལོ་ཡང་སྟེ། གདམས་ངག་གི་དོན་དུ་རྒྱུད་ནི་གོ་རིམས་བཟློག་པའོ། །འོན་ཀྱང་ཧུཾ་ཧཱུཾ་ཕཊ་མཐའ་རུ་སྦྱར་ཞེས་པའི་དོན་ནི་གཞན་ཡིན་ནོ། །ཧུཾ་ཧཱུཾ་ཕཊ་ཅེས་པའི་སྔགས་མཐའ་རུ་སྦྱར་བ་རྣམས་ནི་དྲུག་པའི་དོན་ལས་དང་པོ་སྟེ། མཐར་

གྱུར་པ་ཉིད་ཀྱི་ཕྱིར་མཐར་སྦྱར་བ་ནི་ཁྭ་གདོང་མ་ལ་སོགས་པ་བརྒྱད་དོ། །མཁའ་འགྲོ་མ་ལ་སོགས་པ་བཞི་ནི་དབུས་སོ། །དུས་ཀྱི་ཁྱད་པར་གྱིས་དེ་སྔགས་ལས་སྐྱེས་པར་བལྟའོ། །ཇི་ལྟར། ཨོཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཀཱ་ཀཱ་སྱཻ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་རབ་ཏུ་གཏུམ་མོ་ནས་ཤིང་གྲིབ་མའི་བར་

ཏེ། ཐུགས་ཀྱི་འཁོར་ལོ་ལ་གནས་པ་དེ་ཡང་སྔོན་པོའོ། །ས་སྲུངས་མ་ནས་བྱ་གདོང་མའི་བར་དུ་གསུང་གི་འཁོར་ལོ་ལ་གནས་པ་སྟེ། དེ་ཡང་དམར་པོའོ། །འཁོར་ལོའི་ཤུགས་ཅན་མ་ལ་སོགས་པ་བརྩོན་ཆེན་མའི་བར་དུ་སྟེ། དེ་ཡང་སྐུའི་འཁོར་ལོ་ལ་གནས་པ་སྟེ་དེ་ཡང་དཀར་

པོའོ། །མཁའ་འགྲོ་མ་ལ་སོགས་པ་བཞི་པོ་ནི་གོ་རིམས་བཞིན་དུ་གཡོན་སྐོར་གྱིས། ནག་པོ་དང་ལྗང་གུ་དང་དམར་པོ་དང་དཀར་པོའོ། །གཤིན་རྗེ་བརྟན་མ་ལ་སོགས་པ་ནི་ཁ་དོག་གཉིས་གཉིས་ཐོབ་པའོ། །གྲུབ་སྩོལ་འདོད་པ་ཐམས་ཅད་སྟེར། །ཞེས་པ་ནི་འདི་རྣམས་ཚོགས་དང་།

དཔལ་ཧེ་རུ་ཀའི་གཙོ་བོ་ནི་དཀྱིལ་འཁོར་གྱི་ཁྱད་པར་གཉིས་སོ། །དཔའ་བོ་ཉིད་འགྱུར་ཞེས་པ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ཁྱད་པར་རོ། །འདིས་དཔའ་བོ་ཉིད་ནི་དཔའ་བོའི་ཡན་ལག་ཏུ་གྱུར་པ་རྙེད་པ་སྟེ། དཔའ་བོ་ལ་འཁྱུད་ཅིང་ལྡན་པ་ཞེས་པའི་དོན་ཏོ། །དཔའ་བོ་ནི་ཐོད་པའི་

དུམ་བུ་ལ་སོགས་པ་སྟེ། དེ་ཡང་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ་རལ་པའི་དབུ་རྒྱན་གྱི་ཐོད་ཅན་སྟག་གི་པགས་པའི་ཤམ་ཐབས་ཅན་རྡོ་རྗེ་དང་དྲིལ་བུ་གཡོན་པ་དང་གཡས་པའི་ཕྱག་གཉིས་ན་འཆང་ཞིང་འཁྱུད་པ་གཞན་གཡོན་པ་དང་གཡས་པའི་ཕྱག་ན་ཁ་ཊྭཱཾ་ག་དང་རྔེའུ་ཆུང་

Vol. 16 · folio 169b

བསྣམས་པའོ། །གཡས་བརྐྱང་བས་གདན་ལ་བཞུགས་པ། འཁོར་ལོ་དང་རྣ་ཆ་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པ་འཁོར་ལོ་དང་རྗེས་སུ་མཐུན་པའི་ལྷ་མོའི་སྐུ་མདོག་གོ། །རབ་ཏུ་གཏུམ་མོ་ལ་སོགས་པ་ཡང་ཕྱག་གཉིས་ཀྱིས་འཁྱུད་པ། གཞན་གཡོན་པ་དང་གཡས་པའི་ཕྱག་གཉིས་ན་ཁྲག་

གིས་གང་བའི་ཐོད་པ་སྡིགས་མཛུབ་འཆང་བའོ། །མཁའ་འགྲོ་མ་ལ་སོགས་པ་ནི་གཡོན་པའི་ཕྱག་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་འཆང་བ། གཡས་པའི་ཕྱག་ན་རྔེའུ་ཆུང་དང་གྲི་གུག་བསྣམས་པའོ། །ཁྭ་གདོང་མ་ལ་སོགས་པ་ནི་མཁའ་འགྲོ་མ་ལ་སོགས་པའི་མཚན་མ་འཆང་བའོ། །གཤིན་རྗེ་

བརྟན་མ་ལ་སོགས་པའི་ཕྱག་གཡོན་པ་གཉིས་ན་རྔེའུ་ཆུང་དང་གྲི་གུག་གི་མཚན་མ་འཛིན་པའོ། །གཡས་ན་ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་པའོ། །མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་ནི་ཞལ་གཅིག་སྤྱན་གསུམ་པ་གཅེར་བུ་སྐྲ་གྲོལ་བ། གཡས་བརྐྱང་བའི་ཞབས་ཀྱིས་

གནས་པ། མི་བཟང་པའི་གཟུགས་ཅན། མགུལ་རྒྱན་ལ་སོགས་པས་བརྒྱན་པའོ། །འོན་ཀྱང་དཔྲལ་བ་ལ་གནས་པའི་རྡོ་རྗེ་ཕྲེང་བ་དཔའ་མོ་རྣམས་ལ་ཡང་ངོ་། །ལྷ་རྣམས་ཀྱི་རང་བཞིན་བརྗོད་པར་བྱ་སྟེ། ལུས་དྲན་པ་ཉེ་བར་གཞག་པའི་རང་བཞིན་ནི་མཁའ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་

གཞག་པའི་རང་བཞིན་ནི་ལཱ་མའོ། །ཆོས་དྲན་པ་ཉེ་བར་གཞག་པའི་རང་བཞིན་ནི་དུམ་སྐྱེས་མའོ། །སེམས་དྲན་པ་ཉེ་བར་གཞག་པའི་རང་བཞིན་ནི་གཟུགས་ཅན་མ་སྟེ། ཡེ་ཤེས་ཀྱི་འཁོར་ལོའོ། །འདུན་པའི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་ནི་རབ་ཏུ་གཏུམ་མ་མའོ། །བརྩོན་འགྲུས་ཀྱི་རྫུ་

འཕྲུལ་གྱི་རྐང་པའི་རང་བཞིན་ནི་གཏུམ་པའི་མིག་ཅན་མའོ། །དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་ནི་འོད་ལྡན་མའོ། །སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་རང་བཞིན་ནི་སྣ་ཆེན་མའོ། །དད་པའི་དབང་པོའི་རང་བཞིན་ནི་དཔའ་བོའི་བློ་ཅན་མའོ། །བརྩོན་འགྲུས་ཀྱི་དབང་པོའི་རང་བཞིན་ནི་མིའུ་ཐུང་མའོ། །དྲན་

པའི་དབང་པོའི་རང་བཞིན་ནི་ལངྐའི་དབང་ཕྱུག་མའོ། །ཏིང་ངེ་འཛིན་གྱི་དབང་པོའི་རང་བཞིན་ནི་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོའོ། །ཤེས་རབ་ཀྱི་དབང་པོའི་རང་བཞིན་ནི་ས་སྲུངས་མའོ། །དད་པའི་སྟོབས་ཀྱི་རང་བཞིན་ནི་འཇིགས་བྱེད་ཆེན་མོའོ། །བརྩོན་འགྲུས་ཀྱི་སྟོབས་ཀྱི་རང་བཞིན་ནི་རླུང་གི་ཤུགས་ཅན་མའོ། །དྲན་

Vol. 16 · folio 170a

པའི་སྟོབས་ཀྱི་རང་བཞིན་ནི་ཆང་འཐུང་མའོ། །ཏིང་ངེ་འཛིན་གྱི་སྟོབས་ཀྱི་རང་བཞིན་ནི་ལྷ་མོ་སྔོ་བསངས་མའོ། །ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་ནི་ཤིན་ཏུ་བཟང་མོའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་རྟ་རྣ་མའོ། །བརྩོན་འགྲུས་ཡང་

དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་བྱ་གདོང་མ་སྟེ་གསུང་གི་འཁོར་ལོའོ། །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་འཁོར་ལོའི་ཤུགས་ཅན་མའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་དུམ་སྐྱེས་མའོ། །ཆོས་རབ་ཏུ་འབྱེད་པ་ཡང་

དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་ཆང་འཚོང་མའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་འཁོར་ལོའི་གོ་ཆ་མའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་ཤིན་ཏུ་དཔའ་མོའོ། །ཡང་དག་པའི་ལྟ་བའི་རང་བཞིན་ནི་སྟོབས་ཆེན་མའོ། །

ཡང་དག་པའི་རྟོག་པའི་རང་བཞིན་ནི་འཁོར་ལོས་སྒྱུར་མའོ། །ཡང་དག་པའི་ངག་གི་རང་བཞིན་ནི་བརྩོན་ཆེན་མ་སྟེ་སྐུའི་འཁོར་ལོའོ། །ཡང་དག་པའི་ལས་ཀྱི་མཐའི་རང་བཞིན་ནི་ཁྭ་གདོང་མའོ། །ཡང་དག་པའི་འཚོ་བའི་རང་བཞིན་ནི་འུག་གདོང་མའོ། །ཡང་དག་པའི་རྩོལ་བའི་རང་བཞིན་ནི་ཁྱི་གདོང་

མའོ། །ཡང་དག་པའི་དྲན་པའི་རང་བཞིན་ནི་ཕག་གདོང་མའོ། །མ་སྐྱེས་པའི་དགེ་བའི་ཆོས་བསྐྱེད་པའི་རང་བཞིན་ནི་གཤིན་རྗེ་བརྟན་མའོ། །སྐྱེས་པའི་དགེ་བའི་ཆོས་ཡང་དག་པར་བསྲུང་བའི་རང་བཞིན་ནི་གཤིན་རྗེའི་ཕོ་ཉ་མའོ། །སྐྱེས་པའི་མི་དགེ་བའི་ཆོས་འཇོམས་པའི་རང་བཞིན་ནི་གཤེན་རྗེ་མཆེ་བ་མའོ། །མ་སྐྱེས་

པའི་མི་དགེ་བའི་ཆོས་མི་བསྐྱེད་པའི་རང་བཞིན་ནི་གཤིན་རྗེ་འཇོམས་མ་སྟེ་དུར་ཁྲོད་ཀྱི་འཁོར་ལོའོ། །ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ། །གྲུབ་པ་ཡིན་ཞེས་པ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའོ། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །ཞེས་པ་ནི་རང་གི་ལུས་

དཀྱིལ་འཁོར་དུ་མཐོང་བ་སྟེ། དེ་ནས་དཀྱིལ་འཁོར་བསྒོམ་པས་གྲུབ་པར་ཤེས་ནས་བསྒོམ་པར་བྱའོ་ཞེས་པ་བསམ་པའོ། །བདེར་གཤེགས་ནི་ཇི་ལྟ་བར་ཞེས་པ་ནི་དེ་བཞིན་གཤེགས་པའི་གསུང་གིས་ནི་བསྒོམ་པར་བྱའོ་ཞེས་དགོངས་སོ། །དཔའ་བོ་དང་ལྡན་པའི་རྣལ་འབྱོར་མ་ནི་དཔའ་

Vol. 16 · folio 170b

བོ་རྣལ་འབྱོར་མ་སྟེ་ཉི་ཤུ་རྩ་བཞིའོ། །གཉིས་སུ་མེད་པའི་དཔའ་བོ་སྤངས་པ་ནི་བཅུ་གཉིས་སོ། །ཐུང་ངུ་ནི་བདེ་བར་གཤེགས་པའི་ལུང་ཡིན་པའི་ཕྱིར་རོ། །དེ་རྣམས་དགོད་པ་ནི་དེའི་ཆོ་ག་སྟེ། དེ་རྗོད་པར་བྱེད་པའི་ལེའུ་སྟེ་དེ་ཡང་བཞི་པའོ། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་

ལས་ལེའུ་བཞི་པའོ།། །།བསྒོམ་པ་ཙམ་འབའ་ཞིག་གི་དངོས་གྲུབ་སྒྲུབ་བྱེད་མ་ཡིན་པས། འོན་ཀྱང་བཟླས་པས་ཀྱང་ཞེས་པ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་སྔགས་བཏུ་བ་སྟེ། བཏུ་བ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །

ཐམས་ཅད་ནི་ཆོས་རྣམས་སོ། །འབྱུང་བ་ནི་འདི་ལས་འབྱུང་བས་ན་འབྱུང་བར་བྱེད་པས་སོ། །སྣ་ཚོགས་ནི་ཁ་དོག་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ། །ལྟེ་བ་ཞེས་པ་ནི་ལྟེ་བ་ལའོ། །མི་ཤིགས་པ་ནི་ཀུན་ཏུ་ཐོབ་ཅིང་ཞེས་པ་དགེ་བ་འབྱུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་པདྨ་ཞེས་པའི་དོན་ཏོ། །

ཁྱད་པར་དུ་བྱེད་པ་མ་གཟུང་བར་ཁྱད་པར་ལ་བློ་འཇུག་པར་མི་འགྱུར་ཞེས་སོ། །ལྟེ་བ་ཁྱད་པར་དུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་ཆོས་འབྱུང་ནི་བྷ་ག་ལས་དོན་གཞན་མ་ཡིན་ནོ། །སྣ་ཚོགས་ནི་སྣ་ཚོགས་ཀྱི་པདྨ་དང་ལྡན་པའི་ལྟེ་བ་ལ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །སྣ་ཚོགས་པདྨ་འབའ་

ཞིག་ནི་མ་ཡིན་ཏེ། ཆོས་འབྱུང་གི་ཁོངས་སུ་སྣ་ཚོགས་པདྨ་ལ་རབ་ཏུ་དགྲམ་པར་བྱའོ་ཞེས་སྦྱར་རོ། །ཅི་བྱས་ནས་ཞེས་པ་ལ། བྲིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀུན་ནི་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་ངོ་བོ་ཉིད་གཅིག་ཏུ་ཡང་དག་པར་བསྡུས་པའོ། །བྱས་ཞེས་

པ་ནི་རེ་མིག་བཞི་བཅུ་རྩ་དགུའི་གནས་ལ་དགོད་པར་བྱའོ་ཞེས་པ་ནི་རྣམ་གྲངས་སོ། །འདིར་སྔགས་ཚིག་ནི་འདི་ཡིན་ཏེ་ཞེས་པ་ནི་རེའུ་མིག་བཞི་བཅུ་རྩ་དགུའི་གནས་སུ་གནས་པ་ལ། དེ་ཡང་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་རྐང་པ་བརྒྱད་པར་འགྱུར་བ་སྟེ། ཀུན་ཀྱང་ཡན་ལག་དང་

ཉིང་ལག་ཏུ་གྱུར་པའི་ཕྱིར་རོ། །ཡི་གེ་ལས་སྐྱེས་པའི་སྔགས་སུ་བསྟན་ཏེ། ཇི་ལྟར་སྐུད་པ་ཡོད་པ་ལ་སྣམ་བུ་ཟེར་བ་ལྟ་བུའོ། །དེ་ཡང་ཇི་ལྟར་དགོད་ཅེས་པ་ཨཱ་ལི་ཞེས་པ་ལ་སོགས་པ་ལ་གཉིས་པའི་གཅིག་ཚིག་ཕྱིས་པའོ། །ཀཱ་ལི་མཉམ་བྱས་ཞེས་པ་ནི་ཡི་གེ་གཅིག་དང་མི་

Vol. 16 · folio 171a

འདོར་བས་སོ། །གཞན་ང་ཉ་ཎ་ན་མ་སྤངས་པའོ་ཞེས་བསྟན་ཏོ། །དེ་ལྟར་གྱུར་པའི་ཨཱ་ལི་དང་ཀཱ་ལི་བཀོད་པའི་དགྲམ་པ་སྟེ། དེ་ཡོངས་སུ་གྱུར་པའོ། །དེ་ལས་སྐྱེ་ཞིང་ཡོངས་སུ་གྱུར་པ་ནི་གནས་སྐབས་ཀྱི་ཁྱད་པར་དུ་ཡོངས་སུ་གྱུར་པའོ། །དེ་གང་ཞེས་

པ་ལ། སྡེ་ཚན་ཞེས་གསུངས་ཏེ་དགུ་པ་ཕྱིས་པའི་ལྔ་པའོ། །སྡེ་ཚན་བརྒྱད་རྣམས་བླང་ཞིང་ཡོངས་སུ་གྱུར་པ་དེ་ནི་སྡེ་ཚན་བརྒྱད་ཀྱི་ངོ་བོ་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་ཤེས་པའི་དོན་ཏོ། །དེའི་ཕྱིར་འདི་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡེ་ཚན་བཞི་དང་བཞི་རུ་ཤེས་བྱས་ལ། །

ཞེས་པ་ནི་ཤེས་པར་བྱ་བ་གང་ཡིན་པ་དེ་དེ་བཞིན་དུ་དགོད་པར་བྱའོ། །ཡིད་ནི་ཐུབ་པ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་སྔགས་ཀྱི་ཐེག་པའི་ནང་ནས་གཙོ་བོ་ནི་སྔགས་ཀྱི་ཐེག་པ་སྟེ། དེ་བཀོད་པར་ཤེས་པ་ནི་གསང་སྔགས་ཀྱི་ཐེག་པ་ནི་ཐུབ་པ་སྟེ། མཆོག་གོ། དེ་ལ་ཨ་ལ་སོགས་པ་

དབྱངས་ཡིག་བཅུ་དྲུག་ནི་སྡེ་ཚན་གཅིག་གོ། །ཡི་གེ་ལྔ་ལྔ་ནི་ཀ་ལ་སོགས་པ་ནས་མའི་བར་དུ་སྡེ་ཚན་ལྔའོ། །ཡ་ར་ལ་ཝ་བཞི་ནི་སྡེ་ཚན་གཅིག་གོ། །ཤ་ཥ་ས་ཧ་ནི་མཆོག་གོ །ཀ་དང་ཥ་གཉིས་ཡང་དག་པར་སྦྱོར་བ་ལས་སྐྱེས་པ་ནི་ཀྵ་སྟེ་འདིར་དགོས་པ་མེད་པས་མ་བསྟན་ནོ། །འདིར་

སྡེ་ཚན་བརྒྱད་གོ་བར་བྱའོ། །དེར་གནས་དཔའ་བོ་བཏུ་བར་བྱ། །ཞེས་པ་ནི་ཨཱ་ལི་ཀཱ་ལི་ལ་གནས་པའི་དཔའ་བོའི་རྐང་པ་བརྒྱད་པའི་སྔགས་བཏུ་བར་བྱ་སྟེ། ཞོ་ལ་གནས་པའི་མར་ལྟ་བུའོ། །ལྷག་མ་ནི་གོ་སླའོ། །བཞི་པའི་ལྔ་པ་གང་ཡིན་པ། །ཞེས་པ་ནི་སྡེ་ཚན་བཞི་པའི་ལྔ་པ་ནི་

ནའོ། །ལྔ་པ་ཡི་ནི་ལྔ་པ་དང་། །ཞེས་པ་ནི་མའོ། །ལྔ་པ་ཡི་ནི་བཞི་པ་དང་། །ཞེས་པ་ནི་བྷའོ། །དང་པོའི་གསུམ་པ་གང་ཡིན་དང་། །ཞེས་པ་ནི་གོའོ། །ནིའི་སྒྲས་ནི་བསྟོད་པའི་ཁྱད་པར་རོ། །བྷ་ནི་ཉོན་མོངས་པ་འཇོམས་པས་ན་བྷ་སྟེ། དེ་ཡ་བྷ་གའི་དོན་ཏོ། །ག་ནི་ཕྱིས་བརྗོད་པར་

བྱའོ། །དེ་ལྟར་ཡང་། བྷ་ནི་བྷ་ག་ཞེས་སུ་གསུངས། །ཞེས་བྱའོ། །དེ་བཞིན་ཉི་ཤུ་རྩ་དགུ་པ། །ཞེས་པ་ནི་བའོ། །དེ་བཞིན་ཞེས་པ་ནི་སེམས་ཅན་གྱི་དོན་སྟོན་ཏེ། ཐབས་དང་ཤེས་རབ་བསྡུས་པས་ན་སྟེ་འབྲེལ་པ་ཞེས་དགོངས་སོ། །བཞི་པའི་དང་པོ་གང་ཡིན་དང་། །ཞེས་པ་ནི་ཏའོ། །

Vol. 16 · folio 171b

ཏའི་སྡེ་ཚན་ནས་བཟུང་སྟེ་བཞི་པའི་དང་པོ་ནི་ཏ་ཉིད་དོ། །མཐར་གནས་པ་ཡི་བཞི་པ་དང་། །ཞེས་པ་ནི་ཝའོ། །སོ་དང་མཆུ་ལས་བྱུང་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ནི་གཉིས་པ་དང་། །ཞེས་པ་ནི་མཐར་གནས་པའི་དེ་ཉིད་གང་ཡིན་པའི་ཡི་གེ་གཉིས་པ་དེ་བླངས་ཏེ་དཔའ་བོ་བཏུ་བར་བྱའོ་ཞེས་

སྦྱར་རོ། །སུམ་ཅུ་པ་ནི་ཞེས་པ་ནི། །ཤ་སྟེ་ལྕེའུ་ཆུང་ནས་འབྱུང་བའོ། །དེ་ཡང་བཞི་པའི་དོན་དུ་སྟེ་ནིའི་སྒྲའི་དོན་ཏོ། །དེ་སུམ་ཅུ་པའི་དོན་ཏོ། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །ཅེས་པ་ནི་ཉི་ཤུ་རྩ་དྲུག་པ་ནི་ཡའོ། །དེ་བཞིན་དུ་ཉིད་ནི་རླུང་གི་དོན་ཏོ། །བརྒྱའི་ཕྱེད་ཕྱེད་ཅེས་པ་ནི་མའོ། །དེ་

བཞིན་དང་ཞེས་པ་ནི་ཆོས་ཐམས་ཅད་འཆི་བ་ནི་མེད་པར་བསྟན་པའི་དོན་ཏོ། །དེ་ནས་སུམ་ཅུ་རྩ་གསུམ་དང་། །ཞེས་པ་ནི་ཧ་སྟེ། མའི་རྗེས་སུ་བཟུང་སྟེ། དཔའ་བོ་བཏུ་བར་བྱ་ཞེས་སྦྱར་རོ། །དེ་དཔའ་བོའི་དང་པོ་ཞེས་པ་ནི་གསལ་བྱེད་ཀྱི་དབང་དུ་བྱས་ནས་དང་པོ་ནི་ཀའི་སྡེ་ཚན་ནོ། །

དེའི་སྡེ་ཚན་གྱི་དང་པོ་ཀའོ། །ནིའི་སྒྲ་ནི་གང་དུ་ཡང་གནས་པ་མེད་དོ་ཞེས་པའི་དོན་ཏོ། །མཐར་གནས་པ་ཡི་གསུམ་པ་ནི། །ཞེས་པ་ནི་ལའོ། །སའི་ས་བོན་དུ་བསྟན་པའོ། །དང་པོ་ཡི་ནི་གསུམ་པ་ཉིད། །ཅེས་པ་ནི་གའོ། །དེ་ལ་ཟབ་མོའི་ཆོས་ཀྱི་དོན་ཡིན་པས་དེ་ཉིད་དེ་ནིའི་སྒྲའི་དོན་ཏོ། །

སུམ་ཅུ་རྩ་གཉིས་པ་ཉིད་ནི་ཞེས་པ་ནི་སའོ། །སུམ་ཅུ་རྩ་གཉིས་པ་ཡིན་ཞེས་པའི་དོན་ཏོ། །རང་གི་སྒྲས་ནི་སོ་ལས་བྱུང་བའི་ས་ཡིན་པར་བསྟན་པར་བྱའོ། །བཞི་པ་ཡི་ནི་ལྔ་པ་དང་། །ཞེས་པ་ནི་ནའོ། །ལྔ་པ་ཡི་ཡང་བཞི་པ་དང་། །ཞེས་པ་ནི་བྷའོ། །མཐར་གནས་པ་ཡི་དང་པོ་དང་། །

ཞེས་པ་ནི་མཐར་གནས་པ་ནི་མཐར་གནས་སྡེ་ཚན་ཏེ། དེའི་ཡང་དང་པོ་ན་གནས་པ་ནི་ཡའོ། །གཉིས་པ་ཡི་ནི་གསུམ་པ་དང་། །ཞེས་པ་ནི་ཛའོ། །བཟླས་པའི་དོན་ཉིད་ཀྱིས་ཀ་ནའི་རྐྱེན་བྱིན་པའོ། །གསུམ་པའི་དང་པོ་གང་ཡིན་བཏུ། །ཞེས་པ་ནི་ཊའོ། །ལྔ་པ་ཡི་ཡང་ལྔ་པ་དང་། །

ཞེས་པ་ནི་མའོ། །དང་པོ་ཡི་ཡང་དང་པོ་ནི། །ཞེས་པ་ནི་ཡང་ཀ་སྟེ། ར་དང་ཀ་ལ་སོགས་པའི་སྦྱོར་བས་འདོད་པ་གསལ་བར་བྱེད་པ་སྟེ། ནིའི་སྒྲས་བསྟན་པའོ། །དེ་བཞིན་བཅུ་གཅིག་པ་ཉིད་ནི། །ཞེས་པ་ནི་དེ་བཞིན་དུ་ཕཊ་ཀྱི་ཡན་ལག་དང་ཉིང་ལག་ཏུ་གྱུར་པ་ཉིད་ཀྱིས་ལྟུང་བར་

Vol. 16 · folio 172a

བྱེད་པའི་དོན་བསྟན་པའོ། །བཅུ་གཅིག་པ་ནི་ཊའོ། །དང་གིས་ནི་དེའི་སྔོན་རོལ་དུ་གྱུར་པའི་ཕ་ཡིག་གིས་ངེས་པར་སྔགས་ཀྱི་མཐར་དེ་སྦྱར་རོ་ཞེས་པ་དེའི་ཕྱིར་ཉིད་གསུངས་སོ། །དེ་བཞིན་མཁས་པས་བཅུ་དྲུག་པ། །ཞེས་པ་ནི་བཅུ་དྲུག་པ་ཉིད་

བཅུ་དྲུག་པ་སྟེ། རང་གི་དོན་དུ་མ་སྟེ་དུ་མ་ལྟ་བུའོ། །དེ་ཡང་ཏའོ། །དེ་ལ་མཁས་པ་ཞེས་པ་ནི་བྱ་བས་ཁྱབ་པ་ཉིད་ཀྱི་ཕྱིར་གཉིས་པའོ། །ལྔ་པ་ཡི་ཡང་ལྔ་པ་དང་། །ཞེས་པ་ལ་སོགས་པ་དང་། འོན་ཀྱང་། བཞི་པའི་ལྔ་པ་གང་ཡིན་དང་། །ཞེས་བྱ་བ་ལ་སོགས་པ་རྟོགས་པར་

བྱའོ། །བཞི་པའི་སྡེ་ཚན་གང་ཡིན་པ་དེའི་ཡི་གེ་དེ་ནི་ལྔ་པའི་ཡང་ལྔ་པ་བླངས་ལ་དཔའ་བོ་བཏུ་པར་བྱའོ་ཞེས་མཁས་པས་དགོངས་སོ། །དེ་ལྟར་ལྔ་པ་གང་ཡིན་པའི་ཡི་གེ་དེའི་བཞི་པ་ཞེས་བྱ་བ་ལ་སོགས་པ་ཡང་དེ་བཞིན་ཞེས་གསུངས་པ་སྟེ། སྟོང་པ་ཉིད་བཅུ་དྲུག་སྟོན་

པར་འདི་སྒྲུབ་པ་ཡིན་ནོ། །གསུམ་པའི་དང་པོ་ནི་ཊའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཞེས་པ་ནི་ཉི་ཤུ་རྩ་དྲུག་པའི་ཡ་སྟེ་མཁས་པས་བྱ་བ་ལ་གཉིས་པའོ། །དེ་ལྟར་ཐམས་ཅད་བལྟའོ། །ཉི་ཤུ་རྩ་དྲུག་པ་ལ་སོགས་པ་རྣམས་ལ་ནི་ཏ་ཕྱི་བ་སྟེ། དེ་བཞིན་ཞེས་པ་ནི་འདི་ནི་རླུང་གི་

ས་བོན་ཉིད་དོ། །བཞི་པའི་གསུམ་པ་གང་ཡིན་དང་། །ཞེས་པ་ནི་དའོ། །ནའི་སྒྲས་ནི་སྡིག་པ་བསྲེག་པར་དོན་བསྟན་པ་ཡིན་ནོ། །ཨུཥྨ་ཡི་ནི་གཉིས་པ་ཉིད། །ཅེས་པ་ནི་ཤ་ཥ་ས་ཧ་ནི་དྲོད་ཀྱི་ཡི་གེའོ། །དྲོད་ཅེས་པ་ནི་ཡི་གེའི་ལུང་བྱས་པའོ། །གཉིས་ཞེས་པ་གཉིས་པ་ཥའོ། །

ཉིད་ཅེས་པ་ནི་གཞན་གཉིས་པ་ཉིད་ལས་ངེས་པར་གཟུང་བའི་དོན་ཏོ། །དང་པོའི་དང་པོ་གང་ཡིན་དང་། །ཞེས་པ་ནི་ཀའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཞེས་པ་ནི་ཉི་ཤུ་རྩ་བདུན་པ་ནི་རའོ། །དེ་བཞིན་སྒྲ་འདི་མེའི་ས་བོན་ཡིན་པར་བསྟན་པའོ། །ཉི་ཤུ་རྩ་བརྒྱད་པའོ་ཞེས་པ་ནི་ཉི་

ཤུ་རྩ་བརྒྱད་ལཾ་གྱི་སྒྲ་ནི་སའི་ས་བོན་ཡིན་པར་བསྒྲུབ་པ་ཡིན་ནོ། །དང་པོ་ཡི་ནི་གསུམ་པ་དང་། །ཞེས་པ་ནི་གའོ། །ནིའི་སྒྲས་ནི་ཁྱད་པར་དུ་འགྲོ་ཞིང་རྟག་ཏུའང་སྟོང་པ་ཉིད་ལ་ཉེ་བར་གནས་པ་དེ་བརྗོད་པའི་ཕྱིར་གྲོས་ཞེས་བྱ་བའི་དོན་ཏོ། །ལྔ་པ་ཡི་ཡང་བཞི་པ་དང་། །ཞེས་པ་ནི་བྷའོ། །

Vol. 16 · folio 172b

ཡང་གི་སྒྲ་ནི་སྔོན་དུ་བསྟན་པའི་དོན་བསྟན་པའོ། །དེ་བཞིན་སུམ་ཅུ་རྩ་གཅིག་བླང་། །ཞེས་པ་ནི་ཀཱི་ལི་སུམ་ཅུ་རྩ་གཅིག་པ་ཥ་བླང་བའོ། །བཅོ་ལྔ་པ་ནི་ཉིད་དག་དང་། །ཞེས་པ་ནི། དེ་བཞིན་དུ་ཀཱ་ལི་བཅོ་ལྔ་པ་ནི་ཎའོ། །ཉིད་ཅེས་པ་ནི་ཀཱ་ལི་དང་འབྲེལ་པ་ཉིད་དུ་ངེས་པར་བཟུང་

བའོ། །དེ་བཞིན་ཉི་ཤུ་རྩ་ལྔ་པ། །ཞེས་པ་ནི་མའོ། །དེ་ལྟ་བུ་ཉིད་དེ་བཞིན་གྱི་སྒྲའི་དོན་ཏོ། །དང་པོའི་གཉིས་པ་གང་ཞེས་པ་ནི་ཁའོ། །དེ་བཞིན་ཉིད་དུ་ནིའི་སྒྲས་ནི་འདི་སྟོང་པ་ཉིད་ཀྱི་དོན་བསྟན་པའོ། །དེ་བཞིན་ཉི་ཤུ་རྩ་དྲུག་པ། །ཞེས་པ་ནི་དེ་བཞིན་ནི་སྔོན་བཞིན་ཏེ་ཡའོ། །

ཡང་གི་སྒྲས་ནི་ངག་གི་རྒྱན་ནོ། །ཡི་གེ་སུམ་ཅུ་གཉིས་ཉིད་དང་། །ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གཉིས་པ་ནི་སའོ། །དང་ནི་དེ་ཆུའི་རང་བཞིན་ཡིན་པར་བསྟན་ཏོ། །ཉིད་ནི་འདི་ཉེ་བར་གཟུང་བའོ། །དྲོད་རྣམས་ཀྱི་ནི་ཐ་མ་ཉིད། །ཅེས་པ་ནི་ཧའོ། །ཉིད་ཀྱི་ནི་ཀཱ་ལི་ཐ་མ་དང་

འབྲེལ་པ་ངེས་པར་གཟུང་བའོ། །སུམ་ཅུ་རྩ་གཉིས་པ་ཉིད་དང་། །ཞེས་པ་ནི་ཡི་གེ་སུམ་ཅུ་རྩ་གཉིས་པ་སའོ། །ཡང་དང་ཉིད་ཀྱི་ཚིག་གིས་ནི་སྔོན་གྱི་ངག་གི་དོན་བསྟན་པའོ། །ལྔ་པ་ཡི་ནི་བཞི་པ་དང་། །ཞེས་པ་ནི་བྷའོ། །ནིའི་སྒྲས་ནི་འདིས་འཇིགས་པ་སེལ་བར་བསྟན་

ཏོ། །གཉིས་པ་ཡི་ནི་གསུམ་པ་དང་། །ཞེས་པ་ནི་ཛའོ། །ཉིད་ཀྱི་སྒྲས་ནི་དེ་རྒྱལ་བའི་དོན་དུ་ངེས་པར་གཟུང་བའོ། །ལྔ་པ་ཡི་ནི་བཞི་པ་དང་། །ཞེས་པ་ནི་བྷའོ། །ནིའི་སྒྲས་ནི་སྱ་སྔོན་དུ་བསྟན་པའི་དོན་བསྟན་པའོ། །དྲོད་རྣམས་ཀྱི་ནི་གསུམ་པ་ཞེས་པ་ནི་སའོ། །ཕྱི་མ་

སྔོན་བཞིན་ནི་ཉི་ཤུ་རྩ་བདུན་པ་ཞེས་པ་ནི་རའོ། །གཞན་ནི་མེའི་ས་བོན་ཉིད་ཀྱི་ཕྱིར་རོ། །མཐར་གནས་རྣམས་ཀྱི་དང་པོ་ཉིད། །ཅེས་པ་ནི་ཡའོ། །ཉིད་ནི་བསྡུ་བར་ཉེ་བར་གཟུང་བའོ། །དེ་བཞིན་ཉི་ཤུ་རྩ་གཅིག་པ་ནི་པའོ། །དེ་བཞིན་ནི་དེ་བཞིན་གཤེགས་པས་གསུངས་པར་

བསྟན་པའོ། །དང་པོ་ནི་ཡོན་ཏན་རྒྱས་པའོ། །མཐར་གནས་པ་ཡི་གཉིས་པ་དང་། །ཞེས་པ་གང་ཡིན་པའི་གཉིས་པ་ནི་རའོ། །དེ་བཞིན་ཡང་ནི་སུམ་ཅུ་པ། །ཞེས་པ་ནི་ཤའོ། །ཡང་གི་སྒྲས་ནི་ཡ་དེས་བཟླས་པ་ཉིད་དུ་བསྟན་པའོ། །དེ་བཞིན་ནི་ཞི་ཞིང་ཤིས་པར་བྱེད་པས་

Vol. 16 · folio 173a

ན་ཤའི་དོན་བསྟན་པའོ། །ལྔ་པ་ཡི་ནི་དང་པོ་དང་། །ཞེས་པ་ནི་པའོ། །དྲོད་རྣམས་ཀྱི་ནི་དང་པོ་དང་། །ཞེས་པ་ནི་ཤའོ། །དང་ནི་ཉིད་ཀྱི་དོན་ཏེ། ཞི་བའི་དོན་དང་དང་པོ་ཉིད་དུ་ངེས་པར་གཟུང་བའོ། །དེ་བཞིན་ཡི་གེ་ཏྱཱ་ཉིད་དང་། །ཞེས་པ་ནི་ཏྱཱའི་ཡི་གེ་བླངས་

ཏེ་དཔའ་བོ་བཏུ་བར་བྱའོ་ཞེས་སྦྱར་རོ། །བཞི་པའི་དང་པོ་གང་ཡིན་དང་། ཞེས་པ་ནི་ཏའོ། །དྲོད་རྣམས་དང་པོ་གང་ཡིན་དང་། །ཞེས་པ་ནི་ཤའོ། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ། །ཞེས་པ་ནི་ལའོ། །དེ་བཞིན་ཞེས་པ་ནི་དེའི་སྔོན་དུ་བསྟན་པའོ། །དང་པོའི་གཉིས་པ་གང་ཡིན་དང་། །ཞེས་

པ་ཁ་སྟེ་སྔ་མ་བཞིན་ནོ། །གསུམ་པའི་དང་པོ་ཉིད་དག་དང་། །ཞེས་པ་ནི་ཊའོ། །དང་པོའི་གསུམ་པ་གང་ཡིན་དང་། །ཞེས་པ་ནི་གའོ། །བཞི་པའི་བཞི་པ་གང་ཡིན་ནི། །ཞེས་པ་ནི་དྷའོ། །ནིའི་སྒྲ་ནི་སྡིག་པ་འཇོམས་པར་བྱེད་པ་ཉིད་དུ་བསྟན་པའོ། །མཐར་གནས་པ་ཡི་གཉིས་པ་དང་། །

ཞེས་པ་ནི་རའོ། །གསུམ་པའི་ཡང་ནི་ལྔ་པ་དང་། །ཞེས་པ་ནི་ལྔ་པ་ནི་ཎའོ། །ཡང་ནི་ངེས་པར་གཟུང་བའོ། །དེ་ལྟར་ཐམས་ཅད་དུའོ། །བྱ་ཡིག་ཅེས་བྱ་དཔའ་བོས་གསུངས། །ཞེས་པ་ནི་ཁྱད་པར་ཅན་ཐོབ་པར་བྱེད་པས་ན་བྱ་སྟེ་དེ་དཔའ་བོ་དཔལ་ཧེ་རུ་ཀས་གསུངས་པའོ། །དང་པོ་

ཡི་ནི་བཞི་པ་དང་། །ཞེས་པ་ནི་གྷའོ། །དེ་བཞིན་བརྒྱད་པ་ཉིད་དང་ཡང་། །ཞེས་པ་ནི་བརྒྱད་པ་ནི་ཛའོ། །དེ་བཞིན་གྱི་སྒྲས་ནི་རྒྱལ་བའི་དོན་རྗེས་སུ་བསྟན་པའོ། །ཉིད་ནི་དེ་ཡིས་ངེས་པར་གཟུང་བའོ། །ཡང་གི་སྒྲས་ནི་ཀཱ་ལིའི་བརྒྱད་པར་བསྟན་པའོ། །ལྔ་པ་ཡི་ཡང་ལྔ་པ་དང་། །ཞེས་

པ་ནི་མའོ། །བཞི་པ་ཡི་ཡང་ལྔ་པ་དང་། །ཞེས་པ་ནི་ནའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཞེས་པ་ནི་རའོ། །དེ་བཞིན་གྱི་སྒྲས་ནི་སྔོན་དུ་བསྟན་པའི་དོན་བསྟན་པའོ། །བཞི་པ་ཡི་ཡང་བཞི་པ་དང་། །ཞེས་པ་ནི་དྷའོ། །དང་གི་སྒྲས་ནི་ཡང་གི་དོན་ཏེ། ཡང་ན་ཉི་ཤུ་རྩ་བདུན་པ། །ཞེས་པ་

ནི་རའོ། །ཡང་གི་སྒྲས་ནི་དེ་བཞིན་ཉིད། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །ཅེས་པ་ནི་ཉི་ཤུ་རྩ་དྲུག་པ་ཡའོ། །དེ་བཞིན་གྱི་སྒྲས་ནི་དེ་བཞིན་ཉིད་དུའོ། །ཏ་མའི་རྐྱེན་གྱི་ཆ་ཕྱི་མ་བའི་ཉིད་ཅེས་པ་ནི་སྔོན་དུ་བསྟན་པའི་དོན་འདིས་སྟོན་པའོ། །ཉི་ཤུ་རྩ་ལྔ་བླང་ཞེས་པ་ནི་མའོ། །དེ་བླངས་ཏེ་

Vol. 16 · folio 173b

དཔའ་བོ་བཏུ་བར་བྱའོ་ཞེས་སྦྱར་རོ། །བླང་ཞེས་པ་ནི་གཞན་པ་ཡང་ངོ་། །སུམ་ཅུ་རྩ་གསུམ་ཉིད་དག་དང་། །ཞེས་པ་ནི་ཧའོ། །དང་གི་སྒྲས་ནི་སེམས་ཅན་རྣམས་ཀྱི་སྡིག་པ་འཇོམས་པར་བྱེད་པའི་དོན་དུ་ངེས་པར་གཟུང་བར་བྱའོ། །བཞི་པ་ཡི་ནི་བཞི་པ་དང་། །ཞེས་པ་ནི་དྷའོ། །

ནི་ནི་ཡང་གི་དོན་ཏོ། །ལྔ་པ་ཡི་ནི་ལྔ་པ་དང་། །ཞེས་པ་མའོ། །བཞི་པ་ཡི་ཡང་ལྔ་པ་དང་། །ཞེས་པ་ནི་ནའོ། །ཡང་གི་སྒྲས་ནི་ལྔ་པར་བསྡུ་བའོ། །དང་པོ་ཡི་ནི་དང་པོ་ཉིད། །ཅེས་པ་ནི་ཀའོ། །ཉིད་ཀྱི་སྒྲས་ནི་སྔར་བསྟན་པའི་དོན་བསྟན་པའོ། །དེ་བཞིན་ཉི་ཤུ་རྩ་བདུན་པ། །

ཞེས་པ་ནི་རའོ། །དེ་བཞིན་གྱི་སྒྲས་ནི་མེའི་ས་བོན་ཉིད་དུ་བསྟན་པའོ། །མཐར་གནས་རྣམས་ཀྱི་བཞི་པ་ནི། ཞེས་པ་ནི་ཝའོ། །ནིའི་སྒྲས་ནི་ཆུའི་ས་བོན་ཉིད་དུ་བསྟན་པའོ། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཞེས་པ་ནི་པའོ། །དེ་བཞིན་གྱི་སྒྲས་ནི་ཨཱ་ལི་དང་འབྲེལ་པ་ཉིད་དུ་

བསྟན་པའོ། །དྲོད་རྣམས་ཀྱི་ནི་གཉིས་པ་ཉིད། །ཅེས་པ་ནི་ཥའོ། །ཉིད་ཀྱི་སྒྲས་ནི་འདིའི་གནས་སུ་ངེས་པར་བསྟན་པའོ། །དེ་བཞིན་ཉི་ཤུ་རྩ་དྲུག་ཉིད། །ཅེས་པ་ནི་ཡའོ། །དེ་ནི་རྩ་བའི་སྔགས་ཀྱི་ཡི་གེ་བཏུ་བའོ། །ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། །ཏྲཱ་ས་ཡ་ཏྲཱ་ས་ཡ།

ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ཤ་རུ་དྷི་ར། ཨནྟྲ་མཱ་ལ། ཨ་བ་ལཾ་བི་ནི་གྲི་ཧྞ་གྲི་ཧྞ། སཔྟ་པཱ་ཏཱ་ལ། ག་ཏ་བྷུ་ཛཾ་ག་སརྤཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷ། ཧྲཱིཾ་ཧྲཱིཾ། ཛྞཽཾ་ཛྞཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧིཾ་ཧིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་

སི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི། ཧུཾ་ཧཱུཾ། ཞེས་བྱ་བ་ནི་སྔགས་སོ། །འདིའི་མཐར་ཡང་ཕཊ་གཉིས་ནི་གདམས་ངག་གིས་ཤེས་པར་བྱའོ། །རིག་པའི་རྒྱལ་པོ་ནི་དཔལ་ཧེ་རུ་ཀའོ། །དེའི་སྔགས་ནི་རྐང་པ་བརྒྱད་པའི་སྔགས་ཉིད་དུ་གྲུབ་པ་སྟེ། དེ་ཤེས་པ་ནི་དངོས་གྲུབ་འབྱུང་བ་

རྟོགས་པའོ། །དེ་ནས་སྔགས་གཞན་གྱི་ཚིག་ནི་སྙིང་པོ་མེད་པ་རྩྭ་དང་འདྲ་བ་གང་ཡིན་པ་ལ་བྱ་བ་སྟེ། འདིའི་བསྒྲུབ་བྱའི་འབྲས་བུ་ལ་ལྟོས་ནས་འབྲས་བུ་མེད་པའི་ཕྱིར་རོ། །འབུ་ནི་སྲིན་བུའི་ཁྱད་པར་རོ། །དེས་ཟོས་པ་ནི་ཤིང་ལ་ཡང་འབུས་ཟོས་པའོ། །དེ་ལ་འདིའི་དོན་ནི་

Vol. 16 · folio 174a

འབུས་ཟོས་པའི་ཤིང་ལྟར་གཞན་སྔགས་ཀྱི་ཚོགས་ནི་དོན་གྱི་བྱ་བས་སྟོང་པ་སྟེ། སྙིང་པོ་མེད་པའི་རྩ་བ་བཞིན་དུ་འབྲས་བུ་མེད་པར་རྣལ་འབྱོར་པས་བསམ་མོ། །རྩ་བའི་སྔགས་སུ་རབ་ཏུ་གྲགས། །ཞེས་པའོ། །དེ་ནི་ཡི་གེ་བཏུས་པ་ཙམ་འབའ་ཞིག་

གི་བདག་ཉིད་ཀྱི་ཕྱིར་རིག་པའི་རྒྱལ་པོའི་སྔགས་ཞེས་བརྗོད་པ་ནི་མ་ཡིན་ནོ། །ཡང་ན་རིག་པ་ནི་མཁའ་འགྲོ་མ་ལ་སོགས་པ་སྟེ། རྒྱལ་པོ་ནི་འདིས་སྐྱེད་པར་བྱེད་པས་རིག་པའི་རྒྱལ་པོའི་སྔགས་ཏེ། ཀ་ར་ཀ་ར་ལ་སོགས་པ་སྟེ། དང་པོའི་དོན་ལ་དྲུག་པའོ། །སངས་རྒྱས་ཀྱི་རིགས་འདི་

སྒྲུབ་པ་ཉིད་ཀྱིས་རིག་པའི་རྒྱལ་པོ་ཉིད་ནི་གདམས་ངག་གོ། །སྒྲུབ་པ་ཐམས་ཅད་སྤངས་པའོ། །ཞེས་པ་ནི་སྦྱིན་སྲེག་ལ་སོགས་པའི་སྒྲུབ་པ་ཡིན་ཏེ། བཟླས་པ་ཙམ་གྱིས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཡོད་མིན་ཞེས་པ་ནི་མཆོག་འདི་ལས་གཞན་དངོས་གྲུབ་སྒྲུབ་པའི་ཐབས་ཅི་ཡང་

ཡོད་པ་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་སྔགས་ཤེས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་དང་ལྡན་པའི་ཧེ་རུ་ཀ་གང་གིས་བསྒྲུབ་པ་དེ་དཔལ་ཧེ་རུ་ཀའི་སྔགས་སོ། །ཡི་གེ་བཏུས་པ་ལས་རབ་ཏུ་རྣམ་པར་ཕྱེ་ནས་བརྗོད་པའོ། །དེ་གང་ཡིན་ཞེས་པ་ལ་རྩ་བའི་གསང་སྔགས་

ཞེས་གསུངས་ཏེ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡང་དེ་ཡིན་ལ་སྔགས་ཀྱང་དེ་ཡིན་པས་དེ་ནི་དེ་བཞིན་ནོ། །རིག་པའི་རྒྱལ་པོ་ལས་གཞན་རྩ་བའི་སྔགས་ཞེས་དགོངས་པའོ། །དེ་ཡང་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་རྐང་པ་བརྒྱད་པའོ། །ཡི་གེ་ནི་གསལ་བྱེད་དོ་ཞེས་པ་ནི་

དཔལ་འཁོར་ལོ་སྡོམ་པའི་ལེའུ་ལྔ་པའི་དཀའ་འགྲེལ་ལོ།། །།མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ་ཡང་དག་པར་མདོར་བསྡུས་པའི་སྔགས་བསྟན་ཏེ། དེའི་ཕྱིར་ཞེས་པ་ནི་མདོར་བསྡུས་པ་ལ་དགའ་བའི་དོན་དུ་ཡང་དག་པར་མདོར་བསྡུས་པའི་སྔགས་བསྟན་པའི་རྒྱུ་

མཚན་ཉིད་ཀྱི་ཕྱིར་རོ། །སྙིང་པོ་ཡི་གེ་ཉི་ཤུ་གཉིས། །ཉེ་སྙིང་ཡི་གེ་བདུན་པ་ཡི། །དངོས་གྲུབ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་ཕྱིར་རོ། །ཉེ་བའི་སྒྲས་ནི་དམན་པའི་དོན་ཏོ། །ཡི་གེ་དམན་པ་ཡིན་གྱི། འབྲས་བུ་དམན་པ་ནི་མ་ཡིན་ནོ། །དེ་ཡང་གཉིས་ཁོ་ན་འོག་ནས་འཆད་པར་འགྱུར་

Vol. 16 · folio 174b

ཞེས་པའི་དོན་ཏོ། །འོག་ནས་ཀྱང་རེ་ཞིག་མདོར་བསྡུས་པའི་གོ་ཆའི་སྔགས་གསུངས་ཏེ། ཡ་ཚོགས་བརྒྱད་པའི་ས་བོན་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡ་ཚོགས་བརྒྱད་པའི་ས་བོན་ནི་ཧའོ། །དང་ནི་ཉིད་ཀྱི་དོན་རྣམས་ཁྱད་པར་དུ་བྱེད་པའི་དོན་ཏོ། །གུག་སྐྱེད་ནི་དབྱངས་

ཡིག་སྟེ། མ་ནིང་ཡི་གེ་སྤངས་པའོ། །དེ་བཞིན་ཞེས་པ་ནི་དོན་གྱི་ཁྱད་པར་ལ་འཇུག་པའོ། །མཚན་ཉིད་ཀྱི་གསུམ་པའོ། །ཡི་གེ་བར་མ་དོར་བྱས་ལ། ཞེས་པ་ནི་དེའི་ས་བོན་གྱི་ཡི་གེ་བར་མ་དོར་བར་བྱས་ནས་དཔལ་ཧེ་རུ་ཀ་ཞེས་བརྗོད་ཅེས་པ་ནི་རྐྱེན་ཕྱི་བའོ། །དེ་ཡང་

ཡན་ལག་དྲུག་ནི་ཡན་ལག་དང་ཉིང་ལག་དྲུག་གོ། །ཇི་ལྟར་ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། །ཧོ་ཧཽ་ཧཾ་ཧཿ ཞེས་བྱའོ། །ཡི་གེ་དང་ཡི་གེའི་བར་བྱས་པས་ནི་རིང་དུ་བྱས་ནས་དཔལ་ཧེ་རུ་ཀ་ཞེས་བརྗོད་ཅེས་སྦྱར་རོ། །བྱས་པ་ནི་འདིར་དོན་གཟུང་བར་བྱའོ། །ཧ་ཡིས་ཧི་

དང་རིང་དུ་བྱས་པའོ། །དེ་ནས་ཡང་ཧི་ཧཱི་ཡིས་ཧུ་དང་རིང་དུ་བྱས་པའོ། །དེ་ནས་ཡང་ཧུ་ཧཱུ་ལས་ཧེ་དང་རིང་དུ་བྱས་པའོ། །དེ་ནས་ཡང་ཧེ་ཧཻ་ཡིས་ཧོ་དང་རིང་དུ་བྱས་པའོ། །དེ་ནས་ཡང་ཧོ་ཧཽ་ཡིས་ཧཾ་དང་རིང་དུ་བྱས་པའོ། །ཞེས་པ་ནི་གཉི་ག་རིང་བར་གྱུར་པ་འདི་རྣམས་ཀྱི་ནང་ནས་དྲུག་གཟུང་

བར་བྱས་ཏེ། ཡི་གེ་དེ་རྣམས་ནི་ཇི་ལྟར་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་བྱ་བ་དྲུག་པོ་དེ་ཡིན་ནོ། །དེ་རྣམས་གང་གི་ཚེ་དཔལ་ཧེ་རུ་ཀ་གཉིས་སུ་མེད་པ་རྡོ་རྗེར་གྱུར་པ་དྲུག་པོ་ཞེས་བྱ་བ་གསུངས་ཏེ། གོ་རིམས་སུ་དཔའ་བོ་དྲུག་གི་སྔགས་ཡི་གེ་རེ་རེ་ལ་ཡང་དག་པར་གནས་པའོ། །དེའི་ཚེ་དཔལ་ཧེ་རུ་

ཀའི་ཡན་ལག་དྲུག་ཉིད་དོ། །དཔའ་བོ་ཞེས་པ་ནི་དང་པོའི་མང་པོའི་ཚིག་གི་ཕྱི་བའོ། །དེ་ལྟ་བུར་གྱུར་པ་ཇི་ལྟར་ཞེས་པ་ནི་མཉམ་སྦྱོར་བྱ་ཞེས་པ་སྟེ། ཡང་དག་པར་དང་པོ་སྤྱོད་པ་ནི་མཉམ་སྦྱོར་ཏེ། ཧ་ལ་སོགས་པའི་སྔོན་དུ་ཨོཾ་ལ་སོགས་པའོ། །དཔའ་བོ་དྲུག་སྦྱིན་ཞེས་པའི་དོན་ཏོ། །

ཨོཾ་ལ་སོགས་པ་གསུངས་ཏེ། ཨོཾ་ན་མཿསྭཱ་ཧཱ། བཽ་ཥཊ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་དང་པོའི་མང་པོའི་ཚིག་ཕྱི་བའོ། །ཇི་ལྟར་ཡང་དག་པར་ལྡན་པ་དེ་བཞིན་དུ་ཤེས་པར་བྱའོ། །དཔའ་བོ་དྲུག་པོ་རྣམས་ཀྱི། སྙིང་པོ་རུ་ནི་ཤེས་པར་བྱ། །ཞེས་པ་ནི། ནིའི་སྒྲ་ནི་ལས་ཤེས་པར་བྱ་ཞེས་པ་ལ། གྲུབ་

Vol. 16 · folio 175a

བོ་ཞེས་པ་གསུམ་པའི་དོན་ལས་དང་པོའོ། །དང་པོའི་སྙིང་ག་ཉིད་དུ་སྟེ། །ཞེས་པ་ནི་ནིའི་སྒྲས་ནི་རང་གི་ཧའི་ཡང་དག་པར་བསྡུ་བའོ། །དེ་ལྟར་གཞན་ཡང་ངོ་། །ཨོཾ་ཧ་སྙིང་གར་རྡོ་རྗེ་སེམས་དཔའ་སྟེ་དང་པོའོ། །སྙིང་ག་ཞེས་པ་ནི་བདུན་པའི་དོན་ལ་དང་པོའོ། །གཉིས་

པ་སྤྱི་བོ་རང་དུ་དྲན། །ཞེས་པ་ནི་ན་མཿཧི་རྣམ་པར་སྣང་མཛད་ནི་སྤྱི་བོ་རུའོ། །དྲན་པ་ནི་བསམ་པར་བྱའོ་ཞེས་པའི་དོན་ཏོ། །གསུམ་པ་སྤྱི་གཙུག་དག་ཏུ་སྦྱར། །ཞེས་པ་ནི་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་ནི་བཞི་པའི་གོ་ཆར་འགྱུར་རོ་ཞེས་སོ། །དུའི་སྒྲ་ནི་རྗེས་སུ་འཇུག་པའོ། །

བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀའི་ཕྲག་པ་གཉིས་ཀྱི་གོ་ཆར་གདམས་ངག་གིས་ཤེས་པར་བྱའོ། །ལྔ་པ་མིག་ཏུ་གྱུར་པ་སྟེ། །ཞེས་པ་ནི་ཧཱུཾ་ཧཱུཾ་ཧོཿརྡོ་རྗེ་ཉི་མ་མིག་གཉིས་ལའོ། །དྲུག་པ་མཚོན་ཆར་བརྗོད་ཅེས་པ་ནི་ཕཊ་ཧཾ་རྟ་མགྲིན་ཡན་ལག་ཐམས་ཅད་ཀྱི་མཚོན་ཆའོ། །དྲུག་པ་ཞེས་པ་ནི་དང་

པོའི་དོན་གྱི་དྲུག་པའོ། །སྙིང་ག་ལ་སོགས་པ་ནི་བདུན་པའི་དང་པོའི་དོན་གྱི་དང་པོའི་གཉིས་པའོ། །མཐའ་དག་ཉིད་དུའང་སྙིང་པོའི་ཞེས་པ་ནི་སྙིང་པོར་རྗེས་སུ་འཇུག་པའོ། །སྔགས་དེ་རྣམས་སམ་དེ་རྣམས་ལས་གྲུབ་པའི་དཔའ་བོ་དྲུག་གནས་རྣམས་སུ་གོ་ཆར་བྱ་སྟེ། བདུད་རྣམས་

ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེའི་བཏུ་བ་དེ་རྗོད་པར་བྱེད་པའི་ལེའུ་ནི་དྲུག་པ་སྟེ། དྲུག་པའི་ཚིག་ལས་རང་གི་དོན་དུ་མའི་རྐྱེན་བྱས་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་དྲུག་པའོ།། །།སྔོན་དུ་རྐང་པ་བརྒྱད་ཀྱི་སྔགས་བཏུ་བར་བྱས་ནས་ད་ནི་ཡི་གེ་དེ་རྣམས་

དབྱངས་ཀྱི་དང་སྦྱར་བ་ཉིད་དུ་རབ་ཏུ་རྩོམ་སྟེ། དེ་ནས་དབྱངས་ཡིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཉིད་ནི་ཡི་གེ་བསྡུ་བ་ངེས་པར་གཟུང་སྟེ། དམིགས་ཀྱིས་དགར་བའི་སྒྲའི་དྲུག་པའོ། །བཅུ་གསུམ་པ་ནི་ཨོཾའོ། །དང་ནི་དོན་གྱི་ཁྱད་པར་ཏེ། །ཉི་མའི་འོད་ཀྱིས་འོད་ཟེར་སྟོང་ཕྲག་འབར་བ་

བརྒྱ་དཔྲལ་བ་དང་སྙིང་ག་རྣམས་སུ་བསམས་ཏེ་དབང་དུ་བྱེད་པ་སྟེ། ཉིད་ཀྱིས་འདིའི་དོན་ངེས་པའོ། །ཡི་གེ་གཉིས་པ་སྦྱར་བར་བྱ། །ཞེས་པ་ནི་ཡི་གེ་གཉིས་པ་ན་ནི་ལས་གཞན་མ་སྟེ། དེ་དང་ཨོ་སྦྱར་བ་ནི་མཁས་པས་སོ། །དེ་ནས་མའི་གཟུགས་སུ་གྱུར་པའོ། །དེ་ལྟར་བརྒྱད་ལ་སོགས་པ་ཉིད་

Vol. 16 · folio 175b

དོ། །དང་པོ་ན་ནི་ཉིད་དོ། །དབྱངས་ཡིག་བཅུ་གཅིག་པ་ནི་ཨོའོ། །དེ་ཡང་དེ་དང་འདི་ཡང་དག་པར་ལྡན་པ་དེ་ནི་དེ་བཞིན་ནོ། །དེའི་ཕྱིར་དྲུག་པའི་ཡི་གེ་ཏ་ལ་བརྒྱན་པའོ། །དེ་ནས་དེའི་གཟུགས་སུ་འགྱུར་རོ། །དབྱངས་ཡིག་ཉིད་ཀྱི་བཞི་པ་ནི། །ཞེས་པ་ནི་ཨཱིའོ། །ཉིད་ནི་ཐུང་ངུ་དགག་པའི་དོན་ཏོ། །

དེ་ཡིས་མཚོན་པའི་བདུན་པའི་ཡི་གེ་ནི་བ་རུ་མཁས་པས་སོ། །དེ་ཡིས་བཱིའི་གཟུགས་སུ་འགྱུར་རོ། །ཡི་གེ་བརྒྱད་པ་ནི་རའོ། །དབྱངས་ཡིག་བཅུ་གཅིག་པ་བར་ཡང་དག་པར་ལྡན་པ་ནི་མཁས་པས་སོ། །དེས་རེའི་གཟུགས་སུ་འགྱུར་རོ། །མཁས་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་རོ། །

དེ་ནས་ཡི་གེ་དགུ་པ་གཟུང་། །ཞེས་པ་ནི་ཤའོ། །དེ་ནས་ཞེས་པ་ནི་བསྡུས་པ་ལས་དང་པོ་ལས་དབྱངས་ཡིག་གཉིས་པ་ནི་ཨཱ་རིང་པོའོ། །དེ་ཤཱའི་གཟུགས་སུ་འགྱུར་རོ། །ཡི་གེ་བཅུ་གཉིས་པ་ནི་ཧའོ། །དབྱངས་གཉིས་པ་དང་ལྡན་པར་མི་མཁས་པས་སོ། །དེས་ཧཱའི་གཟུགས་སུ་འགྱུར་རོ། །

ཡི་གེ་ཉི་ཤུ་གཅིག་པ་གཟུང་། །ཞེས་པ་ནི་ཉི་ཤུ་རྩ་གཅིག་པའི་ཡི་གེ་པའོ། །དབྱངས་ཡིག་གཉིས་དང་ཡང་དག་ལྡན་ནི་གཟུང་བ་དེ་དང་ལྡན་པའོ། །ཡི་གེ་བཅུ་བཞི་པ་ལ་ཡིན་པར་མཁས་པས་སོ། །དེ་ནས་ལྤཱ་པའི་གཟུགས་སུ་འགྱུར་རོ། །ཡི་གེ་ཉི་ཤུ་པ་ཞེས་པ་ནི་ཉི་ཤུ་པའི་ཡི་གེ་ནི་

ནའོ། །དེའི་འོག་དང་ཡང་དག་ལྡན་པ་ནི་ཡི་གེ་བཅོ་ལྔ་པ་གའོ། །དབྱངས་ཡིག་རྣམས་ཀྱི་གསུམ་པ་ནི། །དབྱངས་ཨིའོ། །དེ་ཡིས་མཚོན་པར་མཁས་པས་སོ། །དེས་གྣིའི་གཟུགས་སུ་འགྱུར་རོ། །ཉིད་ནི་རིང་པོ་དགག་པའི་དོན་ཏོ། །དབྱངས་ཡིག་བཅོ་ལྔ་པ་ནི་ཐིག་ལེའོ། །དེ་ཡིས་

ཡི་གེ་བཅུ་དྲུག་པ་ལ་བརྒྱན་པར་མཁས་པས་སོ། །དེས་ན་སམ་གྱི་གཟུགས་སུ་འགྱུར་རོ། །ཡི་གེ་བཅུ་བདུན་པ་ནའོ། །དབྱངས་ཡིག་གསུམ་པ་དང་ཡང་དག་པར་མཁས་པས་སོ། །མཆོག་ཏུ་པ་ཞེས་པས་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པ་བྱེད་པ་དེ་ཡིས་སྐྲོད་པར་

བྱེད་པའོ། །ཇི་ལྟར་རླུང་གི་དཀྱིལ་འཁོར་ལ་ཞོན་པའི་དུ་བའི་ཕུང་པོ་ལྟ་བུ་བསྒྲུབ་བྱའི་སྙིང་ག་དང་མགྲིན་པ་དང་། ལྟེ་བ་དང་། རྐང་པ་གཉིས་ལ་བསྒོམས་ན་དེ་སྐྲོད་པར་འགྱུར་ཏེ། ནིའི་ཡི་གེ་སྟེ་དེ་ནས་གཟུགས་སུ་འགྱུར་རོ། །ཡི་གེ་བཅོ་བརྒྱད་པ་ཡང་བྷའོ། །དབྱངས་ཡིག་ཨ་དང་

Vol. 16 · folio 176a

ཡང་དག་ལྡན། །ཞེས་པ་ནི་ཉི་ཤུ་རྩ་གཅིག་པ་སྟེ། ཉི་ཤུ་གཅིག་པ་ནི་ཊ་མཁས་པས་ཤེས་པར་བྱའོ། །མ་མོའི་ལྔ་པ་ནི་ཨུའོ། །དེ་ཡིས་ཡང་དག་པར་ལྡན་པ་ནི་ཡི་གེ་ཉི་ཤུ་རྩ་གསུམ་པ་ནི་ཀ་མཁས་པས་སོ། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི་བཅུ་གསུམ་པའི་

ཨོ་བླངས་ཏེ། དེས་ཉི་ཤུ་བཞི་པའི་ཊ་ཡང་དག་པར་སྦྱར་བ་ནི་མཁས་པས་སོ། །དང་པོའི་དང་པོས་ནི་ཀ་མཁས་པས་སོ། །དང་གིས་ནི་མ་བརྗོད་པ་བསྡུས་པའོ། །ཉི་མའི་དཀྱིལ་འཁོར་གྱི་འོད་ལྟ་བུའི་དེ་ལྟ་བུའི་ཡང་དག་པར་ལྡན་པ་བསྒྲུབ་བྱའི་སྙིང་ག་དང་ལྟེ་བ་དང་སྤྱི་བོར་དེ་བཀོད་ནས་

དེས་དབང་དུ་བྱེད་དོ་ཞེས་པའོ། །ཉིད་ནི་བསྡུས་པའི་དོན་ངེས་པར་གཟུང་བའོ། །ཇི་ལྟ་བུར་གྱུར་པས་མཁས་པས་སོ་ཞེས་པ་ལ། ཡི་གེ་ཉི་ཤུ་རྩ་ལྔ་སྦྱར། །ཞེས་གསུངས་ཏེ། ཉི་ཤུ་རྩ་ལྔ་ནི་ཉི་ཤུ་ལྔ་པའི་ཡི་གེ་ཏའོ། །དེས་གོང་དུ་སྦྱར་བའོ། །དེས་ན་ཏྐའི་གཟུགས་སུ་འགྱུར་རོ། །གསུམ་

པ་ཡི་ནི་དང་པོ་ནི། །ཞེས་པ་ནི་ཊ་མཁས་པས་སོ། །དབང་པོའི་གཞུ་ལྟ་བུའི་འོད་ཀྱི་ཊ་བསྒྲུབ་བྱའི་དཔྲལ་བ་དང་སྙིང་ག་དང་མགྲིན་པར་བཀོད་ནས་དབང་དུ་བྱེད་དོ། །ནིའི་སྒྲའི་དོན་ཏོ། །དབྱངས་ཡིག་གཉིས་པ་ཡང་དག་ལྡན། །ཞེས་པ་ནི་ཊ་ཡིག་ལ་དབྱངས་ཡིག་གཉིས་པ་ཡང་དག་

པར་ལྡན་པ་གང་ཡིན་པ་དེ་ཡི་གེ་ཉི་ཤུ་རྩ་དྲུག་པར་གྱུར་པའོ། །ཊའི་གཟུགས་ཞེས་པའི་དོན་ཏོ། །གསུམ་པ་ཡི་ནི་དང་པོ་ནི། །དེ་ནི་གཉིས་པ་དག་དང་ལྡན། །ཞེས་པའི་གཞུང་གཞན་ཡང་ཡོད་དོ། །གཉིས་དང་ལྡན་པ་ནི་དབྱངས་ཀྱི་གཉིས་པ་དེ་དང་ལྡན་པའོ། །ཡང་དག་པར་སྦྱར་བའི་ཊའི་གཟུགས་

སུ་འགྱུར་རོ། །ཉི་ཤུ་རྩ་བརྒྱད་ཉིད་དང་ནི། །ཞེས་པ་ནི་དེ་མཁས་པས་སོ། །དང་གིས་ནི་བརྗོད་པའི་དོན་བསྡུ་བ་སྟེ། དེ་སྤྲིན་ལྟ་བུའི་འོད་བསྒྲུབ་བྱའི་སྤྱི་བོར་བསམས་ན། དེ་རེངས་པར་བྱེད་དོ། །ཉིད་ནི་ངེས་པར་གཟུང་བའོ། །དབྱངས་ཡིག་བཅོ་ལྔ་པ་ནི་ཐིག་ལེའོ། །དེས་མཛེས་པ་ནི་མཁས་པས་སོ། །

དེས་ནི་དཾ་གྱི་གཟུགས་སུ་འགྱུར་རོ། །གསུམ་པའི་དང་པོ་ཊ་ཡིག་གི་འོག་གི་ཆ་ལ་ཡང་དག་པར་སྦྱར་ཏེ། དེའི་འོག་ཏུ་མེའི་ས་བོན་ར་དང་ཡང་དག་པར་ལྡན་པའོ། །དེ་ལྟ་བུ་ཉིད་ཀྱི་སྒྲས་ནི་དབྱངས་ཡིག་གཉིས་པ་དང་སྦྱར་ཏེ། ཡི་གེ་ཉི་ཤུ་རྩ་དགུ་པར་འགྱུར་རོ། །དེས་ན་ཥྚཱའི་གཟུགས་སུ་འགྱུར་རོ། །

Vol. 16 · folio 176b

དང་གིས་ནི་ཡང་དག་པར་སྦྱོར་བ་བསྡུ་བའོ། །ཡི་གེ་སུམ་ཅུ་རྩ་གཅིག་པ། །ཞེས་པ་ནི་སུམ་ཅུ་རྩ་གཅིག་པར་ཏེ། དབྱངས་ཡིག་གཉིས་པ་དང་སྦྱར་བའོ། །དེས་རའི་གཟུགས་སུ་འགྱུར་བའོ། །ཡི་གེ་སུམ་ཅུ་རྩ་གཉིས་པ་ལའོ། །དབྱངས་ཡིག་གཉིས་པ་དང་སྦྱར་ན་དེས་ལཱའི་གཟུགས་སུ་

འགྱུར་རོ། །སྣང་བྱེད་དང་ནི་ཡང་དག་ལྡན། །ཡི་གེ་སུམ་ཅུ་གསུམ་པར་འགྱུར། །ཞེས་པ་ནི་སྣང་བྱེད་ནི་རའོ། །ཡི་གེ་སུམ་ཅུ་རྩ་གསུམ་པ་ནི་གའོ། །ཡང་དག་པར་སྦྱར་བས་ནི་གྲའི་གཟུགས་སུ་འགྱུར་རོ། །མ་མོ་བཞི་པ་ཉིད་ནི་ཨཱིའོ། །ཉིད་ཀྱིས་ནི་ཐུང་ངུ་དགག་པའོ། །སུམ་ཅུ་རྩ་

བཞི་ཞེས་པ་ནི། །སུམ་ཅུ་རྩ་བཞི་བའི་ཡི་གེ་བྷའོ། །ངེས་བྷཱིའི་གཟུགས་སུ་འགྱུར་རོ། །མ་མོ་ལྔ་པ་ཉིད་ནི་ཨུའོ། །ཉིད་ཀྱིས་ནི་རིང་པ་དགག་པའོ། །སུམ་ཅུ་རྩ་བདུན་ཞེས་པ་ནི། །ཡི་གེ་སུམ་ཅུ་རྩ་བདུན་མའོ། །དེ་དང་ཡང་དག་པར་སྦྱར་བ་མུའི་གཟུགས་སུ་འགྱུར་རོ། །མཁའ་འགྲོ་

མ་རྣམས་སྒྲུབ་བྱེད་དྲན། །ཞེས་པ་ནི་མཁའ་འགྲོ་མ་རྣམས་ཀྱི་སྒྲུབ་བྱེད་ནི་སྔགས་མ་ལུས་པའོ། །ཡང་ན་སུམ་ཅུ་རྩ་བདུན་པའི་མ་འབའ་ཞིག་ཡང་དག་པར་ཉི་མ་ལྟར་སྣང་བ་བསྒྲུབ་བྱའི་སྤྱི་བོར་བསམས་ན་གནོད་སྦྱིན་ལ་སོགས་པ་དབང་དུ་འགྱུར་རོ། །མཁའ་འགྲོ་མ་རྣམས་ཀྱི་སྒྲུབ་བྱེད་

དྲན་ནི་མཁའ་འགྲོ་མ་རྣམས་འདོད་པའོ། །སུམ་ཅུ་རྩ་བརྒྱད་ཉིད་དག་ནི། །ཞེས་པ་ནི་སུམ་ཅུ་བརྒྱད་པའི་ཡི་གེ་ཁའོ། །དེ་དབྱངས་ཡིག་གཉིས་པ་དང་སྦྱར་བས་ཁའི་གཟུགས་སུ་འགྱུར་རོ། །འདིར་ཡང་ཐམས་ཅད་དུ་འགྱུར་རོ་ཞེས་བྱ་བ་དང་པོའི་བྱ་བར་སྦྱར་བའམ། མཁས་པས་

ཤེས་པ་གཉིས་པའི་བྱ་བར་སྦྱར་རོ། །ཡི་གེ་ཁ་ཡིས་སྒྲུབ་པར་བྱེད་པར་འགྱུར་ཞེས་པ་འམ། མཁས་པས་ཤེས་པར་བྱ་ཞེས་བྱའོ། །དེ་ལྟར་གཞན་ལ་ཡང་ངོ་། །ཁ་དབང་པོ་སྔས་པ་ལྟ་བུའི་འོད་བསྒྲུབ་བྱའི་སྤྱི་བོར་བསམས་ན་ལྷ་ལ་སོགས་པ་དབང་དུ་འགྱུར་རོ། །དང་ནི་བསྡུས་པ་

ཉིད་དུ་ངེས་པར་གཟུང་བའོ། །འདི་ཕྱིར། ལྷ་རྣམས་ཐམས་ཅད་སྒྲུབ་བྱེད་ཡིན། །ཞེས་གསུངས་སོ། །བཞི་བཅུ་རྩ་གཉིས་ནི་ཞེས་པ་ནི་བཞི་བཅུ་རྩ་གཉིས་པའི་ཡི་གེ་སའོ། །ཉིད་ཀྱི་སྒྲས་ནི་སྔར་བསྟན་པའི་དོན་ཉེ་བར་གཟུང་བའོ། །མེ་ནི་རའོ། །ནིའི་སྒྲས་ནི་ངེས་པར་གཟུང་བ་དེ། དེ་

Vol. 16 · folio 177a

ཡང་འདིའི་འོག་གི་ཆ་སྟེ་འོག་གི་ཆ་ཤས་ལ་དེ་དང་ལྡན་པས་བཞི་བཅུ་རྩ་གཉིས་པའི་ཡི་གེའོ། །དེས་སྲའི་གཟུགས་སུ་འགྱུར་རོ། །དེ་ཡང་སྒྲུབ་པ་པོས་ཤེས་པའི་བྱ་བ་རྟོགས་པར་བྱའོ། །བཞི་བཅུ་རྩ་གསུམ་པ་ཉིད་དང་། །ཞེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་གསུམ་

པ་བྷའོ། །དེ་དབྱངས་ཡིག་ལྔ་པ་ཉིད་དང་སྦྱར་བ་དེས་ན་བྷུའི་གཟུགས་སུ་འགྱུར་རོ། །ཉིད་ཀྱིས་ནི་རིང་པོ་དགག་པའོ། །ཡི་གེ་བཞི་བཅུ་ལྔ་པ་ཞེས་པ་ནི་བཞི་པ་ནི་བཞི་བཅུ་རྩ་ལྔ་པའི་ཡི་གེ་བྷའོ། །ཉིད་ཀྱི་སྒྲས་ནི་སྔར་བསྟན་པའི་བསྡུས་པའི་དོན་དུ་ངེས་པར་གཟུང་བའོ། །དབྱངས་ཡིག་

གཉིས་པ་དང་སྦྱར་བས་བྷའི་གཟུགས་སུ་འགྱུར་རོ། །དབྱངས་ཡིག་ལྔ་པ་ཉིད་དག་དང་། །ཞེས་པ་ནི་སྔོན་བཞིན་ནོ། །བཞི་བཅུ་དྲུག་པ་ཡང་དག་ལྡན། །ཞེས་པ་ནི་ཡི་གེ་བཞི་བཅུ་དྲུག་པས་དང་ཨུ་ཡང་དག་པར་སྦྱར་བས་སུའི་གཟུགས་སུ་འགྱུར་རོ། །བཞི་བཅུ་རྩ་བདུན་པ་ཞེས་པ་ནི་ཡི་གེ་

བཞི་བཅུ་རྩ་བདུན་པ་ནི་རའོ། །ཉིད་ཀྱི་སྒྲ་སྔར་བསྟན་པའོ། །དོན་བསྡུས་པས་ངེས་པར་གཟུང་པའོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་རའི་གཟུགས་སུ་འགྱུར་རོ། །རྡོ་རྗེ་སེམས་དཔའ་མཆོག་ཏུ་ཕན། །ཞེས་པ་ནི་རའི་ཡི་གེ་དེ་ཉིད་རྡོ་རྗེ་སེམས་དཔའོ། །དེ་བཞིན་ལྔ་བཅུ་རྩ་གཅིག་པ། །

ཞེས་པ་ནི་ལྔ་བཅུ་རྩ་གཅིག་པ་ཤའོ། །དེ་བཞིན་ཉིད་ཅེས་པ་ནི་སྔར་བསྟན་པའི་དོན་ཉིད་འདིས་བསྟན་པའོ། །ལྔ་པ་ཉིད་དང་སྦྱར་ཞེས་པ་ནི་ངང་གི་སྒྲ་ནི་ཁྱད་པར་ཅན་ཏེ། དབང་པོའི་གཞུ་ལྟ་བུའི་འོད་བསྒྲུབ་བྱའི་མགྲིན་པར་བསམས་ན་དེས་དབང་དུ་འགྱུར་རོ། །དེས་ཀྱང་ཤུའི་གཟུགས་སུ་འགྱུར་

རོ། །མཛེས་པའི་མཆོག་ནི་ཡིན་པར་འདོད། །ཅེས་པ་དང་ལྔ་བཅུ་རྩ་གཉིས་པ་ཉིད་ན་ཞེས་པ་ནི་ལྔ་བཅུ་རྩ་གཉིས་པའི་ཡི་གེ་པའོ། །ཉིད་ཀྱིས་ནི་མ་བརྗོད་པའི་དོན་བསྡུས་པ་ཉིད་དུ་ངེས་པར་བཟུང་བ་སྟེ། རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་བཞིན་པའི་ཆུ་འཛིན་པ་ལ་ཞོན་པ་ལ་དུ་བའི་མདོག་ལྟ་བུ་ཅན་

བསྒྲུབ་བྱའི་མགྲིན་པ་དང་སྙིང་ག་དང་རྐེད་པ་དང་རྐང་པ་གཉིས་ཀྱི་མཐིལ་དུ་བསམས་ན་དེས་ཕུལ་ཏེ་སྐྲོད་པར་འགྱུར་རོ། །དབྱངས་ཡིག་གཉིས་པ་སྦྱར་བས་པཱའི་གཟུགས་སུ་འགྱུར་རོ། །ལྔ་བཅུ་རྩ་གསུམ་པ་ཞེས་པ་ནི་ལྔ་བཅུ་རྩ་གསུམ་པ་ཤའོ། །དེ་བཞིན་ཡང་ཞེས་པ་ནི་སྔར་བསྟན་པའི་དོན་བསྟན་

Vol. 16 · folio 177b

པའོ། །དེ་ཉིད་དབྱངས་ཡིག་བཅུ་གསུམ་པ་དང་སྦྱར་བས་མཁས་པས་ཤེས་པར་བྱ་རྗེས་སུ་གནས་པའོ། །དེས་ན་ཤོའི་གཟུགས་སུ་འགྱུར་རོ། །སྡེ་ཚན་བཞི་ལས་དྱ་ཉིད་དུ། །ཞེས་པ་ནི། སྡེ་ཚན་བཞི་པའི་གསུམ་པ་བཏུ། །ཞེས་བརྗོད་པ་གང་ཡིན་པ་དེས་ད་ཡིག་དག་ཏུ་བརྗོད་པའོ། །

དེ་ཡིས་ཀའི་སྡེ་ཚན་གྱི་བཞི་པ་ཡིན་པར་བསྟན་ཏོ། །གཞན་དུ་ན་ཨའི་སྡེ་ཚན་ནམ་ཀའི་སྡེ་ཚན་ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ལྟ་ནི་ད་ཡིག་བྲི་བ་ལ་འཁྲུལ་པར་འགྱུར་རོ། །ཙི་ཨུ་དང་ཀ་ཟུང་གཅིག་གམ་ད་ཟུང་གཅིག་ཡིན་ཞེས་ཐེ་ཚོམ་དུ་འགྱུར་རོ། །ལྔ་བཅུ་རྩ་བཞི་པ་ཞེས་པ་ནི་ལྔ་བཅུ་རྩ་

བཞི་པ་ཡའོ། །དེ་དང་སྦྱར་བ་མཁས་པས་སོ། །དེས་ན་དྱའི་གཟུགས་སུ་འགྱུར་རོ། །ཡི་གེ་ལྔ་བཅུ་རྩ་དྲུག་པ། །ཞེས་པ་ནི་ཡི་གེ་ལྔ་བཅུ་རྩ་དྲུག་པ་ཤའོ། །དབྱངས་ཡིག་དྲུག་པ་ཨཱུ་དང་དེ་སྦྱར་བར་མཁས་པས་སོ། །དེས་ཤུའི་གཟུགས་སུ་འགྱུར་རོ། །དགྲ་རྣམས་ངེས་པར་གསོད་བྱེད་

ཡིན། །ཞེས་པ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བའོ། །མཐར་གནས་པ་ཡི་བཞི་པ་ཞེས་པ་ནི་ཝའོ། །ལྷན་ཅིག་པའི་དོན་གྱིས་ནི་གསུམ་པའོ། །ཡི་གེ་ལྔ་བཅུ་རྩ་དགུ་པ་དབྱངས་ཡིག་གཉིས་པ་དང་སྦྱར་བ་ནི་བ་དེ་བཞིན་དུ་སྦྱར་བའོ། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་

བྱེད་ཡིན། །ཞེས་པ་མཁས་པ་ཞེས་བྱ་བ་གཉིས་པའི་བྱ་བའི་མ་མོ་དེས་ཊྭཱཾ་གི་གཟུགས་སུ་འགྱུར་རོ། །ཕན་ཡོན་འདི་ནི་ཊ་ཡིག་ཙམ་གྱིའམ་ཡང་ན་སྔགས་མ་ལུས་པའོ། །ཡི་གེ་དྲུག་ཅུ་རྩ་གཅིག་ཅེས་པ་ནི་ངྷའོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་ངྷའི་གཟུགས་སུ་མཁས་པས་སོ། །ནིའི་སྒྲས་

ངྷ་འབའ་ཞིག་གི་སྔོན་དུ་བསྟན་པའི་དོན་བརྗོད་པའོ། །དེ་ལྟ་བུ་མཁས་པ་ཉིད་མཆོག་ཅེས་བྱ་བས་གོ་བར་བྱའོ། །དེ་བཞིན་དྲུག་ཅུ་རྩ་གཉིས་ཞེས་པ་ནི་ཡི་གེ་ར་ཡིན་པར་མཁས་པས་སོ། །དེ་བཞིན་ཞེས་པ་ནི་སྔར་བསྟན་པའི་དོན་གྱིས་རབ་ཏུ་བྱེད་པ་བསྡུ་བ་ཉིད་དུ་གཟུང་བའོ། །དེ་དང་དབྱངས་ཡིག་

གསུམ་པ་སྦྱར་བས་རིའི་གཟུགས་སུ་འགྱུར་རོ། །དྲུག་ཅུ་རྩ་གསུམ་པ་ཉིད་ཀྱང་ཅེས་བྱ་བ་ནི་ཎའོ། །ཉིད་ཀྱང་ཞེས་པ་ནི་ཡང་བསྡུས་པ་ངེས་པར་གཟུང་བའོ། །དེ་དབྱངས་ཡིག་བཅུ་གཅིག་པ་དང་སྦྱར་བས་ཎེའི་གཟུགས་སུ་མཁས་པས་སོ། །དྲུག་ཅུ་ལྔ་པ་ནི་གྷའི་ཡི་གེའོ། །རྡོ་རྗེ་སེམས་

Vol. 16 · folio 178a

དཔའ་ནི་རའོ། །དེ་ལྟར་ཉིད་ཅེས་པ་ནི་སྔར་བསྟན་པའི་རབ་ཏུ་བྱེད་པའི་དོན་བསྡུས་པ་ཉིད་དུ་ངེས་པར་གཟུང་བའོ། །དེས་གྷའི་གཟུགས་སུ་རྟོགས་པར་བྱའོ། །དྲུག་ཅུ་རྩ་དྲུག་ཅེས་པ་ནི་དྲུག་ཅུ་རྩ་དྲུག་པ་ཛ་ཞེས་ཏེ་དེ་བཞིན་གཤེགས་པས་གསུངས་སོ། །རང་གིས་

ནི་སྔར་བསྟན་པའི་དོན་བསྡུས་པའོ། །དབྱངས་ཡིག་གསུམ་པ་དང་སྦྱར་བས་ཛིའི་གཟུགས་སུ་འགྱུར་རོ། །ཡི་གེ་དྲུག་ཅུ་རྩ་བདུན་པ་ཞེས་པ་ནི་ཡི་གེ་དྲུག་ཅུ་རྩ་བདུན་པ་ནི་ཡིན་པར་གསུངས་སོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་ནཱའི་གཟུགས་སུ་འགྱུར་རོ། །དེ་དང་ཡང་དག་པར་སྦྱར་

བའི་དོན་ཏོ། །དྲུག་ཅུ་རྩ་བརྒྱད་པ་ཞེས་པ་ནི་དྲུག་ཅུ་རྩ་བརྒྱད་པའི་ཡི་གེ་མ་ཡིན་པར་གསུངས་སོ། །ཉིད་དག་དང་ཞེས་པ་ནི་སྔོན་དུ་བསྟན་པའི་དོན་བསྡུ་བ་ཉིད་དུ་གཟུང་བའོ། །དེ་ནི་ཡི་གེ་བ་སྦྱར་བྱ། །ཞེས་པ་ནི་མའི་འོག་གི་ཆ་ལ་བལྟ་བར་བྱའོ། །དེ་ནས་མྦའི་གཟུགས་སུ་འགྱུར་རོ། །བདུན་ཅུ་

རྩ་གཅིག་པ་ཞེས་པ་ནི་ཡི་གེ་བདུན་ཅུ་རྩ་གཅིག་པ་ཡིན་པར་གསུངས་སོ། །ཉིད་དག་གི་སྒྲས་ནི་སྔོན་དུ་བསྟན་པ་དོན་བསྡུས་པ་ཉིད་དུ་ངེས་པར་གཟུང་བའོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་རཱའི་གཟུགས་སུ་འགྱུར་རོ། །བདུན་ཅུ་རྩ་བཞི་པ་ཞེས་པ་ནི་ཡི་གེ་བདུན་ཅུ་རྩ་བཞི་པ་ཞེས་པ་ཧ་

ཡིན་པར་གསུངས་སོ། །ཉིད་ཀྱི་སྒྲས་ནི་སྔ་མ་བཞིན་ནོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་ཧཱའི་གཟུགས་སུ་འགྱུར་རོ། །བདུན་ཅུ་རྩ་ལྔ་པ་ཞེས་པ་ནི་བདུན་ཅུ་རྩ་ལྔ་པའི་ཡི་གེ་ནི་དྷ་ཡིན་པར་གསུངས་སོ། །ཉིད་ནི་སྔ་མ་བཞིན་ནོ། །དེ་ཡང་མ་མོ་དྲུག་པ་སྦྱར་བས་དྷཱུ་ཡི་གཟུགས་སུ་འགྱུར་

རོ། །བདུན་ཅུ་རྩ་དྲུག་པ་ཞེས་པ་ནི་མའོ། །མ་མོའི་གཉིས་པས་དབྱེ་བར་བྱ། །ཞེས་པ་ནི་མ་མོའི་གཉིས་པས་དབྱེ་བར་བྱའོ། །ཉིད་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །ཉི་མ་ཡིས་ཀྱང་དེ་ཉིད་དབྱེ་བའོ། །དེ་ལ་བ་དང་དེ་གཉིས་ཀྱི་གཟུགས་ཀྱི་འོག་ཏུ་གྱུར་པ་རའོ། །ར་དང་མ་དག་གི་དབྱངས་སུ་སྦྱར་

རོ། །དེས་མྦྲཱའི་གཟུགས་སུ་འགྱུར་རོ། །མཆོག་ཏུ་མཛེས་པ་གཞན་ན་མེད། །ཅེས་པ་ནི་མྦྲཱའི་ས་བོན་ནོ། །ཡི་གེ་བདུན་ཅུ་རྩ་བདུན་པ། །ཞེས་པ་ནི་བདུན་ཅུ་རྩ་བདུན་པའི་ཡི་གེ་ནའོ། །དེ་དང་ཡང་དག་ལྡན་པར་སྔར་བསྟན་པའི་དོན་གསུངས་པའོ། །བྷ་འོག་གི་ཆར་སྦྱར་བས་ནྡྷའི་གཟུགས་སུ་འགྱུར་རོ། །

Vol. 16 · folio 178b

བདུན་ཅུ་རྩ་བརྒྱད་པ་ཞེས་པ་ནི་ཡི་གེ་བདུན་ཅུ་རྩ་བརྒྱད་པ་ནི་ཀའོ། །ཉིད་ནི་སྔ་མ་བཞིན་ནོ། །དབྱངས་ཡིག་གཉིས་པ་དང་སྦྱར་བས་ཀཱའི་གཟུགས་སུ་འགྱུར་རོ། །ཡི་གེ་བརྒྱད་ཅུ་རྩ་གཅིག་པ་ཞེས་པ་ནི་བརྒྱད་ཅུ་རྩ་གཅིག་པ་ཡི་གེ་པའོ། །དབྱངས་ཡིག་བཞི་པའི་མཐས་ཕྱེ་བས་པུའི་

གཟུགས་སུ་འགྱུར་རོ། །ཉིད་ནི་སྔ་མ་བཞིན་ནོ། །ཡི་གེ་བརྒྱད་ཅུ་རྩ་གཉིས་པ། །ཞེས་པ་ནི་ཡི་གེ་བརྒྱད་ཅུ་རྩ་གཉིས་པ་ནི་ཥའོ། །ཉིད་ནི་སྔ་མ་བཞིན་ནོ། །དབྱངས་གཉིས་པ་དང་སྦྱར་བས་ཥཱའི་གཟུགས་སུ་གསུངས་སོ། །རྐང་པ་བརྒྱད་པོ་འདི་ནི་རྩ་བའི་སྔགས་སོ། །དེའི་ཕྱིར་རྩ་བའི་གསང་

སྔགས་མཆོག་ཏུ་མཁས་པས་ཤེས་པར་བྱ་ཞེས་གསུངས་སོ། །དཔལ་ཧེ་རུ་ཀ་ཉིད་རོལ་པ་ནི་དཔལ་ཧེ་རུ་ཀ་ལྷའོ། །དེའི་རིག་པའི་རྒྱལ་པོའི་སྔགས་ནི་ཀ་ར་ཀ་ར་ལ་སོགས་པའོ། །ཨོཾ་དང་པོར་ཧུཾ་ཧཱུཾ་ཕཊ་མཐར་སྦྱར་ཞེས་པ་ནི་རྐྱེན་མེད་པས་རིང་པོར་བརྗོད་པའོ། །སྔགས་ཀྱི་མཐུ་དཔྱད་

པར་བྱ་སྟེ། ཁྱད་པར་འདི་ནི་རྩ་བའི་སྔགས་དང་རིག་པའི་རྒྱལ་པོའི་སྔགས་ལ་ཡང་ངོ་། །དེའི་ཕྱིར་འདིའི་རྩ་བའི་སྔགས་ཏེ་ཞེས་གསུངས་པའོ། །རྩ་བའི་སྔགས་འབའ་ཞིག་ནི་མ་ཡིན་ཏེ། ཨོཾ་ལ་སོགས་པའི་ཚིག་གིས་ཁྱད་པར་དུ་བྱས་པའོ། །འོན་ཀྱང་གང་གང་གི་

ཕྱིར་འདིའི་རིག་པའི་རྒྱལ་པོའི་སྔགས་ཀྱང་ཞེས་པའི་དོན་ཏོ། །སྒྲུབ་ཐབས་ཐམས་ཅད་སྤངས་པར་ཞེས་པ་ནི་སྙིང་པོ་དང་། ཉེ་བའི་སྙིང་པོ་དང་ཆོ་གའི་སྔགས་དང་། རྩ་བའི་སྔགས་དང་རིག་པའི་རྒྱལ་པོའི་སྔགས་ཀྱང་ངོ་། །བྲིས་པ་ལ་སོགས་པའི་སྒྲུབ་པའི་ཐབས་ཐམས་ཅད་སྤངས་

བའ། །རྩ་བའི་སྔགས་ནི་ཡང་དག་པའི་དངོས་པོ་ཐམས་ཅད་ཀྱིས་གསུངས་པ་རིག་པའི་རྒྱལ་པོ་ཡང་ཆ་ཙམ་བཏུ་བའི་ཆོ་ག་རྗོད་པར་བྱེད་པ་དེ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བདུན་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་བདུན་པའོ།། །།སྙིང་

པོ་དང་ཉེ་བའི་སྙིང་པོའི་སྔགས་སྔར་བསྟན་པ་དང་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་དང་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་མ་བསྟན་པ་རྣམས་དེ་ཐམས་ཅད་ཅི་ལྟ་བུ་ཞེས་པ་ལ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཨཱ་ལི་ཀཱ་ལི་ཚོགས་པ་ལས་ཡང་དག་པར་

Vol. 16 · folio 179a

བྱུང་བ་དཔའ་བོ་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་དྲ་བའི་སྡོམ་པ་ཡང་དག་པར་བཏུའོ་ཞེས་པ་བལྟ་བར་བྱའོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་དཔལ་ཧེ་རུ་ཀ་དང་འདིའི་སྔགས་ཀྱང་དེ་བཞིན་དུ་བརྗོད་དོ། །ཇི་ལྟ་བར་ཡི་གེ་དེ་རྣམས་ཧཱ་སྭཱ་ཞེས་བྱ་བ་ལ་

སོགས་པ་གསུངས་སོ། །གྲུབ་པའི་སྔགས་སུ་རྟོགས་པར་བསྟན་ཏེ། དེ་བཞིན་དུ་ཨཱ་ལི་དང་ཀཱ་ལི་གཉིས་ཉིད་ད་ལྟར་གྱུར་པས་སོ་སོར་བྱས་ནས་བཏུས་ཏེ། །ཕྱིན་ཅི་ལོག་གི་གཟུགས་སྦས་པ་བསྡུ་བཞིན་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བུར་གྱུར་པ་ཞེས་པ་ལ་རང་གི་བདག་ཉིད་ཅེས་བྱ་བ་

གསུངས་ཏེ། ལྷན་ཅིག་སྐྱེས་པའི་ཐུགས་ཡིན་ཞེས་པའི་དོན་ཏོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱ་ཧཱ། ཞེས་བྱ་བ་གོ་རིམས་བཞིན་དུ་བྲིས་པ་ནི་བཏུས་པའོ། །སྙིང་པོའི་སྔགས་ཡི་གེ་ཉི་ཤུ་རྩ་གཉིས་པ་སྟེ། གང་གི་སྙིང་པོ་ཡིན་ཞེས་པ་ལ་རང་གི་རིག་པའི་

རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཀ་ར་ཀ་ར་ལ་སོགས་པ་རིག་པའི་རྒྱལ་པོའོ། །སྔགས་ཀྱི་ཡང་སྙིང་པོ་ཡིན་པ་རྐང་པ་བརྒྱད་པའི་ཡང་སྙིང་པོ་སྟེ། མདོར་བསྡུས་ནས་བརྗོད་པའོ། །དེའི་མཐུ་ནི་མ་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདས་པ་དང་མ་འོངས་

བ་དག་གི་དུས་སུ་བདག་གིས་སྔགས་འདི་ཅུང་ཟད་ཀྱང་མ་བསྟན་ཏོ། །ད་ནི་བརྗོད་པར་བྱའོ་ཞེས་དགོངས་སོ། །རྣལ་འབྱོར་མ་རྣམས་ཀྱི་གོ་ཆའི་སྔགས་བཏུ་བའི་ཊ་ཕ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཨོཾ་ཧཱཾ་ཧྲཱིཾ་ཧྲེཾ་ཧཱུཾ་ཕཊ། ཅེས་བྱ་བ་ནི་གོ་རིམས་སུ་བྱས་སོ། །ཊཕ་ཧཱུཾ་ཧྲཱེཾ་ཧྲཱིཾ་ཧཱཾ་

ཨོཾ་ཞེས་བྱ་བའི་ཡི་གེའི་ཚོགས་སོ། །བཾ་དང་ཨོཾ་དང་ཡོཾ་དང་མོཾ་དང་ཧྲཱི་དང་ཧུཾ་དང་ཕཊ་ཉིད་དོ། །ཨོཾ་ལ་སོགས་པ་ནི་བཾ་ལ་སོགས་པའི་དང་པོར་སྦྱར་བར་བྱ་སྟེ། ཨོཾ་བཾ་རྡོ་རྗེ་ཕག་མོ་སྟེ་ལྟེ་བར་རོ། །ཧཱཾ་ཡོཾ་གཤིན་རྗེ་མ་སྟེ་སྙིང་གར་རོ། །ཧྲཱེཾ་མོཾ་རྨོངས་བྱེད་མ་ནི་ཁ་ལའོ། །ཧྲེཾ་ཧྲཱིཾ་ནི་སྐྱོད་བྱེད་མ་

སྟེ་མགོ་ལའོ། །ཧཱུཾ་ཧཱུཾ་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ། །ཕཊ་ཕཊ་གཏུམ་མོ་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ། །ད་ནི་ཐམས་ཅད་དུ་གཅིག་ལ་གཅིག་ལྟོས་པ་ཉིད་དོ། །ཉིད་ནི་རང་གི་དོན་དུ་ངེས་པར་གཟུང་བའོ། །རྣལ་འབྱོར་མ་ནི་དྲུག་པར་གྲགས། །ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་

Vol. 16 · folio 179b

སོགས་པ་རྣལ་འབྱོར་མ་དྲུག་གིས་གོ་ཆའི་སྔགས་བཏུས་པའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཞེས་བྱ་བས་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་འདི་སྦས་པས་བཏུས་པའོ། །གང་ཡང་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། ཞེས་གནས་པ་ལ་ཧུཾ་ཧཱུཾ་ཕཊ་དག་དེ་གཉིས་སྭཱ་ཧཱའི་གོང་དུ་བྱའོ། །མཁའ་

འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་སྔགས་ནི་མཁའ་འགྲོ་མའིའོ། །ནིའི་སྒྲ་ནི་བདག་ཉིད་ཆེ་བར་རབ་ཏུ་བསྟན་པའོ། །མ་བྱུང་ཞེས་པ་ནི་སྔགས་ཀྱི་ཁྱད་པར་ཉིད་ཀྱི་ཕྱིར་རིགས་ལ་གཅིག་གི་ཚིག་གོ། །ས་སྟེང་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྙེད་ཀྱི་འཇིག་རྟེན་གྱི་ཁམས་

དེ་ཉིད་ཀྱི་སྟེང་གིས་གཞི་གང་ཡིན་པ་སྟེ། རིགས་ཀྱང་གཅིག་གི་ཚིག་གོ། །རིན་ཆེན་བཞི་པ་ཞེས་པ་ནི་རིན་ཆེན་བཞི་ནི་དེས་དགའ་བ་རྒྱས་པར་བྱེད་པའོ། །དེ་གང་ཡིན་པ་ལ། ཕྲེང་བའི་སྔགས་ནི་ཞེས་བྱ་བ་ལ་སོགས་པ་སྟེ་སྔགས་ཀྱི་ཕྲེང་བ་ནི་ཕྲེང་སྔགས་ཏེ་དེ་ཡང་རྐང་པ་བརྒྱད་པའོ། །ནིའི་

སྒྲ་ནི་ཁྱད་པར་དུ་མའི་རྣམ་པར་བཤད་པའོ། །དེའི་ཕྱིར་དེ་ཉིད་དམ་པའོ། །མཁའ་འགྲོ་མ་ཡི་རིག་པ་ཆེ། །ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་སྔགས་སོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །རིག་པའི་རྒྱལ་པོ་ནི་རིག་པའི་རྒྱལ་པོ་སྟེ། ཨོཾ་ཀ་ར་ཀ་ར་ལ་སོགས་པའོ། །དང་ནི་བསྡུ་

བའོ། །དཔལ་ཧེ་རུ་ཀ་དེའི་དོན་དུ་ཤེས་པ་ནི་ཕྱག་དང་ཞལ་ལ་སོགས་པའོ། །གོ་རིམས་བཟློག་པའི་སྙིང་པོ་དང་། །རྣལ་འབྱོར་མ་དྲུག་དང་། རྡོ་རྗེ་ཕག་མོའི་སྔགས་བཏུ་བའི་ཆོ་གའི་ལེའུ་བརྒྱད་པ་སྟེ། ལེའུའི་བསྡུས་པའི་དོན་ཏོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བརྒྱད་

པའི་དཀའ་འགྲེལ་ལོ།། །།སྔགས་ཀྱི་མཐུ་བརྗོད་པ་མེད་པར་མི་འགྱུར་བས་དེ་བསྟན་པའི་ཕྱིར་ལེའུ་དགུ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་པ་ནི་སྔགས་བཏུས་པའི་རྗེས་ལ་ལས་བཤད་པར་བྱའོ་ཞེས་སྦྱར་རོ། །མཆོག་ནི་ཡིད་ལ་འདོད་པའོ། །

ཅིའི་ཕྱིར་ཞེ་ན། དེ་བས་ན་ཞེས་གསུངས་ཏེ་གང་ལ་འབྲས་བུ་བསྟན་པ་མེད་པར་ཐབས་ལ་འཇུག་པར་མི་འགྱུར་རོ། །རྩ་བའི་སྔགས་དང་པོ་ཉིད་དུ་གསུངས་པའི་ཕྱིར་དེའི་ལས་ཀྱང་དང་པོར་གསུངས་སོ། །དེ་ཡང་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པས་སོ། །ཇི་བཞིན་ཞེས་པ་

Vol. 16 · folio 180a

རབ་ཏུ་ཚོགས་པའོ། །གོ་རིམས་ཤེས་པ་ནི་རིམ་པ་ཇི་ལྟ་བ་བཞིན་ནོ། །སྔགས་དེ་བྱེད་པ་པོ་ཉིད་དུ་སྟོན་ཏེ། འཇིག་རྟེན་གསུམ་ན་གང་ཅུང་ཟད་ཅི་ཡོད་པ་ཡང་དེ་ཐམས་ཅད་མ་ལུས་པར་སྒྲུབ་པར་བྱེད་དོ། །སྐད་ཅིག་གིས་ནི་འབུམ་བཟླས་པའི་རྗེས་སུའོ། །སྒྲུབ་

པ་པོའི་བྱེ་བ་ནི་ཐམས་ཅད་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཝཻ་པོ་ནི་ངེས་པར་གཟུང་བའོ། །ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླུ་ཐམས་ཅད་ནི་མཐོང་བའི་དུག་ལ་སོགས་པ་ནི་དོན་མཉམ་པར་བྱས་པའོ། །དེའི་ཕྱིར་དེ་དང་པོར་བསྟན་པས་ནའོ། །

ལྷ་མོ་ཐམས་ཅད་ནི་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པའོ། །གནོད་སྦྱིན་ཐམས་ཅད་ནི་ཟས་སུ་མདངས་ཟ་བ་ལ་སོགས་པའོ། །ཐམས་ཅད་ཀྱི་སྐྱེ་གནས་ཞེས་པ་ནི་མ་རུངས་པའི་མི་རྣམས་སོ། །ལས་ཀྱི་དང་པོ་ལྷ་རྣམས་ནི་སྲོག་གཅོད་པ་ལ་སོགས་པས་གདུང་བར་བྱེད་

པའོ། །གསད་པ་ནི་སྒྲུབ་པ་པོས་དེ་སྲོག་དང་བྲལ་བར་བྱེད་པ་སྟེ། དེ་རྣམས་ནི་ནང་ན་གནས་པའི་མ་རུངས་པ་ལ་མཐུ་འདི་གསུངས་པའོ། །ཡང་འཚོ་བར་བྱེད་པའི་ནུས་པ་དང་ལྡན་པར་རིག་པར་བྱའོ། །གཞན་དུ་ན་ཡང་སྙིང་རྗེ་ཅན་ལ་ནུས་པ་མེད་པར་ཐལ་བའི་ཕྱིར་རོ། །ད་ནི་སེམས་

དང་མི་ལྡན་པའི་ཡང་ནུས་པ་སྟོན་ཏེ། སྤྲིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །འདར་བ་ནི་སྐྲག་པར་བྱེད་གཡོ་བར་བྱེད། དུམ་བུ་དུམ་བུར་བྱེད་ཅེས་པའི་དོན་ཏོ། །ཆར་འབེབས་པར་བྱེད་དོ་ཞེས་པ་ནི་ཆར་འབེབས་པ་སྟེ། ཆར་འབེབས་པ་ནི་སྤྲིན་ལས་ཆར་འབེབས་

པར་བྱེད་པའོ། །ལྷག་མ་ནི་གོ་སླའོ། །ཆུ་བོ་ཞེས་པ་ནི་རྒྱུན་དྲག་པ་དང་ལྡན་པའོ། །འདིས་ཅི་ཞེས་པ་ལ་དབང་པོ་ཟློག་པར་བྱེད་དོ་ཞེས་གསུངས་ཏེ། དབང་པོ་ནི་རིགས་ལས་གཅིག་གི་ཚིག་གོ། །བདག་པོ་བྱེད་པས་ན་དབང་པོ་སྟེ་སེམས་བཅས་དང་སེམས་མེད་ཀྱི་བདག་པོ་བྱ་བ་མ་ཡིན་

པར་བྱེད་པ་དགག་གོ་ཞེས་པའི་དོན་ཏོ། །གཡོ་བར་བྱེད་ཅེས་པ་ནི་རོལ་བར་བྱེད་པའོ། །ཤིང་ཞེས་བྱ་བ་ལ་སོགས་པས་ནི་སེམས་མེད་པ་ཡང་སེམས་དང་བཅས་པ་བཞིན་དུ་བྱེད་དོ་ཞེས་པའི་དོན་ཏོ། །སྔགས་ཐམས་ཅད་ཅེས་པ་ནི་སྔགས་ཀྱི་ནུས་པ་ཞུགས་པས་ཡང་འཕྲོག་པར་བྱེད་དོ་ཞེས་པའི་

Vol. 16 · folio 180b

དོན་ཏོ། །འདིས་ནི་ངག་འཕྲོག་པ་བསྟན་པ་ཡིན་ནོ། །དངོས་གྲུབ་ཐམས་ཅད་ནི་བཅུད་ལེན་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དེ། གྲུབ་པའི་རྫས་ལ་སོགས་པ་འཕྲོག་པར་བྱེད་དོ་ཞེས་པའི་དོན་ཏོ། །ཟས་འདོད་པ་འགུལ་བར་བྱེད་དོ་ཞེས་པ་ནི་ཡིད་ལ་འདོད་པ་གཞན་ལས་ལེན་པའོ། །

སླར་གཏོང་བ་བྱེད་པ་ཞེས་པ་ནི་སྔགས་ལ་སོགས་པའོ། །ལུས་སུ་གཏོགས་པའི་སྔགས་ཀྱི་མཐུ་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིས་ཕྱག་དང་ཞལ་མང་པོ་ལ་སོགས་པ་ཉིད་བསྟན་པ་ཡིན་ནོ། །འདོད་ན་ཞེས་པ་ནི་རྣལ་འབྱོར་པ་འདོད་ན་མཐོང་ཞིང་མི་འདོད་ན་མི་

མཐོང་སྟེ་མི་སྣང་བ་གྲུབ་པ་སྟེ་གཟུགས་སྦེད་པའི་ནུས་པ་དང་ལྡན་པའོ། །ཡང་ན་གང་གིས་རྣལ་འབྱོར་པའི་གཟུགས་བལྟ་བ་ལ་སོགས་པ་མཐོང་སྟེ། དེ་ནས་དེའི་བསམ་པ་ཤེས་ནས་དེ་ལ་སྟོན་པའོ། །ཁང་བཟངས་ཞེས་བྱ་བ་ལ་སོགས་པ་ལེགས་པར་བརྩིགས་པ་ཡང་འཇོམས་པར་སྟོན་པའོ། །

སོགས་ཀྱི་སྒྲས་རྡོ་རྗེ་དང་བྲག་གི་རི་ཡང་བསྟན་ཏོ། །ལེགས་པར་བརྩིགས་པ་ཡང་འཇོམས་པའི་ནུས་པ་ཅན་ནོ། །དུག་ཅེས་བྱ་བ་ལ་སོགས་པ་ནི་དངོས་པོའི་རང་གི་ངོ་བོ་ཉིད་གཞན་དུ་བྱེད་པའི་ནུས་པ་དང་ལྡན་པའོ། །ཟླ་བ་ནི་ཆང་སྟེ་དེ་ཆུར་བྱེད་པར་རོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་

ཆང་ལ་སོགས་པའི་དྲི་འཕྲོག་པར་བསྟན་ཏོ། །ཐབས་འདིས་གདུལ་བྱ་དེ་དང་དེ་ལ་མཐུ་སོ་སོར་བསྒྲུབས་པ་ཉིད་དུ་བསྟན་པ་ཡིན་ནོ། །རྣམ་པ་གཞན་དུ་བཤད་པ་ཡང་ཡོད་དེ་ཀླུ་ཐམས་ཅད་ཅེས་པ་ནི་ཉོན་མོངས་པ་ཐམས་ཅད་དོ། །ཐམས་ཅད་ཀྱི་རོལ་པས་ནི་ཡུལ་གཟུགས་ལ་སོགས་པ་

ལ་ལྷ་ཐམས་ཅད་ཅེས་བྱའོ། །ཐམས་ཅད་དུ་རྒྱལ་བར་བྱེད་པས་ན་གནོད་སྦྱིན་ཐམས་ཅད་དེ། ངེས་པའི་ཚིག་གིས་ཛ་ལས་ཡར་བྱས་པའོ། །དེ་ཡང་དབང་པོ་ཐམས་ཅད་དོ། །སྐྱེ་བའི་གནས་ཏེ་སྐྱེ་བའི་རྒྱུ་ནི་སྐྱེ་གནས་ཐམས་ཅད་དོ། །དངོས་གྲུབ་ཐམས་ཅད་ཀྱི་ལས་དྲན་པ་ཙམ་ནི་བསམ་

བའོ། །གསོད་པ་ནི་རྣམ་པར་དག་པར་བྱེད་པའོ། །སྤྲིན་ནི་མཁའ་འགྲོ་མ་རྣམས་ཀྱི་རྩའི་མཚམས་སོ། །འཐོར་བར་བྱེད་པ་ནི་ཞུ་བར་བྱེད་པའོ། །ཆར་འབེབས་པ་ནི་བྱང་ཆུབ་ཀྱི་སེམས་འབེབས་པའོ། །ཟློག་པར་བྱེད་པ་ནི་དེ་རྣམས་བརྟན་པར་བྱེད་པའོ། །རྒྱ་མཚོ་ནི་སྡིག་

Vol. 16 · folio 181a

པའོ། །ཆུ་བོ་ནི་ས་བོན་ཏེ་གྱེན་དུ་ཟློག་པར་བྱེད་པའོ། །དབང་པོ་ནི་སེམས་སོ། །ཐམས་ཅད་ཀྱི་བདག་བྱེད་པ་ནི་བརྟན་པར་བྱེད་པའོ། །གསང་སྔགས་འདི་བཟླས་བརྗོད་འབུམ་བྱས་པ་ནི་སྔགས་འདི་ཞེས་པ་ནི་དྲུག་པ་ཕྱི་བའོ། །མཚོན་པར་བྱས་པ་ན་འབུམ་སྟེ་དཔལ་

ཧེ་རུ་ཀའོ། །དང་པོར་ཨ་ཙའི་རྐྱེན་བྱས་པའོ། །དེའི་བཟླས་པ་ནི་ཡིད་ཀྱིས་བྱ་སྟེ། བསྒོམ་ཞེས་པའི་དོན་ཏོ། །འདི་ཐམས་ཅད་ནི་སྔགས་བཟླས་པ་དང་དཔལ་ཧེ་རུ་ཀ་བསྒོམ་ཞེས་དགོངས་པའོ། །དཀྱིལ་འཁོར་བྲི་བའི་དུས་སུ་ས་བླང་བ་ནི་ས་གཞི་གཡོ་བར་བྱེད་པའོ། །ཤིང་ནི་

རྣམ་པ་ལྔའི་རྣལ་འབྱོར་རོ། །དེ་ལ་ཞོན་ནས་གང་འདོད་པའི་དོན་ཐོབ་པར་འདོད་པ་དེ་རྙེད་པའོ། །འདི་འདོད་པ་དཔལ་ཧེ་རུ་ཀ་ཉིད་དོ་ཞེས་དགོངས་ཏེ། ཨོཾ་ལ་སོགས་པ་སྒྲུབ་ཐབས་ལས་གསུངས་པའི་ཆོ་གས་ནཱ་ད་ལ་སོགས་པ་ལ་ཐིག་ལེ་ལ་སོགས་པ་ཞུགས་ཏེ། རང་བཞིན་མེད་

པར་བྱས་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཡང་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ནཱ་ད་ལ་སོགས་པ་ཞུགས་པ་གྲུབ་ནས་ནཱ་ད་ལ་སོགས་པ་ཕྱིར་བྱུང་སྟེ་ཐམས་ཅད་གྲུབ་པ་ཉེ་བར་སྤྱོད་པའོ། །འདོད་ན་ཞེས་བྱ་བ་ལ་སོགས་པས་ནི་སྤྲོ་བ་ལ་སོགས་པའོ། །གཟུགས་

ཞེས་བྱ་བ་ལ་སོགས་པ་ནི། ཨོཾ་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་ཆའོ། །འདོད་ན་ཞེས་པ་ལ་སོགས་པ་ནི་སྨོན་ལམ་མོ། །མི་འདོད་ན་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །འདིར་ཁང་བཟངས་ཞེས་པ་ནི་ཡིད་ལ་བཟང་བས་ན་ཁང་བཟངས་ནི་ལུས་སོ། །ཤིང་ནི་ཞུ་བར་

གྱུར་པས་ནའོ། །ལུང་དང་བསྟན་པས་རྟག་ཏུ་ཀའི་རྐྱེན་བྱས་པའོ། །ཤིང་ཉིད་ནི་ཞུ་བ་སྟེ་ཚོར་བའོ། །རྩེ་མོ་ནི་སེམས་སོ། །སོགས་ཀྱི་སྒྲས་ནི་ཆོས་སོ། །ཕྱེ་མར་བྱེད་པ་ཞེས་པ་ནི་ཤེས་རབ་ཀྱི་མཚོན་གྱིས་འབྱེད་པའོ། །འདིས་དྲན་པ་ཉེ་བར་གཞག་པ་བརྗོད་པས་སྟོང་པ་ཉིད་

བསྟན་པ་ཡིན་ནོ། །དུག་ནི་ཡུལ་ལོ། །བདུད་རྩི་ནི་བདུད་རྩི་ལྔ་ལྟ་བུར་རོ། །དམན་པའི་ཡུལ་ནི་བདུད་རྩི་སྟེ། །བསྟེན་པས་བདུད་རྩིར་བྱེད་པའོ། །དེ་ཡི་སེམས་ཀྱི་རྣམ་ཐར་ནི། །མར་མེ་ལྟ་བུ་མྱ་ངན་འདས། །ཞེས་བྱའོ། །མྱ་ངན་ལས་འདས་པ་ནི་དུག་ལྟ་བུ་སྟེ་བསྟེན་

Vol. 16 · folio 181b

པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པ་སྤངས་ནས་ལོངས་སྤྱོད་དེ་ཞེས་དགོངས་སོ། །ཟླ་བ་ཞེས་པ་ནི་ཨུ་དང་མ་གཉིས་ས་དང་ལྷན་ཅིག་ཏུ་གནས་བྱས་པ་ནི་ཟླ་བ་སྟེ་ཨོཾ་མོ། །ཨུ་ཡང་ཡིན་ལ་ཨ་ཡང་ཡིན་པས་ཨུ་དང་མའོ། །ལུགས་ལས་བཟློག་ནས་སྦྱར་

བའོ། །ཟླ་ཕྱེད་དང་ནཱ་ད་ནི་མན་ངག་གིས་སོ། །ཆུ་ནི་བ་སྟེ་ཆུ་ཉིད་ཡིན་པའི་ཕྱིར་རོ། །བྱེད་དོ་ཞེས་པ་ནི་ཆུ་ཡང་ལན་གཉིས་སུ་སྦྱར་རོ། །ཟླ་བ་ཞེས་པ་ནི་སྔ་མ་བཞིན་ནོ། །དེ་ལ་འདིའི་སྔགས་ནི་ཨོཾ་བ་བ་ཨོཾ་ཞེས་བྱ་སྟེ་ཆུའི་དཀྱིལ་འཁོར་ལ་ཀུན་ད་དང་ཟླ་བ་ལྟ་བུའི་དཀར་བའོ། །

ཡི་གེ་བཞི་ཕྱོགས་བཞིར་བྱས་ལ་གོས་གཙང་མས་བརྒྱན་པ་བསྒྲུབ་བྱ་དེ་ཡང་དེའི་དབུས་སུ་བསམས་ལ་མདུན་དུ་སྔགས་ཀྱི་ཡི་གེ་དེ་རྣམས་ལས་བདུད་རྩིའི་ཐིགས་པ་འཛག་ཅིང་དེ་ལ་འབབ་པར་དམིགས་ལ་བཟླས་པ་བྱ་དེས་ཅི་ཞེས་པ་ལ་ཐམས་ཅད་ཅེས་བྱ་བ་ལ་སོགས་ཏེ། དྲི་ནི་

ནད་དང་དུག་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །ནམ་མཁའ་ལྡིང་གི་གདོང་ནི་གདོང་དང་སྒོ་དང་ཐབས་ཞེས་པ་ནི་རྣམ་གྲངས་སོ། །གདོང་དག་ན་འགྲོ་བའི་ཐབས་དག་སྟེ་གཤོག་པ་གཉིས་ལྟ་བུ་བྱ་ཁྱུང་ལྟར་བྱ་ཁྱུང་གི་གདོང་ངོ་། །ཡང་ན་གདོང་ཞེས་པ་ནི་གསུམ་པ་ཕྱི་བའོ། །བྱ་

ཁྱུང་ནི་བྱ་ཁྱུང་ལྟ་བུ་སྟེ། དཔུང་པ་གཉིས་གཤོག་པ་ལྟ་བུར་བསྐྱོད་པས་ནའོ། །འགྲོ་བ་ནི་འགྲོ་བའོ། །འབྱིན་པ་ནི་སྐྱེད་པར་བྱེད་པའོ་ཞེས་པས་འགྲོ་བ་ལ་སྦྱིན་པར་བྱེད་པ་ནི་རྣལ་འབྱོར་པའོ། །ཟླ་བ་དག་ཐབས་དང་ཤེས་རབ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དག་འདུས་པ་མཉམ་པར་

སྤྱོད་པའོ། །གང་བུད་མེད་མེ་ཏོག་དང་ལྡན་པ་རྣམས་ལ་མིང་རྣམ་པར་དབྱེ་བ་མཁས་པས་སོ། །མཆོག་ནི་ཐུན་མོང་མ་ཡིན་པའོ། །དེས་དེའི་བྱང་ཆུབ་ཀྱི་སེམས་ཁས་བླངས་ལ་བྱ་ཁྱུང་བཞིན་དུ་གཤོག་པ་གཉིས་བསྐྱོད་ཅིང་ཤེས་རབ་ཀྱི་ཁར་བྱིན་པ་ལྷག་མ་རང་གིས་བཏུང་བར་བྱའོ། །

དེ་ཡང་རྐང་པ་བརྒྱད་པའི་སྔགས་འབུམ་བརྗོད་ནས་མཉམ་པར་བསྒྲུབ་པའོ། །དེ་ལ་ཡོད་པ་ནི་གནས་པའོ། །དཔལ་ནི་ལོངས་སྤྱོད་ཀྱིས་རྒྱས་པ་ཡིན་ཏེ། དེ་ཡང་ལྷའི་བུ་ལ་སོགས་པའི་བགེགས་ཀྱིས་གཞོམ་པར་མི་ནུས་སོ་ཞེས་པའི་དོན་ཏེ། དེ་ལ་མན་ངག་ནི་འདི་ཡིན་ཏེ། ཀུ་ཏ་

Vol. 16 · folio 182a

ཡོ་དྷ་ནི་སྦྱོར་བས་མུ་ནི་མུ་ཁུ་ཏ་ཞེས་དྲང་བ་སྟེ། མུ་ལས་མུ་ཁུ་ཏའོ། །ཁ་ནི་རྩ་བའོ། །དེས་གདོང་ནི་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའོ། །ག་ནི་བྱང་ཕྱོགས་སུ་རྒྱུ་ལ་སོགས་པ་ཉིད་རྣམ་པར་དག་པའོ། །རུ་ནི་ནུབ་ཕྱོགས་སུ་སྨིན་པ་ལས་གྲོལ་

པ་ནི་རྣམ་པར་དག་པའོ། །ཌ་ནི་ལྷོ་ཕྱོགས་ན་གང་དུ་ཡང་མི་གནས་པ་རྣམ་པར་དག་པའོ། །བསྡུས་པ་བྱ་ཁྱུང་གི་གདོང་ངོ་། །འདི་གང་ལ་ཡོད་པ་དེ་ནི་བྱ་ཁྱུང་གི་གདོང་སྟེ། དཔལ་ཧེ་རུ་ཀའོ། །ཞི་བའི་འདུས་པ་གང་ཡིན་པ་ལ་མཉམ་པར་སྤྱོད་པ་གང་ཡིན་པ་དེ་ནི་བྱ་ཁྱུང་གི་མགོ་ཞེས་

ཀུན་ལ་སྦྱར་རོ། །ཇི་ལྟ་བུར་གྱུར་པ་ལས་ཤེས་པ་ལས་འགྲོ་བ་འབྱིན་པར་བྱེད་པ་ཞེས་གསུངས་ཏེ། འགྲོ་བ་ནི་ཤེས་རབ་དང་ཐབས་ཀྱི་ཡེ་ཤེས་སོ། །དེ་འབྱིན་པ་ནི་དེ་སྐྱེད་པར་བྱེད་པའོ། །གང་ལས་ཞེས་པ་ལ་ལྷ་མོ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མ་རྣམས་སོ། །ས་ནི་ཟླ་ཕྱེད་

དེ་བདུད་རྩིའི་ས་བོན་ཉིད་ཀྱི་ཕྱིར་རོ། །དེ་ནས་ཨུའོ། །དེ་ནས་དུམ་བུའི་མིང་ནི་ཐིག་ལེ་བརྗོད་པའོ། །ཨ་ནི་འོག་གི་ལོགས་ཀྱི་རྐང་པ་བརྗོད་པའོ། །ཟླ་བས་ཡང་དག་པར་འགྲོ་ནི་ཟླ་བའི་འདུས་པ་སྟེ་ཧའོ། །བསྡུས་པ་ཧཱུཾ་ངོ་། །ནཱ་དའི་གདམས་ངག་ལས་སོ། །དེ་ལ་མཉམ་པར་སྤྱོད་

པ་ནི་ཤེས་པ་སྟེ། ཇི་སྲིད་དུ་བསྒོམ་པར་བྱ་ཞེས་པའི་དོན་ཏོ། །མའི་སྒྲའི་ལུགས་ནི་བུ་བ་ཏི་གའི་དབྱིངས་ལས་སྤྱི་ནི་གནས་ཇི་ལྟ་བར་ལྷ་མོ་རྣམས་དགོད་པ་ལ་མི་ཞེས་བྱ་བ་སྟེ་ཨ་ཙ་ལ་སོགས་པའི་རྐྱེན་བྱིན་པས་སོ། །མཆོག་ནི་འདྲེན་པ་པོ་ཉིད་ཀྱི་ཕྱིར་རོ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་

ལྟེ་བ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་དཔལ་ཧེ་རུ་ཀ་འབྱིན་པར་བྱེད་དོ་ཞེས་བསྡུས་པའི་དོན་ཏོ། །དེ་ལ་ཡང་ཡོད་པའི་དཔལ་ནི་རྡོ་རྗེ་ཕག་མོའོ། །གོ་ཆའི་ནང་དུ་སུས་ཀྱང་གཞོམ་པར་མི་ནུས་སོ། །ཡན་ལག་གོ་ཆ་ཙམ་ཡང་མི་ཐོབ་པའོ། །དེ་ལྟར་སྔར་བསྟན་པའི་ཆོ་ག་དང་ཡང་

དག་པར་ལྡན་པའི་ཇི་ལྟ་བ་ཡིན་པ་དེ་དེ་བཞིན་དུ་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུའི་སྐལ་བ་དང་ལྡན་པར་འགྱུར་རོ། །དྲན་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་མི་དང་བྱོལ་སོང་དང་དམྱལ་བར་གཏོགས་པ་ལ་ནུས་པའོ། །མེ་ནི་རའོ། །མེའི་དཀྱིལ་འཁོར་ལས་གྲུ་གསུམ་པ་

Vol. 16 · folio 182b

རྣམ་པར་བསྒོམས་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བས་གློ་བུར་དུ་མེ་སྐྱེད་པར་བྱེད་པ་ཡིན་ཏེ། སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ས་འོག་འཇོམས་པར་བྱེད་དོ་ཞེས་པ་ནི་ས་འོག་ན་གནས་པའི་ལྟོ་འཕྱེའི་ཚོགས་ཏེ་ས་འོག་འཇོམས་པར་བྱེད་ཅེས་བྱའོ། །

དེས་ཅུང་ཟད་མི་ནུས་ཞེས་པ་ནི་སྨ་ཕབ་ཞེས་པའི་དོན་ནམ་འཇིགས་པར་བྱས་པའོ། །ཐོག་ཀྱང་འབེབས་པར་བྱེད་དོ་ཞེས་པ། ཀྱང་གིས་ནི་མཚོན་ཆའི་བྱེ་བྲག་གཞན་ཡང་ངོ་། །ཐོག་ནི་སྟོན་མོ་སྟེ་སྒྲའི་དབྱིངས་ལས་བསྟན་པའི་སྒྲ་འདོད་ན་གནས་ཀྱང་འབེབས་སོ་ཞེས་པ་ནི་དོན་གཞན་

ནོ། །གློག་ཅེས་པ་ནི་ལས་ཀྱི་སྒྲ་ལ་དང་པོའོ། །སྤྲིན་མེད་པར་ཡང་གློག་བསྐྱེད་པའོ། །གློག་ནི་ཤིན་ཏུ་མཛེས་ཤིང་གསལ་བར་བྱེད་དེ། དྲན་པ་ཙམ་མམ་བསམས་པ་ཙམ་གྱིས་དེ་བསྐྱེད་པའོ། །གློག་ནི་ནོར་འཛིན་ཏེ་དེ་དྲན་པ་ནི་ཧཱུཾ་ལས་བསྐྱེད་པར་བྱའོ་ཞེས་པའི་དོན་གཞན་ནོ། །ལྷག་

མ་ནི་གོ་སླའོ། །གང་ཞིག་གྲུབ་པའི་མིང་ནས་བཟུང་སྟེ་ཞེས་པ་ནི་གང་གི་མིང་བཟུང་བ་ཙམ་གྱིས་སྔགས་ལ་སོགས་པ་གྲུབ་པར་འགྱུར་རོ། །གང་གིས་ཤིན་ཏུ་ཡང་སྔགས་ལ་སོགས་པ་གྲུབ་པ་ཡིན་ཞེས་པའི་དོན་ཏོ། །མིང་བཟུང་བས་སྔགས་གྲུབ་པོ་ཞེས་བསྡུས་པའི་དོན་ཏོ། །ཤིན་ཏུ་

མུ་སྟེགས་པ་སྔགས་གྲུབ་པའི་ནུས་པ་ཅན་ཡང་ལན་ཅིག་བཟླས་པས་འཆིའོ། །འདོད་པའི་ཁམས་ལ་སོགས་པ་བཞི་ལ་ལོངས་སྤྱོད་པའི་སྐྱེ་བོའོ། །ཡང་ན་ས་གཞི་རྣམས་ལས་རྒྱས་པར་སྤྲུལ་ལོ་ཞེས་པའི་དོན་ཏོ། །དེའི་ཕྱིར་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངེས་པར་

ལ་སོགས་མེད་པར་གྲུབ་ཅེས་བསྟན་པའི་ཕྱིར། །འདི་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ནི་རྐང་པ་བརྒྱད་རྩ་བའི་སྔགས་སོ། །དེས་ཅི་འདོད་པའི་ལས་བྱེད་དོ་ཞེས་སྦྱོར་རོ། །བརྟུལ་ཞུགས་ནི་བརྟུལ་ཞུགས་ཆེན་པོ་ལ་སོགས་པའོ། །སྤྱོད་པ་ནི་སྡིག་སྤངས་ཀྱི་

སྤྱོད་པ་ལ་སོགས་པའི་གཟུགས་སོ། །སྨྱུང་བ་ནི་ཞག་གཅིག་ཏུ་ཟས་མི་ཟ་བར་གནས་པའོ། །དེ་ཉིད་ཀྱི་ཕྱིར་བཀླགས་པ་ཙམ་གྱིས་འགྲུབ་ཅེས་པའི་དོན་ཏོ། །རྟོག་པ་ནི་བསྟན་བཅོས་ཏེ། དེ་ལས་གསུངས་པའི་ཉེ་བར་སྤྱོད་པའི་ཆོ་ག་སྟེ། ཇི་ལྟར་འདོད་པར་གནས་པའོ། །ད་ནི་

Vol. 16 · folio 183a

ལྷན་ཅིག་བྱེད་པའི་སྨན་དང་སྔགས་ཀྱི་ནུས་པ་སྟོན་ཏེ། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་ཏོག་ལ་ཆེ་གེ་མོའི་མགོ་བོ་བཟའོ་ཞེས་ཟེར་ཞིང་འཆང་ན་མ་རུངས་པ་སྔགས་ལན་ཅིག་བརྗོད་པས་སེམས་ཅན་བྱེ་བ་གསོད་པར་འགྱུར་རོ། །ཁྲོ་བ་མེད་ཅིང་

སེམས་ཞི་བར་བྱ་སྟེ་མགོ་ཚ་ཞིང་དཀྲིས་པར་དམིགས་ལ་བཟླས་ན་སླར་འཚོ་བར་འགྱུར་རོ། །སླར་གསོ་བའོ། །གང་འདིས་སྲོག་ཐོབ་པ་ནི་འཚོ་བ་སྟེ་དེ་བྱས་པ་ནི་སྲོག་འཚོ་བའོ། །ཨ་རིསྟྱའི་ལྷོ་ཕྱོགས་སུ་གཏོགས་པའི་ཡལ་ག་ཙཎྜ་ལི་ལ་སོགས་པའི་སྟ་རེས་བཅད་པ་བླངས་ལ་

ནག་པོའི་ཕྱོགས་ཀྱི་བཅུ་བཞིའི་ནུབ་མོ་དུར་ཁྲོད་དུ་མེ་ལ་བསྲེགས་ཏེ། དེའི་ལོ་མ་ཁུ་བས་བསད་ལ་སོལ་བ་དང་ཐལ་བ་བསྡུ་བར་བྱའོ། །ཡང་ན་དུར་ཁྲོད་ཅེས་པ་ནི་དུར་ཁྲོད་དུ་གཏོགས་པའི་ཐལ་བའོ། །གསུམ་པ་ཕྱི་བའོ། །སོལ་བ་ཞེས་པ་འདི་གཟའ་མིག་དམར་གྱི་དུས་སུ་

ཐལ་བ་ཆོ་ག་འདིས་བླང་ངོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །སྔགས་འབུམ་བཟླས་པའི་རྗེས་སུ་ཞེས་པ་ནི་ཨ་ཏི་མུཀྟའི་ཡལ་གའི་ཁྲི་ལ་འདུག་སྟེ་བུ་མོས་བཀལ་བའི་སྐུད་པ་སུམ་སྒྲིལ་དུ་བྱས་ནས་ཡུང་བས་ཁ་བསྒྱུར་ཏེ། ནུབ་ཕྱོགས་སུ་གཏོགས་པའི་ཡལ་ག་ལ་ཡང་དག་

པར་བཅིངས་གཅེར་བུ་སྐྲ་གྲོལ་ལ། ཟླ་བ་གཟས་ཟིན་ནས་མ་གྲོལ་བའི་བར་དུ་ལག་པ་གཡོན་པས་གཟུང་སྟེ་རྒྱུན་མི་འཆད་པར་བཟླས་པར་བྱའོ། །དེ་ནས་དེ་བླངས་ལ་རྩེ་མོས་འོང་ཞིང་རྩ་བས་ནི་རང་གི་གནས་སུ་ཕྱིར་འགྲོའོ། །ལན་ཅིག་བརྗོད་ནས་ཞེས་པ་ནི་ངོ་བོ་ཉིད་ལ་ཀྟའི་རྐྱེན་

སྦྱོར་བའོ། །རེངས་པ་ཞེས་པ་ནི་སེར་པོར་བསྒོམ་པའོ། །ལྷག་མ་ནི་གོ་སླའོ། །བདག་མེད་པ་དང་རྗེས་སུ་འབྲེལ་པ་ཉིད་བསྒོམ་པར་བྱ་བ་ཉིད་ཡིན་པར་སྟོན་ཏེ། མི་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པའི་ཡེ་ཤེས་ནི་

དཔལ་ཧེ་རུ་ཀའི་ཡེ་ཤེས་སོ། །དངོས་གྲུབ་ཅེས་པ་ནི་གཉིས་པའི་དོན་གྱི་དང་པོའོ། །པ་ནི་ཤིན་ཏུའི་དོན་ཏོ། །མངོན་པར་འདོད་པའི་ཁྱད་པར་ཅན་གྱི་དངོས་གྲུབ་འདོད་ཅེས་པའི་དོན་ཏོ། །རྨོངས་པས་ཕུབ་མ་བརྡུངས་དང་མཚུངས། །ཞེས་པ་ནི་སྙིང་པོ་མེད་པ་ཉིད་བརྡུང་བའི་གང་གི་

Vol. 16 · folio 183b

ཕྱིར་སྙིང་པོ་བརྡུངས་པས་སྙིང་པོ་མེད་པ་ཡོངས་སུ་སྤངས་ཏེ། སྙིང་པོ་ལ་ཉེ་བར་གནས་པའོ། །འདི་ཉིད་ཀྱིས་སྙིང་པོ་མེད་པ་བཟུང་བས་དེ་ལ་དངོས་གྲུབ་མེད་དོ་ཞེས་པར་དགོངས་ཏེ། བདག་མེད་པའི་སྔགས་མེད་པས་དངོས་གྲུབ་མི་འགྲུབ་པོ་ཞེས་བསྟན་པའི་ཕྱིར། གསང་སྔགས་འདི་ནི་མེད་

པ་རུ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྩ་བའི་སྔགས་ཀྱིས་སོ། །དེའི་ཕྱིར་ཐུན་མོང་མ་ཡིན་པའི་སྔགས་ཀྱི་ངོ་བོ་ཉིད་ལ་བརྗོད་དོ། །དངོས་གྲུབ་ནི་དངོས་སུ་འགྲུབ་པར་འགྱུར་བ་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བདེ་བ་ནི་འཇིག་རྟེན་ལས་འདས་པའི་བདེ་བའོ། །མི་ཡིས་ནི་

དེའི་ཚུལ་ལ་གནས་པས་ཀྱང་ངོ་། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་མེད་པར་མི་འགྲུབ་པོ་ཞེས་བསྟན་པའི་ཕྱིར་རོ། །གསང་སྔགས་འདི་ནི་མི་ཤེས་པར། །ཞེས་བྱ་བ་ནི་སོགས་པ་གསུངས་སོ། །སྔགས་ནི་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་རོ། །ལོག་པ་ཡོངས་སུ་ངལ་

བའི་བསྒོམ་པ་ལ་སོགས་པ་འདིའི་མཚན་ཉིད་ནི་དེ་དེ་བཞིན་དུ་གནས་པའོ། །གསང་སྔགས་འདི་ནི་སྤྱོད་པར་འདོད། །ཅེས་པ་ནི། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་བསྒྲུབ་པའོ། །ཉིད་ཀྱི་ཕྱིར་བརྟུལ་ཞུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་དེ་གང་ཞེས་པ་ལ་བདེ་

བར་གཤེགས་པས་གསུངས་སོ། །བདེ་བར་གཤེགས་པས་སྔགས་པ་འདི་ནི་ངེས་པར་བསྟན་པའོ། །དེ་ལྟ་བུ་དེ་ཤེས་ནས་སྔགས་དང་ཕྱག་རྒྱས་ཏེ། སྔགས་ལས་སྐྱེས་པའི་ལྷ་བསྒྲུབ་པའི་ཡི་གེ་ཡིན་ནོ། །བཟའ་བ་དང་ཞེས་པ་ནི་བ་ལ་ལ་སོགས་པ་བཟའ་བར་བྱས་པ་

ལ་བཟའ་བའོ། །བཏུང་བ་ནི་མྱོས་པར་བྱེད་པ་སྟེ། ཆང་གི་བཏུང་བ་དང་ལྡན་པའོ། །སོགས་ཀྱི་སྒྲས་ནི་བལྡག་པ་དང་གཞིབ་པ་ལ་སོགས་པའོ། །ཙཱ་རུ་ནི་ལྷག་མའོ། །སྟོན་མོ་ནི་བཟའ་བའོ། །སྟོན་མོ་དེ་ལ་ལོངས་སྤྱོད་པ་ནི་སྒྲ་དང་རོ་དང་སོགས་ཀྱིས་

སྒྲས་ཏེ། །གཟུགས་དང་དྲི་དང་རེག་བྱ་གཟུང་བའོ། །དེས་སྒྲུབ་པ་པོ་བདག་ཉིད་ལ་མཆོད་ན་ཐམས་ཅད་འགྲུབ་བོ། །གང་གིས་དངོས་གྲུབ་ཐམས་ཅད་དུ་གྱུར་བ་དེ་ནི་དེ་བཞིན་ནོ། །དེ་ཡིས་ཇི་ལྟར་འདོད་བཞིན་དུ་གནས་ཏེ། ཡུལ་ལ་ཉེ་བར་ལོངས་སྤྱོད་པས་རྒྱས་ཤིང་

Vol. 16 · folio 184a

བདག་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པའོ། །རྩ་བའི་སྔགས་ཀྱི་ལས་ཀྱི་ཆོ་ག་མངོན་པར་རྗོད་པར་བྱེད་པ་ནི་ལེའུ་དགུ་པའོ་ཞེས་བྱ་བ་ནི། །དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་དགུ་པའོ།། །།གལ་ཏེ་སྐུ་གསུང་ཐུགས་ཀྱི་བདག་ཉིད་

དཔལ་ཧེ་རུ་ཀ་ཡིན་ན་སྐུ་གསུམ་ཉིད་ཇི་ལྟ་བུ་ཞེས་པ་རང་ཉིད་ཀྱིས་དྲི་བ་བྱས་པ་ལ་དེ་ནས་སྒྲས་བསྟན་པས་དེའི་དོན་ནི་འོན་ཀྱང་སྐུ་གསུམ་ཉིད་ཇི་ལྟར་ཞེས་པ་ལ། སྐུ་གསུམ་པོ་ཉིད་བཤད་པར་བྱ་ཞེས་པའི་ལན་ནོ། །ཇི་ལྟ་བུར་གྱུར་ཞེས་པ་ལ། ཧེ་རུ་ཀ་དཔལ་གཉིས་མེད་སྦྱོར། །ཞེས་བྱ་བ་

གསུངས་ཏེ། དཔལ་ཧེ་རུ་ཀ་གཉིས་སུ་མེད་པར་ཐེ་ཚོམ་མེད་པར་སྦྱོར་བ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྐུ་གསུམ་མོ། །དང་པོའི་མཐའ་ལ་ཏ་ཤི་ལའི་རྐྱེན་སྦྱིན་པའོ། །སྐུ་གསུམ་པོ་ཁྱད་པར་ཅན་བྱས་པས་སྐུ་གསུམ་པོ་འདི་ཉིད་འདིར་བསྒྲུབ་བྱ་ཡིན་པར་བསྟན་པའོ། །གང་གིས་ཞེས་བྱ་བ་

ལ་སོགས་པ་ཤེས་པ་ཙམ་གྱིས་ནི་རྟོགས་པ་ཙམ་སྟེ་མངོན་དུ་བྱ་ཞེས་པའི་དོན་ཏོ། །ཙམ་གྱི་སྒྲས་ནི་ཉེ་བར་གཟུང་བའོ། །སྒྲུབ་པ་ནི་གྲུབ་པར་འགྱུར་ཏེ་ཆོས་ཀྱི་སྐུ་ལ་སོགས་པ་རྣལ་འབྱོར་པས་མངོན་པར་འདོད་པའི་དོན་ཏོ་ཞེས་པ་ནི། འདི་གྲུབ་པའམ་འདི་མི་འགྲུབ་པའམ་ཞེས་པའི་ཐེ་ཚོམ་མེད་

པའོ། །ཆོས་ཀྱི་སྐུའི་སྒྲུབ་པའི་ཐབས་ནི་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱང་ཡིན་ལ་སྐུ་ཡང་ཡིན་པས་ན་ཆོས་ཀྱི་སྐུའོ། །ལུས་གང་ཡིན་པ་དེ་ནི་དེ་བཞིན་དུ་རྒྱལ་བའོ། །དེ་བསྒྲུབ་པ་ནི་གང་གིས་དེ་རྫོགས་པར་བྱེད་པ་ཡིན་ནོ། །གྲུབ་པ་དེའི་ཚེ་ཡེ་ཤེས་ནི་བདག་གིས་

བཤད་པའོ། །ཡེ་ཤེས་ཆོས་ཀྱི་སྐུ་གཅིག་དང་དུ་མ་དང་བྲལ་བ་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ངོ་བོ་ཉིད་ཀྱིས་དག་པ་འོད་གསལ་བ་བྱེ་བྲག་ཏུ་ངེས་པར་བྱས་པའོ། །དེ་ཡང་རྒྱལ་བའི་རང་བཞིན་ཆོས་ཀྱི་སྐུ་བསྡུས་པའོ། །དེ་ལྟར་ཡང་གང་ཡང་གཅིག་དང་དུ་མའི་རང་བཞིན་ཕུན་སུམ་ཚོགས་

པ་ཆེན་པོའི་གཞིར་གྱུར་པ། །དངོས་དང་དངོས་མེད་མ་ཡིན་ནམ་མཁའ་ལྟ་བུར་རོ་མཉམ་རྟོགས་པར་དཀའ་བའི་རང་བཞིན་ཅན། །གོས་པ་མེད་ཅིང་ཞི་བར་འགྱུར་བ་མེད་པ་མི་མཉམ་པ་དང་མཉམ་པར་ཁྱབ་ཅིང་སྤྲོས་པ་མེད། །དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ་ལ་སོ་སོར་རང་གིས་རིག་པས་

Vol. 16 · folio 184b

བདག་ཕྱག་འཚལ། །ཞེས་གསུངས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལོངས་སྤྱོད་ནི་ལོངས་སྤྱོད་རྫོགས་པ་ཞེས་གསུངས་ཏེ། མཚན་དང་དཔེ་བྱད་ལ་སོགས་པས་མཛེས་པའི་སྐུས་གང་གི་ཚེ་ཆོས་སྟོན་པར་བྱེད་པ་དེའི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་

སྤྱོད་ཡུལ་ལོངས་སྤྱོད་ཅེས་པ་ནི་རྒྱུན་གྱིས་རྟག་པའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཡང་དག་པར་གྲུབ་ཅིང་ལོངས་སྤྱོད་པ་སྟེ་བདག་ཉིད་ལ་ཡོད་པར་བྱེད་ཅེས་པ་དེ་ནི་དེ་བཞིན་ནོ། །དེ་ལྟར་ཡང་། འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་སྤྱད་བདེན་པའི་འབྲས་བུ་

བདག་ཉིད་རྣམ་རྒྱས་གང་། །འཁོར་རྣམས་དག་གི་དབུས་སུ་བློ་ཆེན་རྣམས་ཀྱི་དགའ་བའི་རྒྱུ་རུ་སྣ་ཚོགས་གཟུང་བར་མཛད། །སངས་རྒྱས་རྣམས་ཀྱིས་འཇིག་རྟེན་ཀུན་ལ་སྤྲོས་པ་མངོན་པར་དགའ་བའི་དམ་ཆོས་རྒྱ་ཆེན་གསུང་། །ལོངས་སྤྱོད་རྫོགས་སྐུ་ཆོས་ཀྱི་རྒྱལ་པོ་ཆེན་པོ་འདིར་ནི་

བཞུགས་པ་དེ་ལ་བདག་ཕྱག་འཚལ། །ཞེས་གསུངས་སོ། །སྤྲུལ་པ་ནི་སྤྲུལ་པའི་སྐུའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ལ་ཐུན་མོང་གི་རིགས་ཀྱིས་རྟག་པའི་སྤྲུལ་པའི་སྐུའོ། །དེ་ལྟར་ཡང་། ཕྱོགས་བཅུའི་སེམས་ཅན་རྣམས་ནི་སྨིན་པའི་རྒྱུར་གྱུར་ཟླ་ཟེར་

ལ་མེ་བཞིན་སྣང་གསལ་བར་བྱེད་པ་གང་། །ཡང་དག་བྱང་ཆུབ་དང་ནི་ཆོས་ཀྱི་འཁོར་ལོ་ཁ་ཅིག་ཏུ་ཡང་ཞི་བར་མཐོང་བ་སྟེ། །གཅིག་གི་རྣམ་པར་འཇུག་པ་མེད་ཅིང་སྲིད་གསུམ་འཇིགས་པ་སེལ་མཛད་སྣ་ཚོགས་གཟུགས་ཀྱི་ཐབས། །ཕྱོགས་བཅུ་ཀུན་ཏུ་གཤེགས་པའི་སྤྲུལ་སྐུ་ཐུབ་

བ་ཆེན་པོ་དོན་དེ་ལ་ཡང་ཕྱག་འཚལ་ལོ། །ཞེས་གསུངས་སོ། །སྐུ་གསུམ་ཉིད་བསྒྲུབ་བྱ་ཡིན་པར་གྲུབ་བོ། །དེས་ཅི་བརྗོད་ཅེས་པ་ལ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་ཧེ་རུ་ཀ་རང་གི་བདག་ཉིད་ནི་དཔལ་ཧེ་རུ་ཀ་རང་ཉིད་དེ་ཐོབ་པར་འགྱུར་ཞེས་སྦྱར་རོ། །དེ་ཅི་ཞེས་པ་ལ།

ཡེ་ཤེས་ལོངས་སྤྱོད་རྫོགས་སྤྲུལ་ཏེ། །ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་ནི་ཆོས་ཀྱི་སྐུ་སྟེ། སྒྲའི་བསྡུ་བ་ལ་གཅིག་གི་ཚིག་གོ། །སྟེ་ནི་ཐོབ་པར་བྱ་བ་རྫོགས་པའོ། །ཡང་ཇི་ལྟར་གྱུར་པ་ལ་ཞེས་པ་ལ། བདག་ཉིད་ཅེས་གསུངས་ཏེ། བདག་ཉིད་ཀྱིས་འཆང་བ་ནི་དེའི་རྒྱུ་ཉིད་ཀྱི་ཕྱིར་བདེ་བ་

Vol. 16 · folio 185a

ཡང་དེ་བཞིན་དུ་བརྗོད་དེ་བདེ་བའི་ངོ་བོ་ཉིད་ཅེས་པའི་དོན་ཏོ། །འགྲུབ་པར་འགྱུར་ཞེས་པ་ནི་རྣལ་འབྱོར་པ་སྐུ་གསུམ་གྲུབ་པོ་ཞེས་ཉེ་བར་བསྡུ་བའོ། །དེ་ལྟར་གྱུར་པ་དེ་དཔལ་ཧེ་རུ་ཀ་གང་ཡིན་པའི་སྔགས་དེ་ཡང་དེ་ལྟ་བུར་གྱུར་པ་ནི་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ཡི་གེ་ཉི་ཤུ་རྩ་གཉིས་པ་ནི་སྙིང་པོ་སྔགས་ཏེ། འདིའི་དགོས་པ་ཡང་སྙིང་པོའོ། །ཇི་ལྟར་མར་ནི་ཚེ་ཡིན་ཞེས་པ་ལྟ་བུའོ། །དེ་ཇི་ལྟ་བུར་ཡོད་པ་བཤད་པར་བྱ་ཞེས་བྱ་བ་ལ་གསང་བའི་སྒྲུབ་པ་པོ་ཞེས་གསུངས་སོ། །སེམས་ལ་སོགས་པའི་རང་བཞིན་སྐུ་གསུམ་གྱི་གསང་བ་རྣམ་པར་

འབྱོར་པས་གྲུབ་པ་ནི་ངེས་པར་རྫོགས་པར་བྱེད་པ་ཞེས་པ་དེ་ནི་དེ་བཞིན་ནོ། །ཁྱེད་ཀྱང་དེ་བཞིན་དུ་གྱུར་པས་ཉོན་ཅིག་པའོ། །འཕགས་པར་གྱུར་ཞེས་པ་ནི་སྟེང་དུ་འགྲོ་བའོ། །འགྲོ་བ་དང་འོང་བར་འགྱུར་ཞེས་པ་ནི་དཔག་ཚད་བྱེ་བ་ཉིད་དུ་སྐད་ཅིག་ཙམ་གྱིས་འགྲོ་ཞིང་འོང་ཞེས་དགོངས་

སོ། །དེས་ནི་ཡིད་མགྱོགས་ཀྱི་རྫུ་འཕྲུལ་བསྟན་ཏོ། །ཁང་བཟངས་དང་ནི་ཞེས་པ་ནི། གཉིས་པའི་ཚིག་ཕྱི་བ་ཡིན་ནོ། །ས་ཞེས་པ་ནི་མཐོ་རིས་ལ་སོགས་པའི་གནས་གསུམ་མོ། །དཔག་ཚད་བྱེ་བ་ཞེས་པ་ནི་གཉིས་པ་ཕྱི་བའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་དགའ་བ་སྟོན་པ་ཡིན་ནོ། །

དེ་ཁོ་ན་བཞིན་དུ་ནམ་མཁའ་ལ་འགྲོ་ཞིང་སླར་འོང་བའོ། །ལྷག་མ་ནི་གོ་སླའོ། །གཟུགས་ཞེས་བྱ་བ་ལ་སོགས་པ་ལེའུ་དགུ་པར་མདོར་བསྟན་པ་འདིར་རྒྱས་པར་སྟོན་ཏེ། འདོད་ན་བྱིས་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ལ་འཚོ་བ་ཡོད་པས་སེམས་གཞོན་ནུར་གྱུར་པས་ན་

བུས་པ་སྟེ་སྐྱེས་པའོ། །དེ་ཡིས་ཀྱང་ཆེ་ལོང་བསྒྱུར་བའི་ནུས་པ་དང་ལྡན་པའོ། །འདོད་ན་གླང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་ཕྱུགས་ཀྱི་གཟུགས་འཛིན་པར་བསྟན་པའོ། །འདོད་ན་རྨ་བྱ་དང་ཞེས་བྱ་བ་ལ་སོགས་པས་ནི་བྱའི་གཟུགས་འཛིན་པའོ། །འདིས་ནི་དུར་ཁྲོད་དུ་གཏོགས་པའི་ནུས་པ་

དང་ལྡན་བར་བརྗོད་དོ། །གང་ཞེས་བྱ་བ་ལ་སོགས་པས་ནི་ཐུན་མོང་གི་གཟུགས་འཛིན་པ་ཉིད་དོ། །ལྷག་མ་ནི་གོ་སླའོ། །གནོད་པར་བྱེད་ཅེས་པ་ནི་འདོད་ཆགས་ལ་སོགས་པ་གནོད་པར་བྱེད་པའོ། །དེའི་ཕྱིར་འམ་གྱི་སྒྲས་ནི་མ་བརྗོད་པ་ཡང་དག་པར་བསྡུ་བ་སྟེ། གང་གིས་སྐུ་གསུམ་གྲུབ་

Vol. 16 · folio 185b

པའོ། །སྙིང་པོའི་སྔགས་ཀྱི་ལས་ཀྱི་ཆོ་ག་དེ་དང་དེ་རྗོད་པར་བྱེད་པའི་ལེའུ་བཅུ་པའོ་ཞེས་བྱ་བས་ནི། དཔལ་འཁོར་ལོ་སྡོམ་པ་ལས་ལེའུ་བཅུ་པའི་དཀའ་འགྲེལ་ལོ།། །།ད་ནི་སྐྱེ་བ་བདུན་པའི་ལྷན་ཅིག་སྐྱེས་པའི་རྐྱེན་གྱིས་སྙིང་པོའི་སྔགས་དེའི་མཐུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། དེ་ནས་ཞེས་པ་ནི་བསྡུ་བ་སྟེ། གང་ཡང་རུང་བ་ལ་སྙིང་པོས་སྐྱེ་བ་བདུན་པའི་སྦྱོར་བ་བཤད་པར་བྱའོ། །ཡང་ནི་སྙིང་པོ་དང་སྨན་གྱི་སྦྱོར་བའོ། །གང་ཞིག་ཅེས་པ་ནི་གསོལ་བ་འདེབས་པའི་རྟོག་པའི་རྗེས་ལའོ། །རྗེས་ལ་ཞེས་པ་ནི་རྗེས་ཀྱི་སྒྲའོ། །ཇི་ལྟ་བུ་སྦྱོར་བ་ཞེས་པ་ལ་

སྒྲུབ་པ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་གང་གིས་དངོས་གྲུབ་ཐོབ་པར་འགྱུར་བ་དེ་བཤད་དོ་ཞེས་པར་སྦྱོར་རོ། །བསྣམས་པ་ཙམ་གྱིས་ཞེས་པ་ནི་བསྣམས་པས་བསྟེན་པ་ཙམ་སྟེ་མྱུར་དུ་སྐྱེ་བ་བདུན་པ་ཡོངས་སུ་ཤེས་པ་འགྲུབ་པར་འགྱུར་རོ། །རེ་ཞིག་མདོར་བསྡུ་དེ་ཡི་

ཤེས་གྲུབ་ཅེས་དགོངས་སོ། །སྐྱེས་བུ་གང་ཞིག་ཅེས་པ་ནི་སྐྱེས་པའི་གཟུགས་ཀྱི་བསོད་ནམས་ཀྱི་ཕུང་པོ་ཡིན་ཞེས་དགོངས་སོ། །དྲི་ཞིམ་པ་ཉིད་ནི་གླ་རྩི་ལ་སོགས་པའི་དྲི་ཞིམ་པོ་འདི་ལའོ། །དེའི་དྲི་ཞིམ་པ་ནི་རྡུལ་དྲི་ཞིམ་པའོ། །ལྷག་མ་ནི་གོ་སླའོ། །བདེན་པར་སྨྲ་བ་དང་ཡུན་རིང་པོར་

མིག་མི་འཛུམས་པ་དང་ཁྲོ་བ་མེད་པ་གང་ཡིན་པ་དེ་ནི་ཤེས་པར་བྱའོ། །དབུགས་དྲི་ཞིམ་པར་ང་རོ་འབྱུང་། །ཞེས་པ་ནི་དབུགས་དྲི་ཞིམ་པར་འབྱུང་བ་ལ་མ་ནིང་གི་རྟགས་བསྟན་ཏོ། །གང་ལ་དབུགས་དྲི་ཞིམ་པ་འབྱུང་བར་འགྱུར་བ་དེ་སྐྱེ་བ་བདུན་པའི་མིར་སྐྱེས་པ་ཡིན་ནོ། །སྐྱེ་བ་བདུན་པའི་རིགས་

གཅིག་པུ་མིར་སྐྱེས་པ་ནི་མིའི་གཙོ་བོ་ཞེས་པའི་དོན་ནམ། ཡང་ན་མི་རུ་སྐྱེས་པ་ཞེས་པའི་དོན་ཏོ། །དྲི་ཞིམ་པོའི་རྟགས་ཀྱི་དགོངས་པ་ནི། དེ་ཞེས་པ་ལ་སོགས་པ་གསུངས་སོ། །དེ་བསྣམས་པ་ནི་བསྣམས་པའོ། །ཤེས་པ་ཞེས་པ་ནི་ཤེས་པར་བྱ་བའོ། །ཅི་དེ་ཞེས་པ་ལ་དེའི་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། གང་གི་ཕྱིར་དྲི་ཞིམ་པོ་ནི་རོ་ཙ་ནའི་འབྲས་བུ་ཡིན་པའི་ཕྱིར་དེ་རྗེས་སུ་དཔག་པར་བྱའོ། །དེ་ལ་དེ་ནི་གཞན་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ལ་སོགས་པ་ནི་རོ་ཙ་ནའི་དགོས་པ་སྟོན་ཏེ། འབུམ་བཟླས་པའི་རྗེས་སུ་བྱ་བའོ། །དཔག་ཚད་བྱེ་བར་འགྲོ་ཞེས་

Vol. 16 · folio 186a

བྱ་བ་ནི་དཔག་ཚད་བྱེ་བ་ནི་ཚད་ཡོངས་སུ་བཅད་པ་སྟེ། ལམ་ནས་སྟེང་དུ་འགྲོ་ཞེས་པའི་དོན་ཏོ། །བྱེ་བ་ལྔ་བཅུར་ཞེས་པ་ནི་དཔག་ཚད་དོ། །ལྷ་རྫས་ཀྱི་ལུས་དག་ཡིན་པ་དེ་ནི་ལྷ་རྫས་ཀྱི་ལུས་ཏེ་སྙིང་པོའོ། །གང་དང་གང་འདོད་པའི་སྒྲུབ་པ་པོ་དེ་ལ་དེ་དང་དེ་སྟེར་བའི་སྐྱེ་བ་

བདུན་པའི་མཚན་ཉིད་ཀྱི་ཆོ་ག་དེ་རྗོད་པར་བྱེད་པ་དེ་ནི་ལེའུ་བཅུ་གཅིག་པའོ་ཞེས་པ་ནི། དཔལ་འཁོར་ལོ་སྡོམ་པ་ལེའུ་བཅུ་གཅིག་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་པ་ནི་སྙིང་པོའི་ལས་ཚོགས་ཀྱི་ཆོ་ག་ལྡན་པའི་རྗེས་སུའོ། །ལྷག་མ་

ནི་གོ་སླའོ། །ཊ་ཕ་ཧཱུཾ་ཧུཾ་ཧ་ཧཿཧྲཱི་ཨོཾ་ཞེས་བྱའོ། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ། སྔགས་འདི་ནི་གོ་རིམས་སུ་བྱ་བའོ། །འདི་ནི་སྙིང་པོའི་ཡང་ཉེ་བའི་སྙིང་པོ་ཞེས་པ་ནི་ཉེ་བའི་སྒྲ་ནི་དམན་པའི་དོན་ཏོ། །སྙིང་པོའི་སྔགས་ལས་ཡི་གེ་དམན་པ་ཉིད་ཡིན་གྱི་ནུས་པ་དམན་པ་ཡིན་པའམ་ཡང་ན་ཉེ་བའི་

དོན་ཏོ། །འདི་ཞེས་པ་ནི་ཉེ་བའི་སྙིང་པོའི་བཟླས་པ་སྟེ། དེ་ཡང་ཡི་གེ་གྲངས་ནི་འབུམ་བཟླས་པའོ། །ལྷ་ཞེས་བྱ་བ་ལ་སོགས་པས་ནི་འགུགས་པའི་ནུས་པ་དང་ལྡན་པར་བརྗོད་དོ། །རྒྱ་མཚོ་དང་ཆུ་བོ་དང་རྫིང་བུ་རེངས་པ་ཞེས་པ་ནི་ཆུ་རེངས་པར་བྱེད་པའོ། །གནས་དེར་ཞེས་པ་ནི་གང་དུ་

འབུམ་ཕྲག་བདུན་གྱི་སྔགས་བཟླས་པས་བཀའ་ཉན་བྱེད་པར་འགྱུར་ཞིང་བགེགས་མི་ནུས་སོ་ཞེས་དགོངས་སོ། །འདི་ཡང་བཟླས་པ་ཙམ་དུ་རྟོགས་པའི་ནུས་པའོ། །འདི་ཞེས་པ་ནི་ཡི་གེ་བདུན་སྔགས་ཀྱི་རིག་པས་སོ། །ཆུ་ཞེས་པ་ནི་ཆུ་དང་སྨན་ལྷན་ཅིག་ཏུ་བྱེད་པའི་མཐུའོ། །སྐྱེ་བ་

བདུན་ཞེས་པ་ནི་སྐྱེ་བ་བདུན་དང་འདས་པ་དང་མ་འོངས་པ་ཡང་ངོ་། །མིག་ལ་མངོན་པར་བསྔགས་པ་ཞེས་པ་ནི་ཆུ་ལྡོག་པའི་ཕྱིར་རོ། །རི་ལུ་སྒྲུབ་པའི་ཐབས་ཀྱི་ནུས་པ་སྟོན་ཏེ། དབང་པོ་ཞེས་བྱ་བ་ལ་སོགས་པ་སྟོན་ཏོ། །དབང་པོ་རྐང་མཐིལ་གྱི་པགས་པ་ཞེས་པ་ནི་མི་དེའི་ཁྲག་དང་བསྣོས་

ཤིང་གཞིབ་པར་བྱའོ། །སྦུབས་ཀྱི་ནང་དུ་ཞེས་པ་ནི་དེའི་རིལ་པོར་བྱའོ་ཞེས་དགོངས་སོ། །ལིག་བུ་མིག་ནི་མིག་སྨན་ནོ། །ལྡོང་རོས་དང་། གི་ཝང་དང་། གུར་གུམ་ཞེས་པ་ནི་གཉིས་པ་ཕྱི་བའོ། །མིག་སྨན་དང་ལྡོང་རོས་ལ་སོགས་པ་ཁྲག་གིས་སྦགས་པ་དེ་སྦུབས་ཀྱི་ནང་དུ་བཅུག་ལ་

Vol. 16 · folio 186b

གྲིབ་མ་ལ་བསྐམ་པར་བྱ་ཞིང་ལྕགས་གསུམ་གྱིས་དཀྲི་བར་བྱས་ལ་བསྒྲུབ་པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དེ་ཡང་ཞེས་པ་ནི་སྔགས་འབུམ་ཕྲག་བདུན་དུ་བཟླས་པ་ཡང་རྣལ་འབྱོར་པས་སོ། །ལྷག་པར་གནས་ཞེས་པ་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་འཁོར་ལོ་དེ་ལ་སྦུབས་ལྕགས་

གསུམ་གྱིས་དཀྲིས་པར་བསྒོམས་ནས་སྔགས་བརྒྱ་རྩ་བརྒྱད་དགོངས་ཀའི་དུས་སུ་བཟླ་བར་བྱའོ་ཞེས་པ་ནི་ལྷག་པར་གནས་པའོ། །སྐར་མ་རྒྱལ་ཞེས་པ་ནི་གཞན་རྒྱུ་སྐར་བཟང་པོ་ལ་སོགས་པ་ཡང་ངོ་། །སྒྲུབ་ཐབས་ནི་དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་ཧེ་རུ་ཀའི་

རྣལ་འབྱོར་པས་དཀྱིལ་འཁོར་གྱི་འཁོར་ལོའི་ནང་ན་ཡོད་པའི་རི་ལུ་དེ་རང་གི་ཁར་བཅུག་སྟེ། ཇི་ལྟར་གསུངས་པ་ཡང་བཟླ་བར་བྱའོ། །དེ་ནས་ཇི་ལྟ་བ་བཞིན་དུ། གསེར་དང་ཟླ་བ་ཉིད་འབྱེད་རྣམས། །རིག་བྱེད་གསུམ་བཞི་ཚད་མན་ཆ། །ཐུབ་པ་གསུམ་མདའ་ར་ཏིས་ལྷག །རི་ལུ་རིམ་

པས་དཀྲི་བར་བྱ། །ལྕགས་གསུམ་གྱི་ནི་ངེས་པའོ། །ལྷག་མ་ནི་གོ་སླ་བ་ཁོ་ནའོ། །ཉེ་བའི་སྙིང་པོ་གང་ཡིན་པ། །འདི་ཉིད་གང་གི་སྙིང་པོ་ཡིན། །ཞེས་པ་ལ་དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ཧེ་རུ་ཀ་ཞེས་པ་ནི། ཨོཾ་ཀ་ར་ཀ་ར་ལ་སོགས་པའོ། །འདིས་ཞེས་

པ་ལ་སོགས་པ་སྟེ། མགོ་བོའི་ཐོད་པ་ཞེས་པའི་སྒྲའི་རྐྱེན་མེད་པའོ། །དེ་ཡང་ཐོད་པ་ཉིད་ལ་རྨ་མེད་པའོ། །ཤ་མེད་པར་བྱས་ལ་ཞེས་པ་ནི་ཤ་མེད་ཅིང་མགོ་ལ་ཉམས་པ་མེད་པའོ། །དེའི་ལུས་སོ། །ཤ་མེད་ཀྱང་ཡིན་ལ་ལུས་ཀྱང་ཡིན་པས་དེ་ནི་དེ་བཞིན་ནོ། །དེ་ལྟ་བུར་གྱུར་པའི་བསྒྲུབ་

བྱའི་ལུས་སུ་བྱ་སྟེ། མཉེ་བར་བྱའོ་ཞེས་པ་ནི་ཡང་དག་པར་མཉེ་བའོ། །གང་གིས་ཞེས་པ་ལ་སྡིགས་མཛུབ་ཅེས་བྱ་བ་གསུངས་ཏེ། གཡས་པས་ཏེ་དེའི་རྩེ་མོས་སོ། །འདི་ཡང་བསྒོམ་པར་བལྟ་བར་བྱའོ། །མིའི་ཐོད་པ་བླངས་པ་རྡོ་རྗེ་དྲག་པོའི་རྣལ་འབྱོར་པས་རང་གི་སྣའི་བུ་ག་

གཡས་པ་ནས་ཧཱུཾ་བརྗོད་པ་ལས་སྐྱེས་པའི་ཕྱག་ན་མཚོན་ཆའི་ཕྱག་མཚན་ཅན་དུ་སྐྱེས་པ་ཕྱིར་ཕྱུང་སྟེ། གང་གི་མིང་ནས་བཟུང་བའི་རྩ་ལྔ་ཕུག་པར་བྱས་ནས་དེའི་ཁྲག་གིས་ཐོད་པ་གང་བཞིན་པར་སྡིགས་མཛུབ་ཀྱི་རྩེ་མོར་བསྒོམས་ན་སྔགས་དེ་ལན་མང་དུ་བཟླས་པ་དེས་ལུས་ཀྱི་ནད་ཐམས་ཅད་ཀྱི་

Vol. 16 · folio 187a

ཤ་མེད་པའི་ཁྲག་དགུག་པར་བྱེད་དོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །སླར་ལོག་པ་ནི་གཡོན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་སྡིགས་མཛུབ་ཀྱི་རྩེ་མོས་ཞི་བའི་སེམས་ཀྱིས་མཉེས་ན་དེའི་ལུས་ཀྱི་ནང་གང་ཞིང་བསྒྲུབ་བྱའི་ལུས་རྒྱས་པར་

འགྱུར་རོ། །ཅི་ཞེས་པ་ལ་འཇུག་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ཉིད་ཀྱི་ཁྲག་འཇུག་པར་འགྱུར་བ་ཡིན་པའི་ཕྱིར་རོ། །མངོན་པར་བསྔགས་ཏེ་ཞེས་པ་ནི་བསྒྲུབ་བྱའི་མགོ་བོའི་ཐོད་པ་ཡིན་པར་བསམས་ལ་ཁུ་ཚུར་བསྣུན་པར་བྱའོ། །ཐོད་པ་ཞེས་པ་ནི་བསྒོམས་པའམ་དངོས་སུ་སྟེ་ཐོད་པ་

དགང་བའོ། །དངོས་སུ་ཐོད་པའི་ནང་དགང་བ་ཡང་ངོ་། །སྔགས་བཟླས་པ་ཞེས་པ་ནི་བྱ་བའི་ཁྱད་པར་རོ། །ལྷག་མ་ནི་གོ་སླའོ། །མཁའ་འགྲོ་མ་ཐམས་ཅད་འོང་ཞེས་པ་ནི་མཁའ་འགྲོ་མ་ནི་དང་པོའི་མང་པོའི་ཚིག་ཕྱི་བའོ། །གྱོ་དུམ་ཞེས་པ་ནི་གཉིས་པའི་སྒྲ་ཕྱི་བའོ། །མཁའ་འགྲོ་

མའི་སྦྱོར་བ་ཐམས་ཅད་འཕྲོག་ཅེས་ཕྱོགས་དང་ཕྱོགས་མཚམས་སུ་གྱོ་དུམ་ཉིད་གཏོར་བའོ། །སྟན་ནི་འཁྲིག་པ་སྤྱོད་པའི་དོན་དུ་སྟན་ནམ་མལ་དུ་གཏོགས་པར་གནས་པ་ན་སྟན་ནམ་མལ་ཁྲི་ལ་གཏོགས་པ་དེ་ལ་བུད་མེད་དམ་སྐྱེས་བུ་བསྡུ་བའི་དོན་ཏོ། །གཡུལ་ངོར་ཞེས་པ་ནི་གྱོ་དུམ་

གྱི་རྗེས་སུ་འཇུག་པའོ། །སྙིང་པོ་དང་ཉེ་བས་ན་ཉེ་བའི་སྙིང་པོའི་སྔགས་སོ། །འདིའི་ལས་ཀྱི་ཆོ་ག་རྗོད་པར་བྱེད་པའི་ལེའུ་ནི་བཅུ་གཉིས་པ་སྟེ་ཉེ་བའི་སྙིང་པོའི་ལས་ཀྱི་ཆོ་གའི་ལེའུ་སྟེ་བཅུ་གཉིས་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅུ་གཉིས་པའི་དཀའ་འགྲེལ་ལོ།། །།

དེ་ནས་ཞེས་པ་ནི་ཉེ་བའི་སྙིང་པོའི་སྔགས་དེའི་ལས་ཀྱི་ཆོ་ག་བསྟན་པའི་རྗེས་སུའོ། །གོ་ཆ་ནི་གོ་ཆའི་སྔགས་ཀྱི་ལས་བཤད་པའོ། །ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ངོ་། །གོ་རིམས་ཞེས་པ་ནི་བཟླས་པ་དང་སྨན་ལ་སོགས་པའི་ནུས་པའི་རིམ་པས་སོ། །དེ་གང་ལས་ཞེས་པ་

ལ་འཇིག་རྟེན་གསུམ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཐམས་ཅད་གང་ཡིན་པ་འདོད་པ་ཞེས་པ་ནི་ཡིད་ཀྱི་འདོད་པའོ། །གོ་ཆ་ཟློ་ཞིང་ལམ་དུ་ཞུགས་པ་ན་དེ་རྐུན་མ་ལ་སོགས་པས་འཇིགས་པར་མི་འགྱུར་རོ་ཞེས་པ་ནི་གོ་ཆ་ལ་སོགས་པ་འདིའི་དོན་ཏོ། །རྒྱལ་རིགས་ཀྱི་ཕོ་བྲང་ནི་རྒྱལ་

Vol. 16 · folio 187b

པོའི་ཁབ་ཀྱི་ནང་དུ་ཞུགས་པ་ན་དེ་ཡང་མི་མཐོང་བའོ། །དེའི་ཕྱིར་མི་སྣང་བར་འགྱུར་ཏེ་ཞེས་པ་ལ་གང་དུ་མི་སྣང་ཞེས་ཁྱམས་སུ་གནས་པ་ཞེས་པ་སྟེ་ཕོ་བྲང་གི་ནང་ཞེས་པའི་དོན་ཏོ། །གང་གི་ཕྱིར་འདི་ཕ་རོལ་གྱི་མི་གཞན་རྣམས་ཀྱིས་ཞིབ་ཏུ་ལྟ་བར་བྱེད་དོ། །འདིར་ཡང་མཐོང་བ་ནི་སྔགས་ཀྱི་

མཐུའོ། །གང་འདོད་པ་དེ་བླངས་ཏེ་འགྲོ་བར་འགྱུར་རོ་ཞེས་པ་ནི་མཛོད་ལ་སོགས་པ་ནས་དངོས་པོ་གང་འདོད་པ་བླངས་ཏེ་ཕྱིར་འབྱུང་བ་ནི་མི་མཐོང་ངོ་ཞེས་སྦྱར་རོ། །འདིར་ཡང་མང་པོ་ཞིབ་པར་བལྟ་བ་ཉིད་ཀྱི་ཕྱིར་དེ་མཐོང་བར་དཀའ་བས་རྟོགས་མི་ནུས་པ་ནི་སྔགས་ཀྱི་མཐུའོ། །ལྷ་རྣམས་

ཀྱིས་ཀྱང་མི་མཐོང་ངོ་། །ཞེས་པ་ནི་ལྷ་རྣམས་ཀྱི་ཤའི་མིག་ཡིན་ཡང་ཐོགས་པ་མེད་པར་མཐོང་སྟེ། དེ་རྣམས་ཀྱིས་ཀྱང་མི་མཐོང་བ་ནི་སྔགས་ཀྱི་ནུས་པའོ། །མདུང་བཞིན་ཞེས་པ་ནི་དེ་རིང་དུ་བརྐོས་ན་བཙུགས་པ་ལྟ་བུ་སྟེ་མི་གཡོ་བའོ། །རང་གི་ཁྲག་ཅེས་པ་ནི་རྟོགས་སླའོ། །གང་གི་

ཁྱིམ་དུ་ཞེས་པ་ནི་ཁྱིམ་འདིར་ཞེས་པའི་དོན་ཏོ། །དེ་ལ་ཞེས་གོ་བར་བྱའོ། །རྣལ་འབྱོར་པ་ནི་དང་པོའི་མང་པོའི་ཚིག་ཕྱི་བའོ། །རྣལ་འབྱོར་མ་ཉིད་དང་ཞེས་པ་དང་པོའི་དོན་ལས་གཉིས་པའོ། །དང་པོ་ནི་རབ་ཏུ་དབྱེ་བའོ། །ཉིད་ནི་ངེས་པར་གཟུང་བའོ། །སྣ་ཚོགས་པའི་གཟུགས་ཉིད་

ནི་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཁའ་འགྲོ་མ་ནི་མཁའ་འགྲོ་མའི་རིགས་སུ་སྐྱེས་པའོ། །ལཱ་མ་ཞེས་པ་ནི་ལཱ་མའི་རིགས་སུ་སྐྱེས་པའོ། །གཟུགས་ཅན་མ་ནི་གཟུགས་ཅན་མའི་རིགས་སུ་སྐྱེས་པའོ། །སྟེང་དུ་རྒྱུན་འགྲོ་བ་ཞེས་པ་ནི་ངེས་པའི་ཚིག་གིས་ས་ཕྱིས་པའོ། །ཆུའི་ཕྱིན་ཅི་ལོག་ཏུ་འབེབས་

པ་ཤིན་ཏུ་མནན་ནས་འགྲོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་ནོར་བུར་བརྟན་པར་བྱ་སྟེ། སྟེང་དུ་ལྷན་ཅིག་སྐྱེས་པ་རྒྱུ་ཞིང་དངོས་སུ་འགྲོ་ཞེས་པ་ཞིབ་རྟོགས་སོ་ཞེས་པ་ནི་དོན་གཞན་ནོ། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་མདོར་བསྟན་ནས་རྒྱས་པར་བསྟན་པ་ནི་གང་དུ་འདོད་པ་

ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབང་པོ་རྣམས་ནི་མིག་ལ་སོགས་པའོ། །ལམ་ནི་སྤྱོད་ཡུལ་ཉིད་དོ། །གང་གསང་གང་གཟུགས་ལ་སོགས་པ། །དེ་དང་དེ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་གྱུར་པ་ནི་ཉམས་སུ་མྱོང་བ་

Vol. 16 · folio 188a

ཡིན་པའོ། །རང་བཞིན་ཉམས་སུ་མྱོང་བར་བྱའོ། །ཇི་ལྟར་ཉམས་སུ་མྱོང་བ་ཡིན། །ཞེས་པ་ལ། མཆོག་ཏུ་ཕན་པའི་སྦྱོར་བ་ཡིས། །ཞེས་བྱ་བ་གསུངས་ཏེ། མཆོག་ནི་དཔལ་ཧེ་རུ་ཀའོ། །ཕན་པ་ནི་བྱས་པའོ། །སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །གཟུགས་ནི་

རྣམ་པར་སྣང་མཛད་དོ། །སྒྲ་ནི་མི་བསྐྱོད་པའོ། །དྲི་ནི་རིན་ཆེན་འབྱུང་ལྡན་ནོ། །རོ་ནི་སྣང་བ་མཐའ་ཡས་སོ། །རེག་བྱ་ནི་དོན་ཡོད་གྲུབ་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་དུ་གྲུབ་པོ་ཞེས་བྱའོ། །འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པས་སྔགས་ཀྱི་བཟླས་པ་བྱའོ་ཞེས་

དགོངས་སོ། །ཤིང་ཡོངས་འདུ་ཞེས་པ་ནི་ཤིང་ཡོངས་འདུའི་ཡལ་ག་ལ་སོགས་པའོ། །ལྷག་མ་ནི་གོ་སླའོ། །གོ་ཆའི་སྔགས་བྱེ་བྲག་ཏུ་བཤད་པ་ནི་སྦྱོར་བ་ནི་གོ་ཆ་སྔགས་ཀྱི་སྦྱོར་བ་སྟེ། དེ་ཉིད་རྗོད་པར་བྱེད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཅུ་

གསུམ་ནི་ལེའུ་བཅུ་གསུམ་མོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅུ་གསུམ་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་ཡང་གི་དོན་དེ་ཡང་སྙིང་པོའི་སྔགས་ཀྱི་སྒྲུབ་ཐབས་བཤད་དོ་ཞེས་བྱ་བར་སྦྱོར་རོ། །ཅི་ཞེས་པ་ལ་གང་གིས་ཞེས་བྱ་བ་ལ་

སོགས་པ་གསུངས་ཏེ། གང་གིས་སྒྲུབ་པ་པོ་འགྲུབ་པར་འགྱུར་བ་དེའི་སྒྲུབ་པའི་ཐབས་ཞེས་པའི་དོན་ཏོ། །དོན་དེའི་ཅིའི་ཞེས་པ་ལ་ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཀྱི་ཤུགས་ནི་ཡིད་ཀྱི་རྒྱལ་པོ་སྟེ་དེའི་ལྡོག་པ་གྲུབ་པའི་ཕྱིར་རོ། །ཅི་ཞེས་པ་ལ། །བོང་བུའི་རྣམ་

པའི་རྣལ་འབྱོར་གྱིས། །ཞེས་པའི་དོན་ཏོ། །རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་སྟོན་ཏེ། རྣལ་འབྱོར་མ་ཞེས་བྱ་བ་ལ་འཁོར་ལོ་གསུམ་ལ་གནས་པའོ། །འདོད་པའི་གཟུགས་ཞེས་པ་ནི་བོང་བུའི་གདོང་གི་རྣམ་པ་ཁྲག་དང་བཅས་པ་ཉིད་ཀྱི་ཕྱིར་རོ། །དེ་

བས་ན། བོང་བུའི་རྣམ་པ་ཁྲག་གི་གདོང་། །ཞེས་གསུངས་ཏེ། དང་པོའི་མང་པོའི་ཚིག་ཕྱི་བའི་ཕྱིར་རོ། །དེ་བཞིན་དུ་མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མ་ནི་ཀཱ་ཀཱ་སྱེ་ལ་སོགས་པའོ། །ཁྭ་གདོང་མ་ལ་སོགས་པ་བཞི་མ་གཏོགས་པ། གཞན་ཐམས་ཅད་ནི་བོང་བུའི་

Vol. 16 · folio 188b

རྣམ་པར་ཁྱད་པར་དུ་གྱུར་པའོ། །རྩེ་གསུམ་ལག་ན་ཐོགས་ཞེས་པ་ནི་ཁ་ཊྭཱཾ་ག་སྤངས་པའི་གནས་སུ་རྩེ་གསུམ་བཅང་བའོ། །ཡང་ལྷ་སུམ་ཅུ་རྩ་དྲུག་རྣམས་རྣལ་འབྱོར་མ་ཉིད་ཀྱི་མདོག་ནི་སྒྲུབ་པའི་ཐབས་ཀྱི་རིམ་པ་ཉིད་དོ། །ཁ་ནས་ཁྲག་འཛག་པ་བོང་བུའི་རྣམ་པ་དཔལ་ཧེ་

རུ་ཀའི་རྣལ་འབྱོར་དང་ལྡན་པ་རང་ཉིད་དོ། །ད་ནི་འདི་སྟོན་ཏེ། བོང་བུའི་ཁ་ནས་ཁྲག་འཛག་ཉིད། །ཅེས་པ་ནི་ཁྱད་པར་རོ། །ལྷག་མ་ཐམས་ཅད་ནི་སྒྲུབ་ཐབས་ནས་གསུངས་པ་བཞིན་ནོ། །རང་གི་ཚེ་ཉིད་ཅེས་པ་ནི་སྒྲུབ་པ་ཞེས་གསུངས་ཏེ། །སྙིང་པོའི་སྔགས་འབུམ་ཕྲག་

བདུན་གྱི་གྲངས་བཟླས་པས་གྲུབ་ནས་དེ་བྱའོ་ཞེས་དགོངས་སོ། །དེའི་མན་ངག་བརྗོད་པར་བྱ་སྟེ། རྟེན་གྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་མངོན་བར་བྲིས་ལ། དེའི་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཡི་གེ་ལྔ་བཅུ་ཡོངས་སུ་གྱུར་པའི་ཧཱུཾ་བསྒོམ་མོ། །ཕྱོགས་ཀྱི་འདབ་མ་བཞི་ལ་བཅོམ་ལྡན་འདས་

དང་བཅོམ་ལྡན་འདས་མའི་སྙིང་པོ་དང་ཉེ་བའི་སྙིང་པོའོ། །མཚམས་ཀྱི་འདབ་མ་ལ་ཁྲག་གིས་གང་བའི་ཐོད་པ་བཞིའོ། །རྩིབས་ཉི་ཤུ་རྩ་བཞི་ལ། ཨོཾ་ཁཎྜ་ཀ་པཱ་ལི་ནི་ཧུཾ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པའི་སྔགས་ཉི་ཤུ་རྩ་བཞི་དང་ཨོཾ་ཀ་ར་ཀ་ར་ཕྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བ་ལ་སོགས་པའི་ཐོད་པའི་

དུམ་བུ་ལ་སོགས་པ་དང་། རབ་གཏུམ་མོ་ལ་སོགས་པ་ལ་བསྡོམས་ཏེ་བཞི་བཅུ་རྩ་བརྒྱད་ཀྱི་སྔགས་ཡིན་ནོ། །རྩ་བའི་ཐིག་ལེའི་ནང་དུ་ཁྭ་གདོང་མ་ལ་སོགས་པ་བརྒྱད་དོ། །དེའི་སྟེང་དུ་སྒོ་བཞི་ལ། སུཾ་བྷ་ནིའི་སྔགས་བཞིའོ། །ར་བའི་ནང་དུ་རྩ་བའི་སྔགས་སོ། །ར་བའི་ཕྱོགས་

དང་སྒོའི་སྟེང་དང་། སྒོ་ཁྱུད་ཀྱི་མཚམས་རྣམས་སུ་གོ་ཆའི་སྔགས་གཉིས་སོ། །ཁོར་ཡུག་ལ་བཅོམ་ལྡན་འདས་མའི་སྙིང་པོའོ། །ཕྱི་རོལ་དུ་པུ་ལ་སོགས་པའི་ས་བོན་ཏེ། སུཾ་གྱི་རྣམ་པ་ལ་སོགས་པས་བསྐོར་བར་བསྒོམ་མོ། །འཁོར་ལོའི་ལྟེ་བ་ལ་འབྲས་སཱ་ལུའི་ཁུར་བའི་

རང་བཞིན་ལས་བོང་བུའི་རྣམ་པའི་གཟུགས་བརྙན་བྱས་ཏེ། མར་ནག་དང་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་ལ་དངོས་སུ་བཞག་གོ། །ཁ་ནས་ཁྲག་འཛག་པའི་བོང་བུའི་རྣམ་པའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པས་མཚམས་བཞི་རུ་མར་མེ་སྦར་ལ། སྙིང་པོའི་སྔགས་རྩེ་གཅིག་

Vol. 16 · folio 189a

པར་གྱུར་པར་བཟླས་ཤིང་གཟུགས་བརྙན་ལ་བལྟའོ། །དེ་ནས་ནང་ཇི་ལྟ་བར་བལྟ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ནི་ཚེ་ཟད་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་གིས་ནི་སྲིད་ཚད་དོ། །འདིར་ཞེས་པ་ནི་ངེས་པའི་དོན་གྱི་སྒྲའོ། །

འདི་ཉིད་ཀྱི་ཆོ་ག་བྱས་ན་དེ་ཞེས་པའི་དོན་ཏོ། །བོང་བུ་ཞེས་པ་ནི་གལ་ཏེ་ངེས་པར་སྔོན་དུ་བོང་བུར་གྱུར་པ་ཡིན་ན་རྣལ་འབྱོར་པ་དེའི་ཚེ་བོང་བུའི་བདག་ཉིད་དུ་མཐོང་བའོ། །གླང་པོ་སྒྲ་ཞེས་པ་ནི་ཨིའི་མཐའ་ཅན་ནོ། །གཞན་གྱི་སྐྱེ་བ་ཡང་མཐོང་བར་བསྟན་ཏོ། །མཐོང་སྟེ་ཞེས་པ་ལ་

སོགས་པ་ལ་གང་ཡང་མི་ལ་སོགས་པའི་སེམས་ཅན་ནོ། །སྒྲུབ་པ་པོ་ཞེས་པ་ནི་གསུམ་པའི་དོན་གྱི་དྲུག་པའོ། །འདིས་སྐྱེ་བ་བདུན་པ་བདེ་བླག་ཏུ་རྙེད་པ་ཞེས་པ་ལ་སོགས་པ་གསུངས་ཏེ། གཏོར་མ་དང་། སྦྱིན་སྲེག་དང་། བཟའ་བའོ། །བྱ་བ་ནི་བྱེད་པའོ། །རྣལ་འབྱོར་པ་དེས་གཏོར་

མ་དང་སྦྱིན་སྲེག་བྱ་བ་ཡིན་ནོ། །ཅི་ཞེས་པ་ལ། སྒྲུབ་པ་པོ་ནི་གྲུབ་པར་གྱུར། །ཞེས་གསུངས་ཏེ། གང་ཡང་སྐྱེ་བ་བདུན་པ་སྒྲུབ་པ་པོས་གོང་དུ་བསྟན་པའི་རིམ་པས་གྲུབ་པའོ། །རྣལ་འབྱོར་ཞེས་པའི་སྒྲའི་རྐྱེན་མེད་པའོ། །འདི་རྣམས་བོང་བུའི་རྣལ་འབྱོར་གྱིས། །ཞེས་པའི་དོན་ཏོ། །སྔགས་

མཆོག་དམ་པ་ཞེས་པ་སྔགས་མཆོག་གི་སྦྱོར་བས་སོ། །སྙིང་པོའི་སྔགས་ལྷན་ཅིག་ཏུ་བྱེད་པའི་ཕྱིར་རོ། །སྔགས་འཆང་ཞེས་བྱ་བའི་གཞུང་ལ་ཡང་དེ་ཉིད་དོ། །གཙོ་བོ་ནི་མངོན་པར་འདོད་པས་སྒྲུབ་པའི་ཕྱིར་རོ། །མཁའ་འགྲོ་མ་ནི་རྡོ་རྗེ་ཕག་མོའོ། །དེའི་སྦྱོར་བའི་ནི་དེས་སྔོན་

གྱི་སྐྱེ་བ་མཐོང་བའི་སྒྲུབ་པ་པོ་དེ་དང་སྙོམས་པར་ཞུགས་སོ་ཞེས་དགོངས་སོ། །རྣལ་འབྱོར་ཞེས་བྱ་བ་ནི་གོ་སླའོ། །གསང་བ་ཞེས་པ་ནི་རྒྱུད་འདིའི་སྙིང་པོ་ཅི་ཞེས་པ་ལ་སྙིང་པོ་ཞེས་གསུངས་ཏེ། སྙིང་པོའི་སྔགས་སོ། །གང་གི་སྙིང་པོ་ཞེས་པ་ལ་སྔགས་ཞེས་གསུངས་ཏེ། རིག་པའི་

རྒྱལ་པོ་དེ་གང་གིས། །ཞེས་པ་དེ་ཉིད་ནི་དཔལ་ཧེ་རུ་ཀ་དང་རིག་པའི་རྒྱལ་པོ་གཉིས་དག་དབྱེར་མེད་པའི་རྣལ་འབྱོར་བའོ། །ཡེ་ཤེས་ཞེས་པའི་གཞུང་ལ་ཡང་། །ཡེ་ཤེས་ཙམ་གྱི་རྣལ་འབྱོར་པས། །དེ་ཞེས་པ་ནི་སྙིང་པོའོ། །འདི་ནི་མཁའ་འགྲོ་དྲ་བའི་སྡོམ། །ཞེས་པ་ནི་དཔལ་ཧེ་རུ་ཀའི་རྟགས་

Vol. 16 · folio 189b

ལ་མི་ལྟོས་པའོ། །དེ་ཉིད་ལ་འདིར་སྦྱོར་བའི་ཏིང་ངེ་འཛིན་ལ་སེམས་འདིས་སྦྱོར་ཞེས་དགོངས་སོ། །འདི་རྣམས་ཞེས་པའི་གཞུང་ལ་ནི། །འདི་ནི་འགྲོ་བའི་དོན་གྱི་སྒྲའི་དབྱིངས་སོ། །འདི་རྣམས་ཀྱིས་འཐོབ་པའི་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཤེས་སོ་ཞེས་བཤད་དོ། །དཔལ་ཧེ་

རུ་ཀར་འདིས་བྱེད་པ་ནི་དཔལ་ཧེ་རུ་ཀའི་རྒྱུའི་ཆོ་གའོ། །བོང་བུའི་རྣམ་པའི་རྣལ་འབྱོར་གྱིས་དཔལ་ཧེ་རུ་ཀར་བྱེད་པའི་ཆོ་ག་ནི་སྒྲུབ་ཐབས་སོ། །དེ་རྗོད་པར་བྱེད་པའི་ལེའུ་བཅུ་བཞི་པ་ནི་བཅུ་བཞི་པའོ་ཞེས་པ་ནི། དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་ལེའུ་བཅུ་བཞི་པའི་དཀའ་

འགྲེལ་ལོ།། །།དེ་ནས་ཞེས་པ་ནི་བསྡུ་བ་སྟེ་དེའི་ཕྱིར་ཞེས་པ་ནི་རྒྱུ་སྟེ་སྙིང་པོ་འབའ་ཞིག་གང་གིས་ཤེས་པ་དེ་དེས་ནི་རྣལ་འབྱོར་པ་མ་ཡིན་ཏེ། འོན་ཀྱང་བརྡ་ཡང་སྟེ་གང་གི་ཕྱིར་རྣལ་འབྱོར་དང་འབྲེལ་བའི་བརྡའི་ཆོ་གའོ། །ཅིའི་དོན་ཡིན་ཞེས་པ་ལ། སྡོམ་པ་ཐམས་

ཅད་ལ་ཞེས་གསུངས་ཏེ། ཐམས་ཅད་ནི་སྐྱེས་བུ་རྣམས་ཏེ། ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་ནི་སྡོམ་པ་སྲུང་བ་སྟེ། དེའི་དོན་དུ་ཞེས་པའི་དོན་ཏོ། །དེ་གང་དང་སོ་སོར་འབྲེལ་པ་གཟུང་བར་བྱ་བའི་ངོ་བོ་ཉིད་ཡིན་ནོ་ཞེས་པ་ལ། དེ་ཉིད་ཀྱིས་ཞེས་གསུངས་ཏེ། དེ་ཞེས་བྱ་བ་ལ་སོགས་

པའོ། །ཌཱ་ཞེས་པ་ནི་དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་བརྡར་བྱས་པའོ། །ཌཱི་ཞེས་པ་བུད་མེད་དེ་ཞེས་པ་དེ་ནི་ནམ་མཁའ་ལ་འགྲོ་བའི་སྐད་ཀྱི་དབྱིངས་ཀྱི་སྦྱོར་བས། དེ་ཞེས་པ་ནི་དེ་བས་ན་དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བའོ། །ཌཱི་ཞེས་པ་ནི་ཀྭི་བའི་རྐྱེན་གྱིས་གྲུབ་པའོ། །ཌཱ་སྟེ་

ཐམས་ཅད་དུ་ཁྱབ་པས་ན་ཌཱིའིའོ། །པུ་ཞེས་པ་ནི་གནོན་པ་ཡིན། །ཞེས་པ་ནི་རེངས་པར་བྱེད་པ་ལ་བུའི་སྒྲ་བརྡར་བྱས་པ་སྟེ། །ཌཱི་བ་ལ་སོགས་པ་དང་འདྲའོ། །དེ་ནི་སྙིང་པོའི་བྱེ་བྲག་གོ། །སུ་ཞེས་པ་ནི་བཟའ་བ་ཉིད། །ཅེས་པ་ནི་དེ་ཉིད་ལ་འདིར་བརྡར་བྱའོ། །ཉིད་ཀྱི་སྒྲས་ནི་ཡང་དག་པར་བསྡུ་བ་

ཉིད་དུ་ངེས་པར་གཟུང་བའོ། །མ་ཞེས་བྱ་བ་མ་རུ་དྲན། །ཞེས་པ་ནི་མ་ཉིད་ཅེས་པའི་དོན་ཏོ། །ཡོ་ཞེས་པ་ནི་ཆུང་མ་ཉིད། །ཅེས་བྱ་བ་ནི་ཁྱད་པར་ཅན་གྱི་ཆུང་མ་ཉིད། །ཅེས་པའི་དོན་ཏོ། །བྷཱི་ཞེས་པ་སྲིང་མོར་དྲན། །ཞེས་བྱ་བ་ནི་དོན་ཇི་ལྟ་བའོ། །བཱི་ཞེས་བྱ་བ་མཛའ་མོར་གྲགས་པ་ནི་

Vol. 16 · folio 190a

གཅུགས་པའོ། །ལུ་ཞེས་བྱ་བ་ནི་བུ་མོ་ཞེས་བྱ་བ་བདག་ཉིད་ལས་སྐྱེས་པའོ། །སྟྲཱི་ཞེས་པ་ཁྲག་ཏུ་ཞེས་པ་ནི་ཁྲག་གོ། །སོ་ནི་ཟླ་བའི་བཏུང་བ་ཡིན། །ཞེས་པ་ནི་བདུད་རྩིའི་བཏུང་བའོ། །པེ་ནི་བཏུང་བ་དེ་བཞིན་ནོ། །ཞེས་པ་ནི་བཏུང་བར་བྱ་བ་ཞུ་བའི་རྫས་ཞེས་

པའི་དོན་ཏོ། །དེ་བཞིན་གྱི་སྒྲ་ཕྱོགས་གཅིག་ལ་བརྡར་བྱས་པ་ཉིད་དུ་བསྒྲུབ་པ་ཡིན་ནོ། །ཕཱི་ཞེས་པ་ནི་ཤའམ་ཡང་ཞེས་པ་ནི་ཤ་ཉིད་དོ། །བྷཱི་ཞེས་པ་ནི་བཟའ་བ་ཡིན། །ཞེས་པ་ནི་བཟའ་བར་བྱའོ། །བྷུ་ཞེས་པ་ནི་འདུས་ཡིན། །ཞེས་པ་ནི་རྣལ་འབྱོར་མ་འདུ་བའི་གནས་ཀྱི་བྱེ་བྲག་གོ། །པཱི་

ཞེས་བྱ་བ་དུར་ཁྲོད་ཡིན། །ཞེས་བྱ་བ་ནི་རོའི་གནས་སོ། །ཧཱུ་ཞེས་རོ་དུ་མ་བཅས་པའོ། །ཞེས་པ་ནི་རོ་སྟེ་རྣལ་འབྱོར་མ་དཔག་ཏུ་མེད་པ་གནས་སོ། །དྷཱི་ཞེས་རྣལ་འབྱོར་མ་རུ་གྲགས། །ཞེས་པ་ནི་ཏིང་ངེ་འཛིན་དང་ལྡན་པ་དང་དོན་གཉིས་ཀྱི་ཕྱིར་རོ། །ག་ནི་ལཱ་མ་དེ་བཞིན་ནོ། །ཞེས་པ་ནི་

ལཱ་མའི་རིགས་ལས་བརྡར་བྱས་པའོ། །ཏྲི་ནི་གཟུགས་ཅན་མ་ཉིད་དོ། །ཞེས་པ་ནི་གཟུགས་ཅན་མའི་རིགས་སུ་གྱུར་པ་ཉིད་ལ་བརྡར་བྱས་པའོ། །ཀུ་ཞེས་མཁའ་འགྲོ་མ་དེ་བཞིན། །ཞེས་པ་ནི་མཁའ་འགྲོ་མའི་རིགས་སུ་སྐྱེས་པ་ལ་དེ་ཁོ་ན་ཉིད་དུ་བརྡར་བྱས་པའོ། །དཱ་ཞེས་པ་ནི་དུམ་

སྐྱེས་སམ། །ཞེས་དུམ་སྐྱེས་ཀྱི་རིགས་གང་ཡིན་པ་ཉིད་དོ། །ཧཱའི་སྒྲ་ཡང་དོན་གཉིས་སོ། །ཛ་ཞེས་པ་ནི་བྱིན་པ་གཉིས། །ཞེས་པ་ནི་བྱིན་པ་གཉིས་ཏེ་ཕྱོགས་གཅིག་ལ་བརྡར་བྱས་པའོ། །བྷ་ཞེས་པ་ནི་གསོང་པོར་སྨྲ། །ཞེས་པ་ནི་ཕྱག་འཚལ་བ་སྟེ། བྷའི་སྒྲ་ཡང་དོན་གཉིས་སོ། །སུ་

ཞེས་པ་ནི་ལེགས་འོངས་ཡིན། །ཞེས་བྱ་བ་ནི་ལེགས་པར་འོངས་ཞེས་སུའོ། །ཡི་གེ་ཐམས་ཅད་ནི་རྐྱེན་མེད་ལ་སོགས་པའོ། །འདིས་ཀྱང་། ཡི་གེ་རེ་རེའི་བརྡའ་ཡིན་ཏེ། །ཞེས་པ་ནི་ཡི་གེ་རེ་རེ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དཔའ་བོ་སྲིང་མོ་དེར་ཤེས་བྱ། །ཞེས་པ་ནི་དཔའ་བོ་ནི་རྣལ་འབྱོར་

པའོ། །སྲིང་མོ་ནི་རྣལ་འབྱོར་མའོ། །བྱའོ་ནི་ངེས་པར་གཟུང་བའོ། །དེ་ནི་བརྡའོ། །འདི་ནི་མང་པོ་ལ་བརྡར་བྱས་པ་ཉིད་ཀྱི་ཕྱིར་གསུམ་པའི་དོན་གྱིས་དང་པོའོ། །བརྡའ་དཔའ་བོ་དང་རྣལ་འབྱོར་མ་ཉིད་ཀྱི་མས་ཤེས་པར་བྱ་སྟེ། དེ་ཡང་ཐ་སྙད་ཀྱི་ཡན་ལག་གཅིག་ཉིད་ཀྱི་ཕྱིར་རོ། །ཡང་ན་བརྡའི་

Vol. 16 · folio 190b

ཡི་གེ་ཉི་ཤུ་རྩ་བཞི་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམ་པར་དག་པའོ། །ཡི་གེའི་བརྡ་ནི་ཡི་གེ་གཅིག་ཉིད་ཀྱི་བརྡའོ། །དེ་རྣམས་སྟོན་པའི་ཆོ་ག་ནི་ཡི་གེའི་བརྡའི་ཆོ་གའོ། །དེ་རྗོད་པར་བྱེད་པའི་ལེའུ་ནི་བཅོ་ལྔ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅོ་ལྔ་པའི་དཀའ་

འགྲེལ་ལོ།། །།དེ་ནས་ཞེས་པ་ནི་ཡི་གེའི་བརྡ་བསྟན་པའི་རྗེས་སུའོ། །གསང་བ་ནི་རྣལ་འབྱོར་མ་རྣམས་སོ། །དངོས་གྲུབ་ཆེན་པོ་ནི་ཆེན་པོར་ངེས་པའི་དངོས་གྲུབ་པོ། །གསང་བའི་དངོས་གྲུབ་ཆེན་པོ་དེ་རབ་ཏུ་བཤད་པར་བྱ་སྟེ། རབ་ཏུ་བྱེད་པའི་བྱེ་བྲག་གིས་བཤད་

པར་བྱའི་ཞེས་པའི་དོན་ཏོ། །ཧའི་སྒྲ་ནི་ངག་གི་རྒྱན་ཡིན་ཏེ་ཟད་པ་མེད་པའི་སྒྲ་ནི་དོན་མང་པོ་ལ་འཇུག་པའི་ཕྱིར་རོ། །སྒྲུབ་པ་པོ་ཞེས་པ་ནི་སྒྲུབ་པར་བྱེད་པའི་རྟེན་བཞི་པའི་དོན་དང་པོའོ། །གསང་བའི་སྒྲས་བརྗོད་པའི་རྣལ་འབྱོར་མ་དེ་གང་ཞེས་པ་ལ་ཐོབ་འགྱུར་མཆོག་ནི་ཞེས་བྱ་བ་ལ་སོགས་

པ་གསུངས་ཏེ། མཆོག་ནི་དམ་ཚིག་དང་མདོག་དང་དྲི་ལ་སོགས་པའོ། །གནས་པ་ཡང་ཡུན་རིང་དུ་ཉེ་བར་གནས་པ་སྟེ། ཇི་ལྟ་བུར་གྱུར་པ་ཞེས་པ་ལ་ཡིད་འོང་ནི་སྒྲུབ་པ་པོ་ཉེ་བར་དགོངས་པ་ཡིན་ནོ། །དེ་ཡིད་འོང་ཉེ་བར་འཁོར་བར་བྱེད་པ་ནི་རྣལ་འབྱོར་མའི་སྐྱེ་འགྲོ་སྟེ། ཇི་ལྟ་བུར་

གྱུར་པ་རྣམས་ཀྱི་དོན་གང་ཡིན་པ་དེ་དེ་ལྟར་ཞེས་པས་སྟོན་ཏེ། གུས་པ་ཞེས་པ་ནི་མཆོད་པ་རྣམས་བསྟེན་པའོ། །དེ་ཉིད་ཀྱི་ཕྱིར་འབད་པས་ཤེས་པར་བྱ་བ་ནི་དགོངས་པའོ་ཞེས་དགོངས་སོ། །དམ་ཚིག་གི་བཤད་པའི་རྣམ་པར་དབྱེ་བ་ནི་དགོངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།

ནི་ནི་ངེས་པའི་དོན་ཏོ། །ངེས་པར་བསྒྲུབ་པའི་ཕྱིར་དཔའ་བོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་དང་གཉིས་སུ་མེད་པ་ལ་གཞན་དུ་རྣལ་འབྱོར་མའི་སྐྱེ་འགྲོ་རྣམས་གང་གི་ཁ་དོག་ལ་སོགས་པ་ཤེས་ན། དེའི་དངོས་གྲུབ་མངོན་དུ་བྱེད་ཅིང་ཐོབ་པར་འགྱུར་བ་དེ་རབ་ཏུ་བཤད་

པར་བྱའོ་ཞེས་སྦྱར་རོ། །ཕྱི་རོལ་གྱི་རྣལ་འབྱོར་པས་དེ་ལྟ་བུ་ཤེས་ན་དངོས་གྲུབ་སྟེར་རོ་ཞེས་དགོངས་སོ། །མཚན་ཉིད་ནི་པདྨ་ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཙནྡན་སར་པར་རབ་ཏུ་གྲགས་པ་ནི་གོར་ཤི་ཤ་ཞེས་པའི་དོན་ཏོ། །ཙནྡན་སར་པའི་དྲི་འདི་ལ་ཡོད་པས་ཙནྡན་

Vol. 16 · folio 191a

སར་པའི་དྲིའོ། །བདེ་གཤེགས་འདུས་པ་ཉིད་ལ་དགའ་བ་ཉིད་དོ། །རིགས་ནི་རྟ་མགྲིན་ནོ། །དེའི་རིགས་གང་ཡིན་པ་དེ་ནི་ཆང་འཚོང་མའི་རིགས་ཀྱི་རྒྱུད་དོ། །དེ་ལས་བྱུང་བ་ནི་སྒྲ་ཐུང་བ་ཉིད་ཀྱི་རིགས་ལས་སྐྱེ་བ་ཉིད་དོ། །དཔའ་བོ་ནི་ནམ་མཁའི་སྙིང་པོའོ། །

དེའི་རྗེས་སུ་འགྲོ་བ་ནི་འཁོར་ལོའི་གོ་ཆ་མའོ། །དེའི་རིགས་ལས་བྱུང་བ་ཉིད་ཀྱི་ཕྱིར་དེ་ནི་དེ་བཞིན་ནོ། །ཧེ་རུ་ཀ་ཡི་རྗེས་སུ་འབྲང་། །ཞེས་པ་ནི་ཤིན་ཏུ་དཔའ་མོའི་རིགས་ཀྱི་རྗེས་སུ་འགྲོ་བའོ། །དཔའ་བོའི་བློ་མ་ཞེས་པ་ནི་དཔའ་བོའི་བློ་མའི་རིགས་ཀྱི་རྗེས་སུ་འགྲོ་བའོ། །རྡོ་རྗེའི་རིགས་ནི་

ཕག་མོའི་རིགས་སོ། །དེ་བཞིན་གཤེགས་པ་ནི་པདྨ་གར་དབང་ངོ་། །དེའི་རིགས་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་སྟོབས་པོ་ཆེའི་རྗེས་སུ་འབྲང་བའོ། །བདག་ཅེས་པ་ནི་བདག་ཉིད་ཀྱི་མངོན་དུ་ཡིད་ཆེས་པའོ། །ནི་ནི་རྗེས་སུ་སྟོན་པའོ། །གཡོན་པ་ནི་བུད་མེད་དོ། །

དེའི་སྤྱོད་པ་ནི་ཤིན་ཏུ་ཁྲོ་བོའི་ང་རྒྱལ་ལ་སོགས་པའོ། །ལ་ནི་བསྡུ་བའོ། །འདིར་རྣལ་འབྱོར་མའི་སྐྱེ་འགྲོ་ཡང་ཇི་ལྟ་བུ་ཞེས་པ་ལ་གསུངས་པ་རང་རྒྱན་ནི་དཀར་པོ་གོས་ལ་སོགས་པའོ། །ཁ་དོག་ནི་པད་རྩ་ལྟར་དཀར་བ་ལ་སོགས་པའོ། །དེ་གཉིས་བསྡོམས་པ་ནི་ཡང་དག་པར་

བཅིངས་པའོ། །རིགས་ཀྱི་རིག་པའི་ཡི་གེ་ཡང་། །ཞེས་པ་ནི་སྒྲུབ་པ་པོས་དེའི་རིག་པ་དེ་ཉིད་ཀྱང་ཡི་གེ་རྡོ་རྗེ་ཡིན་ཏེ། བརྟན་པོར་ལྷག་པར་མོས་པ་ཉིད་ཀྱི་ཕྱིར་ན་རྣལ་འབྱོར་མའི་སྐྱེ་འགྲོའོ། །དེས་ཀྱང་གཡོ་བ་མེད་པའི་གཟུགས་ནི་ལྷ་མོ་ཡིན་ནོ་ཞེས་དགོངས་སོ། །རིགས་ནི་དྲུག་ཡིན་

ཞེས་པ་ནི་རིགས་དྲུག་གི་རབ་ཏུ་དབྱེ་བའི་རྣལ་འབྱོར་མ་རྣམས་སུ་ཤེས་པར་བྱའོ། །ནི་ནི་བསྡུ་བའི་དོན་ནོ། །དེ་ནི་ཕྱག་རྒྱ་འཆིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་འཆིང་བ་ནི་གཡོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་ཡང་གཡོན་ལ་རྟག །

ཅེས་བྱ་བ་ལ་སོགས་པ་རྣལ་འབྱོར་མ་རྣམས་ནི་གཡོན་པས་སོ། །རྣལ་འབྱོར་མ་རྣམས་གཡོན་ཞེས་པ་ནི་གང་ཡང་གཡོན་གྱིས་རང་གི་རིགས་ལས་སྐྱེ་བའི་ཆོས་ནི་སྨྲའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེན་པོར་གྱུར་པ་གང་ཡིན་པ། །དེ་བཞིན་དུ་ཟློས་པ་ནི་རབ་ཏུ་སྨྲ་བས་

Vol. 16 · folio 191b

ཟློས་པའི་ཚུལ་ཅན་ནོ། །ཉིད་ཀྱི་དོན་ནི་བསྡུས་པའི་དོན་ཏོ། །དགའ་ཟློས་ཉིད་ཀྱི་ཕྱིར་དགའ་བ་ཟློས་པའོ། །ད་ནི་སྔ་མ་བཞིན་ནོ། །དམ་ཚིག་འདོར་བར་བྱ་བ་མ་ཡིན་ནོ། །དམ་ཚིག་འདོར་བར་བྱ་བ་མ་ཡིན་པའི་ཆོ་ག་ནི་ད་དམ་ཚིག་ཡོད་པ་ཅན་དུ་བརྗོད་པའི་རྣལ་འབྱོར་མའི་སྐྱེ་འགྲོ་ལ་ལྟོས་ནས་

སྐྱེས་པའི་རིགས་ཀྱིས་བསྟན་པའམ་རབ་ཏུ་དབྱེ་བ་ལྟོས་ནས་གནས་པ་མེད་པའོ། །རབ་ཏུ་དབྱེ་བ་ཡང་གཅིག་སྟེ། བུད་མེད་ཅེས་པ་ནི་དམིགས་ཀྱིས་བཀར་བའི་དྲུག་པའོ། །རིགས་ནི་གྲུབ་པའི་འོ། །དེ་ཉིད་ཀྱི་ས་བོན་ནི་རབ་ཏུ་དགའ་བར་སྨྲ་བར་བྱེད་པའོ། །དེ་བྱེ་བྲག་ཏུ་བྱེད་པ་ནི་སྨྲ་བའོ། །

རིགས་ཀྱི་བྱ་བ་དམ་ཚིག་སྤྱོད་པའོ། །རིགས་ཀྱི་རིག་པ་ནི་རིགས་ཀྱི་ལྷ་མོའོ། །རང་གི་བསྟན་བཅོས་ལས་གསུངས་པ་ནི་སྔགས་ཀྱི་ལུགས་ལས་སོ། །དེ་བརྗོད་པ་ཞེས་པ་གཉིས་པའོ། །ཕྱག་འཚལ་བ་ཞེས་པ་ལ་སོགས་པ་བདེན་པ་ཉིད་དུ་ངེས་པར་བྱའོ། །མཚན་ཉིད་འདི་རྣམས་

རྟོགས་ནས་དེ་ལྟ་བུར་གྱུར་པ་ནི་རྣལ་འབྱོར་མ་ལ་དེ་ཁོ་ན་བཞིན་ཕྱག་འཚལ་བ་ལ་སོགས་པས་དེ་བདེན་པར་སྒྲུབ་པ་པོས་ངེས་པར་བྱ་བ་ཡིན་ནོ་ཞེས་པ་ནི་གསུམ་པའོ། །མཐེ་བོང་གཡོན་པས་ཞེས་པ་ནི་རྐང་པའིའོ། །རི་མོ་འབྲི་བ་ནི་ཡང་དང་ཡང་དུ་གང་གི་ཚེ་འབྲི་བ་དེའི་ཚེ་དེ་རྣལ་འབྱོར་མའི་

སྐྱེ་འགྲོའི་བྱེ་བྲག་གོ་ཞེས་ཤེས་པར་བྱ་བར་དགོངས་སོ་ཞེས་པ་ནི་བཞི་པའི་དོན་ཏོ། །འགྲོ་བ་ཕྱུག་པར་བྱེད་པའོ། །ཞེས་པ་ནི་ལག་པས་བྱེད་པ་དེ་ནི་རྣལ་འབྱོར་མའི་སྐྱེ་འགྲོའི་རབ་ཏུ་བྱེད་པར་ཤེས་པར་བྱའོ། །རྟག་ཏུ་ཞེས་བྱ་བ་རྗེས་སུ་འཇུག་པའོ། །རང་གི་རིག་པ་དྲན་པ་དང་དེ་སྒྲུབ་

པ་ཡུལ་ལ་ཕན་ཞེས་པ་དང་དེ་ལྟར་གྱུར་པ་དེ་བལྟས་ནས་རིག་པ་དྲན་པ་ནི་སྒྲུབ་པ་པོས་དེ་ལ་སྦྱོར་བའོ། །རང་གི་རིག་པ་ནི་རང་གི་ཡི་དམ་གྱི་ལྷ་བཞིན་དུ་བལྟའི་ཞེས་དགོངས་སོ། །ཅི་ཞེས་པ་ལ་ཡུལ་དུ་ཕན་པ་ཞེས་པ་ནི་དེ་ལྟ་བུའི་ཕུལ་གང་ཡིན་པ་བླ་མར་བྱའོ། །དང་པོའི་དོན་ལ་བདུན་

པའི་དོན་བསྡུས་ན་ལྔ་པའོ། །དྲི་བས་དྲི་ཞེས་བསྡུས་པ་ལྟ་བུའོ། །འདི་ནི་ཡང་དག་པར་འབྱུང་བའི་རིག་པའོ། །ཟུར་གྱིས་བལྟ་ཞིང་ཞེས་པ་ནི་ཀོསྐོ་ལ་སོགས་པར་སོར་མོས་བྱ་སྟེ། ཟུར་གྱིས་བལྟ་བ་གང་ཡིན་བ་བུད་མེད་དེ་ནི་རྣལ་འབྱོར་མའི་སྐྱེ་འགྲོའི་རབ་ཏུ་

Vol. 16 · folio 192a

དབྱེ་བ་ཤེས་པར་བྱའོ་ཞེས་པ་ནི་དགྲ་གནས་ཀྱི་དྲུག་པའོ། །དེ་ལྟར་བལྟས་ནས་ཅི་བྱེད་ཅེས་པ་ལ། ལན་ཅིག་སྔགས་ཟློས་ཤིང་རིག་མ་རྣམ་པར་བལྟ་ཞེས་གསུངས་ཏེ། སྔགས་ནི་རིག་པའི་རྒྱལ་པོའོ། །འདིས་ཅིར་འགྱུར་ཞེ་ན་གསུངས་པ་

བདེན་པར་འགྲོའོ་ཞེས་བྱ་བ་ལ་སོགས་པ་དེ་གོ་སླའོ། །རྣམ་འབྱོར་མ་བདུན་ནི་ཉེ་བར་མཚོན་པ་སྟེ། དྲུག་གི་མཚན་ཉིད་ཀྱང་ངོ་། །རྣལ་འབྱོར་མ་བཅུ་གསུམ་གྱི་མཚན་ཉིད་ནི་མཚན་མའོ། །བདུན་པོ་རྣམས་དང་དྲུག་པོའི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་ཡོངས་སུ་བརྟག་

པ་ལ་རྣལ་འབྱོར་མ་བདུན་གྱི་མཚན་ཉིད་བརྟག་པ་ཞེས་བྱ་སྟེ། བར་གྱི་ཚིག་ཕྱིས་པ་བསྡུ་བའོ། །དེ་རྗོད་པར་བྱེད་པ་ནི་ལེའུ་བཅུ་དྲུག་པ་སྟེ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅུ་དྲུག་པའི་དཀའ་འགྲེལ་ལོ།། །།མཚན་ཉིད་བསྟན་པའི་རྗེས་སུ་

ལེའུ་བཅུ་དྲུག་པ་བརྗོད་དེ། དེ་ནས་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་དེ་དང་པོའི་དོན་ལ་དྲུག་པའོ། །དེ་ཡང་རྣལ་འབྱོར་མ་ནི་ལྷ་མོ་སྟེ། ནི་ནི་ཁྱད་པར་གྱི་དོན་ཏོ། །རྣལ་འབྱོར་མ་རྣམས་ཞེས་པ་ནི་མཁའ་

འགྲོ་མའི་རྣལ་འབྱོར་མ་སྟེ། རྣལ་འབྱོར་མའི་ཡོན་ཏན་རྗེས་སུ་འཇུག་པའི་དོན་ཏོ། །དེ་ལྟ་བུ་ཉིད་ཀྱི་ཕྱིར་དམ་ཚིག་གོ། །ཅི་ཞེས་པ་ལ་དེ་ནས་རྙེད་དཀའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ལྷ་མོའི་ཡོན་ཏན་དང་ལྡན་པའི་མཁའ་འགྲོ་མ་དེ་དགའ་བས་རྙེད་

དཀའོ་ཞེས་དགོངས་སོ། །གལ་ཏེ་དེ་ལྟ་བུ་ཇི་ལྟ་བ་ཉེ་བར་བསྙེན་ཞེས་པ་ལ། བདུད་རྩི་ལྔ་ལས་ཡང་དག་འབྱུང་། །ཞེས་གསུངས་ཏེ། དེའི་ཐབས་ཀྱིས་རྣལ་འབྱོར་མ་གྲུབ་པའི་གནས་སོ་ཞེས་དགོངས་སོ། །མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་གསུངས་པ། ཡ་མི་

ནི་དང་སྐྲག་བྱེད་མ། །འདོད་མ་དང་ནི་འཇིགས་དང་གཟུགས། །ཀུན་དུ་སྤྱོད་དང་བྷ་སུ་ར། །མཁའ་འགྲོ་མ་ནི་བདུན་དུ་བྱ། །ཞེས་པ་ནི་ཡ་མི་ནི་ལ་སོགས་པ་འདི་རྣམས་བསྡུས་པ་སྟེ། མདོར་བསྡུས་ནས་བདུན་དུ་བྱས་པའི་ཞེས་དགོངས་སོ། །རང་གི་མཚན་ཉིད་

Vol. 16 · folio 192b

འདིར་བརྗོད་བྱ། །ཞེས་དགོངས་སོ། །མིང་དང་རྗེས་སུ་མཐུན་པའི་མཚན་ཉིད་གང་ཡིན་པ་བསྟན་པའི་སྒོ་ནས་བརྗོད་པའོ་ཞེས་པའི་དོན་ཏོ། །དེ་རྣམས་རྗེས་སུ་མཐུན་པའི་མིང་གཞན་གྱི་སྒོ་ནས་ཀྱང་སྟོན་ཏེ། གཟུགས་ཅན་མ་དང་འོ་བྱེད་མ། །ལཱ་མ་ཡོངས་གྱུར་

བྱིས་བཅས་མོ། །མི་ལྡོག་ལྷ་མོ་ཨེ་ཧི་ཀ །མཁའ་འགྲོ་མ་ནི་བདུན་དུ་དྲན། །ཞེས་གསུངས་ཏེ། གཟུགས་ནི་གཞན་ནོ། །གཟུགས་ཅན་མར་བརྗོད་པའི་མཚན་ཉིད་མངོན་པར་ཞེན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་གཉིས་སུ་མེད་པར་བསྟེན། །

ཞེས་པ་ནི་དཔའ་བོ་གཉིས་སུ་མེད་པར་བསྟེན་ནོ་ཞེས་པའི་དོན་ཏོ། །མིང་ནི་གཞན་འོ་བྱེད་མ་བརྗོད་པའི་མཚན་ཉིད་ནི་སྡུག་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁའ་འགྲོ་ཞེས་པ་ནི་མཁའ་འགྲོ་མས་སྡིག་པ་ཟད་པར་བྱེད་དོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་

ཡ་མ་ནི་དེ་ཡང་དག་པར་བག་ཡོད་པ་སྟེ། དེ་ཉིད་ཡ་མ་ལ་རང་གི་དོན་དུ་ཨ་ནའི་རྐྱེན་བྱིན་པའོ། །དེ་གང་ལ་ཡོད་པ་དེ་ནི་ཡ་མ་སྟེ། ཟད་པར་བྱེད་པ་གང་ཡིན་པའོ། །སྐྲག་བྱེད་མ་ནི་གཞན་ལ་མར་བརྗོད་པའི་མཚན་ཉིད་སྟོན་ཏེ། ཟུར་གྱི་བལྟ་དང་ཞེས་གསུངས་སོ། །

སྡིགས་མཛུབ་ཅེས་པ་ནི་གཅིག་ཉིད་ལ་མང་པོའི་ཚིག་གི་དེ་ཉིད་ཀྱི་དོན་ཏོ། །གཞན་དུ་དབུགས་འབྱིན་པ་ཡང་འདོད་པར་ཞེས་པའི་ཡང་འཇིགས་པར་བྱེད་པའི་ཁྱད་པར་གྱིས་ངལ་པའི་ཕྱིར་རོ། །ནི་ནི་ཁྱད་པར་རོ། །དེའི་ཕྱིར་ཁྱད་པར་ལ་དགའ་བས་ན་ལཱ་མ་སྟེ། ར་ལར་

བྱས་པས་ན་ལཱ་མའོ། །མཚན་གཉིས་ཀྱི་སྦྱོར་བས་འཇིགས་པ་ཉིད་ནི་ལཱ་མའོ། །སྐྲག་བྱེད་མ་ནི་གཞན་ཡོངས་སུ་འགྱུར་བའི་མངོན་པར་བརྗོད་པའི་མཚན་ཉིད་སྟོན་ཏེ། ཕག་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ས་ར་བྷ་ཞེས་བྱ་བ་ནི་ཕྱུགས་ཀྱི་ཁྱད་པར་

རོ། །ཤ་ར་མ་ཞེས་བྱ་བའི་གཞུང་ཡོད་དེ། དེར་ཡང་ཕྱུགས་ཞེས་སོ། །ཐམས་ཅད་དེར་ནི་འཇིགས་བྱེད་པ། །ཞེས་པ་ནི་དེ་མཐོང་བས་འཇིགས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དེ་ནི་ཡོངས་གྱུར་རོ། །དེ་བས་ན་ནི་དེའི་ཕྱིར་གྱི་དོན་ཏོ། །གཞན་དེ་

Vol. 16 · folio 193a

ཡོངས་སུ་གྱུར་པ་གང་ཡིན་པ་དེ་ནི་གང་གི་ཕྱིར་དེ་བཞིན་ནོ། །ཀུན་དུ་སྤྱོད་པ་གཞན་བྱིས་བཅས་མར་མངོན་པར་བརྗོད་པའི་མཚན་ཉིད་སྟོན་ཏེ། ཤིན་ཏུ་དགའ་བ་ཞེས་གསུངས་སོ། །སོང་ནས་སླར་མི་ལྡོག་པ་ཉིད་ཀྱི་ཕྱིར་ཀུན་སྤྱོད་

དགེ། འདོད་མ་ནི་གཞན་ཨེ་ཧི་རི་མངོན་པར་གྱུར་པའི་མཚན་ཉིད་སྟོན་ཏེ། རྗེས་སུ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁཎྜ་རོ་ཧ་ཁཎྜ་ནི་དབྱེར་མེད་པའི་ཕྱོགས་གཅིག་གོ། །རོ་ཧ་ནི་ཡང་དང་ཡང་དུ་གནས་པ་དེ་དེ་བཞིན་ནོ། །ཧི་ནི་གང་གི་ཕྱིར་རོ། །

འདིར་ཕྱོགས་གཅིག་ཏུ་ཡུན་རིང་དུ་གནས་པས་ནི་ཨི་ལི་ཀའོ། །འོད་ལྡན་མ་ནི་གཞན་མི་ལྡོག་པར་མངོན་པར་བརྗོད་པའི་མཚན་ཉིད་སྟོན་ཏེ་ཡིད་ནི་ཀུན་དུ་ཞེས་བྱ་བ་ལ་སོགས་པ་ལ་འོད་ལྡན་མ་གང་ཡིན་པ་དེ་ནི་གཞན་མི་ལྡོག་པའི་མིང་ཅན་ནོ། །དེ་ཡིད་སྐྱོ་བ་ཡིན་ནོ། །དེ་ལྟར་

གྱུར་པས་རྐང་པ་དང་འོང་བ་ལ་སོགས་པས་རེག་པའི་སེམས་ཅན་མི་འཚོའོ། །མི་ལྡོག་པ་ནི་བཟློག་པ་ཉིད་དུ་མི་ནུས་པའི་ཕྱིར་རོ། །ཅི་ཞེས་པ་ལ། །གྲུབ་མིན་བར་ནི་དེ་བཤད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་གང་གི་ཕྱིར་རོ། །མཁའ་འགྲོ་མ་རྣམས་

ཀྱི་རིགས་ནི་འདིར་དཔའ་བོས་དང་པོར་མཚོན་པ་དེ་རླུང་གི་ཤུགས་ཅན་མ་ལ་སོགས་པ་ནས་བརྩོན་ཆེན་མའི་བར་རྣལ་འབྱོར་མ་རྣམས་ཡ་མི་ནི་ལ་སོགས་པ་ནས་ཨེ་རེ་ཀའི་བར་གྱི་རིགས་རྣམས་ནི་མཁའ་འགྲོ་མ་རྣམས་ཏེ། རྣལ་འབྱོར་མའི་ཞེས་པ་ནི་ཐུན་མོང་གི་

དོན་ཏོ། །མཁའ་འགྲོ་མ་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་དཔའ་བོས་བསྟེན་ཅིང་མཚོན་པར་བྱའོ་ཞེས་པ་ནི་གཞུང་གཞན་ནོ། །མཁའ་འགྲོ་མ་རྣམས་སུ་བསྟན་པའི་རིགས་རྣམས་ནི་རིགས་རྣམས་ཀྱི་ཕྱག་རྒྱ་ཉིད་ནི་རྣལ་འབྱོར་མ་ཁོ་ན་སྟེ། རླུང་གི་ཤུགས་

ཅན་མ་ལ་སོགས་པའོ། །དེ་མཚན་པ་ནི་ཤེས་པར་བྱའོ། །དཔའ་བོས་བསྟེན་པ་ནི་དཔའ་བོས་བསྟེན་པ་སྟེ། དཔའ་བོས་བསྟེན་ནོ་ཞེས་བྱ་བའི་དོན་ཏོ། །གཉིས་པ་མང་པོའི་ཚིག་ཕྱེ་བའོ། །ཐོད་པ་དང་། དགྲ་སྟ་དང་། མཆེ་བ་དང་། འཁོར་ལོ་

Vol. 16 · folio 193b

དང་། ཆུ་སྲིན་གྱི་རྒྱལ་མཚན་དང་། རལ་གྲི་དང་། སྐྲག་བྱེད་དུ་འགྲོ་བའོ། །དང་ནི་བསྡུ་བའོ། །ཆུ་སྲིན་རྒྱལ་མཚན་ནི་སྐྲ་གྲོལ་བའོ། །མཆེ་བ་ནི་ཕག་པའི་སོའོ། །བརྒྱད་ནི་ཕྱག་རྒྱ་བརྒྱད་དེ་ཕྱག་རྒྱ་འདི་རྣམས་ཀྱི་ནང་ནས་གང་ཡང་རུང་བ་ཅིག་གང་དུ་ནི་མཁའ་

འགྲོ་མ་རྣམས་ཀྱིའོ། །ཐོད་པ་དགྲ་སྟ་མཆེ་བ་དང་། རལ་གྲི་དང་སྐྲག་བྱེད་ཉིད་ཅེས་པ་ནི་གཞུང་གཞན་ནོ། །རལ་གྲི་ནི་སྒྲའི་རྐྱེན་མེད་པའོ། །སྐྲག་བྱེད་ནི་གྲི་གུག་གོ། །ཕྱག་རྒྱ་ནི་སྔ་མ་ཉིད་དོ། །རྣལ་འབྱོར་མ་འདི་རྣམས་ཀྱང་གཟུགས་ཡོངས་སུ་གྱུར་པ་ལ་

མངོན་པར་དགའ་བས་བལྟ་བ་ལ་སོགས་པའོ། །ཐོད་པ་ལ་སོགས་པའི་ཕྱག་རྒྱའི་ཆོ་གས་དགོངས་པ་ནི་རྣལ་འབྱོར་མ་ཤེས་པར་བྱེད་པའི་མཚན་ཉིད་དོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅུ་བདུན་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་

བྱ་བ་ནི་གཟུགས་ཡོངས་སུ་རྗེས་སུའོ། །དེ་ནས་ཚིག་གཞན་གྱི་མཚན་མ་རུ་བཤད་དོ་ཞེས་སྦྱར་རོ། །འགྲོ་ཞིང་ལྡོག་པས་ན་མཁའ་འགྲོ་མ་སྟེ། དེ་ནི་ཚིག་གང་གིས་སོ། །ཇི་ལྟ་བུ་ཞེས་པ་ལ་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁའ་འགྲོ་མ་

ཞེས་པ་ནི་གཉིས་པའི་དོན་ལས་དང་པོའོ། །ཚིག་ནི་དམར་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་དྲི་ནི་རྣམ་པར་གཏོང་། །ཞེས་པ་ནི་ལུས་ལས་པདྨའི་དྲི་ཞེས་པའི་དོན་ཏོ། །བལྟས་དང་རང་བཞིན་ཞི་བ་དང་། །ཞེས་བྱ་བ་ནི་ཁྲོ་གཉེར་ལ་སོགས་པ་

སྤངས་པའི་ཕྱིར་རོ། །ཞེན་པར་བལྟ་བའི་རྗེས་སྟོན་པ། །ཞེས་པ་ནི་ཤིན་ཏུ་རྗེས་སུ་ཆགས་པའི་ཁྱད་པར་གྱི་ཕྱིར་རོ། །ཡང་དག་ཆགས་པའི་མིག་ཅེས་པའི་གཞུང་ཡང་ངོ་། །ཆགས་པ་དང་ཡང་དག་པར་ལྡན་པའི་མིག་གོ། །སེར་མོ་ཞེས་པ་ནི་གང་གིས་

ལྷག་པའི་དོན་དུ་སྟེ་སེན་མོ་ཤིན་ཏུ་དམར་བ་ཞེས་པའི་དོན་ཏོ། །ཡང་དག་པར་ཆགས་པའོ། །གནས་སྐབས་ཀྱི་མཚན་མའོ། །པདྨ་འབྲི་ཞེས་བྱ་བའི་གཞུང་ནི་རྟོགས་པར་སླའོ། །པདྨ་གར་དབང་ཞེས་པ་ནི་དཔའ་བོ་འོད་དཔག་ཏུ་མེད་པའོ། །དེའི་རིགས་ལས་

Vol. 16 · folio 194a

བྱུང་བ་ཞེས་པ་ནི་ཤེས་པར་བྱའོ། །སྨིན་མའི་དབུས་ཀྱི་རྩེ་གསུམ་གྱི་རྣམ་པའི་མཚན་མའོ། །ལུས་ནི་སྔོ་བསངས་སྐྱ་བ་དང་ཞེས་པ་ནི་གང་ལ་སྔོ་བསངས་དང་སྐྱེ་བ་ཡོད་པ་ནི་དེའི་ལུས་སོ། །དེ་ཡིས་རང་གི་ཁྱིམ་དུ་རྡོ་རྗེ་བྲིས་ནས་ཁྱིམ་

དུ་མཆོད་པའོ། །གང་གིས་ནི་ངེས་པའོ། །དེ་ནི་ངེས་པར་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བར་ཤེས་པར་བྱའོ། །ནི་ནི་དག་གི་རྒྱན་ཏོ། །འམ་ནི་ཕྱོགས་གཞན་ནོ། །ཡང་ནི་སྲིད་ཚད་དོ། །ཕྱིར་ནི་ཤིན་ཏུའོ། །དམར་ཞེས་བྱ་བ་ལ་སོགས་པ་ལ་ར་སྐྱེས་ཉིད་

ནི་རའོ། །རྟག་ཏུ་ནི་རྒྱུན་ཏུའོ། །མཁའ་འགྲོ་མ་ཞེས་པ་ནི་མཁའ་འགྲོ་མའོ། །དཔྲལ་བ་ལ་ཞེས་པ་ནི་དཔྲལ་བའི་དབུས་སུ་ཞེས་ཤེས་པར་བྱའོ། །ནི་ནི་སྒྲས་སོ། །གང་གི་ཕྱིར་ནི་ངེས་པར་གཟུང་བའོ། །དཔྲལ་བའི་སྒྲས་ནི་དཔྲལ་བའི་དར་དཔྱངས་སོ། །

ལེགས་པ་ཞེས་པ་ནི་རང་གི་བག་མའོ། །མཆོག་ཅེས་པ་ནི་མཆོག་ཏུ་མཛེས་པའོ། །སོ་མཐོ་བ་ནི་སོ་རིང་ཞིང་མཐོ་བའོ། །གཡོན་པ་ནི་བྱ་བ་ཡིན་པའི་ལས་ལ་དགའ་བའོ། །རྡོ་རྗེ་ཕག་མོའི་རིགས་ལས་བྱུང་བར་གྱུར་པའོ། །ཇི་ཙམ་ཞེས་པ་ལ། །སྟོང་ཕྲག་

བཅོ་ལྔ་ལྡན་པ་ཡིན། །ཞེས་གསུངས་ཏེ། རྣལ་འབྱོར་མ་སྟོང་ཕྲག་བཅོ་ལྔ་ཞེས་པའི་དོན་ཏོ། །དཀར་ཞིང་ཞེས་བྱ་བ་ནས་མཆོག་ཅེས་པའི་བར་གྱིས་དུམ་སྐྱེས་མའི་རིགས་ལས་བྱུང་བའི་མཚན་ཉིད་དོ། །མ་ལི་ཀ་ལྟ་བུའི་དྲི་གང་ལ་ཡོད་པ་ནི་མ་ལི་ཀའི་དྲི་ཞིམ་པོ་

དང་ལྡན་པ་ནི་དེ་བཞིན་ནོ། །གང་ཞིག་རྟག་པར་ཤ་ལ་དགའ། །ཞེས་པ་ནས། །མཁའ་འགྲོ་མ་ཡི་རིགས་བྱུང་ཡིན། །ཞེས་པའི་བར་ནི་དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བའི་མཚན་ཉིད་དོ། །སྤྲིན་གྱི་མདོག་འདྲ་ཞེས་པ་ནས་ཐེ་ཚོམ་མེད་ཅེས་པའི་བར་གྱིས་

ཚོགས་བདག་གི་རིགས་ལས་བྱུང་བའི་མཚན་ཉིད་དོ། །སོ་ནི་མི་མཉམ་པར་གནས་ཤིང་། །ཞེས་པ་ནི་སོ་རིང་དུ་འདུག་ཅེས་པའི་དོན་ཏོ། །ཚོགས་བདག་ནི་བགེགས་དགྲའོ། །མཁའ་འགྲོ་མ་ཡི་ཚོགས་འདི་དག །དཔལ་ཧེ་རུ་ཀའི་རིགས་ལས་བྱུང་། །

Vol. 16 · folio 194b

སྒྲུབ་པོ་རྣམས་ལ་ཕན་པའི་ཕྱིར། །མཚན་ཉིད་ཡང་དག་བཤད་པ་ཡིན། །ཞེས་པ་ནི་མཚན་ཉིད་རྣམས་དང་ལྡན་པ་ནི་མཁའ་འགྲོ་མའི་ཚོགས་དང་འབྲེལ་བའོ། །ཇི་ལྟ་བུར་གྱུར་ཞེས་པ་ལ། དཔལ་ཧེ་རུ་ཀའི་རིགས་ལས་བྱུང་། །ཞེས་པ་སྟེ། རྐྱེན་མེད་པའི་དཔལ་ཧེ་རུ་ཀའི་

རིགས་ལས་བྱུང་བ་ནི་རིང་པོར་བརྗོད་པའོ། །དང་ལ་སོགས་པའི་སྒྲས་ནི་བསྡུ་བ་ལ་སོགས་པའི་དོན་དུ་ཤེས་པར་བྱའོ། །མཚན་ཉིད་དང་རིགས་བསྡུས་པའི་ཡིད་ཀྱིས་ཇི་ལྟ་བར་ངེས་པ་ཡོད་པ་ནི་མ་ཡིན་ནོ། །ལེའུ་བཅུ་དྲུག་པར་མདོག་དང་དྲི་ལ་སོགས་པས་རྣལ་འབྱོར་མ་

བདུན་གྱི་རིགས་ཀྱི་དྲུག་པའོ། །བཅུ་བདུན་བར་མིང་ལ་སོགས་པ་བཟུང་བ་དང་ཐོད་པ་ལ་སོགས་པའི་རྟགས་ཀྱིས་བདུན་ནོ། །འདི་ཡང་མདོག་དང་དྲི་ལ་སོགས་པའི་རྟགས་ཀྱིས་བརྒྱད་དུ་འབྲེལ་བའོ། །སྡོམ་ནི་ཉི་ཤུ་རྩ་བརྒྱད་དེ་ཐམས་ཅད་ཀྱི་སྒྲ་ནི་ཕྱོགས་གཅིག་མ་ལུས་

པའོ། །བརྒྱད་པོ་ཐམས་ཅད་ནི་རྣལ་འབྱོར་མ་རྣམས་ཏེ་མདོག་དང་མཚན་ཉིད་དང་རྟགས་བརྗོད་པ་ནི་སྒྲུབ་པ་སྟེ། གང་གིས་དེ་ཡང་ཡིན་ལ་ལེའུ་ཡང་དེ་ཡིན་ནོ། །རྣལ་འབྱོར་མ་ཐམས་ཅད་ཀྱི་མདོག་དང་མཚན་མའི་ཆོ་གའི་ལེའུ་སྟེ་བཅོ་བརྒྱད་པའོ་ཞེས་བྱ་བ་ནི།

དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅོ་བརྒྱད་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་མཚན་ཉིད་བསྡུ་བ་སྟེ། གཞན་ཞེས་པ་ནི་མཚན་ཉིད་དོ། །ལཱ་མ་ནི་ལཱ་མའི་རིགས་ཀྱི་རྣལ་འབྱོར་ལ་ཞེས་པའི་དོན་ཏོ། །ནི་ནི་ངག་གི་རྒྱན་ནོ། །ཁྱད་

པར་ཞེས་པ་ནི་ལཱ་མ་ལ་སོགས་པའི་རིགས་ལས་བྱུང་བ་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་བརྗོད་ནས་ད་ནི་ལཱ་མའི་རིགས་རྣམས་ཁོ་ན་སྟོན་ཏེ་ཞེས་པ་ནི་ཁྱད་པར་རོ། །ཡན་ལག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་ཡན་ལག་གི་མཚན་ཉིད་དོ། །དེ་ཡང་དག་པར་བཤད་དོ་ཞེས་སྦྱར་རོ། །གྲུབ་

པོ་ཞེས་པ་ནི་བཞི་པ་ཕྱེ་བའོ། །དེའི་དོན་དུ་སྒྲུབ་པ་པོ་ཞེས་གཞུང་མང་ངོ་། །དེ་ཡང་དང་པོ་ནི་བཞི་པའི་དོན་ཉིད་དོ། །མཚན་ཉིད་ནི་བཞིན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཀྱིལ་འཁོར་ནི་ཟླུམ་པོའོ། །སྤུ་ནི་བ་སྤུ་མང་བ་ཡིན་ནོ། །གོས་བཟང་ཞེས་པ་ནི་

Vol. 16 · folio 195a

དྲི་མ་མེད་པའི་གོས་སོ། །གཙང་མ་ནི་དྲི་མ་མེད་པའོ། །མི་བསྐྱེད་པར་ངེས་པར་བྱ་བའི་དཔའ་བོའི་སྲིང་མོ་རང་ཞེས་པ་ནི་རྣལ་འབྱོར་མ་ཞེས་པའི་དོན་ཏོ། །དཔའ་བོའི་ཚ་མོ་ཞེས་པ་ནི་གཞུང་གཞན་ནོ། །གཅིག་ཉིད་ལ་མང་པོའི་ཚིག་གོ། །དེ་

མཐོང་ནས་ཕྱག་རྒྱ་བྱ་བའོ་ཞེས་པ་ལ་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐལ་མོར་གཏོགས་པའི་སོར་མོ་བཀུག་པ་ནི་པདྨའི་ཕྱག་རྒྱའོ། །ཡང་ན་ཞེས་པ་ནི་ཕྱོགས་གཞན་ནོ། །ཡང་ན་ནི་ངག་གི་རྒྱན་ནོ། །ལག་པ་གཡས་པ་བརྐྱང་སྟེ་བརྡེག་པར་བྱས་པ་དེའི་

སྟེང་དུ་གཡོན་པ་བསྐུམ་སྟེ་བཞག་པ་ནི་རུས་སྦལ་གྱི་ཕྱག་རྒྱའོ། །པགས་པ་དང་ནི་སྤྱི་བླུགས་ཉིད། །ཅེས་པ་ནི་གཡོན་པའི་ཕྲག་པ་ནས་འཕྱང་བའི་གཡོ་བའི་གོས་གཡོན་པའི་ལག་པས་འཛིན་པའི་ཚུལ་དུ་བྱེད་པ་ནི་པགས་པའོ། །ཁ་ཅིག་ན་རེ་མཆོད་ཕྱིར་ཐོགས་

པའི་རྩ་རུ་འགྲོ་བར་བྱེད་པའི་ཚུལ་དུ་བྱེད་པའོ་ཞེས་ཟེར། སྤྱི་བླུགས་འཆང་བའི་ཚུལ་དུ་བྱེད་པ་ནི་སྤྱི་བླུགས་སོ། །དང་ཉིད་ཀྱིས་ནི་ངེས་པར་བཟུང་བའོ། །པདྨའི་ཕྱག་རྒྱ་བྱེད་པ་ལ་པགས་པའི་ཕྱག་རྒྱ་བསྟན་པར་བྱའོ། །རུས་སྦལ་གྱི་ཕྱག་རྒྱ་བྱེད་པའི་སྤྱི་བླུགས་བསྟན་པར་

བྱའོ། །རྣལ་འབྱོར་མས་ཕྱག་རྒྱ་བསྟན་ན་རྣལ་འབྱོར་པས་ཕྱག་རྒྱ་བྱ་བ་ནི་ཕྱག་རྒྱའི་ལན་ནོ། །དགའ་ཞིང་ཞེས་པ་ནི་ཡི་གེའི་ལུང་གིས་སོ། །དཔལ་རྡོ་རྗེ་ཕག་མོ་དང་ལྡན་པ་ནི་ཧེ་རུ་ཀ་སྟེ་དེ་ལས་བྱུང་བའི་རྣལ་འབྱོར་མ་རྣམས་ཏེ་དཔལ་ལོ། །མཆུ་ནི་འཕྱང་ཞིང་ཞེས་བྱ་

བ་ལ་སོགས་པ་གཞན་རྐང་པ་གཡོན་པ་བསྐུམ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱིལ་ཀྲུང་ཕྱེད་མའི་གར་བསྟན་ནོ། །ཞེས་པའི་དོན་ཏེ་ཡོངས་བཟློག་པའོ། །ཁ་ཕྱིར་བལྟས་པའི་རང་བཞིན་ནི་གཉིས་པོ་འདི་ནི་ཕྱག་རྒྱའི་ལན་ནོ། །དུས་ཚིགས་ནི་བསོད་

ནམས་ཀྱི་དུས་སོ། །བཅུ་བཞི་པ་ལ་སོགས་པའི་དུས་སུ་དེ་བཞིན་གཤེགས་པ་དང་སློབ་དཔོན་ལ་སོགས་པ་མཆོད་པའོ། །འཇིག་རྟེན་དབང་ཕྱུག་ནི་འོད་དཔག་ཏུ་མེད་པའི་རིགས་སོ། །ཁུང་བུ་ལྟ་བུ་རྟག་ཏུ་མཁུར་ཚོས་ལ་ཡོད་པ་དེ་ནི་ཁུང་བུ་སྟེ། གཞུང་ཁ་ཅིག་ལས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words