དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 16 · folio 195b
མཁུར་ཚོས་ལ་ནི་བྱེའུ་འབྲས་སོ་ཟེར་རོ། །དེ་ལ་མཁུར་ཚོས་ཀྱི་ཁུང་བུ་ཞེས་བྱའོ། །མཐེ་བོང་སོར་མོ་ཐམས་ཅད་ཡང་དག་པར་མནན་ནས་སྡིགས་མཛུབ་ཏུ་བྱས་ནས་སྦྱར་བ་ནི་མདུང་གི་ཕྱག་རྒྱའོ། །དྲིལ་བུ་དཀྲོལ་བར་བྱེད་པ་ལྟ་བུ་ནི་དྲིལ་བུའི་ཕྱག་རྒྱའོ། །ཐུང་ཞིང་
ཞེས་བྱ་བ་ལ་སོགས་པ་ལ་གཞན་སྟོན་ཏེ། ཕྲག་པ་གཅིག་ནས་གོས་འཕྱང་བའི་ཚུལ་ཅན་གང་ཡིན་པ་དེ་ནི་ཕྲག་པ་ནས་གོས་འཕྱང་བའོ། །རྡོ་རྗེ་ཐལ་མོ་བྱས་ལ་གུང་མོ་གཉིས་བསླང་སྟེ་སྡིགས་མཛུབ་གཉིས་ཀྱིས་མིང་མེད་གཉིས་ལ་དཀྲིས་ལ་མཐེ་བོང་གཉིས་གཤིབ་
པར་བྱ་སྟེ་ཁ་ལ་ཉེ་བར་བཞག་པ་ནི་ཁའི་ཕྱག་རྒྱའོ། །གཡོན་པའི་ལག་པ་བཀན་ཏེ། མཐེའུ་ཆུང་ལ་སོགས་པ་གསུམ་བསྐུམ་ལ་མཛུབ་མོ་དང་མཐེབ་ཆེན་གཉིས་བརྐྱང་བ་ནི་དུང་གི་ཕྱག་རྒྱའོ། །གཡོན་པའི་ལག་པ་བསླངས་ཏེ་དེའི་སྟེང་དུ་གཡས་པའི་ལག་པའི་གྲུ་མོ་བཞག་པ་དེ་
མཐེབ་ཆེན་དང་མཛུབ་མོ་གཉིས་བསླང་ལ་སོར་མོ་གསུམ་བསྐུམ་པར་གཡས་པའི་ལག་པ་བཞག་པ་ནི་ཀླུའི་ཕྱག་རྒྱའོ། །གཉིས་པ་ཞེས་བྱ་བ་ནི་ཕྱག་རྒྱའི་ལན་ནོ། །དེའི་ཕྱིར་གསུངས་པ་ཕྱག་རྒྱའི་ལན་ཞེས་པ་ནི་གཉིས་པ་ལན་གྱི་ཕྱག་རྒྱ་རྣམས་ཀྱིས་སོ། །རྣམ་གྲངས་ལྔ་པོ་
ལཱ་མའི་རིགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་བརྗོད་པའི་བསྡུས་པས་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་ཀྱི་མཚན་ཉིད་དོ། །དེ་རྣམས་ཕྱག་རྒྱའི་མཚན་ཉིད་བསྟན་ན་ཕྱག་རྒྱའི་ལན་བྱའི་ཞེས་པ་ནི་ཁྱད་པར་རོ། །ནིའི་སྒྲ་ནི་ལ་སོགས་པས་དེ་མ་བརྗོད་པའི་དོན་ཡང་རང་ཉིད་
ཀྱིས་གོ་བར་བྱའོ། །ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་སྒོ་ནས་ལེའུ་བསྡུས་དོན་སྟོན་པ་ནི་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་སྒྲ་ནི་སྔ་མ་བཞིན་ནོ། །དེ་ལ་ཐམས་ཅད་ནི་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མ་དེ་རྣམས་ཀྱི་ཕྱག་རྒྱ་དང་རྣལ་
འབྱོར་པ་རྣམས་ཀྱི་ཕྱག་རྒྱའི་ལན་སྟོན་ཅིང་བརྗོད་པའི་ཆོ་ག་གང་ཡིན་པ་དེ་གང་གིས་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཅུ་དགུ་ནི་བཅུ་དགུ་པའོ། །ཏའི་རྐྱེན་ཕྱི་བའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཅུ་དགུ་པའི་དཀའ་འགྲེལ་ལོ།། །།
Vol. 16 · folio 196a
ལེའུ་བཅོ་ལྔ་པར་ཡི་གེའི་བརྡ་བསྟན་ནས་འདིར་ནི། ལག་པའི་བརྡ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་པ་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་བསྟན་པའི་རྗེས་སུའོ། །གཞན་ཡང་ཞེས་པ་ནི་ཡི་གེའི་བརྡ་
བསྟན་པའི་རྗེས་ལ་ལག་པའི་བརྡ་བསྟན་པར་བྱའོ་ཞེས་སྦྱར་རོ། །གཡོན་པའི་ལག་པ་ཞེས་པ་ནི་གཡོན་པའི་ལག་པས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་གཡོན་པའི་ལག་པ་ཉིད་ཀྱི་བརྡའོ། །ནིའི་སྒྲ་ནི་གཡས་པའི་ལག་པ་བསྒྲུབ་པར་བྱ་བ་ཡང་བཤད་དོ་ཞེས་ཤེས་པར་
བྱའོ། །མཁའ་འགྲོ་རྣམས་ཀྱི་མཚན་ཉིད་ནི། །དེའི་ཕྱིར་གཞན་ཡང་བཤད་པར་བྱ། །ཞེས་པ་ནི་གཞུང་གཞན་ཏེ་རྟོགས་པར་སླའོ། །བརྡ་ནི་གཡོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནི་ནི་ཉེ་བར་བཟུང་བའོ། །གསོང་པོར་སྨྲ་བ་ནི་ཕྱག་འཚལ་བའོ་ཞེས་དེ་
ཡིས་བརྗོད་པ་ཡིན་ནོ། །སྲིན་ལག་ཅེས་པ་ནི་གཡོན་པའི་ལག་པ་ཉིད་དོ། །འདི་ནི་ཁྱད་པར་གྱི་དོན་ཏེ། འདེབས་པ་ཡིན་ཞེས་བྱ་བ་ནི་ལྟོ་བ་དང་ལྕེ་ཡང་ནི་ཞེས་པ་ནི། །སྒྲའི་དོན་ནི་སྟོན་པར་བྱེད། །ཅེས་པ་ཡང་རྟོགས་པར་བྱའོ། །དེ་ཡིས་དེ་ཉིད་བརྗོད་པར་བྱ། །ཞེས་པ་ནི་
ཐམས་ཅད་དུ་སྦྱར་རོ། །ནམ་མཁའ་ལས་ཀྱང་འོངས་པ་ཡིན། །ཞེས་པ་ནི་བརྗོད་པར་འགྱུར་བའི་རྗེས་སུ་འཇུག་པའོ། །སོར་མོ་འཇུག་པ་ཞེས་པ་ནི་ཁ་རུ་ཞེས་ཤེས་པར་བྱའི་ནི་ནི་སྒྲའི་དོན་ཏོ། །ཕུས་མོ་ལ་ནི་རེག་ཅེས་པ་ནི་ནི་ཁྱད་པར་རོ། །གང་གི་ཕྱིར་ཅུང་ཟད་
འགྲོ་བས་ཕུས་མོ་ལ་རེག་ན་འདིར་ངལ་ལོ་ཞེས་དེ་བརྗོད་པ་ཡིན་ནོ། །འདིར་ངལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཡུལ་གྱི་ཁྱད་པར་དང་འབྲེལ་པར་གསུངས་སོ། །དེ་བཞིན་དུ་ཡང་བུད་མེད་ཀྱི་རྟགས་དང་སྐྱེས་པའི་རྟགས་དག་གི་དགོངས་པས་མཐུ་གང་ལ་སོགས་པ་ཡང་
དག་པར་བརྗོད་པའོ། །སོར་མོའི་རྩེ་མོ་ཞེས་པ་ནི་སོར་མོའི་རྩེ་མོར་རེག་པ་ཞེས་པའི་སྒྲ་ནི་དོན་འགའ་ལ་ཁྱད་པར་དུ་བརྗོད་པའོ། །དེ་ཡང་འདིར་དེ་ཉིད་ཀྱི་དོན་ཏོ། །མཁའ་ལྡིང་ཞེས་པ་ནི་སྣའི་རྩེ་མོའོ། །པཊྚི་ས་ཞེས་བྱ་བ་ནི་དཔའ་བོའི་དར་དཔྱངས་བཅིངས་པའི་རྣམ་
Vol. 16 · folio 196b
པར་གཡོན་པའི་ལག་པས་དཔྲལ་བར་སྟོན་པའོ། །སྐྲ་ཞེས་པ་ནི་དེ་ལ་གཡོན་པའི་ལག་པའི་བྱ་བ་ཉིད་ཀྱི་ཕྱིར་རོ། །རྣམ་བསྒྱུར་ཞེས་པ་ནི་ཁྲོ་གཉེར་ལ་སོགས་པ་བལྟ་ཞིང་རྣམ་པར་བསྒྱུར་བ་ཉིད་དོ། །དང་གིས་ནི་ཧཱུཾ་གི་རྣམ་པར་ཤེས་པར་བྱའོ། །ཁ་ཊྭཱཾ་ག་འཛིན་པའི་ཚུལ་
དུ་བྱེད་པ་ནི་ཁ་ཊྭཱཾ་ག་སྟོན་པའོ། །ཡན་ལག་རྣམ་པར་གཡོ་བ་ལ་བརྡར་བྱས་པའོ། །འདིར་གཡོན་པའི་ལག་པའི་བྱ་བ་མེད་པའི་མཐེ་ཆུང་གཉིས་བསྒྲེང་སྟེ་ཁའི་འགྲམ་གཉིས་སུ་རྡོ་རྗེའི་ཁུ་ཚུར་གཉིས་བཞག་པ་ནི་མཆེ་བ་གཉིས་སོ། །མཆེ་བ་གཉིས་གང་ཡིན་པ་དེ་ནི་མཆེ་
བ་གཉིས་ཀྱི་ཕྱག་རྒྱའོ། །གཏོར་མ་ཟ་ཞེས་སྨྲ་ཞེས་པ་ནི་གཏོར་མའི་མཆོད་པ་ལ་གཏོར་མ་ཟ་ཞེས་པའི་དོན་ཏོ། །གཡོན་པའི་ལག་པ་ཉིད་ཀྱིས་ཐམས་ཅད་དུ་བྱ་བའོ། །གཡས་པའི་ལག་པའི་བརྡ་སྟོན་ཏེ། གང་ཞིག་ལག་གཡས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་
སླའོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་གཡོན་པའི་མཐེ་བོང་གིས་མིག་གཉིས་ཞེས་པ་ནི་བརྡར་བྱས་པའོ། །འདི་གཉིས་ནི་གང་ཅུང་ཟད་ཀྱི་བྱ་བའོ། །གང་ཡང་རུང་ཞེས་བྱ་བ་ལ་སོགས་པའི་གང་ཅུང་ཟད་ཕོ་ཉའི་ཕྱག་རྒྱའི་གཟུགས་བསྟན་པ་དེ་རྣམས་རྣལ་འབྱོར་མས་
བྱས་པ་ལ་རྣལ་འབྱོར་པས་ཕྱག་རྒྱའི་ལན་བྱའོ་ཞེས་པའི་དོན་ཏོ། །དེ་ཐམས་ཅད་བརྩམ་བྱ་ཞེས་པ་ནི་ཕྱག་རྒྱའི་ལན་ཞེས་པའི་དོན་ཏོ། །གང་གི་ཕྱིར་འདི་ནི་དངོས་པོ་ཡོངས་སུ་བཟུང་བར་ཁྱད་པར་གྱི་ཚིག་ཏུ་གོ་བར་བྱའི་ཐམས་ཅད་ཀྱི་སྒྲ་ནི་ཐུན་མོང་གི་ཚིག་གི་རྣལ་འབྱོར་མ་
ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱ་བརྡར་བྱས་པའི་ཆོ་ག་ཡིན་པ་དེ་སྟོན་པའང་ཡིན་ལ་ལེའུ་ཡང་ཡིན་པས་ན་རྣལ་འབྱོར་མ་ཐམས་ཅད་ཀྱི་ལག་པའི་ཕྱག་རྒྱའི་ཆོ་གའི་ལེའུ་ཉི་ཤུ་པ་སྟེ་ཉི་ཤུ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་པའི་
དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་ལག་པའི་ཕྱག་རྒྱ་བསྟན་པའི་རྗེས་ཐོགས་སུ་ང་ཡིས་བཤད་དེ་ཞེས་སྦྱར་རོ། །དེ་ཡང་རྣལ་འབྱོར་མ་རྣམས་ཇི་ལྟར་གྱུར་པ་ཡིན་ཞེས་པ་ལ། །གསང་བ་ཆེན་པོ་མཐོང་བ་ཡིན། །ཞེས་པ་ནི་གསང་བ་ཆེན་པོའི་རྣལ་འབྱོར་མ་རྣམས་ཏེ། གང་གི་
Vol. 16 · folio 197a
ཕྱིར་དེ་ལྟ་བུའི་བྱ་བའི་དོན་ཡིན་ཏེ། དེ་དེ་ལྟ་བུར་མཚོན་པ་ནི་སྤྱི་གཙུག་ལ་སོགས་པ་རིག་པའི་རང་བཞིན་ནོ། །དེ་ནས་ཡན་ལག་ཕྱག་རྒྱ་རྣམས། །ཞེས་པ་ནི་གཞུང་ཁ་ཅིག་གོ། །དེ་ནས་ཞེས་པ་ནི་སྔར་བཞིན་ནོ། །གང་གི་ཕྱིར། མཚན་ཉིད་ཤེས་པའི་རྣལ་འབྱོར་མ། །ཞེས་པ་ནི་
གཞན་ཡང་ཞེས་པའི་སྒྲའི་དོན་ཏོ། །དེ་ནི་ཉེ་བར་གཟུང་བའི་ཡན་ལག་རེག་པ་ལ་སོགས་པ་གང་ཡིན་པ་དེ་ཡན་ལག་ཕྱག་རྒྱའི་རྣལ་འབྱོར་མའོ། །སྤྱི་གཙུག་རེག་བྱེད་པ་ཞེས་པ་སྤྱི་བོའི་གཙུག་ཕུད་རེག་པ་ཙམ་ཉིད་ཀྱི་མཚན་ཉིད་དོ། །མགོ་ཞེས་པ་ནི་ལག་པས་རེག་པ་ཉིད་རབ་ཏུ་བསྟན་
པ་སྟེ། དེ་ལྟར་གཞན་ཡང་ངོ་། །སོ་ནི་སྟོན་ལ་ཞེས་པ་ནི་ལག་པས་མཆུ་གཉིས་ཕྱེ་བའོ། །ལྕེ་ཞེས་བྱ་བ་ནི་དེ་བཞིན་དུ་ཕྱིར་ཕྱུང་བའོ། །རྐེད་རྒྱབ་ཅེས་པ་ནི་འཕངས་ཀྱི་ཡན་ལག་དང་ཉིང་ལག་གི་མདོག་དང་འབྲེལ་བའོ། །ས་ཞེས་པ་ནི་ས་གནོན་གྱི་ཕྱག་རྒྱ་བསྟན་ཞེས་པའི་དོན་ནོ། །གསང་
བ་ཞེས་པ་ནི་ཆོས་འབྱུང་ངོ་། །འོག་ཅེས་པ་ནི་བཤང་བའི་ལམ་མོ། །མཐིལ་ནི་རྐང་མཐིལ་ལོ། །རྐང་མཐིལ་ཞེས་པ་གོ་སླའོ། །ས་གཞི་ཞེས་པ་ནི་ས་གནོན་གྱི་ཕྱག་རྒྱ་ཉིད་བསྟན་པའོ། །ནམ་མཁའ་ནི་བཞིན་ནམ་མཁའ་ལས་འོག་ཏུ་བལྟས་པ་ནི་དེ་བསྟན་པ་ཡིན་ནོ། །ཉི་མ་ནི་
སྟེང་དུ་བལྟ་བའོ། །ལག་པས་ནམ་མཁའ་ལ་ཆུའི་རྣམ་པའི་རི་མོའི་ཚུལ་བྱེད་པ་ནི་ཆུ་བོའི་ཕྱག་རྒྱའོ། །ལག་གཉིས་ནམ་མཁའ་ལ་གཡོ་བ་ནི་རྒྱ་མཚོའི་ཕྱག་རྒྱའོ། །ལྟ་བས་ནི་ཡན་ལག་ཕྱག་རྒྱའི་མཚན་ཉིད་ནི་ལྟ་བའི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་དོ། །དེ་སྟོན་པ་
གང་ཡིན་པ་ཡང་དེ་ཡིན་ལ་དེ་ལེའུ་ཡང་ཡིན་པས་ལྟ་བའི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་ལེའུ་ཉི་ཤུ་རྩ་གཅིག་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་གཅིག་པའི་དཀའ་འགྲེལ་ལོ།། །།དེ་ནས་གཞན་ཡང་ཞེས་བྱ་བ་ནི། སྤྱི་བོར་རེག་པ་ལ་
སོགས་པའི་ཕྱག་རྒྱ་བསྟན་པའི་རྗེས་སུ་ཡན་ལག་གི་ཕྱག་རྒྱ་བསྟན་པར་བྱའོ་ཞེས་སྦྱར་རོ། །འདུས་པ་དེ་ཉིད་ཅི་བྱེད་ཅེས་པ་ལ་ཁྱད་པར་ཞེས་གསུངས་ཏེ། ཁྱད་པར་ཅན་གྱི་ཡན་ལག་གི་ཕྱག་རྒྱ་ཞེས་པའི་དོན་ཏོ། །ཡན་ལག་ཕྱག་རྒྱའི་ཆོ་ག་གང་། །དེ་ནས་ཡང་དག་
Vol. 16 · folio 197b
རབ་བཤད་བྱ། །ཞེས་པ་ནི་གཞུང་གཞན་ནོ། །དེ་ནས་ཞེས་བྱ་བ་ནི་བསྡུ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཁྱད་པར་གྱིས་སོ། །སོར་མོ་གཉིས་ཀྱིས་ནི་བསྟན་པའོ། །ལེགས་འོངས་ཞེས་པ་ནི་མཛུབ་མོ་དང་གུང་མོ་གཉིས་བསྟན་པའོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི་ཡན་
ལག་དང་ཕྱག་རྒྱར་རབ་ཏུ་བཤད་ཅེས་པ་ནི་ཡན་ལག་གི་ཕྱག་རྒྱ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་ཐུན་མོང་དུ་ཡིན་ཞེས་པའི་དོན་ཏོ། །པོ་ཏང་གི་ཕྱག་རྒྱ་ནི། ཡན་ལག་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་ནི་གཞུང་གཞན་ནོ། །པོ་ཏང་གི་ཞེས་བྱ་བའི་མིང་ཅན་གྱི་ཕྱག་རྒྱ་དེ་ནི།
མཐེ་བོང་མཛུབ་མོ་རྩེ་སྦྱར་ལ། །མཛུབ་མོ་བག་བཀུག་མིག་གི་རྒྱ། །སྔགས་པས་གང་ལ་དེ་བསྟན་ཏེ། །དེ་ཡི་མོད་ལ་ཇི་སྲིད་འཚོའི། །གསང་བའི་དབང་འགྱུར་ཐེ་ཚོམ་མེད། །ཅེས་པ་ནི་མཐེ་བོང་དང་མཛུབ་མོ་གཉིས་ལག་གཉིས་སུ་གཏོགས་པ་རྩེ་མོ་སྦྱར་བ་ནི་ཁབ་
ལྟ་བུར་བྱས་ལ། སོར་མོ་ལྷག་མ་རྣམས་བསྐུམ་སྟེ་མཛུབ་མོ་ཅུང་ཟད་བསྐུམ་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ཕྱག་རྒྱའོ། །དེ་ནི་མིག་གི་ཕྱག་རྒྱར་ཤེས་པར་བྱའོ། །གང་ལ་ཞེས་པ་ནི་གང་ཡིན་པ་རྣམས་ལ་ཕྱག་རྒྱ་འདི་རྣལ་འབྱོར་པས་བསྟན་པའོ། །དེ་ཞེས་པ་ནི་དེ་གསང་བའི་
རྣལ་འབྱོར་མ་རྣམས་དེ་ཉིད་ཀྱི་དབང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །པོ་ཏང་གི་མིག་གི་ཕྱག་རྒྱས་ནི། ཇི་སྲིད་འཚོའི་བར་ཐེ་ཚོམ་མེད་ཅེས་པ་ནི། །མིག་གི་ཕྱག་རྒྱ་འདི་ལ་པོ་ཏང་གི་མིང་དུ་བྱས་པའོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་ཏུ་བསྟན་པ་ནི་རྣལ་འབྱོར་མ་སོ་
སོའི་ཡན་ལག་ཐ་དད་པ་དང་སྦྱར་རོ། །པོ་ཏང་ནི་སྔ་མ་བཞིན་ནོ། །སྤྱི་བོ་སྟོན་བྱེད་པ་ཞེས་པ་ནི་སྤྱི་བོ་བསྟན་པ་ཙམ་མོ། །ས་ཞེས་པ་ནི་བཤད་ཟིན་ཏོ། །ཁ་ནི་ཁའི་ཕྱག་རྒྱའོ། །འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཡན་ལག་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པ་ནི་ཐམས་ཅད་ཉིད་
ནི་རྣལ་འབྱོར་མའི་ཡན་ལག་གི་ཕྱག་རྒྱ་ཁོ་ན་སྟེ། ཐ་དད་པ་མེད་པའི་ཕྱིར་རོ། །དེ་ཐམས་ཅད་ཉིད་ཀྱི་ཞེས་པའི་དོན་ཏོ། །འདི་དག་ཅེས་པ་ནི་ཕྱག་རྒྱའི་ལན་ནོ། །ལས་ཀྱི་སྒྲའི་གསུམ་པ་སྟེ། །རྟགས་ངེས་པ་མེད་པའོ། །ཁྱད་པར་གྱི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་བརྗོད་པ་
Vol. 16 · folio 198a
གང་ཡིན་པ་དེ་ཡང་ཡིན་ལ། ལེའུ་ཡང་དེ་ཡིན་པས་ཁྱད་པར་དུ་ཡན་ལག་ཕྱག་རྒྱའི་མཚན་ཉིད་ཀྱི་ཆོ་གའི་ལེའུ་ཉི་ཤུ་རྩ་གཉིས་པ་སྟེ་ཉི་ཤུ་རྩ་གཉིས་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་གཉིས་པའི་དཀའ་འགྲེལ་ལོ།། །།
དེ་ནས་ཞེས་པ་ནི་ཡན་ལག་གི་ཕྱག་རྒྱའི་མཚན་ཉིད་བསྟན་པའི་རྗེས་སུའོ། །ཡང་དག་པར་རབ་བཤད་ཅེས་པ་ནི་མཚན་ཉིད་ཁོ་ན་རྗེས་སུ་འཇུག་སྟེ། འོན་ཀྱང་ལས་ཀྱི་ཚིག་གིས་སྔ་མ་བས་ཁྱད་པར་དུ་གྱུར་པའོ། །དེའི་ཕྱིར་གྱི་སྒྲས་ནི་ཁྱད་པར་གྱི་དོན་ཉིད་ཀྱི་ཕྱིར་རོ། །དེའི་
ཁྱད་པར་གྱི་མཚན་ཉིད་ཅི་ཞེས་པ་ལ་ཤེས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མི་རིང་བ་ཞེས་པ་ནི་མྱུར་བའོ། །དཔའ་བོ་ཞེས་པ་ནི་དཔའ་བོ་རྣམས་ཀྱི་ཞེས་པའི་དོན་ཏོ། །དཔའ་བོའི་སྲིང་མོ་ཞེས་པ་ནི་དཔའ་བོ་ཁོ་ནར་ཤེས་པར་ནུས་པའི་ཕྱིར་རམ། དཔའ་བོས་
དངོས་གྲུབ་ལེན་པའི་ཕྱིར་རམ། དམ་ཚིག་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་གཞན་ཡང་རབ་བཤད་པ། །མཁའ་འགྲོ་ཀུན་གྱི་མཚན་ཉིད་དེ། །ཞེས་པའི་གཞུང་ནི་གོ་སླའོ། །དེ་དངོས་གྲུབ་ཇི་ལྟར་སྟེར་ཞེས་པ་ལ་རྗེས་ཆགས་པ་ཞེས་གསུངས་ཏེ། དམ་ཚིག་ཅན་ནི་
མཚུངས་པར་དམ་ཚིག་ཅན་གྱི་རྣལ་འབྱོར་མ་གང་ཡིན་པ་རྣལ་འབྱོར་པས་མགུ་བར་བྱས་ནས་དེ་དཔའ་བོ་ལོངས་སྤྱོད་པའི་ས་གཞིར་འགྱུར་རོ། །དཔའ་བོ་ནི་སུ་བྷ་དྲ་རིམ་པ་སྟེ། དེ་ཉིད་ཀྱི་ལོངས་སྤྱོད་ནི་དཔའ་བོའི་ལོངས་སྤྱོད་དོ། །ནོར་འཛིན་ནི་རིན་པོ་ཆེ་འཆང་བ་སྟེ། ས་གཞི་
ནི་རིན་པོ་ཆེས་གང་བའི་སྟོབས་ཀྱིས་བླངས་ནས་ལོངས་སྤྱོད་དོ་ཞེས་དགོངས་སོ། །འོན་ཀྱང་གཞན་ཡང་གཞི་ནི་ས་གཞི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་བདེ་བ་གཟུང་བར་བྱ་བ་ནི་བཞིའོ། །ས་ནི་བརྩེ་བ་སྟེ། གང་གི་ཚེ་དེ་བརྩེ་བར་གྱུར་པ་དེའི་ཚེ། དེ་མཁའ་འགྲོ་
མ་བཞིར་བྱས་པ་ནི་ངེས་པར་གནས་སུ་བྱས་པ་རྣལ་འབྱོར་པའི་སྡོམ་པ་མཆོད་ཅེས་སྦྱར་རོ། །རྣལ་འབྱོར་ནི་ཐབས་དང་ཤེས་རབ་བོ། །མི་མཐུན་པའི་མོད་ལ་འདིས་ཡང་དག་པར་སྡོམ་པས་ན་ཞེས་སྦྱར་རོ། །ཡང་དག་ནི་བདེ་བ་སྟེ་རྣལ་འབྱོར་སྡོམ་པ་སྟེ། རྣལ་འབྱོར་སྡོམ་དེ་མཆོད་
Vol. 16 · folio 198b
པ་ནི་ལེན་པ་སྟེ། མཆོག་ཏུ་དགའ་བའི་རྗེས་སུ་ཡུལ་རྣམས་ལས་དབང་པོའི་གྲོང་ཁྱེར་ལོག་སྟེ། ཡིད་ཙམ་བདེ་བ་ཙམ་དམིགས་པ་གང་ཡིན་པ་དེ་དགའ་བྲལ་ལོ། །དེ་ཡང་ཡུལ་རྣམས་ལས་དབང་པོ་ཟློག་པ་སྟེ། ཡུལ་གྱི་དགའ་བ་དང་བྲལ་བའོ། །དེ་ཉིད་
མཐར་ཐུག་པར་གྱུར་པས་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་རང་བཞིན་རང་གི་ངོ་བོ་ཤིན་ཏུ་བདེ་བས་ཡོངས་སུ་གང་བ་དེ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་དགའ་བ་བླང་ངོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དེ་ཡང་ནོར་བུའི་ནང་དུ་གཏོགས་པའི་བྱང་ཆུབ་ཀྱི་སེམས་
བརྟན་པར་བྱས་པས་ཉམས་སུ་མྱོང་བཞིན་པ་ནི་གདམས་ངག་ཆེན་པོ་ལ་ལྟོས་ནས་རང་གིས་རྟོགས་པའོ། །དེའི་དོན་དུ་བླ་མ་དམ་པ་རྗེ་བཙུན་ཞབས་ཀྱི་པདྨའི་དྲིན་དགོས་པ་ཉིད་དོ། །དེའི་ཕྱིར་རྣམ་པར་རྟོག་པའི་ཡིད་ལ་ཡང་དག་པར་བསྡོམས་པ་ནི་སྡོམ་པ་
སྟེ། ལྷན་ཅིག་སྐྱེས་པའི་དགའ་བས་ཐབས་ཤེས་རབ་སྦྱོར་བས་དེ་གཉིས་ཉིད་ལ་དེ་ལྟ་བུའི་ཡེ་ཤེས་སྐྱེ་ཞེས་བྱའོ། །གང་དག་ལས་རིན་ཐང་མེད་པའི་ཡེ་ཤེས་སྐྱེ་བས་ན་ཐབས་དང་ཤེས་རབ་དེ་ཁོ་ན་ལ་རིན་པོ་ཆེར་གྱུར་བ་ལ་ཤེས་པར་བྱའོ། །མཁའ་འགྲོ་
མའི་མཚན་ཉིད་སྟོན་ཏེ་གོ་ཟློག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །མདུན་དུ་ན་ལྟ་བ་སྤངས་ནས་ཕྱིར་བལྟ་བ་ནི་གོ་བཟློག་པའི་ལྟ་བའོ། །འདིས་བཞིན་གྱི་གཟུགས་མི་སྡུག་པ་ཉིད་དུ་གསལ་བར་བྱས་པའོ། །རྟག་ཏུ་བཞིན་གྱི་སྨིན་མ་ནི་ཡོ་ཞེས་བྱ་བ་རྟག་ཏུ་
སྨིན་མ་ཡོ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་མྱུར་དུ་ཤེས་བྱ་བ། །དེ་བཞིན་མཁའ་འགྲོ་མ་ལས་བྱུང་། །ཞེས་བྱ་བ་ནི་སྣ་ཚོགས་ནི་ཤེས་པར་བྱ་བའོ། །མྱུར་བ་ནི་ཤིན་ཏུ་མྱུར་བའོ། །མཁའ་འགྲོ་མ་ནི་དེའི་བསམ་པ་མེད་པའོ། །བྱུང་བ་ནི་འགྲོ་བའོ། །དེ་དེ་བཞིན་
ཞེས་པ་ནི་དེ་ལྟ་བུར་གྱུར་བ་དག་གི་སྤྱོད་ཡུལ་མ་ཡིན་ཞེས་པའི་དོན་ཏོ། །སྣ་ཚོགས་ཉིད་སྟོན་པ་ནི་རྣམ་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གིས་ལམ་ནས་འགྲོ་ཞིང་དེ་ནས་གཞན་ཡང་ཕྱིར་འོང་བ་ནི་འཁྱིལ་པ་སྟེ། འཁོར་ལོ་ལྟ་བུར་འཁྱིལ་
Vol. 16 · folio 199a
བའོ། །དེའི་ཕྱིར་རྣམ་བསྒྱུར་ཞིང་རི་མོ་གསུམ་ནི་འགྲོ་བ་དང་འོང་བའི་ངོ་བོ་ཉིད་གང་ཡིན་པ་དེ་བཞིན་ཏེ་འཁྱིལ་བའོ། །ཡང་ཇི་ལྟ་བུར་ཞེས་བྱ་བ་ལ་ཡོངས་སུ་ཟླུམ་ཞེས་ཏེ་ཟླུམ་པོར་བསྐོར་བ་ཉིད་ཀྱི་ཕྱིར་རོ། །མཁའ་འགྲོ་མ་རྣམས་
ངེས་འགྲོ་བ། །ཞེས་བྱ་བ་ནི་ངེས་པ་ནི་ཤིན་ཏུ་ངེས་པའི་འབད་རྩོལ་ཅན་གྱི་མཚན་མ་ཐམས་ཅད་བལྟ་བའོ་ཞེས་བསྟན་པའི་ཕྱིར་དེའི་མཚན་མ་ཐམས་ཅད་མཚོན་པར་བྱ་ཞེས་གསུངས་སོ། །གློ་བུར་དུ་ནི་བཟློག་པར་འགྱུར། །ཞེས་པ་ནི་རྒྱུ་མཚན་མེད་པར་དགོས་
པ་ཡོད་བཞིན་དུ་སྨྲས་པ་ཐོབ་པས་ཁྱད་པར་དུ་བཟློག་པ་ཞེས་པ་ནི་འགྲོ་བའི་མཚན་ཉིད་དོ། །སྔར་བརྗོད་ཚིག་ནི་ཉམས་པར་བྱེད། །ཅེས་པ་ནི་སྔོན་དུ་ཚིག་བརྗོད་པ་དེ་ཉམས་པ་ནི་བྱེད་པའོ། །སྔ་ཕྱིའི་ཚིག་ལ་འབྲེལ་པ་མེད་པའི་ཚིག་གི་མཚན་ཉིད་ཅེས་བྱ་བའོ། །
དོན་མེད་ཚིག་ནི་ཉམས་པར་བྱེད། །ཅེས་པའི་གཞུང་ཡོད་དེ་གོ་སླའོ། །རྡོ་རྗེ་ལྟ་བུར་གསལ་བ་ནི། །ཞེས་པ་གསལ་བའི་མཚན་ཉིད་དོ། །སྒྲ་ནི་ཁུ་བྱུག་སྐད་ལྟར་གསལ་བ་ཞེས་པ་ནི་ངག་གི་མཚན་ཉིད་དོ། །ཁྱིམ་དུ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཁྱིམ་གྱི་མཚན་
ཉིད་སྟོན་ཏོ། །རྒྱལ་མཚན་ནུས་པར་རྟག་ཏུ་འགྱུར། །ཞེས་པ་ནི་རྒྱལ་མཚན་ནི་དབང་པོའོ། །དེའི་ནུས་པ་གང་ཡིན་པ་དེ་ནི་དེ་བཞིན་ཞེས་བྱ་བ་སྟེ་མེ་ལོང་གིས་མཚོན་པའོ། །ཁ་སྦྱོར་མེ་ལོང་ཡིན་ཞེས་བྱ་བ་ནི་ཁ་སྦྱོར་ཉིད་ནི་མེ་ལོང་ལ་རྟག་ཏུ་བལྟ་བ་ཞེས་བྱ་བའི་དོན་
ཏོ། །དེ་ནི་མེ་ལོང་གིས་མཚོན་པའོ། །མཚན་མ་དེ་རྣམས་ཤེས་པར་བྱ་བ་ནི་ཉེ་བར་བསྡུ་བའོ། །དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུར་གྱུར་པའི་མཚན་མ་རྣམས་སྦྱོར་བས་ཅི་ལྟར་ཤེས་ཞེས་པ་ལ་གང་གཟུགས་སུ་བྱས་པའི་མཁའ་
འགྲོ་མའི་མཚན་མའི་རང་བཞིན་ལ་གོམས་པས་དེའི་ཕྱིར་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྡན་པ་ཞེས་པ་ནི་ངེས་པར་རོ། །མཁའ་འགྲོ་མ་རྣམས་ཀྱི་མཆོག་ཅེས་པ་ནི་ཁྱད་པར་གྱི་མཚན་ཉིད་དང་ལྡན་པས་སོ། །གང་ཡིན་པ་ཅིག་ཉིད་ལ་མཚན་ཉིད་འདི་
Vol. 16 · folio 199b
རྣམས་ཏེ་གང་རུང་བ་ལའོ། །མཁའ་འགྲོ་མ་འགྲོ་བ་ལ་སོགས་པའི་ཁྱད་པར་གྱི་ཕྱག་རྒྱའི་མཚན་མ་ཁྱིམ་དུ་མེ་ལོང་ལ་སོགས་པའི་མཚན་ཉིད་མཚོན་པར་བྱ་བར་བརྗོད་པ་ཡང་དེ་ཡིན་ལ་ལེའུ་ཡང་དེ་ཡིན་པས་ན་མཁའ་འགྲོ་མའི་ཕྱག་རྒྱའི་མཚན་མ་མཚོན་པའི་
ལེའུ་དེ་ནི་ཉི་ཤུ་རྩ་གསུམ་པ་སྟེ་ཉི་ཤུ་རྩ་གསུམ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་གསུམ་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ནི་བསྡུ་བའོ། །སྒྲ་གཞན་གྱིས་ནི་བརྡ་བརྗོད་དེ། །ཞེས་སྦྱར་རོ། །ཡི་གེ་
བཅོ་ལྔ་པའི་བརྡ་བརྗོད་པ་ཉིད་ཀྱི་ཕྱིར་རོ། །ནི་ནི་ངག་གི་རྒྱན་ཏེ། སྒྲུབ་པ་པོས་བརྡ་ཤེས་པར་བྱའོ། །སྤུན་དང་ཞེས་པ་སྒྲུབ་པ་པོའི་ཁྱད་པར་རོ། །སྲིང་མོ་ཞེས་པ་ནི་རྣལ་འབྱོར་མའིའོ། །དེ་ནས་གཞན་ཚིག་བརྡ་ཡིན་ཏེ། །ཞེས་བྱ་བ་ནི་གཞན་ཡིན་ཏེ་གོ་སླའོ། །
པོ་ཏང་གི་ནི་གསོང་པོར་སྨྲ་བའོ་ཞེས་པ་ནི་གསོང་པོར་སྨྲ་བ་ནི་པོ་ཏང་གིའི་སྒྲའོ། །པྲ་ཏི་པོ་ཏང་གི་ནི་གསོང་པོར་སྨྲ་བའི་ལན་ནོ་ཞེས་བྱ་བའི་ཕྱིར་གསོང་པོར་སྨྲ་བ་ནི་ལན་ལ་ཡང་ཕྱག་འཚལ་བའི་ཁྱད་པར་རོ། །ག་མུ་ཞེས་པ་ནི་འགྲོ་བ་ཡིན་ནོ་ཞེས་པ་ནི་དེ་སྟོན་
པའོ། །ལུ་མུའི་སྒྲ་བརྗོད་པས་ནི་འོང་བར་སྟོན་པའོ། །ཁ་ཅིག་ནི་ལུམ་བུ་ཞེས་ཟེར་རོ། །དེ་ཧི་ནི་བརྗོད་པ་སྟེ་ཞེས་པ་ནི་ལུས་སུ་བརྗོད་པའོ། །གྲི་ཧཱ་ཎ་ནི་ཁྱིམ་དུ་བརྗོད། །ཅེས་པ་ནི་ཁང་བའི་མིང་ངོ་། །ཁ་ཅིག་ན་རེ་ཁང་པ་ཞེས་ཟེར་ཏེ་ཁང་པ་ཞེས་པ་ནི་སྣོད་དུ་
གྱུར་པའི་མིང་ངོ་། །སྔར་བརྗོད་པ་ཡིན་ཞེས་པ་ནི་ཐམས་ཅད་དུ་འཇུག་པའོ། །བཱི་ར་ཎཾ་ནི་སྙིང་ཉིད་དོ། །ཞེས་པ་ནི་སྙིང་ཞེས་པ་ལ་བཱི་ར་ཎའི་མིང་བྱས་པའོ། །གཞུང་ཁ་ཅིག་ལས་ཀཱ་ར་ཎའི་སྙིང་ཉིད་དོ་ཞེས་ཟེར་རོ། །སྙིང་ནི་ཀཱ་ར་ཎའོ། །ཉིད་ཀྱི་སྒྲས་ནི་
བསྡུས་པ་དང་ཉེ་བར་གཟུང་བའོ། །ཀཽ་ར་བཱ་ནི་གསོད་པ་ཡིན། །ཞེས་པ་ནི་གསོད་པ་ལ་ཀཽ་ར་བཱ་ཞེས་བརྗོད་པ་ཡིན་ནོ། །ཀཽ་ར་བཱའི་སྒྲས་ནི་བུད་མེད་ཀྱི་རྟགས་སོ། །གྷཎྜཱ་ཞེས་པ་ནི་པདྨའི་ལྟེ་བ་ཀ་ར་པི་ལ་གྷ་བི་ལི་མིང་བཏགས་པའོ། །ཤི་རོ་འགྲིགས་
Vol. 16 · folio 200a
པ་སྟེ་ཞེས་པ་ནི་དཀྲིགས་པའི་མི་ཤི་རོ་བྱས་པའོ། །ཀཱ་ར་ཎ་ཡི་ཕག་གི་སྐྲ། །ཞེས་པ་ནི་ཕག་པའི་སྤུ་ལ་ཀཱ་ར་ཎའི་མིང་བྱས་པའོ། །ཤྲ་བ་ཎ་ནི་རྣ་བའོ། །ཞེས་པ་ནི་དོན་ཇི་ལྟ་བ་བཞིན་དུ་བྱས་པའོ། །ཨ་མྲི་
ཏ་སྠཱ་ན་ནི་བསྲུབ་པའོ་ཞེས་པ་ནི་བདུད་རྩི་འབྱུང་བའི་གནས་ལ་བསྲུབ་པའི་སྒྲུབ་པའི་སྒྲས་བརྗོད་པའོ། །ས་མཱ་ག་མཱ་ནི་མིའོ་ཞེས་པ་ནི་མོའི་རྟགས་ཅན་གྱི་སྒྲ་སྟེ་མིང་བརྗོད་པའོ། །ཌཱ་ལི་ཀཱ་ནི་མཁའ་འགྲོ་མ། །ཞེས་ད་ནི། ཌཱ་ལི་ཀཱ་ལི་མཁའ་འགྲོ་མར་བརྗོད་པའོ། །
ན་ར་ཀ་ནི་དཀྱིལ་འཁོར་རོ། །ཞེས་པ་ནི་དཀྱིལ་འཁོར་ལ་ན་ར་ཀར་བརྗོད་པའོ། །ཨ་མུ་ཀཾ་ནི་དུར་ཁྲོད་དོ། །ཞེས་པ་ནི་དུར་ཁྲོད་ལ་མིང་བྱས་པའོ། །ཀཱ་ཁི་ལཱའི་ནི་མི་རྟགས་ཅན་གྱི་སྒྲ་སྟེ་དེ་ཡང་སྒོའི་མིང་ངོ་། །ཤྭ་ས་ནི་ན་བྲམ་ཟེའི་ཞེས་པ་ནི་བྲམ་ཟེའི་མིང་ངོ་། །
པ་རི་དྷི་ནི་རྒྱལ་རིགས་ས། །ཞེས་པ་ནི་རྒྱལ་རིགས་ཀྱི་མིང་ངོ་། །བི་ར་ཏི་ནི་རྗེའུ་རིགས། །ཞེས་པ་ནི་རྗེའུ་རིགས་ཀྱི་མིང་ངོ་། །ཀྲུ་ར་ནི་དམངས་རིགས་སོ་ཞེས་པ་ནི་དོན་ཇི་ལྟ་བའོ། །ཨ་ནྟ་སྨེ་ཤ་ཅན་ནོ་ཞེས་པ་ནི་སྨེ་ཤ་ཅན་གྱི་མིང་ངོ་། །པ་ཤུ་པི་ཀ་ནི་
ཁྱིམ་མོ་ཞེས་པ་ནི་ཁྱིམ་གྱི་མིང་ངོ་། །ཌཱ་ཀི་ནཱི་ཞེས་སྲིང་མོ་ཞེས་པ་ནི་གོ་སླའོ། །མེད་ཀམ་ནི་ཆུའོ་ཞེས་པ་ནི་ཆུའི་མིང་ངོ་། །གྲི་ཧཱ་ཎ་ནི་ཕྱག་རྒྱའོ་ཞེས་པ་ནི་ཕྱག་རྒྱ་མ་ནི་གྲི་ཧཱ་ན་ཞེས་བྱའོ། །ལྕེ་སོ་ལ་རེག་པ་ནི་ལྟོགས་པའི་དོན་སྟོན་པའོ་ཞེས་པ་ནི་ལྟོགས་པར་གྱུར་པས་
ཟས་སློང་ངོ་ཞེས་པའི་དོན་ཏོ། །ཏྲིཥྞ་ནི་དྲི་བསྒོ་བ་ནི་ཏྲི་ཥྞིའི་མིང་བྱས་པའོ། །ཀུ་ཏ་ནི་འོངས་པའོ་ཞེས་བྱ་བ་ནི་བརྡ་ཞེས་བྱའོ། །གནས་ཆེ་གེ་མོ་ཞེས་བྱ་བ་ནི་ལྔ་པའི་མཐའ་ཅན་གྱི་ཚིག་ཏུ་རང་བཞིན་གྱིས་གྲུབ་པ་ནི་ལན་བྱིན་པའི་མིང་ངོ་། །ཀ་ར་ཎ་ནི་མེ་ཏོག་ཅེས་པ་ནི་ཀ་ར་
ཎས་བརྗོད་པའོ། །ཏུ་ལ་མྦ་ནི་དགོད་པའོ། །ཞེས་པ་ནི་དགོད་ཅིང་བཞད་པ་ཞེས་པའི་དོན་ཏོ། །ནི་ནི་བསྡུས་པའོ། །ད་རོ་ནི་སོའོ་ཞེས་པ་ནི་སོར་བརྗོད་པའོ། །བྲི་བྚི་ནི་འགོག་པ་ནི་ཞེས་པ་ནི་འགོག་པ་ལ་བརྗོད་པའོ། །ཏྲི་པ་ཏི་ནི་རྣམ་པར་རིག་
Vol. 16 · folio 200b
བྱེད་ཅེས་པ་ནི་ཏྲི་པ་ཏི་བརྗོད་པའོ། །དྷུར་ཡུ་ནི་ཕྱི་རོལ་ཞེས་པ་ནི་ཕྱི་རོལ་གྱི་གནས་སུ་བརྗོད་པའོ། །མེ་གྷ་ནི་བདུག་སྤོས་ལ་དགའོ་ཞེས་པ་ནི་གོ་སླའོ། །སཱ་ནུ་ནི་རི་བོ་ཞེས་བརྗོད་པའོ། །ས་རི་ཏ་ཆུ་བོ་ཞེས་བྱའོ། །ཨཾ་གུ་ལ་ནི་ཡན་ལག་གོ་ཞེས་པ་ནི་སོར་
མོའི་གྲངས་སོ། །བེ་ད་ན་ནི་གདོང་ཞེས་པ་ནི་དོན་ཇི་ལྟ་བ་བཞིན་ནོ། །ར་རྫི་ཀ་ནི་ལྕེའི་ཞེས་པ་ནི་ལྕེ་རུ་བརྗོད་པའོ། །ཨ་དཱ་ནཱ་ནི་སོའོ། །ད་རི་ཡ་བོ་ནི་སོ་ཞེས་པ་ནི་བ་ས་གྷཾ་འདྲས་པའོ། །པཾ་ག་ཏི་ནི་རྒྱལ་མཚན་ཞེས་པ་ནི་རྒྱལ་མཚན་ལ་བརྗོད་པའོ། །ཚན་
དོན་ནི་ཕྲེང་བའོ་ཞེས་པ་ནི་ཕྲེང་བ་ལ་བརྗོད་པའོ། །ཙ་ལ་ནི་རླུང་ངོ་ཞེས་པ་ནི་རླུང་ལ་བརྗོད་པའོ། །པ་ཤུ་ནི་རི་དགས་སོ་ཞེས་པ་ནི་རི་དགས་ལ་བརྗོད་པའོ། །པ་ཤུའི་སྒྲ་ལས་དང་པོའི་མང་པོའི་ཚིག་ཕྱིས་པའོ། །ཡཱ་ན་ཏི་ནི་དཀྱིལ་འཁོར་ཞེས་པ་ནི་དཀྱིལ་
འཁོར་ལ་བརྗོད་པ་སྟེ། ན་ར་ཀ་ཡང་ངོ་སའམ་བཞི་མདོ་ཞེས་པ་ནི་བཞི་མདོ་ལ་བརྗོད་པའོ། །ཕལ་གུ་ཥཾ་ནི་སྐྱེ་འགྲོ་ལ་བརྗོད་པའོ། །སྒྲའི་རྟགས་ལ་རང་དབང་མེད་པའོ། །མ་ཧཱ་ཨཀྵ་ར་ནི་རོ་ཆེན་པོ་ཞེས་པ་ནི་མིའི་རོ་ལ་བརྗོད་པའོ། །མ་ཧཱ་པ་སུ་རའི་ཞེས་པ་
ནི་ར་ཉིད་ནི་ར་སྟེ་དེ་ཡང་མི་བརྗོད་ཅེས་པ་ནི་ཐམས་ཅད་དུ་སྒྲའི་གཉིས་པར་གོ་བར་བྱའོ། །ནཱ་ནི་མིའོ་ཞེས་པ་ནི་ནཱའི་སྒྲ་ནི་སྐྱེས་བུའི་ཚིག་སྟེ། སྒྲ་མོ་རྟགས་ཅན་ནོ། །ཁ་ཅིག་ལས་ནྲི་ཞེས་ཟེར་རོ། །གོ་ནི་གླང་ངོ་ཞེས་པ་ནི་ཡང་ག་བཱིའི་སྒྲ་དོན་མེད་པའོ། །
མ་ནི་མ་ཧེའི་ཞེས་པ་ནི་མ་ཧི་ཥའི་སྒྲ་ནི་ཕྱོགས་གཅིག་པའོ། །བྷུ་ནི་ཟ་བའོ་ཞེས་པ་ནི་འདི་ཡང་བུད་མེད་རྟགས་ཅན་ནོ། །ཟན་ནི་ད་ལྟར་བཟའ་བར་བྱའོ་ཞེས་བྱ་བའི་ཚིག་གིས་སོ། །ཧཱ་ནི་རྣམ་གྲངས་སོ་ཞེས་བྱ་བ་དང་། ཁ་ཅིག་ཏུ་ཡའ་འོ་ཞེས་པ་ནི་རའི་
སྒྲ་ནི་ཟ་བའི་རྣམ་གྲངས་ཏེ། འདི་བུད་མེད་ཀྱི་རྟགས་ཅན་གྱི་སྒྲའོ། །ཧཱ་ཡཱ་ནི་ནུས་པ་ལས་སོ་ཞེས་བྱ་བ་ནི་ཚིག་གིས་སོ། །ཨ་བྱ་ཀ་ནི་རྒྱལ་པོ་ལ་རེག་པ་ཞེས་པ་ནི་རྒྱལ་པོ་འི་མི་ཡུལ་མ་ཡིན་ཞེས་པའི་དོན་ཏོ། །ཨ་བྱ་ཀ་ཡང་ངེས་པར་ཞུགས། ཞེས་
Vol. 16 · folio 201a
བསྟན་པའི་ཕྱིར་རོ། །བ་ན་ནི་གནས་པ་ཞེས་པ་ནི་རྐྱེན་མེད་པའི་གནས་པའི་ཚིག་ཏུ་བརྗོད་པའོ། །ཁ་ལ་རེག་པ་ནི་ཟོས་སོ་ཞེས་པ་ནི་ཁ་ལ་རེག་པས་ཟོས་སོ་ཞེས་པར་བསྟན་པའོ། །སོ་ལ་རེག་པས་ནི་ཚིམ་མོ་ཞེས་པ་ནི་གོ་སླའོ། །ཧོ་ནི་རྣམ་གྲངས་སོ་ཞེས་པ་ནི་ཁ་
ཅིག་ན་རེ་ཚིམ་པའི་རྣམ་གྲངས་སོ། །ཧྲི་ནི་ངོ་ཚ་བའོ་ཞེས་པ་ནི་རོལ་བ་ལ་བརྗོད་དོ། །སྟོང་པ་ལ་རེག་པ་ནི་འདོད་པ་ལ་སྤྱོད་ཅིག་ཅེས་པ་སྟེ་གོ་སླའོ། །བརླ་ལ་རེག་པ་ནི་སྟོང་ཉིད་དུ་ཞེས་པ་ནི་སྔོན་གྱི་དུས་ཉིད་དུ་བྱས་སོ་ཞེས་དགོངས་སོ། །འོག་ན་ཞེས་བྱ་བ་ལ་སོགས་པ་ལ་འདི་ལས་གཞན་དུ་གྱུར་པ་
ཕྱག་རྒྱ་དང་ཕྱག་རྒྱའི་ལན་མེད་ཅིང་བརྡ་ཡང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་གཟུགས་ཅན་མ། །སྡེ་ཚན་བཞི་པོ་དེ་ཐམས་ཅད་ཀྱང་བརྡའི་ཚིག་གོ། །ཌཱ་ཞེས་བྱ་བ་ནི་སྐྱེས་བུར་དྲན་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་དང་པོར་གྱུར་པ་
གང་ཡིན་པའི་ཡེ་ཤེས་ལ་སོགས་པའི་ཚོགས་སྡེ་ཚན་བཞི་པོ་དེ་ཡང་ཐམས་ཅད་བརྡ་བྱས་པའི་ཚིག་གིས་ཐམས་ཅད་བརྡར་བྱས་པའོ། །དེ་ཉིད་རྗོད་པར་བྱེད་པའི་ཆོ་ག་གང་ཡིན་པ་ནི་ལེའུ་དགུ་སྟེ་སྡེ་ཚན་བཞི་པོ་ཀུན་གྱིས་བརྡར་བྱས་པའི་ཚིག་གིས་བརྡ་ལ་སོགས་པ་བརྗོད་པས་དེ་རྣམས་
ཀྱི་མཐའ་མར་གྱུར་པའི་ལེའུའོ། །དང་པོའི་ལེའུ་ལ་ལྟོས་ནས་ཉི་ཤུ་རྩ་བཞི་པའོ། །ལེའུ་བཅོ་ལྔ་ལ་ལྟོས་ནས་བཅུ་པ་ཡང་ངོ་། །དེ་བོང་བུའི་རྣལ་འབྱོར་དཔལ་ཧེ་རུ་ཀར་བྱེད་པའི་ཆོ་གའི་ལེའུ་བཞག་སྟེ་ལེའུ་བཅུ་པོའི་བསྡུས་པའི་དོན་བསྟན་པའོ། །ལུགས་ལས་བྱུང་པ་
དང་། ལུགས་ལས་བཟློག་པའི་ཞེས་པ་ནི་དོན་གཞན་ནོ། །དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་རིམ་པས་འཁོར་ལོ་གསུམ་ལ་སོགས་པའི་རྣལ་འབྱོར་མ་རྣམས་གནས་ཇི་ལྟར་བསྒོམ་ཞིང་གཡོན་སྐོར་དང་གཡས་སྐོར་དུ་དགོད་དོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་
སྡོམ་པའི་ལེའུ་ཉི་ཤུ་རྩ་བཞི་པའི་དཀའ་འགྲེལ་ལོ།། །།སྔོན་དུ་བསྡུས་པའི་རྩ་བའི་སྔགས་ནི་ཇི་ལྟ་བུ་ཅིའི་དོན་དུ་སྦས་ཞེས་རང་གི་དོགས་པ་བསུ་བའི་དོན་དུ་དེ་ནས་ཀྱི་སྒྲའོ། །དེའི་ཕྱིར་དོན་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་འདིར་སྔགས་སྦ་བྱ་ཞེས་སྦྱར་རོ། །གང་
Vol. 16 · folio 201b
གི་དོན་དུ་སྦས་ཞེས་པ་ལ་ཐམས་ཅད་དུ་དོན་རྣམས་ཀྱི་ཡུལ་ལ་ཆགས་ཤིང་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཡུལ་དོན་དུ་གཉེར་བས་དོན་ལྟོས་ཞེས་པའི་དོན་ཏོ། །དེ་ཡིས་འཕྲལ་དུ་བསྒྲུབ་པར་མི་ནུས་ཏེ་དེའི་ཕྱིར་བདུད་ཀྱིས་བྱིན་གྱིས་རློབ་པོ་ཞེས་དགོངས་སོ། །དེ་ཇི་ཙམ་ཞེས་
པས་བརྒྱད་ཅེས་གསུངས་ཏེ། རྐང་པ་བརྒྱད་ཉིད་ཀྱི་ཕྱིར་སྔགས་བརྒྱད་དོ། །སྦས་པའི་སྒྲ་ལས་དང་པོའི་མང་པོའི་ཚིག་ཕྱིས་པའོ། །མཐའ་རུ་རང་གི་ངོ་བོ་ཉིད་ཀྱི་སྒྲར་སྦྱར་རོ། །མོས་པ་དམན་པའི་སེམས་ཅན་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཉན་ཐོས་ཀྱི་དོན་ལ་ཡང་ལྟོས་སོ་ཞེས་
པའི་དོན་ཏོ། །དེ་ཡང་རང་ཉིད་དུལ་བ་དང་ཞི་བ་ཙམ་དོན་དུ་གཉེར་བའི་ཕྱིར་དམན་པ་ལ་མོས་པའོ། །མུ་སྟེགས་ངན་པས་ཀྱང་མི་ཤེས་པར་བསྟན་པའི་ཕྱིར་རོ། །དེའི་སེམས་ནི་དེའི་དོན་གྱི་བློའོ། །དེ་ནི་མིང་དེ་ལས་སྲུང་བའི་དོན་དེ་སྦས་སོ་ཞེས་དགོངས་སོ། །དེ་ལ་ཞེས་པ་ནི་རང་གི་
དོགས་པ་བསུ་བའོ། །འདི་ཞེས་པ་ནི་རྐང་པ་བརྒྱད་པའོ། །སྦས་བྱས་ཞེས་པ་ནི་ཇི་ལྟར་ཤེས་ཞེས་པ་ལ་རྐང་པ་བརྒྱད་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་གསལ་པོར་ཡོད་པ་ལ་མི་གསལ་བ་ནི་གསལ་བར་བྱས་པ་སྟེ། སློབ་དཔོན་མེད་པར་འཇུག་
པར་མི་རིགས་ཏེ། སྔགས་ཀྱི་ཚུལ་ལ་ནི་དངོས་གྲུབ་ཉམས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སྔགས་ནི་ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་རྒྱལ་པོ་དང་བསྲེས་པར་གྱུར་པའི་རྩ་བའི་སྔགས་གཉིས་འདིར་སྦས་པའོ། །ཧུཾ་ཧཱུཾ་ཕཊ་གཉིས་དང་སྦྱར་རོ། །གཉིས་པོ་ཡང་འདིར་
ཧུཾ་ཧཱུཾ་ཕཊ་ཅེས་གསུངས་སོ། །དེའི་ཕྱིར་རྩ་བའི་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྩ་བའི་སྔགས་ཀྱི་བདག་ཉིད་ཐམས་ཅད་ནི་རྩ་བའི་སྔགས་ཀྱི་བདག་ཉིད་ཐམས་ཅད་དེ། དེ་སྦས་པ་ནི་གསང་བར་གྱུར་པའོ། །ངོ་བོ་ཉིད་ལ་ཎྱུཊའི་རྐྱེན་བྱིན་པའོ། །ཡི་གེ་རེ་རེ་བཏུས་པ་ནི་སྦས་པའི་
དེ་རྗོད་པར་བྱེད་པ་གང་ཡིན་པ་དེའམ་གང་ལ་དེ་ཡང་ཡིན་ལེའུ་ཡང་ཡིན་པས་རྩ་བའི་སྔགས་ཐམས་ཅད་སྦས་པའི་ཆོ་གའི་ལེའུ་སྟེ་བར་གྱི་ཚིག་ཕྱིས་པའོ། །ཉི་ཤུ་ལྔ་པའི་ཞེས་པ་སྟེ་དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་ལྔ་པའི་དཀའ་འགྲེལ་ལོ།། །།
Vol. 16 · folio 202a
ད་ནི་སྔགས་ཀྱི་ཕན་ཡོན་སྟོན་ཏེ་དེ་ནས་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་ནི་རྩ་བའི་སྔགས་ལས་གཙོ་བོར་གྱུར་པའི་སྔགས་ཀྱི་ཚིག་གོ། །ཡོད་པ་ཞེས་པ་ནི་རྡོ་རྗེ་ཕག་མོ་སྟེ། དེ་ཡང་དག་པར་རྟོགས་ཤིང་རིག་པའམ་མེད་དོ་ཞེས་བསྟན་པ་ཡིན་ནོ། །སྔགས་ནི་རྩ་བའི་
སྔགས་ལ་སོགས་པའོ། །དེ་ཤེས་ནས་སྔགས་ཐམས་ཅད་ཡོངས་སུ་དོར་བའོ། །དཔལ་ཧེ་རུ་ཀའི་སྔགས་ཀྱང་དཔལ་ཧེ་རུ་ཀ་སྟེ་དེ་གཉིས་དབྱེར་མེད་པའི་ཕྱིར་རོ། །ལེའུ་བཞི་པ་ལས་བསྟན་པའི་བརྩོན་ཆེན་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་གོ་རིམས་བཞིན་དུ་བཀོད་པ་སྟོན་ཏེ། རིམ་དང་རིམ་
མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་བཞིན་ནི་གོ་རིམས་བཞིན་དུའོ། །གཞན་གྱི་མིང་ཉིད་ནི་རིམ་ཡིན་ཏེ། གོ་རིམས་མ་ཡིན་པའོ། །དེ་ལ་སྔར་གྱི་རྣལ་འབྱོར་མ་རྣམས་ཡང་དག་པར་ཉེ་བར་གནས་པར་སྟོན་པའོ། །ད་ནི་གོ་རིམས་བཞིན་དུ་དགོད་པར་བྱའོ་ཞེས་བསྟན་པའི་ཕྱིར། འོག་དང་སྟེང་དང་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོག་ཉིད་སྟེང་དུ་བྱའོ་ཞེས་པའི་དོན་ཏོ། །རབ་ཏུ་གཏུམ་མོ་ལ་སོགས་པར་བརྗོད་པ་གང་ཡིན་པ་དེ་སྟེང་དུ་ཐུགས་ཀྱི་འཁོར་ལོ་ལ་སོགས་པ་དགོད་དོ་ཞེས་དགོངས་སོ། །དེས་ཅིར་གྱུར་ཞེས་པ་ལ་གྲུབ་རྟགས་སྟེར་ཞེས་གསུངས་ཏེ། དེ་ལྟར་བསྒོམ་བཞིན་པས་འགྲུབ་
པར་འགྱུར་ཞེས་དགོངས་སོ། །དེའི་ཕྱིར། བདག་གི་ཕོ་ཉ་མོ་ཀུན་འགྲོ། །ཞེས་གསུངས་སོ། །བདག་ནི་སེམས་སོ། །ཐུགས་ཀྱི་འཁོར་ལོ་ཞེས་པའི་དོན་ཏོ། །དེ་བདག་གིས་བརྩམ་པར་བྱའོ་ཞེས་པའི་དོན་ཏོ། །ཀུན་འགྲོ་ནི་འཁོར་ལོ་གསུམ་འགྲོ་བ་ཡིན་ནོ། །བརྩམ་པ་ཞེས་པ་འདི་ཕྱིས་པའོ། །ཕོ་ཉ་ཞེས་
པ་ནི་དང་པོའི་མང་པོའི་ཚིག་ལ་གཉིས་པའི་གཅིག་གི་ཚིག་གོ། །ནི་ནི་ཉེ་བར་བཟུང་བའོ། །ཕོ་ཉ་མོ་དེས་གྲུབ་ཀུན་སྟེར། །ཞེས་པ་ནི་ཕོ་ཉ་ནི་ཕོ་ཉ་མོའོ། །ཅི་ཞེས་པ་ལ་མཐོང་བ་དང་ནི་རེག་པ་དང་། །ཞེས་གསུངས་ཏེ། མཐོང་བ་ནི་ཉེ་བར་དམིགས་པ་སྟེ། དངོས་སུ་མངོན་དུ་བྱེད་ཅེས་པའི་དོན་ཏོ། །རེག་
པ་ནི་སེམས་ཀྱིས་བསྒོམ་ཞེས་པའི་དོན་ཏོ། །གང་གི་ཚེ་གཉིས་སུ་གྱུར་པའི་ཚེ་དངོས་གྲུབ་ཐམས་ཅད་སྟེར་རོ་ཞེས་པའི་དོན་ཏོ། །ཙུམཱ་ན་ཞེས་པ་ནི་འོ་བྱེད་པའོ། །འཁྱུད་པ་ཞེས་པ་ནི་འཁྱུད་པའོ། །ལས་ལུཊའི་རྐྱེན་བྱིན་པའོ། །རྣལ་འབྱོར་གནས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གྱི་གནས་
Vol. 16 · folio 202b
སོ། །ཁྱད་པར་ཉིད་ཅེས་པ་ནི་འདོད་པའི་བསྟན་བཅོས་ལས་གསུངས་པའི་འཆིང་བ་ལ་སོགས་པའི་ཁྱད་པར་རོ། །ཇི་སྲིད་ཅེས་པ་ནི་གནས་ལ་སོགས་པ་ལྷག་མ་མ་ལུས་པར་རྟོགས་པའོ། །ཇི་ཙམ་ཞེས་པ་ལ་རྣལ་འབྱོར་ཚོགས་རྣམས་ཞེས་གསུངས་ཏེ། རྣལ་འབྱོར་མའི་ཚོགས་ཞེས་པའི་དོན་
ཏོ། །ཅི་བྱེད་ཅེས་པ་ལ། ཐམས་ཅད་དངོས་གྲུབ་བྱེད་པར་དྲན། །ཞེས་གསུངས་ཏེ། དངོས་གྲུབ་ཐམས་ཅད་བྱེད་པར་དྲན་པ་ནི་མ་ནིང་གི་རྟགས་ཉིད་ཀྱི་གཅིག་གི་ཚིག་གི་མཐའ་ཉིད་དུ་སྤྱད་པ་ཉིད་དེ། བདེ་བར་གཤེགས་པའི་ལུང་ནི་ཚིག་ཡིན་པའི་ཕྱིར་རོ། །ཡང་ན་དང་པོའི་མང་པོའི་ཚིག་ཉིད་ཀྱང་ཨའི་
ཐིག་ལེ་གཅིག་དང་ཐུང་བ་ཉིད་ཕྱིས་པ་ནི་ངེས་པའི་ཚིག་བྱས་པའོ། །བདེན་པ་ཅན་དུ་ཀུན་ལ་བྱིན། །ཞེས་པ་ནི་ཐམས་ཅད་དུ་བདེན་པར་གྱུར་པ་ཡིན་པ་འདིས་དེ་ནི་དེ་བཞིན་དུ་ཙཱ་རུ་བཟའ་བ་ལ་སོགས་པའོ། །དེ་དེ་བཞིན་དུ་མཚོན་པ་དེ་ལ་སྦྱིན་པར་བྱའོ། །དེ་ནས་དེས་གྲུབ་པོ་ཞེས་སྟོན་ཏེ། གཞན་དུ་ནམ་
ཡང་མ་ཡིན་ནོ། །ཞེས་གསུངས་སོ། །ནི་ནི་ཉེ་བར་གཟུང་བའོ། །འདིས་མ་ལ་སོགས་པ་གཞན་གྱི་རྣལ་འབྱོར་མ་བསྙེན་ཞིང་རྩེ་བ་ཉིད་དུ་གསལ་བ་ཉིད་དུ་ཉེ་བར་སྟོན་ཏེ། མ་དང་སྲིང་མོ་བུ་མོ་དང་། །ཆུང་མ་ཕོ་ཉ་མ་རུ་གནས། །ཞེས་གསུངས་ཏེ། ཆུང་མ་ཞེས་པ་ནི་བག་མ་གཅིག་པུའོ། །གང་ཞིག་རྟག་
ཏུ་སྔགས་སྦྱིན་པ། །དེ་ཉིད་དེ་བཞིན་རྟག་ཏུ་དྲན། །ཞེས་པ་ནི་གང་ལ་རྣལ་འབྱོར་པས་རྣལ་འབྱོར་མ་ལ་སྔགས་ཀྱི་བདག་ཉིད་བྱིན་ལ་དེ་ཁྱེར་ཏེ། དངོས་གྲུབ་གྲུབ་པར་བྱ་ཞེས་བསྒྲུབ་པར་བྱའོ། །དེ་ལ་སྦྱིན་པར་བྱ་བ་སྟེ། སྔགས་ཀྱི་ལུགས་ཀྱི་ཆོ་ག་དྲན་པས་དེ་དེའི་དོན་ཉིད་ཀྱི་ཕྱིར་རོ། །སྔགས་
ཞེས་པ་ནི་གསོང་པོར་སྨྲ་བ་ཡང་ཡིན་ནོ། །གཞན་ཡང་དམ་ཚིག་ཡང་དག་བཤད། །ཅེས་པ་ནི་དམ་ཚིག་ཅེས་པ་ནི་གཉིས་པའི་མང་པོའི་ཚིག་ཕྱིས་པའོ། །གཞན་ཉིད་ནི་བདུད་རྩི་རྣམ་པ་ལྔ་ལ་སོགས་པའོ། །མང་པོ་ཉིད་ལས་གཅིག་གི་ཚིག་གོ། །དམ་ཚིག་གཞན་ཡང་བདག་གིས་བཤད། །ཅེས་པ་
ནི་གཞུང་གཞན་ཡང་དེ་བཞིན་ནོ། །དམ་ཚིག་གཞན་ཡང་ནི་རྐྱེན་ཕྱིས་པའོ། །དེ་ནས་ཀྱི་སྒྲ་ལ་ཨའི་རྐྱེན་གྱིས་ཕྱིས་པའོ། །དམ་ཚིག་ཅེས་པ་ནི་མ་ནིང་གི་རྟགས་སུ་བསྟན་པའམ་དམ་ཚིག་ནི་གཡོན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེས་པ་ནི་སྐྱེས་བུ་སྟེ། གཡོན་དུ་སྐྱེས་
Vol. 16 · folio 203a
པའམ་བུད་མེད་བཞག་ནས་གཞན་སྐྱེས་པའམ་བུད་མེད་འགྲོ་བ་གང་ཡིན་པ་དེ་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་མའམ་རྣལ་འབྱོར་པར་ཤེས་པར་བྱའོ། །དེའི་ཕྱིར་ཡང་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་ངེས་པ་ཡིན་ནོ། །དེ་བས་ན། ཤིན་ཏུ་རིང་ཡང་ཤེས་པར་འགྱུར། །
ཞེས་གསུངས་ཏེ། སྔོན་དུ་བསྟན་པའི་མཚན་ཉིད་མ་མཐོང་ཡང་གཡོན་ནས་བསྐོར་ཞིང་འགྲོ་བས་མཚོན་པ་ནི་ཕོ་ཉའམ་ཕོ་ཉ་མོའོ། །ཕོ་ཉ་དེ་གང་ནས་ཞེས་པ་ལ་ཕོ་ཉ་ཞེས་བྱ་བ་ལ་ཁྱིམ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་ཧེ་རུ་ཀ་ལས་སྦྱོར་གཞན་མེད། །ཅེས་བྱ་བ་ནི་དཔལ་ཧེ་རུ་
ཀའི་མཆོག་ནི་གཙོ་བོ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དཔལ་ཧེ་རུ་ཀ་མཆོག་ནི་རྣལ་འབྱོར་མེད་པ་དེ་ནི་དེ་ལྟར་མི་འགྱུར་ཏེ། དཔལ་ཧེ་རུ་ཀ་ཉིད་ཀྱི་རྣལ་འབྱོར་ནི་མཆོག་གི་རྣལ་འབྱོར་རོ་ཞེས་དགོངས་སོ། །རྣལ་འབྱོར་འདིས་ནི་སློབ་དཔོན་ནོ། །རྣལ་འབྱོར་མ་ནི་རྣལ་འབྱོར་ཏེ། །གཙོ་བོ་ཞེས་པར་སྦྱར་
རོ། །ཅི་ཞེས་པ་ལ་རྒྱུད་འདི་རུ་ནི་སྒྲུབ་པ་པོ་ལེགས་པར་གྱུར་པ་ཉིད་ཡིན་ཏེ་ཞེས་གསུངས་སོ། །འདིར་ཞེས་པ་ནི་རང་གི་ངོ་བོ་ཉིད་ཀྱི་གནས་སྐབས་སོ། །ལེགས་པའི་སྒྲ་ནི་དང་པོའི་མང་པོའི་ཚིག་སྲོག་མེད་ཀྱི་མ་བྲིས་པའོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་ཤིན་ཏུ་སྒྲུབ་པ་པོ་ནི་ལེགས་པ་ཉིད་ཡིན་
ནོ་ཞེས་པའི་དོན་ཏོ། །དེའི་ཕྱིར་བརྙས་པ་མི་བྱ་བ་ནི་ཆུང་ངུར་བགྱི་བར་མི་བྱའོ། །སྤང་བར་མི་བྱ་བ་ནི་སྨད་པར་མི་བྱའོ། །དེ་བས་ན་གུས་པས་མཆོད་པར་བྱའོ། །བདོག་པ་ཇི་ལྟ་བུས་ཞེས་པའི་དོན་ཏོ། །གུས་པ་ཉིད་སྟོན་ཏེ། སྐྱེ་འགྲོ་ཞེས་བྱ་བ་ལ་ཁ་གདོང་མ་ལ་སོགས་ཞེས་གསུངས་ཏེ། ཁྭ་གདོང་
མ་ལ་སོགས་པ་ལྷ་མོ་བརྒྱད་པ་འདི་གུས་པ་དང་དད་པ་འཕེལ་བར་བྱེད་པ་ཡིན་ནོ། །དེ་ཡང་དངོས་གྲུབ་རྣམས་ཀྱི་རྒྱུ་ཡིན་ནོ། །དེ་ལ་ཁྭ་གདོང་མ་ལ་སོགས་པའི་གཟུགས་དངོས་གྲུབ་ཀྱི་རྒྱུ་བརྒྱད་པོ་དེ་གང་ཡིན་ཞེས་པ་ལ། དམ་ཚིག་རྣམས་ཞེས་པ་ལ་སོགས་པ་གསུངས་སོ། །ཀྱང་ནི་ཉེ་བར་
གཟུང་བའོ། །དམ་ཚིག་སྐྱོང་བ་ནི་དང་པོའོ། །གཞན་ཉིད་དང་ཡང་དག་པར་སྦྱོར་བ་ལས་ལོག་སྟེ་ཅི་ལྟ་བུར་གྱུར་པ་ལ་ཡོད་ཅེས་པ་ལ། འདོད་ལ་ཆགས་པར་གྱུར་པ་དང་། །ཞེས་པ་ལ་སོགས་པ་གསུངས་སོ། །འདོད་པ་ནི་ཡུལ་ཏེ་དེ་ལ་རྨོངས་པ་ནི་དང་པོར་ཞུགས་ནས་ཕྱིས་ལོག་གོ་ཞེས་དགོངས་སོ། །
Vol. 16 · folio 203b
དེ་ལས་ལོག་པ་ནི་གཉིས་པའོ། །གང་ལ་གཉིས་ཀྱི་རྣམ་པར་རྟོག་པ་མེད་པ་དེ་ནི་གཉིས་མེད་རྣམ་པར་མི་རྟོག་པ་ཉིད་ད་གསུམ་པའོ། །དང་པོ་ནི་བསྡུ་བའོ། །གནོན་པ་ནི་གནོན་པར་བྱེད་པ་སྟེ་ཁས་བླངས་པ་ནི་གྲུབ་བའི་མཐར་གནས་པ་ལ་གནོན་པ་མེད་དེ། ལྷག་པར་མོས་པ་བསྟན་པ་ཉིད་
ཀྱི་ཕྱིར་རོ། །བཞི་པའོ། །དམ་ཚིག་རྣམས་ནི་རྣལ་འབྱོར་མ་རྣམས་སོ། །སྤྱོད་པ་ནི་འདོད་པ་བསྟེན་པ་ལ་སོགས་པའོ། །དེ་ལ་སྤྱད་པ་ནི་བྱ་བ་སྟེ་ལྔ་པའོ། །བུད་མེད་དབང་ཕྱུག་མི་སྲུབ་མིན། །ཞེས་པ་ནི་དབང་ཕྱུག་ཉིད་ནི་དབང་ཕྱུག་སྟེ། འཕེལ་བའི་སྒྲ་ནི་མི་རྟག་དེ། དབང་ཕྱུག་མ་ཡིན་པ་ནི་མ་ཡིན་ཏེ། མིན་
ནི་མ་ཡིན་པའོ། །དབང་ཕྱུག་མ་ཡིན་པ་ནི་མ་ཡིན་ནོ་སྒྲའི་རྐྱེན་མེད་པའོ། །ཅིའི་ཕྱིར་ཞེས་པ་ལ་བུད་མེད་བསྲུབས་པ་ཞེས་གསུངས་ཏེ། རྣལ་འབྱོར་མ་དང་རྡོ་རྗེ་པདྨ་བསྐྱོད་པའོ། །དེ་ལ་དབང་ཕྱུག་ཉིད་ནི་དྲུག་པའོ། །ཚངས་པར་སྤྱོད་པ་ཆགས་པ་མེད་པ་ལ་ཅི་ཞེས་པ་ཚངས་པར་སྤྱོད་པ་དེ་བཞིན་བླངས་ཞེས་
གསུངས་ཏེ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་བླང་བ་ནི་དེ་ལ་མངོན་པར་ཞེན་པ་མེད་པས་བླང་བ་སྟེ་བདུན་པའོ། །ཁྲོ་བ་མེད་པ་ནི་མི་ཁྲོ་བ་སྟེ། །ཁྲོ་བ་དེ་ལས་ཁ་ཕྱིར་བལྟས་པ་ཉིད་དོ་ཞེས་དགོངས་སོ། །རྒྱུད་ཀྱི་ནི་དབང་པོ་རྣམས་ཏེ། འདིར་ཀུན་དུ་སྤྱོད་པས་ན་ཀུན་སྤྱོད་པའི་ནི་ཡུལ་གྱི་གྲོང་ཁྱེར་ལའོ། །
དང་ནི་ཉེ་བར་གཟུང་བའོ། །ཡུལ་གྱི་གྲོང་མི་ཆགས་པ་ཁ་ཕྱིར་བལྟས་པ་ནི་རྒྱུ་སྟེ་བརྒྱད་པའོ་ཞེས་པ་ནི་རྒྱུ་རྫོགས་པའོ། །དངོས་གྲུབ་ཀྱི་རྒྱུ་བརྒྱད་པོ་འདི་གང་ལ་ཡོད་པ་དེ་རྣམས་གུས་པས་རབ་ཏུ་གནས་ནི་དེ་ཉིད་ལ་མཆོད་དོ། །ཅིའི་ཕྱིར་ཞེས་པ་ལ་དམ་ཚིག་སྤྱོད་པ་ཞེས་གསུངས་ཏེ། རྣལ་འབྱོར་
མའི་ཐ་སྙད་ཡིན་པའི་ཕྱིར་རོ། །དམ་ཚིག་ཡོངས་སུ་བསྐྱང་བ་ལ་སོགས་པའི་དམ་ཚིག་བརྒྱད་པོ་ནི། དངོས་གྲུབ་རྒྱུའོ་ཞེས་ཤེས་པར་བྱའོ། །སྒྲུབ་པ་པོ་སྒྲུབ་པ་ལ་གནས་པའི་དངོས་གྲུབ་ངེས་པར་བྱའོ། །རྒྱུད་ཀུན་གྱི་ནི་ཐུན་མོང་སྟེ། ཇི་ལྟར་འདི་རྣམས་དངོས་གྲུབ་ཀྱི་རྒྱུ་ཡིན་ཞེས་པ་
ལ། ཉམས་ཤིང་སྨད་པར་མི་བྱའོ། །ཞེས་གསུངས་སོ། །གང་གིས་གནོད་པར་མི་བྱ་ཞེས་པ་ལ་རྒྱུ་མེད་པར་ནི་ངེས་པའི་རྒྱུ་མངོན་སུམ་ལ་སོགས་པ་ཚད་མས་སོ། །གང་ཡང་ཐ་དད་པ་ཙམ་གྱིས་བླང་བར་བྱ་བ་ཉིད་ཀྱི་ཕྱིར་མིག་དང་ལག་པས་མ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་ཡང་སྦ་བ་ཉིད་དོ་
Vol. 16 · folio 204a
ཞེས་པས་ཕྱིར་གསང་བ་འདི་ནི་མི་བསྟན་ཅིང་ཞེས་བྱ་བ་དམ་ཚིག་བརྒྱད་དོ། །ཕོ་ཉ་ལ་རྗེས་སུ་ཆགས་པའི་ཆོ་ག་ནི་མཐེའུ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་རོག་གི་གདོང་མའི་རྩ་བནྡུ་ཀའི་མེ་ཏོག་ལྟ་བུར་གུར་གུམ་གྱི་མེ་ཏོག་དང་འདྲ་བས་ས་བོན་གང་ཡིན་པ་སྲིན་ལག་དང་གུང་མོ་
གཉིས་ཀྱི་རྩེ་མོ་ཁ་སྦྱར་ཞིང་བསྐྱོད་དེ། བསྐྱོད་པ་ནི་བསྐུལ་བའོ། །ཅིའི་དོན་དུ་ཞེས་པ་ལ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕོ་ཉ་མོ་ལ་ཡང་དག་པར་གནས་པའི་མྱོས་བྱེད་འཛག་པའོ། །སློབ་མ་ཡོངས་སུ་བརྟག་པ་ནི་དག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དག་པ་ནི་རྣམ་པར་དག་
པའི་བསམ་པ་ཅན་ནོ། །མ་དག་པ་ནི་ཕྱིན་ཅི་ལོག་གི་རྣམ་པར་འདྲེས་པ་དང་སྒྲུབ་པ་རྣམ་པ་གསུམ་མོ། །མཉེས་བྱེད་ཅེས་པ་ནི་ཡོན་ཏན་དང་ཡོན་ཏན་ཅན་དུ་ལས་དང་རྒྱུ་འབྲས་བུའི་འབྲེལ་པ་ལ་ཡིད་ཆེས་དང་ལྡན་པའོ། །རྣམ་པར་དག་པ་ནི་བསྟན་བཅོས་ལས་གསུངས་པ་རྗེས་སུ་ཁྱབ་པར་བྱེད་པའོ། །གསལ་
བྱེད་ནི་བློ་དང་ལྡན་པ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མེད་པའི་ཡོན་ཏན་དང་དེ་ལྡན་ན་ཡང་དེ་ཉིད་ཀྱི་ཕྱིར་མི་དེས་ནི་ལུས་ཤེས་པའོ། །སློབ་མ་ནི་རང་གིས་བསྟན་པ་ལ་ངེས་པར་སྦྱོར་བས་ཞེས་པ་ནི་སློབ་མ་ནི་དེ་རྣམས་ཀྱིས་ཡོངས་སུ་བརྟག་པ་ནི་ཡོངས་སུ་བརྟག་པ་སྟེ། ཡོན་ཏན་སྐྱོན་བལྟ་བ་སྟེ། སློབ་
མ་ཡོངས་སུ་བརྟག་པའོ། །སྡོམ་པ་དང་དམ་ཚིག་དག་སྟོན་པ་གང་ཡིན་པ་དེ་ཡང་ལེའུ་ཡང་དེ་ཡིན་བས་དེ་བཞིན་ནོ། །ཉི་ཤུ་རྩ་དྲུག་པའོ་ཞེས་བྱ་བ་ནི། །དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་དྲུག་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་དམ་ཚིག་དངོས་སུ་བསྐྱང་བ་ལ་སོགས་པ་དངོས་གྲུབ་
ཀྱི་མཚན་མ་དང་རྣལ་འབྱོར་མའི་མཚན་ཉིད་སྔགས་ཀྱི་ནུས་པའི་རྗེས་སུ་སྤྱོད་པའི་བརྟུལ་ཞུགས་ཡིན་ཞེས་ཤེས་པར་བྱའོ། །སྤྱོད་པ་ནི་རྣལ་འབྱོར་མའི་སྤྱོད་པ་སྟེ། དེའི་བརྟུལ་ཞུགས་ལ་གཅིག་ཏུ་རབ་ཏུ་འཇུག་པའོ། །དེ་ཡང་ཅི་བྱས་ནས་སམ་གང་གིས་སྤྱད་པར་བྱ་ཞེས་པ་ལ་དེ་ཡང་དཔའ་ཞེས་བྱ་བ་ལ་
སོགས་ཏེ། ནི་ནི་ཉེ་བར་གཟུང་བའོ། །རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་བྱེ་བྲག་ཏུ་ཤེས་པ་ཉིད་རྣལ་འབྱོར་མ་ཐམས་ཅད་ཀྱི་སྒྲུབ་པ་པོ་དཔའ་བོ་ཡིན་ནོ། །ཅིའི་ཕྱིར་གང་ཞེས་པ་ལ། །མྱུར་དུ་དངོས་གྲུབ་འཇུག་པར་འགྱུར། །གྲོང་དང་གྲོང་དུ་དེ་རབ་སོང་། །ཞེས་བྱ་བ་གསུངས་ཏེ། སྐྱེ་འགྲོ་རྣམས་ཚོགས་པ་ལ་རྣལ་འབྱོར་
Vol. 16 · folio 204b
པ་དེ་ཚོགས་ཀྱི་ནང་དུ་འགྲོ་བ་སྟེ་སོང་བའོ། །དེ་ན་ཕོ་ཉ་རབ་གནས་སོ། །ཞེས་བལྟ་བར་བྱ་སྟེ། མངོན་དུ་འགྱུར་ཞེས་དགོངས་སོ། །དེ་ཅི་ལྟར་ཤེས་པར་བྱ་ཞེས་པ་ལ་གཟུགས་ཉིད་ཀྱིས་མཚོན་པ་ཡིན་ཞེས་གསུངས་ཏེ། གཟུགས་ཉིད་ཀྱིས་མཚོན་པ་ནི་རྟོགས་པའི་རྒྱུའོ། །དེ་ཡང་སྔར་བསྟན་པའོ། །ཕོ་ཉ་དག་དང་རལ་
གྲིའི་སོའི་བརྟུལ་ཞུགས་འདི་གཉིས་ནི་དག་བྱེད་དོ། །དེའི་ཕྱིར་བསོད་ནམས་འཕེལ་བྱེད་དོ། །གང་གིས་འདོད་པས་རལ་གྲིའི་སོའི་བརྟུལ་ཞུགས་དེ་ཉིད་དག་པར་བྱེད་དོ། །དེའི་བསམ་པ་ཁས་བླངས་ནས་བརྗོད་པའོ། །དེ་ལ་དག་བྱེད་ཅེས་པ་ནི་གཉིས་ཀྱི་བར་དུ་སོ་ཕྱུང་མ་ཐག་གི་རལ་གྲི་བཞག་ནས་འདོད་པ་ལ་ཡིད་སྤྲོ་བའི་
འདོད་མའི་ལམ་དུ་ཉལ་བ་ནི་རལ་གྲིའི་བརྟུལ་ཞུགས་སོ། །ཡང་ན་ཕོ་ཉ་དང་རལ་གྲིའི་སོ་བཞིན་འདྲ་བ་སྟེ། གོམས་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ཕོ་ཉ་རྣམས་མཐོང་བ་ནི་ཤིན་ཏུ་ཡང་དག་པར་བྱེད་དོ། །བསོད་ནམས་འཕེལ་བས་རལ་གྲིའི་སོ་ཡང་ཡིན་ཏེ། དོན་སྒྲུབ་པར་བྱེད་པ་ཡིན་ནོ། །དང་པོ་ནི་བསྡུ་བའོ། །དེའི་
ཕྱིར་ལེགས་པར་འདྲེས་བས་དངོས་གྲུབ་ཐོབ་ཅེས་པ་ནི་ཕོ་ཉ་མཐོང་བ་ལ་སོགས་པས་ལེགས་པར་འདྲེས་ན་སྒྲུབ་པ་པོ་དངོས་གྲུབ་ཐོབ་པའོ། །གང་ཞེས་པ་ལ་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུར་གྱུར་པའི་རྣལ་འབྱོར་མ་མཐོང་བ་ལ་སོགས་པས་ཕོ་ཉ་ཡང་གྲུབ་པ་ནི་ཕྱི་རོལ་གྱི་བཟླས་པ་དང་བསྒོམ་
པ་དང་མཆོད་པ་མེད་པར་ཡང་གང་ཡིན་པ་མངོན་དུ་འགྱུར་བའོ། །མྱུར་བ་ཉིད་ནི་བསྐལ་པ་བྱེ་བ་གྲངས་མེད་པ་ལ་སོགས་པ་དགག་པའོ། །ཡང་ན་སྔགས་ཀྱི་བཟླས་པ་དང་དཀྱིལ་འཁོར་སྒོམ་པ་དང་མཆོད་པ་རྣམ་པ་ལྔས་ལྷ་ལ་མཆོད་པ་མེད་པར་ཡང་ཕོ་ཉས་འགྲུབ་པ་ཞེས་པ་ནི་དེ་ལྟ་བུར་གྱུར་བའི་རྣལ་འབྱོར་མ་དེ་ནི་ཤིན་ཏུ་
ཡང་ཕུལ་དུ་བྱུང་ཞེས་བརྗོད་པའོ། །ཕོ་ཉ་ནི་ཕོ་ཉ་མོ་རྣམས་སོ། །ལེགས་འདྲེས་ནི་དངོས་གྲུབ་ཐོབ་པའོ་ཞེས་པ་ནི་བཟླས་པ་ལ་སོགས་པ་མེད་པར་ཡང་མི་བྱེད་པར་དེ་ཉིད་ཀྱིས་སྒྲུབ་པ་པོ་སྒྲུབ་པ་ཞེས་བྱའོ། །ཕོ་ཉ་དང་ལེགས་པར་འདྲེས་པ་བདག་ཉིད་ཀྱི་ཚེ་བརྗོད་དོ་ཞེས་ཁ་ཅིག་ཟེར་རོ། །ཕོ་ཉ་མཐོང་བ་ཉིད་མཆོད་པ་ལ་
སོགས་པ་རབ་ཏུ་འཇུག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་ཀྱང་ཡིན་ལ་ཕྱག་རྒྱ་ཡང་ཡིན་པས་སྔགས་དང་ཕྱག་རྒྱའོ། །འདི་ལ་ཞེས་བ་ནི་ཕོ་ཉ་མཐོང་བ་ལ་སོགས་པའོ། །དེ་ལྟར་བསྟན་བཅོས་ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པའི་བརྗོད་པའི་རྣལ་འབྱོར་
Vol. 16 · folio 205a
མའི་རྒྱུད་ལས་སོ། །དེ་ཉིད་ཀྱི་ཕྱིར་ཕོ་ཉ་ལམ་ལ་དགའ་བའི་རྣལ་འབྱོར་པ་གདམས་ངག་ལ་ཉེ་བར་གནས་པའི་སྒྲུབ་པ་པོ་ཡིན་ནོ། །རྟག་ཏུ་ནི་ཐམས་ཅད་དུའོ། །དངོས་གྲུབ་ཆེད་དུ་བྱེད་པ་ནི་དེ་ལ་གཞོལ་བའོ། །ཕོ་ཉའི་ལམ་ལ་དགའ་བའི་སྒྲུབ་པ་པོ་དངོས་གྲུབ་ཆེད་དུ་བྱེད་ཅེས་པའི་གཞུང་གཞན་
ནོ། །ནི་ནི་གང་གི་ཕྱིར་རོ། །དམིགས་ཀྱིས་དགར་བའི་དྲུག་པའོ། །ཕོ་ཉའི་ལམ་ལ་དགའ་བའི་ནང་ནས་ཁ་ཅིག་དངོས་གྲུབ་ཆེད་དུ་བྱེད་པ་དེ་ནི་སྒྲུབ་པ་པོ་ཡིན་ནོ། །མཉེས་བར་བྱེད་པའི་ཁྱད་པར་སྟོན་ཏེ། ཟས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་ནི་མཉེས་པར་བྱེད་པར་བསྡུ་བའོ། །ཟས་ནི་གཅིག་ཏུ་བཟའ་བའོ། །
རྣལ་འབྱོར་མ་རྣམས་ལ་གསོལ་བར་བྱའོ། །རྟག་ཏུ་ནི་རྒྱུན་དུ་བར་མ་ཆད་པ་དུས་རིང་པོར་རོ། །སྔགས་དང་ཕྱག་རྒྱ་ཡང་དག་ལྡན། །ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་ལ་སོགས་པ་དང་ལྡན་ནོ་ཞེས་པའི་དོན་ཏོ། །འདིའི་དོན་དུ། སྒྲུབ་པ་པོ་ནི་ལེགས་མཉམ་གཞག །ཅེས་པ་ནི་ལེགས་མཉམ་གཞག་ནི་དཔལ་ཧེ་རུ་ཀ་བྱས་པའི་
རྣལ་འབྱོར་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །རྣལ་འབྱོར་ཀུན་ལ་རབ་ཏུ་འཇུག །ཅེས་པ་ནི་གཞུང་གཞན་ཏེ། དང་པོའི་དོན་ལ་དྲུག་པའོ། །བརྟན་པ་དང་གཡོ་བ་ལ་སོགས་པའི་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལ་རབ་ཏུ་འཇུག་པའོ། །བག་མེད་རྣམས་ལ་དབང་མེད་ཕྱིར། །ཞེས་ལེགས་པར་མཉམ་པར་གཞག་པས་ཞེས་པ་ནི་དོན་
གཞན་ནོ། །རིགས་རྣམས་ཀུན་ལ་སྤྱད་བྱས་ཤིང་། །ཞེས་པ་ནི་རིགས་ཐམས་ཅད་དང་ལྷན་ཅིག་ཏུ་བཟའ་བའོ་ཞེས་པའི་དོན་ཏོ། །འདི་ནི་བཟའ་བའོ་འདི་ནི་མི་བཟའ་བའོ་ཞེས་བྱེ་བྲག་ཏུ་མི་བྱའོ། །དེ་ལྟར་ཅིའི་ཕྱིར་མ་ལུས་པ་བྱེད་ཅེས་པ་ལ་ནི། དེ་ཉིད་དུ་ནི་དབྱེར་མེད་དེ། །ཞེས་གསུངས་ཏེ། མ་ལུས་པ་དབྱེར་མེད་པར་དེ་སྤྱོད་པའི་རྣལ་
འབྱོར་པ་དེ་ཁོ་ན་ཉིད་དུ་གཅིག་གི་ངོ་བོ་ཉིད་ཡིན་ནོ། །ཕོ་ཉ་དག་ཀྱང་དབྱེར་མེད་པ་སྟེ་ཐམས་ཅད་དབྱེར་མེད་པའི་ཕྱིར་རོ། །དེའི་ཕྱིར་ཕོ་ཉ་མའི་ཞེས་བྱ་བ་གསུངས་སོ། །གྲུབ་པ་གཉིས་ཞེས་པ་ནི་གྲུབ་པ་གཉིས་མི་རྟོག་པ་དང་ཕོ་ཉ་ཡང་ངོ་། །སྒྲུབ་པ་གཉིས་ཞེས་པ་ནི་རྣམ་པ་གཉིས་བསྒྲུབ་པར་བྱ་སྟེ། དེ་ཉིད་འཇིག་རྟེན་པའི་བདེ་
བ་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་འཇིག་རྟེན་ལས་འདས་པ་གཅིག་པོ་ཁོ་ན་ནི་སྒྲུབ་བྱེད་ཀྱི་ཆའོ། །ཁོ་ན་ནི་ཤིན་ཏུ་ཡང་ངེས་པར་བྱས་པའོ། །དེ་གང་ཡིན་ཞེས་པ་ལ་ཕོ་ཉ་ཞེས་གསུངས་ཏེ། གཉིས་ཀའི་དངོས་གྲུབ་ཀྱི་དོན་དུ་ཕོ་ཉ་ཉིད། །འབའ་ཞིག་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །
Vol. 16 · folio 205b
གང་གི་ཕྱིར་རྣམ་པར་མི་རྟོག་དེའི་དྲིན་གྱིས་འགྲུབ་ཅེས་བྱའོ། །དེའི་དྲིན་ཅི་ཞེས་པ་ལ་རབ་བསྐུལ་ཞེས་གསུངས་ཏེ། དྲིན་གང་གིས་བསྐུལ་བས་དེའི་བསམ་པ་འགྲུ་པ་སྟེ། སྔོན་དུ་བྱེད་པའོ། །གཉིས་དངོས་གྲུབ་བསྒྲུབ་པ་ལས་ཉེ་བར་བྱ་བའི་དོན་ཏོ། །དེ་ལ་དེ་ཉིད་དུ་དབྱེར་མེད་ཅེས་པ་ནི་དེ་ཉིད་དུ་རང་གི་ངོ་བོ་ཉིད་དབྱེར་མེད་དོ། །དེ་ལ་
ཕོ་ཉ་ཡང་སྒྲུབ་པ་རྣམ་པ་གཉིས་ཞེས་པ་ནི་སྒྲུབ་པ་གཉིས་ནི་བསོད་ནམས་ཀྱི་ཚོགས་དང་རྣལ་འབྱོར་མའོ། །སྤྱད་བཞིན་པས་དངོས་གྲུབ་གཉིས་གྲུབ་པའོ། །འོན་ཀྱང་ཕོ་ཉ་གཅིག་པུ་ཁོ་ན་ཡིན་ཞེས་པ་ནི་གཅིག་སྒྲུབ་པའི་ཆ་ནི་ཕོ་ཉའོ། །དེའི་དངོས་གྲུབ་ཉེ་བའི་ཕྱིར་ཞེས་པ་ནི་གཞན་གྱི་བཤད་པའོ། །འདིར་ཡང་གཞུང་ལྷག་པ་
ཡོད་དེ། ཞིང་དང་གྲུབ་གནས་ན་ནི་མཁའ་འགྲོ་མ་ནི་འདི་རུ་འཚོག །དེ་རུ་གནས་ལ་བཟླས་པ་བྱ། །ཟས་ལ་གཅིག་ཏུ་སྤྱོད་པ་ནི། །དེ་དང་དེ་རུ་རོལ་པ་གནས། །ཞེས་གསུངས་ཏེ། གཞུང་འདི་ཉིད་ལ་འཇུག་པར་བྱ་སྟེ། སྙིང་པོར་བྱས་ཏེ་ཞེས་པ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟའ་བ་དག་ལ་བཟའ་བར་བྱའོ། །དབང་བསྐུར་
ཉིད་ཐོབ་པའི་རྣལ་འབྱོར་མ་ནི་རྩེ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་མའི་བརྒྱུད་རིམ་ནི་བླ་མ་གཞན་དང་གཞན་ནས་བརྒྱུད་དེ་འོངས་པའི་རིམ་པའོ། །ཆུ་ལ་སོགས་པ་ངོ་བོ་ཉིད་ཀྱི་ཁྱད་པར་རོ། །དེ་ཡིས་དབང་བསྐུར་བ་ཐོབ་པའོ། །དབང་བསྐུར་བ་ནི་དབང་བསྐུར་བ་སྟེ། ལྡན་པར་འོས་པའི་སློབ་དཔོན་ལ་སོགས་པའི་དབང་
གང་ཡིན་པ་དེ་ནི་དེ་བཞིན་ནོ། །སློབ་མ་ཞེས་གོ་བར་བྱའོ། །ལེགས་པའི་སྡོམ་ནི་སྡོམ་པ་ལེགས་པའོ། །ལེགས་སྔགས་ཞེས་པའི་གཞུང་ལ་ནི་བཟླས་པའི་སྔགས་སོ། །ཡང་དག་ལྡན་ཞེས་པ་ལ་གཞུང་བཞིན་ནོ། །བརྒྱུད་པ་ཐོབ་པས་ཕོ་ཉ་མོ་རུ་ཡང་དག་བཤད་ཅེས་པ་ནི་ཕོ་ཉ་ནི་མཛེས་པར་བརྗོད་པའོ། །སློབ་མ་ནི་ཆོས་ཀྱི་སློབ་མ་སྟེ་
ཆོས་ཀྱི་ཁྱད་པར་དུ་བྱས་པའོ། །འདི་དག་དབྱེར་མེད་པའི་ཕྱིར་རོ། །དེ་ནས་དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པ་ལ་རྣལ་འབྱོར་མ་དགའ་བར་འགྱུར་རོ་ཞེས་དགོངས་སོ། །ཅི་ཞིག་གི་ཕྱིར་ཞེས་པ་ལ་ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་ཞེས་གསུངས་ཏེ། ཕྱག་རྒྱ་དང་ཡང་དག་པར་སྦྱོར་བ་ལས་རྙེད་པའི་ལྷན་ཅིག་སྐྱེས་པའི་དགའ་བའི་
ཡང་ཡེ་ཤེས་པ་དེ་ནི་བཟའ་བའོ། །དེའི་ཕྱིར་དང་ནི་གང་གི་ཕྱིར་གྱི་དོན་ཏོ། །ཡང་དག་པར་གང་བའི་ཡེ་ཤེས་ཀྱི་ཡུལ་ནི་འདིར་དཔལ་ཧེ་རུ་ཀའི་ཤེས་པ་ཡིན་ནོ། །ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས་ཞེས་པ་ནི་རྐྱེན་མེད་པ་དེ་ཤིན་ཏུ་རིང་པོར་བརྗོད་པའོ། །དཔལ་ཧེ་རུ་ཀ་ཉིད་ཀྱི་སྒོམ་པའི་རིམ་པ་ནི་ནང་པར་ཞེས་བྱ་བ་ལ་སོགས་པ་གསུངས་
Vol. 16 · folio 206a
ཏེ། ནང་པར་ནི་སྔ་བར་རོ། །ལངས་པ་ནི་མལ་ནས་ལངས་པའོ། །སེམས་ཀྱི་བདག་ཉིད་ཡིན་ནོ། །སེམས་ཙམ་ཉིད་ཀྱི་བདག་ཉིད་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དེ་ལྟར་ཅི་བྱས་ནས་ཞེས་པ་ལ་ལུས་ཀྱི་བྱ་བ་ཀུན་བྱས་ཏེ་ཞེས་གསུངས་སོ། །ཤེས་རབ་ཀྱི་མཚོན་གྱིས་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱི་ལུས་ཀྱང་དུམ་
བུར་བྱེ་བྲག་ཏུ་ཕྱེ་ནས་སྟོང་པ་ཉིད་བསྒོམ་མོ་ཞེས་དགོངས་སོ། །སྔོན་ཉིད་དུ་ཇི་ལྟ་བར་སོང་ནས་ཞེས་པ་ལ། ཡན་ལག་ཤིན་ཏུའང་བསྟན་བཅོས་ནི། །ལུས་ལ་གནས་པ་ཀུན་ཏུ་སྤྱད། །ཅེས་གསུངས་སོ། །སེམས་ཅན་ལ་སློབ་པར་བྱེད་པས་ན་བསྟན་བཅོས་ནི་དེ་བཞིན་གཤེགས་པའི་གསུང་ལ་བསྟན་པའི་རྣམ་པ་དེ་རྣམས་ལུས་ལ་
གནས་པ་ནི་མིག་ལ་སོགས་པ་ལ་དགོད་པར་བྱའོ། །ཡན་ལག་ཤིན་ཏུ་ནི་དོན་དམ་པར་རང་བཞིན་མེད་པའོ། །ཡང་ན་སློབ་མའི་རྟོག་པ་དང་། སྒྲ་དང་ངེས་པའི་ཚིག་དང་། སྡེབ་སྦྱོར་དང་། བརྩམས་པ་དང་རྩིས་ཞེས་བྱ་བ་དང་དྲུག་ནི་རིག་བྱེད་ཀྱི་ཡན་ལག་གོ། །དེ་རྣམས་གནས་པ་ན་ཤིན་ཏུ་ཡན་ལག་ནི་དེས་རྟོགས་པ་མ་ཡིན་ཞེས་པའི་དོན་ཏོ། །
དག་བྱེད་ཅེས་བྱ་བ་ལ་སོགས་པ་ལ་ཕུང་པོ་ལ་སོགས་པ་རྣམ་པར་དག་པའི་རྗེས་སུ་སྟོང་པ་ཉིད་དུ་བྱས་པས་ནི་དག་བྱེད་ཉིད་དོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ལ་རྟག་ཏུ་རྣལ་འབྱོར་པས་བརྗོད་པར་བྱའོ། །དེ་རྒྱས་པར་རྒྱུད་སྣ་ཚོགས་ནས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་
གནས་ནི་ཏིང་ངེ་འཛིན་གྱི་གནས་ཏེ་གོ་ཆ་གཉིས་ཀྱི་གནས་ཞེས་བྱ་བའི་དོན་ཏོ། །ངེས་བསྟན་ཞེས་བྱ་བ་ནི་དེའི་སྔགས་སམ་དེ་ལས་སྐྱེས་པའི་ལྷར་བྱིན་གྱིས་བརླབ་པར་བྱའོ་ཞེས་པའི་དོན་ཏོ། །འདིས་ཀྱང་བསྒོམ་པའི་ཕྱོགས་ཙམ་ཞིག་བསྟན་ཏེ། བསྟན་བཅོས་རྣམས་ནི་བསྐོམ་མི་བྱ། །ཞེས་པ་ནི་རྣལ་འབྱོར་མ་རྣམས་ལ་བསྒོམ་པར་མི་
བྱའོ། །ཡང་ན་ལྷ་རྣམས་ཀྱི་མཚན་མ་དང་རིག་ཕྱེད་ཀྱི་ཚིག་ཡིན་ཞེས་ཁ་ཅིག་ཟེར་ཏེ། སྤྱོད་པ་བྱེད་པའི་རྣལ་འབྱོར་པས་ཕྱི་རོལ་པའི་དོན་དུ་ཁ་ཅིག་ཏུ་བཤད་པར་བྱ་བའི་ཆེད་དུ་རིག་བྱེད་ཀྱི་ཚིག་གི་དོན་ཀྱང་སྐྱོང་བར་བྱེད་དོ་ཞེས་དགོངས་སོ། །དམ་ཚིག་བསྟན་པ་ཁྲོ་མི་བྱ། །ཞེས་པ་ནི་དམ་ཚིག་ཅན་སྤྱོད་པ་བྱེད་པའི་རྣལ་འབྱོར་པ་ལ་
ཁྲོ་བོའི་སེམས་བསྐྱེད་པར་མི་འོས་ཞེས་དགོངས་སོ། །མངོན་པར་བརྩོན་ལས་འདའ་མི་བྱ། །ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པ་ལ་མངོན་པར་བརྩོན་པ་ཞེས་པ་ནི་དེ་མངོན་པར་བསགས་པའི་རྣལ་འབྱོར་མ་རྣམས་སོ། །བདེ་བ་ནི་ཤིན་ཏུ་དགའ་བ་ལ་སོགས་པའི་བདེ་བའོ། །གྲོལ་བའི་དོན་དང་དེ་དོན་དུ་ཞེས་པ་ནི་གྲོལ་བའི་དོན་ནི་བདེ་
Vol. 16 · folio 206b
བའི་དོན་དུ་ཡང་བྱས་པ་སྟེ། འདོད་པའི་བསྟན་བཅོས་ནས་འབྱུང་བ་བཞིན་བྱས་ལ་དེ་དང་ལྷན་ཅིག་ཏུ་ཉལ་ལོ་ཞེས་སྦྱར་རོ། །རྣམ་འཁྲུ་བ་ནི་རྣམ་པར་རོལ་པ་ཡང་དག་པར་འབྱུང་བ་སྦྱར་བར་བྱ་ཞེས་སྦྱར་རོ། །གལ་ཏེ་བྱ་བར་འོས་པ་ཡིན་ན་བྱའོ་ཞེས་པའི་དོན་ཏོ། །གལ་ཏེ་འདོད་པ་ལ་དགའ་ན་དེ་བྱའོ་ཞེས་པའི་བར་རོ། །དེ་ལ་མཚན་མོ་ཞེས་བྱ་བ་
ལ་སོགས་པ་ལ་གནས་ལ་ཆགས་པ་ནི་ནག་པའི་ཕྱོགས་ལ་ཆགས་པའོ། །མགུལ་རྒྱན་ལ་སོགས་པ་ནི་མིའི་མགོས་སྤྲས་པའོ། །གདུ་བུ་ཞེས་པ་ནི་གདུ་བུའོ། །ཚངས་སྐུད་དང་སྐེ་རགས་སྐྲ་ཡིས་སྤྲས་པ་དང་དྲིལ་བུ་གཡེར་ཀ་དང་ལྡན་པའི་རྐང་རྒྱན་དེའི་སྒྲ་དང་ལྷན་ཅིག་ཏུ་མགུལ་རྒྱན་ལ་སོགས་པ་འཆང་ཞེས་པའི་དོན་ཏོ། །རལ་
པའི་ཅོད་པན་ཞེས་པ་ནི་རལ་པའི་དབུ་བརྒྱན་ནོ། །དར་དཔྱངས་ཀྱི་མཚན་མ་ཞེས་པ་ནི་དཔའ་བོའི་དར་དཔྱངས་སོ། །བཅོས་མའི་སྐྲ་ལ་སོགས་པས་བརྒྱན་ཞེས་པ་ནི་གཞན་སྐྲ་དང་། རྔ་མ་ལ་སོགས་པས་མཛེས་པར་བྱས་ཞེས་པའི་དོན་ཏོ། །རྡོ་རྗེས་མཚན་པ་ནི་རྡོ་རྗེས་མཚན་པའི་པདྨ་སྟེ། ཐོད་པ་རྡོ་རྗེ་པདྨ་དང་ལྷན་ཅིག་ཏུ་རྡོ་རྗེ་ཁ་ཊྭཱཾ་ག་དང་
ཌ་མ་རུའི་སྒྲ་ཧཱུཾ་གི་རྣམ་པར་གནས་པ་ཞེས་པ་ནི་དེ་དེ་བཞིན་ནོ། །དཔའ་བོ་ཐམས་ཅད་གང་ཡིན་པ་དེ་ནི་ཐམས་ཅད་དབའ་བོའི་སྟེ་འཁོར་ལོ་གསུམ་སྟེ། དེའི་རྣལ་འབྱོར་མ་ནི་རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མའོ། །འདི་རྣལ་འབྱོར་པ་དེས་བསྒོམ་པར་བྱའོ་ཞེས་དགོངས་སོ། །དེ་ཉིད་ཀྱི་ཕྱིར་གོ་ཆ་གསུམ་གྱིས་རྣམ་པར་
བརྒྱན་ཏེ། འཁོར་ལོ་གསུམ་ལ་གནས་པའི་གོ་ཆ་གསུམ་གྱི་བདུད་ཀྱི་མཚོན་ཆ་བཟློག་པར་བྱ་བའི་ཕྱིར་ཏེ། ལྷ་སུམ་ཅུ་རྩ་བདུན་སྒོམ་པ་དང་ལྡན་པའོ་ཞེས་བསམ་པའོ། །སྲོག་ཆགས་ལས་བྱུང་གྱོན་ཞེས་པ་ནི་པགས་པའི་གོས་གྱོན་པར་བྱའོ་ཞེས་ཤེས་པར་བྱའོ། །གྱོན་པ་ནི་མནབས་པ་སྟེ་གོས་གཡོགས་སོ་ཞེས་པའི་
དོན་ཏོ། །ངོ་བོ་ཉིད་ལ་གྷཉའི་རྐྱེན་བྱིན་པའོ། །དེ་དང་ལྷན་ཅིག་བདེ་བ་བྱ་ཞེས་པ་འདི་རྒྱས་པར་སྟོན་ཏེ། བདེ་དོན་བསྐྱོད་པས་བདེ་ཐོབ་འགྱུར། །ཞེས་གསུངས་སོ། །མཆོད་ཕྱིར་ཐོགས་ཀྱང་ཡང་དང་སྤངས། །གཙང་སྦྲ་དཔལ་ཧེ་རུ་ཀ་གནས་ཞེས་པ་ནི་ཀྱང་ནི་མ་གསུངས་པ་ཡོངས་སུ་བསྡུ་བའོ། །ཐོས་པ་དང་དྲན་པ་ལ་
སོགས་པ་བྱས་པའི་མཆོད་ཕྱིར་ཐོགས་པ་ལ་སོགས་པ་བསྐྱེད་པའི་གཙང་སྤྲ་་སྤངས་ནས་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པ་ནི་གཙང་སྦྲ་ཞེས་བསམ་པའོ། །ཕྱག་རྒྱ་ལྔ་ནི་རབ་བཅིངས་ནས། །དུས་རྣམས་ཀུན་དུ་རྣམ་པར་གནས། །མཚན་མོ་རྟག་ཏུ་གསལ་བར་བྱ། །ཉིན་མོ་ཡང་ནི་ལེགས་སྦ་བྱ། །ཞེས་པ་ནི་བྱ་བའི་ཡེ་
Vol. 16 · folio 207a
ཤེས་ལེགས་པར་སྦ། རབ་ཏུ་ཞི་བ་ངལ་བ་སྤངས། །གཙང་སྦྲ་རྣམ་པ་གསུམ་དུ་ཤེས། །རང་གི་རྒྱུན་གྱིས་རྣམ་པར་གནས། །ཞེས་པ་ནི་གཞུང་ལྷགས་པ་སྟེ། དེ་ལ་ནི་དེའི་དོན་ནི་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་ལས་དང་དེ་བཞིན་གཤེགས་པའི་རིགས་དང་སོ་སོར་འབྲེལ་པ་དང་ཞེས་བསམ་པའོ། །མཚན་མོ་རིགས་ལ་དང་སོ་སོར་
འབྲེལ་པ་ནི་གསལ་བའོ། །རྟེན་མ་བཅུག་པའོ། །ནི་ནི་ཤིན་ཏུ་བའི་དོན་ཏོ། །དེ་ཉིན་མོ་ལེགས་པར་སྦ་བར་བྱའོ། །ཡང་ནི་ངེས་པའི་དོན་ཏོ། །སྨོད་ཅིང་སེམས་ཅན་རྣམས་ཀྱི་ཁ་ན་མ་ཐོ་བར་གྱུར་ཅིང་ཞེས་པའོ། །བྱ་བས་བསྟན་པའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱང་ངོ་། །ལེགས་པར་སྦ་བ་ནི་རབ་ཏུ་ཞི་ཞིང་སྙིང་རྗེ་དང་ལྡན་
བས་ངལ་བ་ལས་རྣམ་པར་རྒྱལ་བའོ། །གཙང་སྦྲ་དེ་ཡང་རྣམ་པ་གསུམ་ནི་དེ་ཡང་ཞེན་པ་མེད་པས་འདོད་ཆགས་ལ་སོགས་པ་ལ་རབ་ཏུ་འཇུག་པའོ། །ཡང་ན་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་འོག་ནས་འཆད་པའི་ཕྱིར་རོ། །རང་གི་རྒྱུན་དུ་ནི་རང་གི་སེམས་རྣམ་པར་གནས་པ་ཞེས་པའི་བྱ་བའོ། །མི་རིགས་ནི་བྲམ་ཟེ་ལ་སོགས་པའོ། །
རིམས་མ་ཡིན་པ་ནི་མཐར་སྐྱེས་སོ། །ངོར་མི་ལྟ་ཞེས་པ་ནི་གཙོ་བོར་བྱས་པའོ། །མི་ལྟ་བ་ནི་སྨོད་པ་བྱེད་པས་ན་སྨད་དེ་གཙོ་བོ་མ་ཡིན་ནོ། །སྤྱི་གཙུག་ཏུ་གཙུག་ཕུད་དོ། །སོགས་ཀྱི་སྒྲས་ནི་ཅོད་པན་དང་ཐལ་བ་དང་རལ་པ་ལ་སོགས་པ་ཡིན་ནོ། །དེ་རྣམས་བཅིང་བ་ནི་འཆང་བ་སྟེ། དེ་སྤངས་པའོ། །གཙང་སྦྲ་གཞན་ནི་ཕོ་ཉ་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཕོ་ཉ་ནི་ཕོ་ཉ་སྟེ། ཐིག་ལེ་གཅིག་ཕྱིས་པའོ། །ཟླ་བ་ཞེས་པ་ནི་ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །ཟས་གཅིག་ནི་གང་དེ་བཟའ་བའོ་ཞེས་པའི་དོན་ཏོ། །ཟ་བ་ཉིད་ཅེས་པ་ནི་ཐིག་ལེ་གཅིག་ཕྱིས་པའོ། །དེ་ཡང་གཙང་སྦྲ་གསུམ་པའོ། །གཙང་སྦྲ་དེ་ཡང་རབ་ཏུ་སྐྱོང་བ་ནི་གཙང་སྦྲ་དག་པ་སྟེ།
རིམ་གྱིས་ཐོབ་ནས་ཅིའི་ཕྱིར་དངོས་གྲུབ་ཏུ་མི་འགྱུར་ཞེས་དགོངས་སོ། །གཙང་སྦྲ་དེ་རྣམས་ཡོངས་སུ་བསྐྱང་བ་ལས་གཙང་སྦྲ་དག་པ་ཐོབ་པས། ཅིའི་ཕྱིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར། བདེ་མཆོག་ཅེས་པ་ནི་བདེ་མཆོག་བླ་མའོ། །གསང་བའི་རྒྱུད་ཅེས་པ་ནི་གསང་བ་མཛོད་ལ་སོགས་པའོ། །དེ་བཞིན་ཞེས་
པ་ནི་འཛིན་པ་མེད་པའོ། །ཉིད་ནི་ཉེ་བར་བཟུང་བའོ། །དང་པོ་ནི་སྤྱོད་པ་བསྡུ་བའོ། །བརྟུལ་ཞུགས་དང་བཟླས་པ་དང་ངེས་པ་ནི་སོགས་ཀྱི་སྒྲས་དབང་པོའི་ཚར་བཅད་པ་ལ་སོགས་པ་དེ་དངོས་གྲུབ་སྟེར་བ་ཞེས་པ་ནི་བཟླས་པ་དང་བརྟུལ་ཞུགས་ལ་སོགས་པས་དངོས་གྲུབ་སྟེར་བ་ནི་ལྷའོ། །དེ་ཉིད་བསྡུས་པ་ལ་
Vol. 16 · folio 207b
སོགས་པ་བཟླས་པ་ལ་སོགས་པས་འགྲུབ་པོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །འདིར་ནི་དཔལ་འཁོར་ལོ་སྡོམ་པའོ། །དཔལ་ཧེ་རུ་ཀའི་བསམ་གཏན་ཉིད་འབའ་ཞིག་གིས་སྒྲུབ་པ་པོས་ཕྱག་རྒྱ་ཆེན་པོ་བསྒྲུབ་པོ་ཞེས་བསམས་པའོ། །དེ་ཉིད་ཀྱི་ཕྱིར་སྔགས་པས་སྐད་ཅིག་ཉིད་ལ་འགྲུབ་འགྱུར་ཞེས་བྱའོ། །གཙང་སྦྲ་ཉིད་ཀྱི་ཕན་
ཡོན་ནི་རྣལ་འབྱོར་ཞེས་བྱ་བ་གསུངས་སོ། །སེམས་ཙམ་དུ་སྙོམས་པར་ཞུགས་པ་ནི་རྣལ་འབྱོར་རོ། །དེ་ཉིད་ཡང་དག་གི་བྱང་ཆུབ་ཀྱི་ལམ་དེ་ལ་དག་པ་རྣམས་ཀྱི་ནང་ནས་འདི་དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་གཙང་སྦྲ་གོང་དུ་བསྟན་པ་ལ་སྤྱད་པར་བྱའོ། །གཙང་སྦྲའི་དགོས་པ་ནི་གཙང་སྦྲ་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། ཕོ་ཉ་ནི་གཙང་སྦྲའི་རྒྱུ་ཉིད་ཀྱི་ཕྱིར་གཙང་སྦྲའོ། །དེ་རྣམས་གང་ཡིན་པ་བསོད་ནམས་དེ་ཁ་ཅིག་གིས་བརྗོད་པར་མི་ནུས་ཏེ། ཅི་ཞེས་པ་ལ་སྒྲུབ་པས་ཡོན་ཏན་རྒྱ་ཆེན་པོ་ཞེས་གསུངས་ཏེ། སྒྲུབ་པ་པོ་གང་གིས་གཙང་སྦྲའི་ཡོན་ཏན་རྒྱས་པར་ནུས་པ་ནི་ཁ་ནི་དུ་མ་ཞེས་བྱ་བ་གསུངས་ཏེ། གང་ཡང་ཁ་མང་པོར་གྱུར་
པ་དེའི་ཚེ་ནུས་ཞེས་དགོངས་སོ། །རིགས་ཀྱི་གཅིག་གི་ཚིག་གོ། །གཉིས་པ་ལ་སོགས་པ་ཡང་དུ་མ་ཉིད་ཅེས་པ་ལ་སྟོང་ཕྲག་གཅིག་གདོང་ཞེས་གསུངས་ཏེ། སྟོང་དུ་བགྲངས་པའི་གདོང་ནི་སྟོང་གི་གདོང་སྟེ། གདོང་སྟོང་ཕྲག་ཅེས་པའི་དོན་ཏོ། །ཅིའི་ཕྱིར་དེ་ལྟ་བུ་སྒྲུབ་པ་པོ་ཞེས་བྱ་བ་ལ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དཔལ་ཧེ་རུ་ཀ་ཉིད་ཡེ་ཤེས་ཆེན་པོའོ། །རྣམ་དག་ནི་ཉོན་མོངས་པ་མེད་པའོ། །ཀུན་ནི་སྟོབས་བཅུ་ལ་སོགས་པའི་ཡོན་ཏན་གྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ཀུན་གྱི་མཚན་ཉིད་དོ། །དེ་ལྟར་རྣལ་འབྱོར་པ་ཡང་དེ་ལྟ་བུར་གྱུར་ཞེས་དགོངས་སོ། །སྒྲུབ་པ་པོ་ཞེས་པ་ནི་གང་གི་ཕྱིར་རོ། །སྒྲུབ་པ་པོའི་བདེ་བའི་ཆུ་
ནི་བྱང་ཆུབ་ཀྱི་སེམས་དེ་འཐུང་བ་ནི་བདག་ཉིད་གཉིས་མེད་ཀྱི་སྦྱོར་བས་བདེ་བའི་ཆུ་འཐུང་བ་སྟེ། གཉིས་སུ་མེད་པའི་སྦྱོར་བའི་བདག་ཉིད་ནི་སྡིག་པ་ཀུན་ལས་གྲོལ་ལོ་ཞེས་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེས་པ་ལ་དག་བྱེད་སྡིག་པ་ཉམས་བྱེད་ཅེས་གསུངས་ཏེ། གང་གི་ཕྱིར་བདེ་བའི་ཆུ་དེ་ལྟ་བུར་གྱུར་པ་ཞེས་པའི་དོན་ཏོ། །
རེག་པ་དང་ནི་སྨྲ་བས་ཀྱང་། །ཞེས་པ་ནི་སྒྲུབ་པ་པོ་དང་ཞེས་པའི་དོན་ཏོ། །མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཐམས་ཅད་ནི་ལུས་ངག་སྐྱོན་ནི་མེད་པ་ཞེས་བྱའོ། །སྐྱོན་མེད་པ་ཉིད་ཀྱི་ཕྱིར་ལུས་དག་པ་ཞེས་ཤེས་པར་བྱའོ། །མཉམ་པར་སྤྱོད་པ་ཞེས་བྱ་བ་ནི་བདེ་བའི་ཆུ་ལ་མི་ཞེས་བྱ་སྟེ་གོ་སླའོ། །སྐྱེ་
Vol. 16 · folio 208a
ཞིང་སྐྱེ་བར་ནི་སྐྱེ་བ་ནས་སྐྱེ་བར་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བའོ། །དེ་ལྟར་རྟག་ཏུ་མཆོད་ཅེས་པ་ནི་རྣལ་འབྱོར་མ་མཆོད་པར་བྱ་བ་སྟེ། གཏོར་མ་སྦྱིན་པར་བྱ་ཞེས་པའི་དོན་ཏོ། །དེ་ཡང་གང་གི་ཚེ་སྦྱིན་ཞེས་པ་ལ་སྦྱིན་གསུངས་ཏེ། གཏོར་མ་བྱའོ། །ཅི་འདོད་ནི་རང་ཅི་འདོད་པའི་ཞི་བའི་ལས་ལ་སོགས་
པའི་ཆོ་ག་འདི་དང་རྒྱུད་གཞན་ནས་གསུངས་པའོ། །མཆོད་པའི་དུས་ཀྱི་ཁྱད་པར་ནི། །ནག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འམ་གྱི་སྒྲས་ནི་དགུ་དང་བཅུ་བཞིའོ། །ནི་ནི་ཁྱད་པར་གྱི་དོན་ནམ་བསྡུ་བའི་དོན་ཏོ། །ནག་པོའི་ཕྱོགས་ཀྱི་བཅུ་བཞི་དང་དཀར་པོའི་ཕྱོགས་ལ་ནི་གཞུང་གཞན་ཏེ། ནིའི་སྒྲས་ནི་བཅུ་དང་དགུ་བསྡུ་
བའོ། །ལྷག་མ་གང་ཞེས་པ་ནི་གང་བཅུ་དང་དགུར་གྱུར་པའམ་བཅུ་བཞིའི་བར་དུ་མཆོད་པ་བྱ་སྟེ། བཅུ་དང་། དགུ་ལ་ཡང་ངོ་། །དེ་བཞིན་ཅི་ཞེས་པ་ལ་མྱུར་དུ་འབད་པས་མཆོད་པ་ནི་ཆང་དང་ཤས་ཀྱང་རྡོ་རྗེ་ལྷ་མོ་ལའོ། །དེ་མཆོད་ཅིང་གུས་པ་དང་ལྡན་པའི་སྐྱེ་འགྲོ་དཔལ་ཧེ་རུ་ཀ་ལ་མངོན་པར་དགའ་བ་དེ་ཐུགས་མཉེས་ནས་
མཆོག་སྩོལ་བར་འགྱུར་རོ། །དེའི་ལག་གནས་མཆོག་གང་ཡིན་པ་ནི་མྱུར་བར་ཚེས་རྣམས་ལ་འབད་པས་མཆོད་པར་བྱའོ། །ལག་པ་ན་གནས་པའི་མཆོག་གོ། །མཆོག་ནི་ཡིད་ལ་འདོད་པའོ། །ལྷག་མ་ནི་གོ་སླའོ། །སྤྱོད་པ་དང་བརྟུལ་ཞུགས་དང་མཆོད་པ་དང་གཏོར་མ་བརྗོད་པ་གང་ཡིན་པ་དེ་ནི་ལེའུ་ཡིན་པས་དེ་དེ་
བཞིན་ནོ། །ཉི་ཤུ་རྩ་བདུན་ནི་ཉི་ཤུ་རྩ་བདུན་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་ཉི་ཤུ་རྩ་བདུན་པའི་དཀའ་འགྲེལ་ལོ།། །།མཉམ་པ་ཉིད་ཀྱི་ལེའུ་ནི་དེ་ནས་མཆོད་པ་ཞེས་གསུངས་སོ། །དེ་ནས་ཀྱི་སྒྲས་ནི་དེ་ཕྱིར་གྱི་དོན་དུ་ལྟ་བའམ་བདེ་བར་གཤེགས་པའི་ལུང་ཡིན་
པའི་ཕྱིར་རོ། །གང་གི་ཕྱིར་མཉམ་པ་ཉིད་མེད་པར་ཡང་དག་པའི་བྱང་ཆུབ་ཏུ་མི་འགྱུར་བས་དེའི་ཕྱིར་བདག་ཉིད་ཕྱི་དང་གསང་བའི་མཆོད་པ་དག་གིས་མཆོད་དོ་ཞེས་པའི་དོན་ཏོ། །རྣམ་པར་དག་པའི་བདག་ཉིད་ཀྱི་སེམས་འདི་ནི་དེ་རྣམ་དག་བདག་ཉིད་དོ། །ཇི་ལྟ་བུར་གྱུར་པའི་རྣམ་དག་བདག་ཉིད་ཅེས་པ་ལ།
མྱ་ངན་འདས་ངེས་འབྱུང་དཔའ་བོ་ཞེས་གསུངས་ཏེ། མྱ་ངན་ལས་འདས་པ་ནི་དགའ་བྲལ་གྱི་དགའ་བ་སྟེ་བློའོ། །ཕྱི་རོལ་གྱི་ཡུལ་ལ་དམིགས་པའི་ཕྱིར་དེ་ནས་དེའི་རྗེས་ལ་ངེས་པར་འབྱུང་ཞིང་གནས་པ་དེ་ལ་མཆོད་ཅེས་བྱ་སྟེ། སྒྲུབ་པ་པོའི་མཆོད་པའོ། །བདག་ཉིད་ཀྱི་སེམས་
Vol. 16 · folio 208b
ལྷན་ཅིག་སྐྱེས་པར་གནས་པའོ། །ཡང་ན་དཔེ་མེད་པ་ཉིད་ཀྱིས་ལྷན་ཅིག་སྐྱེས་པར་འགྲོ་བ་ནི་འགྲོ་བ་དང་ལྡན་པ་སྟེ། རྟོགས་པ་དང་ལྡན་པའི་བདག་ཉིད་དོ། །གདམས་ངག་མེད་པར་དགའ་བྲལ་གྱི་དགའ་བ་ལ་བློ་མ་སྦྱངས་པས་དགའ་བྲལ་གྱི་དགའ་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྔོན་དུ་སྟོན་ཏེ། བློ་མ་སྦྱངས་
པས་བཞད་གད་ཀྱང་བྱེད་དོ། །དེས་ཀྱང་དགའ་བྲལ་ནི་བྱང་ཆུབ་ཀྱི་སེམས་ལྟུང་བ་ལ་གོ་སྟེ། བདག་ཉིད་བརླག་པར་བྱེད་དོ། །དེས་འདི་ལྟར་ལྷན་ཅིག་སྐྱེས་པའི་དགའ་བ་ཉེ་བར་མི་རྙེད་དོ་ཞོག་ཅིག །རང་གི་སེམས་བསྲུང་བའི་དོན་དུ་མེ་ལ་རྩེ་བྱའོ། །དེས་ཅིར་འགྱུར་ཞེས་པ་ལ། ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ནི་
སངས་རྒྱས་ལ་སོགས་པའོ། །མཆོད་པ་ནི་མཆོད་པར་འགྱུར་ཞེས་པའི་དོན་ཏོ། །སངས་རྒྱས་ཀུན་སོགས་ནི་དང་པོའི་མང་པོའི་ཚིག་ཕྱིས་པའོ། །མཆོད་པ་ཞེས་པ་ནི་ཨ་ཡིག་ཐུང་བར་བྱས་པའོ། །ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཀྱི་རྟོགས་པ་དང་ལྡན་པའི་བདག་ཉིད་ནི་སངས་རྒྱས་ཏེ། སངས་རྒྱས་ཞེས་པ་འགྲུབ་
པོ། །སངས་རྒྱས་ཀུན་སོགས་མཆོད་པར་བྱ། །ཞེས་པ་ནི་གཞུང་གཞན་ནོ། །སངས་རྒྱས་ཀུན་ལ་སོགས་པར་སྐྱེ་བ་ནི་མཆོད་པར་འགྱུར་རོ་ཞེས་བྱའོ། །འོན་ཀྱང་ཐམས་ཅད་ཉིད་སངས་རྒྱས་ཞེས་པ་ལ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་བོ་ཐམས་ཅད་ཅེས་པ་ནི་སྒྲ་དང་པོའི་མང་པོའི་ཚིག་གོ། །བརྟན་
པ་ནི་ཤིང་གི་སྡོང་པོ་ལ་སོགས་པའོ། །གཡོ་བ་ནི་མི་ལ་སོགས་པའོ། །འདི་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པའོ། །སྤུན་དང་སྤྱོད་ནི་མཆོད་པར་བྱ། །ཞེས་པ་ནི། ནི་ནི་བསྡུས་པའོ། །ཆོས་ལྷན་ཅིག་ཏུ་ཐོས་པ་ནི་སྤུན་ནོ། །སྤྱོད་པ་ནི་འདིར་རང་གི་ལུང་ལ་གནས་པ་ཉིད་སྤྱོད་པའོ། །ཟླ་བ་ནི་བྱང་ཆུབ་ཀྱི་སེམས་སོ། །འདུས་པ་ནི།
སྦྱོར་བ་སྟེ་དེ་མཉམ་པ་ཉིད་ལ་གནས་པའོ། །ཟླ་བའི་འདུས་པ་ཡང་དག་གནས་ནི་སྒྲ་གཉིས་ཀྱི་དང་པོའོ། །དེས་ཀྱང་མཆོད་པར་བྱའོ་ཞེས་བའི་དོན་ཏོ། །སྤུན་དང་བུ་དང་ལྷན་ཅིག་ཏུ། །བདེ་དང་སྡུག་བསྔལ་ཡང་དག་འབྱུང་། །ཡེ་ཤེས་དེ་ལ་བསྟན་མི་བྱ། །ཞེས་བྱ་བ་ནི་སྤུན་དེ་རྣམས་ལ་ཡེ་ཤེས་བསྟན་པར་མི་བྱའོ། །
ཞེས་སྦྱར་རོ། །སྤུན་དང་བུ་རྣམས་ནི་གཅིག་ཏུ་ཡིད་ལ་འདོད་པར་ཤེས་པ་མཉམ་པས་ལྷན་ཅིག་པའོ། །འོན་ཀྱང་དཔེ་འདིར་བདེ་བ་དང་སྡུག་བསྔལ་ཡང་དག་པར་འབྱུང་བ་གང་ཡིན་པ་ཤེས་པ་དེ་ནི་དེ་བཞིན་ནོ། །དེ་ལྟ་ན་ཡང་དེ་དག་གིས་མི་གོས་ཏེ། བདེ་བའི་གནས་སྐབས་ནི་སྡུག་བསྔལ་གྱི་ཡན་ལག་ཏུ་
Vol. 16 · folio 209a
འགྱུར་བའི་ཕྱིར་རོ། །ཐུན་མོང་ཡིན་ཡང་ཐུན་མོང་མ་ཡིན་བར་མཁས་པ་ཉིད་ཀྱིས་རྟོགས་པར་བྱ་བའི་ཕྱིར་རོ། །དོན་དམ་པར་བསྟན་པར་བྱ་བ་མ་ཡིན་ཏེ་དེ་ནི་བསྟན་པར་མི་ནུས་པའི་ཕྱིར་རོ། །བདག་ཉིད་ཀྱི་གཞུང་ལུགས་ལས་འཇུག་པ་ནི་ལྷད་འཇུག་པའོ། །ལས་དང་འབྲས་བུ་ལ་སོགས་
པ་ཐམས་ཅད་སུན་འབྱིན་པ་ནི་ཐམས་ཅད་སུན་འབྱིན་པའོ། །དེ་དག་ལ་ཡང་བསྟན་པར་མི་བྱའོ་ཞེས་དགོངས་སོ། །གང་གི་ཕྱིར་དེ་དང་ཤིན་ཏུ་ལྷན་ཅིག་གནས་པ་ནི་རང་བཞིན་མཐུན་པའི་ཕྱིར་སྨོད་པར་བྱེད་པས་དམྱལ་བར་འགྲོ་བའོ། །དེ་ནི་སློབ་མ་བྱེད་པ་ཡིན་ཡང་འོས་པ་མ་ཡིན་ནོ་ཞེས་ཤེས་པར་
བྱའོ། །དོན་གཞན་བརྗོད་པར་བྱ་སྟེ། ཡུན་ནི་དགའ་བ་ཡིན་ཏེ། ཆོས་ཀྱི་བརྡར་བྱས་པ་ཉིད་ཀྱི་ཕྱིར་རོ། །བུ་ནི་མཆོག་ཏུ་དགའ་བའོ། །ལྷན་ཅིག་ནི་དགའ་བྲལ་གྱི་དགའ་བའོ། །བདེ་བ་དང་སྡུག་བསྔལ་ལས་ཡང་དག་པར་བྱུང་བར་གནས་པ་དེ་བཞིན་ཏེ། འདི་ནི་ལྷན་ཅིག་སྐྱེས་དགའ་བའོ། །དེ་ལ་ལྷན་ཅིག་སྐྱེས་
པའི་ཡེ་ཤེས་ནི་བྱེད་པ་པོ་སྟེ། བསྟན་པར་མི་བྱ་བ་ནི་བསྟན་པར་བྱ་བ་བྱེད་བ་ཉིད་ཀྱི་ཕྱིར་རོ། །བདག་ཉིད་ཀྱིས་ཀྱང་མི་སྟོན་ཏེ་རང་ཉིད་ལ་བྱེད་པ་འགའ་བའི་ཕྱིར་རོ། །འདི་ནི་དགོས་པ་ཡིན་འདི་ནི་དགོས་པ་མིན་ཞེས་བྱེ་བྲག་ཏུ་བྱེད་པ་ནི་ལྷད་འཛུད་པའོ། །ཐམས་ཅད་སུན་འབྱིན་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་སོ། །
ལུས་ལ་སོགས་པ་ཐམས་ཅད་དེ་ལ་མ་ཡིན་པ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ལ་ཞེས་པའི་དོན་ཏོ། །འདི་ཉིད་ཡང་དང་ཡང་དུ་རྣམ་པར་བཤད་པ་སྟེ། འདི་ཉིད་སྐྱེས་བུའི་དོན་མཆོག་ཏུ་སྒྲུབ་པ་ཉིད་ཀྱི་ཕྱིར་རོ། །ཟས་ཞེས་པ་ལ་དག་བྱེད་ནི་བདུད་རྩི་རྣམ་པ་ལྔའོ། །སྤྱོད་པ་ཞེས་པ་ལ། རྟག་ཏུ་དམ་ཚིག་སྤྱོད་བྱས་འགྱུར། །ཞེས་
པ་ནི། དམ་ཚིག་ནི་གོ་ཀུ་ད་ཧ་ན་ནི་མཚན་ཉིད་དོ། །རྒྱུ་གང་གིས་ཞེས་པ་ལ་རྟག་ཏུ་ཞེས་གསུངས་ཏེ། རྟག་ཏུ་ནི་རྟག་པར་དེ་རྣམ་པར་རྟོག་པ་སྤངས་པའོ། །རྒྱུའི་སྟོབས་ཀྱི་སྒྲའི་གསུམ་པའོ། །གང་གི་ཕྱིར་སྔགས་དང་ནོར་བུ་དང་སྨན་གྱི་མཐུ་བསམ་གྱིས་མི་ཁྱབ་པའོ། །སྔགས་ནི་སྔགས་ལ་སོགས་པ་གང་ཅི་ཡང་རུང་བ་
སའི་བདག་པོ་ལ་སོགས་པའོ། །མན་ངག་རྣམ་པར་ཉམས་མི་བྱ། །ཞེས་པ་ནི་ལན་ཅིག་ཙམ་གསོལ་བ་བཏབ་པ་ལ་སྲེད་པའི་དབང་གིས་དབང་བསྐུར་བ་ལ་སོགས་པ་མི་བྱ་བའོ། །དོན་ཇི་ལྟ་བའི་གདམས་ངག་དམ་ཚིག་དང་ལྡན་པ་ལ་སྦྱིན་པར་བྱའོ། །དེའི་ཕྱིར་ན་སྒྲ་ནི་ཁྱད་པར་རོ། །ཕོ་ཉ་མོ་ནི་དམ་ཚིག་དང་ལྡན་
Vol. 16 · folio 209b
པའོ། །དང་ནི་བསྡུས་པའོ། །ནི་ནི་ཉེ་བར་བཟུང་བའོ། །འདིར་འདོད་པ་ལ་རྨོངས་པས་འདོད་པའི་ཁྱད་པར་འགྲོ་བར་མི་བྱའོ། །ཕོ་ཉ་མོ་བསྲུང་རྟག་ཐར་པ། །ཞེས་པ་ནི་ཕོ་ཉ་ནི་ཕྱི་རོལ་གྱི་ཡན་ལག་ཅན་ནོ། །བསྲུང་བ་ནི་གོ་ཆ་བྱའོ། །དེ་ཡིས་ཐམས་ཅད་མངོན་པར་ཞེན་པ་ཞི་བར་བྱ་བའོ། །ཡང་ན་ཕོ་ཉ་དབང་དུ་བྱ་སྟེ། གཞན་ལ་མི་འགྲོ་
བར་བྱའོ་ཞེས་པ་ནི་ཕོ་ཉ་སྲུང་བའོ། །དེ་ནས་ཐར་པའི་རྟག་ཏུ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བའི་ཕྱིར་རོ། །གཞན་གྱི་ལྷག་མ་བཟའ་མི་བྱ། །ཞེས་པའི་ཚིག་ལ་སོགས་པ་ཁ་ཅིག་ཟེར་རོ། །དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཕོ་ཉ་མོ་རྣམས་ལ་གསལ་པོར་བསྟན་པ་བསྲུང་བ་ཡིན་ནོ་ཞེས་ཟེར་རོ། །འབད་བ་ཡིས་ཀྱང་ལོངས་
སྤྱོད་བྱ། །ཞེས་པ་ནི་ཕོ་ཉ་གུས་པས་བཟུང་སྟེ། དེ་དང་ལྷན་ཅིག་བདེ་བ་བྱེད་པའི་དུས་གུས་པ་མ་ཡིན་བྱ་བར་ཤེས་སོ། །ནུ་མ་བཟུང་བ་ལ་སོགས་པས་ཀྱང་དེ་དགའ་བའི་བདེ་བ་ལ་ལོངས་སྤྱད་པར་བྱའོ། །དེའི་ཕྱིར། བསྙེན་བཀུར་ཉིད་ནི་བྱ་བ་མིན། །ཞེས་གསུངས་སོ། །སྟོབས་ཀྱིས་མནན་ལ་ལོངས་སྤྱད་དེ། །དེ་ནི་བསྙེན་བཀུར་སྣོད་མ་
ཡིན། །ཞེས་པའི་ཚིག་གིས་སོ། །སྐྱེ་དམན་བདེ་ལ་ལོངས་སྤྱད་བྱ། །ཞེས་བྱའོ། །དངོས་གྲུབ་གང་ལས་ཞེས་པ་ལ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་མ་ལ་སོགས་པ་བཞིན་དུ་བརྩེ་བར་གྱུར་པ་ནི་དེའི་ཚེ་གྲུབ་པོ་ཞེས་དགོངས་སོ། །གང་གི་ཚེ་ཡང་འཁྱོག་པར་གྱུར་ན་དེའི་དངོས་གྲུབ་ཀྱང་འཁྱོག་པོར་འགྱུར་
རོ་ཞེས་བསྟན་པའི་ཕྱིར་དཀའ་ཐུབ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོག་མ་མེད་པའི་དུས་ནས་བྱས་པའི་དཀའ་ཐུབ་དེ་ཡིས་ཟད་པར་བྱེད་དོ། །ཅིའི་ཕྱིར་ཞེས་པ་ལ་འཁྱོག་པའམ་ཞེས་གསུངས་ཏེ་འམ་ནི་གང་གི་ཕྱིར་རོ། །གང་གི་ཕྱིར་ཕོ་ཉ་མོའི་སྙིང་འཁྱོག་ན་དེ་བཞིན་དུ་དངོས་གྲུབ་ཀྱང་འཁྱོག་པར་འགྱུར་རོ་
ཞེས་པ་ནི་ཁ་ཕྱིར་བལྟས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་ཕོ་ཉ་མོ་ཅི་ཞེས་པ་ལ་འགུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་གི་བྱང་ཆུབ་ཀྱི་སེམས་བརྟུལ་ཞུགས་གང་ཡིན་པའོ། །དེའི་ཕྱིར་ལྷན་ཅིག་ཏུ་ནི་ལྷག་པར་རོ། །དེ་ལྟ་བུའི་རྫས་ནི་ངེས་པ་ཡིན་ཞེས་པ་ནི་རྫས་ནི་བྱང་ཆུབ་ཀྱི་སེམས་དེ་
ཁ་ན་མ་ཐོ་བ་མེད་པར་བླང་བ་ནི་ངེས་པའོ། །འཇིག་རྟེན་ལ་རྟག་གཡོན་ནས་སྤྱོད། རྐང་པ་གཡོན་པ་སྔུན་ནས་འདོར། །ཞེས་པ་ནི་གོ་སླའོ། །ལག་པ་གཡོན་པ་ཡོངས་སུ་བསྒྱུར། །གཡོན་གྱི་ལག་པ་བརྟན་འགྱུར་ཏེ། །ལུས་ཀྱི་རྣམ་པ་ཡོངས་སུ་བསྒྱུར། །གཡོན་པས་སྟེང་དུ་རབ་མཆོད་བྱ། །ཞེས་པ་ནི་སྟེང་གི་སྒྲ་ནི་རྡོ་རྗེའོ། །
Vol. 16 · folio 210a
དེས་རྣལ་འབྱོར་མ་རྣམས་ཀྱི་བསམ་པ་ཞེས་པ་ནི་མཆོད་པར་བྱེད་པའི་རྣལ་འབྱོར་པས་སོ། །གཡོན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །བརྟུལ་ཞུགས་མེད་འཇོམས་བརྟུལ་ཞུགས་རྫོགས་པ་ནི་བྲམ་ཟེ་ལ་སོགས་པའི་བརྟུལ་ཞུགས་ནི་བརྟུལ་ཞུགས་མེད་པའོ། །དམ་ཚིག་ལ་སོགས་པ་སྤྱོད་པ་ངེས་པར་བྱས་ཤིང་ལྷ་བསྒོམ་
པ་ལ་སོགས་པ་འབད་དེ་བྱས་པས་འཇོམས་པའོ། །དམ་ཚིག་ནི་རྣལ་འབྱོར་མའོ། །རིགས་ཀྱི་སྤྱོད་པ་ནི་ལྷན་ཅིག་སྐྱེས་པའི་སྤྱོད་པའོ། །ཡུལ་གྱི་ཕྱོགས་ཁ་ཅིག་ཏུ་བཟའ་བ་ལ་ལོངས་སྤྱད་པའོ། །རིགས་ལྔ་ལ་ནི་ཀུན་སྤྱོད་སྤྱད། །ཅེས་པ་ནི་རིགས་ལྔ་ལ་མཉམ་པར་སྤྱད་པའོ། །ཅི་གང་གི་ཕྱིར། རིགས་ནི་རྣམ་པ་བཞིར་གྲགས་
མིན། །ཞེས་པ་ནི་རིགས་བཞི་ཡོད་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་ཡིན་ཏེ། འཇིག་རྟེན་པས་བརྟགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གྱུར་པའི་རྣལ་འབྱོར་པ་རྣམས་ཀྱི་ནང་དུ་གྲགས་པ་ནི་སྔགས་པའོ། །ཡང་ན་རིགས་བཞི་པོ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རིགས་བཞི་ནི་ཞལ་བཞི་སྟེ་དཔལ་ཧེ་རུ་ཀ་ཉིད་ཀྱི་རྣལ་འབྱོར་པ་ཉིད་ཀྱི་
ཕྱིར་རོ། །ལུང་ཡིན་པའི་ཕྱིར་ཨུར་བྱས་པའོ། །གང་གི་ཕྱིར་རིགས་བཞི་པོ་མ་ཡིན་པ་ཉིད་ཅེས་པ་ལ་གསུངས་པ་རིགས་རྣམས་གཅིག་ཏུ་སྟེ་མཉམ་པར་སྤྱོད་པ་ངེས་པ་གང་ཡིན་པ་དེ་རིགས་གཅིག་ལ་མཉམ་པར་སྤྱོད་པ་སྟེ། དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་ཀྱང་རིགས་གཅིག་མཉམ་པར་སྤྱོད་པ་རྣམ་པར་དག་པ་
ནི་ཞལ་བཞིའི་ཁ་དོག་གོ་ཞེས་དགོངས་སོ། །དཀོན་མཆོག་གསུམ་ལ་སོགས་པ་ལ་གནོད་པ་བྱེད་པ་ཉམས་པ་ལ་འཇིགས་པའི་ཆེད་དུ་ལས་རབ་ཏུ་རྒྱས་པ་ནི། བ་ལང་ཤ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྦྱིན་སྲེག་གི་ཆོ་གར་གསུངས་པའི་ཆོ་གས་ཐབ་ཁུང་ལ་སོགས་པ་རྗེས་སུ་གནས་ལ་མངོན་སྤྱོད་ལ་སོགས་
པ་ལ་ཉེ་བར་མཁོ་བའི་ཚ་བའི་མར་ནག་ལ་སོགས་པས་མེ་རབ་ཏུ་སྦར་སྟེ། དུམ་སྐྱེས་མ་གཡས་པའི་སྣ་བུག་ནས་ནང་དུ་རབ་ཏུ་ཞུགས་ཏེ། བཤང་བའི་ལམ་ནས་ཕྱིར་ཕྱུང་ལ་རྡོ་རྗེ་ལྕགས་ཀྱུ་དང་གྲི་གུག་གི་མཚན་མ་འཛིན་པར་བསམ་མོ། །བསྒྲུབ་བྱ་གཅེར་དུ་མྱོས་པར་གྱུར་པ་བཀུག་ལ་དེ་ཉིད་ཀྱིས་དེ་བུམ་བུར་བྱས་པར་རྣམ་
པར་བསམས་ལ། ཕྱུགས་ཀྱི་ཤ་ལ་སོགས་པ་དེའི་ཤའོ་ཞེས་བློས་བརྟན་པོར་བྱའོ། །ཁྲོ་བོ་ཆེན་པོའི་ང་རྒྱལ་དང་ལྡན་པས་བྱས་ན་དཀྲོལ་ནས་གསོད་པར་བྱེད་དོ། །རྩ་བའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །སྣ་ཚོགས་པ་ལ་ཁྱིམ་བྱ་ལ་སོགས་པའོ། །སྔགས་དང་ཕྱག་རྒྱའི་རང་བཞིན་ཅན་གྱི་ཕྱི་རོལ་གྱི་ཡན་ལག་ཅན་དེ་དང་ལྷན་
Vol. 16 · folio 210b
ཅིག་ཏུ་ལོངས་སྤྱད་ན་དཔའ་བོ་དེ་རབ་ཏུ་བསྔགས་པ་ཡིན་ནོ་ཞེས་པ་ལ་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་དང་ཡང་དག་པར་ལྡན་པ་ནི་སྔགས་ཀྱི་མཉམ་པ་ཉིད་དང་ཡང་དག་པར་ལྡན་པའོ། །དེ་ལ་ལོངས་སྤྱད་པ་ནི་དཔལ་ཧེ་རུ་ཀའི་སྤྲུལ་པ་བདག་ཉིད་ཀྱིས་ལྷ་མོ་རྣམས་ལ་ཡང་ཉེ་བར་སྤྱོད་པའི་རྣལ་འབྱོར་
མ་རྣམས་ལ་བྱའོ། །དེ་ཡང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་འདོད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར། དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་དུ་ཡང་རྟག་ཏུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་གཟུང་བ་ནི་དགོས་པ་ཡིན་པའི་ཕྱིར་གཟུངས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་ཞེས་པ་ནི་རྣལ་
འབྱོར་གྱི་སྦྱོར་བ་གང་ལ་ཡོད་པ་ནི་རྣལ་འབྱོར་གྱི་གཟུངས་ཀྱི་ཁྱད་པར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་སོ། །དཔལ་ཧེ་རུ་ཀ་གཉིས་མེད་ཅེས་པ་དེ་ཉིད་དོ། །དེ་བཞིན་དུ་སེམས་ཀྱིས་ཀྱང་སྟེ་ཚིག་གཅིག་ཉིད་དོ། །འདི་རྣམས་ཅི་ལྟ་བས་བགེགས་མེད་པར་འགྲུབ་པའི་དོན་ཏོ། །དེ་ལྟར་གཞན་གྱི་ཐབས་ནི་མ་ཡིན་
ནོ། །ཞེས་གོ་བར་བྱ་བའི་ཕྱིར་བགེགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཡང་ཕོ་ཉ་མོའི་མཆོག་ནི་གཙོ་བོས་དེ་ལྟ་བུར་གྱུར་པའི་རྫས་ལྷ་རྫས་ཀྱི་དངོས་གྲུབ་ཏུ་རུང་བ་ཡིན་ནོ། །ལྷན་ཅིག་བཟོད་པ་དེ་ལྡན་པ། །མ་ཆགས་དགའ་བས་ཡང་དག་སྦྱོར། །ཞེས་པ་ནི་ཕྱི་རོལ་གྱི་དགའ་བའི་ཡང་དག་པར་གང་སྦྱོར་
བ་སྙེད་ནས་མ་ཆགས་པ་ནི་རྟག་ཏུ་རྣལ་འབྱོར་བ་རྣམ་པར་ཆགས་པར་མི་འགྱུར་བའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །རྫས་ནི་བཟའ་བར་བྱ་བའོ། །དེ་གཉིས་གཞན་དག་གི་རྣལ་འབྱོར་དང་བཟའ་བ་དག་རྣམ་པའི་ཆ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དེའི་ངོ་བོ་ཉིད་དུ་གྱུར་པའི་རྣལ་འབྱོར་གྱི་རྫས་རྣམ་པའི་ཆར་བྱ་བའོ། །ཡང་ན་
རྣལ་འབྱོར་ལས་སྐྱེས་པའི་རྫས་ནི་བྱང་ཆུབ་ཀྱི་སེམས་ཏེ། རྣམ་པར་ཕྱེ་བ་ནི་རྣམ་པའི་ཆ་ཤས་སུ་བྱས་ལ་ཤེས་རབ་ཏུ་ལྷན་ཅིག་ཏུ་ལོངས་སྤྱད་པ་ནི་ཆ་ཤས་ཞེས་པའི་དོན་ཏོ། །ཁྱད་པར་ཅན་གྱི་ཆ་འདི་ནི་རྣམ་པའི་ཆ་སྟེ། དེའི་ངོ་བོ་ཉིད་ནི་རྣམ་པའི་ཆའོ། །རྣལ་འབྱོར་པས་བླ་མའི་མན་ངག་ལ་དགའ་བར་གྱུར་ཅིག་ཅེས་
པའི་ཕྱིར། བླ་མའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་མན་ངག་བླ་མས་བྱིན་པ་ལ་ཡང་དག་པར་དགའོ་ཞེས་དགོངས་སོ། །དེའི་ཕྱིར་དེའི་དོན་ནི་དེའི་དོན་དུ་གཉེར་བའོ་ཞེས་པ་ནི་དེའི་དོན་ཏོ། །འདིར་ཡང་ནོར་ནི་དད་པ་ལ་སོགས་པ་སྟེ། དེ་ལྟར་ཡང་དད་པའི་ནོར་དང་། ཤེས་རབ་ཀྱི་ནོར་
Vol. 16 · folio 211a
དང་། ཐོས་པའི་ནོར་དང་། བརྩོན་འགྲུས་ཀྱི་ནོར་དང་། དགའ་བའི་ནོར་དང་། ཏིང་ངེ་འཛིན་གྱི་ནོར་དང་། དྲན་པའི་ནོར་དང་ཞེས་གསུངས་སོ། །དེའི་སྟེར་བ་ནི། འདོད་པའི་དོན་ནི་རྫོགས་བྱ་གང་། །ཞེས་པ་ནི་ནོར་སྟེར་བ་དཔལ་ཧེ་རུ་ཀ་དང་དེ་མཉམ་པའོ། །ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་འཇིག་རྟེན་པའི་སྦྱིན་སྲེག་ནི་ཕྱི་རོལ་
དུ་གྱུར་པའི་ཕྱིར་རིགས་གཅིག་ཏུ་བརྗོད་པ་གང་ཡིན་པ་དེ་ཡང་ལེའུ་ཞེས་ཀྱང་བྱ་སྟེ། དེ་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་དང་རིགས་གཅིག་གི་ཆོ་གའི་ལེའུ་ཉི་ཤུ་རྩ་བརྒྱད་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།དྲོད་ཀྱི་བྱ་བ་མེད་པར་ནི་སྤྱོད་པ་མེད་དེ་དེའི་ཕྱིར་དེ་
བསྟན་བའི་དོན་དུ་ལེའུ་ནི་དེ་ནས་ཞེས་བྱ་བ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་ལ་སོགས་པ་བསྟན་པའི་རྗེས་སུའོ། །གཞན་ཞེས་པ་ནི་གཞན་ནོ། །ཅི་ཞེས་པ་བསྟན་པ་ནི་ཞེས་གསུངས་ཏེ་གཞན་ཡང་བསྟན་པའོ། །ཅིའི་ཕྱིར་ཞེས་པའི་དོན་ཏོ། །གང་གི་དོན་དུ་ཞེས་པ་ལ་ཕོ་ཉའི་མཚན་ཉིད་ཤེས་
བར་བྱ། །ཞེས་གསུངས་ཏེ། དེའི་མཚན་ཉིད་ཤེས་པའོ། །གང་གིས་ཡང་དག་ཤེས་འགྱུར་བ། །མཁའ་འགྲོ་མ་ཡི་དམ་ཚིག་གནས། །ཞེས་པ་ནི་སྒྲའི་གཉིས་པའི་དོན་གྱི་དང་པོའོ། །སྤུན་ནི་དཔའ་བོའོ། །ཕ་ནི་དཔལ་ཧེ་རུ་ཀའོ། །བདག་པོ་ཉིད་དུ་མཐོང་བ་ཉིད་བདག་བོ་ཉིད་དོ། །སྔགས་ཀྱི་མཐུས་སྐད་ཅིག་གིས་སོ། །
ལྕེ་སྦོམ་ཞེས་བྱ་བ་ལ་སོགས་པ་ལ་དམར་སེར་གྱི་མིག་གང་ཡིན་པ་དེ་ནི་དེ་བཞིན་ནོ། །རེག་ན་རྩུབ་ཅིང་དམར་སེར་གྱི་བླ་དང་སྐྲ་གང་ལ་ཡོད་པ་དེ་ནི་དེ་བཞིན་ནོ། །དངོས་གྲུབ་ཀུན་གྱི་ཐུན་མོང་དུ་བསྟན་པའི་ཕྱིར། དངོས་གྲུབ་ཀུན་གྱི་ཐུན་མོང་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲན་པ་དང་སེམས་དང་ཡང་དག་པར་ལྡན་
པ་ནི་ཡང་དག་པར་རྗེས་སུ་སྦྱོར་བའོ། །ཅི་བསམ་ཞེས་པ་ལ་ཕོ་ཉ་ལ་སོགས་པ་གསུངས་ཏེ། གོ་འཕང་བཅས་ཞེས་གསུངས་ཏེ་སོགས་པའི་སྒྲ་ནི་དམ་ཚིག་བསྲུང་བའོ། །གོ་འཕང་ནི་ཡེ་ཤེས་དེ་དང་བཅས་པ་ནི་དྲན་པ་དང་མཉམ་པར་ལྡན་པའོ། །འདིས་ནི་འདི་ལྟར་སྟོན་ཏེ། དམ་ཚིག་ཅན་གྱིས་འབད་པས་ཕོ་ཉ་མོ་
བསྒོམ་པར་བྱ་ཞེས་སོ། །ཕོ་ཉ་མོ་ཅི་ཙམ་ཞེས་པ་ལ། མཁའ་འགྲོ་མ་མཆོག་ཉི་ཤུ་བཞི། །སྤྱོད་དང་གྲོལ་བའི་འབྲས་རབ་སྟེར། །ཞེས་གསུངས་སོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་བཅུ་གཉིས་པོ་ཡང་འདིར་ཤེས་པར་བྱའོ། །དེ་ཅིའི་དོན་དུ་དེ་བསྒོམ་ཞེས་གསུངས་ཏེ།
Vol. 16 · folio 211b
སྤྱོད་པ་ནི་མཐོ་རིས་ལ་སོགས་པའོ། །གྲོལ་བ་ནི་ཉོན་མོངས་པ་ཅན་གྱི་འཆིང་བ་སྤངས་པའོ། །དེའི་འབྲས་བུ་ཕུལ་དུ་ཕྱུང་བ་སྟེར་བ་ཞེས་པ་དེ་ནི་དེ་བཞིན་ནོ། །དེ་རྣམས་དཔལ་ཧེ་རུ་ཀའི་གཙོ་བོ་བྱས་པའི་དཀྱིལ་འཁོར་ལ་གནས་པར་བསྒོམས་ལ་རྩ་བའི་སྔགས་བཟླས་པའི་ཕྱིར་རྩ་བའི་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
གོ་སླའོ། །འཇིག་རྟེན་གསུམ་ལ་དབང་བར་སྐྱེ་བ་ནི་ཡང་དག་པར་འབྱུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནས་སྤྱོད་དང་གྲོལ་བའི་འབྲས་བུ་སྟར། ཅིའི་ཕྱིར་དེ་ལྟར་ཞེས་པ་ལ་སྔགས་ཞེས་བྱ་བ་གསུངས་སོ། །སྔགས་ནི་དེ་ཉིད་བསྐུལ་ཞིང་ཟློས་པའོ། །ཕྱག་རྒྱ་ནི་ལྷའོ། །དེ་དག་དང་སྒྲུབ་པ་པོ་དང་ལྡན་པའོ། །དངོས་གྲུབ་ལ་ཆེད་དུ་བྱེད་པར་ཡོད་
པའི་སྒྲུབ་པ་པོ་ཡིན་ནོ། །སྔགས་འབའ་ཞིག་ཁོ་ན་ཅིའི་ཕྱིར་བཟླས་ཞེས་པ་ལ་སོགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་མོ་བསྒོམ་པ་དང་བྲལ་ན་ཉེ་བར་མངོན་དུ་བྱེད་པའི་བྱེད་པ་པོ་སྔགས་ཀྱི་ལས་མ་ཡིན་པར་ཐོབ་པར་མི་འགྱུར་ཞེས་པའི་དོན་ཏོ། །ལུས་ནི་རྣལ་འབྱོར་པ་སྟེ་ཁྱད་པར་ཅན་གྱི་ལུས་སུ་སྦྱོར་བའི་ཕྱིར་རོ། །དེ་ཡང་
སྔགས་ལ་ཉེ་བར་མངོན་དུ་སྦྱོར་ཞིང་གུས་པས་རྒྱུན་དུ་ཡུན་རིང་པོའི་དུས་སུ་གོམས་པར་གོ་བར་བྱ་བ་ནི་རྟོགས་པར་བྱ་བའོ། །དེ་ཉིད་ཅིའི་ཕྱིར་ཞེས་པ་ལ་ཇི་ལྟར་དྲོ་བའི་བྱ་བའི་བདག་ཉིད་ཅེས་པ་གསུངས་ཏེ། སེམས་ཅན་གཞུག་པར་བྱ་བའི་དོན་དུ་ཞིབ་དང་རྒྱས་པ་དང་མངོན་སྤྱོད་ལ་སོགས་པ་ནི་དྲོ་བའི་བྱ་བ་བསྐྱེད་
པའོ། །དེ་ཇི་ལྟར་བདག་ཡིན་བ་ནི་དེ་བཞིན་དུ་ནུས་པའོ། །དེ་ཉིད་ནུས་པ་ཞེས་བྱ་བའི་བར་རོ། །གང་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དེ་རྣམས་ལ་ཚེ་འདི་ཉིད་ལ་སྡུག་བསྔལ་ལ་སོགས་པར་བྱེད་པའི་ནུས་པ་བསྟན་པར་བྱའོ། །འོན་ཀྱང་འཇིག་རྟེན་ཕ་རོལ་ཏུ་ཡང་
སྔགས་ཀྱི་ནུས་པ་བསྟན་པའི་ཕྱིར་གང་ཞིག་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་ཆེན་པོ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་རོ། །ལྷག་མ་ནི་གོ་སླའོ། །རྣལ་འབྱོར་ཆེན་པོ་ལས་གཞན་ནི་བྱང་ཆུབ་ཀྱི་སྒྲུབ་བྱེད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསྲུབས་གྱུར་པ་ཞེས་བྱ་བ་ལ་སོགས་
པ་གསུངས་སོ། །དད་པས་མངོན་པར་ཡིད་ཆེས་པ་གང་སྲུབ་པ་ཉིད་བཞིན་དུ་རྣལ་འབྱོར་པ་གཞན་ལ་གོ་བར་བྱེད་ན་འབྲས་བུ་ཅུང་ཟད་ཀྱང་མེད་དོ་ཞེས་དགོངས་སོ། །རྣལ་འབྱོར་གཞན་ནི་བཟང་བའི་རྒྱུ་ཉིད་དུ་གཟུང་བའོ། །མཆོད་པར་བྱེད་ཅེས་པ་ནི་མཆོད་པར་བྱེད་པའམ། འདི་ལྟ་སྟེ་རྣལ་འབྱོར་གཞན་
Vol. 16 · folio 212a
འཆང་བས་འཇིག་རྟེན་ཕ་རོལ་གྱི་དོན་དུ་མི་འགྱུར་བར་བསྟན་པའི་ཕྱིར་རྣལ་འབྱོར་གཞན་ལ་བསྟན་པ་ནི་ཞེས་གསུངས་སོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་བཞུགས་པའི་གནས་ཀྱང་བསོད་ནམས་སྐྱེད་བྱེད་དུ་བསྟན་པའི་ཕྱིར་རྣལ་འབྱོར་ཆེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རིགས་ངན་གཏུམ་མོ་ལ་
སོགས་པའི་ཡུལ་ཡང་དཔའ་བོས་ཡོངས་སུ་བརྟགས་པ་སྟེ། དེ་གང་ཡིན་པའི་ཡུལ་ཉིད་དུ་ཡོངས་སུ་བརྟག་པར་བྱའོ། །དེ་རུ་ཞེས་པ་ནི་དཔལ་ཧེ་རུ་ཀའི་བྱིན་གྱིས་བརླབས་པའི་ཡུལ་དང་འབྲེལ་པ་གང་ཡིན་པའི་སེམས་ཅན་དེ་རྣམས་ཡོངས་སུ་བཟུང་བའི་དོན་དུ་རྟག་ཏུ་གནས་པའོ། །ནུས་པ་ནི་སྔགས་ཀྱི་ནུས་པའོ། །གནས་སྐབས་ནི་
དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་བཞུགས་པའི་ཡུལ་གྱི་སེམས་ཅན་གྱི་དོན་དུ་ཉེ་བར་གནས་པའོ། །ཕོ་ཉའི་མཚན་ཉིད་དང་ནུས་པའི་གནས་སྐབས་ཤེས་པར་བྱ་བའི་དོན་དུ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །ཉི་ཤུ་རྩ་དགུ་ནི་ཉི་ཤུ་རྩ་དགུ་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་བའི་ལེའུ་ཉི་ཤུ་རྩ་དགུ་
པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་རྩ་བའི་སྔགས་བཏུ་བ་བཀོད་པའི་རྗེས་སུ་གཞན་བཀོད་པ་བཤད་པའོ། །དེ་དགོད་པར་བྱ་སྟེ། འདིར་ཡི་གེ་དང་གུག་སྐྱེད་དགོད་པའོ། །རེ་མིག་བཞི་བཅུ་རྩ་དགུའི་རྒྱུད་ཀྱི་རི་མོའོ། །ཇི་ལྟ་བུར་གྱུར་པ་ཞེས་པ་ལ་ཤིན་ཏུ་རྙེད་དཀའ་ཞེས་གསུངས་སོ། །གང་གི་ཕྱིར་འདི་ལས་བཞི་པའི་སྔགས་བཏུ་
བ་དེ་ནི་དེ་བཞིན་ནོ། །སྔགས་ཉིད་བཏུ་བའི་ཁྱད་པར་ཅི་ཡིན་ཞེས་པ་ལ། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གང་ཞིག་ནི་སྔགས་ཀྱིས་སོ། །མྱུར་དུ་དངོས་གྲུབ་རབ་བསྒྲུབ་པ། །ཞེས་པ་ནི་དེས་བགེགས་རབ་ཏུ་ཞི་བའོ། །གང་ལ་དགོད་ཅེས་པ་ལ་སའི་ཆ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཙནྡན་ནི་བདུད་རྩི་ལྔར་
མངོན་པར་འདོད་པའོ། །དའི་རང་གི་ངོ་བོ་ཤེས་པ་དགའ་བ་བསྐྱེད་པའི་ཕྱིར་རོ། །དྲི་ཞིམ་དྲི་ནི་ཙནྡན་ལ་སོགས་པའོ། །བདུད་རྩི་ལྔ་དང་བསྲེས་ལ་དྲི་ཞིམ་པའི་དྲིས་སའི་ཆ་བྱུག་པར་བྱའོ། །མེ་ཏོག་དྲི་ཞིམ་ནི་ཙམ་པ་ཀ་ལ་སོགས་པའོ། །བདུག་སྤོས་ནི་སྦྱར་བ་ལ་སོགས་པའི་བདུག་སྤོས་སོ། །དེ་ལྟར་གྱུར་པའི་གནས་
སུ་ཕྱོགས་བཅིང་བ་སྔོན་དུ་སོང་བས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཡི་གེ་ཙམ་སོ་སོར་དགྲམ་པ་ནི་རབ་ཏུ་དགོད་པའོ། །ཡི་གེ་ནི་ཨ་ལ་སོགས་པ་དང་ཀ་ལ་སོགས་པའི་ཡི་གེ་ཉིད་ཡི་གེ་ཙམ་མོ། །ཅི་བྱས་ན་ཞེས་པ་ལ་མཉམ་པར་བྲི་ཞེས་གསུངས་ཏེ། མཉམ་པར་ཨ་ལ་སོགས་པ་དང་ཀ་ལ་སོགས་
Vol. 16 · folio 212b
པ་རིམ་པ་བཞིན་དུ་བྲིས་ཤིང་བཞག་པ་ཉིད་དོ། །ཅི་སྔོན་དུ་སོང་བས་ཞེས་པ་ལ་རྫ་རྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫ་རྔ་བཅིངས་པ་ཉིད་ཀྱི་དབྱིབས་གང་ཡིན་པ་དེ་བཞིན་དུ་དགོད་པའོ། །ལུགས་ལས་བྱུང་བ་དང་ལུགས་བཟློག་པ་ཉིད་དུ་དེ་དབྱངས་དང་གསལ་བྱེད་བཟུང་བས་ཁ་ཕྱིར་བལྟས་པ་
ཉིད་ཀྱི་རྫ་རྔ་དང་འདྲའོ། །དཔའ་བོ་ནི་སྔགས་སོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་པ་ནི་སྔགས་ཀྱི་ཁྱད་པར་རོ། །ཅིའི་ཕྱིར་དེ་ལ་དཔའ་བོ་བཏུ་ཞེས་པ་ལ། རིམ་བཞིན་འབྱུང་དང་རིམ་མིན་པས། །དབྱངས་དང་ཡི་གེ་སྒྲུབ་པ་པོས། །ཞེས་གསུངས་ཏེ། དབྱངས་ནི་ཨ་ལ་སོགས་པའོ། །ཡི་གེ་ནི་ཀ་ལ་སོགས་
པ་སྒྲའི་ངོ་བོ་ཉིད་ཀྱི་ཕྱིར་ཏེ། གང་ཡིན་པ་དེ་བཏུ་བར་བྱའོ། །དེ་ལྟའི་གྲངས་ཀྱི་ནང་གཏོགས་པ། །ཞེས་པ་ནི་རེ་མིག་གི་གྲངས་ཀྱི་ནང་དུ་གཏོགས་པ་ཇི་ལྟར་ཡིན་པ་དེ་ལྟར་ཡང་དག་པར་བཏུའོ་ཞེས་པའི་དོན་ཏོ། །དེ་ཚིག་གང་གིས་ཞེས་དོགས་པ་ལ་ཐུག་པ་ཞེས་གསུངས་སོ། །རེ་མིག་སུམ་ཅུ་རྩ་གཉིས་བླང་། །ཞེས་པ་ནི།
རེ་མིག་ཅེས་པ་ནི་སྒྲའི་རྐྱེན་མེད་པའོ། །ཀ་ཡོད་པའི་རེ་མིག་ནས་བརྩམས་ཏེ། རེ་མིག་སུམ་ཅུ་རྩ་གཉིས་པ་ན་ཡོད་པའི་ས་བཟུང་བའོ། །ཀ་ནས་བཟུང་ཞིང་བགྲངས་པའི་ས་ཉིད་གཟུང་ངོ་། །ཐམས་ཅད་དུ་རེ་མིག་བཟུང་བས་རེ་མིག་ལ་གནས་པའི་ཡི་གེ་གཟུང་ངོ་། །འདི་ཉིད་ཉེ་བར་འཁོར་བར་གཟུང་ངོ་། །རེ་མིག་གསུམ་པ་
ཞེས་བྱ་བའི་གཞུང་ལ་ནི་ལྕེའུ་ཆུང་ཅན་གྱི་ཤ་ཡོད་པ་ནས་བཟུང་བའི་གསུམ་པ་ན་སོ་ལས་བྱུང་བའི་ས་ཡོད་དེ་བཟུང་བའོ། །ལྔ་པ་ཡིས་ནི་དབྱེ་བ་བྱ། །ཞེས་པ་ནི་ཨུས་ཁྱད་པར་དུ་བྱས་པའོ། །བརྒྱ་ཡི་ཕྱེད་ཕྱེད་ཡང་དག་བླང་། །ཞེས་པ་ནི་ཀ་ཡོད་པའི་རེ་མིག་ནས་བཟུང་ནས་བརྩིས་པའི་མའོ། །དེ་བཞིན་ཉི་ཤུ་རྩ་བཞི་དབྱེ། །
ཞེས་པ་ནི་དེ་བཞིན་ཀ་ཡོད་པ་ནས་བཟུང་སྟེ་ཞེས་པའི་དོན་ཏོ། །ཉི་ཤུ་རྩ་བཞིའི་དབྱེ་བ་ནི་བྷའོ། །དེས་བརྒྱའི་ཕྱེད་ཕྱེད་ཀྱི་འོག་གི་ཆར་དབྱེ་བའོ། །རེ་མིག་སུམ་ཅུ་དྲུག་པ་ལ། །རེ་མིག་གསུམ་པས་དབྱེ་བར་བྱ། །ཞེས་པ་ནི་ཨ་ཡོད་པ་ནས་བཟུང་སྟེ། ན་ཡོད་པ་ནི་སུམ་ཅུ་རྩ་དྲུག་པ་སྟེ། རེ་མིག་གསུམ་པ་ནི་ཨ་ཡོད་པ་ནས་བཟུང་སྟེ་རེ་མིག་
གསུམ་པའི་ཨིའོ་དེས་དབྱེ་བར་བྱའོ། །དེ་ནས་སུམ་ཅུ་གཉིས་པ་བླང་། རེ་མིག་ལྔས་ནི་དབྱེ་བར་བྱ། །ཞེས་པ་ནི་དེ་ནས་ནི་ཀ་ཡོད་པ་ནས་བཟུང་བའོ། །ནི་ནི་ཉིད་ཀྱི་དོན་ནམ་བསྡུ་བའི་དོན་ཏོ། །དེ་ལྟར་ལྔ་པ་ལ་ཡང་ངོ་། །དེ་ནས་ཉི་ཤུ་ལྔ་པ་བཟུང་། ཉི་ཤུ་བཞི་དང་སྦྱར་བར་བྱ། །ཞེས་པ་ནི། ཉི་ཤུ་ལྔ་ནི་ཉི་ཤུ་རྩ་ལྔ་པ་སྟེ་མ་ཡིན་
Vol. 16 · folio 213a
པའོ། །དེ་ནས་ཞེས་པ་ནི་ཀ་ཡོད་པ་ནས་སོ། །ཉི་ཤུ་བཞི་ནི་ཉི་ཤུ་རྩ་བཞི་པ་སྟེ་བྷ་ཡོད་པའོ། །དེ་ཡང་གསུམ་པ་ནི་མཐའ་སྟེ། མའི་འོག་ཏུ་བྷ་སྦྱར་བར་བྱའོ་ཞེས་པའི་དོན་ཏོ། །སུམ་ཅུ་རྩ་གསུམ་ཡང་དག་བླང་། །རེ་མིག་བཅོ་ལྔ་པ་ཡིས་མཆོད། །ཅེས་པ་ནི་དེ་ནས་ཞེས་བྱ་བ་རབ་ཏུ་འཇུག་
གོ། །ཀ་ཡོད་པ་ནས་གཟུང་སྟེ། སུམ་ཅུ་རྩ་གསུམ་པ་ན་ཧ་ཡོད་པའོ། །བཅོ་ལྔ་ནི་ཐིག་ལེ་ཡོད་པའོ། །ཨ་ཡོད་པ་ནས་བཟུང་སྟེ། ལྔ་པ་ཡིས་ནི་ཡང་དག་ལྡན། །མཛེས་པའི་མཆོག་ནི་ཡིན་པར་འདོད། །ཅེས་པ་ནི་ཨ་ཡོད་པ་ནས་གཟུང་སྟེ་ལྔ་པ་ཉིད་ནི་ལྔ་པ་སྟེ། ཨུས་ས་བོན་འདིས་མཛེས་པར་བྱས་ན་དོན་
ཐམས་ཅད་བྱེད་པའི་ཕྱིར་རོ། །ཉི་ཤུ་རྩ་གཉིས་ཡང་དག་ལྡན། །དེ་བཞིན་ཉི་ཤུ་བདུན་དང་ལྡན། །ཞེས་པ་ནི་ཉི་ཤུ་གཉིས་ནི་ཉི་ཤུ་རྩ་གཉིས་ཏེ་ཕ་ཡོད་པའོ། །ཨ་ཡོད་པ་ནས་ཉི་ཤུ་རྩ་བདུན་པ་ན་ཡོད་པའོ། །འདི་ཐམས་ཅད་བླངས་པས་དང་པོའི་ཚིག་རྐང་ངོ་། །དང་པོའི་སྔགས་ཀྱི་ཚིག་ཏུ་བརྗོད། །ཅེས་པ་ནི་དང་པོའི་ཚིག་གོ། །
རེའུ་མིག་ནི་བཅུ་དགུ་པ། །མེ་ཡི་བུ་དང་ཡང་དག་ལྡན། །རེའུ་མིག་གསུམ་པས་དབྱེ་བར་བྱ། །ཞེས་པ་ནི་ཨ་ཡོད་པའི་རེའུ་མིག་བཅུ་དགུ་པ་ནི་བཅུ་དགུ་པ་སྟེ་གའོ། །མེའི་བུ་གང་ཡིན་པ་ནི་རའོ། །ཨ་ཡོད་པ་ནས་རེ་མིག་གསུམ་པའི་དབྱེ་བ་ནི་ཨི་ཡོད་པའོ། །ཡ་ཚན་བརྒྱད་པའི་ས་བོན་ལ། །སུམ་ཅུ་དྲུག་པ་ཡང་དག་ལྡན། །སླར་ཡང་ཚིག་ནི་དེ་ཉིད་ནི། །
ཞེས་པ་ནི་ཡ་ཡང་ཡིན་ལ་སྡེ་ཚན་ཡང་དེ་ཡིན་པ་ནི་ཡའོ། །དེའི་བརྒྱད་པའི་ས་བོན་ནི་ཧའོ། །རེ་མིག་སུམ་ཅུ་རྩ་དྲུག་པ། །ཞེས་པ་ནི་ཨ་ཡོད་པ་ནས་རེ་མིག་སུམ་ཅུ་རྩ་དྲུག་ན་ན་ཡོད་པའོ། །ཡང་དེ་ལྟ་བུར་གྱུར་པའི་ཚིག་གོ། །དང་དང་ཉིད་ནི་བསྡུས་པ་དང་ཉེ་བར་གཟུང་བ་དག་གོ། །དེ་ནས་རང་བྱུང་བླངས་ནས་ནི། །ཞེས་པ་
ནི་རང་བྱུང་ནི་ཧའོ། །དེ་ནས་ཞེས་པ་ནི་གྲྀཧྞ་གྲྀཧྞའི་ཚིག་ལས། རེ་མིག་ལྔ་པ་ཡང་དག་སྦྱར། །ཞེས་པ་ནི་ཨ་ཡོད་པ་ནས་ལྔ་པ་ན་ཨུ་ཡོད་པའོ། །སྤྱི་བོར་ཐིག་ལེས་བརྒྱན་པར་བྱ། །ཞེས་པ་ནི། འདིར་ཐམས་ཅད་དུ་ཟླ་ཕྱེད་ནི་མེད་དེ་ཐིག་ལེ་ཙམ་གྱིས་བརྒྱན་པའི་ཕྱིར་རོ། །འདོད་པའི་དོན་ཀུན་སྒྲུབ་བྱེད་པ། །ཞེས་
པ་ནི་འདིའི་མིང་དུ་གྲགས་སོ་ཞེས་པའི་དོན་ཏོ། །ཕཊ་ནི་སྔར་བཞིན་དུ་རྗེས་སུ་འཇུག་པའོ། །ཐིག་ལེ་སྤྱི་བོར་སྦྱར་བར་བྱ། །ཞེས་བྱའོ། །དེའི་ཕྱིར། དེ་ནས་ཉི་ཤུ་གཉིས་པ་གཟུང་། །དེ་བཞིན་བཅུ་གཅིག་པ་ཉིད་དང་། །ཞེས་པ་ནི་གཞུང་ཁ་ཅིག་ན་ཡོད་དོ། །ཀ་ཡོད་པ་ནས་ཉི་ཤུ་རྩ་གཉིས་པ་ན་ཕ་ཡོད་པའོ། །བཅུ་གཅིག་
Vol. 16 · folio 213b
པ་ནི་ཊ་ཡོད་པའོ། །འདི་ནི་ཕཊ་གོ་སླའོ་ཞེས་པ་ནི་གཉིས་རྐང་ཚིག་གོ། །རེའུ་མིག་བཅུ་དགུ་པ་ལ་ནི། །ཉི་ཤུ་རྩ་བདུན་པ་ཡིས་དབྱེ། །གསུམ་པ་ཡིས་ནི་ཡང་དག་ལྡན། །ཞེས་པ་ནི་ཨ་ཡོད་པ་ནས་བཅུ་དགུ་ནི་བཅུ་དགུ་བའི་རེ་མིག་སྟེའོ། །ནི་ནི་བསྡུ་བའོ། །ཉི་ཤུ་རྩ་བདུན་པ་ན་ར་ཡོད་པའོ། །སུམ་ཅུ་གསུམ་པ་བླངས་
བྱས་ལ། །རེ་མིག་གི་ནི་གཉིས་པ་ཡིས། །ཉི་ཤུ་ཡང་དག་མཉམ་པར་ལྡན། །མཛེས་པ་མཆོག་གི་ཕན་པའོ། །ཞེས་བྱ་བ་ནི་སུམ་ཅུ་གསུམ་ནི་སུམ་ཅུ་རྩ་གསུམ་པ་སྟེ། ཀ་ཡོད་པ་ནས་སོ། །ཨ་ཡོད་པ་ནས་གཉིས་པ་ན་ཨཱ་ཡོད་པའོ། །ཀ་ཡོད་པ་ནས་ཉི་ཤུ་པ་ན་ན་ཡོད་པའོ། །ཉི་ཤུ་གཅིག་པའི་རེའུ་མིག་ནི། །དེ་
བཞིན་ཉི་ཤུ་དྲུག་པར་ལྡན། །ཞེས་པ་ནི་ཉི་ཤུ་གཅིག་པ་ནི་ཀ་ཡོད་པ་ནས་གཟུང་ངོ་ཞེས་པའི་དོན་ཏོ། །ནི་ནི་བསྡུ་བའོ། །དེ་བཞིན་ཞེས་པ་ནི་ཀ་ཡོད་པ་ནས་ཉི་ཤུ་དྲུག་པ་ན་ཨ་ཡོད་པའོ། །ལན་གཉིས་གོམས་པའི་ཚིག་ཉིད་ཀྱང་། །ཞེས་པ་ནི་གཉིས་པ་ནི་ཉེ་བར་དེ་འདྲ་བའི་ཚིག་ངེས་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་གོ་རིམས་
བཟློག་པ་གཟུང་། །རེའུ་མིག་ལས་ནི་དང་པོ་ཉིད། །བཞི་པའི་མཐའ་དང་ཡང་དག་ལྡན། །དེ་བཞིན་བཅོ་ལྔ་པ་ཡིས་མཆོད། །ཅེས་པ་ནི་གོ་རིམས་བཟློག་པ་ཉིད་ཀྱིས་དེ་བཀོད་པའི་ལས་དང་པོ་ནི་དང་པོ་ན་ཧ་ཡོད་པའོ། །ཧ་དེ་ཉིད་དང་པོ་སྟེ་བླང་བའོ། །ཚིག་ནི་གསུམ་པར་བརྗོད་ཅེས་སྦྱར་རོ། །ཨ་ཡོད་པ་ནས་བཞི་པ་ནི་ཁ་ཅིག་ཨཱི་
སྟེ། དེའི་མཐའ་ཨུ་ཡོད་པའོ། །གཞན་ནི་གོ་སླའོ། །ཚིག་གསུམ་པོ་ནི་ཆོས་སོགས་ཀྱི། །ཚིག་ཅེས་པ་ནི་མཆོག་གི་ཚིག་གོ་བར་བྱའོ། །འདིར་ཡང་ཕཊ་ནི་རྗེས་སུ་གཞུག་པ་སྟེ། ཚིག་རྐང་གསུམ་པའོ། །རེ་མིག་གཉིས་པའི་ས་བོན་ཞེས་པ་ནི་ཨ་ཡོད་པ་ནས་ཨཱ་ཡོད་པའོ། །གཉིས་པའི་ས་བོན་ནི་ལྷ་རྣམས་
ཀྱིའོ་ནི་ངེས་པར་གཟུང་བའོ། །རེ་མིག་སུམ་ཅུ་རྩ་དྲུག་ཅེས་པ་ནི་སུམ་ཅུ་རྩ་དྲུག་པའི་རེ་མིག་ནི་ཨ་ཡོད་པའི་རེ་མིག་ནས་བཟུང་སྟེ་ན་ཡོད་པ་ཉིད་བླང་ངོ་ཞེས་དགོངས་སོ། །ན་བླངས་ལ་ཚིག་རྐང་བཞི་པར་བརྗོད་དོ་ཞེས་པར་བྱའོ། །ལྷག་མ་གོ་སླའོ། །རེ་མིག་སུམ་ཅུ་གསུམ་པ་ཞེས་པ་ནི་ཧཱའོ། །རེ་མིག་བཅུ་
གསུམ་ཞེས་པ་ནི་ཨ་ཡོད་པ་ནས་སོ། །རེ་མིག་ལས་ནི་བཅུ་ཉིད་དང་། །གོ་རིམས་བཟློག་ནི་སྒྲུབ་པ་པོས། །ཞེས་པ་ནི་ཧ་ཡོད་པ་ནས་བཅུ་པ་ན་བྷ་ཡོད་པའོ། །རེའུ་མིག་ལས་ནི་བཅུ་དགུ་པ། །ཞེས་པ་ནི་ཨ་ཡོད་པ་ནས་བཅུ་དགུ་པ་ན་ག་ཡོད་པའོ། །རེའུ་མིག་ཉི་ཤུ་རྩ་གསུམ་པ། །ཞེས་པ་ནི་ཀ་ཡོད་པ་ནས་ཉི་ཤུ་
Vol. 16 · folio 214a
རྩ་གསུམ་པའི་རེའུ་མིག་ན་བ་ཡོད་པའོ། །དེ་ཉིད་བ་བླང་བའོ། །དེའི་ཕྱིར་པ་ཉིད་གཟུང་ངོ་ཞེས་པའི་དོན་ཏོ། །ཨ་ཡོད་པ་ནས་གཉིས་པ་ན་ཨ་ཡོད་པའོ། །སྟེང་དུ་ཐིག་ལེས་བརྒྱན་པར་བྱ། །ཞེས་པ་ནི་ཐིག་ལེ་ཙམ་ནི་ཐིག་ལེ་སྟེ། སའི་ས་བོན་བའོ། །དེ་ནས་
ཞེས་པ་ནི་བཀོད་པ་ཉིད་ཀྱི་ཕྱིར་རོ། །བརྒྱད་པས་མཚན་ཅིང་བྱིན་གྱིས་བརླབས། །མེའི་བུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །འདིར་ཡང་ཕཊ་ནི་རྗེས་སུ་འཇུག་པར་བྱའོ། །ཧཱུཾ་ཕཊ་མཐའ་རུ་སྦྱར་བར་བྱ། །ཞེས་བྱའོ། །ཧཱུཾ་ཕཊ་མཐའ་རུ་སྦྱར་བ་ཞེས་པ་ནི་ཧཱུཾ་ཕཊ་མཐའ་རུ་སྦྱར་
བ་ངེས་པར་མཐའ་རུ་མཆོག་ཏུ་ངེས་པར་བྱས་ཏེ། སྒྲའི་རྐྱེན་མེད་པའི་ཚིག་ནི་ཤིན་ཏུ་རིང་བར་བརྗོད་པའོ། །འདི་ནི་ཞེས་པ་ནི་སྔགས་ཀྱི་ཚིག་གི་ཚོགས་སོ། །འཇིག་རྟེན་གསུམ་ནི་སེང་གེ་དང་། །འཕྲོག་བྱེད་དབྱིག་གི་སྙིང་པོ་སྟེ། །མ་ལུས་པ་ལས་རྒྱལ་བའོ། །ཞེས་བྱ་བ་ནི་འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་པའོ། །ལྷག་མ་ནི་གོ་སླའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ཚིག་བཞི་པོའི་ཨོཾ་ནི་གསལ་བྱེད་དེ། དེའི་ཕྱིར་ཨོཾ་གྱི་རང་བཞིན་བརྗོད་པས་ཧཱུཾ་དང་ཕཊ་དང་སྔོན་དུ་སོང་བའི་ཧཱུཾ་ཕཊ་དག་མཐའ་རུ་སྦྱར་བའི་སྔགས་རྣམས་གང་ཡིན་པ་དེ་ནི་དེ་བཞིན་ནོ། །
དེ་ནས་སྔགས་ནི་འདི་ཡིན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ། །བྷ་ག་ཝཱན་བཛྲ་ཧུཾ་ཧཱུཾ་ཕཊ་ཅེས་བྱའོ། །རིག་རྒྱལ་འཁོར་ལོས་སྒྱུར་བ་ཡི། །ཞེས་པ་ནི་རིག་པ་ནི་ལྷ་རྣམས་ཏེ། དེ་རྣམས་ཀྱི་རྒྱལ་པོ་
ཞེས་པ་ནི་རིག་པའི་སྔགས་སོ། །རིག་པའི་རྒྱལ་མོའི་མིང་ཅན་འདི་རྣམས་ཀྱི་ནང་ནས་འཁོར་ལོས་སྒྱུར་བ་སྟེ། དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་གང་ཡིན་པ་དེའི་དཀྱིལ་འཁོར་བསྲུང་བའི་སྔགས་འདི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་ཉིད་བསྡུས་དང་དཔལ་མཆོག་དང་། །བདེ་མཆོག་རྡོ་རྗེ་
འཇིགས་བྱེད་དུ། །ཁྲོ་བོ་བཞི་དང་ཡང་དག་ལྡན། །སྐུ་བརྒྱད་དང་ནི་བཅས་པ་རུ། །དཀྱིལ་འཁོར་བསྲུང་བའི་དོན་དུ་ཡང་། །གདུག་པ་ཀུན་ལས་ཁྱད་པར་དུ། །ཞེས་གསུངས་སོ། །སྐུ་བརྒྱད་ནི་འཇིག་རྟེན་སྐྱོང་བ་བརྒྱད་དོ། །གདུག་པ་ཅན་ཀུན་ཞེས་པ་ནི་གདུག་པ་ཅན་ཐམས་ཅད་ལ་དཀྱིལ་འཁོར་
Vol. 16 · folio 214b
བསྲུང་བའི་དོན་དུའོ། །འདི་ནི་ཞེས་པ་ནི་སྔགས་ཀྱིས་སོ། །འཆི་བར་འགྱུར་ཞེས་པ་ནི་གདུག་པ་ཅན་གང་ཡང་རུང་བའོ། །འཁོར་ལོའི་སྦྱོར་བས་བརྗོད་པ་ཞེས་པ་ནི་རང་ཉིད་ལས་ཤེས་རབ་ལ་དེ་ནས་བདག་རབ་ཏུ་ཞུགས་པར་བྱ་ཞིང་བཟླས་ན་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་བསྐྱེད་དོ། །སྔགས་
ཀྱི་ཚིག་རྐང་བཞི་པོ་ཞེས་པ་ནི་སྔགས་བསྡུས་པ་སྟེ། ཨོཾ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །དེ་ལ་འདིར་གཞན་ཡང་ཧཱུཾ་དང་ཕཊ་སྦས་པའོ། །རྫ་རྔ་བཅིངས་པས་སྔགས་བཏུ་བ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལེའུ་ཡང་ཡིན་པས་དེ་ནི་དེ་བཞིན་ནོ། །སུམ་ཅུ་ནི་སུམ་ཅུ་པའོ་ཞེས་བྱ་
བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་པའི་དཀའ་འགྲེལ་ལོ།། །།ཉི་ཤུ་རྩ་བདུན་པར་མཆོད་པ་དང་གཏོར་མའི་བྱ་བ་མདོར་བསྟན་པ་དང་། ཉི་ཤུ་རྩ་བརྒྱད་པར་སྦྱིན་སྲེག་མདོར་བསྟན་པ་རྒྱས་པར་བཤད་པའི་དོན་དུ་ལེའུ་འདི་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ནས་སྦྱིན་སྲེག་གོ། །དེ་དག་ཀུན་ཞེས་པ་ནི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱེད་པའོ། །རྡོ་རྗེ་སྐྱེས་ནི་སྐུ་རྡོ་རྗེ་ལ་སོགས་སྐྱེས་པའོ། །དཔལ་གསང་བ་འདུས་པ་ལས། ཤ་ཆེན་དེ་དག་ཐམས་ཅད་ཀྱི། །འཇིགས་བྱེད་རྡོ་རྗེ་སྐྱེས་བུ་དྲན། །ཞེས་གསུངས་
སོ། །ཡང་ན་དབྱེར་མེད་པའི་ཡེ་ཤེས་ལས་སྐྱེས་པས་ན་རྡོ་རྗེ་སྐྱེས་སོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེས་པ་ལ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་དེ་རྣམས་ཀྱི་དོན་ནོ། །དེ་ཡང་གང་གི་ཕྱིར་ཤ་ཆེན་པོས་གདུག་པ་ཅན་ཐམས་ཅད་འཇིགས་བྱེད་ཆེན་པོ་ཡིན་པས་དེ་ལྟར་ན་ཤ་ཆེན་པོ་དེས་
བྱའོ་ཞེས་པའི་དོན་ཏོ། །འདིས་ནི་སྦྱིན་སྲེག་གཞན་ལས་ལྷག་པར་བརྗོད་པའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞི་བ་དག་ནི་རིགས་མ་ཡིན། །ཞེས་གསུངས་པའི་ཕྱིར་དེ་རྣམས་ངན་སོང་དུ་འགྲོ་བ་དགག་པའི་དོན་དུ་དེ་ལྟར་དེ་ལ་ངེས་པའི་བཟློག་པར་བྱའོ། །དེ་ལྟར་ཞེས་པ་ནི་གདུག་
པ་ཅན་ཉམས་པར་བྱེད་པ་ནི་ཁྱི་ལ་སོགས་པའི་ཤས་ཀྱང་སྦྱིན་སྲེག་བྱེད་པའོ། །བཟའ་ཞེས་པ་ནི་མཆོད་པའི་དོན་དུ་བཟའ་བའོ། །ཤ་དེ་རྣམས་ཉིད་ཀྱིས་མཆོད་པ་ལ་སོགས་པའི་བྱ་བ་བྱའོ་ཞེས་པའི་དོན་ཏོ། །ཅི་འདིས་མངོན་པར་འདོད་པར་འགྱུར་རམ་མི་འགྱུར་ཞེས་པའི་རྣམ་རྟོག་གིས་
Vol. 16 · folio 215a
དཔྱོད་པའོ། །དེ་ལས་ཕྱིན་ཅི་ལོག་ནི་མ་དཔྱད་པའོ། །དེ་ཅི་ཞེས་པ་འགྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་ལུས་པ་ནི་ལྷག་མ་མེད་པ་སྟེ། རལ་གྲི་ལ་སོགས་ཕུལ་དུ་བྱུང་བ་མ་ལུས་པ་གྲུབ་པ་གང་ཡིན་པ་དེ་ནི་མ་ལུས་པ་སྟེ་སངས་རྒྱས་ཉིད་དོ། །
རྒྱལ་སྲིད་ཐམས་ཅད་ནི་འཁོར་ལོས་སྒྱུར་བའོ། །དེ་དག་རང་ཉིད་ཀྱིས་སྲོག་བཅད་པ་མ་ཡིན་པར་གཟུང་བའོ། །སྤྱོད་པར་བྱེད་པའི་རྣལ་འབྱོར་པས་སྣོད་ནི་ཐོད་པ་ལ་བྱའོ་ཞེས་བསྟན་པའི་ཕྱིར་དུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མུ་ཏིག་ནི་མུ་ཏིག་བསྐྱེད་པའི་སྲོག་ཆགས་ཀྱི་ཁྱད་པར་
ཏེ། དེའི་རུས་པའི་ཁྱད་པ་ལ་ཡང་མུ་ཏིག་གི་སྒྲས་བརྗོད་དོ། །ཇི་ལྟར་དུང་ལ་སོགས་པ་རིག་བྱེད་པ་རྣམས་ཀྱི་དག་བྱེད་ཡིན་པ་དེ་ཐོད་པ་ཡང་ཡིན་ནོ། །སྲོག་ཆགས་ཀྱི་ཡན་ལག་ཏུ་ཁྱད་པར་མེད་པར་བསྟན་པའི་ཕྱིར་གསུམ་ཆར་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་སོ། །རྒྱུ་ནི་ལས་དང་
ཉོན་མོངས་པ་དང་ཕུང་པོ་ལ་སོགས་པའོ། །དེས་དུང་ལ་སོགས་པ་གསུམ་པོའི་རྒྱུ་དེ་ལས་བྱུང་བའོ། །དེ་བཞིན་མི་ཡང་ཡིན་ནོ། །དེ་བས་ན་རིག་བྱེད་སྨྲ་བ་རྣམས་ཐོད་པ་ལ་ཅིའི་ཕྱིར་སྨོད་པར་བྱེད། འོན་ཏེ་སྨན་ལ་སོགས་པ་བཞིན་ཉེ་བར་མཁོ་བ་ཡིན་པས་དུང་ལ་སོགས་པ་ནི་དག་བྱེད་
ཉིད་དུ་བྱ་བ་སྟེ། དེས་ན་དགོས་པ་མཐོང་བ་ཡིན་ནོ་ཞེ་ན། ཅི་བཅོམ་ལྡན་འདས་ཀྱིས་ཀྱང་ཐོད་པ་ལ་དགོས་པ་མཐོང་བ་མ་ཡིན་ནམ། གང་གི་ཕྱིར་རིན་པོ་ཆེ་སྐྱེ་འགྲོ་ཐམས་ཅད་ཀྱི་ཐུན་མོང་རང་གི་ངོ་བོ་ཉིད་དུ་ཤེས་པ་ནི་མ་ཡིན་ནོ། །སུ་ཞིག་སྨོད་ཅེས་པ་ལ་ཆོས་ཀྱི་ཡེ་ཤེས་ལུས་ཅན་ཞེས་
གསུངས་སོ། །ཆོས་རྣམས་ནི་ཕུང་པོ་ལ་སོགས་པ་རྣམས་ཏེ་སྟོང་པ་ཉིད་ལ་སོགས་པར་རྟོགས་པ་ནི་ཡེ་ཤེས་སོ། །དེ་ཉིད་ཀྱི་རང་བཞིན་གྱི་ལུས་གང་ཡིན་པ་དེ་ནི་དེ་བཞིན་ཏེ་རྣལ་འབྱོར་པའོ། །དེ་རྣམས་ཏེ་སྒྲའི་བདུན་པའི་དོན་ལ་དྲུག་པའོ། །དེ་ཉིད་ཀྱི་ཕྱིར་དཔལ་ཧེ་རུ་ཀ་ཡང་དེ་འཛིན་
པས་སུ་ཞིག་སྨོད་ཅེས་བསྟན་པའི་ཕྱིར། ཐོད་པ་ཞེས་པ་ལ་སོགས་པ་གསུངས་སོ། །ཐོད་པའི་ཕྲེང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་ཐོད་པའི་ཕྲེང་བ་ཅན་ཏེ། སྤྱི་བོ་ལ་སོགས་པ་ཉིད་དམ་ཐོད་པའི་ཕྲེང་བ་གང་ལ་ཡོད་པ་ནི་སྒྲའི་མུ་ཏིག་གི་དོན་དུ་ཨི་ཡའི་རྐྱེན་བྱིན་པ་སྟེ། དེ་བས་ན་དབུ་
Vol. 16 · folio 215b
ལ་ཐོད་པ་ལྔའི་ཕྲེང་བ་འཆང་བའོ། །དཔའ་བོ་ནི་གྲོགས་མེད་པ་ཉིད་ཀྱི་ཕྱིར་རོ། །ཟླ་ཕྱེད་ཉིད་དུ་བྱས་པ་ནི་འདུས་ནས་བརྒྱན་པ་གང་ཡིན་པ་དེ་ཡང་ཟླ་བ་ཕྱེད་པས་རྒྱན་དུ་བྱས་པའོ། །ནག་ནོག་མེད་པའི་རྣམ་པར་དག་པའི་སྤྲུལ་པར་གཟུང་བའི་ཕྱིར་ཟླ་བ་ཕྱེད་པ་འཆང་བའོ། །དཔའ་བོ་རྣམས་
ཀྱི་ནང་ནས་ཀྱང་གང་ཡིན་དེ་ལ་དཔའ་བོ་སྟེ། སེང་གེ་དང་འཕྲོག་བྱེད་ལ་སོགས་པ་ལས་དེ་རྒྱལ་བ་གང་ཡིན་པ་དེ་ནི་དྲན་པ་སྟེ་རབ་ཏུ་གྲགས་པ་ན་ཅིའི་ཕྱིར་སྨད་པར་བྱེད། བརྡ་ནི་ལྔ་བོ་བསྟན་དང་ཞེས་པ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་ལྷ་མོ་ལྔ་བརྗོད་པའོ། །རལ་པའི་ཅོད་པན་གྱི་ཐོད་པ་ལྔ་དེ་བསྟན་པ་
ནི་བསྒོམ་པར་བྱའོ། །སྒྲུབ་བ་པོའི་ལག་གཡོན་ནི། །ཞེས་པ་ནི་བསྟན་པར་བྱའོ་ཞེས་སྦྱར་རོ། །ནི་ནི་ཁྱད་པར་རོ། །གཡོན་པའི་ལག་པ་ལ་གནས་པས་དམ་ཚིག་ལ་སོགས་པ་སྦྱིན་ནོ་ཞེས་དགོངས་སོ། །ཅིའི་ཕྱིར་ཞེས་པ་ལ་དཔའ་བོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔའ་
བོ་རྣམས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་ཏེ། དེ་རྣམས་ཀྱི་གནས་ནི་ལག་པ་གཡོན་པའོ། །འདི་ནི་གང་གི་ཕྱིར་རོ། །གང་གི་ཕྱིར་གཡོན་པའི་ལག་པ་ནི་བརྡ་སྟེ། དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་རབ་ཏུ་འཇུག་པ་ལ་བརྡར་བྱས་པའོ། །དེ་རྣམ་པར་དག་པ་ནི་འདི་སྟེ། གཡོན་པ་
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཡོན་པ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱི་ཆོས་རྣམས་ལས་སྟོང་པ་ཉིད་ཀྱི་ཆོས་རབ་ཏུ་སྐྱེའོ་ཞེས་གསུངས་པའི་ཕྱིར་རོ། །གཡོན་པ་ནི་ཤེས་རབ་བོ། །དེ་ལས་བྱུང་བ་འགྲོ་བ་ཐམས་ཅད་ཀྱི་ཕུང་པོ་ལ་སོགས་པའོ། །གང་གི་ཕྱིར་ཐམས་ཅད་སྡིག་པ་མེད་པ་
ཙམ་གྱིས་ནི་དོན་གྱི་བྱ་བ་ཅུང་ཟད་ཀྱང་མི་བྱེད་དོ། །ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ཕྱི་རོལ་དུ་ཡང་དེ་བཞིན་དུ་ཞེས་སྒྲུབ་པ་ཡིན་ནོ། །ལག་པའི་མཆོད་པ་བསྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་སྔོ་བསངས་ཏེ་མཐེ་བོང་ལ་བསྒོམ་པར་བྱའོ། །ཡལ་ག་སྟེ་
མཛུབ་མོ་ལ་རྣམ་པར་སྣང་མཛད་དོ། །གཙོ་བོ་སྟེ་གུང་མོ་ལ་པདྨའི་གར་ཏེ་པདྨ་གར་གྱི་དབང་ཕྱུག་གོ། །འཆང་བ་ནི་སྲིན་ལག་སྟེ་དཔའ་བོ་ནི་དཔལ་ཧེ་རུ་ཀའོ། །མཐེ་ཆུང་ལ་ནི་ནམ་མཁའི་སྙིང་པོ་ཞེས་པ་ནི་སྒྲའི་རྐྱེན་མེད་པའོ། །དེ་ཡང་ཆུང་ལ་ནི་ཕྲ་བ་སྟེ། རྟོགས་པར་དཀའ་བའི་ངོ་བོ་ཉིད་ཀྱི་
Vol. 16 · folio 216a
ཕྱིར་རོ། །མི་ཟད་པ་ཞེས་པ་ནི་ཟད་པ་མེད་པའོ། །ནམ་མཁའི་སྙིང་པོ་ནི་རྡོ་རྗེ་ཉི་མའོ། །སོར་མོ་ཐམས་ཅད་ཀྱི་སེན་མོ་ལ་རྟ་མགྲིན་ནོ། །དང་ནི་བསྡུས་པའོ། །དེ་དག་ནི་གཡོན་པ་ལས་བྱུང་བར་བསྟན་པའི་ཕྱིར་གནས་སུ་ཞེས་གསུངས་སོ། །བདག་ཏུ་འཛིན་པ་ལ་
སོགས་པའི་རང་བཞིན་རྣམ་པར་དཔྱད་པས་ཉམས་ཤིང་མི་མཐོང་བས་ན། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྟར་བྱུང་བ་དེ་བཞིན་ནོ། །འདི་ཞེས་པ་ནི་སྒྲའི་དྲུག་པའི་དོན་གྱི་དང་པོའོ། །དེ་དག་ལ་དཔའ་བོ་ཐམས་ཅད་གཡོན་པ་ལས་ཡང་དག་པར་བྱུང་བའོ། །ལག་པ་ནི་རྒྱུའོ། །ལག་
པའི་མཐིལ་ཞེས་པ་ནི་ལག་པའི་དབུས་སུའོ། །ཧེ་རུ་ཀ་དཔལ་རྡོ་རྗེ་ཕག་མོའོ། །འདིར་བརྗོད་པ་ལག་པའི་དབུས་སུ་འདབ་མ་བརྒྱད་དང་བཅས་པའི་པདྨའོ། །དེའི་ཟེ་འབྲུ་ལ་དཔལ་ཧེ་རུ་ཀ་དང་སྙོམས་པར་འཇུག་པའི་རྡོ་རྗེ་ཕག་མོའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མའོ། །བྱང་དུ་
ལཱ་མའོ། །ནུབ་ཏུ་དུམ་སྐྱེས་མའོ། །ལྷོར་གཟུགས་ཅན་མའོ། །དབང་ལྡན་དུ་གཤིན་རྗེ་མའོ། །མེར་རྨོངས་བྱེད་མའོ། །བདེན་བྲལ་དུ་སྐྱོང་བྱེད་མའོ། །རླུང་དུ་སྐྲག་བྱེད་མ་བསྒོམ་པར་བྱའོ། །འདི་ནི་ལག་པར་དགོད་པ་སྟེ། མཛའ་བ་ཐམས་ཅད་འདུས་པ་ཡིན། །ཞེས་བྱ་བ་ནི་
ལག་པ་ལ་ལྷ་དགོད་པ་གང་ཡིན་པའི་ཆོ་ག་བརྗོད་པ་ནི་དེ་ལག་པར་དགོད་པའོ། །ཡིད་དུ་འོང་བ་ཐམས་ཅད་འདུས་པ་དེ་ནི་དེ་བཞིན་ནོ། །དེ་ལྟར་རིམ་པ་འདིས་དཔའ་བོ་མཆོད་པར་བྱའོ། །མཁའ་འགྲོ་མ་ལ་སོགས་པའི་མིང་གཞན་སྟོན་ཏེ། ས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་བྱེད་
མ་ནི་རྡོ་རྗེ་ཕག་མོའི་མིང་གི་བྱེ་བྲག་གོ། །དེ་ཉིད་སྟོང་པ་ཉིད་དེ་སྟོང་པ་ཉིད་ལ་སྟོང་པ་ཉིད་རྣམ་པར་དག་པ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །གང་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མཁའ་འགྲོ་
མ་ལ་སོགས་པ་ནས་རྡོ་རྗེ་ཕག་མོའི་བར་དུ་རིམ་པ་བཞིན་ཤེས་པར་བྱའོ། །དེ་བཞིན་ཞེས་པའི་སྒྲས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་རུ་སོན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དབུས་སུ་དཔའ་བོ་ཀུན་གྱི་གནས། །ཞེས་པ་ནི་དབུས་སུ་དཔའ་བོ་ཐམས་ཅད་ཀྱི་རྡོ་རྗེའི་ཞབས་
Vol. 16 · folio 216b
ཀྱིས་གནས་ལ་རོལ་པ་ལྟ་བུའོ་ཞེས་ཤེས་པར་བྱའོ། །དཔའ་བོ་ཐམས་ཅད་ཀྱི་རོལ་པར་གནས་པ་རྣམ་པར་དག་པ་ལག་པའི་དབུས་སུ་ཞེས་དགོངས་སོ། །མཁས་པས་རྒྱབ་ཏུ་གཤེགས་སུ་གསོལ། །ཞེས་པ་ནི་ལག་པའི་རྒྱབ་ཏུ་ལྷ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་བཞིན་དུ་བལྟའོ་
ཞེས་པའི་དོན་ཏོ། །དེའི་ལག་པའི་སྟེང་དང་རྒྱབ་ཏུ་བསྒོམ་པར་བྱ་བ་ནི་ཁྱད་པར་ཅན་གྱི་དོན་དུ་ནིའི་སྒྲས་བསྟན་པའོ། །དེའི་ཕྱིར་གང་དེ་ལྟར་མཐོང་བ་དེ་ནི་མཁས་པའོ། །ལྔ་པོ་ཡང་ནི་བརྡས་བསྟན་བྱ། །ཞེས་པ་ནི་བདུད་རྩི་ལྔ་ཡང་བརྡས་བརྗོད་པར་ཤེས་པར་བྱའོ། །དེ་ཡང་ལག་པ་
ལ་དགོད་པའི་ཡུལ་དེ་ཉིད་ལ་བསྟན་པའི་ཡུལ་ལ་དེ་ཉིད་བདུད་རྩི་རྣམ་པ་ལྔ་ལ་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་གི་ས་བོན་ལས་བསྐྱེད་པའི་རྣམ་པར་སྣང་མཛད་ལ་སོགས་པའི་བདག་ཉིད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པར་ཡང་དག་པར་བསྒྲུབས་ལ་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ལ་ཨོཾ་པྲ་
ཙཎྜི་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་ཀ་པཱ་ལེ་ཧུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བས་ཐམས་ཅད་ཀྱི་མིང་གཟུང་བ་སྔོན་དུ་སོང་བས་མཐེ་བོང་དང་སྲིན་ལག་གི་ཁས་ལན་ཉི་ཤུ་རྩ་བཞིར་ཚིམ་པར་བྱ་བའི་ཕྱིར་སྦྱིན་པར་བྱའོ། །ལྕེ་ལ་ཡང་ལན་ཅིག་གཞག་པ་ནི་བདུད་རྩི་ལྔ་ཉེ་བར་ལོངས་སྤྱོད་པའི་དོན་གཞན་
དུ་ཤེས་པར་བྱའོ། །དེས་ནི་མཆོད་པར་འགྱུར་རོ། །བརྡ་ཡང་ལག་པ་ལ་བཀོད་པ་སྔོན་དུ་འགྲོ་བར་བྱའོ་ཞེས་ཤེས་པར་བྱའོ། །ཐོད་པ་ལ་སོགས་པ་ལ་དེ་ལྟར་བདུད་རྩི་རྣམ་པ་ལྔ་བྱས་ལ་ལག་པ་ལ་དགོད་པ་སྔོན་དུ་འགྲོ་བས་མྱང་བར་བྱའོ་ཞེས་རྟོགས་པར་བྱའོ། །རྒྱུད་ཀྱི་དོན་ནི་མང་
པོ་ཉིད་ཀྱི་ཕྱིར་རོ། །དཔའ་བོས་བརྡ་བྱ་བ་ནི་མཆོད་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་འདིར་ནི་ཞེས་པ་ནི་འདིས་བདུད་རྩི་ལྔ་ལ་སོགས་པའི་ཆོ་གས་ཟས་ནི་མ་བགོས་པར་སྣོད་གཅིག་ཏུ་གཏོགས་པར་བཟའོ་ཞེས་པའི་དོན་ཏོ། །ཟས་ལ་ལོངས་སྤྱད་པའི་འབྲས་བུ་ནི། དཔའ་བོ་ཐམས་
ཅད་མཉམ་སྦྱོར་བ། །མཁའ་འགྲོ་མ་ཡི་དྲ་བ་སྡོམ། །ཞེས་གསུངས་སོ། །ཧེ་རུ་ཀ་ཉིད་ཡིན་ཞེས་པའི་དོན་ཏོ། །བཟའ་བ་དང་། སྦྱིན་སྲེག་དང་། གཏོར་མའི་བྱ་བ་དང་། གཞན་བརྡའི་ཆོ་ག་བརྗོད་པ་གང་ཡིན་པ་དེ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །སུམ་ཅུ་རྩ་གཅིག་ནི་སུམ་ཅུ་རྩ་
Vol. 16 · folio 217a
གཅིག་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་གཅིག་པའི་དཀའ་འགྲེལ་ལོ།། །།ད་ནི་མཆོད་པ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱིས་ཚིག་གི་དོན་གྱི་ལེའུ་ནི་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་
ནི་མཆོད་པ་ལ་སོགས་པ་བསྟན་པ་ལས་གཞན་ཡང་དག་པར་བརྗོད་པ་སྟེ། ངེས་པར་ཡང་དག་པར་བརྗོད་བཞིན་པ་ཉིད་ཀྱི་ཕྱིར་རོ། །དེ་གང་ཡིན་ཞེས་པ་ལ། བཟའ་དང་སྟོན་མོ་འདུས་པ་སྟེ། །ཞེས་གསུངས་སོ། །བཟའ་བ་ནི་ཕྱུགས་ལ་སོགས་པའོ། །སྟོན་མོ་ནི་ལོངས་
སྤྱད་པར་བྱ་བ་བསགས་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། སྔགས་ཀྱི་ནུས་པས་སོ། །གང་གིས་བཟའ་བ་དང་སྟོན་མོ་ལ་འདུས་པ་ཡང་དག་པར་མཛེས་པར་བྱས་པའི་ལྷའི་རྣལ་འབྱོར་ལ་སོགས་པ་གང་ཡིན་པས་བཟའ་བ་དང་སྟོན་མོ་ལ་འདུས་པ་དེ་ནི་དེ་བཞིན་ནོ། །དངོས་གྲུབ་
ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །མྱུར་བ་ནི་ཚེ་འདི་ལའོ། །མཆོད་པ་ལ་སོགས་པའི་རྫས་ནི་ཕྱུགས་རྣམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགུག་པ་ནི་ཐུན་མོང་དུའོ། །དངོས་གྲུབ་རྣམས་ཀྱི་ནང་ནས་གཙོ་བོ་ཕུལ་དུ་བྱུང་བ་ལོགས་ཤིག་ཏུ་བྱས་པའོ། །ཉིད་ཅེས་
པ་ནི་གང་ཕྱུགས་རྣམས་ཀྱིས་གཙོ་བོ་ཉིད་གཟུང་ཞེས་པའི་དོན་ཏོ། །དེ་སྒྲུབ་པ་པོ་ཇི་ལྟ་བུར་ཞེས་པ་ལ་སྟོན་ཏེ། སྔོན་དུ་བསྟན་པའི་རིམ་པའི་ལྷའི་རྣལ་འབྱོར་གྱིས་མཆོད་པར་བསྒྲུབ་པར་བྱ་ཞེས་པ་དེ་ནི་དེ་བཞིན་དུ་བརྗོད་དོ། །སྒྲུབ་པོ་སྔར་བསྟན་རིམ་པ་ཡིས། །ཕྱུགས་རྣམས་
ཀྱིས་ནི་དགུག་པ་ཉིད། །ཅེས་གསུངས་ཏེ། ཕྱུགས་ཞེས་བྱ་བ་ལ་སོགས་པ་ལ་དང་ནི་ཡང་གི་སྒྲའི་དོན་ཏོ། །དེ་བཞིན་ཞེས་པ་ནི་ཇི་ལྟར་ཕྱུགས་ཡིན་པ་དེ་ལྟར་རབ་ཏུ་བསྒྲུབ་པོ་ཞེས་པའི་དོན་ཏོ། །བོང་བུ་ནི་བོང་བུའོ། །མི་ནི་རབ་ཏུ་གྲགས་པའོ། །ཁ་ཅིག་ན་རེ་ནགས་ཀྱི་མི་
ཡིན་ཞེས་ཟེར་རོ། །རུས་སྦལ་ནི་རུས་སྦལ་ལོ། །རྔ་མོ་ནི་མགྲིན་རིངས་སོ། །ཅེ་སྤྱང་ནི་རབ་ཏུ་གྲགས་པའོ། །བོང་བུ་མི་རུས་སྦལ་རྔ་མོང་ཅེ་སྤྱང་ཞེས་པ་ནི་དང་པོའི་མང་པོའི་ཚིག་ཕྱིས་པས་རེ་ཞིག་ལྔ་པོ་ནི་གཙོ་བོའོ། །རྟ་ལ་སོགས་པ་ཞེས་པ་ནི་ལྷན་ཅིག་པའི་དོན་ལ་སྒྲའི་གསུམ་
Vol. 16 · folio 217b
པའོ། །སོགས་ཀྱི་སྒྲས་ཁྱི་དང་བ་ལང་ཡང་ངོ་། །ཕྱུགས་འདི་དག་ནི་བསྒྲུབ་ཡན་ལག། །ཅེས་པ་ནི་ཕུལ་དུ་བྱུང་བའི་དངོས་གྲུབ་ཉིད་ཀྱི་ཡན་ལག་གི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཐུན་མོང་གི་དངོས་གྲུབ་ཀྱང་དེ་རྣམས་ཀྱིས་འཐོབ་པ་ནི། །དངོས་གྲུབ་སྒྲུབ་པ་ཉིད་དུ་ཡང་། །
ཞེས་གསུངས་སོ། །དགུག་པ་དང་རོ་ལངས་ལ་སོགས་པའི་དངོས་གྲུབ་ཀྱང་སྒྲུབ་ཅིང་རྫོགས་པར་བྱེད་དོ། །ཉིད་ནི་ངེས་པའི་དོན་ཏོ། །དང་ནི་དངོས་གྲུབ་བསྡུ་བའོ། །ཡང་ཕྱུགས་དགུག་པ་ནི་རིགས་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དངོས་གྲུབ་ཀྱི་
བདག་པོར་བྱེད་པས་ན་རིགས་ཏེ་མིའོ། །མིའི་རིགས་རྣམས་ཀྱི་ནང་ནས་བྲམ་ཟེའི་རིགས་ནི་ཕྱུགས་སོ། །རྐང་བཞི་པ་བོང་བུ་ལ་སོགས་པ་ལས་གླང་པོ་ཆེའོ། །དེའི་ཕྱིར། རྐང་བཞི་རྣམས་ལ་གླང་པོ་དང་། །ཞེས་གསུངས་སོ། །གླང་པོ་ཆེའི་སྒྲ་ནི་ཨིའི་མཐའ་ཅན་དུ་ཡོད་
དོ། །འདབ་ཆགས་རྣམས་ལ་དང་ཞེས་པ་ནི་དགུག་པའི་སྐབས་སུ་ཕྱིན་པས་འདབ་ཆགས་དགུག་པ་ཡང་སྟོན་ཏེ། ཁྭ་ལ་སོགས་པའི་ནང་ནས་ངང་པ་ཉིད་ནི་གཙོ་བོའོ་ཞེས་པའི་དོན་ཏོ། །དེ་ཡང་ངང་གིས་ནི་ངང་པའི་རྒྱལ་པོ་གཟུང་ངོ་། །དུད་འགྲོ་རྣམས་ལས་རུས་སྦལ་རྒྱལ། །ཞེས་
པ་ནི། ཆུ་ལས་སྐྱེས་པའི་དུད་འགྲོ་རྣམས་ལས་རུས་སྦལ་རྒྱལ་བ་དེ་རུས་སྦལ་ནི་གཙོ་བོའོ། །དེ་ཡང་གང་བསད་པ་མ་ཡིན་པར་རབ་ཏུ་གྲགས་པའོ། །ལྷ་རྣམས་ཀྱིས་ནི་ཁ་གཡོ་བ། །ཞེས་པ་ནི་ར་དང་མ་ཧི་ཤ་དང་ཁྱིམ་བྱའོ། །ཁ་གཡོ་བར་བྱེད་པས་ན་ཁ་གཡོ་བ་ནི་ར་ལ་སོགས་པའོ། །
ཅི་དེ་རྣམས་ཀྱི་ཁ་གཡོ་ཞེས་པ་ལ་སྟོན་ཏོ། །སྣ་ཚོགས་ཀྱི་གཟུགས་ཀྱི་རོལ་པས་ན་ལྷ་སྟེ། ལྷ་མ་ཡིན་ལ་སོགས་པའོ། །དངོས་གྲུབ་བསྒྲུབ་པའི་དཀྱིལ་འཁོར་དུ། །ཕྱུགས་འདི་དག་ནི་ཡང་དག་བརྗོད། །ཅེས་པ་ནི་ཕྱུགས་འདི་དག་དང་འདབ་ཆགས་འདི་ནི་མཉམ་པར་སངས་རྒྱས་ཀྱིས་
བརྗོད་པའོ། །དངོས་གྲུབ་བསྒྲུབ་པ་ཡང་ཡིན་ལ་དེ་དཀྱིལ་འཁོར་ཡང་ཡིན་བས་དེ་དེ་བཞིན་ནོ། །དེ་ལ་མཆོད་པའི་དོན་དེ་འདབ་ཆགས་དགུག་པ་ནི་ཁྭ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆུ་སྐྱར་ངང་བཞད་ནི་རབ་ཏུ་གྲགས་པར་ཟད་དོ། །གཉིས་སྐྱེས་སྔགས་ཆེན་ནི་
Vol. 16 · folio 218a
ནེ་ཚོའོ། །ཁྲུང་ཁྲུང་ནི་ཆུ་བྱའི་ཕྱེ་བྲག་གོ། །ཁྭ་དང་ཆུ་སྐྱར་ངང་བཞད་དང་། །གཉིས་སྐྱེས་སྔགས་ཆེན་ཁྲུང་ཁྲུང་དང་། །སཱ་ར་ས་དང་ཀ་དམ་པ། །འདི་རྣམས་གཙོ་བོ་དང་པོ་ཡིན། །ཞེས་དགོངས་སོ། །འདི་རྣམས་ཀྱང་གཙོ་བོ་ནི་དང་བ་ཡིན་ནོ་ཞེས་གོང་དུ་བསྟན་
ཏོ། །དེ་གལ་ཏེ་ངང་པའི་སྒྲས་རྒྱལ་རིགས་སམ་རྣལ་འབྱོར་པའི་ཁྱད་པར་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། །དེའི་ཚེ་ནི་འདི་ལྟར་བཤད་པར་མི་བྱའོ། །འདི་རྣམས་ཀྱི་ཅི་ཞེས་པ་ལ། བཟའ་དང་གཏོར་མ་སྦྱིན་སྲེག་བྱ། །ཞེས་གསུངས་ཏེ། བཟའ་བ་ནི་བཟའ་བའོ། །འདིས་ཅི་ཞེས་པ་
ལ། འདོད་པ་ཀུན་གྱི་གྲུབ་པར་འགྱུར། །ཞེས་གསུངས་ཏེ། ཁྭ་ལ་སོགས་པ་ནས་ཀ་དམ་པའི་བར་དུ་བཟའ་བ་དང་སྦྱིན་སྲེག་དང་གཏོར་མ་བྱ་བ་ཞེས་འགྲུབ་པོ། །ཁྭ་དང་ཆུ་སྐྱར་ངང་བཞད་དང་། སྐྱེ་གཉིས་སྔགས་ཆེན་ཁྲུང་ཁྲུང་དང་། །སཱ་ར་ས་དང་ཀ་དམ་པ། །བཟའ་བ་དང་ནི་སྦྱིན་
སྲེག་དང་། གཏོར་མའི་བྱ་བས་འགྲུབ་པ་ལ། །ཞེས་པ་ནི་བསགས་པའི་ཚིག་གོ། །ཡི་དགས་ཆེན་པོའི་སྒྲུབ་ཐབས་ནི། ཀྲིཥྞ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནོད་མཛེས་ཀྱི་སྔགས་སམ་རྩ་བའི་སྔགས་ཀྱིས་སྔོན་དུ་བསྙེན་པར་བྱས་ཤིང་མཚན་མ་ཐོབ་པས་རྨ་མེད་ཅིང་མ་རུལ་
པའི་རོ་བླངས་ལ་དུར་ཁྲོད་དུ་མཚན་ཕྱེད་ན་ཁྱི་ནག་མོའི་འོ་མ་ལ་འབྲས་མ་གོད་པ་དང་མ་ཤ་ནག་པོ་བསྒྲེ་ཞིང་དེའི་ཁ་ཉིད་དུ་སྔགས་ཀྱིས་སྦྱིན་སྲེག་བྱའོ། །དེ་ནི་ནག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁྱི་ནག་མོའི་འོ་མས་སྒྲུབ་པ་པོས་སྦྱིན་སྲེག་བྱའོ། །མཆོག་ཏུ་གྱུར་པ་ཉིད་དེ་སྔོན་
དུ་བསྙེན་པ་བྱས་པ་ཉིད་བསྟན་ཏོ། །ས་འོག་ནི་ས་འོག་གི་དངོས་གྲུབ་སྟེ་བུག་པར་འཇུག་པའི་དངོས་གྲུབ་ཅེས་པའི་བར་རོ། །འགྲོང་ནི་རབ་སྣང་ལ་འགྲོ་བའོ། །རལ་གྲི་ནི་རལ་གྲིའི་དངོས་གྲུབ་བོ། །འམ་གྱི་སྒྲས་ནི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་བོ། །ཕན་འདོགས་པ་ནི་རྗེས་སུ་
གཟུང་བའོ། །ཚར་བཅད་པ་ནི་གདུག་པ་ཅན་གཞོམ་པའོ། །རི་ལུ་མིག་སྨན་གཏེར་རྣམས་སམ། །རྐང་མགྱོགས་དག་གམ་བཅུད་ཀྱིས་ལེན། །ཞེས་པ་ནི་འམ་ནི་བསྡུས་པའོ། །གཞན་ནི་གོ་སླའོ། །དངོས་གྲུབ་ནི་འདི་རྣམས་ནང་ནས་གང་ཅུང་ཟད་དངོས་གྲུབ་བྱིན་ནས་འགྲོའོ། །གཞན་
Vol. 16 · folio 218b
དུ་ངེས་པ་མེད་པའི་ཕྱིར་རོ། །སྟེང་དང་འོག་ཏུ་ཕོ་ཉས་འགྲུབ། །རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན། །ཞེས་པ་ནི་འོག་མའི་རྣལ་འབྱོར་མ་ནི་ས་གཞི་ལ་གཏོགས་པའོ། །སྟེང་གི་རྣལ་འབྱོར་མ་ནི་བར་སྣང་ལ་གཏོགས་པའོ། །དེའི་དངོས་གྲུབ་ནི་དངོས་གྲུབ་ཏུ་འགྱུར་རོ་ཞེས་དགོངས་སོ། །
ལྕི་བའི་ཐལ་བ་ཉིད་དང་ཞེས་པ་ནི་ལྕི་བ་ནི་ལྕི་བ་སྐམ་པོའོ། །དེ་བཞིན་ལྷག་མ་མགོ་སྐམ་ཞེས་པ་ནི་ལྷག་མ་ནི་སྒྲོན་བུའོ། །མགོ་སྐམ་ནི་ཧ་རི་ཐའོ། །དེ་ཞེས་པ་ནི་ཕྲེང་བ་དེའི་དོན་དུའོ། །རུས་སྦལ་ཞེས་པ་ནི་རུས་སྦལ་གྱི་རུས་པ་ལ་ཕྲེང་བ་བྱའོ། །རོ་ལངས་ཀྱི་བསྒྲུབ་པ་ལ་ངེས་པར་འདི་དག་
ཡིན་ནོ། །ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ལ། །བོ་དེ་ཙེ་ནི་ལས་ཀུན་བྱེད། །ཅེས་བྱའོ། །གདན་བཞི་ནས་གསུངས་པ་བཞིན་དུ། །ལས་གཞན་རྣམས་རི་ལུ་བལྟ་བར་བྱའོ། །ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ལ་རོ་ལངས་བསྒྲུབ་པ་ལ་རྡོ་རྗེ་དང་མདུང་དང་། ཐོད་པ་དང་། ཁ་ཊྭཱཾ་ག་
ཕྱག་བཞིན་འཆང་བ་བསྒོམ་པར་བྱའོ་ཞེས་སྦྱར་རོ། །དཀར་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་ནི་ཤར་དང་བྱང་ལ་སོགས་པའི་བཅོམ་ལྡན་འདས་ཀྱི་ཞལ་བཞིའོ། །ཇི་སྲིད་ཕྱག་ནི་འབུམ་གྱི་བར། །ཞེས་པ་ནི་ཞལ་དང་ཕྱག་ལ་ངེས་པ་མེད་པར་དགོངས་པའོ། །འོན་ཀྱང་
གདམས་ངག་ལ་བལྟས་སོ། །ཡང་ན་ཞལ་བཞི་ནི་དཀར་པོ་ཉིད་དོ། །མཚན་མ་ནི་མན་ངག་ལས་སོ། །དེའི་ཕྱིར་གཞན་དུ་ཡང་དེ་ལྟར་གདམས་ངག་ལས་ཤེས་པར་བྱའོ། །དེ་བཞིན་ཞེས་པ་ནི། གདམས་ངག་ཇི་ལྟ་བ་བཞིན་དུ། ཞེས་པའི་དོན་ཏོ། །རྡོ་རྗེ་ཕག་མོ་དེ་ལ་གཟིགས། །དེ་ཡི་མདོག་
དང་མཚོན་ཆ་འཆང་། །ཞེས་པ་ནི་རྡོ་རྗེ་དང་ཐོད་པ་འཆང་བའོ། །འདི་ཡང་ཞལ་བཞི་ཉིད་དོ། །བཅོམ་ལྡན་འདས་དཀར་བས་བཅོམ་ལྡན་འདས་མ་དགར་བའོ། །འདིར་བསྒོམ་པའི་རིམ་པ་ཤེས་པས་ལྷ་སུམ་ཅུ་རྩ་དྲུག་ཐམས་ཅད་ཀྱི་གྲངས་ཀྱང་ཞེས་པའི་དོན་ཏོ། །རྟག་ཏུ་དུས་གསུམ་དུ་
བསྒོམ་པར་བྱའོ། །ཕྱག་དང་ཞལ་འབུམ་ལ་སོགས་པ་ལ་ནི་གཡས་ཐམས་ཅད་དུ་རྡོ་རྗེ་དང་གཡོན་མདུང་ངམ་ཡང་ན་ནི་ཁ་ཊྭཱཾ་ག་དང་ཐོད་པ་དང་། ཞལ་ཐམས་ཅད་ནི་དཀར་པོའོ། །གཞན་ཐམས་ཅད་ནི་སྒྲུབ་པའི་ཐབས་རིམ་པ་ལས་ཤེས་པར་བྱའོ། །དུར་ཁྲོད་འདབ་ཆགས་དང་། ཕྱུགས་
Vol. 16 · folio 219a
བོང་བུ་ལ་སོགས་པ་དང་། རོ་ལངས་ཡི་དགས་དང་། དེ་རྣམས་བསྒྲུབ་པའི་བསྐྱེད་པའི་རིམ་པ་བརྗོད་པ་གང་ཡིན་པ་དེའི་ལེའུ་ཡང་ཡིན་པས་སུམ་ཅུ་གཉིས་པ་སྟེ་སུམ་ཅུ་རྩ་གཉིས་པའོ་ཞེས་བྱ་བ་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་གཉིས་པའི་དཀའ་
འགྲེལ་ལོ།། །།ད་ནི་བསྙེན་བཀུར་སྔོན་དུ་འགྲོ་བས་མཆོད་པ་ལ་སོགས་པ་ལ་རྗེས་སུ་གནས་སོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ནི་མཆོད་པ་ལ་སོགས་པ་རྗེས་སུ་གནས་པ་གཞན་ལ་ཡང་གཞན་གྱིས་ཇི་ལྟར་འགྱུར་
བ་དེ་ལྟ་དེ་ལྟར་སྒྲུབ་པ་པོས་བྱའོ་ཞེས་སྦྱར་རོ། །ཐམས་ཅད་ཀྱི་བསྒྲུབ་བྱ་རྣམས་རྣལ་འབྱོར་གྱིས་འཐོབ་པས་གང་དེ་རྣམས་ལ་སྒྲའི་རྟགས་ཀྱི་བདུན་བའོ། །བསྙེན་བཀུར་བསྟན་པའི་ཕྱིར། །བཟའ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བཟའ་བ་ནི་གོ་ཀུ་ད་ཧ་ན་ལ་སོགས་པའོ། །
སྟོན་མོ་ནི་ཞོ་དང་མར་དང་ཕྱེ་མར་ཀ་ར་དང་ལ་དུ་ལ་སོགས་པའོ། །བཟའ་བ་མང་པོ་ཉིད་ཀྱི་ཕྱིར་སྟོན་མོ་ནི་ཞོ་ལ་སོགས་པ་ཉིད་དོ། །ཉ་ནི་རོ་ཧི་ཏ་ལ་སོགས་པའོ། །ཤ་ནི་ར་ལ་སོགས་པའི་ཤའོ། །སོགས་ཀྱི་སྒྲས་ནི་གཞན་ཡང་ཇི་ལྟར་རྙེད་པའི་བཟའ་བ་ལ་སོགས་པའི་ཁྱད་པར་རོ། །
འདིས་བྱ་བ་ནི་བྱ་སྟེ་སྒྲུབ་པ་པོས་མཆོད་དོ་ཞེས་ཤེས་པར་བྱའོ། །རང་བཞིན་གྱི་ཕྱིར་དེ་ལྟར་མཆོད་པར་བྱེད་པའི་སྒྲུབ་པ་པོ་ནི་ཐུན་མོང་མ་ཡིན་ནོ་ཞེས་དགོངས་སོ། །ཅི་ནུས་པ་དང་ཞེས་པ་ནི་ནུས་པ་དང་ཞེས་པ་ཇི་ལྟ་བུར་གྱུར་པས་དེས་དེ་ལ་བྱ་བ་བྱའོ་ཞེས་དགོངས་སོ། །དེ་དག་ནུས་པས་
འདའ་བར་མི་བྱའོ། །བདུད་རྩི་རྣམ་པ་ལྔ་བསྐྱེད་པར་མི་ནུས་ཤིང་ལྔ་པོ་ཡོད་པ་མ་ཡིན་ན་བཟའ་བ་ལ་སོགས་པ་ཡང་བདུད་རྩི་རྣམ་པ་ལྔར་བསྒོམ་པར་བྱ་ཞིང་བསྟེན་པར་བྱའོ། །འབད་པས་ངེས་པར་རོ། །ནུབ་མོ་རྟག་ཏུ་བྱ་བ་ནི། །ཞེས་པ་ནི་རེ་ཞིག་ཉིན་མོ་ཡང་བཟའ་བ་ལ་
སོགས་པ་བྱ་ཞིང་བསྟེན་པར་བྱའོ། །ནུབ་མོ་ནི་ངེས་པར་བྱའོ། །ནིའི་སྒྲས་ནི་དེའི་དོན་གྱི་ཕྱིར་རོ། །དེ་ནས་ཕོ་ཉ་བཟའ་བ་སྦྱིན། །ཞེས་པ་ནི་བཟའ་བ་ནི་བཟའ་བ་ལ་སོགས་པ་བཟའ་བར་བྱ་བའི་ཕྱིར་ལོངས་སྤྱོད་པའོ། །རང་གི་ཡན་ལག་མགོར་བྱས་ལ། །ཞེས་པ་ནི་རང་གི་ལག་
Vol. 16 · folio 219b
པར་ཐོད་པ་བླངས་ལ་དེ་ནས་བཟའ་བ་ལ་སོགས་པ་བཟའ་ཞིང་ཕོ་ཉ་དང་ལྷན་ཅིག་ཏུ་མཆོད་པར་བྱའོ་ཞེས་པ་ནི་བསྡུས་པའི་དོན་ཏོ། །དཔའ་བོ་གཉིས་སུ་མེད་པ་མཆོད། །ཅེས་པ་ནི་སྙོམས་པར་འཇུག་པའི་མཆོད་པ་ཡང་དཔའ་བོ་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ་ཞེས་པའི་དོན་ཏོ། །
རང་དང་ལྷན་ཅིག་ཅེས་པའི་གཞུང་ལ་ནི་དེ་ལ་དཔའ་བོ་དང་ལྷན་ཅིག་པདྨ་ལ་ཆོས་འབྱུང་དུ་བྱས་ནས་དཔའ་བོ་དང་གཉིས་སུ་མེད་པར་མཆོད་པ་ཡང་དཔའ་བོ་དང་ལྷན་ཅིག་ཏུ་བསྒྲུབ་པར་བྱའོ་ཞེས་བཤད་དོ། །མའམ་ཡང་ན་སྲིང་མོའམ། །བུ་མོའམ་ཡང་ན་ཆུང་མར་ནི། །ཞེས་པ་ལ་མཁའ་
འགྲོ་མ་ལྔ་ལ་སོགས་པ་བཞིན་དུ་བརྩེ་བར་འགྱུར་ན་དེ་དང་ལྷན་ཅིག་པས་བཅིངས་པ་ལས་ཤིན་ཏུ་གྲོལ་ཏེ་ཐར་བར་བྱེད་དོ། །དེ་ནས་སྔགས་ནི་གྲུབ་འགྱུར་ཏེ། །ཞེས་བྱའོ། །ལྷ་དུས་ཇི་ཙམ་དུ་ཞེས་པ་ལ། ཇི་སྲིད་འབྱུང་བ་ཡོད་བར་དུ། །ཞེས་གསུངས་སོ། །ཇི་སྲིད་འབྱུང་བ་ནི་ཉོན་མོངས་
པ་རྣམས་ཀྱི་ཕུན་སུམ་ཚོགས་པའོ། །དེ་གཞན་དུ་གྱུར་པའོ། །དེ་ལྟ་བུའི་རྣལ་འབྱོར་མ་ལ་བསྙེན་བཀུར་བྱ་བའི་ཕྱིར་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་ལུས་བླངས་ནས་མཆོད་པ་ལེན་ཅིང་སྒྲུབ་པ་པོ་དངོས་གྲུབ་ལ་ཉེ་བར་ནི་བཅོམ་ལྡན་
འདས་སོ། །དེ་ལྟ་བུའི་སློབ་དཔོན་ལ་མཆོད་ན་རྡོ་རྗེ་འཆང་ལ་མཆོད་པར་འགྱུར་བས་དེ་ལ་མཆོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར། །ཞེས་དགོངས་སོ། །དཔའ་བོ་རྣམས་ཀྱི་གདན་དང་གནས། །ཕྱག་རྒྱ་མཚན་མ་བསྣམས་པ་དང་། །རྡོ་རྗེ་ཞབས་ལྡན་ཀླུ་དང་ནི། །
གར་ནི་གཡས་བརྐྱང་བ་ཡི་ཞབས། །དེ་ལྟར་སྒྲུབ་པ་པོས་མཉམ་བར་གཞག་པས་ལྷའི་རྣལ་འབྱོར་གྱི་བདག་ཉིད་དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་བདག་ཉིད་ཀྱི་ཆེ་བ་ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཇི་སྲིད་འཁོར་བར་འཁོར་བ་དེ་སྲིད་དུ་དཔལ་ཧེ་རུ་ཀའི་རྣལ་འབྱོར་གྱི་ཡེ་ཤེས་མ་ཡིན་ནོ། །
དང་ནི་དེ་སྲིད་ཀྱི་དོན་བྱེད་པའི་ཕྱིར་རོ། །མི་རྒ་བ་ཡང་ཇི་ཙམ་ཞེས་པ་ལ། ལུས་ཅན་ཐམས་ཅད་ཇི་སྲིད་དུ། །ཞེས་གསུངས་ཏེ། ཇི་སྲིད་ལུས་ཅན་ཐམས་ཅད་ཉིད། །ཅེས་པའི་དོན་ཏོ། །ཕྱག་རྒྱ་དང་ལྷ་རྣམས་ལ་མཆོད་པར་བྱའོ། །དེས་ཅི་ཞེས་པ་ལས་མཆོད་པར་བྱ་ཞེས་བྱ་བ་ལ་
Vol. 16 · folio 220a
སོགས་པ་གསུངས་ཏེ། མཆོད་པ་ཞེས་པ་ནི་མཆོད་པ་སྟེ་མཆོད་པ་པོ་ཞེས་པའི་དོན་ཏོ། །དང་པོ་ནས་བསྒྲུབ་པ་རང་བཞིན་གྱིས་གྲུབ་པའི་ཕྱག་རྒྱ་ཆེན་པོ་ནི་ལྟའོ། །དེ་ཅི་ལྟར་གྱུར་པ་དེ་འཇིག་རྟེན་པས་མི་ཤེས་པར་བསྟན་པའི་ཕྱིར། ང་རྒྱལ་ཅན་ཞེས་བྱ་བ་ཞེས་
གསུངས་སོ། །ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་ལྷན་ཅིག་ཐོབ་པ་ནི་ང་རྒྱལ་ཅན་ནོ། །ང་རྒྱལ་གྱིས་བཅིངས་པས་དེ་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ། སྔར་གྱི་ཆོ་གས་བསྙེན་བཀུར་བྱའོ། །ཞེས་པའི་དོན་ཏོ། །ཕྱི་ནས་དཔའ་བོའི་དཔའ་བ་ཀུན་དུ་སྤྱད་པ་ཞེས་པ་ནི་སྔར་
གྱི་རྣམ་པར་རྟོག་པ་སྤངས་ཏེ། དཔའ་བོའི་སེམས་མི་རྟོག་པ་ཉིད་ལ་སྤྱད་པར་བྱའོ། །རེ་ཞིག་མཆོད་པ་ནི་དེ་ལྟར་ཡིན་ནོ། །དེ་ནས་དེ་ཡིས་ས་འོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་པོར་འགྱུར་རོ། །ཞིང་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གསང་བའི་མཆོད་པ་དང་
བཟའ་བ་ལ་སོགས་པ་བྱས་པ་དང་། བསྙེན་བཀུར་དང་བླ་མར་བྱས་པ་དང་ཕྱག་འཚལ་བ་ལ་སོགས་པ་དེ་བརྗོད་པ་གང་ཡིན་པ་དེ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །སུམ་ཅུ་གསུམ་ནི་སུམ་ཅུ་རྩ་གསུམ་པའོ་ཞེས་པ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་གསུམ་པའི་དཀའ་
འགྲེལ་ལོ།། །།དེ་ནས་ཞེས་པ་ནི་མཆོད་པ་དང་བསྙེན་བཀུར་བསྟན་པའི་རྗེས་སུའོ། །མཁའ་འགྲོ་མའི་དྲ་བའི་འཁོར་ལོ་བརྗོད་པའི་ཆོ་ག་རྒྱས་པར་བཤད་དོ་ཞེས་བལྟ་བར་བྱའོ། །མཁའ་འགྲོ་མ་རྣམས་ཀྱི་ངོ་བོ་ཉིད་ནི་མཁའ་འགྲོ་མའོ། །དེ་ཉིད་དྲ་བ་དང་འདྲ་བས་ན་དྲ་བ་
ཡིན་ཏེ། ཉོན་མོངས་པའི་ཆུ་སྲིན་ལ་སོགས་པ་འཆང་བ་ཉིད་ཀྱི་ཕྱིར་རོ། །དེའི་འཁོར་ལོ་ནི་དཀྱིལ་འཁོར་ཏེ་མངོན་དུ་བརྗོད་པ་གང་ཡིན་པ་དེ་ནི་ཆོ་ག་རྒྱས་པ་ཡིན་ནོ། །ལས་གང་ལས་དེ་དེ་བཞིན་དུ་ཆོ་ག་རྒྱས་པ་ཡི་ནི་མཁའ་འགྲོ་མ་དགོད་པ་ལ་སོགས་པའོ། །དེ་གང་ཞེས་པ་ལས་གང་
གིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཞེས་པ་ནི་དུམ་སྐྱེས་མས་འགྲུབ་པོ་ཞེས་པར་བྱའོ། །དཔའ་བོ་ཀུན་གྱི་དཀྱིལ་འཁོར་ལ་པདྨའི་ལྟེ་བར་ཉི་ཤུ་བཞི་ནི་དཔའ་བོ་དང་ལྡན་པའི་རྣལ་འབྱོར་མ་ཉི་ཤུ་བཞི་དགོད་པར་བྱའོ། །དེའི་ཕྱིར་ངེས་པར་སྦྱར་ཏེ་ཞེས་གསུངས་སོ། །
Vol. 16 · folio 220b
དེ་ལ་ངེས་པར་སྦྱར་ཞེས་པ་ནི་ངེས་པར་སྦྱར་བར་བྱའོ་ཞེས་པའི་གཞུང་ཡང་དེ་ལྟར་ཉིད་དོ། །པདྨའི་ལྟེ་བའི་སྒྲ་ནི་འདབ་མར་བརྗོད་པ་ཡིན་ཏེ། དེའི་ཕྱི་སྒྲའི་མང་པོའི་ཚིག་གོ། །སྨིན་མའི་བར་དུ་ངེས་པར་འཇུག །ཨ་ཝ་དྷཱུ་ཏཱི་གནས་དེ་བཞིན། །ཞེས་པ་ནི། གཙོ་བོ་ལ་སོགས་པ་ལྷ་
ཐམས་ཅད་ཀྱི་སྤྱན་གསུམ་པ་བསྟན་པ་ཡིན་ནོ། །གང་གི་ཕྱིར་སྨིན་མའི་དབུས་ནི་སྣ་དང་རྗེས་སུ་མཐུན་པའི་དཔྲལ་བར་སྡིག་པ་འཇོམས་པས་ཨ་ཝ་དྷཱུ་ཏཱི་སེམས་ཙམ་མོ། །དེའི་གནས་ནི་དེའི་མཚན་མ་སྟེ་སྤྱན་གསུམ་པའོ། །དཔྲལ་བ་ཡང་གཙོ་བོའི་གནས་སོ། །འདིས་ནི་ལྷ་དགོད་པར་
བསྟན་པའོ། །དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པས་སྦྱིན་སྲེག་བྱའོ། །དཔའ་བོ་འཆོལ་བའི་ཞལ་གྱིས་ནི། །དེ་ནས་མེ་རུ་གཞན་མི་སྲེག །ཅེས་པ་ནི། དཔའ་བོ་འཆོལ་བའི་ཞལ་ན་ཁྲོ་བ་དང་བཅས་པའི་ཞལ་ལོ། །དེས་མཚན་ཅིང་ཡོད་པའི་སྦྱིན་སྲེག་བྱའོ། །རྫས་གཞན་
གྱིས་ནི་མི་བྱ་སྟེ་ཕྱུགས་ཀྱི་ཤ་ཉིད་དོ་ཞེས་དགོངས་སོ། །ཕྱུགས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །དང་པོ་བསྲེག་བྱ་ལྔ་སྦྱིན་ཞིང་། །དེ་ནས་འབར་བའི་མེ་ལ་ནི། །བསྲེག་བྱ་དགུ་ནི་སྦྱིན་པར་བྱ། །ཞེས་པ་ནི་གོ་སླའོ། །མེའི་ཞལ་དུ་སྲེག་རྫས་བྱིན་ལ་དེ་ནས་ལྷའི་ཞལ་དུ་སྲེག་རྫས་སྦྱིན་པ་ནི་
འབར་ཕྲེང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཧོམ་ཁུང་གི་དབུས་སུ་འཁོར་ལོ་བལྟའོ། །ཀུན་ནས་ཀྱི་སྒོ་ནི་སྒོ་བཞི་ཉིད་ཀྱི་ཕྱིར་རོ། །དཔལ་ཧེ་རུ་ཀའི་ཞལ་བཞིའོ། །དཔའ་བོ་ནི་མཚོན་པ་སྟེ་དཔའ་བོའི་གནས་འཁོར་ལོ། དཔའ་བོ་དང་ལྡན་བཞི་རྣལ་འབྱོར་མ་རྣམས་དང་བཅས་པར་བལྟའོ། །
ཞེས་དགོངས་སོ། །འདབ་མར་ཕོ་ཉ་བཞི་པོ་དང་། །ཞེས་པ་ནི་འདབ་མ་ཞེས་པའི་རིགས་ཙམ་སྟེ། ཤར་ལ་སོགས་པའི་འདབ་མ་ལ་མཁའ་འགྲོ་མ་བཞི་ཡང་ངོ་། །མཁའ་འགྲོ་དེ་བཞིན་ལཱ་མ་དང་། །དུམ་སྐྱེས་མ་དང་། གཟུགས་ཙན་མ་ཞེས་བྱའོ། །དཔའ་བོའི་འཁོར་ལོ་ཞེས་པ་
ནི། འཁོར་ལོ་གསུམ་དུ་གཏོགས་པའི་དཔའ་བོ་དང་གཉིས་སུ་མེད་པ་དམ་པའི་བདེ་བ་ཉམས་སུ་མྱོང་བས་གནས་སོ་ཞེས་དགོངས་སོ། །འཁོར་ལོ་གསུམ་དུ་གཏོགས་པའི་རྣལ་འབྱོར་མ་དཔའ་བོ་དང་གཉིས་སུ་མེད་པའི་སྙོམས་པར་འཇུག་པ་ཡོད་པ་དེ་ནི་དེ་བཞིན་ནོ། །གཉིས་སུ་
Vol. 16 · folio 221a
མེད་པའི་བདེ་བ་ཞེས་སྦྱར་རོ། །དུམ་སྐྱེས་མ་ཡི་ཕྱི་རོལ་སྦྱིན། །ཞེས་པ་ནི་རྒྱབ་ཀྱི་འདབ་མ་ལ་དུམ་སྐྱེས་མ་གནས་པར་བྱའོ། །རང་གི་གཟུགས་ནི་མངོན་ཞེས་པས། །འཁོར་ལོ་དབུས་ནི་བསྟན་པར་བྱ། །ཞེས་པ་ནི། ནིའི་གཅིག་ནི་ཁྱད་པར་གྱི་དོན་ཏོ། །
ནིའི་སྒྲ་གཉིས་པ་ནི་ཉིད་ཀྱི་དོན་ཏོ། །རང་གི་ངོ་བོ་ཉིད་ལས་དང་རྗེས་སུ་མཐུན་པར་ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་གཟུགས་སུ་བསྟན་ཅིང་བསྒོམ་པར་བྱའོ། །དུམ་སྐྱེས་མ་ནི་ཕྱི་རོལ་སྦྱིན། །ཞེས་དགོད་པ་གང་གསུངས་པའི་ཆོ་ག་དེ་འདིར་ཐམས་ཅད་ལས་
གཙོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །དགུག་པ་ལ་སོགས་པ་ལ་དེ་རབ་ཏུ་སྦྱར་བར་བྱའོ་ཞེས་ཤེས་པར་བྱའོ། །འདོད་པའི་འཁོར་ལོ་བསྟན་པ་ནི། །དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད། །ཅེས་པ་ནི་དཔལ་འཁོར་ལོར་བསྟན་པའི་ལྷ་ཚོགས་ནི་དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར་བར་
བྱེད་པ་ལ་འདོད་ཅིང་འདུན་པ་ནི་བསྒྲུབ་པའོ། །ལས་དང་རྗེས་སུ་མཐུན་པར་ཞེས་པ་ཇི་སྐད་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། ལས་དང་རྗེས་སུ་མཐུན་པའི་གཟུགས་ཀྱིས་ཁ་དོག་བཞིན་དུ་བསྒོམས་ལ་ལྷའི་ཞལ་དུ་དགང་བླུགས་སྦྱིན་པར་བྱའོ་ཞེས་པའོ། །སྦྱིན་སྲེག་གི་དབང་
དུ་བྱས་པ་ཉིད་ཀྱིས་ལས་དང་རྗེས་སུ་མཐུན་པའི་གཟུགས་དང་མདོག་ནི་མ་ཡིན་ཏེ། འོན་ཀྱང་གཞན་དུ་ཡང་ངོ་། །དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད། །ཅེས་པའི་གཞུང་ལ་སྒྲུབ་པའི་ཁྱད་པར་བྱས་པའོ། །འཁོར་ལོར་བསྟན་པའི་ལྷ་རྣམས་ཀྱིས་ཚོགས་གང་ལས་ཞེས་པ་ལ།
རིག་པའི་རྒྱ་མཚོ་ཞེས་པ་ལ་སོགས་པ་གསུངས་སོ། །དཔའ་བོ་ཞེས་པ་ནི་དཔའ་བོ་ནི་རྡོ་རྗེ་འཆང་ངོ་། །ཕོ་ཉ་དང་སྙོམས་པར་ཞུགས་པ་ལ་སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །ཕོ་ཉ་དང་གཉིས་སུ་མེད་པར་ངེས་པར་མཚོན་པའི་སྦྱིན་སྲེག་དང་དགུག་པ་དེ་བརྗོད་པ་གང་ཡིན་པའི་ལེའུ་ནི་དེ་དེ་
བཞིན་ནོ། །སུམ་ཅུ་བཞི་ནི་སུམ་ཅུ་རྩ་བཞིའོ་ཞེས་བྱ་བ་ནི་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་བཞི་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་ལྷའི་བཀོད་པ་བརྗོད་པའི་རྗེས་སུ་ལས་ཀྱི་མཆོག་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཡང་ཞི་བ་ལ་སོགས་པའི་ཆོ་གའི་སྔགས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words