དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཙཀྲ་སཾ་བ་ར་པཉྫི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 16 · folio 221b
ཀྱིས་བཟླས་པའི་མཚན་ཉིད་འདོད་པའི་དོན་གཙོ་བོར་བྱེད་པའི་ཕྱིར་རོ། །ཇི་བཞིན་རིམ་གྱིས་མཚོན་པ་སྟེ། །ཞེས་པ་ནི་དྲག་པོ་ལ་སོགས་པའི་ལས་ཀྱིས་རིམ་པར་མཚོན་ཅིང་རྟོགས་པའོ། །ཇི་ལྟར་སྔགས་བཟླས་པར་བྱ་བ་ཞེས་པ་མཆོད་པའི་བྱ་བ་ཇི་ལྟ་བུར་གྱུར་པ་ནི་གཉིས་སུ་མེད་
ཅིང་དབྱེར་མེད་པའི་རྣལ་འབྱོར་ལས་སྙོམས་པར་ཞུགས་པའི་རྡོ་རྗེ་ཕག་མོ་དང་འཁྱུད་པ་དེའི་བདག་ཉིད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་དུ་སོ་སོར་མཆོད་པའི་ལས་སུ་ལེགས་པར་སྦྱར་རོ། །རབ་ཏུ་གྲགས་པའི་སྔགས་ནི་གང་། །གོ་རིམས་ཇི་བཞིན་ཐ་དད་དེ། །ཞེས་པ་ནི་སོ་
སོ་སོ་སོར་དངོས་གྲུབ་ནུས་པའི་ངང་ཚུལ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་རྩ་བའི་སྔགས་ལ་སོགས་པའོ། །སོ་སོ་སོ་སོར་ནི་ཞི་བ་ལ་སོགས་པའི་ལས་ལ་ལེགས་པར་སྦྱར་བ་དེ་ནི་ཐ་དད་དུ་བལྟ་བར་བྱའོ། །རིམ་པ་དང་ནི་རིམ་པ་མ་ཡིན་པ་ནི་ཐ་དད་པ་སྟེ། ཡི་གེའི་སྔགས་ཞེས་བྱ་
བ་ལ་སོགས་པ་གསུངས་ཏེ། ཕོ་ཉ་དང་པོར་གྱུར་པ་གང་ཡིན་པའི་དཔའ་བོ་རྣམས་ཏེ། དེ་ནི་ཕོ་ཉ་ལ་སོགས་པ་བསྔགས་ཤིང་བཀུར་བ་སྟེ། ཐོད་པའི་དུམ་བུ་ལ་སོགས་པའི་སྔགས་དང་ཕོ་ཉ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། དེའི་སྔགས་ནི་དཔལ་ཧེ་རུ་ཀའི་རྐང་པ་བརྒྱད་པ་
ལ་སོགས་པའི་སྔགས་སོ། །དེས་སྔགས་དེ་བཟླས་པར་བྱའོ་ཞེས་ཤེས་པར་བྱའོ། །ཇི་ལྟར་ཞེས་པ་ལ། མདའི་ཤུགས་བཞིན་ཡོངས་སུ་འཁོར། །ཞེས་གསུངས་ཏེ། མདའི་ཤུགས་ནི་སྒྲའི་གསུམ་པ་ཕྱིས་པའོ། །མདའི་ཤུགས་ཀྱིས་ཡོངས་སུ་འཁོར་བའི་སྔགས་དེ་ཉིད་
ཕན་ཚུན་སྦྱར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནི་ནི་ཁྱད་པར་རོ། །ཞི་བའི་ཆོ་ག་ལས་ལྷོད་པ་སྟེ་ལག་པའི་མཐིལ་དུ་བསྒྲིམས་བཞིན་པ་ཐག་པ་བཞིན་དུ་ཕན་ཚུན་གྱི་གནས་སུ་བྱས་ཤིང་ཡང་དང་ཡང་དུ་གཏོགས་པའི་ཡི་གེ་གཞན་གང་ཡིན་པ་དེ་ཕན་ཚུན་དུ་བྱས་པ་ནི་སྔགས་
ཏེ་ཞེས་བྱ་སྟེ་མདོར་བསྡུས་པའི་དོན་ཏོ། །འཇུག་པ་ཡིས་ནི་ཕྱེ་བ་ཉིད། །ཅེས་པ་ནི་རང་གི་ཁའི་ནང་ནས་རབ་ཏུ་ཞུགས་ཏེ་ཡང་རྡོ་རྗེའི་ལམ་ནས་ཕྱིར་ཕྱུང་སྟེ། པདྨའི་ལམ་ནས་ལྷ་མོའི་སྙིང་གར་རབ་ཏུ་ཞུགས་ཏེ། དེ་དེའི་ཞལ་ནས་བྱུང་སྟེ་དེ་ནས་ཡང་རང་གི་ཞལ་དུ་རབ་ཏུ་ཞུགས་པ་ཞེས་
Vol. 16 · folio 222a
བྱའོ། །ཞུགས་པའི་སྦྱོར་བའི་དོན་ནི། དྲག་པོའི་ལས་རང་གི་ཁ་ནས་ལྷ་མོའི་ཁར་ཞུགས་ཏེ། དེ་ནས་ཡང་པདྨའི་ནང་ནས་ཕྱིར་ཕྱུང་སྟེ། རྡོ་རྗེར་ཞུགས་ནས་རང་གི་ཁ་ནས་ལྷ་མོའི་ཁ་རུ་ཞེས་པ་ནི་རིམ་པའོ། །དེ་ལྟ་བུའི་ཆོ་ག་རྒྱས་པར་བྱ་བ་ནི། ས་བོན་ཕྲེང་བ་
དེ་ནས་འཛིན། །ཞེས་གསུངས་ཏེ། ཕན་ཚུན་དུ་ཡི་གེ་དམར་པོར་སྔགས་ཀྱི་ཕྲེང་བར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །ཧཱུཾ་ནི་མཐའ་རུ་གནས་པར་བྱ། །ཞེས་པ་ནི་ཧཱུཾ་བསྒྲུབ་བྱའི་མཐའ་རུ་རབ་ཏུ་གནས་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །ཧཱུཾ་ལྷ་སྦྱིན་སོད་ཅིག་ཧཱུཾ་ཞེས་པ་ནི་
བཟླས་པའི་སྔགས་ཀྱི་མཐར་ཧུཾ་ཧཱུཾ་ཕཊ་ཕཊ་དང་སྔར་གྱི་གནས་སུ་ཡང་སྤེལ་བར་བྱའོ། །དེའི་ཕྱིར་བསྒྲུབ་བྱ་འགོག་པར་གྱུར་ན་ནི། གོམ་པ་གཅིག་ཀྱང་མི་འདའོ། །ཞེས་གསུངས་ཏེ། ནི་ནི་ཉེ་བར་གཟུང་བའོ། །ཧཱུཾ་ཡིག་དག་ནི་འགོག་པ་ཉིད་ཡིན་ནོ། །ཁ་སྦྱར་སྦྱར་བར་གྱུར་པ་དང་། །ཞེས་
པ་ནི་ཞི་བའི་ཆོ་ག་ལ་ནི་ཨོཾ་ལྷ་སྦྱིན་སྭཱ་ཧཱ། ཨོཾ་ཞེས་སྔོན་བཞིན་དུ་སྤེལ་བའོ། །ཁ་སྦྱོར་ནི་སྤེལ་བ་སྟེ་ཁ་སྦྱོར་གྱི་ངོ་བོ་ཉིད་དོ། །སྔོན་དང་ཕྱི་མ་དག་ལ་ཨོཾ་གྱིས་དགག་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ། ཧཱུཾ་ནི་མཐའ་རུ་གནས་པ་ཡིན། །ཞེས་པས་རྒྱས་པར་བསྟན་ཏོ། །དྲག་པོའི་ལས་ལ་རྡོ་རྗེ་
ནི་ཧཱུཾ་གི་མིང་སྟེ། དེས་དབྱེ་བར་བྱའོ། །བསྒྲུབ་བྱའི་ཐོག་མ་དང་ཐ་མ་དག་ནི་ཧཱུཾ་སྦྱིན་པ་ན་དབྱེ་བའོ། །ཇི་ལྟ་བུར་གྱུར་པ་ཞེས་པ་ལ། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས། །ཞེས་གསུངས་ཏེ། རྡོ་རྗེའི་ལྕགས་སྒྲོག་བཅིངས་པ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །རྡོ་རྗེ་སྒྲོ་ཆུན་བཞིན་བསྐོར་ཏེ། །
ཞེས་པ་ནི་བསྐོར་བ་ནི་སྔགས་ཞེས་ཤེས་པར་བྱའོ། །ཤེས་རབ་དང་ཐབས་ཀྱི་ཁ་ལ་སོགས་པ་རྣམས་སུ་སྔགས་རབ་ཏུ་ཞུགས་ཤིང་ཕྱིར་བྱུང་བ་དག་ནི་མྱུར་བར་བསྟན་པའོ། །དྲག་པོའི་ཆོག་ལ་རྡོ་རྗེ་ནག་པོའི་ཕྱག་རྒྱ་ཅན་གྱི་དུམ་སྐྱེས་མའོ། །ཞི་བ་ལ་དཀར་པོ་གཡོན་པ་ན་ཁ་ཊྭཱཾ་ག་བསྣམས་
པའོ། །འགུགས་པ་ལ་ནི་ལྕགས་ཀྱུ་ཉིད། །ཅེས་པ་ནི་གང་གི་ཚེ་འགུགས་པ་དེའི་ཚེ་ཛཿ། ལྷ་སྦྱིན་ཁུགས་ཤིག་ཛཿ། ཞེས་སྤེལ་བ་ནི་སྔ་མ་བཞིན་དུ་ལྕགས་ཀྱུའི་སྒྲ་ནི་ཛཿའོ། །རྩ་བའི་སྔགས་བཟླས་པས་ལྕགས་ཀྱུའི་ཕྱག་རྒྱ་ཅན་གྱི་དུམ་སྐྱེས་མ་དམར་མོས་བསྒྲུབ་བྱའི་སྙིང་
Vol. 16 · folio 222b
ཕུག་སྟེ་འགུགས་སོ། །སྐྲོད་པ་ལ་དེ་བཞིན་དུ་གཏུན་ཤིང་ངོ་ཞེས་པ་ནི་དཔུང་ལ་སོགས་པ་བསྐྱོད་པ་ན་ཧཱུཾ་ལྷ་སྦྱིན་ལ་སོགས་པ་བསྐྱོད་ཅིག་ཧཱུཾ་ཞེས་སྤེལ་ལོ། །དུམ་སྐྱེས་མ་ཡང་རང་གི་མདོག་དང་ལྡན་བ་གཏུན་ཤིང་ཕྱག་ན་བསྣམས་པ་ཞེས་པ་ནི་དེ་བཞིན་གྱི་སྒྲའི་དོན་ཏོ། །བཟའ་བ་བཟའ་
བ་ལ་རྡོ་རྗེ་ཉིད་ནི་དུམ་སྐྱེས་མ་རང་གི་གཟུགས་འཆང་བའོ། །ཕཊ་ལྷ་སྦྱིན་ཟོ་ཤིག་ཕཊ་ཅེས་པ་ནི་སྤེལ་བའོ། །དབུག་པར་བྱ་བ་ལ་འབིགས་པ་ནི་མདའི་ཕྱག་རྒྱ་ཅན་གྱི་དུམ་སྐྱེས་མའོ། །ཕཊ་ལྷ་སྦྱིན་ཕུག་ཅིག་ཕཊ་ཅེས་སྤེལ་ལོ། །དུས་མིན་འཆི་ལས་རྒྱལ་ཉིད་ཡང་། །ཡན་ལག་ཁ་ཊྭཱཾ་
ག་དང་སྦྱར། །ཞེས་པ་ནི། དུས་མ་ཡིན་པར་འཆི་བ་ལས་གཡོན་དུ་ཁ་ཊྭཱཾ་ག་བསྣམས་པ་ནི་དུམ་སྐྱེས་མའོ། །ཧཱུཾ་དཀར་པོ་ལས་བདུད་རྩིའི་རྒྱུན་སྟོང་འཇག་པའོ། །ཧཱུཾ་ལྷ་སྦྱིན་སོད་ཅིག་ཧཱུཾ་ཞེས་པ་ནི་སྤེལ་བའོ། །ཐམས་ཅད་དུ་ལས་ལ་ལེགས་པའི་འོད་དང་བཅས་པའོ། །དུམ་སྐྱེས་མའི་
ཞལ་དུ་ཐོད་པའི་མཆོད་ཡོན་སྦྱིན་པ་ནི། ཐོད་པའི་མཆོད་ཡོན་ཞལ་དུ་ནི། །ཞེས་གསུངས་སོ། །མཚོན་ཆ་ངེས་པར་སྦྱར་ཞེས་པ་ནི་མཆོད་ཡོན་སྦྱིན་བའི་རྗེས་ལ་ལྕགས་ཀྱུ་ལ་སོགས་པའི་མཚོན་ཆས་བསྒྲུབ་བྱའི་ཡན་ལག་ལ་ངེས་པར་སྦྱར་བར་བྱ་ཞིང་དུམ་སྐྱེས་མ་བསྒོམ་པར་བྱའོ་
ཞེས་དགོངས་སོ། །གཉིས་མེད་ཀྱི་ལས་ཞེས་བྱ་བ་ནི་སྙོམས་པར་འཇུག་པའོ། །ཞི་བ་ལ་སོགས་དང་དུས་སུ་འཚོ་བ་ཡང་བཟློག་པ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །སུམ་ཅུ་ལྔ་ནི་སུམ་ཅུ་རྩ་ལྔའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་
རྩ་ལྔ་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་གཉིས་སུ་མེད་པའི་ལས་ཀྱི་རྗེས་སུའོ། །ཕྱག་རྒྱ་ནི་ཕྱི་རོལ་གྱི་ཕྱག་རྒྱ་ལ་མཆོད་པ་ཡིན་ནོ། །ཇི་ལྟ་བུར་ཞེས་པ་ལ་སྔགས་ཀྱི་ཡི་གེ་གསུམ་དགོད་པར་རབ་ཏུ་གྲགས་སོ། །སྔགས་ཀྱི་དགོད་པ་རབ་ཏུ་གྲགས་ནས་ཕྱག་རྒྱ་དེ་མཆོད་
པའོ། །ཡི་གེ་གསུམ་པོའི་སྔགས་ཀྱང་ནི། །མྱུར་དུ་དངོས་གྲུབ་བྱེད་པའི་ཕྱིར། །ཞེས་པ་ནི་ཕྱིར་ནི་གང་གི་ཕྱིར་རོ། །སྔགས་ཀྱི་སྦྱོར་བ་ནི་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་ཡི་གེ་གསུམ་གྱི་སྔགས་སྦྱར་ནས་རྣལ་འབྱོར་མ་ལ་བསྲུབ་པོ་ཞེས་སྦྱར་རོ། །རྟགས་
Vol. 16 · folio 223a
གཉིས་ལ་ཞེས་པ་ནི་ཤེས་རབ་དང་ཐབས་གཉིས་ཀྱི་མཚན་མའོ། །དེ་ནི། མཁའ་འགྲོ་དཔའ་བོ་གཉིས་སུ་མེད། །ཅེས་གསུངས་ཏེ། མཁའ་འགྲོ་མ་ཉིད་མཁའ་འགྲོ་སྟེ། །དཔའ་བོ་དང་ཡོད་པ་གང་ཡིན་པ་ནི་གཉིས་སུ་མེད་པ་སྟེ། དེའི་རྟགས་ཞེས་
དགོངས་སོ། །ཧཱུཾ་ལས་རྡོ་རྗེ་ཨོཾ་ལས་པདྨ་རྡོ་རྗེའི་ནོར་བུ་དང་པདྨའི་གེ་སར་དག་ཨཱཿལས་བསྐྱེད་ལ་སྐུ་ལ་སོགས་པ་ལ་ཡེ་ཤེས་གསུམ་བཀོད་དེ་རྣལ་འབྱོར་མ་ལ་བསྲུབ་པའོ། །དག་པའི་ལུས་ནི་ཅི་འདོད་པ། །ཞེས་པ་ནི་འདིར་དག་པའི་ལུས་ནི་འདིར་གཉིས་སུ་མེད་པའི་སྙོམས་འཇུག་གི་མཆོད་
པར་བརྗོད་དོ། །དཔའ་བོ་མཆོད་པ་ན་ཉ་དང་ཤ་ལ་སོགས་པ་ལ་བྱ་ཞིང་གཉིས་སུ་མེད་པར་ཤེས་པར་བྱ་ལ། ཞི་བ་ལ་སོགས་པའི་ལས་བྱ་བ་ནི་འབད་པས་ཡི་དམ་དུ་བྱའོ། །བྱེ་བྲག་ཏུ་ཕྱེ་ཞིང་སོ་སོར་བྱས་ན་ཞི་བ་ལ་སོགས་པའི་ལས་ནི་ཕྱིན་ཅི་ལོག་ཏུ་ཕན་ཚུན་ཐ་དད་པར་སྦྱར་བར་བྱའོ། །
བསྒྲུབ་བྱ་དེ་ཉིད་ཀྱི་དོན་ནི། ཚར་གཅོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚར་གཅོད་པ་དང་རྗེས་སུ་བཟུང་བའི་དོན་གྱི་དགོས་པ་དེ་ལ་གནས་པ་ནི་སྒྲའི་རྟགས་ཀྱི་བདུན་པའོ། །ཕན་ཚུན་སྦྱར་ཞེས་མདོར་བསྟན་པ་སྟེ། རྒྱས་པར་བཤད་པ་ནི། རྣམ་དབྱེ་མེད་ཅེས་བྱ་བ་ལ་
སོགས་པ་གསུངས་ཏེ། རྩའི་ལམ་རྣམས་ནས་པདྨའི་ལམ་རྣམས་སུ་སྔར་བསྟན་པའི་རིམ་པས་སྦྱར་བའི་སྔགས་ཡིན་ཏེ། དེ་དག་གི་གནས་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་དབྱེ་བས་ལས་ཀྱི་ནི། །ཚིག་གི་དབྱེ་བ་རབ་བསྒྲུབ་བྱ། །སྦྱོར་བའི་དོན་རྣམས་ལ་ཞེས་པ་ནི་བརྗོད་པའི་དོན་ཞི་
བ་ལ་སོགས་པ་རབ་ཏུ་བསྒྲུབ་པར་བྱའོ། །འདིས་འགྲུབ་པས་གཞན་དུ་དངོས་གྲུབ་བརྩམས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་ལས་ཀྱི་ཚོགས་རྣམས་གྲུབ་པར་བྱ་བའི་དོན་དུ་མཆོད་པ་དང་། དེ་ཡིས་དགུག་པ་ངེས་པར་བརྗོད་པ་གང་ཡིན་པ་དེ་ལེའུ་ཡང་ཡིན་པ་དེ་དེ་བཞིན་ནོ། །
སུམ་ཅུ་དྲུག་པ་ནི་སུམ་ཅུ་རྩ་དྲུག་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་དྲུག་པའི་དཀའ་འགྲེལ་ལོ།། །།ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་དབང་དུ་བྱེད་པ་བརྗོད་པ་རབ་ཏུ་རྩོམ་སྟེ། བཟླས་པ་བསྒྲུབ་པར་བྱ་བའི་ལས་ཀྱི་རྗེས་ཡིན་པས་ན་དེ་ནས་ཀྱི་སྒྲའོ། །
Vol. 16 · folio 223b
གཞན་ཞེས་བྱ་བ་ནི་ཐབས་སོ། །ཡང་དག་པ་ནི་སོ་སོ་སོ་སོར་བྱེ་བྲག་ཏུ་བྱའོ། །བཤད་པ་ནི་ཡང་དག་པར་རབ་ཏུ་བཤད་པའོ། །གཟུགས་ནི་ལུས་ཏེ། དེ་བཞིན་གནོན་པ་ནི་སེམས་ཅན་ཏེ། དེའི་སྒྲུབ་ཐབས་ཤེས་པ་ནི་གཟུགས་གནོན་པའི་སྒྲུབ་ཐབས་ཏེ་ཐབས་ཤེས་པའི་དོན་ཏོ། །དེ་ནི།
ཕན་ཚུན་བསྒྲིལ་བའི་གསང་སྔགས་ནི། མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། །ཞེས་གསུངས་ཏེ། རྩ་བའི་སྔགས་དང་རིག་པའི་རྒྱལ་པོ་དང་མཁའ་འགྲོ་མའི་སྔགས་གསུམ་གཅིག་ཏུ་བྱས་པ་སྨན་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ཟོས་ན་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །བཟླས་པའི་མཐར་ནི་སྐྱུག་པར་བྱ། །ཞེས་པ་ནི་ཟོས་ནས་སྐྱུགས་པ་དེ་བཀྲུས་ལ་ཡང་དེ་ཟོས་ན་སྐྱུག་པར་བྱའོ། །ག་པུར་རྗེན་པ་དང་བསྲེས་ནས་སྔགས་གསུམ་པོ་ནུབ་མོ་མདུན་དུ་ཐུན་མཚམས་གསུམ་དུ་བཟླས་པ་བྱའོ། །དེ་ནས་བཟའ་བ་ལ་སོགས་པ་ལ་བཏབ་སྟེ་བྱིན་ན་ཇི་ལྟར་གསུངས་
པ་བཞིན་དུ་འགྱུར་རོ། །བ་སེར་སྐྱའི་མར་ནི་སེར་སྐྱའི་མར་ཏེ། ལན་བདུན་བཟླས་ནས་འཐུངས་ནས་སྐྱུགས་པར་བྱའོ། །དེ་བདག་ཉིད་ཀྱི་གདོང་ལ་བྱུག་པར་བྱའོ། །དེ་ཞེས་པ་ནི་བྱུག་པའི་རྗེས་སུའོ། །བསྐུས་ཞེས་བྱ་བ་ལ་སོགས་པ་ལ་བསྐུས་པའི་ཡན་ལག་མར་དེ་དེ་ཡིས་བླང་བའོ། །
ནི་ནི་སྦྱོར་བ་བསྡུ་བའོ། །སཱ་ལུ་ཁུར་བ་ཡང་དག་ལྡན། །ཞེས་པ་ནི་སཱ་ལུའི་ཁུར་བའི་རང་བཞིན་གྱི་སྐྱོང་བུ་བྱས་ལ་མར་དེ་ཡིས་བཙོས་ཏེ། དེ་བཟའ་བ་ཉིད་དུ་སྦྱིན་པར་བྱའོ། །ནི་ནི་ཉིད་ཀྱི་དོན་ཏོ། །ཐམས་ཅད་ཉིད་དུ་སྔགས་ཀྱི་བཟླས་པ་གོ་བར་བྱའོ། །གལ་ཏེ་ལས་ནི་མ་བཏང་ན། །ཞེས་པ་ནི་
གལ་ཏེ་གྲོལ་བར་མི་འགྱུར་རོ། །ཏིལ་ནག་དག་ནི་ཟོས་ནས་སུ། །སྐེ་ཚེར་བཅས་པ་སྐྱུགས་པ་དང་། །རུ་རྟ་དང་ནི་བཤང་ལམ་བྱུང་། །ལག་སྐྱེས་ལྟོ་བའི་སྲིན་བུ་དང་། །ཞེས་པ་ནི་དང་ནི་རབ་ཏུ་སྦྱོར་བ་བསྡུ་བའོ། །ནི་ནི་ཁྱད་པར་རོ། །ཏི་ལ་ནག་པོ་སྐེ་ཚེ་དང་ལྷན་ཅིག་ཏུ་ཟོས་ནས་སྐྱུག་པར་
བྱ་བ་དང་། རུ་རྟ་ལན་བདུན་དུ་བཤང་བའི་ལམ་ནས་ཕྱིར་དབྱུང་བར་བྱའོ། །ལག་སྐྱེས་ནི་སེན་མོའོ། །ལྟོ་བའི་སྲིན་བུ་ནི་ལྟོ་བ་ནས་ཕྱིར་བྱུང་བའི་འབུའོ། །བཟའ་བ་ནི་ཟ་བར་བྱའོ། །བྱུག་པ་ནི་ལུས་ལའོ། །བ་ལང་གི་ཤའི་སྦྱིན་སྲེག་ནི་ཁྲག་གིས་བསྐུས་ཞེས་པ་
Vol. 16 · folio 224a
ནི། བ་ལང་གི་ཤའི་སྦྱིན་སྲེག་ནི་སྦྱིན་སྲེག་གི་དོན་དུ་དེའི་ཁྲག་གིས་བསྐུས་པ་སྟེ། ཕྱུགས་ཀྱི་ཁྲག་གིས་བསྐུས་པའི་ཕྱུགས་ཀྱི་ཤས་སྦྱིན་སྲེག་བྱས་ན་བསྒྲུབ་བྱ་ལྷའི་རྣམ་པར་ཤེས་པ་དབང་དུ་འགྱུར་རོ། །ཡང་ལྷ་ནི་འཇིག་རྟེན་པའི་ལྷ་སྟེ་ཤ་ནི་
ཕྱུགས་ཉིད་ཀྱིའོ། །དེའི་ཕྱིར་དེའི་ཞེས་གསུངས་ཏེ། མདུན་ཞེས་པ་ནི་དཔལ་ཧེ་རུ་ཀ་ཐང་ཀའམ་ལུགས་སྐུ་དེའི་ཞལ་ལམ་མདུན་ནམ་རྒྱབ་ཏུའོ། །ལས་ཐམས་ཅད་པའི་ཐབ་ཁུང་དུའོ། །མཚན་བདུན་གྱིས་ནི་འགྲུབ་པར་འགྱུར། །ཞེས་པ་ནི་མཚན་མོ་བདུན་ལ་དུས་གསུམ་དུ་སྦྱིན་སྲེག་བྱས་
པས་འགྲུབ་པའོ། །རྙེད་དཀའ་ཞེས་པ་ནི་དབང་དུ་བྱ་བའི་ཆོ་གའོ། །དམ་ཚིག་སྤྱོད་པའི་རྣལ་འབྱོར་མཚོན། །ཞེས་པ་ནི་དམ་ཚིག་སྤྱོད་པའི་མཚན་ཉིད་དབང་དུ་བྱ་བའི་ཆོ་གའོ། །སྐལ་བ་དམན་པ་ནི་དེ་སྔོན་བསོད་ནམས་ཆུང་བའོ། །བསོད་ནམས་ཆུང་བའི་ཞེས་པ་ནི་ད་ལྟར་ཡང་བསོད་ནམས་
ཆུང་བའི་སྒྲུབ་པ་པོས་མི་འཐོབ་སྟེ་ང་བརྙེས་པས་ནི་འཐོབ་བོ། །དབང་དུ་བྱ་བ་གཙོ་བོར་བྱས་ནས་དབང་གི་ལས་དང་བྱ་བ་གང་ཡིན་པ་དབང་གི་ལས་གཙོ་བོར་སྨན་ལ་སོགས་པ་སྦྱིན་སྲེག་གི་རྣམ་པ་དེ་བརྗོད་པ་གང་ཡིན་པ་དེ་ལེའུ་ཡང་དེ་ཡིན་ནོ་ཞེས་བྱའོ། །སུམ་ཅུ་བདུན་པ་ནི་སུམ་ཅུ་རྩ་བདུན་
པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་བདུན་པའི་དཀའ་འགྲེལ་ལོ།། །།འདི་ནི་རྒྱུད་དུ་གསུངས་པའི་སྦས་པ་ཐམས་ཅད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྡ་ནི་ཊཱ་ཞེས་པ་ནི་སྐྱེས་བུའི་ཞེས་བྱ་བ་ལ་སོགས་པའི་གཞུང་
སྔར་བསྟན་པའི་བརྡའོ། །ནི་ནི་ཁྱད་པར་རོ། །མཁའ་འགྲོ་མ་ནི་རབ་ཏུ་གཏུམ་མོ་ལ་སོགས་པའོ། །ལུས་ནི་ལག་པ་ལ་སོགས་པའི་བརྡའི་དོན་ཏེ་དེའི་མཚན་ཉིད་དོ། །མཁའ་འགྲོ་མའི་རིགས་ཀྱི་མཚན་མ་དང་མདོག་དང་དྲི་ལ་སོགས་པའོ། །དཔའ་བོའི་ཡན་ལག་དབྱེ་བ་ནི་མདོག་
དང་ཞལ་དང་། ཕྱག་ལ་སོགས་པའོ། །དེ་ལྟར་ཉིད་ཅེས་པ་ནི་སྦ་བར་བྱའོ། །བརྡ་ལ་སོགས་པ་དང་དབང་གི་ཡན་ལག་གི་དབྱེ་བ་ནི་དཔའ་བོའི་དབང་ཕྱུག་རྣལ་འབྱོར་པས་མི་བྲི་བ་དང་། བརྗོད་པར་མི་བྱ་བ་ཞེས་བྱ་བ་བལྟ་བར་བྱའོ། །ཅུང་ཟད་གང་གིས་མདུན་མི་གདོན། །ཞེས་པ་ནི་
Vol. 16 · folio 224b
རྒྱུད་གཞན་ལ་སོགས་པ་ལ་བརྟེན་པའི་མདུན་དུ་རྒྱུད་འདི་བཀླག་པར་མི་བྱ་བའོ་ཞེས་བྱ་བའོ། །གཡོན་པའི་ཀུན་སྤྱོད་ལེགས་སྦས་པ། །ཞེས་པ་ནི་གཡོན་པའི་ཀུན་སྤྱོད་ནི་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་པས་ལེགས་པར་སྦ་བ་སྟེ་བརྡ་ལ་སོགས་པའོ། །གསང་བའི་མཚན་ཉིད་མཁའ་
འགྲོ་མས། །སྔགས་ནི་བག་མེད་པས་འདོན་ན། །ཞེས་པ་ནི་གླེགས་བམ་དུ་གཏོགས་པའི་མཁའ་འགྲོ་མ་ལ་སོགས་པ་བག་མེད་པས་རང་གི་བྱ་བ་ལ་ལྟོས་པ་མེད་པར་འདོན་བ་དང་། འབྲི་བ་དང་། ཀློག་པ་ལ་ང་དེ་ལ་མི་བལྟ་བའི་དངོས་གྲུབ་ལ་སོགས་པ་མི་མཐོང་ཞེས་པའི་དོན་
ཏོ། །འོན་ཀྱང་གཞན་ཡང་གསུངས་ཏེ། མཁའ་འགྲོ་མ་སྟོང་ཕྲག་དུ་མ་ཡིས་བཟའ་སྟེ། དེ་བཟའ་བར་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་སྒྲས་ནི་མགོ་གཡོ་བར་རོ། །ཅིའི་ཕྱིར་ཞེས་པ་ལ་ངན་པའི་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ངན་པའི་བདག་ཉིད་
ཅེས་པ་ནི་རང་གི་དོན་ལ་ཨཎའི་སྒྲའི་རྐྱེན་བྱིན་པའོ། །ཤིན་ཏུ་ངན་པའི་བདག་ཉིད་ཅེས་པའི་དོན་ཏེ་བདག་ཉིད་ཁྱད་པར་དུ་བྱས་པའི་སེམས་སོ། །དམ་ཚིག་ནི་སྔགས་དང་ཕྱག་རྒྱ་དང་གྲུབ་མཐའོ། །བྲམ་ཟེ་ནི་སངས་རྒྱས་སོ། །སྡིག་པ་ཉིད་སྤྱོད་པས་ནི་སྡིག་སྤྱོད་དོ། །དེའི་ཕྱིར་
གདུག་པ་ཅན་གྱི་སྤྱོད་པ་སྟེ། ཆོས་དང་མི་ལྡན་བའི་གནས་སྐབས་དེ་ནི་སྡིག་སྤྱོད་དོ། །རྨོངས་པ་ཞེས་པ་ནི་ཤིན་ཏུ་གཏི་མུག་པ་སྟེ། མངོན་པར་འདོད་པ་ལ་མི་སྦྱོར་ཞིང་བསླུས་པའོ། །དེ་ཞེས་པ་ནི་གང་ཀློག་པ་ལ་སོགས་པ་བྱེད་པ་པོ་དེ་ཡང་བདག་གིས་མི་སྐྱོབ་སྟེ་ངན་པའི་བདག་ཉིད་
གདུག་པ་ཅན་གྱི་རང་བཞིན་རྣལ་འབྱོར་མ་རྣམས་ཀྱིས་བཟའ་བར་བྱའོ། །འདི་ཅིའི་ཕྱིར་ཞེས་པ་ལ་སྦེད་ཅིང་ཡང་དག་པར་སྡོམ་ཞིང་བསྲུང་བའི་གསང་བ་ནི་རྣལ་འབྱོར་མའོ། །ནི་ནི་ཡང་གི་དོན་ཏོ། །སྲུང་བ་པོ་རྣམས་ཀྱི་ནང་ན་དེ་ཕྱུགས་ཉིད་དེ། རང་ཉིད་ཀྱི་ཕྱིར་གསད་པར་བྱའོ། །དེ་ལྟ་
བུའི་སྒྲུབ་པ་པོས་ནི་ཉེས་པ་ཆེན་པོ་བྱས་པའི་ཕྱིར་རོ། །དེ་བས་ན་ནི་སྒྲ་ནི་ཁྱད་པར་རོ། །ལྷུང་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཀྱིས་གཟིགས་པའི་འཇིག་རྟེན་ནི་སངས་རྒྱས་འཇིག་རྟེན་ནོ། །དེའི་ཕྱིར་ཡང་ལྟུང་བར་འགྱུར་རོ་ཞེས་དགོངས་སོ། །དེ་ཡང་བླ་མ་གསོད་ཅིང་དམ་ཚིག་
Vol. 16 · folio 225a
བརླག་པར་བྱེད་པའོ། །གང་གི་ཕྱིར་གང་ཡང་སྐྱོང་ཞིང་སྲུང་བའི་རྒྱུད་ནི་དཔལ་ཧེ་རུ་ཀ་བལྟས་འཇིགས་ཏེ། དེ་ཁོ་ན་ཉིད་མ་གཏོགས་པ་རྣམས་འཇིགས་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །དེ་ནི་བདག་གི་རྗེས་སུ་འཛིན་ནོ། །རྗེས་འཛིན་པ་ནི་བརྩེ་བའི་ཁྱད་པར་རོ། །
མཁའ་འགྲོ་མ་ཞེས་པ་ནི་སྒྲའི་གསུམ་པའི་ཕྱི་བའོ། །དགེ་ཞིང་དགེ་བའི་གདོང་གིས་གང་ལ་དེ་ནི་ཇི་ལྟ་བ་ཡིན་ནོ། །དེ་ལྟར་རྗེས་སུ་འཛིན་པ་ནི་རྗེས་སུ་མཐུན་པར་འདོད་པའོ། །བླ་མས་ཀྱང་དགོངས་པའོ། །གསང་བར་བྱེད་པ་ནི་སྦེད་པར་བྱེད་པ་སྟེ། དེ་མཐོང་ན་གཞན་སྒྲུབ་པ་པོས་དེ་ལ་
འཁྱུད་པའམ། འདི་ནི་བདག་གི་ཕྱོགས་སུ་ཞུགས་པའོ་ཞེས་འཇིག་རྟེན་པ་རྣམས་ལ་ལེགས་སོ་ཞེས་བསྒྲུབ་པའི་ཕྱིར་རམ་སྦེད་དོ་ཞེས་པའི་དོན་ཏོ། །དཔའ་བོ་འདོད་ཅེས་པ་ནི་དཔའ་བོ་ཉིད་འདོད་པ་སྟེ། རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་ཅིང་སྦྱོར་བའོ། །ཡང་དག་རབ་སྦྱིན་ནི་སློབ་མ་ཕུན་སུམ་
ཚོགས་པ་དང་ལྡན་པའི་ཞེས་པའི་རྣམ་པར་འདོད་པའོ། །རིག་པར་གྱུར་ན་བླ་མ་ལས་ཐོབ་པའོ། །དཔའ་བོ་ཉིད་ཐོབ་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་འཇིགས་པ་མེད་པའི་ཕྱིར་རོ། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་འཛིན། །ཞེས་པ་ནི་རང་གི་བསྟན་བཅོས་བྱས་པ་ཡོངས་སུ་སྐྱོང་བ་ཉིད་
ཀྱི་ཕྱིར་སྒྲུབ་པ་པོས་དཔའ་བོ་ཉིད་མཐོང་དགའ་ཞེས་པར་སྦྱར་རོ། །མཐོང་ཞིང་ཞེས་སྔགས་འདི་ཉིད་ཅེས་པ་ནི། དཔལ་ཧེ་རུ་ཀའི་རྣལ་འབྱོར་དུ་མཚོན་ཅིང་མཚོན་པ་ལ་སྒྲུབ་པ་པོ་དག་གཞན་གྱི་དེ་ལྟ་བུ་ལ་མཐོང་ཞིང་དགའ་ཞེས་པའི་དོན་ཏོ། །ཇི་ལྟར་གསུངས་པའི་རྩ་བའི་སྔགས་བརྗོད་ཅིང་
དེ་དག་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་འཛིན་པ་ལ་འབད་པས་ཕྱག་བྱེད་ཅིང་དགའ་ཞེས་པར་སྦྱར་རོ། །དེ་ཅི་ཞེ་ན་གསུངས་པ། སངས་རྒྱས་ཀུན་ལ་སོགས་པ་མཆོག །ཅེས་པ་ནི་རྡོ་རྗེ་འཆང་ལ་སོགས་པ་མཆོད་པར་འགྱུར་རོ། །དེ་ལ་ཕྱག་འཚལ་བ། ཇི་ལྟར་ཉིད་ཅེས་པ་ལ་གང་གི་ཕྱིར་
རྣལ་འབྱོར་པ་དེ་དཔལ་ཆེན་དཔལ་ཧེ་རུ་ཀའི་རོལ་པ་དང་ལྡན་པའོ། །དེ་ལྟར་རྣལ་འབྱོར་པས་རྣམ་པར་བལྟ་བའི་གཏན་ཉིད་དུ་དེ་འགྱུར་རོ། །དྲན་པ་ནི་ཅི་ཞེས་པ་ལ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཐུགས་ལ་གནས་པའི་དཔའ་བོ་ནི། །དཔལ་ཧེ་རུ་ཀའི་བརྟུལ་ཞུགས་འཛིན་པ་དེ་དག་ནི་
Vol. 16 · folio 225b
ཐུགས་ཀར་གནས་པའི་དཔའ་བོ་སྟེ། དང་པོའི་མང་པོའི་ཚིག་གི་དོན་ལ་དྲུག་པའི་གཅིག་གི་ཚིག་གོ། །རྣལ་འབྱོར་མ་དང་གཉིས་མེད་གནས། །ཞེས་པ་ནི་སྒྲའི་མང་པོའི་ཚིག་ལ་ཨཾ་བྲིས་པ་ནི་ངེས་པའི་ཚིག་གི་ཆོ་གའོ། །དེའི་ཕྱིར་འདིའི་དོན་ནི་གང་གི་ཕྱིར་འདི་ལྟ་བུ་ཞེས་པ་ལ་གང་གི་
ཕྱིར་དེ་དག་རྣལ་འབྱོར་མ་སྟེ། ལྷ་མོ་གཉིས་མེད་གཟུགས་ཀྱིས་གནས། །ཞེས་བྱའོ། །གང་ཕྱིར་དེ་ཡིས་ལེགས་སྐྱེས་པ། །སྲོག་ཆགས་བསོད་ནམས་མཐོང་བ་ཡིན། །ཞེས་པ་ནི་དེ་ཇི་ལྟར་ཞེས་པ་ལ་གང་གི་ཕྱིར་དེ་དཔལ་ཧེ་རུ་ཀ་བརྟུལ་ཞུགས་འཛིན་པ་ནི་བསོད་ནམས་མཐོང་བས་
སྲོག་ཆགས་ལ་དགེ་བ་བསྐྱེད་པར་འགྱུར་རོ། །རོལ་པའི་གནས་ནི་ཆུ་བོ་ལ་སོགས་པ་གསུངས་སོ། །ཡང་དག་པར་ཞེན་པའི་སྤྱན་ནི་དཔལ་ཧེ་རུ་ཀའི་བརྟུལ་ཞུགས་འཛིན་པ་མཐོང་བ་ན་རྗེས་སུ་ཆགས་པ་ཞེས་བྱའོ། །འདིར་ནི་སྒྲས་ནི་དགའ་བའོ། །རི་སུ་ལ་ནི་ཁུང་ངོ་། །ཚང་ཚིང་ནི་
རིའི་ནང་གི་ནགས་ཚལ་ཐིབས་པོའོ། །གསང་བའི་མི་མོ་རྣལ་འབྱོར་མ། །གང་དེ་གསང་བའི་རྣལ་འབྱོར་མའི་གནས་སོ། །ཆུ་བོ་ལ་སོགས་དེ་དག་ཐམས་ཅད་དང་ཁྱད་པར་དུ་ནི་འདིའོ། །རྣལ་འབྱོར་མ་ཡི་གནས་གཞན་ཉིད། །གསང་བའི་རྣལ་འབྱོར་མ་ཡི་གཞི། །བརྗོད་
པ་གང་ཡིན་པ་དེ་ལེའུ་ཡང་ཡིན་བས་དེ་དེ་བཞིན་ནོ། །སུམ་ཅུ་བརྒྱད་ནི་སུམ་ཅུ་རྩ་བརྒྱད་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་བརྒྱད་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་རྣལ་འབྱོར་མའི་གནས་ཀྱི་རྗེས་སུའོ། །རིམ་པས་དགོང་པས་ན་རྣམ་
པ་བརྒྱད་ནི་རྣམ་པ་བརྒྱད་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་རྣལ་འབྱོར་པས་དངོས་གྲུབ་ཆེན་པོ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་སོ། །སྔགས་ནི་འདི་ཡིན་ཏེ། ཀི་ལི་ཀི་ལི། ཙི་ལི་ཙི་ལི། སི་ལི་སི་ལི། དྷི་ལི་དྷི་ལ་ཞེས་བྱའོ། །རིག་པའི་
རྒྱལ་པོའི་སྔགས་ཀྱི་ལྷག་མ་དང་དེས་ན་རྣམ་པ་བརྒྱད་དགོད་པའོ། །ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧུཾ་ཧཱུཾ་ཞེས་བྱའོ། །ལྷ་མོའི་སྔགས་ཀྱིས་ཀྱང་རྣམ་པ་བརྒྱད་དུ་དགོད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྣལ་འབྱོར་མ་རོལ་བས་འཇིགས་པ་འབྱུང་ཡང་འཇིགས་པ་མི་བྱའོ་ཞེས་
Vol. 16 · folio 226a
པ་ནི་དེ་ལ་དཔའ་བོ་འཇིགས་ཀྱང་ཞེས་བྱ་བ་གསུངས་ཏེ། ཀྱང་ནི་གང་གི་ཕྱིར་རོ། །དེ་ལ་ཞེས་པ་ནི་རོལ་པ་ཉིད་ཀྱི་ཕྱིར་རོ། །དཔའ་བོ་མི་འཇིགས་ཞེས་པ་ནི། །གང་གི་ཚེ་དཔའ་བོ་མི་འཇིགས་ན་དེའི་ཚེ་ལག་པ་གཡོན་ནས་བཟུང་ནས་རང་གི་ཁྱིམ་དུ་ཁྱེར་རོ། །དཔའ་
བོ་དང་བཅས་པ་ནི་གཉིས་ཀའི་དགོས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལག་པ་གཡོན་ནས་བཟུང་ནས་ནི། །དེ་ནི་རང་གི་གནས་སུ་ཁྱེར་ནས་གསུངས་སོ། །མཁའ་འགྲོ་མ་དང་ལྷན་ཅིག་ཏུ། །ཞེས་པ་ནི་སྒྲའི་གསུམ་པའི་ཕྱི་བའོ། །ཧེ་རུ་ཀ་དཔལ་ཆགས་འདོད་པས། །ཞེས་པ་ནི་
དཔལ་ཧེ་རུ་ཀ་སྦྱོར་བར་འདོད་པའོ། །མཁའ་སྤྱོད་ཀྱི་གོ་འཕང་ནི་བདེ་བ་ཅན་ནོ། །དེ་ཉིད་རང་གི་གྲོང་ཞེས་པའི་བཤད་པའོ། །རྒ་དང་འཆི་བ་ཐམས་ཅད་མེད། །ཅེས་པ་ནི། དེ་དག་རྣམ་པར་རྟོག་པ་ལས་སྐྱེ་བ་ཉིད་ཀྱི་ཕྱིར་དེ་བཅོམ་པས་ན་དེ་སྤངས་ཞེས་པ་དགོངས་སོ། །རྣམ་པར་རྟོག་པ་བཅོམ་
པ་ཉིད་ཅིའི་ཕྱིར་ཞེས་པ་ལ། སྒྲུབ་པ་པོ་སྔགས་ལུས་ཅན་ཞེས་གསུངས་ཏེ། སྔགས་ཀྱི་ཆོས་ཐམས་ཅད་ཀྱི་རང་གི་ངོ་བོ་ཉིད་དངོས་སུ་བྱེད་པ་སྟེ། དེའི་བདག་ཉིད་ཀྱི་ཕྱིར་ཞེས་དགོངས་སོ། །མཐོང་བ་ནི་མཁའ་འགྲོ་མ་ཉེ་བར་དམིགས་པ་སྟེ། ཧ་ཧར་དགོད་པ་བརྗོད་པ་གང་ཡིན་པ་དེ་ཡང་
ཡིན་ལ་ལེའུ་ཡང་ཡིན་པས་དེ་བཞིན་ནོ། །སུམ་ཅུ་རྩ་དགུ་ནི། སུམ་ཅུ་རྩ་དགུའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་སུམ་ཅུ་རྩ་དགུ་པའི་དཀའ་འགྲེལ་ལོ།། །།ད་ནི་དབང་དུ་བྱ་བ་འབའ་ཞིག་གིས་སྦྱིན་སྲེག་གི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གང་གི་ཕྱིར་དབང་དུ་བྱས་པས་སེམས་ཅན་གང་གི་བསྟན་པ་ལ་སྦྱོར་བར་ནུས་པ་ཡིན་ནོ། །དེ་ཡང་དག་པར་བཤད་པར་བྱའོ། །དེ་གང་ཞེས་པ་ལ་སོགས་པ། །གང་གིས་མི་རྣམས་དབང་དུ་འགྱུར། །ཞེས་གསུངས་སོ། །སྦྱིན་སྲེག་གང་གིས་ངེས་པར་སེམས་ཅན་དབང་དུ་བྱེད་ཅེས་པའི་དོན་
ཏོ། །དེ་ཡང་དུས་ཇི་ཙམ་ན་འགྲུབ་ཅེས་པ་ལ། ཟླ་བས་འགྲུབ་པར་འགྱུར་ཞེས་གསུངས་སོ། །ཇི་ལྟ་བུར་གྱུར་པའི་དཔའ་བོས་སོ། །རྣལ་འབྱོར་སྔགས་ཀྱི་ཆོ་གར་གནས། །ཞེས་པ་ནི་སྔགས་ལ་སོགས་པ་སྔོན་དུ་འགྲོ་ཞེས་པའི་དོན་ཏོ། །རྣལ་འབྱོར་པ་གང་གིས་འགྲུབ་ཅེས་པ་ལ། སྒྲོན་
Vol. 16 · folio 226b
མ་ཉ་དང་བཅས་པ་ཡིས། །ཞེས་གསུངས་ཏེ། ཤ་ནི་སྔོན་དུ་གསུངས་པའོ། །ཉ་ཡང་ངོ་། །ཤས་ནི་ཕྱིའི་སྦྱིན་སྲེག་བྱ་བས་ནང་གི་བྱ་བའོ་ཞེས་ཤེས་པར་བྱའོ། །གནས་སྐབས་ཐམས་ཅད་དུ་ཡང་ཕྱག་བཞི་པ་ལ་སོགས་པར་ཡང་དཔའ་བོ་དབང་ཕྱུག་དཔལ་ཧེ་རུ་ཀ་ཡིས་སོ། །ཞག་
བདུན་གྱིས་སོ་ཞེས་བྱའོ། །ཟླ་བ་གསུམ་དུ་ཐུན་མཚམས་གསུམ་དུ་བརྒྱ་རྩ་བརྒྱད་ཀྱིས་སྦྱིན་སྲེག་སྦྱིན་པར་བྱས་ལ། དེ་ནས་ཞག་བདུན་དུ་སྦྱིན་སྲེག་བྱས་ན་བསྒྲུབ་བྱ་འགྲུབ་པར་སྒྲུབ་པ་པོ་ལ་སྟེར་རོ། །མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། །ཞེས་པ་ནི་མཚན་མོ་ནི་ཤེས་རབ་སྟེ་བརྡར་བྱས་
པ་ཉིད་ཀྱི་ཕྱིར་རོ། །ཤེས་རབ་དང་ལྡན་པས་སྦྱིན་སྲེག་བྱའོ་ཞེས་དགོངས་སོ། །དེ་ཉིད་ནི་བརྒྱ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐམས་ཅད་དུ་ནི་བསྡུ་བའོ། །ཕྱེད་ཀྱི་ཞེས་པ་ནི་ལྔ་བཅུ་རྩ་བཞིའོ། །དེའི་ཕྱེད་ཅེས་པ་ནི་ཉི་ཤུ་རྩ་བདུན་ནོ། །བློན་པོ་ནི་མི་འཐབ་འདུམ་
པ་ལ་སོགས་པ་དབང་དུ་བྱེད་དོ་ཞེས་སྦྱར་རོ། །ཡུལ་དཔོན་ལ་སོགས་པ་ནི་ཡུལ་དཔོན་དང་གྲོང་དཔོན་ལ་སོགས་པའི་དོན་ཏོ། །སུམ་ཅུ་རྩ་གཉིས་སྦྱིན་སྲེག་བྱའོ། །སྦྱིན་སྲེག་རིམ་གྱིས་སྦྱིན་སྲེག་བྱ། །ཞེས་པ་ནི། རིགས་ཀྱི་རིམ་པས་སྦྱིན་སྲེག་བྱ། །ཞེས་བསྟན་པ་ཡིན་ནོ། །དེ་ཉིད་
ནི་ཉི་ཤུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་ལ་ནི་སྦྱིན་སྲེག་ཉི་ཤུ་སྦྱིན་པར་བྱའོ། །དམངས་རིགས་ཉིད་ལ་ཞེས་པ་ནི་སྦྱིན་སྲེག་གསུམ་མོ། །མཐར་སྐྱེས་པ་ནི་སྦྱིན་སྲེག་གཅིག་ཅེས་པ་ནི་ལན་རེ་རེ་སྦྱིན་སྲེག་བྱ་སྟེ། སྦྱིན་སྲེག་བྱའོ་ཞེས་པའི་དོན་ཏོ། །གཏུམ་མོ་ལ་སོགས་
པའི་དོན་ཏོ། །ལྷན་ཅིག་ལ་ནི་མཉམ་བརྟེན་ནས། །ཞེས་པ་ནི་དཔལ་ཧེ་རུ་ཀ་ལ་མཉམ་པར་བརྟེན་ནས་སོ། །སྦྱིན་སྲེག་ལ་ངེས་པ་དང་བརྟུལ་ཞུགས་ལ་སོགས་པ་ནི་ངེས་པ་མེད་དོ་ཞེས་བསྟན་པ་ནི། འདོད་པ་བསྟེན་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་སྒྲ་ལ་
སོགས་པའི་འདོད་པ་ལ་ཆོ་ག་སྔོན་དུ་སོང་བ་སྟེ། ལྷའི་རྣལ་འབྱོར་གྱི་ཆོ་ག་སྔོན་དུ་སོང་བས་བསྟེན་པར་བྱའོ། །འདོད་པའི་ཡོན་ཏན་ལྔ་ལ་གོམས་ཤིང་སྦྱིན་སྲེག་བྱའོ་ཞེས་དགོངས་སོ། །དེ་ནས་ཅི་ཞེས་པ་ལ་འགྲུབ་པར་འགྱུར་ཞེས་གསུངས་ཏེ། དབང་དུ་བྱེད་པ་འགྲུབ་པོ་ཞེས་པ་ནི་ལྷག་
Vol. 16 · folio 227a
མའོ། །རིགས་ལྔ་དབང་དུ་བྱེད་པ་དེ་སྔོན་དུ་སོང་བའི་ཕྱག་རྒྱ་ཆེན་པོའི་སྒྲུབ་ཐབས་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་ནི་བཞི་བཅུ་ཐམ་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་པའི་དཀའ་
འགྲེལ་ལོ།། །།རྣལ་འབྱོར་པས་ནུས་པ་བསྐྱེད་པས་ཇི་ལྟ་བུའི་ལས་གྲུབ་ཅེས་དྲི་བ་ལ་དེ་ནས་ཀྱི་སྒྲའོ། །དེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་ཀྱི་རབ་མཆོག་ནི་ཞེས་པ་ནི་ཤིན་ཏུ་མངོན་པར་འདོད་པའི་དོན་འབྱུང་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །གང་ཅིས་ཞེས་པ་
ལ། གང་གིས་ཤེས་ན་སྒྲུབ་པ་པོས། །ཞེས་གསུངས་སོ། །ཇི་ལྟར་སྒྲུབ་པ་པོའི་ཡེ་ཤེས་དེ་བཞིན་དུ་གཙོ་བོའི་དེ་ཅི་ཞེས་པ་ལ། དབང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ལས་ཀྱི་མཆོག་རབ་བཤད། །ཅེས་པའི་གཞུང་ནི་གོ་སླའོ། །དབང་དུ་དགུག་པ་གཉིས་གཅིག་
གསོད་པ་དང་བསྐྲད་པ་གཉིས་གཅིག་ཉིད་དེ་ལས་ཀྱི་ཚོགས་བཅུ་གཉིས་སོ། །དེ་དག་གི་ལས་ཆེན་པོ་རྣམས་དྲན་པ་ནི་བསམས་པ་ཙམ་གྱིས་དེ་དག་འགྲུབ་པར་འགྱུར་ཏེ། སྒྲུབ་པ་པོ་དང་སྦྱར་བར་བྱའོ། །རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་གནས་ནི་ཤར་དང་བྱང་གི་ཞེས་གསུངས་སོ། །
ཐམས་ཅད་ནི་གཙོ་བོའི་གནས་ལ་སོགས་པའོ། །གནས་སོགས་ཞེས་བྱ་བ་ནི་སྒྲའི་བདུན་པ་ཕྱི་བའོ། །ཐམས་ཅད་ཁྱབ་ཅེས་པ་ནི་དང་པོའི་མང་པོའི་ཚིག་ཕྱི་བའོ། །ཡུལ་ཉི་ཤུ་རྩ་བཞི་ཉིད་གནས་ལ་སོགས་པའི་མཁའ་འགྲོ་མ་ནི་ནིའི་སྒྲས་ཁྱད་པར་དུ་བྱེད་པའོ། །རང་སྐྱེས་ནི་རང་
གི་རིགས་སོ། །རྡོ་རྗེ་དཀྱིལ་འཁོར་གྱི་གཙོ་མོ་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་གཙོ་མོའོ། །ཀུ་ལ་ཏཱ་ཡ་ཞེས་བྱ་བ་ལ་སོགས་པའི་གནས་སྟོན་ཏེ། གནས་ལ་སོགས་པའི་སྒྲས་མདོར་བསྟན་པ་ཀུ་ལ་ཏཱ་ཡ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བྱ་བཞིན་པའི་དུར་ཁྲོད་ལ་སོགས་པ་ཉིད་
གནས་ཀྱི་ཐོག་མ་ཅན་དུ་གོ་བར་བྱའོ། །འདིའི་ཡང་གདམས་ངག་གི་དོན་ནི་པུལླཱི་ར་མ་ལ་ཡ་ལ་སོགས་པའི་སྒྲས་གནས་ལ་སོགས་པ་གོ་བར་བྱའོ། །ཁྱིམ་གྱི་ལྷ་ཞེས་པ་ནི་སྒྲའི་བདུན་པ་ཕྱི་བའོ། །ཏྲི་ཤ་ཀུ་ནི་ཞེས་པ་ནི་བདུན་པའི་དོན་ལ་དང་པོ་སྟེ་དེ་བཞིན་གྱི་སྒྲའི་དོན་ཏོ། །རྡོ་རྗེ་དཀྱིལ་འཁོར་
Vol. 16 · folio 227b
གཙོ་མོ་ཡང་ཕྱོགས་གང་དང་གང་ན་དེ་ཡོད་ཅེས་འདྲི་བ་ལ་ཀུ་ལུ་ཏཱ་ཡ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །དེ་རྣམས་སུ་ཨརྦུ་ད་ལ་སོགས་པ་ཡུལ་དེར་གནས་པར་གསུངས་ཏེ། ཨུཌྱན་དང་འབར་བ་འཛིན་པ་དང་། པུལླཱི་ར་མ་ལ་ཡ་དང་པོར་གྱུར་པ་གང་དག་ཡིན་པ་དེ་ནི་ཨུཌྱན་དང་། འབར་
བ་འཛིན་པ་དང་། པུལླཱི་ར་མ་ལ་ཡ་ལ་སོགས་པ་དང་ཨརྦུ་ད་ལ་སོགས་པ་ཀུ་ལུ་ཏཱའི་མཐའ་ཅན་ནོ། །དགོངས་པས་ཀྱང་འདིར་པུལླཱི་ར་མ་ལ་ཡ་དང་པོར་བྱས་པའི་འབར་བ་འཛིན་པ་དང་ཨུཌྱན་དང་། ཨརྦུ་ད་ལ་སོགས་པ་རྣམས་ན་ཡོད་པའི་གདམས་ངག་གི་དོན་དུ་གོ་རིམས་མ་ཡིན་
པར་བསྟན་པའོ། །འདིས་དཀྱིལ་འཁོར་དང་ལུས་ལ་པུལླཱི་ར་མ་ལ་ཡ་ལ་སོགས་པར་རྣལ་འབྱོར་མ་དགོད་པར་བརྗོད་པའོ། །བུ་མོ་གང་། དཔའ་བོ་གཉིས་མེད་ཁྱབ་པའོ། །ཞེས་པ་ནི་བུ་མོ་ཐམས་ཅད་དུ་དེ་ལྟ་བུ་ཉིད་ལ་ཉེ་བར་གནས་པ་ཉིད་ཀྱི་ཕྱིར་རོ། །དཔའ་བོ་ཐོད་པའི་དུམ་བུ་
ལ་སོགས་པ་དང་གཉིས་སུ་མེད་པར་ཁྱབ་པའི་ངང་ཚུལ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྒྲའི་རྐྱེན་ཕྱི་བ་ཡང་ངོ་། །པུཾ་ཛཾ་ཨོཾ་ཨཾ་གོཾ་རཱཾ་དེཾ་མཱཾ་ཀཱཾ་ཨོཾ་ཏྲིཾ་ཀོཾ་ཀཱཾ་ལཾ་ཀཾ་ཧིཾ། པྲེཾ་གྲྀཾ་སཽཾ་སུཾ་ནཾ་སིཾ་མཾ་ཀུཾ། ཞེས་པའི་ཡི་གེ་ཉི་ཤུ་རྩ་བཞིར་གྱུར་པའི་སྔགས་ནི་སྦས་པ་ཡིན་ནོ། །དེ་རྣམས་ལ་ཟླ་ཚེས་དང་ཐིག་ལེར་
བཅས་པ་ལས་གོ་རིམས་ཇི་ལྟ་བ་བཞིན་དུ་སྐྱེས་པའི་ལུས་ཀྱི་གནས་སུ་པུལླཱི་ར་མ་ལ་ཡ་ལ་སོགས་པ་རྣམས་སུ་རབ་ཏུ་གཏུམ་མོ་ལ་སོགས་པའོ། །ཨོཾ་ཀ་ར་ཀ་ར་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་ལས་སྐྱེས་པ་བསྒོམ་པར་བྱའོ། །འདོད་པའི་གཟུགས་ཅན་ཞེས་
པ་ནི་འདོད་པ་ཙམ་དང་འབྲེལ་པའི་གཟུགས་སོ། །དོན་གང་གིས་ཞེས་པ་ལ། ཡིད་ཀྱི་ཤུགས་ཀྱིས་ལྡོག་པ་དང་། །ཞེས་གསུངས་ཏེ། དགོས་པ་གང་ལ་ཡིད་རབ་ཏུ་ཞུགས་ནས་དེ་གྲུབ་པ་དང་དེ་ནས་ཡིད་ཀྱི་ཤུགས་ཀྱིས་ལྡོག་པའོ། །ཕྱི་རོལ་གྱི་ཡུལ་དུ་རྣམ་པར་དཔྱོད་པའི་དེའི་རིགས་
གང་ཡིན་པ་དེ་རབ་ཏུ་བསྟན་པའི་ཕྱིར། རྣལ་འབྱོར་མ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་ལ་གནས་པའམ་དཀྱིལ་འཁོར་ལ་གནས་པའི་པུལླཱི་ར་མ་ལ་ཡ་ལ་སོགས་པའི་རབ་ཏུ་གཏུམ་མོ་ལ་སོགས་པ་རིམ་པ་བཞིན་དུ་ཤེས་པར་བྱའོ། །ཕྱི་རོལ་གྱི་ཡུལ་རྣམས་སུ་དེའི་
Vol. 16 · folio 228a
རིགས་སུ་སྐྱེས་པ་ཇི་ལྟ་བའམ་དེ་བཞིན་དུའོ། །རྡོ་རྗེ་ཕག་མོ་དང་གཤིན་རྗེ་མ་ལ་སོགས་པའི་མ་མོ་དྲུག་ཅེས་བྱ་བ་ནི་མ་མོ་བདུན་གྱི་གཟུགས་སོ། །མྱ་ངམ་ཡུལ་དུ་ལཱ་མའི་རིགས་ཀྱི་གཙོ་མོ་ཞེས་བྱའོ། །དཔལ་ཧེ་རུ་ཀའི་རིགས་ལས་བྱུང་བ་ལ་མྤ་ཀ་སཽ་
རཱཥྚར་རིགས་ཀྱི་ལྷ་ཞེས་བྱ་བ་ནི་རིགས་ཀྱི་ལྷའི་གཟུགས་ལ་མཆོད་པ་བྱའོ་ཞེས་པའི་དོན་ཏོ། །ཡི་དགས་གྲོང་དུ་བུ་མོ་ཆེ། །མཁའ་འགྲོ་མ་དང་བཅས་པའི་གཟུགས། །ཞེས་པ་ནི་བུ་མོའི་གཟུགས་ནི་མཁའ་འགྲོ་མ་སྟེ་གཟུགས་ཅན་མའི་རིགས་སོ། །ཁ་བའི་རི་དང་ཀཱཉྩི་རུ་བ་
ལི་ཀ་དང་བཅས་པ་ཞེས་པ་ནི་ས་ལི་ཀའི་རིགས་སོ། །དེ་ཉིད་པཉྩ་པའི་ཡུལ་ལོ། །ཁྱིམ་གྱི་ལྷ་ནི་ཁྱིམ་གྱི་ལྷ་ལའོ། །ཀ་ལིཾ་ག་ནི་བརྟུལ་ཞུགས་འཆང་བའོ། །ཀོ་ས་ལར་ནི་ཤ་ཟན་མ་སྟེ་ཤ་ཆེན་ཟ་བའོ། །ཡི་དགས་གྲོང་དུ་རྡོ་རྗེ་མཁའ་འགྲོ་མ། །ཞེས་པ་ནི་ཡི་དགས་གྲོང་མ་ཞེས་
པ་ནི་ཡི་དགས་གྲོང་དུ་ཡང་དག་པར་བྱུང་བའི་རྣལ་འབྱོར་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ། །སྦོམ་པའི་དབང་ཕྱུག་ལ་སོགས་པ་ནི་དུམ་སྐྱེས་མའི་རིགས་སུ་གྱུར་པའོ། །པུལླཱི་ར་མ་ལ་ཡ་དང་། གསེར་གྱི་རི་ཞེས་པ་ནི་འདིར་མཐར་སྐྱེས་པའི་བུད་མེད་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཅེས་
པ་ནི་མང་པོར་བསྟན་པའི་དོན་ཏོ། །ལྷག་མ་གཞན་ནི་ཅི་སྙེད་པ། །ཞེས་པ་ནི་ཡུལ་གཞན་རྣམས་སུ་ཡང་དེ་ལྟ་བུ་ཞེས་པའི་དོན་ཏོ། །ཇི་སྙེད་པ་ནི་ཇི་སྙེད་པའོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་ཞེས་པ་ནི་དང་པོ་མང་པོའི་ཚིག་ཕྱི་བའོ། །ལྷ་མོ་སུམ་ཅུ་རྩ་དྲུག་དཔལ་ཧེ་རུ་ཀའི་དཀྱིལ་
འཁོར་ལ་སྲུབ་པ་ཆེན་པོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་དམ་ཐབས་དང་ལྡན་པའོ། །དཔལ་ཧེ་རུ་ཀ་དང་ཤེས་རབ་ཀྱི་ངོ་བོ་ཉིད་དེ་དང་འབྲེལ་པ་རྣམས་ཏེ། དེ་རྣམས་ཀྱི་ནང་ནས་དཀྱིལ་འཁོར་གྱི་གཙོ་མོ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་སོ་ཞེས་དགོངས་སོ། །སྲུབ་པ་ཆེན་
པོའི་སྤྲུལ་པ་ནི་སྒྲའི་རྐྱེན་མེད་པའོ། །གང་གི་ཕྱིར་དེའི་སྤྲུལ་པ་དཔལ་ཧེ་རུ་ཀར་ཡང་དག་པར་བྱས་ནས་སོ། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་གཙོ་མོ་ཡིན་ནོ་ཞེས་ཁ་ཅིག་ཟེར་རོ། །ཉི་ཤུ་རྩ་བཞི་ནི་ཉི་ཤུ་རྩ་བཞིས་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཁྱབ་པ་སྟེ། སྐུ་དང་གསུང་དང་
Vol. 16 · folio 228b
ཐུགས་ཀྱི་རང་བཞིན་ནོ། །ཅིའི་ཕྱིར་དེ་ལྟར་ཞེས་པ་ལ། དམ་ཚིག་དེ་དག་མཁའ་འགྲོ་མ་རྣམས་ཞེས་པ་ནི་དམ་ཚིག་ནི་གདམས་ངག་གོ། །དེ་དག་ཅི་ཙམ་ཞེས་པ་ལ་སྤྲུལ་ཞེས་གསུངས་ཏེ། ངེས་པར་བྱུང་ཞིང་གཞལ་ཅིང་བཅད་པ་ནི། ཡོངས་སུ་གཞལ་བ་གང་ཡིན་པ་དེ་ནི་དེ་བཞིན་
ནོ། །དེ་དག་རྣམས་ཀྱི་དངོས་ཀྱི་འབྲས་བུ་ཅི་ཞེས་པ་ལ། དེ་ཡང་བསྒོམས་པས་ཞེས་གསུངས་ཏེ། འབྱོར་བ་ཆེན་པོའི་རྣམ་པ་ཡང་དག་པར་སྐྱེས་ཞེས་པའི་དོན་ཏོ། །བསམ་གཏན་ལ་སོགས་གང་ཅིའང་རུང་། །ས་སྟེང་ན་ནི་སྤྱོད་པ་རྫོགས། །ཞེས་པ་ནི་བསམ་གཏན་གང་ཅི་ཡང་རུང་བ་
སྔགས་དང་ཕྱག་རྒྱ་སོགས་པ་དེ་དང་འབྲེལ་པ་དེ་ནི་མཁའ་འགྲོ་མ་རྣམས་ཉིད་དོ། །ས་ནི་ས་གཞི་ལ་རྒྱས་པར་ནི་མ་ལུས་པས་སོ། །སྟེང་ནི་རང་གི་ངོ་བོ་ཉིད་ཀྱིས་གཅེར་བུ་སྟེ་གོས་མེད་པར་བྱའོ། །ནུབ་མོ་ཞེས་པ་ནི་མཉམ་པ་ཉིད་ལའོ། །དེས་ཅི་ཞེས་པ་ལ་ཐམས་ཅད་ཅེས་བྱ་བ་ལ་སོགས་
པ་གསུངས་སོ། །དཔའ་བོས་དཔལ་ཧེ་རུ་ཀ་ཡང་དག་པར་བྱུང་བ་ནི་དཔའ་བོར་འབྱུང་བ་སྟེ། ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོའོ། །རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་མཉེས་པས་སོ། །ཕྱག་རྒྱ་དང་ལྷའི་སྦྱོར་བས་གར་ལ་སོགས་པ་ལ་ཉེ་བར་སྤྱད་པའོ། །དེ་ཡང་
ཐ་མལ་པས་ནི་མ་ཡིན་ནོ། །དེས་རྟག་ཏུ་མཆོད་པར་བྱའོ། །རང་འབྱུང་གི་རྡུལ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་སོ་ཞེས་བྱ་བ་ནི་མཆོད་པ་རྣམ་པར་དག་པར་བརྗོད་པ་ནི་གཡོན་པའི་མཆོད་པ་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཉི་ཤུ་རྩ་བཞིར་སྦས་པའི་ཡི་གེ་པུ་ལ་སོགས་པ་དེ་སྙེད་ཀྱི་གྲངས་དཀྱིལ་
འཁོར་གྱི་གྲངས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་ཚོགས་དེ་དགོད་པ་ཡང་ངོ་། །དེ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་གཅིག་ནི་བཞི་བཅུ་རྩ་གཅིག་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་གཅིག་པའི་དཀའ་འགྲེལ་ལོ།། །།
ལེའུ་སུམ་ཅུ་རྩ་དགུ་པ་དགོད་པ་མདོར་བསྟན་པ་དེ་རྒྱས་པར་སྟོན་པའི་སྔགས་ལ་སོགས་པའི་ལེའུ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གང་གི་ཕྱིར་སྔགས་ལ་སོགས་པ་མེད་པར་དགོད་པར་མི་བྱ་སྟེ། དེའི་ཕྱིར་དཔའ་བོ་ནི་དཔའ་བོའི་རོ་དང་ལྡན་པའོ། །འདི་ནི་སྔགས་འདི་སྟེ་རྐང་
Vol. 16 · folio 229a
པ་བརྒྱད་པའམ་ཡི་གེ་བདུན་པའོ། །རྗེས་སུ་དྲན་པ་ནི་བཀླག་པའོ། །ཅི་བྱས་ནས་ཞེས་པ་ལ་མེ་ཏོག་ཆུ་དང་རྡུལ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བཏུང་བའོ། །དེ་ནས་རྡོ་རྗེའི་འགྲོས་ཀྱི་གར་བྱའོ། །ཕྱག་རྒྱ་ཤེས་རབ་དང་ལྷན་ཅིག་ཏུ་མཚན་མོ་ཤའི་བཟའ་བ་བྱའོ་
ཞེས་སྦྱར་རོ། །ཅི་ལྟ་བུར་གྱུར་པ་ནི་གསུམ་གྱིས་བཙིར་བའོ། །གསུམ་གྱི་སྐུ་ལ་སོགས་པ་གསུམ་གྱིས་བཙིར་བའོ། །དེ་ལྟ་ན་ཡང་ཅིས་ཞེས་པ་ལ། དེས་ནི་ཞེས་གསུངས་ཏེ། སྔགས་འདི་མཆོག་ཏུ་བྱས་པའོ། །སྔགས་གསུངས་ཏེ་བདེ་བ་ཐོབ་པར་འགྱུར་ཞེས་གསུངས་ཏེ། ཨོཾ་
ཨསྟུ་སུ་ཁཱ་བ་ཧུཾ་ཧཱུཾ་ཞེས་པའི་སྔགས་འདིའོ། །ཁ་ཅིག་ན་རེ་ཨོཾ་སུ་ཁཱ་བ་ཧུཾ་ཧཱུཾ་ཞེས་ཟེར་རོ། །བདུད་རྩི་རྣམ་པ་ལྔ་ལ་སོགས་པ་འདིས་སྔགས་ལ་ཉེ་བར་དགོད་པར་བྱའོ། །གཞན་རྣམས་ལ་ཡང་སྦྱིན་ནོ་ཞེས་པ་ནི། འབྱུང་དང་དེ་བཞིན་སྦྱིན་པ་དང་། །ཞེས་གསུངས་སོ། །དམ་ཚིག་ཅན་ལ་
རེག་ནས་བདེ་བར་གྱུར་པ་དང་། དེ་བཞིན་དུ་སྔགས་སྔོན་དུ་འགྲོ་བས་སྦྱིན་ཞིང་བགད་དོ། །དེའི་ཕྱིར་བཞད་དང་ཞེས་གསུངས་སོ། །རེག་ཅེས་པའི་གཞུང་ལ་ནི་བདེ་བར་གནས་པ་ལ་རེག་པ་བཞད་དོ་ཞེས་པའི་དོན་ཏོ། །རིགས་ཆེན་མོ་ནི་བརྟུལ་ཞུགས་ཆེན་པོས་སྤྱོད་པའི་རྣལ་འབྱོར་པ་
ཞེས་པའི་དོན་ཏོ། །བདེན་པས་ཚངས་པར་སྤྱོད་པ་དང་། །ཞེས་པ་ནི་བདེན་པ་ནི་ཚངས་པ་དེས་ཚངས་པར་སྤྱོད་དོ་ཞེས་བྱ་བ་ནི་དཀའ་ཐུབ་ཅེས་འདིར་བརྗོད་དོ། །དེ་ལྟ་བུར་གྱུར་པ་ཕྱི་རོལ་མ་ཡིན་པར་ཕྱག་རྒྱ་ལ་དགོད་པར་བྱའོ། །ཅི་བྱས་ནས་ཞེས་པ་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་
སོགས་པ་གསུངས་སོ། །བསྒྲུབ་པར་བྱ་བས་ན་བསྒྲུབ་བྱ་སྟེ། སྒྲུབ་པ་པོས་དེས་བདུད་རྩི་རྣམ་པ་ལྔར་མྱང་བའི་མཐར་དགོད་པའི་ཕྱག་རྒྱས་མཚོན་པར་མཐོང་ནས་བགད་པར་བྱའོ། །ཇི་ལྟ་བུར་གྱུར་པ་ཞེས་པ་ལ་ལྟ་བའི་བསྙེམས་པ་སྟེ་དེ་བལྟས་པས་མཐོང་བའི་བསྙེམས་པ་གང་ཡིན་པ་
དེ་ནི་དེ་བཞིན་ནོ། །དེ་ལྟ་བུར་གྱུར་པ་དེ་ནི་སྙན་གྲགས་ཡིན་ནོ། །འདིས་ཞེས་པ་ནི་ཀི་ལི་ཀི་ལི་ལ་སོགས་པ་དང་། ཧ་ཧེ་ལ་སོགས་པ་ཡང་ངོ་། །བཞད་པ་ནི་བགད་པ་སྟེ། སྒྲའི་ནཱ་དའི་རྐྱེན་གྱིས་གྲུབ་པའོ། །བདུད་རྩི་རྣམ་པ་ལྔ་མྱང་བ་སྔོན་དུ་སོང་བས་སྒྲུབ་པ་པོས་བཞད་པར་བྱའོ་ཞེས་སྦྱར་
Vol. 16 · folio 229b
རོ། །དེ་ཡང་ཕྱི་རོལ་ཕྱག་རྒྱ་དེ་ཞེས་པ་ན་དེ་ལྟ་བུ་ཉིད་དུ་སྦྱར་རོ་ཞེས་བྱ་སྟེ། ཤེས་རབ་དང་ཐབས་དག་ཀྱང་བཞད་དོ་ཞེས་དེས་གྲུབ་པོ། བདེན་པ་ཞེས་བྱ་བ་ལ་སོགས་བ་པ་ནི་རྣལ་འབྱོར་མ་གཞན་ཁ་ཅིག་གིས་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་མཐོང་ནས་བཞད་དོ་ཞེས་ཁ་ཅིག་ཟེར་རོ། །མཚན་
མོ་ཞེས་པ་ནི་ཕྱི་རོལ་གྱི་ཡུལ་གྱི་རྣམ་པར་རྟོག་པའི་རོ་ནུས་པའི་རང་བཞིན་ནི་དགའ་བྲལ་གྱི་དགའ་བའོ། །ཉིན་མོ་ནི་རང་རིག་པ་ཙམ་དེའི་རང་བཞིན་ལྷན་ཅིག་སྐྱེས་པའོ། །འམ་ནི་དགའ་བ་དང་མཆོག་ཏུ་དགའ་བ་ཉིད་བསྡུ་བའི་དོན་ཏོ། །དེ་བཞིན་ནི་དེ་བཞིན་ཉིད་ཀྱི་དོན་བསྟན་པའོ། །དེ་
ཡང་ཆོས་ཐམས་ཅད་ཡོངས་སུ་ཤེས་པའི་ལྷན་ཅིག་སྐྱེས་པའི་རྟོགས་པས་བྱས་པ་གང་ཡིན་པ་དེ་ཉིད་དེ་ཁོ་ན་ཉིད་ཀྱི་གནས་སྐབས་འཐོབ་པོ་ཞེས་དགོངས་སོ། །ཕྱི་རོལ་གྱི་དོན་ནི་གསལ་པོ་ཉིད་དོ། །རྣལ་འབྱོར་པ་དེ་མཐོང་ནས་གནས་ལ་སོགས་པ་ན་གནས་པའི་རྣལ་འབྱོར་མ་རྣམས་སྔོན་མ་
བྱུང་བའི་གཟུགས་ཀྱིས་བྱ་བ་སྟོན་པ་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ཀྱི་རང་བཞིན་དང་ལུས་ཀྱི་བྱ་བ་གང་ཡིན་པ་དེ་ཉིད་གཅིག་པ་སྟེ། གསང་བ་དེ་ལྟ་བུར་གྱུར་པ་གསལ་བར་བྱེད་པའི་ཕྱིར་རོ། །དཔའ་བོ་ནི་དེ་བཞིན་གཤེགས་པའོ། །ཇི་ལྟར་གནས་
པ་ནི་ཇི་ལྟར་ཡོངས་སུ་གནས་པའོ། །དེ་ཉིད་ནི་གར་དང་ཞེས་པ་ལ་སོགས་པ་གསུངས་ཏེ། དང་པོར་གར་བྱེད་དོ། །དེ་ནས་མིག་དག་ལ་མཆི་མ་བྱུང་ཞིང་དད་པའི་སྒྲའི་རྐྱེན་མེད་པ་སྟེ། གུས་པའི་ཚུལ་བྱེད་པའོ། །བདག་ཉིད་སྤྲོ་བ་ནི་བདག་ཉིད་བསྟེན་པར་སྤྲོ་བའོ། །དེ་བཞིན་གྱི་སྒྲས་ནི་
མཆོད་ཡོན་ལ་སོགས་པའོ། །དད་པས་སྤུ་ལྡང་དེ་བཞིན་ནོ། །ཞེས་པའི་གཞུང་ལ་ནི་བརྩེ་བས་བ་སྤུ་ལྡང་བ་ཡང་ངོ་། །དེ་ལ་ནང་དུ་གྱུར་པའི་སྒྲུབ་པ་པོའི་བྱ་བ་ནི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བགོམ་པ་ནི་ཤིན་ཏུ་རྡོ་རྗེ་བསླང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །བགོམ་མི་བྱ་ཞེས་
པ་ནི་གཞུང་ནི་མ་ལུས་པ་བདག་གིས་སྔར་བགོམ་པ་ནི་ཤིན་ཏུ་བའི་དོན་ཉིད་དོ། །དམིགས་པ་ཞེས་བྱ་བའི་གཞུང་ལ་དེ་ལྟ་བུ་བྱས་པའི་རྣལ་འབྱོར་མ་རྙེད་ནས་དེས་ཀྱང་རྡོ་རྗེ་ཐོབ་པའོ། །དེའི་ཕྱིར། དེ་བཞིན་ཕྱོགས་ཀྱི་གོས་དང་མཆོད། །ཅེས་གསུངས་ཏེ། དེ་བཞིན་དུ་སྦྱིན་པ་མེད་པའི་
Vol. 16 · folio 230a
གཡོན་པའི་རྣལ་འབྱོར་དབང་ཕྱུག་མ་རྣམས་དེ་དག་ཀུན་རྣལ་འབྱོར་མ་རྣམས་ཀྱིས་སོ། །དེའི་ཕྱིར་དེ་ཉིད་ནི་ཁྱད་པར་རོ། །དེ་འདི་ནི་ཕྱག་རྒྱའི་ཚོགས་ཀྱི་རིམ་པ་གར་ལ་སོགས་པ་དང་རྡོ་རྗེ་འགོམ་པ་ལ་སོགས་པས་ཀྱང་ངོ་། །དབུགས་འབྱིན་པ་ལ་སོགས་
པའི་ཁྱད་པར་གྱིས་རང་ཉིད་ཀྱི་མདུན་དུ་སྟོན་ཏེ། སྔོན་གྱི་བྱ་བ་བྱེད་པའི་རྣལ་འབྱོར་མ་རྣམས་ཀྱི་མདུན་དུ་བྱའོ། །སྔགས་དང་ཕྱག་རྒྱ་ནི་དགོད་པའི་ཕྱག་རྒྱའོ། །སྔགས་ནི་དེ་ཉིད་ཧ་ཧ་ཧེ་ཧེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཧ་ཧ་ཧེ་ཧེ་ཞེས་པ་ནི་དགོད་པ་རྣམ་པ་བརྒྱད་དོ། །
དགོད་པའི་སྔགས་ནི་རྗེས་དྲན་ཞེས་པར་སྦྱར་ཏེ། ཧོ་ཧོ་ཧཱུཾ་ཧཱུཾ་ཞེས་པའི་ཕྱི་མ་ནི་དེ་དག་ཅེས་པའི་སྒྲས་བསྡུ་བའོ་ཞེས་པ་ལ་སོགས་པ་མང་པོའི་ཚིག་གི་མཐའ་ཅན་ཚོགས་པ་ཡང་དག་པར་བསྟེན་པ་ཡིན་ནོ་ཞེས་པའི་ཚིག་གིས་སོ། །སྔགས་ཕྱི་མ་ཕྱེད་པོ་ནི་འདི་ཡིན་ཏེ། ཀི་ལི་ཀི་ལི་
ཞེས་བྱ་བ་ལ་སོགས་པ་གཟུང་བས་སོ། །སྣ་ཚོགས་དབང་ཕྱུག་མཆོག་ཏུ་བརྩེ། །ཞེས་པ་ནི་འདི་ལྟ་བུའི་ཡི་གེའི་རྣལ་འབྱོར་མ་ནི་ཤིན་ཏུ་ཡང་བརྩེ་བའོ། །ཁྱད་པར་སྤྱོད་པ་མཆོག་ཏུ་བརྩེ། །ཞེས་པའི་གཞུང་ལ་ནི་གར་ལ་སོགས་པའི་ཁྱད་པར་གྱི་སྤྱོད་པ་སྟེ། དེ་ནས་ཧཱ་ཧཱ་རྣམ་པའི་མཐར་
བྱེད་པའོ། །དེའི་ཕྱིར། ཧཱ་ཧཱ་རྣམ་པ་འདིར་ཉེ་བར། །ཞེས་གསུངས་སོ། །རྟག་ཏུ་ངུ་དང་མཆི་མ་འབྱུང་བར་རབ་ཏུ་གནས་པའི་ངུ་ཞིང་མཆི་མ་འབྱུང་རབ་འཐོབ། །ཅེས་པ་ནི་དེ་ཉིད་མཆི་མ་ལྷུང་བ་དང་བཅས་པས་ཧཱ་ཧཱའི་རྣམ་པས་ཀྱང་དེ་རྣམས་དགའ་བར་འགྱུར་རོ། །དེ་ཉིད་ཅིའི་ཕྱིར་ཞེས་པ་ལ། བསམ་
གཏན་སྔགས་ནི་རབ་ཏུ་སྦྱོར། །ཞེས་གསུངས་ཏེ། བསམ་གཏན་དང་སྔགས་ཀྱིས་ཤིན་ཏུ་སྦྱར་ཞིང་མནན་པ་དེ་ནི་རྣལ་འབྱོར་མའོ། །དེའི་རིགས་ལ་བལྟས་པས་བརྩེ་བ་དང་ལྡན་པར་འགྱུར་རོ་ཞེས་དགོངས་སོ། །རྣལ་འབྱོར་མ་རྣམས་དང་རྣལ་འབྱོར་པ་རྣམས་གཉི་ག་ཡང་དགའ་ཞིང་གཉི་ག་ཡང་
སྤུ་ལྡང་བ་ལ་སོགས་སོ། །གང་གི་མདུན་དུ་རྡོ་རྗེ་བགོམ་པར་བྱ། །ཞེས་པ་ལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གཡོན་པ་ནི་རྣལ་འབྱོར་མར་ཡོངས་སུ་བརྟགས་པ་ཡིན་ཏེ། བརྡར་བྱས་པ་ལ་སོགས་པས་མཚོན་པ་དེ་མདུན་དུའོ་ཞེས་པ་ནི་རྟོགས་པར་བྱའོ། །དགོད་པའི་སྔགས་
Vol. 16 · folio 230b
དང་རྣལ་འབྱོར་མའི་གཟུགས་སྤྲུལ་པ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་གཉིས་ནི་བཞི་བཅུ་རྩ་གཉིས་སོ། །ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་གཉིས་པའི་དཀའ་འགྲེལ་ལོ།། །།ད་ནི་རྣལ་འབྱོར་མ་བལྟ་བ་
དང་གཅེར་བུའི་མཆོད་པ་དང་ཡི་གེ་བདུན་པའི་ལས་ཀྱི་ཆོ་གའི་ལེའུ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དགོད་པ་ལ་སོགས་པ་བསྟན་པའི་རྗེས་སུའོ། །བལྟ་བ་ལ་སོགས་པ་བཤད་དོ་ཞེས་སྦྱར་རོ། །མི་ཞེས་པ་ནི་མི་མཆོག་ཉིད་ཀྱི་ཕྱིར་གདུལ་བྱའི་བསམ་པ་ཤེས་
པའོ། །རྟེན་ངེས་པར་གནས་པ་ལ་བརྟེན་པར་གནས་ཏེ། ལམ་གྱི་བཞི་མདོ་ཞེས་བྱ་བ་ལ་སོགས་པས་གནས་ཐ་དད་པར་སྟོན་ཏོ། །འདི་ཉིད་དུ་བསྒོམ་པར་བྱའོ་ཞེས་དགོངས་སོ། །ཁྱིམ་དག་གམ་ཞེས་པ་ནི་རེ་ཞིག་ཁྱིམ་ཉིད་དུ་ཞེས་པའི་དོན་ཏོ། །བལྟ་བ་ལ་ནི་གཟིགས་པར་འགྱུར། །
ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམ་ཚིག་གི་དོན་ནི་དམ་ཚིག་ཐོབ་པར་བྱ་བའི་དོན་དུ་གནས་པའོ། །ཕྱག་རྒྱ་གཅེར་བུས་མཆོད་པའི་ལས་ནི་གཞན་དུ་ཡོངས་སུ་བརྗོད་དོ་ཞེས་པ་ནི་གཅེར་བུའི་མཆོད་པ་རྒྱས་པར་བསྟན་པའོ། །ལས་ནི་རབ་ཏུ་གཞུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །
གཅེར་བུའམ་བགོ་བ་གཞན་པགས་པ་ལ་སོགས་པ་རབ་ཏུ་གཞུག་པ་སྟེ་སྨད་དཀྲིས་པ་ཕྱག་རྒྱ་ལ་འདོད་པ་སྤྱད་དོ། །དེས་ནི་ཡང་དག་རེག་འདོད་སྤྱད། །ཅེས་པ་ནི། དེ་ཡི་ལས་ཀྱིས་བདེ་བར་འགྱུར། །ཞེས་པའི་དོན་ཏོ། །དེ་ལྟར་ཞེས་པ་ནི་གཅེར་བུ་དང་པགས་པའི་གོས་བགོས་པར་རབ་ཏུ་
དགུག་པའོ། །ལས་ཐམས་ཅད་ནི་ཟ་བ་ལ་སོགས་པའོ། །རྩ་བའི་སྔགས་ནི་རྐང་པ་བརྒྱད་པའོ། །གདུག་པ་ཅན་རྣམས་གནོན་པས་ན་དམ་པར་གནོན་པ་སྟེ། རྐང་པ་བཞི་པའི་སྔགས་སོ། །འདི་དག་རྣལ་འབྱོར་མ་མཐོང་བའི་དུས་སུ་བཟླས་པའོ་ཞེས་རྒྱས་པར་བཤད་པའོ། །བསྒོམ་
དུས་སུ་ཕྱོགས་བཅིང་བ་ལ་སོགས་པ་བྱའོ། །དེའི་ཕྱིར། །ཕྱོགས་བཞིར་བཅིང་བ་དེ་བཞིན་ནོ། །ཞེས་གསུངས་སོ། །ཕྱོགས་བཅིང་གནས་པ་དེ་བཞིན་ནོ། །ཞེས་པ་ནི་གཞུང་གཞན་ནོ། །དེ་ལྷར་ཕྱོགས་བཅིང་བ་ལ་སོགས་པ་ནི། ཕྱོགས་བཅིང་བརྗོད་པ་དེ་བཞིན་ནོ། །ཞེས་པ་ནི་སྔགས་འདི་ཉིད་
Vol. 16 · folio 231a
ཀྱིས་ཞེས་བཤད་པར་བྱའོ། །བྱ་ཞེས་པ་ནི་མཆོད་པ་ལ་སོགས་པའི་ལས་ཐམས་ཅད་དོ། །རྩ་བའི་སྔགས་དང་དེ་བཞིན་གཞན། །དེ་བཞིན་བཞི་ཡིས་ཕྱོགས་བཅིང་བྱ། །ཞེས་པ་ནི་གཞུང་གཞན་ནོ། །རྩ་བའི་སྔགས་ཀྱིས་ལས་ཐམས་ཅད་བྱེད་དོ། །གཞན་རྐང་
པ་བཞི་པས་ཕྱོགས་བཅིང་པར་བྱའོ་ཞེས་སྦྱར་རོ། །ཕྱོགས་བཅིངས་པ་ཞེས་པའི་སྒྲའི་གཉིས་པ་ཕྱི་བའོ། །དེ་བཞིན་གྱི་སྒྲ་ནི་དེ་གཉིས་ཏེ། དེ་ལྟ་དེ་ལྟར་རབ་ཏུ་བྱེད་པ་ཐ་དད་དོ་ཞེས་པའི་དོན་དུ་བཤད་དོ། །མཆོད་པ་ལེགས་པར་སྦས་པ་ཉིད་ནི། ལྷ་ཡུལ་ལྷ་ཡི་ཚོགས་ཀྱིས་ཀྱང་། །
མ་མཐོང་བར་ནི་མཆོད་པར་གྱིས། །ཞེས་གསུངས་སོ། །ཡི་གེ་བདུན་པའི་ནུས་པ་ནི། །སྙིམ་པ་མེ་ཏོག་གིས་བཀང་སྟེ། །མཁའ་ལ་སྤྱོད་པ་གྱེན་དུ་མཐོང་། །ཞེས་གསུངས་སོ། །མེ་ཏོག་གིས་ཡང་དག་པར་བཀང་བ་ལ་ཡི་གེ་བདུན་པའི་སྔགས་ཏེ་གྱེན་དུ་མཐོང་བ་ནི་གྱེན་དུ་གཏོར་ཞེས་
པའི་དོན་ཏོ། །དེ་ཡང་མཁའ་སྤྱོད་ནི་མཁའ་སྤྱོད་དེ་བར་སྣང་ལ་གནས་པར་འགྱུར་བའོ། །སྙིམ་པ་ལ་སྒྲའི་མོ་རྟོགས་ཡོད་པ་ནི་ལུང་ཡིན་པའི་ཕྱིར་རོ། །དེའི་ཕྱིར། དེ་ཉིད་དུ་ནི་སྣང་མི་འགྱུར། །ཞེས་གསུངས་ཏེ། དེ་ཉིད་དུ་མཐོང་ཞིང་ས་ལ་མ་ལྷུང་ནའོ། །སྟོང་ཕྲག་ཅེས་བྱ་བ་ལ་
སོགས་པ་ནི་གོ་སླའོ། །ངག་གི་དབང་ཕྱུག་ནི་གཟའ་ཕུར་བུའོ། །དེ་ནི་མན་ངག་མའོ། །ལྷ་ནི་ལྷར་གྱུར་པའི་ལོ་རྒྱུས་ཞེས་པའོ། །ལྷའི་གཏམ་ནི་ལྷ་རྣམས་ཀྱི་རྣལ་འབྱོར་མ་རྣམས་ཏེ་ལོ་རྒྱུས་ལ་སོགས་པའོ། །རྩིས་དང་གཟའི་ཀུན་དུ་སྤྱོད་པ་ཤེས་པའོ། །ས་འོག་ཅེས་པ་ནི་ས་འོག་རྣམ་
པ་བདུན་གྱི་ལོ་རྒྱུས་ཞེས་པའོ། །གྲོང་ཞེས་བྱ་བ་ལ་སོགས་པ་ལ་དགའ་བྱེད་ཀྱི་གྲོང་ལ་སོགས་པའོ། །དགོན་པ་ནི་དགོན་པ་ཆེན་པོའོ། །གྲོང་ཁྱེར་ནི་འཕེལ་བཞིན་པ་ལ་སོགས་པའོ། །དཔའ་བོའི་ཁྱིམ་ནི་ཞིང་སྐྱོང་ལ་སོགས་པ་ལྷག་པར་གནས་པའི་སའོ། །མཁའ་ནི་ནམ་མཁའོ། །རྩེ་མོ་
ནི་རིའི་རྩེ་མོའོ། །གནས་དེ་རྣམས་སུ་སྙིང་པོའི་ཡི་གེ་བདུན་པ་གང་དྲན་པ་ནི་བཟླས་པ་བྱེད་པ་སྟེ། དེ་ལྷ་དང་མིས་མཐོང་བར་མི་འགྱུར་རོ། །གནས་དེ་རྣམས་སུ་དེར་བཟླས་པ་བྱས་ན་མི་སྣང་བ་འགྲུབ་པོ་ཞེས་དགོངས་སོ། །དེའི་ཕྱིར་ཕྱོགས་དེ་རྣམས་སུ་སྒྲུབ་པ་པོ་རྟག་ཏུ་གནས་སོ་ཞེས་པ་ནི་
Vol. 16 · folio 231b
ཉེ་བར་བསྡུ་བའོ། །གནས་དེ་རྣམས་ཉིད་དུ་སྔགས་འདི་བཟླས་པར་བྱའོ་ཞེས་དགོངས་སོ། །ཡི་གེ་བདུན་གྱི་བདག་ཉིད་ཅན། །ཞེས་པ་ནི་གྲངས་བདུན་གྱི་བདག་ཉིད་ཀྱི་ཡི་གེ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །དེ་སྡོང་པོའི་རྩེ་མོར་བསམས་ན་སྡོང་པོའི་རྩེ་མོ་འགུག་པར་འགྱུར་རོ། །མི་ཕྱེད་
པ་ནི་དབྱེར་མེད་པའོ། །འདིས་ནི་འདོད་པ་དང་རྗེས་སུ་འབྲེལ་པར་བསྟེན་ཏོ། །ས་འཛིན་ནི་རྡོ་དང་རྡོའི་རི་བོའོ། །བདག་གི་དགོས་པ་ཞེས་པ་ནི་བདག་ནི་དགོས་པའི་དོན་དུའོ། །བདག་ཉིད་འདོད་པ་ཞེས་པ་ནི་གཞུང་གཞན་ཏེ་གོ་སླའོ། །བདག་གི་ལུས་ལ་ཞེས་པ་མིག་དང་། རྣ་བ་
དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་སུ་ཡི་གེ་དྲུག་གོ། །ཡིད་ལ་ནི་ཕཊ་བཀོད་ནས་ཀུ་ཤའི་སྟན་ལ་ཉལ་བ་ནི་ཉལ་བར་བྱའོ། །ལྷག་མ་ནི་གོ་སླའོ། །ཚེ་ལོ་ངེས་པ་གང་སྔགས་ཀྱིས་བརྗོད་པའམ་དཔལ་ཧེ་རུ་ཀའོ། །འཆི་བས་བཅོམ་པ་ནི་འཆི་བས་བཅོམ་པ་སྟེ། འཆི་
བའི་གམ་དུ་སོང་ཞེས་པའི་དོན་ཏོ། །མཐོང་བ་ཉམས་པར་གྱུར་པ་ནི་ཡུལ་གཞན་དུ་གནས་པའོ། །གཞན་དང་གཞན་གྱི་བྱ་བ་ཐམས་ཅད་འདིས་ཉེ་བར་བསྡུ་བའོ། །དེ་ཞེས་པ་ནི་ལྷས་སྟོན་པའོ། །རལ་གྲིལ་སོགས་པ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་པྲ་སེ་ནའི་རྩིས་འཇུག་པར་བྱེད་དོ། །
གཞོན་ནུའམ་གཞོན་ནུ་མ་ལ་རལ་གྲི་བསྟན་པར་བྱའོ། །དེ་དག་གིས་དགེ་བའམ་མི་དགེ་བ་བརྗོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནད་ཞི་བ་སྟོན་ཏེ། ཉི་མའི་དབུས་སུ་ཡི་གེ་བདུན་པའི་སྔགས་དངོས་སུ་གོ་རོ་ཙ་ན་ལ་སོགས་པས་དགོད་ཅིང་བྲི་བའམ། བསམས་ལ་དེའི་དབུས་སུ་ནད་
པ་བསམ་སྟེ་སྟོང་ཕྲག་གཅིག་བཟླས་པ་བྱའོ། །དེ་དབྱེ་བ་ཉིད་ནི་སྤེལ་བའོ། །ཤེལ་གྱི་རྣམ་པ་ལྟ་བུ་དྲི་མ་མེད་པའི་ཕྱིར་དེ་ནད་ཀྱིས་གདུངས་པ་ལ་བསྟན་ཞིང་བལྟས་ཏེ་བསམ་པར་བྱའོ་ཞེས་པའི་བར་རོ། །ཤེལ་ལྟ་བུའི་ཡི་གེའི་ཞེས་པ་ནི་གཞུང་གཞན་ནོ། །ཤེལ་གྱི་རྣམ་པ་ལྟ་བུར་དཀར་པོའི་
རྣམ་པ་ལྟ་བུ་མཛེས་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྔགས་སོ། །དེ་ལྟ་བུའི་སྔགས་ལག་པ་ལ་བསྒོམས་ལ་ནད་ཀྱིས་གདུངས་པ་ལ་བསྟན་པར་བྱའོ། །བཞི་པའི་དོན་ལས་སྒྲ་གནས་ཀྱི་གཉིས་པའི་བཤད་པའོ། །མཐེ་བོང་འདྲ་བར་སྐད་ཅིག་གིས། །ཞེས་པ་ནི་དེའི་སྙིང་གར་མཐེ་བོང་གི་ཚད་
Vol. 16 · folio 232a
ཙམ་གྱི་དྲི་མ་མེད་པ་ཤེལ་ལྟ་བུའི་རྣམ་པར་ཤེས་པ་བསམ་པར་བྱའོ། །ཇི་ལྟ་བུར་གྱུར་པ་ཐམས་ཅད་དུ་སོང་བའི་ནད་ལ་གང་དེ་ཡིས་ནད་ཐམས་ཅད་ལས་གྲོལ་བའི་ལུས་པོ་ལ་རྣམ་པར་ཤེས་པ་ཡང་བསྒོམ་པར་བྱ་ཞིང་སྔགས་བཟླས་པར་བྱའོ་ཞེས་པ་ནི་བསྡུས་པའི་
དོན་ཏོ། །སྦྱོར་བ་གཞན་ནི་ཟླ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པའི་ལག་པ་གང་ཡིན་པ་དེ་ནི་གཡོན་པའི་ལག་པ་སྟེ་འཁོར་ལོའོ། །གཡོན་པའི་ལག་པར་ནི་རི་བོང་ཅན་གྱི་གཟུགས་བསམས་ལ་རེ་མིག་དགུ་པའི་འཁོར་ལོ་སྟེ། དེའི་དབུས་སུ་ཨོཾ་ཤར་དུ་ཧྲཱིཿ ལྷོ་རུ་ཧ། ནུབ་དུ་ཧ།
བྱང་དུ་ཧུཾ། ཡང་དབུས་སུ་ཧཱུཾ་མཚམས་བཞིར་ཕཊ་དོ་ཞེས་པ་ནི་ཡི་གེ་བདུན་པའི་སྔགས་སོ། །ཊ་བོར་བས་ནི་ཡི་གེ་བདུན་ནོ། །ཁ་ཅིག་ནི་ཨོཾ་ཞེས་ཟེར་རོ། །དེའི་ཕྱིར། །ཡི་གེ་ཤེལ་གྱི་མདོག་ལྟར་སྣང་། །ཞེས་སོ། །ཤེལ་བཞིན་དུ་དཀར་པོ་ཉིད་ཀྱི་ཕྱིར་ཡི་གེ་བདུན་པོ་རྣམས་ཡང་དག་པར་བྱེ་བྲག་ཏུ་
སྣང་ཞིང་རབ་ཏུ་སྣང་བ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། འཁོར་ལོའོ། །ཡང་ཇི་ལྟ་བུར་དགོད་པ་ནི་ནད་ཐམས་ཅད་གང་ཡིན་པ་དེ་ནི་དེ་བཞིན་ནོ། །བསྒྲུབ་བྱ་དབུས་སུ་གནས་པའི་འཁོར་ལོ་ལག་པ་གཡོན་པར་བསྒོམ་ཞེས་པ་ནི་གདམས་ངག་གོ། །རིམས་དང་ཞེས་བྱ་བ་ལ་སོགས་པ་ལ་ལྷན་
ཅིག་པའི་དོན་གྱི་སྒྲའི་གསུམ་པའོ། །མཆེ་བའི་དུག་གིས་ཟིན་པ་ལ་སོགས་པ་རྣམས་ཀྱིས་ནད་གཞོམ་པ་གང་ཡིན་པའི་ཕྱིར་འཁོར་ལོ་དེ་ནི་དུག་གིས་ཟིན་པ་ལ་སོགས་པའི་ནད་འཇོམས་པའོ། །སོགས་ཀྱི་སྒྲས་ནི་མི་རྒྱུ་བ་ལ་སོགས་པའི་དུག་གོ། །ནི་ནི་ཉེ་བར་གཟུང་བའོ། །ནད་ཐམས་ཅད་
དང་བྲལ་བ་གང་ཡིན་པ་དེ་ནི་ནད་ཐམས་ཅད་དང་བྲལ་བའོ། །ཟླ་བའི་གཟུགས་ལ་ཡི་གེ་ཞེས་པ་ནི་སྔར་བཞིན་དུ་རི་བོང་ཅན་གྱི་གཟུགས་ལ་ཡི་གེ་བདུན་པའི་གཡོན་པའི་ལག་པར་བལྟ་ཞིང་བསམས་ལ་ནད་ཀྱིས་གདུངས་པ་ལ་བསྟན་པའམ་བྱབ་པར་བྱའོ། །ཕྱོགས་བཅུར་རྣམ་པར་འབྱེར་བར་འགྱུར། །
ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་དེ་དག་རྣམས་ལ་འོད་ཟེར་བདུད་རྩིའི་རང་བཞིན་འབྱུང་སྟེ། ཕྱོགས་ནི་ཤར་ལ་སོགས་པའི་ཕྱོགས་སོ། །འབྱེར་པ་ནི་ཁྱབ་པའོ། །འདི་ལྟ་བུའི་རང་བཞིན་གྱི་ཡི་གེ་གཡོན་པའི་ལག་པས་བསྟན་པའམ་བྱབ་པར་བྱའོ་ཞེས་དགོངས་སོ། །སྦྱིན་སྲེག་ནི་བ་ལང་ཤ་ཞེས་བྱ་བ་
Vol. 16 · folio 232b
ལ་སོགས་པ་གསུངས་སོ། །མངར་གསུམ་ནི་བུ་རམ་དང་སྦྲང་རྩི་དང་ཤ་ཁ་རའོ། །ཡང་ན་སྔགས་ཀྱི་རྒྱལ་པོ་ཞེས་པ་ནི་གང་ལ་ཞི་བ་ལ་སོགས་པའི་དོན་དུ་བསམས་ན་དེ་ལ་ཞི་བ་ལ་སོགས་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེའི་ཚེ་བཟླས་ན་ཐེ་ཚོམ་མེད། །ཅེས་བྱའོ། །བཟླས་བཞིན་པ་ནི་དཀར་
པོ་ཡིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕྲལ་དུ་ངེས་པར་འགུགས་པར་འགྱུར། །ཞེས་པ་ནི་གཡོན་པའི་ལག་པར་ཡི་གེ་བདུན་པ་མདོག་དམར་པོ་ཉིད་བལྟ་བར་བྱའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་དེ་ལྟར་སྔགས་བཟླས་པ་ཉིད་ཀྱིས་ཐམས་ཅད་འགྲུབ་པོ་ཞེས་དངོས་
གྲུབ་ཀྱི་རྟགས་བསྟན་པའོ། །སྣོད་ཅེས་པ་ནི་ཉེ་བར་མཁོ་བའོ། །སོ་རྩི་རྣམ་པ་སྣ་ཚོགས་ཀྱིས་ནི་ལུས་ཀྱི་སྦྱོར་བ་སྟེ། ལུས་ཡང་དག་པར་འཛིན་པའོ། །གཉིས་པ་ནི་ནུས་པ་དང་ལྡན་པ་སྟེ། མི་མ་ཡིན་ཡང་བཀའ་མཉན་པར་འགྱུར་རོ་ཞེས་དགོངས་སོ། །གསུམ་པ་ངག་
གི་ཉིད་ཅེས་པ་ནི་ངག་གི་དངོས་གྲུབ་པོ་ཞེས་དགོངས་སོ། །སྔགས་ཀྱི་རྒྱལ་པོ་བསམས་ནས་ཞེས་པའི་དོན་ཏོ། །གསང་སྔགས་ཞེས་པ་བརྗོད་པ་ནི་དེ་ཉིད་བསྐུལ་ཞིང་ཡང་བརྗོད་པའོ་ཞེས་བྱའོ། །ངག་དང་ལུས་དང་སེམས་ཀྱིས་ངག་གྲུབ་པས་ཚར་གཅོད་པ་དང་རྗེས་སུ་འཛིན་པར་བྱེད་
པའི་རྣལ་འབྱོར་པའོ། །སྙིང་པོའི་ཉེ་བའི་སྙིང་པོ་ལས་ཀྱི་བྱ་བ་དེ་བསྒྲུབ་བྱ་མེ་ཏོག་གཏོར་བ་ལ་སོགས་པའི་བྱ་བ་དེ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་རྩ་གསུམ་ནི་བཞི་བཅུ་རྩ་གསུམ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་
བཅུ་རྩ་གསུམ་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་པ་ནི་རྣལ་འབྱོར་མ་དྲུག་གི་སྔགས་ཀྱི་ལས་ཀྱི་ཚོགས་སྟོན་པར་བརྩམས་ཏེ། གང་ལ་ཕོ་ཉ་དངོས་སུ་གྲུབ་པ་དེའི་ལས་ཀྱི་ཚོགས་སོ། །ཅི་བྱས་ནས་རབ་ཏུ་སྟོན་ཞེས་པ་ལ། ལས་ནི་མཉམ་པར་བརྩམ་ཞེས་གསུངས་ཏེ། དགུག་
པ་ལ་སོགས་པ་བྱས་ནས་ལས་ཀྱི་ཚོགས་རབ་ཏུ་བརྩམ་ཞེས་སྦྱར་རོ། །གང་གིས་ཞེས་པ་ལ་ཡང་དག་ཀུན་སྒྲུབ་པ། ཡི་གེ་བདུན་པ་ཡང་དག་ལྡན། །ཞེས་གསུངས་ཏེ། ཡང་དག་པར་བྱེ་བྲག་ཏུ་བདག་གིས་བསྒྲུབ་པར་བྱ་བ་སྒྲུབ་པ་གང་ཡིན་པ་དེ་ནི་རྣལ་འབྱོར་མ་དྲུག་གི་སྔགས་སོ། །དེ་དང་
Vol. 16 · folio 233a
ཡང་དག་པར་ལྡན་པ་ཡང་དག་པའི་རྣལ་འབྱོར་གྱི་བསམ་གཏན་ནོ། །ལས་ནི་ལག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཧཱཾ་ཧྲཱིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ་ཅེས་པ་ནི་ཡི་གེ་བདུན་གྱི་སྔགས་སོ། །རྣལ་འབྱོར་མ་དྲུག་གི་ཡི་གེ་བདུན་ནི་རྣལ་འབྱོར་མ་དྲུག་སྟེ་ལག་པའི་དབུས་
སུ་བཀོད་ན་བསྒྲུབ་བྱ་འགུགས་པར་འགྱུར་རོ་ཞེས་སྦྱོར་རོ། །དགོད་པ་བརྗོད་པ་ནི་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོའི་རྩིབས་དྲུག་ལ་ཡང་དག་པར་གནས་པའི་འཁོར་ལོ་གང་ཡིན་པ་དེས་ནི་འགུགས་པ་སྟེ། དེ་དྲུག་ལ་ཡང་དག་པར་གནས་པའི་འཁོར་ལོ་བྱ་བའི་ཁྱད་
པར་རོ། །དེའི་ཕྱིར་ནི་ཁྱད་པར་རོ། །གཡོན་པ་ཞེས་པ་ནི་ལག་པའི་དབུས་ཀྱི་ཁྱད་པར་རོ། །དྲུག་ཏུ་ཡང་དག་པར་གནས་པའི་འཁོར་ལོ་ཇི་ལྟ་བ་ཡིན་པ་དེ་བཞིན་དུ་འགུགས་པའོ། །དེའི་ཕྱིར་གང་ལ་ལག་པ་སྟེ་བསྟན་པ་ཞེས་གསུངས་སོ། །ཅི་བྱས་ནས་ནི་ལག་པ་དེ་གང་ལ་བསྟན་པ་
ལས་སོ། །གང་གིས་དགུག་པའི་གཟུགས་འཆང་བ་སྟེ། འཁོར་ལོ་བསམ་པར་བྱའོ། །ཡང་ཅི་བྱས་ནས་ཞེས་པ་ལ། ཁ་ནས་གསང་སྔགས་རྒྱལ་པོ་ཟློ། །ཞེས་གསུངས་ཏེ། སྒྲའི་གཉིས་པའི་ཕྱི་བའོ། །རྣལ་འབྱོར་མ་དྲུག་དང་འབྲེལ་བའི་ཡི་གེ་བདུན་པ་ཁས་བརྗོད་པ་སྟེ།
ཁྱད་པར་དུ་བསྒོམ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་བུར་གྱུར་པ་ནི་གསང་སྔགས་རྒྱལ་པོ་ཞེས་སྟོན་ཏོ། །སྐུལ་བར་བྱེད་པ་དང་ལྡན་པས་སོ། །འཁོར་ལོ་རྩིབས་དྲུག་པ་གཡོན་པའི་ལག་པར་བསམས་ལ། དེ་ལ་དབུས་སུ་ཨོཾ་རྩིབས་དྲུག་ལ་ཧཱཾ་ཧྲཱི་ཧེཾ་ཧཱུཾ་ཕཊ་ཅེས་པའི་ཡི་གེ་དྲུག་དགོད་པར་
བྱའོ། །དེའི་འོད་ཟེར་གྱི་དྲ་བ་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བསྒྲུབ་བྱ་བཀུག་པར་བསྒོམ་ཞིང་། དེའི་ལག་པ་འཁོར་ལོ་དང་ལྡན་པ་ལ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ལྷ་སྦྱིན་ཁུགས་ཤིག་ཅེས་པའི་བསྐུལ་ཚིག་དང་ལྡན་པས་སྔགས་བཟླས་ཤིང་དངོས་སུ་ལག་པ་བསྟན་ན་དེ་འགུགས་པར་འགྱུར་རོ་ཞེས་
པ་ནི་བསྡུས་པའི་དོན་ཏོ། །ཙནྡན་དམར་པོ་ལ་སོགས་པས་རྣལ་འབྱོར་མ་རྣམས་ཀྱི་སྔགས་ཀྱིས་ལག་པ་གཉིས་མཉེ་ཞིང་། དུར་ཁྲོད་ཀྱི་མེའམ། གཏུམ་པོ་ལ་སོགས་པའི་མེ་ལ་དེ་ཁོ་ན་ཉིད་བཞིན་དུ་བསྐུལ་ཚིག་དང་ལྡན་པས་སྦྱིན་སྲེག་བྱའོ། །ཆོ་ག་ཇི་ལྟ་བ་ཞེས་པ་ནི་ཙནྡན་དམར་
Vol. 16 · folio 233b
པོ་ལ་སོགས་པ་སྲེག་པར་བྱེད་པ་ལ་སོགས་པ་ནི་ཆོ་གའོ། །ཕུལ་དུ་བྱུང་བའི་སྦྱོར་བ་གང་ལ་དེ་ཡིས་སྦྱོར་བ་འདི་དཔལ་ཧེ་རུ་ཀ་ལ་བརྟེན་ལ་སྦྱིན་སྲེག་བྱའོ། །དེ་ཉིད་ཙནྡན་དམར་པོ་ལ་སོགས་པ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་འབྲེལ་ཏོ། །དགྲ་ཡི་མིང་དང་བཅས་པ་ནི། །ཞེས་པ་
ནི་བསྐུལ་ཚིག་དང་བཅས་པའོ། །འོ་མ་གཙང་མ་ནི་བའི་འོ་མས་སླར་གསོ་བར་འགྱུར་རོ་ཞེས་དགོངས་སོ། །ལྷག་མ་ནི་གོ་སླའོ། །ཡི་གེ་བདུན་པའི་རང་བཞིན་དང་། རྣལ་འབྱོར་མ་དྲུག་པོ་དེའི་ལས་དགུག་པ་ལ་སོགས་པའི་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་
ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་བཞི་ནི་བཞི་བཅུ་རྩ་བཞི་པའོ་ཞེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་བཞི་པའི་དཀའ་འགྲེལ་ལོ།། །།ད་ནི་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་ལྷག་མ་ཡི་གེ་དྲུག་གི་བདག་ཉིད་ཀྱི་སྔགས་ནི་ལས་ཀྱི་ཚོགས་
ཀྱི་ལེའུ་ནི་དེ་ནས་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་པ་ནི་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་དང་། ཡི་གེ་བདུན་པའི་བདག་ཉིད་ཀྱི་སྔགས་ཀྱི་ལས་ཀྱི་ཚོགས་བསྟན་པའི་རྗེས་སུའོ། །ལས་མཆོག་ནི་ཡི་གེ་བདུན་པའི་སྔགས་དང་འབྲེལ་བ་ཡིན་ནོ་ཞེས་ཤེས་པར་
བྱའོ། །ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཅེས་པ་ནི་སྔགས་དེ་ཡིས་ལས་ཀྱི་དངོས་གྲུབ་རབ་ཏུ་བསྒྲུབ་པའོ། །ཚིག་ཙམ་གྱིས་བསྒྲུབ་བྱ་འགྲུབ་པར་ཡོངས་སུ་བྱེད་པ་སྟེ། དེ་ཉིད་ནི་ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་ར་བཱི་ར་དམར་པོའི་མེ་ཏོག་བརྒྱ་རྩ་བརྒྱད་པའི་འོ་
མ་འབབ་པ་སྟེ་འདུས་བྱས་ལ་སྦངས་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་ལན་རེ་རེ་བཟླ་ཞིང་ལིངྒའི་སྤྱི་བོར་བསྣུན་ནོ། །དེ་ལྟར་ཞག་བདུན་དུ་བྱའོ། །ཤིན་ཏུ་མཉམ་གཞག་ནི་ལྷའི་རྣལ་འབྱོར་རོ། །དེ་ནས་ཞག་ནི་བཅུ་གཅིག་པར། །ཞེས་པ་ནི་ཉིན་ཞག་བདུན་གྱི་རྗེས་
སུའོ། །ནི་ནི་ཉིད་ཀྱི་དོན་ཏོ། །ཇི་སྙེད་ཞག་བཅུ་གཅིག་ཏུ་གྱུར་པ་དེ་སྙེད་དུ་ཞག་བཞིར་ནི་དེ་ཡང་དག་པར་བླང་བར་མི་བྱའོ། །འོན་ཀྱང་དེ་སྙེད་ཀྱི་ཉིན་ཞག་རྣམས་སུ་དེ་ལ་སྔགས་ཀྱང་ཐུན་མཚམས་གསུམ་དུ་བཟླས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ནི་སྒྲ་ནི་ཁྱད་པར་རོ། །ཉི་མ་བཅུ་གཅིག་པར་
Vol. 16 · folio 234a
ཡང་དག་པར་བླངས་ཏེ། ཡང་དག་པར་ཕྱིན་ཅི་མ་ལོག་པར་བལྟ་ཞིང་བླང་ངོ་། །བརྒྱུའོ་ཞེས་པ་ཐུན་མོང་གི་ལས་སོ། །བརྒྱུ་བའི་སྐུད་པ་ཡང་ཀ་ར་བཱི་རའི་ཤིང་གི་ཤུན་པའོ་ཞེས་པ་ནི་གདམས་ངག་གོ། །ཁྱད་པར་ནི་མེ་ཏོག་དག་གིས་ཞེས་གསུངས་ཏེ། ནི་ནི་ཉིད་
ཀྱི་དོན་ཏེ། དེ་ནི་མེ་ཏོག་གོ་ཞེས་པའི་དོན་ཏོ། །ཆུ་བོ་ཆེན་པོར་ནི་སྐམ་པ་མེད་པའོ། །ནི་ནི་བསྡུ་བའོ། །པོར་ནི་དེ་ཉིད་ཀྱི་དོན་ནོ། །ནི་ནི་ཉེ་བར་གཟུང་བ་སྟེ། ཁ་ཅིག་ཏུ་ཡང་གཉིས་ནི་བརྒྱུ་བར་མི་བྱའོ། །ཅི་ལྟར་ཆུ་སྐྱུར་ཞེས་པ་ན། །དེ་དག་ཀུན་ནི་རིམ་བཞིན་དུ། །ཞེས་གསུངས་ཏེ།
བསྣུན་པའི་དུས་སུ་སྦྲེངས་ལ་དང་པོ་ལ་སོགས་པའི་མེ་ཏོག་ལ་ཞེས་པར་བྱས་ནས་དེ་ཁོ་ན་ཉིད་བཞིན་དུ་བརྒྱུ་བའོ། །དེའི་གོ་རིམས་ཀྱིས་ཆུ་ལ་དོར་རོ། །ཁ་ཅིག་ན་རེ་བརྒྱུ་བའི་དུས་སུ་གོ་རིམས་ཡིན་ཟེར་རོ། །ནུབ་ཕྱོགས་ཀྱི་མེ་ཏོག་བསྣུན་པའི་དུས་སུ། ནུབ་ཕྱོགས་ཀྱི་མེ་ཏོག་བརྒྱུ་
བའི་དུས་ཀྱང་དེའི་ཞེས་ཟེར་རོ། །རྒྱུན་ལས་བཟློག་སྟེ་རབ་འབབ་ན་ནི་རྒྱུན་གྱི་ཤུགས་སྔགས་ཀྱི་མཐུས་ཤིན་ཏུ་མནན་ཏེ་ལོག་ནས་འོང་བའོ། །ལྷག་མ་ནི་གོ་སླའོ། །ཚིག་གྲུབ་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་སྒྲུབ་པའོ། །གསང་བའི་རྒྱུད་ལས་བྱུང་བ་ནི་རབ་ཏུ་ཕྱེད་པ་ཞེས་དགོངས་སོ། །
རྣལ་འབྱོར་མའི་རྣལ་འབྱོར་གྱི་ཕྱག་རྒྱ་ནི་སྐྱིལ་ཀྲུང་བཅས་ལ་རྡོ་རྗེ་བཅིངས་པར་བྱས་ནས་གུང་མོ་གཉིས་ཀྱི་ཁ་དང་མཐེ་བོང་གཉིས་ཁ་སྦྱར་ནས་མཛུབ་མོ་གཉིས་སྒྲེང་སྟེ། ཕན་ཚུན་སྦྱར་བ་ནི་རྣལ་འབྱོར་མའི་རྣལ་འབྱོར་གྱི་ཕྱག་རྒྱ་ཞེས་པ་ཅིག་ཟེར་རོ། །སྐྱེ་གནས་ཀྱི་ཕྱག་རྒྱ་ཞེས་པའི་གཞུང་
ལ་ཡང་ཕྱག་རྒྱ་ནི་འདི་ཉིད་དོ། །རྗེས་སུ་བཟླས་པའང་ཤེས་པར་བྱའོ། །ཇི་ལྟར་བཟླ་ཞེས་པ་ལ་བསྒྲུབ་བྱར་ཞེས་པ་ལ་སོགས་པ་གསུངས་ཏེ། མཐེ་ཆུང་ནི་རྣལ་འབྱོར་མ་དྲུག་གི་ཡི་གེ་དྲུག་གི་བྲེང་བ་སྤེལ་བ་དང་བཅས་པ་ཤོག་བུར་རྟོགས་པར་བྱས་ལ། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལ་
སོགས་པ་ལས་བྱས་པའི་གཟུགས་བརྙན་གྱི་ལྟོ་བར་བཅུག་སྟེ། བསྐྱོད་པ་ནི་བཟླས་པར་བྱའོ། །ཅི་ལྟ་བུར་གྱུར་པས་བཟླས་ཞེས་པ་ལ་གསུངས་ཏེ། བསྒྲུབ་བྱའི་གཟུགས་བརྙན་དུ་གཏོགས་པ་ལ་མངོན་དུ་ཕྱོགས་ཏེ། ཐུན་མཚམས་གསུམ་དུ་དེ་ཡིད་ལ་གནས་པས་བརྒྱ་བྱིན་ལ་སོགས་པ་
Vol. 16 · folio 234b
འགུགས་པར་བྱེད་དོ། །ཞག་བདུན་དུ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ལྔ་བཅུ་རྩ་དྲུག་དང་བཅས་པའི་བདུན་བརྒྱའི་མཐའ་ནི་བརྒྱའི་མཐར་འགུགས་པའོ། །དེ་ཞེས་པ་ནི་མཚོན་ཆས་སོ། །ལྷག་མ་ནི་གོ་སླའོ། །གཟུགས་བརྙན་དུ་གཏོགས་པ་བསྲོ་བཞིན་པ་ནི་དུར་ཁྲོད་དུ་བོར་བའི་སོལ་བའམ་
ཐལ་བ་ལ་གདུང་བའོ། །རྡུལ་དེ་ཉིད་ནི་སྦས་ན་ནི། །ཞེས་པ་ནི་སྦྱིན་སྲེག་རྡུལ་ལོ། །ལྷག་མ་ནི་གོ་སླའོ། །ཕྱུགས་ཞེས་པ་ལ་སོགས་པ་ནི་སྦྱོར་བ་གཞན་བསྟན་ཏོ། །སྐྱེས་པའམ་བུད་མེད་བྱེད་པ་ནི་རང་མངོན་པར་འདོད་པའི་ལས་སོ། །དེའི་རྒྱུ་ཉིད་ཀྱི་ཕྱིར་ཕོ་ཉ་ཡོངས་སུ་གཟུང་བ་ནི་ཕོ་ཉ་
ཚར་གཅོད་པའོ། །རླན་བཅས་དཔུང་གི་ཚད་མཉམ་བླང་། །ཞེས་པ་ནི་རླན་དང་བཅས་པའི་དཔུང་པའི་ཚད་ཀྱིས་ཀ་ར་བཱི་རའི་ལྕུག་མ་བླང་བའོ། །གང་ལ་སྔགས་ནི་མངོན་པར་བྲི། །ཞེས་པ་ནི་གང་གི་མིང་དང་སྤེལ་བའི་སྔགས་དེ་ཉིད་མངོན་པར་བྲི་ཞེས་པའི་དོན་ཏོ། །གང་གི་ལས་ཞེས་པ་
ནི་སྐྱེས་པའམ་བུད་མེད་དོ། །བཟློག་སྟེ་རྣལ་འབྱོར་མ་དྲུག་གི་གོ་ཆ་ཕྱི་མའི་ཡི་གེའི་སྔགས་སོ། །དེ་ཞེས་པ་ནི་སྐྱེས་པའོ། །དེའམ་ཞེས་པ་ནི་བུད་མེད་དོ། །དེའི་ཕྱིར། བུད་མེད་མཆོག་གམ་ལེགས་པའི་གཟུགས། །ཞེས་པ་ནི་བུད་མེད་མཆོག་ཅེས་བ་ནི་བུད་མེད་མཆོག་གོ། །ངག་གི་
དངོས་གྲུབ་ཀྱི་སྦྱོར་བ་གཞན་ནི་ཀ་ར་བཱི་རའི་མེ་ཏོག་དམར་ཞེས་པ་ལ་སོགས་པ་གསུངས་ཏེ། སྐར་མ་རྒྱལ་ལ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ནས་བླང་བར་བྱའོ། །དེ་ནས་གི་ཝང་གིས་བྱུག་པའོ། །དེ་ཞེས་པ་ནི་མེ་ཏོག་དེའོ། །མྱོས་བྱེད་ཀྱི་ཆུ་ལ་ཡང་དག་པར་གནས་ཏེ་དེ་ལ་བརྒྱ་རྩ་
བརྒྱད་བཟླས་པ་བྱའོ། །དེ་ནས་ཆུ་བོ་ཆེན་པོར་ལྟེ་བ་ཙམ་ཆུར་ནུབ་པར་བྱས་ལ་སྟོང་ཕྲག་གཅིག་བཟླས་པར་བྱའོ། །ལག་པ་གཉིས་ཀྱིས་ཞེས་པ་ནི་སྟོང་བཟླས་པའི་རྗེས་སུ་སྒྲུབ་པ་པོའི་གྲོགས་ཀྱིས་སྒྲུབ་པ་པོའི་སྙིམ་པར་ཡང་དག་པར་རྒྱས་ཤིང་ཟེ་འབྲུ་ལ་སོགས་པ་མེད་པར་གཞུག་པར་
བྱའོ། །ཆུ་ནི་ཞེས་པ་ནི་གང་ལ་མེ་ཏོག་དེ་སྒྲུབ་བའི་གྲོགས་ཀྱི་ཐལ་མོ་ཁ་སྦྱར་དུ་གནས་པར་གྱུར་པ་རང་གི་ལག་པ་གཉིས་སུ་བྱའོ། །ཚིག་གྲུབ་པའི་དགོས་པ་ནི་རྒྱལ་པོའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོས་པས་ཚིག་གིས་གསོད་འགྱུར་ཞིང་། །དབྱེ་དང་བསྐྲད་པ་
Vol. 16 · folio 235a
གཉིས་ཀྱང་བྱེད། །ཅེས་གསུངས་སོ། །ཐུན་མོང་མ་ཡིན་པར་སྐྲོད་པའོ། །གླང་པོ་དང་། རྟ་དང་། དེ་བཞིན་དུ་སྤྲིན་ནི། དེ་བཞིན་སྤྲིན་ཏེ། གླང་པོ་རྟ་དང་དེ་བཞིན་སྤྲིན་ནོ། །དེ་གང་ཡིད་ལ་འདོད་པ་ཞེས་བྱའོ། །གང་ཡིད་ལ་འདོད་པ་དེ་འགུགས་པར་བྱེད་དོ། །འགུགས་
པར་བྱེད་པ་ལ་སོགས་པའི་སྦྱོར་བ་གཞན་གསུངས་པ་ནི་དེ་ཡང་གོ་སླའོ། །ཡིད་ཆེས་སེམས་ནི་ངེས་པར་འཇུག །ཅེས་པ་ནི་སེམས་དང་ལྡན་པ་ལ་སྦྱོར་བ་ཡིན་གྱི་ཤིང་དང་རྡོ་ལ་སོགས་པ་ལ་ནི་མ་ཡིན་ནོ། །རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་ཕྱི་མའི་ཡི་གེ་དྲུག་གི་བདག་ཉིད་ཀྱི་
སྔགས་དེའི་ལས་དང་། རྣལ་འབྱོར་མ་དྲུག་གི་ལས་དེ་ཡང་དག་གི་དངོས་གྲུབ་ཚིག་གྲུབ་པས་འགུགས་པ་དེ་བརྗོད་པ་གང་ཡིན་པའི་ལེའུ་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་རྩ་ལྔ་ནི་བཞི་བཅུ་རྩ་ལྔ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་ལྔ་པའི་དཀའ་
འགྲེལ་ལོ།། །།ད་ནི་ཡི་གེ་ཧ་ལྔའི་ལས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་ཧ་ལྔའི་ལས་ཀྱི་རབ་བྱེད་དོ། །ཧ་ལྔ་ཞེས་པ་ནི་ཧ་ལྔའི་ལས་དགོས་པའམ། དེ་རབ་ཏུ་སྒྲུབ་པ་པོའི་རྣལ་འབྱོར་བས་ཧ་ལྔ་རྒྱས་པར་བྱའོ། །ཧ་ལྔ་སྟོན་ཏེ་ཧཱ་ཧཱི་ཧཻ་ཧཽ་ཧཾ། ཞེས་བྱ་བ་
ནི་ཧ་ལྔའོ། །དབྱངས་དྲུག་པོ་གང་ཡིན་པའི་དཔའ་བོ་དྲུག་གི་གོ་ཆའི་སྔགས་བཏུ་བའི་ལྷག་མ་དབྱངས་ལྔ་ནི་ཧས་ཁྱད་པར་དུ་བྱས་པའོ། །ཧ་ལྔ་ནི་མདའ་ལྔ་དང་ལྡན་པའི་ལག་པས་མཉེ་བར་བྱའོ་ཞེས་སྦྱར་བར་བྱའོ། །དེའི་ཕྱིར་ཡང་སྟོན་ཏེ། ཡི་གེ་ཧ་ནི་ལྔ་པོ་དག །ཅེས་གསུངས་ཏེ།
ལག་པར་ཧ་ལྔ་ནི་ལག་པར་འཁོར་ལོ་རྩིབས་ལྔ་པ་བསམ་པའམ། དངོས་སུ་བྲིས་ལ་ཡི་གེ་ལྔ་བསམ་པའམ་བྲིས་ལ་མཉེ་བར་བྱའོ་ཞེས་པ་ནི་ཉེ་བར་བསྡུ་བའི་དོན་ཏོ། །ལྔའི་སྒྲས་ནི་གསལ་པོའི་དོན་ཉིད་ཀྱི་ཕྱིར། ཨཱུ་ཡང་གཟུང་བས་ཧཱ་ཧཱི་ཧཱུ་ཧཻ་ཧཽ་ཧཾ། ཞེས་བྱ་བ་ནི་ཧ་དྲུག་གོ། །དེ་ཉིད་
ཧ་ལྔའི་སྔགས་སོ། །སྔགས་དྲུག་གི་ཞེས་གཞན་ཁ་ཅིག་འདོད་དོ། །ཁ་ནས་ཀྱང་ནི་ཁྲག་འཛག་ཅིང་། །ཞེས་པ་ནི་རྩ་ལྔ་ལ་ཁབ་ཀྱི་རྣམ་པ་ཅན་གྱི་གདོང་གིས་ཕུག་སྟེ་ཁྲག་དགུག་བཞིན་པ་ཐོད་པ་ལ་གནས་པར་བསམ་པར་བྱའོ། །དེ་ནས་དེ་མ་ཐག་ཏུ་དགྲ་བོ་དེ་འཆིའོ། །སྦྱོར་
Vol. 16 · folio 235b
པ་གཞན་ནི་རང་གི་ཁྲག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲིན་ལག་ནི་བུ་མེད་པ་ཉིད་དེ་དེའི་ཁྲག་ནི་ཁྲག་གོ། །སྐམ་པ་ནི་བསྐམ་པར་བྱའོ་ཞེས་པའི་དོན་ཏོ། །ཧ་རྣམ་པ་ལྔ་བཟླས་པ་ཉིད་ནི་དགོས་པའོ། །གལ་ཏེ་ཁྲོས་ཞེས་བྱ་བ་ལ་སོགས་པས་ནི་བཟླས་པ་ཙམ་གྱིས་འགྲུབ་པར་
སྟོན་ཏོ། །དུག་དང་སྐེ་ཚེས་ལག་པའི་མཐིལ་གཉིས་ལ་རྣམ་པར་བྱུགས་ལ། དེའི་སྟེང་དུ་བ་བླ་དང་ཐོད་ལེ་ཀོར་ལ་སོགས་པ་བྱ་རོག་གི་གཤོག་པའི་སྨྱུ་གུས་གཟུང་སྟེ་ཧ་རྣམ་པ་ལྔ་སྔོན་བཞིན་དུ་བྲིས་ལ་བསམ་གཏན་གྱིས་ཀྱང་དེ་བཞིན་དུ་བལྟས་ཏེ། སེང་ལྡེང་གི་འདབ་མའམ་མེ་ལ་བསྒྲུབ་
བྱའི་རྐང་པའི་རྡུལ་ལག་པ་གཉིས་ཀྱིས་མཉེ་བ་ནི་ཡང་དག་པར་མཉེས་ནས་མིང་གཟུང་བ་སྔོན་བཞིན་དུ་འགྲོ་བས་དེ་ཉིད་ཀྱི་སྔགས་ཀྱི་སྦྱིན་སྲེག་བྱས་ན་ཁ་ནས་ཁྲག་སྐྱུགས་ཏེ་དགྲ་བོ་འཆི་བར་འགྱུར་རོ། །ཞེས་ཁ་ཅིག་ཟེར་རོ། །སྦྱིན་སྲེག་གི་སྦྱོར་བ་ནི་བྱི་ལ་དང་ནི་ཞེས་པ་ལ་སོགས་པ་གསུངས་
ཏེ། དབང་ནི་དབང་ཕྱུག་གོ། །འཛམ་བུ་ཀ་ནི་ལུང་ཉིད་ཀྱི་ཕྱིར་རོ། །ཤ་དེ་དག་གིས་མཁའ་འགྲོ་མ་རྣམས་ལ་གཏོར་མ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱའོ། །དེ་ལ་མཁའ་འགྲོ་མ་ལ་གཏོར་མ་དང་སྦྱིན་སྲེག་སྤྱོད་དོ་ཞེས་བྱའོ། །ཤ་དེ་སྔགས་འདི་དང་སྤེལ་བ་སྔོན་དུ་འགྲོ་བས་སྦྱིན་སྲེག་བྱ་ཞེས་
དགོངས་སོ། །རྟ་ནི་དངོས་གྲུབ་བྱེད་པ་ནི་རྒྱལ་པོ་ལ་སོགས་པ་གྲུབ་པར་བྱེད་པའོ། །འདི་དག་ཅེས་པ་ནི་བྱི་ལ་ལ་སོགས་པའོ། །རི་བོང་ལ་སོགས་ཞེས་པ་ནི་སོགས་ཀྱི་སྒྲས་ཅེ་སྤྱང་ལ་སོགས་པ་གཟུང་ངོ་། །ལན་སྟོང་བཟླས་ཞེས་པ་ནི་སྒྲའི་རྐྱེན་མེད་པའོ། །ལག་པ་ལ་བཟླས་བརྗོད་
སྟོང་གིས་མངོན་པར་བསྔགས་ནས་ཀར་བཱི་རའི་མེ་ཏོག་དང་བཅས་ནས་སྦྲུམ་མ་ལ་རེག་པར་བྱའོ། །དེས་ཅི་ཞེས་པ་མངལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་གེ་རེ་རེ་ཡང་དག་སྦྱར། །ཞེས་པ་ནི་འབུམ་ཕྲག་ལྔ་བཟླས་པའི་རྗེས་སུ་དེ་ནས་ལས་ལ་སྦྱར་རོ་ཞེས་དགོངས་སོ། །
བཏང་ན་ཐར་པ་ཞེས་པ་ནི་ལག་པས་དེའི་ལུས་བཏང་ན་མངལ་འཕོ་བ་ལས་ཐར་པའོ། །རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་སྦྱོར་བ་རྣམས་དང་རྡོ་རྗེ་ཕག་མོའི་སྦྱོར་བ་དང་གཞན་དུ་ཡང་དཔལ་ཧེ་རུ་ཀའི་རྣལ་འབྱོར་པས་ཧ་ལྔའི་ལས་ལག་པ་མཉེ་བ་ལ་སོགས་པ་དེ་བརྗོད་པ་གང་ཡིན་པ་
Vol. 16 · folio 236a
དེ་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་རྩ་དྲུག་ནི་བཞི་བཅུ་རྩ་དྲུག་པའོ་ཞེས་པ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་དྲུག་པའི་དཀའ་འགྲེལ་ལོ།། །།ད་ནི་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་ལས་ཀྱི་ཚོགས་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་ནས་ཞེས་པ་ནི་ཧ་ལྔའི་ལས་ཀྱི་ཚོགས་ཀྱི་རྗེས་སུའོ། །མཁའ་འགྲོ་ཀུན་གྱི་སྙིང་པོ་དེ་ཡང་དག་པར་བཤད་དོ་ཞེས་སྦྱར་རོ། །མཁའ་འགྲོ་ཀུན་ནི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་སོ། །དེའི་སྙིང་པོའི་ཡང་སྙིང་པོ་སྟེ་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཞེས་པའི་དོན་ཏོ། །
ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་བྱའོ། །དེའི་ཕྱིར་ཡང་དག་པར་བཤད་པར་བྱའོ། །གང་གི་ཕྱིར་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བར་འགྱུར་བའི་ཕྱིར་དེའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་བཟླས་པས་དངོས་གྲུབ་ཐམས་ཅད་ཀྱི་འབྲས་བུ་སྟེར་བར་ཡང་དག་པར་བཤད་
པར་བྱའོ། །ཉེ་བའི་སྙིང་པོ་བརྗོད་བཞིན་པ་ཉིད་ཡིན་ནོ། །ཇི་ལྟར་མཁའ་འགྲོ་མ་ཀུན་གྱི་སྙིང་པོ་ཡིན་ཞེ་ན། དེའི་ལས་ཀྱི་ཚོགས་ནི་ངེས་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཞེས་པ་ནི་རྒྱུ་དང་འབྲས་བུའོ། །མཁའ་འགྲོ་མའི་རིག་པ་ཆེན་མོ་ཡང་དེ་བཟླས་བཞིན་པ་ཡང་དེ་བས་དེ་བཞིན་ནོ། །དེ་
ལ་སོར་དྲུག་པ་ཞེས་པ་ནི་སྒྲའི་རྐྱེན་མེད་པའོ། །རིགས་རྣམས་སྐྲོད་དོ་ཞེས་པ་ནི་དེའི་རིགས་རྒྱུད་ཀུན་ཡང་དག་པར་སྐྲོད་བར་འགྱུར་རོ་ཞེས་དགོངས་སོ། །ས་ལས་བྱས་པའི་གཟུགས་བརྙན་ཞེས་བྱ་བ་ནི། དེའི་སྙིང་གར་འགྲོ་བ་ལ་སོགས་པར་གཏོགས་པ་ལ་དེའི་སྙིང་གར་དེའི་སྔགས་དང་
དེའི་མིང་སྤེལ་བའོ། །རྒྱལ་པོའི་སྒོར་སྦ་བར་བྱའོ། །སོར་བརྒྱད་ཅེས་པ་ནི་དེའི་ཚད་ཀྱི་ཕྱེད་བརྐོས་ལ་སྦའོ་ཞེས་པའི་དོན་ཏོ། །དེ་ནས་གཞན་དུ་མ་དུ་ལུང་གའི་མེ་ཏོག་གསུམ་སྦྱིན་སྲེག་བྱའོ། །དེ་ནས་གཞན་ཡང་ཚངས་པར་སྟོང་ཕྲག་བརྒྱད་ཉིད་སྦྱིན་སྲེག་བྱའོ་ཞེས་ཟེར་རོ། །ཀཱ་ཀཱཎ་
ཌཱིའི་འབྲས་བུ་ནི་ནག་པོ་ཆེན་པོའི་འབྲས་བུའོ། །རབ་ཏུ་ལྟོགས་པ་ནི་བྱ་རོག་གོ། །རྒྱལ་གྱི་ལྕགས་ནི་ལྕགས་གྱི་འབུའོ། །གསེར་ཤིང་ནི་ད་དུ་རའོ། །བྱ་ཆེན་པོ་ནི་སྲིན་བྱའོ། །ཁྭའི་རྒྱུས་པ་ནི་ཁྭའི་རྩའོ། །ལྷག་མ་ནི་ཕྱི་མ་རྣམས་སོ། །འདིས་འདི་ལྟར་སྟོན་ཏེ། འབྲས་སོབ་བཅུག་པའི་རྗེས་སུ་དེའི་
Vol. 16 · folio 236b
སྔགས་ཀྱིས་མངོན་པར་བསྔགས་པའི་ཆུས་བདག་ཉིད་ལ་དབང་བསྐུར་ཞིང་ཞག་བདུན་དུ་བཟླས་པས་ནོར་རྣམས་འགུགས་སོ། །མཁའ་འགྲོ་མ་ཐམས་ཅད་ཀྱི་སྔགས་ཀྱི་ལས་བརྗོད་པ་གང་ཡིན་པས་དེ་དེ་བཞིན་ནོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་བདུན་པའི་དཀའ་
འགྲེལ་ལོ།། །།དེ་ནས་ཞེས་པ་ནི་ཉེ་བའི་སྙིང་པོའི་ལས་ཚོགས་བསྟན་པའི་རྗེས་སུའོ། །སྔགས་གཞན་ཡང་ཡང་དག་པར་བརྗོད་པར་བྱའོ། །དེ་ལ་སྙིང་པོ་སྟེ་དེའི་ཕྱིར་མཁའ་འགྲོ་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཁའ་འགྲོ་ཀུན་གང་ཡིན་པ་དེ་ནི་སྙིང་པོའོ། །
གང་དགེ་བ་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་གི་ཕྱིར་དགེ་བ་གང་གིས་མཁའ་འགྲོ་མར་འགྱུར་ཞིང་དངོས་སུ་བསྐྱེད་པ་གང་ཡིན་པའོ། །སེམས་ཅན་མ་ལུས་པ་རྣམས་ཀྱི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་པོ་ཉིད་ཡིན་པས་འདོད་པའི་དོན་ཐམས་ཅད་སྒྲུབ་པར་
བྱེད་པ་པོ་གང་ཡིན་པ་དེ་ནི་རྣལ་འབྱོར་པའོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་ཡང་གཡོ་བར་བྱེད། །ཅེས་བྱ་བ་ནི་གང་ཡང་དག་པའི་དངོས་གྲུབ་ཡང་དག་པའི་བྱང་ཆུབ་ནི་གོ་རིམས་བཞིན་དུ་ཡིན་པ་དེའི་སྙིང་པོའི་སྔགས་བཤད་དོ་བར་སྦྱར་རོ། །དེ་ལ་སྙིང་པོའི་སྔགས་ནི་
སྦ་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་སྦས་པ་ནི། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་བརྗོད་པའོ། །སྔགས་འདི་བཀླགས་པས་འགྲུབ་བ་སྟེ། །ཞེས་པ་ནི་བྲི་བ་ལ་སོགས་པ་སྤངས་པའོ། །དེ་ཡང་ལས་ཐམས་ཅད་སྔོན་དུ་གསུངས་པ་
བྱེད་པའི་ངང་ཚུལ་གང་ཡིན་པ་དེ་ནི་ལས་ཐམས་ཅད་བྱེད་པ་སྟེ་རྣལ་འབྱོར་པའོ། །དགེ་བ་ནི་རྣམ་པར་དག་པའོ། །ལས་རྣམས་ཀུན་བྱེད་དགེ་བ་ཡིན། །ཞེས་པའི་གསུང་ལ་ནི་སྔགས་ཀྱི་ཁྱད་པར་རོ། །སྔགས་འདི་གང་གིས་ཞེས་པ་ལ། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་མཁའ་འགྲོ་མའོ། །རྣལ་འབྱོར་མ་ནི་གཟུགས་ཅན་མའོ། །ནི་ནི་ཀུན་སྡུད་པའོ། །དེ་བཞིན་དུམ་སྐྱེས་མ་ལ་ནི་ཞེས་པ་ནི། དུམ་སྐྱེས་མ་དང་ལཱ་མ་དག་གོ་ཞེས་དགོངས་སོ། །དེ་བཞིན་ཐམས་ཅད་རྣམས་ཞེས་པ་ནི་ཐམས་ཅད་རྣམས་ཉིད་
Vol. 16 · folio 237a
ནི་རྡོ་རྗེ་ཕག་མོ་ལ་སོགས་པའོ། །དེ་ལྟར་སྔགས་ནི་དེ་ལྟ་བུའི་སྔགས་སོ། །ལས་ཐམས་ཅད་བྱེད་པ་ཉིད་མདོར་བསྟན་པ་དང་རྒྱས་པར་བཤད་པའོ། །ས་འོག་ལ་སོགས་ཡོད་པ་ཞེས་པ་ནི་འཇིག་རྟེན་གསུམ་ཤེས་ཤིང་དངོས་གྲུབ་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་
པའོ། །འདི་ལས་གཞན་སྒྲུབ་པར་བྱེད་པ་གང་ཡང་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་སྔགས་འདི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ་ཞེས་པ་ལ། བླ་མེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་སྙིང་པོའོ། །ལྷ་རྫས་དང་ཐབས་རབ་ཏུ་སྟོན་པ་ནི་ལྷ་རྫས་
ཐབས་ནི་རབ་སྟོན་པའོ། །མདོར་བསྟན་པའི་རྣལ་འབྱོར་མ་རྣམས་ཀྱི་དགོད་པ་རྒྱས་པར་ནི། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །བསྒོམ་མོ་ཞེས་བརྗོད་པ་ནི་བྲི་བ་ཉིད་དེ་གང་གསུངས་པ་ཉིད་ཀྱིས་ཀྱང་དེ་བཞིན་དུ་ཡང་བསྒྲུབ་པར་བྱའོ། །རི་བོ་ཞེས་པ་ནི་རི་རབ་བོ། །
དེའི་སྟེང་དུ་རྟག་ཏུ་སྒོམ་པ་ཞེས་པ་ནི། རྒྱུན་གྱིས་རྟག་པས་གཞལ་ཡས་ཁང་པ་ཞེས་པའི་དོན་ཏོ། །དེ་བཞིན་ཞེས་པ་ནི་གཞལ་ཡས་ཁང་པའི་སྟེང་དུ་མཁའ་འགྲོ་མ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱི་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །དེའི་ཕྱིར་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་
གསུངས་སོ། །དཔའ་བོ་རྣམས་ཞེས་པ་ནི་དཔའ་བོ་ཐོད་པའི་དུམ་བུ་ལ་སོགས་པ་དང་བཅས་པའི་རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་མང་བའི་ཕྱིར་ཁྭ་གདོང་མ་ལ་སོགས་པ་ཡང་
དཔའ་བོ་བསྟེན་པ་ཡང་ནི་དཔལ་ཧེ་རུ་ཀ་བསྟེན་པ་ཡང་སྟེ་བསྒོམ་པར་བྱའོ་ཞེས་བྱའོ། །ཇི་ལྟ་བུ་ཇི་ཙམ་གྱི་དཔའ་བོ་ཞེས་པ་ལ་གསུངས་ཏེ། ཧཱ་ཧཱ་ཧེ་ཧེ་ཞེས་བྱ་བ་ལ་སོགས་པས་དགོད་པས་ཉེ་བར་མཚོན་པའི་དཔའ་བོ་ཉི་ཤུ་རྩ་བཞི་ནི་དཔའ་བོ་རྣམས་ཞེས་པའི་དོན་ཏོ། །མཁའ་
འགྲོ་དྲ་བའི་བདེ་མཆོག་བསྒོམ། །ཞེས་གསུངས་ཏེ། སྔོན་དུ་མདོར་བསྟན་པ་རྒྱས་པར་བྱས་པའོ། །དཔའ་བོ་རྣམས་གོ་རིམས་བཟློག་པས་སོ་སོར་རྒྱས་པ་ནི། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པར་བྱ་བ་སྦྱར་བ་ནི་ཐམས་ཅད་དུ་སྒྲའི་གཉིས་པའོ། །
Vol. 16 · folio 237b
ཐོད་པའི་དུམ་བུ་དང་པོ་ཞེས་པ་ནི་དང་པོ་ནི་ཐོག་མར་རོ། །དང་པོར་གནས་པའི་ཐོད་པའི་དུམ་བུ་དང་ལྷན་ཅིག་ཏུ་ཀེང་རུས་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གྲངས་ཀྱི་སྒོ་ནས་ཉེ་བར་བསྡུ་བ་ནི། དཔའ་བོ་ཉི་ཤུ་རྩ་བཞི་ཡིས། །ཞེས་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་
བཞི་དཀྱིལ་འཁོར་དང་ལུས་ལའོ། །དེའི་ཕྱིར་འགྲོ་བ་འདི་དག་ཅེས་གསུངས་ཏེ། འདི་ནི་ལུས་སྟོན་པའི་ཚིག་གོ། །ཐོད་པའི་དུམ་བུ་དང་། ཀེང་རུས་ཆེན་པོ་དང་ཀེང་རུས་དང་། མཆེ་བ་རྣམ་པར་གཙིགས་པ་དང་། དགྲ་ལྷ་དང་། འོད་དཔག་མེད་པ་དང་། རྡོ་རྗེ་འོད་དང་། རྡོ་རྗེ་
སྐུ་དང་། མྱུ་གུ་ཅན་དང་། རྡོ་རྗེ་རལ་པ་ཅན་དང་། དཔའ་བོ་ཆེན་པོ་དང་། རྡོ་རྗེ་ཧཱུཾ་མཛད་དང་། རབ་ཏུ་བཟང་དང་། རྡོ་རྗེ་བཟང་དང་། འཇིགས་བྱེད་དང་། མིག་མི་བཟང་དང་། སྟོབས་པོ་ཆེ་དང་། རྡོ་རྗེ་རིན་ཆེན་དང་། རྟ་མགྲིན་དང་། ནམ་མཁའི་སྙིང་པོ་དང་། དཔལ་ཧེ་རུ་ཀ་དང་། པདྨ་
གར་གྱི་དབང་ཕྱུག་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ཞེས་བྱའོ། །དེ་ལ་བརྒྱད་པོ་ཐོད་པའི་དུམ་བུ་ལ་སོགས་པ་ནས་རྡོ་རྗེ་སྐུའི་བར་ནི་སྔོན་པོ་སྟེ་ཐུགས་ཀྱི་འཁོར་ལོ་སྟོན་པའོ། །མྱུ་གུ་ཅན་ལ་སོགས་པ་ནས་མིག་མི་བཟང་གི་བར་དུ་བརྒྱད་པོ་ནི་དམར་པོ་སྟེ་གསུང་གི་འཁོར་
ལོ་དམར་པོའོ། །སྟོབས་པོ་ཆེ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའི་བར་དུ་དཀར་པོ་སྟེ། སྐུའི་འཁོར་ལོ་ཡང་དཀར་པོའོ། །འདི་དག་ནི་ཕྱག་གཉིས་པའམ། ཕྱག་བཞི་པ་དག་ནི་སློབ་དཔོན་གྱི་འདོད་པས་སོ། །མགོ་དང་། སྤྱི་གཙུག་དང་། རྣ་བ་གཡས་པ་དང་། ལྟག་པ་དང་། རྣ་བ་
གཡོན་པ་དང་། སྨིན་མའི་དབུས་དང་། མིག་གཉིས་དང་། དཔུང་པའི་རྩ་བ་གཉིས་དང་། མཆན་ཁུང་གཉིས་དང་། ནུ་མ་གཉིས་དང་། ལྟེ་བ་དང་། སྣ་དང་། ཁ་དང་། མགྲིན་པ་དང་། སྙིང་ག་དང་། མདོམས་དང་། མཚན་མ་དང་། བཤང་བའི་ལམ་དང་། བརླ་དང་། བྱིན་པ་དང་། རྐང་པའི་
སོར་མོ་དང་། བོལ་དང་། མཐེབ་ཆེན་གཉིས་དང་། པུས་མོ་གཉིས་རྣམས་ལ་ཐོད་པའི་དུམ་བུ་ལ་སོགས་པ་དང་། རབ་ཏུ་གཏུམ་མོ་ལ་སོགས་པ་དང་ལྡན་པར་བསྒོམ་པར་བྱའོ། །འདིར་དེ་རྣམས་ཀྱི་ལུས་ཁྱབ་པའོ། །བསྡུས་པའི་དོན་སྟོན་ཏེ་དཔའ་བོ་རྣམས་ནི་དཔའ་བོའོ། །མཁའ་འགྲོ་མ་ནི་
Vol. 16 · folio 238a
མཁའ་འགྲོ་མ་རྣམས་སོ། །དེ་ཉིད་ནི་རྣལ་འབྱོར་མ་སྟེ། དེ་ཡང་རྣལ་འབྱོར་མ་རབ་ཏུ་གཏུམ་མོ་ལ་སོགས་པ་འཁོར་ལོར་བཞུགས་པ་བལྟ་བར་བྱ་ཞེས་པའི་འཁོར་ལ་ཁྱབ་པར་འདིས་བསྟན་པའོ། །བྱ་བ་ཀུན་ནི་ཞི་བ་ལ་སོགས་པ་རྣམས་སོ། །གང་གིས་ཤེས་པ་ལ་སྒྲུབ་པ་པོ་
ཞེས་གསུངས་ཏེ། གང་གི་ཚེ་སྒྲུབ་པ་པོ་ཡིན་ན་དེའི་ཚེ་འདིས་ཞེས་དགོངས་སོ། །འདི་དག་ཉེ་བར་བསྡུ་བ་ནི། འཁོར་ལོའི་བདག་ཉིད་རྟག་ཏུ་བསྒོམ། །ཞེས་གསུངས་ཏེ། དཔའ་བོ་དང་དཔའ་མོ་ལས་སྐྱེས་པའི་འཁོར་ལོའི་བདག་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །མཆོད་པ་ཉེ་བར་
བསྡུ་བ་ནི་སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་དང་གསང་བ་དང་ཡིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ། །མཆོད་པ་ནི་མཁའ་འགྲོ་མའི་དྲ་བ་སྡོམ་ཞེས་གསུངས་ཏེ། འཁོར་ལོ་ཆེན་པོ་ནི་དངོས་གྲུབ་ཆེན་པོའི་རྟེན་ཡིན་པས་དེ་བཞིན་དུ་ཞེས་པ་ནི་རྣམ་གྲངས་ཀྱི་ཚིག་ཡིན་ནོ། །འདས་
པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་བཞེད་པ་ནི་ལེགས་པར་གསུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ནི་སངས་རྒྱས་བྱེ་བས་ཀྱང་ལེགས་པར་གསུངས་སོ། །བྱེད་པ་པོའི་སྒྲུབ་པའི་སྒྲའོ། །དཔའ་བོ་བྱེ་བ་ཉིད་ཀྱིས་ཀྱང་ཞེས་གསུངས་ཏེ། བྱེ་བ་ཉིད་དོ། །
རྣལ་འབྱོར་མ་རྣམས་མང་བ་ནི། །མཁའ་འགྲོ་མ་ནི་རེ་རེ་ཡང་། །བྱེ་བའི་གྲངས་ཀྱི་འཁོར་གྱིས་བསྐོར། །ཞེས་གསུངས་ཏེ། རྣལ་འབྱོར་མ་རེ་རེ་ལ་རྣལ་འབྱོར་མ་བྱེ་བ་བྱེ་བས་བསྐོར་བའོ། །དེ་ལ་མཁའ་འགྲོ་མ་ལ་སོགས་པ་བཅུ་གཉིས་དང་། རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་དང་།
རྡོ་རྗེ་ཕག་མོ་ཡང་ངོ་། །དེ་ཉིད་ནི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་གྱི་སྒྲས་ནི་དེ་དག་ཐམས་ཅད་མཉམ་པ་ཁོ་ནར་གཟུང་བའོ། །འདི་ལ་ཅིའི་ཕྱིར་མཆོད་ཅེས་པ་ལ། མཆོད་ཅེས་པ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཀུན་བྱེད་དགེ་བ་ཡིན། །ཞེས་གསུངས་སོ། །
མཁའ་འགྲོ་མ་ཐམས་ཅད་ཀྱི་རྟེན་ནམ་གཞི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་སོ། །སྦས་པ་དང་དེའི་དཀྱིལ་འཁོར་ཡང་བརྗོད་པ་གང་ཡིན་པ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་བརྒྱད་ནི་བཞི་བཅུ་རྩ་བརྒྱད་དོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་བརྒྱད་པའི་དཀའ་འགྲེལ་
Vol. 16 · folio 238b
ལོ། །།ད་ནི་ཧེ་རུ་ཀར་བྱེད་པར་གསལ་པོར་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་པ་ནི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ལ་སོགས་པ་བསྟན་པའི་རྗེས་སུའོ། །ཕྱུགས་ཀྱི་ལས་ཞེས་པ་ནི་ཕྱུགས་རྣམས་ཀྱི་ལས་ནི་ཕྱུགས་ཀྱི་ལས་ཏེ། སྐྱེ་བ་བདུན་པ་ཉེ་བར་དམིགས་
པའི་མཚན་ཉིད་དོ། །སཱ་ལིའི་ཁུ་བའི་རང་བཞིན་ཞེས་པ་ནི་སཱ་ལི་ནི་ཁ་བའི་དུས་སུ་སྐྱེས་པའི་འབྲུའི་བྱེ་བྲག་གོ། །འབྲས་ཀྱི་ཁུ་བར་འགྱུར་བའི་རྣམ་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ་ཕྱུགས་སོ། །ཕྱུགས་ནི་བོང་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་པ་ནི་སྐྱེ་བ་བདུན་པ་སྟེ། སྣ་
ཚོགས་ཀྱི་ཕག་པ་ནི་མདོག་སྣ་ཚོགས་ཀྱི་རི་དགས་ཀྱི་ཁྱད་པར་རོ། །དེ་ཡང་དག་པར་འདུས་བྱས་ཏེ། བོང་བུ་ལ་སོགས་པ་དང་བཅས་པ་དེ་དག་གི་ནང་ནས་ཁ་ཅིག་ཅེས་པའི་དོན་ཏོ། །འདིས་ཀྱང་སྔར་གྱི་ལས་ཉིད་གསལ་པོར་བྱས་པའོ། །དང་པོར་བོང་བུ་དང་མི་དང་། རྔ་མོ་ལ་སོགས་པའི་སྐྱེ་བ་ཇི་སྙེད་
པ་ནི་སྐྱེ་བ་བདུན་པར་མཚོན་པའོ། །དེ་ཡང་འདི་ཉིད་དོ། །འདི་དག་ཅེས་བྱ་བ་ལ་སོགས་པ་ལ་འདི་དག་ལ་སྐྱེ་བ་བདུན་པའི་མི་ནི་ལས་དང་། དེའི་མཚན་ཉིད་ཇི་ལྟར་ཡིན་པ་དེ་ལྟར་རབ་ཏུ་བཤད་དོ་ཞེས་སྦྱར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། །སྐྱེ་བ་གཅིག་དང་སྐྱེ་བ་གཉིས། །གསུམ་དང་
བཞི་དང་ལྔ་ཉིད་དང་། །སྐྱེ་བ་དྲུག་དང་བདུན་དུ་ཡང་། །ཕྱུགས་ཉིད་དུ་ནི་གདོན་མི་ཟ། །ཞེས་བྱའོ། །ལུང་ཉིད་ཡིན་པའི་ཕྱིར་རོ། །ཕྱུགས་དང་ཆོས་མཐུན་པས་ཕྱུགས་སོ། །མཚོན་ཉིད་ནི་དྲི་ཞིམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལས་ནི་དེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
བསྣམས་སམ་རེག་པ་ཙམ་གྱིས་ནི། །ལྷ་ཡི་གཟུགས་ནི་འཛིན་པར་འགྱུར། །ཞེས་གསུངས་སོ། །གང་ཞིག་ཐིག་ལེ་བྱེད་པ་སྟེ། །དེ་ཡི་མོད་ལ་གྲུབ་བ་ནི། །རང་འདོད་པའི་ནི་གཟུགས་སུ་འགྱུར། །འདི་ནི་རང་རིགས་གཟུགས་ཅན་འགྱུར། །ཞེས་བྱ་བ་ནི་གཞུང་བཞིན་ནོ། །གང་གིས་
ཐིག་ལེ་ཞེས་པ་ལ། །གི་ཝང་ཞེས་པ་ལ་སོགས་པ་གསུངས་ཏེ། བླང་ཞེས་པ་ནི་གཡོན་པས་ཞེས་བྱ་སྟེ་སྒྲའི་རྐྱེན་ཡོངས་སུ་གྱུར་པའི་ཕྱིར་རོ། །སྙིང་པོའི་སྔགས་ཞེས་པ་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་དག་གིའོ། །ཇི་འདྲ་བའི་འདོད་པའི་གཟུགས་ཞེས་པ་ལ། གང་དང་ཞེས་པ་ལ་
Vol. 16 · folio 239a
སོགས་པ་གསུངས་ཏེ། ལག་པའི་སྤྱི་བོ་ནི་དཔུང་བའི་རྩ་བ་སྟེ། ལག་པའི་སྒྲ་ལ་ལག་པའི་སྒྲ་ལས་དཔུང་པ་དང་ཉེ་བའི་ལག་པའོ། །ཡན་ལག་ལྔ་ནི་ཕྱུགས་དང་ཤིང་གང་ཡིན་པའི་གཟུགས་སུ་འདོད་ན། དེའི་རྣམ་པར་སྣང་མཛད་ལ་སོགས་ས་དང་། ཡན་ལག་ལྔ་ལོ་མ་
དང་མེ་ཏོག་ལ་སོགས་པའོ། །རྣལ་འབྱོར་གོམས་པ་ནི་བཟླས་པ་སྟེ། བཟླས་པར་བྱའོ་ཞེས་པའི་དོན་ཏོ། །བཏང་ན་གྲོལ་བ་ཞེས་པ་ནི་འདིར་དགོས་པ་ཕྱུགས་ལ་སོགས་པའི་གཟུགས་ཉིད་དུ་ཅིའི་ཕྱིར་གནས་པར་མི་བྱེད་ཅེས་པ་ལ། སྡུག་བསྔལ་ཞེས་པ་ལ་སོགས་པ་གསུངས་ཏེ། དུད་
འགྲོ་ཞེས་དགོངས་པ་ཡིན་ནོ། །གང་གི་གཟུགས་འཛིན་ཞེས་པ། གླང་པོ་རྟ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲའི་དྲུག་པའི་དོན་གྱི་གསུམ་པའོ། །དེ་དག་གི་གཟུགས་འཛིན་ཞེས་པའི་དོན་ཏོ། །མངོན་པར་འདོད་པའི་གཟུགས་ལ་སོགས་པ་འཛིན་ཞེས་པའི་དོན་ཏོ། །དེ་དག་
ཀྱང་རྒྱས་པར་འཆད་དེ། དེའི་བྱ་བ་ལ་གླང་པོ་ཆེ་ལ་སོགས་པས་གཏོར་མ་དང་ལོངས་སྤྱད་པར་བྱས་ན་དེ་ནས་མངོན་པར་འདོད་པའི་གཟུགས་ལ་སོགས་པ་འཐོབ་པོ། །འདིར་ཡང་གཉི་གའི་སྙིང་པོའི་བྱ་བའོ། །མཆོག་ཡོད་མ་ཡིན་ཞེས་པ་ནི་སྐྱེ་བ་བདུན་པའི་དངོས་གྲུབ་ཀྱི་རང་བཞིན་
གྱིས་གྲུབ་བ་ན་ནུས་པའོ། །སྐྱེ་བ་བདུན་པའི་བསྒྲུབ་བྱའི་ཕྱུགས་ལས་ཉིད་དུ་གཟུགས་ཡོངས་སུ་བརྗེ་བ་བརྗོད་པ་གང་ཡིན་པ་དེ་ཡང་ཡིན་ལ་ལེའུ་ཡང་ཡིན་པས་དེ་དེ་བཞིན་ནོ། །བཞི་བཅུ་རྩ་དགུ་ནི་བཞི་བཅུ་རྩ་དགུ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་བཞི་བཅུ་རྩ་
དགུ་པའི་དཀའ་འགྲེལ་ལོ།། །།དེ་ནས་ཞེས་བྱ་བ་ནི། སྐྱེ་བ་བདུན་པའི་བསྒྲུབ་བྱ་གཟུགས་ཡོངས་སུ་བརྗེ་བ་བསྟན་པའི་རྗེས་ཐོགས་སུའོ། །ཧ་ཧ་ཧེ་ཧེ་ཞེས་བྱ་བ་ལ་སོགས་པ་དགོད་པ་རྣམ་པ་བརྒྱད་ཀྱི་སྔགས་ཀྱི་སྦྱིན་སྲེག་གི་ཆོ་ག་བཤད་པར་བྱའོ། །གང་གིས་ཕྱུགས་ཀྱི་ཤའི་
སྦྱིན་སྲེག་གི་ཆོ་གས་དབང་གི་ལས་བྱའོ། །མྱུར་དུ་དངོས་གྲུབ་ལ་དེར་རབ་ཏུ་གནས་སོ་ཞེས་པའི་དོན་ཏོ། །སྦྱིན་སྲེག་ནི་ཁ་ཆུ་ཞེས་བྱ་བ་གསུངས་ཏེ། ཁ་ཆུ་ནི་མགྲིན་པ་ནས་བྱུང་བའི་ལུད་པའོ། །ཁྱིའི་སྤུ་ནི་ཁྱིའི་སྤུའོ། །འཕྲལ་དུ་འགུགས་ཞེས་པ་ནི་འགྲུབ་པར་འགྱུར་ཞིང་འོང་བ་ཉིད་དུ་
Vol. 16 · folio 239b
ཡོད་པའོ། །ཡྃ་གི་ས་བོན་དེ་ཉིད་ཀྱིས་འགུགས་པའོ། །གང་གིས་དེ་འགུགས་པའོ་ནི་ཡྃ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་བསྒྲུབ་བྱ་འོང་བར་བལྟས་ནས་དུས་ཚིགས་ཀྱི་ཁྲག་ལ་སོགས་པས་སྦྱིན་སྲེག་བྱའོ་ཞེས་ས་ནི་བསྡུས་པའི་དོན་ཏོ། །ཁྱིའི་ལུས་པོ་ནི་ཁྱིའི་ཁོག་པའོ། །
འཕྲལ་ནི་འཚོ་བའོ། །དེའི་སྐྲོད་པ་ནི་གསོད་པའོ། །རྟག་ཏུ་བཟླས་པའི་འབྲས་བུ་ནི། །ས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སད་པ་ནི་གཉིད་སད་པའོ། །ཉལ་བ་ཞེས་བ་ནི་མལ་སྟན་དུ་གཏོགས་པར་གཉིད་ལོག་པས་སོ། །བྱས་ཞེས་པ་ནི་དགོས་པ་བྱས་པའོ། །ལངས་
ནས་གནས་ཞེས་པ་ནི་ཉལ་ནས་འདུག་ནས་ལངས་ནས་སོ། །མེ་ཐུ་ན་གང་ལ་ཡོད་པ་དེ་ནི་མེ་ཐུ་ནའོ། །བདུད་ཅེས་པ་ནི་ཕུང་པོ་ལ་སོགས་པའི་བདུད་དོ་ཞེས་དགོངས་སོ། །བདུད་ནི་སེམས་ཏེ། སེམས་ཉིད་ནི་བདུད་ཆེན་པོའི་ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །སྔགས་པས་རྟག་ཏུ་ཟློས་
བྱེད་དེ། །ཡང་དག་དུས་ནི་ཡིད་ཡིན་ཏེ། །ཞེས་པ་ནི་གཞུང་གཞན་ནོ། །དེ་ལ་བཟླས་པ་བྱེད་པ་ལ་ཡང་དག་པའི་དུས་ལ་བལྟ་བར་མི་བྱའོ། །གཞན་པའི་སྔགས་ཀྱང་། ཨོཾ་ཧ་ཧཱ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཱཾ་ཕཊ་སྭཱ་ཧཱ་ཞེས་བྱའོ། །ཨོཾ་ཀི་ལི་ཀི་ལི། ཤི་ལི་ཤི་ལི། ཙི་ལི་ཙི་ལི། དྷི་ལི་དྷི་ལི་ཕཊ་
སྭཱ་ཧཱ་ཞེས་བྱ་བ་ཡང་ངོ་། །སྲེག་བླུགས་བརྒྱ་ཞེས་པ་ནི་ཨ་ཀའི་ཤིང་ལ་སོགས་པ་ལ་རྟག་ཏུ་སྲེག་བླུགས་བརྒྱ་བརྒྱ་དུས་ལན་གསུམ་དུ་འབུལ་ལོ། །ལྷ་རྣམས་ཐམས་ཅད་བསྒོམས་ནས་ནི། །ཐུན་གཉིས་བར་དུ་སྦྱིན་སྲེག་བྱ། །ཞེས་པ་ནི་དེ་ལ་ལྷའི་བསམ་གཏན་པ་དང་། ཕྱུགས་ཀྱི་ཤ་
ཐམས་ཅད་དང་ཆང་དང་ཡང་དག་པར་ལྡན་པའོ། །གོ་མ་ཡུའི་ཤ་སར་གྱིས། །ཞེས་པ་ནི་ཅེ་སྤྱང་གི་ཤ་སྙིང་པོའོ། །སྦྱིན་སྲེག་བྱ་ཞེས་པ་ནི་ལ་ལའོ། །ཕྱི་དང་ནང་དུ་བྱ་ཞེས་པ་ནི་ཉེ་བར་མཁོ་བར་བྱའོ། །སྦྱིན་སྲེག་ཆེད་དུ་ཐབ་ཁུང་མེས། །དངོས་གྲུབ་ཐམས་ཅད་རབ་བསྒྲུབ་བྱ། །ཞེས་པ་ནི་
སྔགས་ཀྱི་ཚིག་བཟླས་ཤིང་བསམ་གཏན་དང་སྔགས་བྱའོ། །སྔགས་མེད་པ་ནི་སྔགས་བསྟེན་པའོ། །དེ་གཉིས་ཀྱི་ནུབ་གཅིག་ཏུ་བྱས་པ་ལ་ཅི་ཞེས་པ་ལ་སྟོན་ཏོ། །ཡུལ་འཁོར་བ་ནི་ངེས་ལྟུང་བྱེད་པའོ། །རིགས་པ་གསུངས་པ་ནི། རྣལ་འབྱོར་དབང་ཕྱུག་མཉེས་བྱས་ནས། །དབུལ་པོ་ཉིད་དུ་
Vol. 16 · folio 240a
ག་ལ་འགྱུར། །ཞེས་གསུངས་སོ། །རྣལ་འབྱོར་དབང་ཕྱུག་ནི་ལྷའི་དབང་ཕྱུག་སྟེ། གང་ཡིན་པ་དེ་ནི་དེ་བཞིན་དུ་བཞད་པའི་སྔགས་སོ། །དབུལ་པོ་ནི་དབུལ་པོ་ཉིད་དོ། །ཅི་བདེ་བར་ཞེས་པ་ནི་ངེས་པ་མེད་པའོ། །བརྟུལ་ཞུགས་གཙང་སྦྲ་མེད་པ་ལ། །ཞེས་བྱ་བ་ལ་སོགས་པ་ནི་ཇི་
ལྟར་བདེ་བ་ཉིད་ཀྱི་རྒྱས་བཤད་དོ། །རྗེས་གནང་ནི་ལྷས་རྗེས་སུ་གནང་བ་སྟེ། རྨི་ལམ་དུ་མཚན་མ་མཐོང་བ་ཉིད་ཀྱིས་སོ། །ལྷག་པའི་ཚེར་འགྱུར་བ་ནི་དཱུར་བའོ། །སྦྲང་རྩིའི་ཚིགས་མ་ནི་སྦྲང་རྩིའི་སྙིགས་མའོ། །ཁྱིམ་གྱི་འདབ་མ་ནི་སྟེང་ནས་འཕྱང་བའི་དུད་པའོ། །དེ་ཐམས་ཅད་གང་གི་
ཁྱིམ་གྱི་ཕྱོགས་གཅིག་ཏུ་སྔགས་བཟླས་ནས་སྦས་ན། དེ་ཇི་ལྟར་གསུངས་པ་བཞིན་དུ་འགྱུར་རོ། །དེ་ནས་ཞེས་པ་ནི་སྦྱོར་བ་ཐམས་ཅད་བསྟན་པའི་རྗེས་སུའོ། །གཞན་ཡང་བཤད་བྱ་སྟེ་དེ་ཅིའི་ཞེས་པ་ལ། རྣལ་འབྱོར་མ་ཡིས་དང་གནས། །ཞེས་གསུངས་ཏེ། གནས་ལ་སོགས་པ་གང་ཡིན་པ་
དེ་ནི་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་སོ། །ས་ཉིད་ནི་གནས་ལ་སོགས་པ་སྟེ། ས་དང་གནས་ལ་སོགས་པ་ནི་སྒྲའི་གཉིས་པ་ཕྱི་བའོ། །རྣལ་འབྱོར་མ་ནི་རྣལ་འབྱོར་མ་རྣམས་སོ། །ཡན་ལག་ཉིང་ལག་ཅེས་པ་ནི་ཡན་ལག་ནི་ལག་པ་ལ་སོགས་པའོ། །ཉིང་ལག་ནི་ཚིགས་
ལ་སོགས་པའོ། །སྤྱི་བོར་གཟུགས་ཀྱི་ཕུང་པོའོ། །སྟོབས་ནི་ཚོར་བ་ལ་སོགས་པའོ། །ས་དང་གནས་ལ་སོགས་པ་ཕུང་པོ་ལ་སོགས་པའི་བདག་ཉིད་དཔལ་ཧེ་རུ་ཀའི་ཡན་ལག་དང་ཉིང་ལག་གོ། །ཡན་ལག་ཐམས་ཅད་ཀྱི་ཐབས་སུ་གྱུར་པ་བཤད་པར་བྱའོ་ཞེས་སྦྱར་རོ། །ཉེ་བའི་གནས་
ཉིད་ནི་ཉེ་བའི་གནས་ཏེ་ཡི་གེ་ཨུ་ཕྱི་བའོ། །དཔལ་ཧེ་རུ་ཀ་ངེས་པར་འཆང་ཞེས་པ་ནི་ངེས་པར་བྱས་པའོ། །ས་འདི་རྣམས་དེའི་ཡན་ལག་ལ་བཀོད་པར་བྱའོ་ཞེས་འདི་ནི་ནང་གི་བདག་ཉིད་ས་ཞེས་པ་ནི་ཞེས་གསུངས་ཏེ། འདི་རྣམས་ནང་གི་བདག་ཉིད་ཀྱིས་ཞེས་པའི་དོན་ཏོ། །ཕ་རོལ་ཕྱིན་བཅུ་
ས་རྣམས་ནི། །ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་པོ་དག་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། སྟོབས་དང་། ཐབས་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བཅུའོ། །བརྡའི་སྐད་ཅེས་པ་
Vol. 16 · folio 240b
ནི་རྣལ་འབྱོར་མ་རྣམས་ཀྱི་བརྡར་བྱས་པའི་སྐད་དོ། །མཐོ་རིས་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་གསུམ་མོ། །དཔལ་ཧེ་རུ་གའི་རྣལ་འབྱོར་ཆེན་པོ་བསྟན་པར་བྱས་ནས་དངོས་གྲུབ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ། །ཐམས་ཅད་ཅེས་པ་ལ་སོགས་པས་ནི་འདི་ཉིད་ཀྱི་ཁྱད་པར་རོ། །ཁ་ཅིག་ན་རེ་འདི་
སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ལག་པ་ནི་རྡོ་རྗེའོ། །ཚིག་ནི་ཡུལ་ལོ། །དབང་དུ་བྱ་བའི་སྦྱིན་སྲེག་དང་། གནས་ལ་སོགས་པའི་ས་དང་རྒྱས་པར་སྟོན་པའི་ཡང་གཞུང་གང་གིས་རྒྱས་པར་སྟོན་པ་དེ་ནི་དབང་དུ་བྱ་བའི་སྦྱིན་སྲེག་དང་གནས་ལ་སོགས་པའི་ས་
སྟོན་པའོ། །དེ་ཉིད་རྣམ་པ་སྣ་ཚོགས་ཀྱི་རབ་ཏུ་བྱེད་པའི་དོན་གྱིས་དེ་ཁོ་ན་ཉིད་བརྗོད་པ་ནི་འདིའི་ཆོ་ག་སྟེ་དེའི་བདག་ཉིད་ཀྱི་ལེའུ་ནི་ལྔ་བཅུ་པའོ་ཞེས་བྱ་བ་ནི། དཔལ་འཁོར་ལོ་སྡོམ་པའི་ལེའུ་ལྔ་བཅུ་ཐམ་པའི་དཀའ་འགྲེལ་ལོ།། །།ད་ནི་བསྒོམ་པར་བྱ་བ་བསྡུས་པའི་དོན་ལ་སོགས་པའི་ལེའུ་དེ་ནི།
དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་བཤད་པའི་མཇུག་བསྡུ་བའོ། །དེའི་ཕྱིར་ཞེས་པ་ནི་གང་གི་ཕྱིར་ལྷ་བསྐྱེད་པ་མེད་པར་ཅུང་ཟད་ཀྱང་མི་འགྲུབ་པོ། །དེའི་ཕྱིར་བརྒྱུད་པ་ཡང་དག་པར་བཤད་པར་བྱའོ་ཞེས་སྦྱོར་རོ། །བརྒྱུད་པ་ནི་དམ་པའི་སྐྱེས་བུས་གཅིག་ནས་གཅིག་ཏུ་
བཤད་པའོ། །རྙེད་དཀའ་བ་ཞེས་པ་ནི་མཛད་པར་ཡོངས་སུ་ཤེས་པ་རྙེད་པར་དཀའ་བ་གང་ཡིན་པ་དེ་ནི་དེ་བཞིན་དེ་བརྒྱད་པའོ། །སྦས་པ་ནི་སྨད་བྱེད་ཀྱི་ཁ་ན་མ་ཐོ་བ་མེད་པར་བྱ་བའི་དོན་དུའོ། །ང་ནི་ད་ཉིད་དོ། །ཅི་ཞེས་པ་ལ་རྒྱུད་ཅེས་གསུངས་ཏེ། རྒྱུད་ཅི་ཡང་དག་པར་འདུས་པ་བྱེད་པ་གང་ཡིན་པ་
དེ་ནི་དེ་བཞིན་ཏེ། དཔལ་འཁོར་ལོ་སྡོམ་པར་བརྗོད་པའོ། །བརྡ་སྐད་ཀྱིས་གསུངས་པ་ནི་བརྡའི་སྐད་ཀྱིས་གསུངས་པའོ། །དཔའ་བོ་དེ་བཞིན་གཤེགས་པ་སྟེ་བརྡར་བྱས་པའི་སྐད་དོ། །སྔོན་མ་བྱུང་བ་ཉིད་ཀྱིས་འདིར་བརྡ་བྱས་སོ་ཞེས་དགོངས་སོ། །དེའི་ཕྱིར་ཡང་སྒྲ་དང་སྒྲ་མ་ཡིན་པར་ཡང་
དོགས་པར་མི་བྱའོ། །སྒྲ་འབའ་ཞིག་ནི་དོན་གྱི་རྟོགས་བྱེད་མ་ཡིན་གྱི་འོན་ཀྱང་བརྡར་བྱས་པ་དང་བཅས་པས་སོ། །དེ་ཡང་དཔའ་བོས་ཀྱང་བྱས་ཞེས་པ་ནི་དཔའ་བོས་བརྡར་བྱས་པའི་སྐད་ཡིན་ནོ་ཞེས་ལེགས་པར་བརྗོད་དོ། །དེ་ཡང་དག་པར་འདུས་བྱས་པའི་སྒྲས་ཅི་བྱེད་ཅེས་དགོངས་སོ། །གོས་
Vol. 16 · folio 241a
ནི་སྟག་གི་པགས་པ་དང་གླང་པོ་ཆེའི་པགས་པའོ། །ཕྱག་རྒྱ་ལྔ་ཞེས་པ་ནི་མགུལ་རྒྱན་དང་གདུ་བུ་དང་རྐང་རྒྱན་དང་། རྣ་རྒྱན་དང་ཚངས་པའི་སྐུད་པའོ། །ཕྱག་རྒྱ་ལྔའི་དང་པོར་གྱུར་པ་གང་ཡིན་པ་དེ་ནི་མགུལ་བར་བརྒྱན་པའི་མགོ་བོའི་ཕྲེང་བ་དང་སྐེ་རགས་ལ་སོགས་
པའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུས་ནི་འཁྱུད་པའོ། །ཕུར་བུ་ནི་ཕུར་བུ་སྟེ། རྡོ་རྗེའི་རང་བཞིན་གྱི་གུར་རོ། །འདི་ནི་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རྡོ་རྗེའི་ར་བ་ལ་སོགས་པའོ། །འཇུག་པ་སྒྲ་སོགས་ཞེས་པ་ནི། འཇུག་པ་ནི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རྣམ་དག་གོ། །སྒྲ་ནི་ཐིག་ལེའི་
སྟེང་དུ་རི་མོའི་རྣམ་པའོ། །ཧཱུཾ་གི་སྤྱི་བོའི་མ་ནི་འདིར་སྲོག་མེད་པར་གཟུང་བའོ། །དེ་ཡང་ཐིག་ལེའི་གཟུགས་ཉིད་དུ་རྟོགས་པར་བྱའོ། །ནཱ་ད་ཡང་དེ་མ་ཡང་དེ་ཡིན་པས་ནཱ་ད་དང་མའོ། །དེ་ལ་སོགས་པ་གང་ཡིན་པ་ནི་ཟླ་བ་ཕྱེད་ལ་སོགས་པ་དེ་ནི་ནཱ་ད་དང་མ་ལ་སོགས་པ་སྟེ། འཇུག་པ་སྒྲ་དང་
མ་སོགས་ནི་འཇུག་པ་སྒྲ་དང་མ་ལ་སོགས་པའོ། །ཇི་སྲིད་བསྡུས་པའི་སྦྱོར་ལྡན་པ། །ཞེས་པ་ནི་སྤྲོ་བ་སྔོན་དུ་སོང་བས་སྡུད་པ་སྟེ། འདི་ཡིས་དེ་ངེས་པ་ཉིད་ཀྱི་ཕྱིར་རོ། །བདུད་རྩི་ཚིམ་བྱེད་ངེས་པར་རྫོགས། །བདུད་རྩི་ལྔས་ཚིམ་པ་རབ་ཏུ་བསྐྱེད་པའོ། །གོས་དང་ཕྱག་རྒྱ་ལྔ་ལ་སོགས་
པ་དང་། ཕུར་བུ་དང་དྲ་བ་དང་། ཨཱ་ལི་ཀཱ་ལི་བརྗོད་པ་དང་། རྒྱུ་ལ་སོགས་པ་སྟོང་པ་ཉིད་དང་། འཇུག་པ་དང་། སྒྲ་དང་། ཐིག་ལེ་དང་། བསྡུ་བའི་སྦྱོར་བ་དང་། བདུད་རྩི་ཚིམ་བྱེད་ཡོངས་སུ་རྫོགས་པ་དང་། ལག་པའི་མཆོད་པ་དང་། དབང་བསྐུར་བ་དང་། གོ་ཆ་ཆེན་པོ་སྔོན་དུ་སོང་
བས་སྔགས་ཀྱི་མཆོད་པ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་བཅུ་བཞི་འདི་ནི་གཙོ་བོ་ཉིད་དུ་བསྟན་པའོ། །དེའི་ཕྱིར་ཡང་འདི་ནི་དེ་ཉིད་བཅུ་བཞི་ནི་ཞེས་གསུངས་ཏེ། བཅུ་དང་བཞིའི་ཡན་ལག་དང་ཉིང་ལག་ཏུ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། རྒྱུད་ཀྱི་བརྗོད་པར་བྱ་བ་མདོར་བསྡུས་པའོ། །དེའི་ཕྱིར་
མདོར་བསྡུས་ན་ཞེས་གསུངས་ཏེ། འདིས་གང་ལ་མཉམ་པར་སྤྱོད་པའི་ཐ་སྙད་དུ་བྱེད་པའོ། །དེ་ཉིད་བསླབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་སྡིག་པ་ཐམས་ཅད་དག་པའི་བདག་ཉིད་དུ་འགྱུར་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་བ་ཉིད་ཀྱི་ཕྱིར་རོ། །ཐམས་ཅད་ནི་མཚམས་མེད་པ་ལྔ་ལ་
Vol. 16 · folio 241b
སོགས་པའི་སྡིག་པ་རྣམ་པར་དག་པ་གང་ཡིན་པ་དེ་ནི་དེ་བཞིན་ཏེ། བདག་ཉིད་ཀྱི་སེམས་གང་ཡིན་པའོ། །གང་ཡིན་པ་དེ་ནི་རྣལ་འབྱོར་པའོ། །དེ་དེ་བཞིན་ནི་སྒྲའི་ངེས་པ་གཞན་དུ་ལྟ་བས་སོ། །ལས་རྣམས་བསྐལ་པ་བརྒྱ་རུ་ཡང་། །ཆུད་ནི་ཟོས་པར་མི་འགྱུར་ཏེ། །ཚོགས་ཤིང་
དུས་ལ་བབ་པ་ན། །འབྲས་བུ་ངེས་པར་སྨིན་པར་འགྱུར། །ཞེས་བྱའོ། །ལས་ལ་འབྲས་བུ་མེད་པར་ཉམས་པར་མི་འགྱུར་བ་ནི་ཐབས་ཀྱིས་ཀྱང་རྣམ་པར་དག་པ་ཉིད་དོ། །དེ་ཐབས་ནི་ཅུང་ཟད་ཀྱང་ཉམས་པ་མེད་པ་སྟེ་འབྲས་བུ་མ་བྱུང་བ་ལ་ནི་ཉམས་པར་མི་འགྱུར་རོ་ཞེས་གསུངས་
པའི་ཕྱིར་རོ། །ཉིད་ཀྱི་སྒྲ་ནི་ངེས་པའི་དོན་ཡིན་པས་སོ། །གང་གི་ཕྱིར་སྡིག་པའི་འབྲས་བུ་དེ་ཉིད་ཉམས་པའི་ཐབས་སོ། །འོན་ཀྱང་ལས་ཀྱི་རང་བཞིན་ཉིད་ཐབས་གཞན་གྱིས་ཀྱང་དེའི་སྔོན་གྱི་ལས་ཉམས་པའི་མཚན་ཉིད་ཀྱི་འབྲས་བུར་སྐྱེད་དེ་འབྲས་བུ་གཞན་བསྐྱེད་པར་མི་
ནུས་པས་དངོས་པོ་མེད་པ་རྒྱུན་ཆད་པ་ཉིད་དུ་འགྱུར་རོ། །ཡང་ན་འདི་ལྟ་བུའི་ཐབས་ཀྱི་ཁྱད་པར་གྱིས་དེ་ཉམས་པ་སྐྱེད་པར་བྱེད་པའི་མཆོག་ཟག་པ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་དུས་མཉམ་དུ་བསྐྱེད་དོ། །ཇི་ལྟར་སྒྲོན་མས་རབ་རིབ་བསལ་ནས་གསལ་བར་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་
ན། །དེ་རབ་རིབ་སེལ་བར་ནི་མི་བྱེད་དེ་འོན་ཀྱང་གསལ་བ་ཉིད་འབའ་ཞིག་གོ། །དེ་གསལ་བཞིན་པ་རང་གིས་རབ་རིབ་མེད་པར་འགྱུར་རོ། །བདག་ཉིད་ཆེན་པོའི་ཐབས་ཀྱང་ཅིའི་ཕྱིར་ཁས་མི་ལེན། ཐབས་ཀྱི་ཁྱད་པར་གང་གིས་དེའི་འབྲས་བུར་མི་འགྱུར་རོ། །ཐབས་མི་ཤེས་པ་ལ་ནི་
ལས་ཉམས་ཤིང་མེད་པར་མི་འགྱུར་བ་མི་མཐུན་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་ས་ཐོབ་ཅིང་ཞེས་པ་ནི། ཟག་པ་ཐམས་ཅད་ཟད་པའི་ངོ་བོ་ཉིད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ས་ཐོབ་པའོ། །བསྒོམ་པ་ཕུལ་དུ་བྱུང་བར་འགྲོ་བ་མེད་པ་ལ་མི་འགྱུར་ན། དེའི་ཚེ་ཅི་ཞེས་པ་
ལ་སྐྱེ་དང་སྐྱེ་བར་བདེར་གཤེགས་ཀྱི། རིགས་སུ་སྐྱེས་ཞེས་གསུངས་ཏེ། དེ་བཞིན་གཤེགས་པའི་རིགས་གང་ཡིན་པ་དེ་ནི་དེ་བཞིན་ཏེ། བསྐྱེད་པ་དེའི་ཕྱིར་སྐྱེ་བའོ། །འདི་ཡང་སྒྲའི་ལྔ་པ་ཕྱི་བའོ། །སྐྱེ་ཞིང་སྐྱེ་བར་ལྷའི་སྐྱེ་བ་དང་། མིའི་སྐྱེ་བ་སྟེ་ཆོས་དང་ལྡན་པའི་རྒྱལ་པོར་འགྱུར་བ་ནི་
Vol. 16 · folio 242a
ཀོ་ས་ལ་དང་རྒྱལ་པོ་ལེགས་པའི་བློ་གྲོས་ལ་སོགས་པ་ལྟ་བུའོ། །གལ་ཏེ་ཤིན་ཏུ་སྡིག་པ་ཅན་གྱིས་ཀྱང་ཇི་ལྟར་ཡང་དེ་ཁོ་ན་ཉིད་བཅུ་བཞི་གོམས་པར་བྱས་ན། དེའི་ཚེ་ཅིར་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་ལུས་དང་ངག་
དང་ཡིད་ཀྱི་བྱ་བ་བྱས་ཤིང་བསགས་པ་ཐོག་མ་དང་ཐ་མ་དང་བར་དུ་འབྲེལ་བའི་སྡིག་པའི་ལས་གང་ཡིན་པ་དེ་ཇི་ལྟར་སྔོན་ལ་སོགས་པའི་སྡིག་པའོ། །དེའི་ཇི་ལྟར་སྔོན་ལ་སོགས་པའི་སྡིག་པ་ཞེས་པ་ནི་སྒྲའི་དང་པོའི་དོན་གྱིས་དྲུག་པའོ། །གང་སྐྱེས་བུའི་མཚན་ཉིད་ཐམས་ཅད་དམན་པའོ། །
གཞན་ཡང་དེ་ཁོ་ན་ཉིད་བཅུ་བཞི་པོའི་ངོ་བོ་ཉིད་དཔལ་ཧེ་རུ་ཀ་སྒོམ་པ་དེ་ནི་ས་གཞིའི་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་གོ། །དེའི་སྡིག་པའི་ཕུང་པོ་ཅུང་ཟད་ཀྱང་མི་ནུས་པར་བྱས་པ་ནི་བསམ་གཏན་ལས་སྐྱེས་པ་ཉིད་ཀྱི་ལས་ཀྱི་འབྲས་བུའོ། །ཡང་ན་ཇི་ལྟར་སྔོན་བསགས་ཀྱི་སྡིག་པ་བསམ་གཏན་
འདིས་ཟད་ཅིང་མེད་པར་བྱས་པས་རྟག་ཏུ་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །ཕྱག་དང་ཞལ་ལ་སོགས་པའི་རྣམ་པ་དང་ལྡན་པའི་དཔལ་ཧེ་རུ་བསྒོམ་བཞིན་པས་སྔོན་དུ་བསྟན་པའི་སྡིག་པའི་ལས་ཇི་ལྟར་ཟད་པ་ལ། མར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མར་གྱིས་གང་
བའི་སྣོད་མེའི་དབུས་སུ་བཞག་པའོ། །དེ་ལྟར་ཅི་འགྱུར་ཞེས་པ་ལ། མར་སར་ཞུ་ཞིང་ཞུ་གྱུར་ནས། །ཞེས་གསུངས་སོ། །དེ་གལ་ཏེ་སྣོད་ཀྱི་མར་སར་ཞུ་བ་ཆུ་དང་འདྲ་བ་མཚན་ཉིད་ཀྱི་རྫས་སོ། །ཚིག་གི་དོན་ནོ། །ཞུ་ཞིང་ཞུ་བ་རྙེད་ནས་ཆུ་དང་འདྲེས་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེས་ཅི་
ཞེས་པ་ལ་སྣོད་ཀྱི་དྲི་མ་འཇིག་ཅེས་གསུངས་ཏེ། དྲི་མ་ནི་དུས་རིང་པོ་རྙེད་ནས་ཞུ་བའི་ཆུ་ཉམས་པར་འགྱུར་རོ། །ཇི་སྙེད་དུ་ཆུ་ལྟ་བུ་ཉམས་པ་མེད་པ་དེ་སྙེད་དུ་མར་སར་མི་ཉམས་པ་ནི་དེ་དག་དངོས་པོའི་མཐུ་ཁོ་ནའོ་ཞེས་དགོངས་སོ། །སྣོད་ཀྱང་རྟེན་ཡིན་པའི་ཕྱིར་སྣོད་དོ། །མེ་ཡང་སྣོད་ཅེས་
བརྗོད་དོ། །དེ་བཞིན་དུ་དེའི་ལས་ཟད་པ་ཞེས་པ་དེ་ཉིད་ནི། དེ་བཞིན་སྡིག་པ་འཇིག་པར་འགྱུར། །ཞེས་གསུངས་ཏེ། འཁོར་བའི་རྒྱ་མཚོར་སེམས་ཅན་རྣམས་མངོན་པར་ཞེན་པས་སྡིག་པའི་ལས་ཐུན་མོང་བས་ལྷུང་བ་རྣམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་དཔལ་ཧེ་རུ་ཀར་བྱས་པའི་སྣོད་
Vol. 16 · folio 242b
བསྒོམ་བཞིན་པས་ཕུང་པོ་ལ་སོགས་པ་མངོན་པར་ཞེན་པ་དེའི་གཟུང་བ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་དེའི་ལས་ཀྱང་ཟད་ནས་ཕུང་པོ་ལ་སོགས་པ་སྐྱོན་མེད་པར་འགྱུར་བའོ། །གཞན་ཡང་སྟོང་པ་ཉིད་ལ་མངོན་པར་ཞེན་པ་དང་བཅས་པའི་སྐྱོན་ནི་ཇི་ལྟ་བ་བཞིན་དུ་དོན་གྱི་བྱ་བ་བྱེད་པ་དང་
བྲལ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །དངོས་པོ་ཉིད་ཀྱིས་རྣམ་གྲོལ་ཞིང་། །དངོས་པོ་ཉིད་ཀྱིས་འཆིང་འགྱུར་བས། །དེ་ཡོངས་ཤེས་པས་གྲོལ་བར་འགྱུར། །ཞེས་གསུངས་སོ། །ཉོན་མོངས་པ་མེད་པ་ཟད་པར་འགྱུར་བས་མཆོག་གི་བྱང་ཆུབ་མི་འཐོབ་བས་ཉོན་མོངས་པ་ལས་
གྲོལ་བར་རང་ལ་ཕན་པ་བྱེད་པ་ཡང་མི་འཐོབ་པོ། །དེས་འདིར་བྱང་ཆུབ་ཐོབ་པ་ནི་བརྩོན་འགྲུས་བརྟན་པོར་བྱས་ཤིང་མ་ལུས་པ་བསྲེག་པ་མ་ཡིན་པས་ཉོན་མོངས་པ་རྩྭའི་ཟིལ་པ་ལྟ་བུར་བྱས་པའོ་ཞེས་ཀྱང་ངོ་། །དཔལ་ཧེ་རུ་ཀ་ཞེས་པ་ནི། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་
པའོ། །རུ་ནི་ཚོགས་དང་བྲལ་བ་སྟེ། །ཀ་ནི་གང་དུའང་མི་གནས་པའོ། །ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེའི་མིང་ཅན་ནི་མཚན་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཞེས་པའི་སྒྲ་ནི་དྲུག་པའི་དོན་ཏོ། །མིང་ནི་མཚན་ཏེ་གཙོ་བོར་བསྒྲུབ་པ་ཉིད་དུ་དགོངས་སོ། །གང་ལས་ཞེས་པ་ལ། བསམ་
གཏན་ཞེས་གསུངས་ཏེ། བསམ་གཏན་ནི་བསམས་པ་ཙམ་མོ། །ཀློག་པ་ནི་ཐུན་མོང་དུའོ། །རང་གིས་འདོན་པ་དང་རྩེ་གཅིག་པའི་ཡིད་ཀྱིས་བྲིས་ན། རང་ཉིད་འཁོར་ལོས་སྒྱུར་བ་ནི། འཁོར་ལོས་སྒྱུར་བ་ཉིད་དོ། །དཔལ་ཧེ་རུ་ཀའི་རྣལ་འབྱོར་པ་རྣལ་འབྱོར་གྱིས་ཀྱང་མ་གྲུབ་ན་འདོན་པ་ལ་
སོགས་པ་བྱས་པས་ཀྱང་ངོ་། །གལ་ཏེ་ཚོགས་པར་མ་གྱུར་ན་འཆི་བར་གྱུར་ན་དེའི་ཚེ་ཅིར་འགྱུར་ཞེས་པ་ལ། འཕོ་བའི་ཚེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ནི་སྐྱེས་བུའོ། །དཔལ་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་རྣམས་ནི་གསུམ་པའི་མང་པོའི་ཚིག་ཕྱིས་པའོ། །
སྒྲ་སྣ་ཚོགས་ནི་རྔ་ལ་སོགས་པ་བྱིན་གྱིས་བརླབས་པའི་དཔལ་ཧེ་རུ་ཀ་ལ་སོགས་པའོ། །བྱ་བ་བག་ཙམ་གྱིས་མཚོན་པའོ། །དེ་ཉིད་ནི་དེ་འདྲའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལྷ་ནི་དཔལ་ཧེ་རུ་ཀའོ། །དཔའ་བོ་ཆེན་པོ་ནི་ཐོད་པའི་དུམ་བུ་ལ་སོགས་པའོ། །རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་
Vol. 16 · folio 243a
ལ་སོགས་པའོ། །ཤའི་མིག་གིས་མཐོང་བར་དཀའ་བའོ། །དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཆེན་པོ་གང་གིས་ཤེས་པ་ནི་རྟོགས་པ་ཡང་ངོ་། །མ་དད་པ་ནི་མ་དད་པའི་སྐྱེས་བུའོ། །དེ་དབུལ་བར་འགྱུར་ཏེ། སྡུག་བསྔལ་གྱིས་གདུངས་པར་འགྱུར་བ་གང་ཡིན་པ་དེ་ནི་དེ་བཞིན་ནོ། །
མགུལ་རྒྱན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་པ་ཉེ་བར་མཇུག་བསྡུ་བར་སྟོན་ཏེ། མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །ཞེས་པ་ནི་ཡང་དག་པར་བསྡུ་བ་གཅིག་གོ། །མགུལ་རྒྱན་ཞེས་བྱ་བ་ལ་སོགས་པ་སྔོན་བཞིན་དུ་རྒྱན་གྱི་མཇུག་བསྡུ་བའོ། །རི་སྟེང་སྣ་ཚོགས་པདྨ་ནི་སྣ་
ཚོགས་པདྨའི་གནས་ཀྱི་མཇུག་བསྡུ་བའོ། །ཨཱ་ལི་ཀཱ་ལིས་ཞེས་པ་ནི་རྣམ་པ་ལྔའི་མཇུག་བསྡུ་བ་སྟེ། ཨཱ་ལི་ཀཱ་ལི་ཞེས་པའི་དོན་ཏོ། །ད་ནི་ལྷག་མ་བསྡུ་བའོ། །ཨུ་མ་ཞེས་པ་ནི་ལྷན་ཅིག་གི་སྒྲའི་དོན་ཏེ་གསུམ་པའོ། །གདན་གྱི་མཇུག་བསྡུ་བའོ། །རྡོ་རྗེ་དྲིལ་བུ་སྐུ་ལ་འཁྱུད་ཅེས་པ་ནི་
མཚན་མ་དང་འཁྱུད་པའི་མཇུག་བསྡུ་བའོ། །མཚན་གཉིས་པོ་འདིས་ནི་མཚན་མ་གཞན་ཉེ་བར་མཚོན་པའོ། །ཉི་ཤུ་རྩ་བཞིའི་ཕྱེད་ལྡན་པ། །ཞེས་པ་ནི་ཁྭ་གདོང་མ་ལ་སོགས་པ་བཅུ་གཉིས་ནི་ཉི་ཤུ་རྩ་བཞིའི་ཕྱེད་དོ། །དཔའ་བོ་དང་ལྡན་པའི་རྣལ་འབྱོར་མ་ནི་དཔའ་བོ་དང་རྣལ་འབྱོར་མ་སྟེ་
ཉི་ཤུ་རྩ་བཞིའོ། །དེའི་ཚོགས་ནི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སོ། །སྒྲ་ཐུང་བར་བྱས་པ་ནི་ལུང་ཡིན་པའི་ཕྱིར་རོ། །དེས་བསྐོར་ཞེས་པ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་གི་མཇུག་བསྡུ་བའོ། །དཔལ་ཧེ་རུ་ཀ་རྒྱལ་པོ་ཆེན་པོ་གང་ཡིན་པ་དེ་ནི། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ། །ཞེས་བྱ་
སྟེ། གཙོ་བོའི་མཇུག་བསྡུ་བའོ། །གོ་འཕང་ཞེས་པ་ནི་ཁྱད་པར་རོ། །འདིས་ཀྱང་རྟེན་དང་བརྟེན་པའི་ངོ་བོ་ཉིད་མ་ལུས་པའི་དཀྱིལ་འཁོར་ཀྱི་མཇུག་བསྡུ་བའོ། །མདོར་བསྡུས་པ་བསྟན་ནས། ཡང་ཤིན་ཏུ་མདོར་བསྡུས་པ་ནི། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔའ་བོ་
ཐམས་ཅད་ཅེས་པའི་དྲུག་པའི་གཅིག་གི་ཚིག་གི་དོན་ནོ། །རྣལ་འབྱོར་མ་ནི་འདིར་འཁོར་ཏེ། དེའི་འཁོར་དང་བཅས་པར་གནས་པ་ནི་འཁོར་བཅས་སོ། །སྲུབ་བ་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་དང་དེ་ལྡན་པ་སྟེ། སྒྲའི་ཐུང་བ་ནི་ལུང་ཡིན་པའི་ཕྱིར་རོ། །དབུས་སུ་སྦྱོར་ལྡན་པ་ཞེས་པའི་གཞུང་
Vol. 16 · folio 243b
ལ་ནི་དབུས་ནི་ཟག་པ་མེད་པའི་བདེ་བའོ། །དེ་ནས་དེ་ཕྱིར་གསུང་བཤད་བྱ། །ཞེས་བྱ་བ་ལ་སོགས་པ་ནས་སྲུབ་པའི་སྦྱོར་ལྡན་པ་ཞེས་པའི་བར་གྱིས་གོང་དུ་བསྟན་པའི་ཆོས་ཐོས་ནས་དཔའ་བོ་དང་། དཔའ་མོའི་དབང་ཕྱུག་མ་ཐམས་ཅད་ཆོས་ཀྱི་སྙིང་པོས་དགྱེས་ནས་སོ། །གཉིས་སུ་གྱུར་པ་ནི་
ཐུགས་དགྱེས་པས་གཉིས་པའི་ངོ་བོ་ཉིད་དུ་གྱུར་པ་སྟེ། འབྱིན་པ་ནི་སྤྲོ་བའོ། །སྡུད་པ་ནི་སྤྲོས་པ་སྡུད་པའོ། །དཔའ་བོ་དང་རྣལ་འབྱོར་མ་ནི་གཞན་གྱི་དོན་གྱི་ཆེད་དུ་ཆོས་ཉན་པའོ། །དཔལ་ཧེ་རུ་ཀའི་གདུལ་བྱའི་དོན་དུ། བཅོམ་ལྡན་འདས་ལ་རྡོ་རྗེ་ཕག་མོས་གསོལ་བ་བཏབ་པའོ། །དེ་ལྟ་
བུར་གྱུར་པ་གཞན་གྱི་དོན་གྱི་ཆེད་དུ་ཐོས་པ་ལ་རབ་ཏུ་འཇུག་སྟེ། ཚོགས་པ་མངོན་པར་སྤྲུལ་ནས་ཆོས་སྟོན་པའོ། །དཔལ་ཧེ་རུ་ཀ་ལ་མོས་པ་ཉིད་ཅིའི་ཕྱིར་ཞེ་ན། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྣ་ཚོགས་པའི་དོན་འཛིན་ཅིང་སྤྱོད་པ་ལ་སྤྱོད་པ་རྣམས་སྣ་ཚོགས་པའི་
གཟུགས་ཁྱིམ་པ་ལ་སོགས་པའི་མཚན་ཉིད་སྣ་ཚོགས་པའི་སྤྱོད་པ་རྣམ་པར་རྟོགས་ཤིང་ཤེས་ནས་མཛད་དོ་ཞེས་པ་ནི་བརྟན་པར་བྱས་པའོ། །དེ་ཉིད་ཅིའི་ཕྱིར་ཞེས་པ་ལ། སྣ་ཚོགས་ཚུལ་གྱིས་གདུལ་བྱ་རྣམས། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །
གལ་ཏེ་མོས་པར་མ་གྱུར་ཀྱང་། །ཞེས་བྱའོ། །ཉན་ཐོས་ལ་སོགས་པའི་ཚུལ་ལ། གལ་ཏེ་གདུལ་བྱ་ལྷག་པར་མོས་ན་གང་ཁ་ཅིག་ཏུ་གྱུར་པ་ལ། དེའི་ཚེ་སྣ་ཚོགས་པའི་ཐབས་ཀྱིས་རྣམ་པ་སྣ་ཚོགས་པའི་ལམ་ལྷག་པར་མོས་པ་ལ་སྟོན་ནོ། །དེ་ལྟ་བུ་ལ་ལྷག་པར་མོས་པའི་
དགོས་པ་ཅི་ཡིན་ཞེས་པ་ལ། ཟབ་མོའི་ཆོས་ནི་སྟོན་པ་ལ། །ཞེས་གསུངས་སོ། །ཟབ་མོའི་ཆོས་ཤེས་རབ་དང་ཐབས་གཉིས་སུ་མེད་པའི་ངོ་བོ་ཉིད་བཤད་ཅིང་བསྟན་པ་ལ། དེའི་རྒྱུ་ཉིད་ཀྱིས་སོ། །སྣ་ཚོགས་པའི་ཚུལ་ལ་མོས་པ་སྟོན་པ་དག་གིས་ཆོས་གང་ལ་ལྷག་པར་མོས་པ་ལ་
དེ་ལ་སྟོན་ནོ་ཞེས་པའི་དོན་ཏོ། །མོས་པ་སྣ་ཚོགས་པ་ཅིའི་དོན་ཞེས་པ་ལ། སྨོད་པ་དག་ཏུ་མི་བྱ་སྟེ། །གང་གི་ཕྱིར། ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཡང་ན་ཐབས་སྣ་ཚོགས་ནི་ལྷ་སྣ་ཚོགས་པའི་གཟུགས་ཀྱིས་སྟོན་པའོ། །སེམས་ཅན་ཉིད་ལྷའི་གཟུགས་སུ་བསྟན་པར་བྱས་སོ་
Vol. 16 · folio 244a
ཞེས་དགོངས་སོ། །ཐབས་དང་ཤེས་རབ་ཀྱི་བདག་ཉིད་གསང་སྔགས་ཐེག་པ་ཆེན་པོ་ལ་ཇི་ལྟར་འདོད་པས་རོལ་ཅིང་རེ་ཞིག་ལྷག་པར་མོས་པ་ལ་སྦྱོར་རོ། །གལ་ཏེ་དེ་ལྟར་ཡང་མ་གྱུར་ན་ཅི་ཞེས་པ་ལ། ཟབ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཟབ་མོ་ནི་སྟོང་པ་ཉིད་
ཀྱི་རང་བཞིན་ཤེས་རབ་ཀྱི་ཆའོ། །ཆོས་ནི་ཕྱག་དང་ཞལ་ལ་སོགས་པའི་རྣམ་པ་ཐབས་ཀྱི་ཆའོ། །ཟབ་མོ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ཟབ་མོའི་ཆོས་སོ། །དེ་བླ་ན་མེད་པར་སྟོན་པ་ནི། དཔལ་འཁོར་ལོ་སྡོམ་པ་ཞེས་བརྗོད་པའི་རྒྱུད་དེ་ཟབ་མོའི་ཆོས་སྟོན་པ་ལ། གལ་ཏེ་འདི་ལ་ལྷག་པར་
མོས་པར་མ་གྱུར་ན། གདུལ་བྱ་རྣམས་ཀྱིས་དེ་ལ་སྨད་པར་མི་བྱའོ། །དེ་ལ་ཇི་ལྟར་བྱ་ཞེས་པ་ལ། ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དྲན་པར་བྱས་པ་ནི་བསྟན་པར་བྱ་བའོ། །བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་ཐམས་
ཅད་དུ་བསྒོམ་པར་བྱའོ་ཞེས་དགོངས་སོ། །འདིར་ཆོས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པ་རྣམས་བདག་གི་ཡུལ་གཟུང་བ་ལ་སོགས་པའི་ངོ་བོ་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །རྒྱུ་གང་གིས་ཞེས་པ་ལ། གང་ཞེས་གསུངས་ཏེ། ཆོས་ཉིད་དེ་བཞིན་ཉིད་སྟོང་པ་ཉིད་དེ་ནི་མི་ཤེས་
ཏེ། ཆོས་ཉིད་ཀྱི་ངོ་བོ་ཉིད་ཀྱིས་རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་ལྟར་ཡང་། སེམས་ཀྱིས་སེམས་མི་ཤས་པའོ། །ཞེས་གསུངས་པའི་ཕྱིར་རོ། །གཟུང་བ་ལ་སོགས་པས་དབེན་པའི་ཡེ་ཤེས་སེམས་ཙམ་ནི་སྟོང་པ་ཉིད་དུ་དེ་བརྗོད་དོ། །རྣམ་པར་ཤེས་པ་ལས་གཞན་དུ་སྟོང་པ་ཉིད་ཅེས་
བྱ་བ་མ་གཏོགས་པ་ཅུང་ཟད་ཀྱང་མེད་དོ། །མ་གཏོགས་པ་ཉིད་ནི་རྣམ་པར་དབེན་པ་གང་ཡིན་པ་ལ་འདོད་པའོ། །ཅི་ཞེས་པ་ལ། མཁྱེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་དག་སངས་རྒྱས་ཏེ་ཡང་དག་པའི་རྟོགས་པ་དང་ལྡན་པའོ། །བདག་ཉིད་ཆེན་པོས་ཁྱབ་པས་ན་སངས་རྒྱས་སོ། །
དེ་སངས་རྒྱས་ཀྱི་སྲས་པོ་གང་ཡིན་པ་དེ་ནི་དེའི་སྲས་ཏེ་བྱང་ཆུབ་སེམས་དཔའོ། །གང་གི་ཕྱིར་བྱང་ཆུབ་སེམས་དཔར་གྱུར་ནས་སངས་རྒྱས་སུ་འགྱུར་བའོ། །དེ་དག་སངས་རྒྱས་རྣམས་སམ་སྲས་ནི་དེའི་སྲས་ཏེ་དེའི་བདག་ཉིད་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རྣམས་ཀྱི་བདག་ཉིད་ཀྱི་ཆོས་ནི་
Vol. 16 · folio 244b
ཆོས་ཉིད་རྟོགས་པས་སངས་རྒྱས་ཏེ། དེ་ཡང་དག་པར་རྟོགས་པར་འགྱུར་བས་བྱང་ཆུབ་སེམས་དཔའ་ཡང་སངས་རྒྱས་ཞེས་བྱ་བའི་ཐ་སྙད་བྱས་ཏེ་ངེས་པར་རྟོགས་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །ཆོས་ཉིད་རྟོགས་པའི་ཆོས་ཉིད་ཇི་ཙམ་དུ་འབྱུང་བར་འགྱུར་ཞེས་པ་ལ། བྱུང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། སངས་རྒྱས་རྣམས་བྱུང་བ་ནི་འོངས་ནས་གནས་པ་རྗེས་སུ་འབྲེལ་པར་ཉེ་བར་གནས་པའམ། མ་བྱུང་བའི་རང་བཞིན་དུ་གནས་པ་ཞེས་དགོངས་སོ། །ཐམས་ཅད་ཅེས་པ་ནི་རང་བཞིན་གྱིས་རྒྱུད་ཀྱི་རྒྱུན་གྱི་ངོ་བོ་ཉིད་ཀྱིས་རྟག་ཏུ་གནས་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པ་ཇི་
ལྟར་འགྱུར་ཞེས་པ་ལ། འདི་ཙམ་གྱི་དུས་སུ་གནས་སོ་ཞེས་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་འཕེལ་བ་དང་འདྲི་བ་སྤངས་པ་ཉིད་ཀྱི་ཕྱིར་དེ་ལྟར་གཞལ་བས་རྟོགས་པ་མཉམ་པར་བྱས་པས་ན་སྨད་པར་མི་བྱ་སྟེ། འཇིག་རྟེན་པ་ཐམས་ཅད་ཀྱིས་སོ། །དེ་དག་ལ་འཇིག་རྟེན་པ་རྣམས་ཀྱི་
རྟོགས་པ་རྣམ་པར་གཞག་པ་ཅིའི་ཕྱིར་བསམ་གྱིས་མི་ཁྱབ་ཅེས་པ་ལ། སངས་རྒྱས་གར་ནི་བསམ་མི་ཁྱབ། །ཅེས་གསུངས་ཏེ། སངས་རྒྱས་ཉིད་གཟུགས་སྣ་ཚོགས་ཉེ་བར་གནས་པའི་ཕྱིར་གར་མཁན་ནོ། །དེ་ཉིད་ནི་མདོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་ནི་མདོ་སྡེའོ། །བྱ་བ་
ཞེས་བྱ་བ་ནི་བྱ་བའི་རྒྱུད་དོ། །མངོན་ཞེས་པ་ནི་ཆོས་མངོན་པའོ། །སྒྲའི་དང་པོའི་དོན་གྱི་དྲུག་པའོ། །སྤྱོད་པ་ཞེས་པ་ནི་སྤྱོད་པའི་རྒྱུད་དོ། །རྣལ་འབྱོར་གྱི་རྒྱུད་ནི་གསང་བའི་རྒྱུད་དོ། །ནི་ནི་བསྡུ་བའོ། །སེམས་ཅན་འཇུག་པའི་ཞེས་པ་ནི་སྒྲའི་བཞི་པ་ཕྱིས་པའོ། །ཐར་པ་ནི་ཉོན་མོངས་པའི་
འཆིང་པ་མེད་པའོ། །ནི་ནི་འདིའི་དོན་ཏོ། །ཐམས་ཅད་དུ་བྱེ་བྲག་ཐ་དད་པའི་བསམ་གྱིས་མི་ཁྱབ་པའི་སེམས་ཅན་གཞུག་པའི་དོན་དུའོ། །བསམ་གྱིས་མི་ཁྱབ་པའི་སེམས་ཅན་གཞུག་པར་བྱ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་མཁྱེན་ནོ། །སྔ་མ་དང་སྦྱར་རོ། །དེ་དང་དེ་ལ་
འཇིག་རྟེན་པ་ལ་སོགས་པ་རྐང་པ་བཞི་ནི་དགའ་བ་ལྟ་བུར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགའ་བ་ནི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པོ་ཞེས་དགོངས་སོ། །ཡང་ན་མདོ་ནི་མདོ་སྡེ་པའོ། །བྱ་བ་ནི་རྣམ་པར་བཤད་པ་སྟེ་བྱེ་བྲག་སྨྲ་བའོ། །མངོན་པའི་ཆོས་ནི་དབུ་མ་པའོ། །རྣལ་འབྱོར་
Vol. 16 · folio 245a
གསང་བཞི་རྣལ་འབྱོར་སྤྱོད་པའོ། །དེ་ནས་དེའི་ཕྱིར་གསང་བཤད་བྱ་ཞེས་བྱ་བ་ལ་སོགས་པ་གསང་བར་ཁས་བླངས་པའོ། །དབུགས་འབྱུང་བར་མི་མཆོག་དག་གིས་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་བཅོམ་ལྡན་འདས་སྟོན་པ་དང་ལྡན་པས་སྡུད་པར་བྱེད་པ་པོ་དང་། ཐམས་ཅད་
དགྱེས་སོ་ཞེས་བྱ་བ་ལ་སོགས་པས་དེ་དང་དེ་ལ་དགའ་བ་ཞེས་པའི་བར་གྱི་གདུལ་བྱ་དགའ་བར་བྱ་བ་ལ་སོགས་པ་སྒྲུབ་པར་བྱེད་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ཉིད་བསྟན་པས་གང་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་གསུང་ཁྱད་པར་གྱིས་ཁྱད་པར་ཅན་དེ་ལ་ལྔ་བཅུ་རྩ་
གཅིག་ནི་ལྔ་བཅུ་གཅིག་པའི་ལེའུ་རྫོགས་སོ་ཞེས་སྦྱར་རོ།། །།དེ་ལ་ཇི་ལྟ་བུར་གྱུར་པ་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དེ་ལའི་སྒྲས་བྱས་པའི་དེའི་སྒྲ་ཁྱད་པར་ཅན་ནི་དང་པོའི་མཐའ་ཅན་གྱི་ཁྱད་པར་གྱི་ཚིག་བསྟན་པའི་ཕྱིར། ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆེན་པོའི་རྒྱུད་
ཀྱིས་སངས་རྒྱས་ཀྱི་ཆོས་འདིས་རྒྱས་པར་བྱེད་པས་ན་དེ་ཡང་རྒྱུད་ཅེས་བྱའོ། །དོན་དམ་པའི་ཟག་པ་མེད་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་རྒྱལ་པོ་སྟེ། དེ་བས་ན་རྒྱུད་ཀྱི་རྒྱལ་པོ་ཆེན་པོའོ། །གཞུང་འབུམ་གྱི་བདག་ཉིད་ཀྱི་ནམ་མཁའ་དང་མཉམ་པའི་མཐའ་དང་དབུས་མ་དག་ནས་ཕྱུང་བ་དེ་འདི་
ལ་ཡོད་པས་ཕྱུང་བའོ། །དང་ནི་རྒྱུད་གཞན་གྱི་དོན་བསྡུ་བ་སྟེ། བླ་མ་ལས་ཀྱང་བླ་མ་ཞེས་བཤད་ཟིན་ཏོ། །རྒྱལ་པོ་ཉིད་ནི་རྒྱལ་པོ་སྟེ། བསྟན་བཅོས་ཐམས་ཅད་རྣམས་ནི་རྒྱུད་ཐམས་ཅད་ཀྱི་གོང་དུ་གྱུར་པ་ཉིད་ཀྱི་ཕྱིར་དང་། རབ་ཏུ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་
འདས་ཀྱང་ཟླ་བ་འཆང་བའོ། །འདིས་ཀྱང་ཟླ་བས་ནི་བརྗོད་པར་བྱ་བའི་ཆ་གཅིག་བསྟན་པའོ། །རྡོ་རྗེ་ཕག་མོ་དང་ལྷན་ཅིག་དཔལ་ཧེ་རུ་ཀ་ཆེན་པོ་ཞེས་པ་ནི་ཆེན་པོ་སྟེ། རྣལ་འབྱོར་མ་མཁའ་འགྲོ་མ་ལ་སོགས་པ་སུམ་ཅུ་རྩ་དྲུག་གོ། །དཔའ་བོ་ནི་ཐོད་པའི་དུམ་བུ་ལ་སོགས་པ་ཉི་ཤུ་རྩ་བཞིའོ། །
བཀླགས་པས་གྲུབ་པའི་སྔགས་སོ། །ཐམས་ཅད་མཁྱེན་པ་ནི་རྣལ་འབྱོར་མ་རྣམས་ཀྱི་མཚན་ཉིད་ལ་སོགས་པའི་ཡེ་ཤེས་དང་། མངོན་སུམ་ལ་སོགས་པའི་ཤེས་པ་ཡང་ངོ་། །གཞན་གྱིས་མི་ཐུབ་པ་ནི་དཀའ་ཟློག་དང་བཅས་པའི་བདེ་བྱེད་ཀྱིས་སོ། །དང་པོར་གྱུར་པ་ནི་དངོས་གྲུབ་ཀྱི་ཡང་
Vol. 16 · folio 245b
དང་པོར་གྲུབ་པའོ། །དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་བཀླགས་པས་གྲུབ་པ། ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐུབ་པ་གདོད་ནས་གྲུབ་པ། རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རྒྱུད་ཀྱང་དེ་ལྟར་བརྗོད་དོ། །དང་ནི་ས་ལ་སོགས་པ་རྣམ་པར་དག་པ་ལ་སོགས་པ་བརྗོད་པའོ། །སྒྲོལ་བ་ནི་སྲིད་
པའི་རྒྱ་མཚོ་ལས་འདིས་སྒྲོལ་བར་བྱེད་པ་སྟེ། པ་ཙ་ལ་སོགས་པ་ལ་ཨ་ཙའི་རྐྱེན་བྱིན་པའོ། །རྒྱུད་ནི་མདོའོ། །དཔལ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །འཁོར་ལོ་ནི་ཆོས་ཀྱི་འཁོར་ལོའོ། །དཔལ་དང་ལྡན་པའི་འཁོར་ལོ་ནི། དཔལ་འཁོར་ལོ་སྟེ། དེས་ལུས་ལ་གནས་
པའི་སེམས་ཅན་གྱི་ཡིད་ཡང་དག་པར་སྡོམ་པ་ཞེས་པ་ནི་དཔལ་འཁོར་ལོ་སྡོམ་པའོ། །དཔལ་ཧེ་རུ་ཀ་ནི། དེ་རྗོད་པར་བྱེད་པ་ཉིད་ཀྱི་ཕྱིར་རྒྱུད་ཀྱང་དེ་བཞིན་དུ་བརྗོད་ཅིང་། རབ་ཏུ་གསལ་བར་བྱ་ཞིང་ཆེན་པོ་ཡིན་པས་ན། རྣལ་འབྱོར་མ་ཡི་རྒྱུད་རྒྱལ་པོ། །ཞེས་བྱ་སྟེ། རྣལ་འབྱོར་མའི་རྒྱུད་ཀྱི་
རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི། སྒྲའི་རྐྱེན་མེད་པའི་ཚིག་ཡིན་ཏེ། རྣལ་འབྱོར་མའི་གདམས་ངག་ནི་མང་བ་ཉིད་ཀྱི་ཕྱིར་རོ། །དཔལ་ཧེ་རུ་ཀ་མངོན་པར་བརྗོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འབུམ་པའི་ནང་ནས་ཕྱུང་བ་ནི། བླ་མའི་བླ་མ་བསྟན་བཅོས་ཐམས་ཅད་ཀྱི་རྒྱལ་པོའོ། །དཔལ་ཧེ་རུ་ཀ་
ཆེན་པོ་བཀླགས་པས་གྲུབ་པ་ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐུབ་ཅེས་པ་ནི། མཆོག་གི་རྒྱུད་དཔལ་འཁོར་ལོ་སྡོམ་པའི་མིང་ཅན་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ལྔ་བཅུ་རྩ་གཅིག་པ་ནི་ལེའུ་ལྔ་བཅུ་རྩ་གཅིག་པ་རྫོགས་སོ།། །།ཡང་དག་པར་རྫོགས་པ་ནི་རྫོགས་སོ་ཞེས་
པའི་དོན་ཏོ། །རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནས། རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བའི་བར་ནི། སྒྲའི་སུའི་མཐའ་ཅན་དང་། ཏིའི་མཐའ་ཅན་གྱི་ཚིག་བསྡུ་བའོ། །རྫོགས་སོ་ཞེས་པའི་ཚིག་ནི་ལེའུ་ལྔ་བཅུ་པ་ལ་ཡང་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་ཞེས་སྦྱར་
རོ།། །།བླ་མས་གཞུང་གི་བཤད་པ་ནི། །ཇི་ལྟར་བདག་གིས་དྲན་ཕྱིར་བྲི། །དོན་ནི་སྟོན་པར་བྱེད་པའི་ཚིག །གྱུར་པའི་ངག་དེ་བདག་གི་ཡིན། །འདིར་ནི་བླང་དང་དོར་བའི་ཚིག །ཚད་མས་ཀྱང་ནི་ངེས་བྱས་པ། །བླ་མའི་གདམས་ངག་མེད་པར་ནི། །ཐེ་ཚོམ་མེད་པར་མི་འགྱུར་རོ། །
Vol. 16 · folio 246a
ཕྲེང་བ་བཞིན་དུ་བླ་མའི་བཀའ། །སྣ་ཚོགས་དག་ནི་ཡིད་འཕྲོག་པ། །རྒྱུད་དང་འབྲེལ་བ་སྤྱི་བོར་ནི། །འཁྲུལ་པ་སེལ་བྱེད་བླང་བར་བྱ། །རང་སེམས་རྣམ་པར་དག་པ་གཡོ་བའི་མིང་ཅན་འགྲོ་བ་ནི། །རང་གི་སེམས་ཉིད་ཀྱིས་ནི་གཟུང་བར་རྣམ་པར་བསྒོམ། །རང་
གི་སེམས་ལས་འདིར་ནི་སྙིང་པོ་གཞན་ན་མེད། །གཟུང་བ་མེད་པ་དཀྱིལ་འཁོར་མྱུར་དུ་བསྒོམ་པར་བྱ། །དཔལ་གྱི་གོ་འཕང་སྒོམ་པར་ལྷ་ཡི་གོ་འཕང་སྟེ། །གང་ཕྱིར་གོ་འཕང་དྲི་མ་མེད་པར་གནས་པར་འགྲོ། །སྲིད་པ་མ་གཏོགས་ཞི་བྱེད་དེ་མ་རྟོགས་པར་མེད། །སྲིད་པ་རྣམ་དག་
འདིར་ནི་དབྱེར་ནི་མེད་པའོ། །དཔལ་ལྡན་འཁོར་ལོ་སྡོམ་པ་མཚོ་སྐྱེས་གྱུར་པ་ལ། །སྦས་པའི་གདམས་ངག་མ་ག་རནྡ་རོ་ཡི་གནས། །དེ་ཉིད་དག་ལ་སྦྲང་བུ་མཆོག་སྦྱིན་བདུད་རྩི་དེ། །རང་འབྱུང་དྲི་མེད་བསོད་ནམས་ཡིད་ཀྱི་གཙོ་བོའོ། །གཞན་གྱི་སྙན་ངག་འདི་ཡི་འབྲེལ་པར་
བྱེད་པས་བལྟས། །བདག་གི་བློ་ཡང་དེ་དོན་གྲུབ་ཕྱིར་དགའ་བ་སྐྱེས། །སྦྱོར་བ་ནུས་གང་དུས་ཚིགས་དག་ཏུ་གར་དང་གླུ་ཡང་ལེན། །སྦྱོར་མི་ནུས་པས་སྐྱེ་བོས་དེ་ལ་སྤྲོ་བས་ཅི་མི་བྱེད། །ཚིག་དོན་གསལ་པོ་ཉིད་ལྟ་བུ། །ས་གཞི་དཔལ་ལྡན་འཁོར་སྡོམ་བྱས། །གང་འདི་ལེགས་
བྱས་དེ་ཐོབ་པའི། །སྐྱེ་འགྲོ་ཡོན་ཏན་དེ་ཐོབ་ཤོག །ཅེས་བྱ་བ་ནི་དཔལ་འཁོར་ལོ་སྡོམ་པའི་དཀའ་འགྲེལ་སློབ་དཔོན་མཁས་པ་ཆེན་པོ་བྷ་བ་བྷ་དྲའི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།གཞུང་འདིའི་ཚད་ནི་སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ལྔའོ། །རྒྱ་གར་ཤར་ཕྱོགས་ལྷ་མོ་
མཁར་ནས་བྱུང་བ་ཡི། །པཎ་ཆེན་མཁས་པ་མི་མཉམ་རྡོ་རྗེ་དང་། །དབྱར་མོ་ཐང་གི་གྲ་ནས་བྱུང་བ་ཡི། །ཁམས་པ་དགེ་སློང་བ་རི་རིན་གྲགས་ཀྱིས། །བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། །སྐད་སློབ་གསར་ལ་ཕན་དོན་དུ། །རྒྱ་དཔེ་ཇི་བཞིན་བསྒྱུར་བ་ཡིན། །མཁས་པ་དོན་གྱི་ཆེད་བྱེད་རྣམས། །
འདི་ལ་མི་དབྱེ་མི་བཅོས་ཞུ། །བདག་ནི་ཅུང་ཟད་རྟོགས་ཡོད་ཀྱང་། །དོན་འགྱུར་མ་བྱས་སྒྲ་བཞིན་བསྒྱུར། །འཇིག་རྟེན་ཕ་རོལ་དོན་གྱི་ཕྱིར། །རྒྱུད་འགྲེལ་ཡིན་པས་འཇིགས་ཕྱིར་རོ། །བལ་ཡུལ་གྲོང་ཁྱེར་ཡམ་བུ་རུ། །པན་ཏུ་བ་རོའི་ལྷ་ཁང་དུ། །ནེེང་དང་པ་རིས་ཡོན་བདག་བྱས། །ལོ་པཎ་གཉིས་ཀྱིས་
Vol. 16 · folio 246b
རྒྱུད་འགྲེལ་བསྒྱུར།།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words