དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ

Sanskrit title (Tibetan script, as in the text) ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 20 · folio 29a

སོགས་པའི་ཚིགས་རྣམས་སུ་སྟེ། ཟླ་བ་འཕེལ་བ་དེ་རྣམས་ཀྱི་མགུ་བའི་གནས་ཏེ་མཐེ་བོང་ལ་སོགས་པ་ནས་དཔྲལ་བའི་བར་དུ་དང་ལུས་གཡོན་པ་རྣམས་ཀྱང་དགའ་བ་བཅུ་དྲུག་སྐྱེ་བར་འགྱུར་ཏེ་སྙིང་རྗེའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུང་ངུ་ཞེས་བྱ་བ་ལ་སོགས་པ་

དང་འདི་ཉིད་དུ་ཞེས་བྱ་བ་ནི་ནག་པོའི་ཚེས་གཅིག་ལ་སོགས་པ་ཇི་ལྟར་འཕེལ་བར་གྱུར་པ་དེ་བཞིན་དུ་ཐུང་ངུ་ནི་དཀར་པོའི་མཐའ་ཅན་ནོ། །ཇི་སྙེད་སྟོང་པ་ཉིད་བཅུ་དྲུག་ཤེས་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །འདི་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པ་གསུངས་པ་སྟེ། སླར་ཡང་འདི་ཉིད་ཀྱི་

ནང་དུ་རྒྱས་པར་བཤད་པ་གསུངས་པ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོས་བཅོམ་ལྡན་འདས་ལ་ཞུས་པའོ། །དགྱེས་སོ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བཅོམ་ལྡན་འདས་ཀྱི་ལན་ཏེ།

དེ་ལྟར་ཐམས་ཅད་རྟོགས་སླའོ། །གསང་བ་ཞེས་བྱ་བ་ལ་སོགས་པས་ཐེ་ཚོམ་བསལ་བ་ཡིན་ཏེ། གསང་བ་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་ཚིག་ཐོག་མར་བྱས་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རབ་ཏུ་འཇུག་གོ། །དེ་ཇི་ལྟར་ཞེ་ན། ཁམས་ཐམས་ཅད་ཀྱི་མཐའ་ཞེས་

བྱ་བ་སྟེ། སེན་མོ་དང་སོ་ལ་སོགས་པ་ཁམས་ཉི་ཤུ་རྩ་བཞི་རྣམས་ཀྱི་མཐར་ནི་མཆོག་ཏུ་བདེ་བ་ཆེན་པོའི་ཁམས་བྱང་ཆུབ་ཀྱི་སེམས་ནི་གསང་བ་སྟེ་ཁམས་ཐམས་ཅད་ཀྱིས་ཁྱབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གསང་བ་ཡང་ལྷ་དང་མི་ལ་སོགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་རྣམས་

འགྱུར་བ་མེད་པའི་བདེ་བའོ། །དེ་དེ་བཞིན་དུ་གསུངས་སོ། །གང་གི་སྤྱོད་ཡུལ་ཡིན་ཞེ་ན་གསུངས་པ། དཔའ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་རྣམས་ཀྱི་དབང་པོ་འོད་གསལ་བར་བཤད་དོ། །དེ་ཉིད་

ཀྱི་ཕྱིར་མཆོག་ཅེས་བྱ་བ་སྟེ། མཆོག་ནི་གཙོ་བོ་སྟེ། ཐ་མལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ། །གོ་འཕང་ནི་གནས་ཏེ་སྣ་ཚོགས་པའི་རྣམ་པ་དེའི་རང་བཞིན་ནོ། །དབང་པོ་མཆོག་གི་གོ་འཕང་ཞེས་བྱ་བར་རབ་ཏུ་བཤད་དོ། །རྣམ་ཤེས་སྐྱེས་པ་དེ་རྣམས་སུ། །ཞེས་བྱ་བ་ནི། ཁམས་

Vol. 20 · folio 29b

དེ་རྣམས་ཐམས་ཅད་རེ་རེ་ལ་བརྒྱད་དུ་ཤེས་པའི་མཚན་ཉིད་རྣམས་ཀྱིས་དུ་མ་སྤྲོ་བ་དང་སྡུད་པ་ནི་རང་བཞིན་གྱིས་སོ། །དེས་བསྐྱེད་པས་མཁའ་ལ་སྤྱོད་པ་རྣམས་བྱུང་ངོ་། །རྫུས་ཏེ་སྐྱེས་པའི་ལྷ་རྣམས་དེ་ཉིད་དུ་སྤྲུལ་པའི་སྐུ་ཅན་གྱི་ལུས་སོ། །ཅིའི་ཕྱིར་འདིར་ཆོས་དང་ལོངས་སྤྱོད་རྫོགས་པ་དང་

སྤྲུལ་པ་དང་བདེ་བ་ཆེན་པོའི་སྐུ་བཞི་སྟེ་གསུམ་ལས་དབྱེ་བར་འགྱུར་རོ། །དེ་ལ་སྤྲུལ་པའི་སྐུ་ནི་རྫུས་སྐྱེས་ཀྱི་ལྷ་རྣམས་སོ། །ཆོས་ཀྱི་སྐུ་ནི་གང་གཟའ་དང་རྒྱུ་སྐར་ལ་སོགས་པ་རྣམས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རྐང་པ་གཉིས་ལ་སོགས་པ་རྣམས་སོ། །སྤྲུལ་པའི་སྐུ་དང་དེ་བཞིན་དུ་ལོངས་སྤྱོད་

རྫོགས་པའི་སྐུར་བཤད་དེ། གཞལ་མེད་ཁང་ན་སྤྱོད་པའི་ལྷ་རྣམས་སྤྲུལ་པའི་སྐུའོ། །དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམས་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བདེ་བ་ལས་འདས་པ་རྣམས་ནི་ཆོས་ཀྱི་སྐུའོ། །ཡང་ཆོས་ཀྱི་སྐུ་ཡིས་བཤད་དེ། གང་རླུང་དང་རྣམ་པར་ཤེས་པ་

ལ་ཡོངས་སུ་གནས་པ་ལྷ་རྣམས་ལ་དམིགས་པ་མེད་པ་དེ་ནི་ཆོས་ཀྱི་སྐུའོ། །སླར་ཡང་ཏིང་ངེ་འཛིན་གསུམ་པ་ལ་སྙོམས་པར་ཞུགས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་རྣམས་ཀྱིས་བདག་གི་བར་འཛིན་པའི་བག་ཆགས་རྣམས་ཀྱིས་ཕན་ཚུན་མཐོང་བར་འགྱུར་བ་ནི་སྤྲུལ་པའི་སྐུའོ། །དེ་བཞིན་

དུ་ཡེ་ཤེས་ཀྱིས་བཤད་དེ། འོག་མིན་ན་གནས་པའི་ཟག་པ་མེད་པའི་བདེ་བ་དེ་ནི་ཆོས་ཀྱི་སྐུའོ། །དེ་རྣམས་ཀྱི་རང་གི་རིག་པའི་དུ་མའི་ཆོས་ཀྱི་རོའི་བདེ་བ་མྱོང་བས་ལོངས་སྤྱོད་རྫོགས་པའི་སྐུའོ། །དེ་རྣམས་ཀྱི་སྔོན་གྱི་སྨོན་ལམ་གྱིས་ལྷུན་གྱིས་གྲུབ་པར་འགྱུར་ཏེ། གང་མི་ཤེས་པ་དེ་ནི་སྤྲུལ་

པའི་སྐུ་ཞེས་བྱ་བའོ། །དེ་ཉིད་རྩེན་ཕྱིར་ནམ་མཁའ་ལས་བྱུང་བ། །ཞེས་བྱ་བ་ནི་ནམ་མཁའ་ལས་བྱུང་ཞིང་ལྔ་པའི་དོན་གྱི་དང་པོའོ། །དེའི་ཕྱིར་ནམ་མཁའ་ལས་བྱུང་བས་སྐུ་བཞིའི་བདག་ཉིད་ཅན་གྱི་རྫས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་འགྱུར་མེད་པའི་བདག་ཉིད་ཅན་ནོ། །དེ་

ཡང་གཉིས་ཀྱིས་གཉིས་རྣམ་པར་སྤངས་པ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནམ་མཁའི་ངོ་བོ་གང་གི་ཕྱིར་ན་བྱུང་བར་གྱུར་པ་དེའི་ཕྱིར་རོ། །རྩེན་ཞེས་བྱ་བ་ནི། སྒྱུ་མ་དང་རྨི་ལམ་ལྟ་བུ་ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་སུ་རྣམ་པར་བརྟགས་པའོ། །གང་གི་ཕྱིར་ན་དེ་བཞིན་དུ་བཤད་པ་གཅིག་ཏུ་ན་

Vol. 20 · folio 30a

ཀུན་རྫོབ་དང་དོན་དམ་པའི་ཡེ་ཤེས་ཕྱོགས་གཅིག་པ་འབའ་ཞིག་ཁམས་གསུམ་པར་རབ་ཏུ་འཇུག་པར་གྱུར་པ་མ་ཡིན་ནོ། །དེ་ལ་དེའི་ཕྱིར་ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་སྟེ། ཁམས་གསུམ་པ་དུ་མ་བདག་ཉིད་ལས་བྱུང་བ་རྣམས་ཀྱིས་བདག་གི་བའི་

ཁམས་དུ་མར་བྱུང་བའི་རྣམ་པར་ཤེས་པ་སྟེ་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཅན་གྱི་རྫས་དང་བྲལ་བའོ། །དེའི་ཁྱབ་བྱའི་གཟུགས་ནི་ཡང་དག་རྟོགས་ཞེས་བྱ་བ་ནི་རང་གི་བག་ཆགས་ལས་བྱུང་བའི་རྣམ་པར་ཤེས་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་སྣང་བ་ཤར་བའོ། །གང་གི་ཕྱིར་ན་ཀུན་རྫོབ་

དང་དོན་དམ་པའི་ཡེ་ཤེས་སོ། །རྟག་བཞུགས་གཉིས་མེད་ཅེས་བྱ་བ་ནི། རྟག་ཏུ་ནི་དུས་ཐམས་ཅད་དུ་སྟེ། ཆུང་ངུའི་སེམས་ཅན་ལྷག་པར་མོས་པའི་དངོས་པོ་རྣམས་ཀྱི་གཉིས་སུ་མེད་པའི་དགོས་པ་དང་བྱེད་པའི་ཁྱད་པར་གྱིས་སོ། །གང་གི་ཕྱིར་ན་ཀུན་རྫོབ་དང་དོན་དམ་པའི་ཆོས་ཉིད་ཀྱི་

ཡུལ་ཡོད་པས་ཆོས་ཏེ། དེ་ཡང་། སྒྱུ་མ་རྨི་ལམ་ལྟ་བུ་མཆོག །ཅེས་བྱ་བ་ནི་ཆོས་ཀྱི་ཁྱད་པར་ཏེ། སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་བླང་བར་བྱ་བར་མངོན་པར་མཚམས་སྦྱར་བར་བྱའོ། །ཇི་སྲིད་དུ་ཀུན་ནས་མཆོག་ནི་ཐ་མའི་མཐར་ཐུག་པ་ཞེས་བྱ་བར་དགོངས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་སྟེ།

ཡང་ཞེས་བྱ་བ་ནི་ཕྱོགས་གཞན་ནོ། །ན་ནི་རྣམ་པར་བརྟགས་པའོ། །གང་གི་ཕྱིར་མདོར་བསྟན་པ་རྒྱས་པར་བཤད་པའོ། །འོན་ཀྱང་བདག་མེད་ཅེས་བྱ་བ་ནི་སྟོང་པ་ཉིད་བཅུ་དྲུག་དང་སྙིང་རྗེ་སྟེ་ཟད་པ་དང་འཕེལ་བ་རྣམ་པར་སྤངས་པའོ། །སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་

གཅིག་གིས་གཅིག་མ་སྤངས་པའི་སྐད་ཅིག་མ་གཅིག་གི་རང་བཞིན་ཏེ། ཆོས་ཀྱི་བདག་མེད་པའི་མཚན་ཉིད་རྟག་པ་རྒྱུན་དུ་གནས་པ་དུས་ཐམས་ཅད་རྣམ་པར་སྤངས་པས་ཁྱད་པར་དུ་བྱེད་པས་སོ། །གཉིས་སུ་མེད་པ་འོད་གསལ་བ་ཐར་པ་དགེ་བ་ཞི་བ་སྡིག་པ་ཐམས་ཅད་འཕྲོག་པ་ཐམས་ཅད་

སྤངས་པ་ཀུན་གྱི་ངོ་བོའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །སླར་ཡང་སྤྲུལ་པའི་སྐུའི་རང་གི་མཚན་ཉིད་གསུངས་པ། དེའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་རྣམ་པ་ནི་སྔོན་དུ་བཤད་པའི་མཚན་ཉིད་རྣམས་དང་ལྡན་པའོ། །ཡེ་ཤེས་ནི་ཡེ་ཤེས་ཆེ་ཞེས་བྱ་བ་ནི་སྤྲུལ་པའི་སྐུར་གནས་

Vol. 20 · folio 30b

པས་ཆོས་དུ་མའི་ཉེ་བར་སྤྱོད་པ་རབ་ཏུ་འཇུག་གོ། །ཡེ་ཤེས་ནི་ཡེ་ཤེས་ཆེན་པོའོ། །དེ་ཇི་ལྟར་ཞེ་ན། དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ་མར་མེའི་རྩེ་མོ་ལྟར་རྒྱུན་མི་འཆད་པར་རབ་ཏུ་འཇུག་པས་རབ་ཏུ་འཇུག་གོ། །གང་གི་ཕྱིར་དེའི་ཚེ་དེ་ཁོ་ན་ཉིད་སངས་རྒྱས་རྣམས་ཀྱིས་ལྷུན་གྱིས་གྲུབ་པས་རབ་ཏུ་

འཇུག་སྟེ། སྤྲུལ་པའི་སྐུ་ཆོས་སྐྱེ་བ་དང་ཐིམ་པའི་དངོས་པོས་སོ། །དེ་དེ་བཞིན་ཉིད་ཀྱི་གཟུགས་དེ་ཁོ་ན་ཉིད་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ། །རྩ་ནི་བསྡུས་པ་སྟེ་ཀུན་དུ་སོན་ཞེས་བྱ་བའི་ཚིག་གིས་སོ། །འདིར་རྗེས་སུ་གནང་བ་ཡང་ཇི་ལྟར་བཅོམ་ལྡན་འདས་སྔོན་དུ་རྡོ་རྗེ་ཕག་མོས་

བསྟན་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྲུལ་པའི་སྐུའི་རྣམ་པར་དག་པ་ཡིན་པས་སྐྱེ་བར་འགྱུར་ཞེ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་པ། བསྐྱེད་པར་གོ་བྱ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདིར་ཞེས་བྱ་བ་ནི་རྣལ་འབྱོར་མ་དེ་རྣམས་ཀྱི་སྒོམ་པའི་དུས་ལྟར་སྤྲུལ་པའི་སྐུ་བསྐྱེད་པར་

འགྱུར་རོ། །དེ་ཇི་ལྟར་འགྱུར། རྣལ་འབྱོར་རྗེས་སུ་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། འགྲོ་བ་དང་འགྲོ་བར་གྱུར་པས། འདིར་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་རྣམས་ལ་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་དང་ཤིན་ཏུ་རྣལ་འབྱོར་རོ། །ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་

རྣལ་འབྱོར་དང་དེ་བཞིན་དུ་བསྙེན་པ་དང་བསྒྲུབ་པ་དང་སྒྲུབ་པ་ཆེན་པོ་དང་ཉེ་བའི་བསྙེན་པ་ཡང་ཡོད་དོ། །དེ་ཡང་རྣལ་འབྱོར་ཞེས་བྱ་བ་ནི་དང་པོ་སྦྱོར་བའོ། །དེའི་རྗེས་སུ་རྣལ་འབྱོར་ཞེས་བྱ་བ་ནི་རྒྱུའི་རྡོ་རྗེ་འཆང་རྫོགས་པའི་བར་དུའོ། །དེ་ཉིད་ཀྱི་བསྙེན་པའོ། །སླར་ཡང་མི་བསྐྱོད་པ་ལ་སོགས་

པ་རབ་ཏུ་ཞུགས་པས་རྣལ་འབྱོར་ཆེན་པོའོ། །དེ་རྣམས་ཀྱིས་རྣལ་འབྱོར་ཞེས་བྱ་བའོ། །སྒྲུབ་པ་ནི་ཤིན་ཏུ་རྣལ་འབྱོར་ཏེ། དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཡང་གི་ཡི་གེ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལྟར་དཀྱིལ་འཁོར་རྒྱལ་པོ་

མཆོག་གི་ཏིང་ངེ་འཛིན་ནི་སྒྲུབ་པ་ཆེན་པོའོ། །ཉེ་བར་སྒྲུབ་པ་ནི་ལས་རྒྱལ་པོ་མཆོག་གོ། །ཐིམ་པ་དང་ཞེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་བསྒོམ་པ་ལ་བསྐྱེད་པའི་རིམ་པ་སྔོན་དུ་གསུངས་པ་སྟེ། དེ་བཞིན་དུ་སྒྲུབ་པ་ཆེན་པོ་དང་ཉེ་བའི་སྒྲུབ་པ་རྣམས་ཀྱིས་ཐིམ་པ་སྟེ་མངལ་སྐྱེས་ཀྱི་རིམ་པས་རྫུས་

Vol. 20 · folio 31a

ཏེ་སྐྱེས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །སླར་ཡང་ཡང་གི་ཡི་གེས་ཉེ་བར་བསྙེན་པ་དང་རྣལ་འབྱོར་མ་རྣམས་རྫོགས་པར་བྱ་བའི་ཕྱིར་རོ། །དེ་བཞིན་དུ་ཡང་བསྙེན་པ་གཉིས་ཞེས་བྱ་བའི་ཚིག་གིས་སོ། །རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་

ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཏེ། བཤད་དུ་མེད་པ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དང་དེ་བཞིན་དུ་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་རྣམས་སོ། །སུམ་ཅུ་རྩ་དྲུག་ཐིག་ལེ་ཞེས་བྱ་བ་ནི། ཐིག་ལེའི་རྣལ་འབྱོར་གྱིས་བརྗོད་དུ་མེད་པའི་རང་

གི་རིག་པའི་ཡེ་ཤེས་ཀྱི་རྣམ་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་པདྨའི་སྣ་རྩེར་ཐིག་ལེའི་ནང་དུ་སོན་པའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་བསྒོམ་པར་བྱའོ་ཞེས་བྱ་བ་སྟེ། ཐིག་ལེའི་རྣལ་འབྱོར་རོ། །དེ་ཉིད་བཤད་དུ་མེད་པ་མཚན་ཉིད་མེད་པ་མཚོན་པ་

ཞེས་བྱ་བའོ། །ཕྲ་མོའི་རྣལ་འབྱོར་རྣལ་འབྱོར་མོ། །ཞེས་བྱ་བ་ནི། དེ་ལ་དེ་བཞིན་དུ་པདྨའི་སྣའི་རྩེ་མོ་དེ་ཉིད་དུ་ཕྲ་མོའི་སྲོག་རྣམ་པར་གཟུང་བ་ལས་བདེ་བའི་རང་བཞིན་ཉིད་དེ་དེ་ལྟར་རྣལ་འབྱོར་མའི་རྒྱུད་སུམ་ཅུ་རྩ་དྲུག་གི་ནང་དུ་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེ་ལྟར་ཐབས་དང་ཤེས་

རབ་ཀྱི་བདག་ཉིད་ཅན་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་གཉིས་ཀའི་རྒྱུད་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུའོ། །དེ་ལ་སྤྲུལ་པའི་སྐུ་འདིར་ཅི་ལས་འོངས་ཤེ་ན། གསུངས་པ། དུས་ཀྱི་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དུས་རྣམས་ཀྱི་དབྱེ་བས་རབ་ཏུ་ཕྱེ་བའོ། །དེ་ཅི་ཞེ་

ན། ཟླ་བས་དང་ཞེས་བྱ་བས་ཏེ་ཟླ་བ་བཅུ་གཉིས་རྣམས་སོ། །དེའི་འཕོ་བ་རྣམས་ཉེ་བར་མཚོན་པའི་ཕྱིར་རོ། །རྫོགས་ལྡན་དང་གསུམ་ལྡན་ཞེས་བྱ་བ་ནི་རེ་རེའི་འཕོ་བ་རྣམས་ཀྱིས་དུས་བཞི་རྣམས་ཀྱི་ནང་དུ་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། གཡོན་པ་དང་གཡས་པའི་སྣའི་བུ་ག་དག་

གིས་དཀྱིལ་འཁོར་བཅུར་འགྱུར་རོ། །དཀྱིལ་འཁོར་ཐམས་ཅད་ཀྱི་འཕོ་བ་རྣམས་ཀྱིས་བརྒྱད་བརྒྱས་ལྷག་པའི་སྟོང་ཕྲག་གཅིག་གོ། །འཇུག་པ་དང་གནས་པ་དང་ལྡང་བའི་དབུགས་རྣམས་སུ་འགྱུར་རོ། །དེ་ལྟར་རེ་རེའི་དཀྱིལ་འཁོར་ལ་བརྒྱད་ཅུས་ལྷག་པའི་བརྒྱ་ཕྲག་གི་དབུགས་རྒྱུ་བར་འགྱུར་

Vol. 20 · folio 31b

རོ། །དེ་ལ་རྫོགས་ལྡན་ཞེས་བྱ་བ་ནི་རྐང་པ་བཞི་ལ་སོགས་པའི་ལས་དང་དཀྱིལ་འཁོར་བཞིའི་སྦྱོར་བས་སོ། །དེ་ལ་ནམ་མཁའ་དང་རླུང་དང་མེ་དང་ཆུའི་དཀྱིལ་འཁོར་རྣམས་གཡོན་པའི་སྣའི་བུ་ག་རྣམས་སུ་འགྱུར་རོ། །དེ་བཞིན་དུ་གསུམ་ལྡན་ཞེས་བྱ་བ་ནི་གསུམ་ལྡན་གྱི་དུས་སུ་རྐང་པ་གསུམ་

ལྡན་གྱི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་གཅིག་ཟད་པས་དཀྱིལ་འཁོར་གསུམ་དུ་འགྱུར་རོ། །དེ་ཡང་གཡོན་པར་སའི་དཀྱིལ་འཁོར་རོ། །དེ་བཞིན་དུ་གཡས་པར་ས་དང་ཆུའོ། །དེ་ལྟར་གཉིས་ཞེས་བྱ་བ་ནི་གཉིས་ལྡན་གྱི་དུས་རྣམས་སུ་རྐང་པ་གཉིས་པའི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་

གཉིས་ཟད་པས་དཀྱིལ་འཁོར་གཉིས་སུ་འགྱུར་རོ། །དེ་ཡང་མེ་དང་རླུང་ངོ་། །སླར་ཡང་རྩོད་དུས་འགྱུར་ཞེས་བྱ་བ་ནི་རྩོད་པའི་དུས་སུ་རྐང་པ་གཅིག་པའི་བདག་ཉིད་ཅན་གྱི་ཆོས་དང་རྐང་པ་གསུམ་ཟད་པས་དཀྱིལ་འཁོར་གཅིག་ཏུ་འགྱུར་རོ། །དེའི་ཕྱིར་རྫོགས་ལྡན་ལ་ཉི་ཤུས་ལྷག་པའི་དབུགས་

བདུན་བརྒྱར་འགྱུར་རོ། །གསུམ་ལྡན་ལ་བཞི་བཅུས་ལྷག་པའི་ལྔ་བརྒྱའོ། །གཉིས་ལྡན་ལ་དྲུག་ཅུས་ལྷག་པའི་སུམ་བརྒྱའོ། །རྩོད་དུས་ཀྱི་སྔོན་དུ་བཤད་དོ། །དེ་ལྟར་འཕོ་བ་བཅུ་གཉིས་རྣམས་ཀྱིས་རྫོགས་ལྡན་གྱི་དུས་རྣམས་སུ་སྟོང་ཕྲག་བརྒྱད་དང་བརྒྱ་ཕྲག་དྲུག་ལ་བཞི་བཅུས་ལྷག་པའོ། །

དེ་བཞིན་དུ་གསུམ་ལྡན་ལ་སྟོང་ཕྲག་དྲུག་དང་བརྒྱ་ཕྲག་བཞི་ལ་བརྒྱད་ཅུས་ལྷག་པའོ། །གཉིས་ལྡན་རྣམས་སུ་སྟོང་ཕྲག་བཞི་དང་བརྒྱ་ཕྲག་གསུམ་ལ་ཉི་ཤུས་ལྷག་པའོ། །དེ་བཞིན་དུ་རྩོད་པའི་དུས་རྣམས་སུ་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་ལ་དྲུག་ཅུས་ལྷག་པའོ། །དེ་ལྟར་དུས་བཞི་

རྣམས་ཀྱི་ཞག་གཅིག་གི་ཚད་དོ། །དེ་བཞིན་དུ་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་གིས་ལོ་གཅིག་གི་རླུང་གི་ཚད་ནི་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་སྟོང་ཕྲག་བདུན་ཅུ་རྩ་དྲུག་གོ། །དེ་རྣམས་ཀྱི་ཡང་དཀྱིལ་འཁོར་རྣམས་ཀྱི་ཆའི་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་དཀྱིལ་འཁོར་སོ་སོའི་

ཆ་ནི་འབུམ་ཕྲག་བདུན་དང་ཁྲི་ཕྲག་བདུན་དང་སྟོང་ཕྲག་བདུན་ལ་བརྒྱ་ཕྲག་དྲུག་གིས་ལྷག་པའོ། །དེ་ལྟར་བཞི་འགྱུར་ནི་རྫོགས་ལྡན་གྱི་དུས་སུ་སྟེ་འབུམ་ཕྲག་སུམ་ཅུ་རྩ་གཅིག་དང་ཁྲི་ཕྲག་གཅིག་ལ་བཞི་བརྒྱས་ལྷག་པའོ། །གསུམ་ལྡན་རྣམས་སུ་འབུམ་ཕྲག་ཉི་ཤུ་རྩ་གསུམ་དང་ཁྲི་

Vol. 20 · folio 32a

ཕྲག་གསུམ་དང་སྟོང་ཕྲག་གཉིས་ལ་བརྒྱད་བརྒྱས་ལྷག་པའོ། །དེ་བཞིན་དུ་གཉིས་ལྡན་དུ་འབུམ་ཕྲག་བཅོ་ལྔ་དང་ཁྲི་ཕྲག་ལྔ་སྟོང་ལ་བརྒྱ་ཕྲག་གཉིས་ཀྱིས་ལྷག་པའོ། །རྩོད་དུས་སྔོན་དུ་བཤད་དོ། །དེ་ལྟར་ཚེ་ལོ་བརྒྱ་པ་རྣམས་ཀྱི་དཀྱིལ་འཁོར་རེ་རེའི་གང་ཚད་བཤད་པ། དེ་བརྒྱ་

འགྱུར་དུ་འགྱུར་རོ། །དེ་ཡང་བྱེ་བ་བདུན་དང་འབུམ་ཕྲག་བདུན་ཅུ་རྩ་བདུན་ལ་ཁྲི་ཕྲག་དྲུག་གིས་ལྷག་པའོ། །དེ་ལྟར་བྱས་པས་བཞི་འགྱུར་དུ་འགྱུར་ཏེ། བྱེ་བ་ཕྲག་སུམ་ཅུ་རྩ་གཅིག་དང་འབུམ་ཕྲག་བཅུ་ལ་ཁྲི་ཕྲག་བཞིས་ལྷག་པའོ། །དེ་བཞིན་དུ་གསུམ་ལྡན་ལ་བྱེ་བ་ཉི་ཤུ་རྩ་གསུམ་དང་

འབུམ་ཕྲག་སུམ་ཅུ་རྩ་གཉིས་དང་ཁྲི་ཚོ་བརྒྱད་དོ། །དེ་ལྟར་གཉིས་ལྡན་ལ་བྱེ་བ་ཕྲག་བཅོ་ལྔ་དང་འབུམ་ཕྲག་ལྔ་བཅུ་རྩ་ལྔ་དང་ཁྲི་ཚོ་གཉིས་སོ། །རྩོད་དུས་སྔོན་དུ་བཤད་དོ། །དེ་ལྟར་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དབྱེ་བས་དུས་རྣམས་ཀྱི་ཚད་དོ། །དེ་ཡང་འཆད་པར་འགྱུར་བ་རྣམས་

སུ་དུས་དང་ལུག་ལ་སོགས་པའི་ཟླ་བ་རྣམས་མཁའ་འགྲོ་མ་ལ་སོགས་པའི་ལེའུ་རྣམས་སུ་རྒྱ་ཆེ་བར་བཤད་པར་བྱའོ། །དུས་ཀྱི་དབྱེ་བ་རབ་ཏུ་ཕྱེ་བ་གང་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱིས་སེམས་ཅན་གྱི་དོན་མཉམ་པ་མེད་པར་འགྱུར་རོ། །རྡོ་རྗེའི་ཞལ་བཞི་ཞེས་

བྱ་བ་ནི། རྡོ་རྗེའི་ནི་རྡོ་རྗེ་འཆང་གི་སྟེ་དཔལ་ཧེ་རུ་ཀའི་བདག་ཉིད་དུ་སྐྱེས་པའི་དུས་བཞིའི་དབྱེ་བའི་ངོ་བོས་དང་ཞལ་བཞི་དགའ་བ་བཞི་སྟེ་དེ་བརྒྱད་གཉིས་ཞེས་བྱ་བའོ། །དུས་རེ་རེ་ལ་དགའ་བ་བཞིར་འགྱུར་ཏེ། །ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དུས་དབྱེ་བས་སོ། །དེ་ཡང་དགོད་པ་དང་ལྟ་བ་

དང་ལག་པ་གཟུང་བ་དང་གཉིས་སྤྲོད་ནི་རྫོགས་ལྡན་དུའོ། །རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དང་མཚན་ཉིད་དང་བྲལ་བ་ནི་གསུམ་ལྡན་དུའོ། །བུམ་པ་དང་སློབ་དཔོན་དང་གསང་བ་དང་ཤེས་རབ་ནི་གཉིས་ལྡན་དུའོ། །སད་པ་དང་རྨི་ལམ་དང་གཉིད་མཐུག་པོ་

ལོག་པ་དང་བཞི་པའི་རང་བཞིན་འདི་ནི་རྩོད་པའི་དུས་སོ། །དེ་ལྟར་རྒྱུད་བཞི་དང་སྐད་ཅིག་བཞི་དང་དབང་བཞི་དང་། རང་བཞིན་བཞི་སྟེ། རིམ་པ་ཇི་ལྟ་བ་བཞིན་ཤེས་པར་བྱའོ། །དེ་ལྟར་རྫོགས་ལྡན་གྱི་དུས་སུ་གཅིག་ལ་གཅིག་བལྟས་པས་དགའ་བ་སྐྱེ་སྟེ། འདི་ནི་ལྟ་བའི་རྒྱུད་དོ། །

Vol. 20 · folio 32b

བགད་པ་ཙམ་གྱིས་དེ་ལྟར་མཆོག་དགའ་སྐྱེ་སྟེ་འདི་ནི་དགོད་པའི་རྒྱུད་དོ། །དེ་བཞིན་དུ་ལག་པས་ལག་པ་ལ་རེག་པ་ཙམ་གྱིས་དགའ་བྲལ་ཏེ་ཁྱད་པར་ཅན་གྱི་འདོད་ཆགས་སྐྱེ་བ་འདི་ནི་ལག་སྤྲད་ཀྱི་རྒྱུད་དོ། །མངོན་སུམ་དུ་འཁྱུད་པས་ལྷན་སྐྱེས་འཐོབ་པ་ཞེས་བྱ་བ་ནི་གཉིས་འཁྱུད་ཀྱི་རྒྱུད་དོ། །

དེ་ལྟར་ལྷན་སྐྱེས་དང་པོར་བྱས་ནས་རྫོགས་ལྡན་གྱི་དུས་ལ་སོགས་པའི་སེམས་ཅན་རྣམས་ཀྱི་སེམས་རང་གིས་བསྐྱེད་དེ། ཆོས་ཀྱི་ཆོས་ཉིད་ཀྱིས་སོ། །དེ་བཞིན་དུ་གསུམ་ལྡན་གྱི་དུས་སུ་སྣ་ཚོགས་པའི་འཁྱུད་པ་དང་འོ་ལ་སོགས་པས་རྣམ་པར་བཀྲ་བའི་དགའ་བ་སྐྱེ་སྟེ་འདི་ནི་རྣམ་པ་སྣ་ཚོགས་

པའི་སྐད་ཅིག་མའོ། །རྣམ་པར་སྨིན་པའི་དགའ་བ་ཡང་མཆོག་ཏུ་འགྲོ་བ་སྟེ། དེ་ལྟར་པདྨར་རྡོ་རྗེ་བཅུག་པས་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །ཤིན་ཏུ་མཐུན་པ་དམ་པས་རྣམ་པར་ཉེད་པ་བྱེད་དེ་འདི་ནི་བྲལ་བའི་དགའ་བ་དང་རྣམ་པར་ཉེད་པའི་སྐད་ཅིག་མའོ། །མཚན་ཉིད་

དང་བྲལ་བ་སྟེ་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་དང་མཚན་ཉིད་དང་བྲལ་བས། ལྷན་སྐྱེས་ཀྱི་དགའ་བ་སྐྱེ་སྟེ་འདི་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་མའོ། །དེ་བཞིན་དུ་བུམ་པ་རྣམས་ཀྱིས་བུམ་པའི་དགའ་བ་སྟེ། དབང་བསྐུར་དྲུག་སྐྱེ་བ་འདི་ནི་བུམ་པའི་དབང་ངོ་། །སློབ་དཔོན་གྱི་དབང་

བཅུ་ལས་མཆོག་ཏུ་དགའ་བ་སྐྱེ་བ་སྟེ་འདི་ནི་སློབ་དཔོན་གྱི་དབང་ངོ་། །གསུམ་པ་གསང་བའི་དབང་གིས་བྲལ་བའི་དགའ་བ་སྐྱེ་བ་སྟེ་འདི་ནི་གསང་བའི་དབང་ངོ་། །ཤེས་རབ་ཡེ་ཤེས་ཀྱིས་ལྷན་ཅིག་སྐྱེས་པ་སྐྱེ་བ་སྟེ་འདི་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་བཞིན་དུ་ཤཱཀྱ་སེངྒེ་ལ་སོགས་པས་

ཐེག་པ་གསུམ་རྣམས་ཀྱིས་སྤྲུལ་པའི་སྐུར་སྦྱོར་བ་ནི་སད་པ་སྟེ། དགའ་བ་འབྱུང་སྟེ་འདི་ནི་སད་པའི་རང་བཞིན་ནོ། །རྨི་ལམ་ལོངས་སྤྱོད་རྫོགས་པའི་སྐུ་མཆོག་ཏུ་དགའ་བ་སྐྱེ་བ་སྟེ་འདི་ནི་རྨི་ལམ་གྱི་རང་བཞིན་ནོ། །གཉིད་མཐུག་པོ་ནི་ཆོས་ཀྱི་སྐུ་བྲལ་བའི་དགའ་བ་སྐྱེ་བ་སྟེ་འདི་ནི་གཉིད་

མཐུག་པོའི་རང་བཞིན་ནོ། །བཞི་པ་ནི་ལྷན་ཅིག་སྐྱེས་པའི་སྐུ་བདེ་བ་ཆེན་པོ་སྐྱེ་བ་སྟེ་འདི་ནི་བཞི་པའི་རང་བཞིན་ནོ། །དེ་ལྟར་ཕྱོགས་ཀྱི་དབྱེ་བ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་དགའ་བ་བཅུ་དྲུག་ཏུ་འགྲོ་བའོ། །ཇི་ལྟར་ཟླ་བའི་ཆ་ཤས་རྣམས་ཀྱིས་འཕེལ་བ་དང་ཟད་པའི་རྒྱུ་ཉིད་ཀྱི་དཔེ་རང་གིས་

Vol. 20 · folio 33a

མཐོང་ངོ་། །དེ་བཞིན་དུ་དུས་བཞིའི་ཕྱོགས་རྣམས་ཀྱི་སེམས་ཅན་རྣམས་ཀྱིས་བྱས་པས་གསལ་བར་མཐོང་སྟེ་རང་གིས་རིག་པའོ། །ཆ་ཤས་བཅུ་དྲུག་རྣམས་དང་ལྡན། །ཞེས་བྱ་བ་ནི་དགའ་བ་བཅུ་དྲུག་རྣམས་དང་ལྡན་པ་སྟེ་དུས་བཞིས་སོ། །དབྱེ་བ་དེ་རྣམས་ཀྱི་ཟླ་བའི་ཆ་ཤས་

རྣམས་ཀྱིས་ལོ་བརྒྱའི་བར་དུ་སེམས་ཅན་རྣམས་ལ་སྣང་བར་འགྱུར་རོ། །སྤྲུལ་པའི་སྐུ་དུ་མ་སྤྲོ་ཞེས་བྱ་བའི་དོན་ཏོ། །ཐུང་ངུ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་རྣམས་ཀྱི་སྡུད་པའི་རྒྱུ་ཉི་མའི་སྤྱོད་པ་རྣམས་སུ་ཞེས་བྱ་བ་སྟེ། ཉི་མ་རྣམས་སུ་སྤྱོད་པ་ནི་ཇི་ལྟར་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པའི་དབྱེ་བ་རྣམས་

ཀྱི་ཟླ་བའི་ཆ་ཤས་ཀྱིས་རྒྱུ་སྟེ། དེས་ཟླ་བ་ཕྱོགས་གཉིས་རྣམས་ཀྱིས་དམན་ནོ། །དེ་བཞིན་དུ་དུས་བཞི་སྣ་ཚོགས་པའི་དགའ་བ་རྣམས་ཀྱིས་དམན་པ་ཉིད་དུ་འགྱུར་རོ། །སྐུའི་ཡི་གེ་ནི་ངེས་པར་གཟུང་བའོ། །དེ་རྣམས་ཀྱི་ཆ་ཤས་ཟ་བ་ཉིད་ཀྱང་ཞེས་བྱ་བ་ནི་བསྐལ་པ་འཚིག་པའི་དུས་རྣམས་སུ་དགའ་

བ་ཐམས་ཅད་ཀྱི་ཆ་ཤས་ཟད་པར་འགྱུར་རོ། །འདིར་ཡང་བཞི་པ་ནི་འདས་པའི་མཚན་ཉིད་དོ། །དེས་ན་དང་གི་ཡི་གེ་བསྡུ་བའོ། །ཉི་མ་ནི་དེ་ཁོ་ན་ཉིད་ཀྱི་ཉི་མ་སྟེ་འོད་གསལ་བ་རྣམ་པར་རྟོག་པའི་ཆོས་ཐམས་ཅད་ཟ་བ་ཞེས་བྱ་བའི་དོན་ཏོ། །བུད་མེད་ཀུན་ཞེས་བྱ་བ་ནི་བུད་མེད་སྒྱུ་མ་ཐམས་ཅད་

དེ། དེ་ཅི་ཞེ་ན། སྣ་ཚོགས་པའི་རང་བཞིན་རྣམས་སྒྱུ་མའི་རྣམ་པ་རྣམས་སུ་རབ་ཏུ་འཇུག་གོ། །བུད་མེད་ཉིད་ཐོབ་ནས་ཤེས་རབ་ཀྱི་གཟུགས་ནི་རྟག་ཏུ་ཕྱག་རྒྱ་ཞེས་བྱ་བ་སྟེ་ཕྱག་རྒྱ་ཆེན་པོ་དེའི་ཚེ་འདི་ཞེས་བྱ་བའོ། །སྔོན་དུ་བཤད་པའི་འོད་གསལ་བ་ནི་ཐབས་ཏེ་སྐྱེས་བུ་ཉིད་བསྒྲུབས་ནས་སྤྲུལ་པའི་

སྐུ་ཅན་རྣམས་ཀྱི་སྐུ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་བླ་ན་མེད་པའོ་ཞེས་བྱ་བའོ། །འདི་ཡིས་རང་བཞིན་གྱིས་འོད་གསལ་བ་རྣམས་དང་ལྡན་པ་བླ་ན་མེད་པའི་ཡེ་ཤེས་བརྗོད་དུ་མེད་པ་ཐོགས་པ་མེད་པ་བསྣུན་དུ་མེད་པ་མཆོག་ཏུ་གཉིས་སུ་མེད་པ་ཞེས་བྱ་བའི་དོན་ཏོ། །འདིར་ཐམས་ཅད་རང་

བཞིན་གྱིས་འོད་གསལ་བའི་རྣམ་པ་ཡིན་ན་དེའི་ཚེ། ཇི་ལྟར་སེམས་ཅན་རྣམས་ཀྱི་ཐ་མལ་པའི་བདག་ཉིད་ཀྱི་སེམས་འབྱུང་བར་འགྱུར། དེ་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། དེ་ནས་ཐ་མལ་པ་རྣམས་ཀྱི་འདི་འདྲ་བའི་ཡེ་ཤེས་མེད་པར་

Vol. 20 · folio 33b

འགྱུར། དེ་བཞིན་དུ་ཕྱོགས་གཅིག་པ་ཉིད་དང་ཐོགས་པ་དང་བཅས་པའི་ཡེ་ཤེས་དང་བླ་ན་མེད་པ་མ་ཡིན་པར་འགྱུར་ཞེ་ན་འདིར་བཤད་པ། དེའི་ཕྱིར་གསུངས་པ། དེ་རྒྱུ་མཚན་མེད་པ་དང་མི་རིགས་པ་དང་ལུང་དང་རྣམ་པར་དཔྱོད་པ་མེད་པ་མ་ཡིན་ནོ། །དེ་ཅིས་ཤེ་ན། བཅོམ་ལྡན་འདས་

ཀྱིས་གསུངས་པའི་ཚིག་གིས་སོ། །དེའི་ཕྱིར་འདི་ལྟར་གསུངས་པ་འགྲོ་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣལ་འབྱོར་དང་ལྡན་པ་རྣམས་ལ་སྐྱེ་བའོ། །བྱང་ཆུབ་སེམས་ནི་འོད་ཆེན་པོ། །ཞེས་བྱ་བ་ནི་བྱང་ཆུབ་རྣམས་ཀྱི་སེམས་བྱེད་

པ་སྔོན་གྱི་སྨོན་ལམ་གྱིས་ཁྱབ་པར་བྱས་པའི་གཟུགས་མཆོག་ཏུ་གཉིས་སུ་མེད་པའི་རང་བཞིན་གྱིས་འོད་གསལ་བའི་ངོ་བོའི་ཡེ་ཤེས་རྣམས་ཀྱི་འོད་ནི་སྣང་བ་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་དོ། །དེས་སེམས་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བར་འགྱུར་རོ། །ནིའི་ཡི་གེ་ནི་ངེས་པར་གཟུང་བའོ། །དེའི་

ཕྱིར་ཐོགས་པ་མེད་པ་མཆོག་ཏུ་གཉིས་སུ་མེད་པ། བརྗོད་དུ་མེད་པའི་ཡེ་ཤེས་མཆོག་ཐམས་ཅད་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ནོ། །དེ་རྣམས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རོ། །ཇི་ལྟར་སྐྱེས་བུ་དམ་པ་རྣམས་དང་ཕྲད་པས་དམན་པར་སྐྱེས་པ་ཡང་

རྒན་པོར་འགྱུར་རོ། །དེའི་ཕྱིར་སྟོང་ཉིད་སྙིང་རྗེ་མི་ཕྱེད་པ་ཞེས་བྱ་བ་ནི། སྟོང་པ་ཉིད་སྔོན་དུ་བཤད་པའི་མཆོག་ཏུ་གཉིས་སུ་མེད་པའི་ཡེ་ཤེས་སོ། །དེའི་རང་བཞིན་ནི་ཆོས་ཀྱི་བདག་མེད་པའོ། །སྙིང་རྗེ་ནི་སེམས་ཅན་གྱི་ཁམས་གང་ཟག་རྣམས་ཀྱི་བདག་མེད་པ་དང་ལྷན་ཅིག་གཅིག་ཏུ་

བྱས་ནས་དབྱེ་བ་མེད་པ་ཟག་པ་མེད་པའོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་ཡང་དག་པའི་མཐའི་རང་བཞིན་ནོ། །དངོས་རྣམས་ནམ་མཁའི་མེ་ཏོག་བཞིན། །ཞེས་བྱ་བ་ནི། དངོས་པོ་རྣམས་ནི་ཆོས་ཐམས་ཅད་དེ་དེ་རྣམས་ཀྱི་དབུས་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་

མེ་ཏོག་བཞིན་ཏེ་གོས་པ་མེད་པ་ཉིད་ཀྱིས་སོ། །ཇི་ལྟར་ནམ་མཁའ་མེ་ཏོག་འཁོར་བ་ནི་རླུང་གིས་བསྐྱོད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དངོས་པོས་ནམ་མཁའ་བཀང་ནས་བཞུགས་སོ། །ཅུང་ཟད་སྨོན་ལམ་གྱིས་བསྐྱོད་པ་ཡིས་མེ་ཏོག་བཞིན་ནམ་མཁའ་ཐམས་ཅད་དྲི་བསུང་བར་བྱེད་དེ་

Vol. 20 · folio 34a

བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཀྱི་དོན་དགོས་པ་ཡེ་ཤེས་ཀྱི་དྲི་བསུང་བྱེད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་སད་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཉིད་ཀྱང་ལག་པར་གནས་ཞེས་བྱ་བའི་མཐར་ཐུག་པ་རྟོགས་སླའོ། །མཁའ་འགྲོ་མ་ཀུན་ངོ་བོ་ཞེས་

བྱ་བ་ནི་རྩ་ཐམས་ཅད་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་སེམས་དཔའ་སྟེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ངོ་བོའོ། །རྡོ་རྗེ་མཁའ་འགྲོ་མཆོག་ཏུ་བདེ། །ཞེས་བྱ་བ་ནི་སེམས་ཅན་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ། །རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་རང་གིས་རིག་པའི་བདེ་བ་

འཕོ་བ་མེད་པའི་མཁའ་འགྲོ་སྟེ། དེ་མཆོག་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་འདི་འདྲ་བའི་གལ་ཏེ་རྣལ་འབྱོར་པ་རྣམས་ལ་མེད་ན་དེའི་ཚེ་སེམས་ཅན་གྱི་དོན་བྱེད་པ་མེད་པར་འགྱུར་རོ། །དེ་རྣམས་ཀྱི་ཡང་ལས་ལས་ཞེས་བྱ་བ་ལ་སོགས་པ་སྟེ། གཟི་བརྗིད་

ཆེ་ཞེས་བྱ་བ་ནི་ཤིན་ཏུ་གསལ་བ་དེ་རྣམས་ཀྱིས་སོ། །གཞན་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་སེམས་ཅན་རྣམས་ཀྱི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་བ་བསྟན་པར་བྱའོ། །སྐྱབས་སུ་འགྲོ་བ་གང་གིས་སངས་རྒྱས་ལ་རྗེས་སུ་ཆགས་པ་དང་ཆོས་

དང་དགེ་འདུན་ལ་ཡང་འགྱུར་བའོ། །རྫུ་འཕྲུལ་ཆེ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་ལས་ཀྱང་ཁྱད་པར་དུ་བྱེད་པའོ། །དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་གསང་བ་གསུམ་གྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ད་ནི་ཅི་འདྲ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་

པ་གཉིས་རྣམས་ཀྱིས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་རྗེས་སུ་ཆགས་པར་གནས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་ཀྱིས་བརྟགས་པ་སྤོང་བའི་རིགས་པས་དྲིས་པ་སྟེ། དེ་ལྟར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་ཚིགས་སུ་བཅད་པའོ། །གསང་

བ་དེར་ནི་ཕྱག་བྱས་ནས། །ཞེས་བྱ་བ་ནི་གསང་བའི་དབང་པོ་རྣམས་སུ་བྱང་ཆུབ་ཀྱི་སེམས་འཛག་པས་བདེ་བ་ཆེན་པོའི་ཡེ་ཤེས་ནི་གསང་བ་སྟེ། ཤེས་བྱའི་རྣམ་པའི་ངོ་བོས་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དེ་ཉིད་དུ་བབས་པས་ཕྱག་བྱས་པའོ། །འདི་ཉིད་ལ་ལྷ་རྫས་རྣལ་འབྱོར་མ་ཞེས་བྱ་བ་

Vol. 20 · folio 34b

ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཅན་གཙོ་མོའོ། །འདི་འདྲ་ཞེས་བྱ་བ་ནི་དེ་ལྟར་རིག་པའི་ཡེ་ཤེས་ཚིག་གིས་རབ་ཏུ་གསུངས་པ་སྟེ། གང་གི་ཚེ་གཉིས་སུ་མེད་པ་དེའི་ཚེའོ། །ཡང་ནས་ཡང་ཞེས་བྱ་བ་ནི་སྒྲ་བརྙན་ལྟར་ཞུས་སོ་ཞེས་བྱ་བའི་དོན་ཏོ། །ཅི་ཞུས་པ་ཞེ་ན་གསུངས་པ་ཞེས་བྱ་བ་

སྟེ། བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་རང་གིས་རིག་པའི་རྣམ་པར་རྟོག་པར་འགྱུར་བའོ། །དེ་ཅི་ཞེ་ན། ཕྲ་མོའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྩ་གསུམ་ཞེས་བྱ་བ་ནི་ལ་ལ་ནཱ་དང་ར་ས་ནཱ་དང་དབུ་མ་སྟེ་ཕྲ་མོའི་རྣལ་འབྱོར་རྣམས་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པ་གསུམ་གྱི་རྒྱུ་ཅན་

ཞེས་བྱ་བ་ནི་འཇུག་པ་དང་སེམས་དང་ཀུན་གཞི་རྣམས་ཀྱི་རྒྱུའོ། །ཅིའི་ཕྱིར་རྒྱུ་ཞེ་ན། ལུས་དང་ངག་དང་ཡིད་ཀྱི་འཁོར་ལོ་རྣམས་སུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པ་ལ་རྩ་རེ་རེས་ཀྱང་རྣམ་པར་ཤེས་པ་གསུམ་བསྐྱེད་པར་འགྱུར་རོ། །དེ་ཉིད་ཀྱིས་ཀྱང་དེ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ།

དེ་ལ་བརྟེན་པ་རྣམས་ཀྱང་ཕྲ་མོའི་ཐིག་ལེ་ཞེས་བྱ་བ་ནི་རང་གིས་རིག་པའི་རང་བཞིན་གྱིས་རིག་པས་ཞེས་བྱ་བའོ། །རྣམ་པ་སྣ་ཚོགས་པའི་རྫུ་འཕྲུལ་ཆེན་པོའི་རྣལ་འབྱོར་མ་རྣམས་རྩ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོའི་རང་བཞིན་འབྱུང་བའོ། །རེ་རེ་ལ་ནི་དེ་ཡོངས་ལྡན་ཞེས་

བྱ་བ་ནི་རང་གི་དཀྱིལ་འཁོར་རེ་རེའི་རྣལ་འབྱོར་མ་རྣམས་ཀྱི་གཙོ་བོ་སུམ་ཅུ་རྩ་བདུན་གྱི་བདག་ཉིད་ཅན་རྣམས་སོ། །དེའི་ཕྱིར་མཁའ་འགྲོ་མ་ཀུན་ཞེས་བྱ་བ་ནི་རྣལ་འབྱོར་མ་འདི་རྣམས་ཐམས་ཅད་རང་གིས་རིག་པའི་ནམ་མཁའ་ལ་སྐྱེས་པའོ། །དེ་བཞིན་དུ་ཡང་གསུངས་པ་སུམ་ཅུ་རྩ་

གསུམ་དུ་སྐྱེས་པ་འབའ་ཞིག་མ་ཡིན་ཏེ། གཞན་རྣམས་ཀྱང་དེ་བཞིན་དུ་ངོ་མཚར་ཆེ་བ་གྲངས་མེད་པའི་མཁའ་འགྲོ་མ་རྣམས་རང་གིས་རིག་པའི་ནམ་མཁའ་ལས་བྱུང་བ་རྣམས་ཏེ་སེམས་ཀྱི་རྒྱུན་ཞེས་བྱ་བར་དགོངས་སོ། །དེ་ཡང་ཞེས་བྱ་བ་ནི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་སོ། །

ཐམས་ཅད་ཇི་ལྟ་བ་ཞེས་བྱ་བ་ནི་ཇི་ལྟར་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པ་འདིས་མིང་མདོར་བསྟན་པ་བཤད་དོ། །དེ་བཞིན་དུ་ཐམས་ཅད་ལ་གྲངས་མེད་པའི་རྣལ་འབྱོར་མའི་སྐུ་དང་གསུང་དང་ཐུགས་ལས་ཞུགས་པ་རྣམས་ཀྱི་མིང་དུ་ཤེས་པར་བྱ་བའི་

Vol. 20 · folio 35a

ཕྱིར་ཞེས་བྱ་བའི་དོན་ཏོ། །རྒྱ་མཚོ་ཞེས་བྱ་བ་ནི་འདིར་ཇི་ལྟར་འབུམ་ཕྲག་སུམ་ཅུ་རྩ་དྲུག་གི་རྒྱ་མཚོར་རྩ་རྣམས་ཀྱི་མིང་རྣམས་གསུངས་ཏེ། དེ་བཞིན་དུ་འདིར་འདི་ལྟར་འཇུག་པར་བྱའོ། །གྲུབ་པའི་རྒྱ་མཚོ་ཞེས་བྱ་བ་ནི་ཆུང་ངུར་བཤད་པའི་རྒྱུད་དུ་སྟེ། ཟླ་བ་མོ་ཞེས་

བྱ་བ་ལ་སོགས་པ་ནས་དུར་ཁྲོད་མའི་བར་དུ་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་ནི་རྩ་རྣམས་སོ། །འདིར་གསུངས་པ། ཟླ་བ་མོ་དང་དཔྲལ་བའི་གནས་སུ་སྟེ། འོ་མ་ཅན་ནི་རྡོ་རྗེའི་ལམ། །སྣུམ་མ་མཐུན་པ་ལ་དགའ་མ། །དེ་ལ་འཇམ་མ་སྤྱི་བོར་འབབ། །ལྷ་མོ་བཞི་པོ་འདི་རྣམས་ནི། །

མཆོག་ཏུ་མི་འགྱུར་འདོད་སྦྱིན་མའོ། །འབྱུང་བའི་རྩར་ནི་དེ་བཤད་དེ། །གཞན་རྣམས་འབྱུང་པོ་རྫུ་འཕྲུལ་ཆེ། །མ་ནི་བདེ་བ་ཀུན་རིག་མ། །སྲིང་མོ་བདུད་རྣམས་འཇོམས་པ་མོ། །བུ་མོ་ཡོན་ཏན་ཀུན་དང་ལྡན། །སྲིང་མོའི་བུ་མོ་ཡང་དག་རིག །ནེ་ནེས་ཉོན་མོངས་གཡོ་འབྱེད་དེ། །

གཉེན་མོ་གྲོལ་བ་སྦྱིན་པ་མོ། །ཕའི་འདོད་ཆགས་ཆེན་མོ་ནི། །སྟེར་མ་བདེ་བ་མི་ཟད་པའོ། །ཞང་པོའི་ཆུང་མ་ངེས་པར་ནི། །སྐུ་གསུང་བདག་སྐྱེས་ཡང་དག་རིག །པད་ཅན་མ་ནི་རྩ་རྣམས་ཀུན། །རབ་རྒྱས་དགའ་བ་སྟེར་བ་མོ། །དུང་ཅན་ཡོངས་སུ་བསྐུམས་གྱུར་པས། །རྡོ་རྗེའི་

ནོར་བུ་མཆོག་ཞལ་མ། །སྣ་ཚོགས་འཁོར་བའི་རི་མོ་ཡི། །བསྐྱེད་པས་གནས་དང་འཇོམས་པ་མོ། །གླང་ཅན་བགེགས་རླག་བྱེད་པ་དང་། །རྣལ་འབྱོར་རྣམས་ཀྱི་སྲིད་གཅོད་མའོ། །མྱོས་རླབས་མ་ནི་དེ་བཞིན་དུ། །རང་གིས་རིག་པ་ཟ་བ་མོ། །གཟུགས་མ་གཟུགས་དང་ལྡན་པ་

སྟེ། །དགའ་བ་སྣ་ཚོགས་བདེ་བདག་སྐྱེས། །སྒྲ་མ་གཞོམ་དུ་མེད་པ་ཡིས། །བདེ་བ་ཀུན་གྱི་གནས་ལ་འཕོ། །དྲི་མ་ཡེ་ཤེས་སྣོམ་པ་སྟེ། །རོ་མ་ཡོན་ཏན་རྣམས་ལ་མྱོང་། །རེག་མས་ཀུན་དུ་བྱེད་པ་ནི། །བདེ་བ་དེ་ཡིས་རང་བཞིན་འགྲོ། །ཡིད་མ་སྲིད་པ་ཀུན་གྱི་བདག །འོད་

གསལ་བ་ཡང་ཡང་དག་རིག །ཆོས་དབྱིངས་མ་ནི་ནམ་མཁའ་ཆེ། །ཚོགས་ཅན་མ་ནི་རྩ་ཐམས་ཅད། །རྙེད་མ་རྣལ་འབྱོར་གྱིས་འགེངས་ཏེ། །ཐམས་ཅད་དེ་བཞིན་ཐེ་ཚོམ་མེད། །ལེ་ལོ་སྲིད་པའི་རྒྱུ་རྣམས་ཀྱིས། །གཞན་གནོན་མྱ་ངན་འདས་པར་འགྲོ། །གཡེང་བ་མོ་ནི་བསམ་

Vol. 20 · folio 35b

གཏན་སྤྲོ། །སྒེག་མོ་བྱེད་པར་བརྩོན་པ་མོ། །བཟང་ཞལ་མ་ནི་ཀུན་གནས་སུ། །སྒྱུ་མ་རྨི་ལམ་རབ་འཇུག་མ། །དྲག་མོ་ཡུལ་ལ་སོགས་པ་རྣམས། །ཟ་ཕྱིར་འདིར་ནི་བདག་ཉིད་སྐྱེས། །འཐུང་མ་རྟག་ཏུ་སྙིང་རྗེ་སྟེ། །ཟ་མ་རྣལ་འབྱོར་སྤྱོད་པ་མོ། །འཇིགས་མ་འགྲོ་བ་ཀུན་རྣམས་

ཀྱིས། །ཧཱ་ཧཱར་སྒྲོགས་པ་ཡིས་ནི་ཆོས། །སྟོན་པ་སེམས་ཅན་ཐམས་ཅད་ལ། །རྒྱ་ཆེ་བ་ནི་རབ་འཇུག་མ། །དུར་ཁྲོད་མ་ནི་སྟོང་པ་ཉིད། །ཆོས་བདག་མེད་པའི་མཚན་ཉིད་དོ། །དེ་ལྟར་ལྷ་མོ་ཆེན་མོ་ཀུན། །སངས་རྒྱས་གཟུགས་ནི་ཀུན་འགྲོ་མ། །དེ་ཡི་ནང་དུ་གཞན་རྣམས་དང་། །

ཕྲ་བའི་ཕྲ་བ་མཆོག་རིག་ཕྱིར། །ཞེས་སོ། །དེ་ལྟར་ཡང་འདབ་མ་བཅུ་གཉིས་པའི་པདྨའི་ལྟེ་བའི་དབུས་རྣམས་སུ་བསྒོམ་པར་བྱའོ། །རྩའི་འཁོར་ལོའི་བདག་ཉིད་ཅན་སྐུ་གསུང་ཐུགས་དག་པའི་ཕྱིར་འདབ་མ་སོ་སོར་གསུམ་གསུམ་རང་གིས་རིག་པའི་བདེ་བའི་བདག་ཉིད་ཅན་རྣམས་སོ། །བཅོམ་

ལྡན་འདས་དགྱེས་པ་ཞེས་བྱ་བ་ནི་དབུས་སུ་རྩ་གཅིག་གི་ནང་དུ་གནས་པའོ། །གསུངས་པ་བདེ་བ་སྟེར་མའོ། །རྟག་ཏུ་བཤད་ཅེས་བྱ་བ་ལ་སོགས་པ་ནས་བཤད་པའོ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །དེ་རྣམས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་སུ་ནི་རྩ་སུམ་ཅུ་རྩ་བདུན་པོ་

རྣམས་ཀྱི་ནང་དུ་གང་བདེ་བའི་གཟུགས་དེ་བཅོམ་ལྡན་འདས་ཀྱི་བདེ་བའོ། །དེ་ཅིའི་ཕྱིར་བཅོམ་ལྡན་འདས་དགྱེས་པ་སྟེ་ཐབས་དང་ཤེས་རབ་ཀྱི་བདེ་བའི་བདག་ཉིད་དུ་བཞུགས་ཞེས་བྱ་བའི་དོན་ཏོ། །དེ་ཇི་ལྟར་ཞེ་ན། སེམས་དཔའ་རྩ་ཐམས་ཅད་རོ་གཅིག་པའི་རང་བཞིན་རྡོ་རྗེ་དང་པདྨ་ཡང་དག་

པར་སྦྱོར་བ་ལས་བྱུང་བའི་ཐིག་ལེ་སྟེ། སེམས་དཔའ་ནི་ཐིག་ལེའོ། །དེ་རྣམས་སུ་འཕོ་བའི་སྦྱོར་བས་བར་དུ་གྱུར་པ་ཟག་པ་མེད་པའི་བདེ་བ་དེ་ཞི་བ་མཆོག་ཏུ་དགེ་བ་བྱེད་པ་པོ་དེ་དེ་བཞིན་དུའོ། །དེ་དེ་ལྟར་བདེ་བ་གཟུང་བར་གྱུར་པས། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་སྦྱོར་

བ་དང་ལྡན་པའོ། །དངོས་པོ་དེས་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བར་འབྲེལ་ལོ། །རྩའི་ཡི་གེས་རྡོ་རྗེ་མཁའ་འགྲོའི་སྐུ་ལ་དམིགས་ནས་རྣལ་འབྱོར་མ་སྣ་ཚོགས་ཀྱི་རང་བཞིན་སྐྱེའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེན་པོ་སྟེ་རྩིབས་བཅུ་གཉིས་རྣམས་

Vol. 20 · folio 36a

སུ་ཡང་དག་པར་གནས་པའོ། །གནས་དེར་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་སྐྱེ་བ་ནི་མདོག་ཅེས་བྱ་བ་ལ་སོགས་པ་དེ་ཉིད་དང་བདག་གི་ཞེས་བྱ་བ་ནི་ཧེ་རུ་ཀ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་གཟུགས་ཀྱི་རྣམ་པ་དེའི་རང་བཞིན་འབྱུང་བའོ། །དེའི་

ཕྱིར་འདི་ཡིས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཁྱད་པར་དུ་བྱེད་པ་འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཕག་མོས་སྡུད་པར་བྱེད་པ་རང་ཉིད་ཀྱི་སྐྱོན་བསལ་བ་སྟེ། བཅོམ་ལྡན་འདས་ཐམས་ཅད་སྟོན་པ་པོ་ཞེས་བྱ་བར་དགོངས་སོ། །མཁའ་འགྲོ་མ་ཀུན་བདེ་སྟེར་བ། །ཞེས་

བྱ་བ་ནི་རྩ་ཐམས་ཅད་བདེ་བའི་རང་བཞིན་དུ་ཞེས་བྱ་བར་དགོངས་སོ། །གཞན་རྟོགས་པར་སླའོ། །ད་ནི་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་འདིའི་མངོན་སུམ་དང་རྗེས་སུ་དཔག་པའི་དངོས་པོའི་རབ་ཏུ་གནས་པ་དང་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པའི་ཕྱིར།

གང་སླར་ཡང་ངེས་པར་གཞག་པ་གསུངས་པ། ཐོག་མ་དང་ཐ་མ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ནམ་མཁའ་ཞེས་བྱ་བ་ནི་ཞི་བ་འདས་པ་རབ་ཏུ་གྱུར་པའི་ཡེ་ཤེས་སོ། །ཐོག་མ་མེད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་སྤངས་པ་མཆོག་དང་བྲལ་བ་ནི་དང་པོ་དང་ཐ་མའོ། །ཐ་མ་ནི་དོན་དམ་པ་

དང་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །རབ་ཏུ་མི་གནས་པ་མཆོག་ཏུ་མྱ་ངན་ལས་འདས་པ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་དང་དངོས་པོ་དང་དངོས་པོ་མེད་པ་ལས་རིང་དུ་སོང་བའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདིར་གལ་ཏེ་དེ་སྲིད་དུ་དོན་མེད་པ་ཅན་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་རབ་ཏུ་མི་

གནས་པ་དང་རབ་ཏུ་གནས་པ་དང་བྲལ་བ་ཡིན་ན་དེའི་ཚེ་ལུང་ཐམས་ཅད་དོན་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གསུང་ཡང་ཚད་མར་མི་འགྱུར་རོ། །དེ་རྣམས་ཀྱིས་ཀྱང་དམྱལ་བ་ལ་སོགས་པར་འགྲོ་བར་བྱེད་དོ་ཞེས་གཞན་དག་ཐེ་ཚོམ་ཟ་ན། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་

པའི་ལན་གྱི་ཚིག་གསུངས་པ། གང་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དཔེ་གསུངས་པའོ། །གཞན་དུ་འདུ་ཤེས་ཞེས་བྱ་བ་ནི་གཞན་དུ་ཕྱི་རོལ་གྱི་ནམ་མཁའ་ཡོངས་སུ་བརྟགས་པ་གང་འདྲ་བ་སྟེ། མདོ་སྡེ་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱི་དངོས་པོར་རོ། །དེ་འདྲ་བ་ནི་བདག་རིག་

Vol. 20 · folio 36b

པ་སྟེ་ཞེས་བྱ་བ་ནི་རབ་ཏུ་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་རྡོ་རྗེ་ཕག་མོས་ཡང་དག་པར་རྟོགས་པའོ། །སྣང་བ་མེད་ཀྱང་ཡོངས་སུ་གསལ། །ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བས་སྣང་བ་མེད་པ་དང་དེའི་རྣམ་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་དགའ་བར་བྱེད་པ་ཉིད་

ཀྱི་ཕྱིར་ཡོངས་སུ་གསལ་བར་ཡང་སྟེ་རང་གིས་རིག་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བཅོམ་ལྡན་འདས་འབྱུང་བ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་བདག་ཉིད་འདིར་མེད་པ་སྟེ། གཅིག་དང་དུ་མའི་རང་བཞིན་དང་འདིར་བྲལ་བས་སོ། །དེར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དུ་གོང་

དུ་རྡུལ་ཕྲ་རབ་ཀྱི་ཆ་དྲུག་གིས་དབྱེ་བས་མེད་དོ། །འོན་ཀྱང་ཐ་སྙད་དུ་འཇིག་རྟེན་པ་གཞན་ལ་ཞེས་བྱ་བ་སྟེ་འཇིག་རྟེན་གྱི་ཐ་སྙད་ཙམ་མོ། །མི་བདེན་པའི་བདེན་པ་ཉིད་དེ། དེ་རྣམས་ཀྱི་རྟོག་པ་སྣ་ཚོགས་རྣམས་ལ་གནོད་པར་འགྱུར་ཏེ། དར་གྱི་སྲིན་བུ་བཞིན་ནོ། །དེའི་ཕྱིར་མ་སྐྱེས་པ་

མི་འགག་པ་སྒྱུ་མ་དང་སྨིག་རྒྱུ་དང་མཚུངས་པའོ། །དེར་ནི་མངོན་སུམ་གྱིས་ཀྱང་ཡོད་པར་མ་མཐོང་མི་བདེན་པའོ། །དབང་པོ་རྣམས་ལ་རང་བཞིན་ནི། །མཐོང་ཡང་མེད་པར་བལྟ་བར་བྱོས། །རང་བཞིན་གྱིས་ནི་དབང་པོ་མེད། །དེ་རུ་གཟུགས་ནི་ཇི་བཞིན་མཐོང་། །ཡིད་ཀྱིས་

དམིགས་པའི་གཟུགས་ཀྱང་ནི། །ཡིད་ནི་ནམ་མཁའི་མཚན་ཉིད་དོ། །ཐམས་ཅད་རྒྱུ་རྐྱེན་ཚོགས་ལས་སྐྱེས། །སཱ་ལུ་ལ་སོགས་མྱུ་གུ་བཞིན། །བེམས་པོའི་དངོས་པོ་ཐམས་ཅད་དུ། །རྣམ་པར་འཕྲོ་བར་མི་འདོད་དོ། །དབང་པོ་གཅིག་སོགས་ཐམས་ཅད་ནི། །ཁུ་བ་དང་

ནི་ཁྲག་ལས་བྱུང་། །ལུས་ཀྱིས་སུ་ནི་མི་འདོད་དེ། །སྐད་ཅིག་པས་ན་སྐྱེ་བར་བྱེད། །ཅེས་སོ། །དཔེ་གསུངས་པ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་ནམ་མཁའ་དྲི་མ་མེད་པ་ལས་མེ་སྐྱེས་པ་སྟེ། དེ་བཞིན་འདིར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ནམ་མཁའ་

ལས་བྱུང་བའི་ཡེ་ཤེས་ཀྱི་མེའི་རང་བཞིན་སངས་རྒྱས་ཀྱི་གཟུགས་རང་གི་བག་ཆགས་ཀྱི་སྐྱོན་དང་བྲལ་བས་སེམས་ཅན་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རོ་བྲོ་བ་ནི་གཅིག་དང་དངོས་ལ་ཞེས་བྱ་བ་ནི། སྐྱུ་རུ་ར་ལ་སོགས་པའི་རྫས་གཅིག་ལ་རོ་བྲོ་བར་

Vol. 20 · folio 37a

འགྱུར་ཏེ། དེའི་ནང་ན་དངོས་པོ་མང་པོ་ཞེས་བྱ་བ་ནི་དེ་བཞིན་དུ་ཡང་འཆོས་པ་དང་མྱངས་པ་དང་ལྕེས་རོ་དེ་བཞིན་དུ་གཟུང་བ་དང་བལྡད་པ་དང་མིད་པ་རྣམས་ཀྱིས་ལན་ཚྭ་དང་ཁ་བ་དང་བསྐ་བ་དང་ཚྭ་བ་དང་མངར་བའི་རིམ་པ་ཇི་ལྟར་གོ་བར་བྱའོ། །དེ་ལྟར་སངས་རྒྱས་རྣམས་ཀྱི་སྤྲུལ་

པའི་སྐུ་རྣམས་ཀྱང་ལྷའི་མིག་དང་ལྷའི་རྣ་བ་དང་ལྷའི་སྣ་དང་ལྷའི་རོ་དང་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཟག་པ་ཟད་པ་རྣམས་ཀྱིས་སྣ་ཚོགས་པའི་སེམས་ཅན་རྣམས་ཀྱི་ནང་དུ་གྱུར་པ་ཡིན་ནོ། །དེའི་ཕྱིར་གཅིག་དང་དུ་མའི་རང་བཞིན་ཞེས་བྱ་བ་ནི། གཟུགས་སངས་

རྒྱས་ཀྱི་ཉམས་ཀྱི་རང་བཞིན་ནོ། །དེ་རྣམས་ཀྱི་ཉམས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཉམས་སོ། །ཉམས་ཐམས་ཅད་ཀྱི་ཁྱབ་བདག་ཅེས་བྱ་བ་ནི་སྣ་ཚོགས་པའི་དངོས་པོ་རྣམས་ལ་ཡེ་ཤེས་ཀྱི་རོའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཁྱབ་བདག་ནི་སྣ་ཚོགས་པ་ཕུན་སུམ་ཚོགས་པའོ། །དེ་ལྟར་

མངོན་སུམ་དང་རྗེས་སུ་དཔག་པ་རྣམས་ཀྱིས་ཆོས་བསྒྲུབས་པས་སོ་ཞེས་བྱ་བའོ། །ད་ནི་སེམས་ཅན་རྣམས་ཀྱི་སྔོན་དུ་བཤད་པའི་བཅོམ་ལྡན་འདས་ཀྱི་རང་བཞིན་དེ་རྣམས་ཇི་ལྟར་ལས་ཀྱི་རྗེས་སུ་འབྲངས་པས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་ཕོ་

ཉ་རྣམས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཅུ་གཉིས་རྣམས་ཀྱིས་ངེས་པར་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་སྟེ། ཕོ་ཉ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པ་སུམ་ཅུ་རྩ་བདུན་ནི་ཕོ་ཉའོ། །དེས་བདག་པོ་བྱས་ནས་ཤེས་བྱའི་རྣམ་པའི་གཟུགས་ཀྱི་རང་བཞིན་ཅན་

མངོན་དུ་བཤད་པའི་རྩའི་འཁོར་ལོའོ། །ས་གསུམ་ཞེས་བྱ་བ་ནི་ཁམས་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་མཚན་ཉིད་དེ་གནས་པའོ། །ཟ་ཞེས་བྱ་བ་ནི་རང་གི་དུས་ལས་བྱུང་བའི་རྣལ་འབྱོར་མ་རྣམས་འཁོར་ལོ་གསུམ་གྱི་བདག་ཉིད་ཅན་རྣམས་ཟ་བ་སྟེ། རང་གིས་རིག་པའི་བདེ་བ་

ཐམས་ཅད་ལ་ཁྱབ་པའོ། །དེས་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་མཚན་ཉིད་རྣམས་ཀྱིས་མཚན་མ་མེད་པ་དང་བཏང་སྙོམས་ཀྱིས་བཟའ་བར་བྱའོ། །མཆོག་ཏུ་ཞེས་བྱ་བ་ནི་མཆོག་ཏུ་མྱ་ངན་ལས་འདས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཤེས་རབ་ཅེས་བྱ་བ་ལ་སོགས་

Vol. 20 · folio 37b

པ་སྟེ། ལྷ་གཞན་མིན་ཞེས་བྱ་བ་ནི་གང་གི་ཚེ་ཐབས་དང་ཤེས་རབ་སྙིང་རྗེ་ཆེན་པོའི་བདག་པོའོ། །དེ་བཞིན་དུ་ཡང་ས་གསུམ་གྱི་སྒྲས་འདོད་ཆགས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། མཆོག་དང་བྲལ་བ་དང་ལྷན་ཅིག་སྐྱེས་པའི་དགའ་བ་འདི་རྣམས་ལ་ཐ་དད་པ་ཉིད་མེད་དོ། །ཐམས་ཅད་

ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནས། དབུ་མའི་ཡི་གེ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །དགའ་བ་གསུམ་པོ་འདི་རྣམས་ཀྱི་ངེས་པའི་ཚིག་གསུངས་པ། གཟུང་ཞེས་བྱ་བ་ལ་སོགས་པ་སྟེ་གཟུང་བྱ་མིན་པ་ནི་གཟུང་བར་བྱ་བ་

མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་འདོད་ཆགས་མིན། །ཞེས་བྱ་བ་སྟེ། དངོས་པོ་རྣམས་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཀྱི་མཆོག་ཏུ་དགའ་བའི་མཚན་ཉིད་ཀྱི་རང་བཞིན་གྱི་འདོད་ཆགས་ཀྱིས་དེར་འཁྲུལ་པ་སྟེ་ལྷན་ཅིག་སྐྱེས་པའི་ཆོས་ཀྱིས་དམིགས་པར་བྱེད་

པར་མི་འགྱུར་ཏེ་བར་དུ་གཅིག་ཏུ་ནི་མཆོག་ཏུ་དགའ་བ་དང་འདོད་ཆགས་ཙམ་དུ་གནས་པ་མ་ཡིན་པར་མི་འགྱུར་རོ། །བྲལ་བའི་དགའ་བ་ལ་ཡང་ཆགས་པར་མི་བྱའོ། །དེའི་དོན་དུ་བྲལ་བའི་དགའ་བ་ཉམས་པ་སྟེ། དེ་ལ་ཡང་དགའ་བར་མི་བྱའོ་ཞེས་བྱ་བ་སྟེ། བྲལ་བའི་དགའ་

བ་བསགས་པའི་ཡེ་ཤེས་དེ་ཉིད་ལ་དམིགས་པར་མི་བྱའོ། །དེ་གཉིས་དབུས་ན་གནས་པ་ཡི། །ཆོས་དེ་ཡང་དག་པར་དམིགས་མེད། །ཅེས་བྱ་བ་སྟེ་དབུས་སུ་གནས་པའི་མཆོག་དང་བྲལ་བ་གཉིས་ཀྱི་སྟེ་ལྷན་ཅིག་སྐྱེས་པའི་དགའ་བའི་ཆོས་གང་འདིར་རྣམ་པར་བརྟགས་ན་རྒྱུ་

རྐྱེན་གྱི་དབང་གིས་སྐྱེ་བ་སྟེ། དེ་ཉིད་ལ་ཉེ་བར་དམིགས་པ་མེད་ཅེས་བྱའོ། །བསྒྲུབ་པར་བྱ་བ་ཅི་ཞེ་ན། །དཔེ་བྱར་མེད་པ་ཡི་ནི་ཆོས། །རྡོ་རྗེ་ལ་ནི་དགའ་བར་གྱིས། །ཞེས་བྱ་བ་སྟེ། མི་ཕྱེད་པའི་རྡོ་རྗེའི་ཡེ་ཤེས་དབྱེ་བ་མེད་པའི་ཆོས་ཀྱི་ཡེ་ཤེས་ཚད་མེད་པ་དཔེ་དང་བྲལ་

བའི་དོན་ཅན་ལ་དགའ་བར་གྱིས་ཞེས་བྱ་བར་དགོངས་སོ། །དེ་ལྟར་ལྷའི་རྣམ་པའི་རྣལ་འབྱོར་བདག་ཅེས་བྱ་བ་ནི་སྦྱོར་བ་འདི་ཡིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་སྟེ། འཕྲལ་དུ་ཡིད་ཆེས་བྱེད་པ་ཅན། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་འབྲས་བུ་སྟེར་བ་པོ་རང་གི་འདོད་པའི་ལྷ་བསྒོམ་

Vol. 20 · folio 38a

པ་ཙམ་གྱིས་ཞེས་བྱ་བའོ། །དེའི་མི་མཐུན་པའི་ཕྱོགས་བྱིས་པའི་སྐྱེ་བོ་ལ་བརྟེན་པ་གཞན་གྱི་རྣལ་འབྱོར་གྱི་དབང་དུ་བྱས་ནས་གསུངས་པ། ལུགས་མ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་ལྟར་སྔོན་དུ་བཤད་པའི་རྣལ་འབྱོར་སྤངས་ནས་ལུགས་མ་དེ་བཟླས་པ། རི་མོ་ལ་སོགས་

པའི་སྦྱོར་བ་ལ་བརྟེན་པའོ། །དེས་རྣམ་པར་བྱས་པའི་དབྱིབས་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་སྐྱེས་བུའི་རྣམ་པར་འགྲོ་བའོ། །ཐར་པ་ལ་གནས་པར་མི་འགྱུར་རོ། །འདི་ཡང་། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་མི་རིག་སྟེ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །

དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་སོ། །འོན་ཀྱང་སྔོན་དུ་བཤད་པའི་རྣལ་འབྱོར་གྱིས་ཁྱད་པར་དུ་བྱེད་པ་སྟོང་པ་ཉིད་དང་པོར་དུ་བ་ལ་སོགས་པའི་རྟགས་བཅུས་ཨ་ཝ་དྷཱུ་ཏཱིའི་ནང་དུ་སོན་པ་རབ་ཏུ་བསྒྲུབས་པ་སྟེ། ཡན་ལག་དྲུག་གི་རྣལ་འབྱོར་གྱིས་ཀྱང་མཚོན་པར་བྱའོ་ཞེས་བྱ་བའོ། །དེ་ཡང་།

སོ་སོར་སྡུད་དང་དེ་བཞིན་དུ། །བསམ་གཏན་སྲོག་རྩོལ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བའི་ཡན་ལག་དྲུག་ཏུ་འདོད། །ཅེས་སོ། །དེས་སྒོམ་པ་པོ་གནས་པ་པོ་ལ་སོགས་པ་དེས་རང་གི་གཟུགས་མཐོང་བའོ། །རང་བྱིན་བརླབ་པའི་མཚན་ཉིད་དོ། །ཞེས་བྱ་བ་

ནི་ཁ་དོག་སྣ་ཚོགས་ཀྱི་རང་བཞིན་རྣམས་སུ་མཐོང་བའོ། །དེ་ལྟར་ལུགས་མ་ལ་སོགས་པ་ལ་རང་བཞིན་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྟེ། རང་བྱིན་གྱིས་བརླབ་པའི་མཚན་ཉིད་དོ། །རང་བྱིན་བརླབ་ཅེས་བྱ་བ་ལ་སོགས་པས་རྟོགས་པར་སླའོ། །དེའི་ཕྱིར་ཞེས་བྱ་བ་ལ་

སོགས་པས་སྒྱུ་མ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ཐོག་མར་དཔེ་བཅུ་གཉིས་རྣམས་ཀྱིས་ཉེ་བར་མཚོན་པར་བྱའོ་ཞེས་བྱ་བ་སྟེ། དེ་ལ་སྒྱུ་མ་དང་སྨིག་རྒྱུ་དང་མེ་ལོང་གི་གཟུགས་བརྙན་དང་། བརྒྱ་བྱིན་གྱི་གཞུ་དང་སྤྲིན་དང་དྲི་ཟའི་གྲོང་ཁྱེར་དང་། ཆུའི་ཟླ་བ་དང་། ཆུའི་ཆུ་བུར་དང་། གསལ་

སྣང་དང་དབང་པོའི་དྲ་བ་དང་རྨི་ལམ་དང་བྲག་ཅའོ། །དེ་ལྟར་སྒྱུ་མ་ལ་སོགས་ཀུན། །རྣལ་འབྱོར་རྣམས་ཀྱི་རང་མཚན་ཉིད། །ཕུང་པོ་སྒྱུ་མའི་རང་བཞིན་ཏེ། །རྣམ་ཤེས་བརྒྱད་ནི་སྨིག་རྒྱུའོ། །མེ་ལོང་གི་ནི་གཟུགས་བརྙན་ཀྱང་། །དབང་པོ་རྣམས་ཀྱི་རང་བཞིན་ནོ། །ཡུལ་རྣམས་བརྒྱ་

Vol. 20 · folio 38b

བྱིན་གྱི་ནི་གཞུ། །སྐྱེ་མཆེད་སྤྲིན་གྱི་གྲིབ་མའོ། །ཁམས་ནི་དྲི་ཟའི་གྲོང་ཁྱེར་ཏེ། །ལས་ཀྱི་དབང་པོ་ཟླ་བ་གང་། །ཆུ་བུར་ལས་ཀྱི་བྱ་བ་སྟེ། །དངོས་པོ་རྣམས་ནི་གསལ་སྣང་བཞིན། །དབང་པོའི་དྲ་བ་འཁོར་བ་སྟེ། །རྨི་ལམ་དང་མཉམ་བལྟ་བར་གྱིས། །འདོད་ཆགས་ལ་སོགས་

བྲག་ཅར་ནི། །བསྒོམ་པར་བྱ་ཞིང་བཟློག་པར་གྱིས། །དེ་ཕྱིར་འདི་རྣམས་སྒྱུ་མ་ཆེ། །རང་བཞིན་མཐའ་ཡི་རྒྱལ་བའོ། །ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་བླ་ན་མེད་པ་འཐོབ་ཅེས་བྱ་བ་སྟེ། བྱང་ཆུབ་ཅེས་བྱ་བ་ནི་བྱང་ཆུབ་ཆེན་པོ་སྟེ། སྒྱུ་མའི་རྒྱལ་བ་རྣམས་དང་དབྱེར་མེད་པ་ཉིད་ཀྱིས་

འོད་གསལ་བ་རང་བཞིན་གྱིས་འབྱུང་ཞེས་པའོ། །སྐྱེ་བ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཀྱང་། རྨི་ལམ་དང་ནི་མཉམ་པར་མཐོང་། །ཞེས་བྱ་བ་ནི་གང་གི་ཕྱིར་བྱང་ཆུབ་ཀྱང་རྨི་ལམ་བཞིན་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པའོ། །དེ་ལ་འདི་འདྲ་བའི་ཡེ་ཤེས་བྱང་ཆུབ་ཆེན་

པོའི་རང་བཞིན་ནོ། །ཅི་བྱས་པས་འགྲོ་བ་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་སྟེ། རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྣལ་འབྱོར་མ་ཞེས་བྱ་བ་ནི་རྣལ་འབྱོར་མའི་རྒྱུད་དེ་དེ་ལྟར་གཉིས་པོ་བདུན་ཅུ་རྩ་གཉིས་སུ་འགྲོའོ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཕྱིར་

རོ། །ཡང་ན་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་དུ་སྟེ། ཡང་དག་པའི་ཏིང་ངེ་འཛིན་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་རྣམས་སུ་བདག་པོ་ཅན་དཀྱིལ་འཁོར་རེ་རེའི་ཡང་རྣལ་འབྱོར་མ་རེ་རེ་གཙོ་བོ་བཅུ་གཉིས་རྣམས་ཀྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་གཙོ་བོ་ཡིས་སོ། །

ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་འཁོར་ལོའི་རྩིབས་སུམ་ཅུ་རྩ་དྲུག་པའི་དཀྱིལ་འཁོར་སོ་སོའི་དབུས་ཀྱི་ས་གཞི་རྣམས་སུ་འགྱུར་རོ། །རྣལ་འབྱོར་མ་རྣམས་ཀྱི་དབྱངས་ཐུང་ངུ་རྣམས་ཀྱང་སུམ་ཅུ་རྩ་དྲུག་རྣམས་ཏེ། ཨ་ཨི་རྀ་ཨུ་ལྀ་ཨཾ། ཨཻ་ཨཽ་ཡ་ར་ལ་ཝ་ཨེ་ཨོ། ཧ་ཤ་ཥཿས་

ཧཾ། ཨཀ། ཨ་ཙ། རྀཏ། ཨུབ། ལྀ་ལ། ཨཾཀྵ། ཡ་ཡ། ར་ར། བ་བ། ལ་ལ། ཨེ་ཨཻ། ཨོ་ཨཽ། ཧ་ཀ །ཤ་ཙ། ཥཊ། པ་པ། ས་ལི། ཨོཾ་ཀྵ། ཞེས་བྱ་བ་སྟེ་དེ་བཞིན་དུ་རྣལ་འབྱོར་མ་རྣམས་དང་། དཔའ་བོ་དེ་རྣམས་དང་སྙོམས་པར་ཞུགས་པའི་སྦྱོར་བ་རྣམས་གསལ་བྱེད་

Vol. 20 · folio 39a

སུམ་ཅུ་རྩ་དྲུག་སྟེ། དེ་ནི་ཀ་ཁ་ག་གྷ་ང་ཀཾ །ཙ་ཚ་ཛ་ཛྙ་ཉ་ཙཾ། ཊ་ཋ་ཌ་ཌྷ་ཎ་ཊཾ། པ་ཕ་བ་བྷ་མ་པཾ། ཏ་ཐ་ད་དྷ་ན་ཏཾ། ཨ་ཧ། ཨཤ། །ཨཥ། ཨཧ། ཨས། ཨཀྵ། ཞེས་བྱ་བ་ནི་རྒྱུད་དག་ཏུ་སྟེ་དེ་ཕྱིར་འཇིག་རྟེན་པ་དག་ཅེས་བྱ་བ་ནི། འདི་རྣམས་ལ་དབྱངས་དང་

གསལ་བྱེད་ཀྱི་རྒྱུད་དག་གིས་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་སྤྲོ་བ་དང་བསྡུ་བའི་བྱེད་པ་རྣམས་ནི་སངས་རྒྱས་ཀྱི་འཇིག་རྟེན་དུ་འབྱུང་བའོ། །དེའི་ཕྱིར་འཇིག་རྟེན་རྣམས་ཀྱི་སངས་རྒྱས་མི་འབྱུང་བས་འཇིག་རྟེན་པའི་རྒྱུད་དོ་ཞེས་བྱ་བར་དགོངས་སོ། །སྔགས་ཀྱི་སྐུ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་

ནི་དེ་བཞིན་དུ་སྐུ་སྟེ་ལྷ་དང་ལྷ་མོ་གང་རྣམས་ཀྱི་སྐུའོ། །དེའི་ཕྱིར་རང་ཉིད་མངོན་སུམ་ཞེས་བྱ་བ་སྟེ། ཐུང་ངུ་དང་རིང་པོའི་དབྱེ་བས་དབྱངས་དང་གསལ་བྱེད་རྣམས་སུ་གནས་སོ། །རང་ཉིད་ནི་རང་བྱུང་བའོ། །མངོན་སུམ་དུ་ནི་རྣམ་པ་དང་བཅས་པའོ། །དེ་ཡང་འཁོར་ལོ་གསུམ་རྣམས་སུ་མངོན་

པར་ཉིས་འགྱུར་ཞེས་བྱ་བ་ནི་འཁོར་ལོ་སྡོམ་པ་གསུམ་དུ་སྔོན་དུ་བཤད་པའི་དབྱངས་དང་གསལ་བྱེད་རྣམས་ཏེ། །དེ་ཉིད་འཁོར་ལོ་གཅིག་གོ། །དེའི་ཕྱིར་དེ་བཞིན་དུ་བཤད་པའི་ཉིས་འགྱུར་དུ་བྱའོ། །གཉིས་པ་ཉིས་འགྱུར་ཞེས་བྱ་བ་ནི་འཁོར་ལོ་དྲུག་གོ། །དེ་ཡང་ཐབས་དང་ཤེས་རབ་སྙོམས་

པར་འཇུག་པས་སྔོན་དུ་བཤད་པའི་འཁོར་ལོ་གསུམ་གྱི་བདག་ཉིད་དོ། །བཤད་ཅེས་བྱ་བ་ནི་བརྗོད་པ་སྟེ་འཁོར་ལོ་གསུམ་མོ། །ཙའི་ཡི་གེས་ནི་འཁོར་ལོ་དགུའི་བདག་ཉིད་ཀྱི་འཁོར་ལོ་ཡང་ངོ་། །དེའི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་དྲུག་སོ་སོའི་འཁོར་ལོ་འཁོར་ལོ་བཅུ་

གཉིས་ཀྱི་བདག་ཉིད་དེ་ཉིས་འགྱུར་ཞེས་བྱ་བར་དགོངས་སོ། །དེ་ཇི་ལྟར་མི་མཐུན་ཞེ་ན། བཤད་པ་སྔར་བཤད་པའི་འཁོར་ལོ་གསུམ་དང་དྲུག་དང་དགུ་རྣམས་རྩིབས་བརྒྱད་པ་རྣམས་སོ། །འོན་ཀྱང་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་རྩིབས་སུམ་ཅུ་སོ་དྲུག་དང་མི་མཐུན་ཞེས་བྱ་བའོ། །དེ་

ལྟར་གསུམ་དང་དྲུག་དང་དགུ་དང་བཅུ་གཉིས་ཀྱི་འཁོར་ལོ་རྣམས་རིམ་པ་ཇི་ལྟ་བས་དོན་དམ་པའི་དབྱེ་བས་སྐུ་བཞི་རྣམས་ཏེ་ལྷན་ཅིག་སྐྱེས་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་སུ་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་གསུམ་པ་ཞེས་བྱ་བ་ལ་སོགས་པ་སྟེ།

Vol. 20 · folio 39b

ལུས་ལ་སོགས་པའི་ཁམས་གསུམ་ནི་འཇིག་རྟེན་གསུམ་སྟེ། གང་གི་ཕྱིར་འདིར་གནས་ཆེན་པོ་སྟེ། གནས་དེ་རྣམས་ནི་དཀྱིལ་འཁོར་འཁོར་ལོའི་རང་བཞིན་ཞེས་བྱ་བའོ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན་སྐུ་བཞི་རྣམས་ཀྱང་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་གནས་པའོ། །

ལྷག་མའི་དབྱངས་དང་གསལ་བྱེད་རྣམས་ནི་ལེའུ་བཅོ་ལྔ་པར་འཆད་པར་འགྱུར་བས་བཤད་པར་བྱ་སྟེ། ལྷན་སྐྱེས་ཆེན་པོ་དང་ཆོས་ཆེན་པོ་དང་ལོངས་སྤྱོད་རྫོགས་པ་ཆེན་པོ་དང་། སྤྲུལ་པ་ཆེན་པོ་ཞེས་བྱ་བར་དགོངས་སོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ཕག་མོ་

བདག་ཉིད་ཀྱི་སྐྱོན་སྤང་ངོ་། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཡང་དཔའ་བོ་ཆེན་པོའི་དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་སྟེ། དཔའ་བོ་ཆེན་པོ་ནི་འཁོར་ལོ་བཅུ་གཉིས་ཀྱི་བདག་ཉིད་ལ་སོགས་པ་དེ་རྣམས་ལ་དབང་ཕྱུག་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་གྱི་

རང་བཞིན་གྱིས་མཆོག་ཏུ་ཕུན་སུམ་ཚོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའིའོ། །དེ་བཞིན་གཤེགས་པ་དཔའ་བོ་རྣམས་ཏེ་གཤེགས་པའི་སྒྲ་ནི་ཡེ་ཤེས་ཀྱི་དོན་ཏོ། །དེ་ཉིད་བཅོམ་ལྡན་འདས་ཏེ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཁམས་སྣ་ཚོགས་པའི་ནང་དུ་སོན་པ་བརྟན་པ་

དང་འགྲོ་བ་ལ་སོགས་པ་རང་རང་གི་སྐུ་སོ་སོར་སྣང་བར་གྱུར་པ་དབང་པོ་ལ་སོགས་པ་དང་བྲལ་བ་གསུངས་པའི་ཆོས་མཚོན་པར་བྱེད་པ་ཡེ་ཤེས་དང་ཤེས་བྱ་འདྲེས་པའི་བདག་ཉིད་ཅན་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བས་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེའི་རོལ་པས་རྣམ་པར་འཛིན་པ་

པོའི་རང་བཞིན་གྱི་བདེ་བ་ལས་རང་གི་ངོ་བོ་ཉིད་མཛེས་པ་བསྐྱེད་པའོ། །མཆོག་ནི་གཙོ་བོ་བདེ་བའོ། །རྡོ་རྗེ་ནི་མི་ཕྱེད་པའོ། །ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་རྣམ་པར་སྤངས་པ། ཐམས་ཅད་གཅིག་ཏུ་གྱུར་པས་སེམས་དཔའོ། །དེའི་ཕྱིར་དཔའ་བོ་ཐམས་ཅད་ལས་ཀྱི་ཚོགས་

ཀྱི་རང་བཞིན་དུ་གནས་ཏེ་ཡེ་ཤེས་ཀྱི་རྣམ་པར་རོ། །དེ་རྣམས་ཀྱི་མཉམ་པར་སྦྱོར་བ་ནི་སྣ་ཚོགས་པའི་ཉི་མ་དང་འཕོ་བ་དང་སྔགས་བཟླས་པ་རྣམས་ཀྱིས་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བས་གསུངས་སོ་ཞེས་བྱ་བར་འབྲེལ་ལོ། །ད་ནི་ཀླུའི་སྔགས་ཀྱི་སྒོ་ནས་འཆད་པར་

Vol. 20 · folio 40a

འགྱུར་བའི་གཏོར་མ་དང་འཁོར་ལོ་མཆོད་པ་དག་གི་དེ་ཁོ་ན་ཉིད་སྟོན་པ་གསུངས་པ། ཆོས་དང་ཆོས་མིན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་མིན་གང་དུ་ནུབ། །ཅེས་བྱ་བ་ནི་གནས་གང་དུ་ནུབ་པར་གྱུར་པའི་རང་བཞིན་གྱིས་འོད་གསལ་བའི་ནང་དུ་གྱུར་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ཀྱང་

རྣམ་པར་དག་པའོ། །བྱང་ཆུབ་དེར་ནི་ཡིད་གཟུང་གྱིས། །ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་གནས་སུ་ཉིད་ཀྱིས་ལྷ་དང་ལྷ་མ་ཡིན་ལ་སོགས་པ་འཆད་པར་འགྱུར་བ་རྣམས་ཀྱི་བོད་པའོ། །བྱང་ཆུབ་ཡིད་ཅེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཡང་དག་པར་

རྫོགས་པའི་བྱང་ཆུབ་ལ་སེམས་ཆིངས་ཤིག་པ་ནི་མངོན་སུམ་དུ་རྟོགས་པར་གྱིས་ཤིག་པའོ། །གྲུབ་པ་ལྷ་དང་ལྷ་མ་ཡིན། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་གང་ཟག་གཅིག་འབའ་ཞིག་གིས་མ་ཡིན་ཏེ་རྣམ་པར་རྟོག་པ་མེད་པའོ། །གཞན་ཡང་གྲུབ་པ་དང་ལྷ་དང་ལྷ་མ་ཡིན་ལ་སོགས་

པ་རང་གི་བདག་ཉིད་ཀྱི་རྣམ་པར་རྟོག་པ་གང་རྣམས་ཀྱི་མངོན་སུམ་དུ་རང་གིས་དེ་བཞིན་དུ་ཟ་བ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་རིང་དུ་བྱེད་པར་འགྱུར་བའོ། །འགྲོ་བ་དང་ནི་འོང་བ་འཆད། །ཅེས་བྱ་བ་ནི་དེ་རྣམས་ཀྱི་རྣམ་པར་རྟོག་པ་མེད་པ་ལ་སོགས་པ་ཏིང་ངེ་འཛིན་གྱིས་

འཁོར་བའི་རྒྱུན་རྣམས་འོང་བ་དང་འགྲོ་བ་དང་རྣམ་པར་ཤེས་པ་ཡང་འཆད་པར་འགྱུར་བའོ། །སྤྱོད་ལམ་ལ་སོགས་པའི་ཆོས་ཐམས་ཅད་ལེན་པས་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཉན་ཐོས་ལ་སོགས་པའི་ཚུལ་རྣམས་དང་ཐ་མལ་པའི་བདག་ཉིད་ཅན་རྣམས་ཀྱི་ཡང་འཁོར་ལོ་

མཆོད་པ་དང་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དང་གཏོར་མའི་ལས་ཀྱིས་ཀྱང་དེ་བཞིན་དུ་འདག་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོའོ། །འདིར་བཤད་པ། ཆོས་ནི་འོད་གསལ་བྱང་ཆུབ་སྟེ། །ཆོས་མིན་རྟོག་པའི་བག་ཆགས་སོ། །རྣམ་པར་རྟོག་པ་ནུབ་པ་ན། །བྱང་

ཆུབ་ཅེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་བྲལ་བ་བྱང་ཆུབ་སྟེ། །སངས་རྒྱས་ཕན་དགོངས་མཛད་རྣམས་ཀྱིའོ། །མི་རྣམས་ཀྱིས་ནི་གཟུང་བྱ་བ། །གཏོར་མ་མཆོད་སོགས་དེའི་བདག་ཉིད། །གྲུབ་པ་ལྷ་དང་ལྷ་མིན་སོགས། །རང་བཞིན་སྐད་ཅིག་གིས་བཟའ་བྱ། །རང་གིས་རང་

Vol. 20 · folio 40b

བཞིན་འཛིན་པ་ན། །འགྲོ་དང་འོང་བ་རྣམ་པར་སྤངས། །ཞེས་བྱ་བའོ། །ད་ནི་གཞན་ཡང་སྔོན་དུ་གསུངས་པའི་ཚིགས་སུ་བཅད་པ་འདིའི་རིགས་པས་རྣམ་པར་དག་པས་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་དབང་བསྐུར་བ་དང་སྦྱིན་སྲེག་གི་ཐབས་དང་སློབ་དཔོན་གྱི་ཡོན་ལ་སོགས་པ་དང་རབ་

གནས་ཀྱི་རྣམ་པར་དག་པ་ཡང་བཤད་དེ། དེར་ཡང་དབང་པོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་བསྟན་པ་གསུངས་པ། དབང་པོ་ནི་དཀྱིལ་འཁོར་རོ། །དེའི་ཐིག་གདབ་པ་ནི་རྣམ་པར་དཔྱད་པའོ། །ཡུལ་ནི་དབང་བསྐུར་ཏེ་སྣ་ཚོགས་པའི་བདེ་བའི་རང་བཞིན་ཉིད་ཀྱི་

ཕྱིར་རོ། །ཐམས་ཅད་ཅེས་བྱ་བ་ནི་མིག་ལ་སོགས་པའོ། །ཁམས་ནི་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་ལ་སོགས་པ་གཏུམ་མོའི་དཀྱིལ་འཁོར་གྱི་དབུས་སུ་བསྲེག་པར་བྱ་བ་སྟེ་སྦྱིན་སྲེག་གི་ཐབ་བོ། །སྐྱེ་མཆེད་རྣམས་ཞེས་བྱ་བ་ནི་སློབ་དཔོན་གྱི་རང་བཞིན་ཉིད་པས་སོ། །སློབ་དཔོན་གྱི་ཡོན་ནི་སེམས་

ཅན་རྣམས་ཡང་དག་པའི་བྱང་ཆུབ་ཀྱི་ལམ་རྣམས་སུ་རབ་ཏུ་འཇུག་པའོ། །ནིའི་ཡི་གེས་རབ་གནས་ཀྱི་རྣམ་པར་དག་པ་སྟེ་རང་གི་རིག་པའི་ཡེ་ཤེས་དང་འོད་གསལ་བའི་རྣམ་པའོ། །དེ་ལྟར་རང་བཞིན་གྱི་ཡེ་ཤེས་སྐྱེ་བ་དང་ནི་འགག་པ་སྟེ་ཞེས་བྱ་བ་ནི་སྒྱུ་མའི་རྣམ་པའི་མཚན་ཉིད་ཀྱིས་སོ། །

དེ་དང་བྲལ་བ་གང་ཡིན་པ་ནི་འཆིང་བ་སྟེ། དེ་ཉིད་དེ་བཞིན་དུ་གསུངས་པ། །རྨོངས་པ་རྣམས་ཏེ་འཁོར་བ་ལ་ཀུན་དུ་རྨོངས་པའོ། །དེས་མཁས་པ་སྟེ་སྐྱེ་བོ་གཞན་རྨོངས་པ་ངེས་པར་སྒྲོལ་བ་ཞེས་བྱ་བར་དགོངས་སོ། །བཟོ་སོགས་རང་གི་རིགས་རྣམས་ཀྱིས། །དངོས་པོ་ཀུན་ལ་མཁས་

པ་དང་། །ཡི་གེ་གཅིག་གིས་མཁས་པ་ནི། །ཀུན་མཁྱེན་ཐམས་ཅད་རིག་པ་མཆོག །ཅེས་སོ། །ད་ནི་དགྲོལ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་རྣམས་ཀྱིས་མཆོད་པ་བཞི་ལ་སོགས་པ་སྟོན་པ་སྟེ། འོན་ཀྱང་སྤྱི་བསྡུས་པས་དབང་པོ་ཞེས་བྱ་བ་ལ་

སོགས་པ་ནས་གནས་པའོ་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་ཡུལ་ལ་སོགས་པ་གཟུང་བ་དང་འཛིན་པ་ཉིད་ཀྱིས་རྣམ་པར་རྟོག་པ་འཇོམས་པར་གསུངས་པ། ཡོངས་སུ་ཤེས་པས་འགྲོལ་བའོ། །ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འཁྲུལ་པས་

Vol. 20 · folio 41a

དྲི་ཟའི་གྲོང་ཁྱེར་ལྟ་བུར་ཡོངས་སུ་མ་ཤེས་པས་འཆིང་བའོ། །སྐྱེ་བ་དང་འགག་པ་རྣམ་པར་དཔྱད་པས་དངོས་པོ་མེད་པའི་ཕྱིར་དེ་རྣམས་ཀྱིས་ཡོངས་སུ་ཤེས་པ་དང་ལྷན་ཅིག་རྣམ་པར་དཔྱད་པས་མ་འཁྲུལ་པས་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཡང་འཆད་པར་

འགྱུར་བའི་མཆོད་པ་བཞི་ལ་སོགས་པ་དེ་ཁོ་ན་ཉིད་རྣམས་ཀྱིས་དགྲོལ་བ་སྟེ། རྨོངས་པས་ཡོངས་སུ་ཤེས་པ་སྤངས་པ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་ཅེས་བྱ་བ་ནི་སྣ་ཚོགས་པ་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་མེད་པ་སྟེ་སྣ་ཚོགས་གཅིག་གི་རྣམ་པ་ཉིད་པས་དངོས་སུ་མཆོད་པའི་

ཁམས་གསུམ་གནས་པའོ། །ལུས་ལ་སོགས་པའི་ཁམས་སུ་གནས་པར་བཤད་པས་འོད་གསལ་བའི་སེམས་དེ་སྟོན་པའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་གི་མཚན་ཉིད་ཆོས་ཐམས་ཅད་ཡོངས་སུ་ཤེས་པའོ། །དེས་དེ་བཞིན་དུ་བཤད་པར་འགྱུར་རོ། །དེ་ལྟར་ཡང་གསུངས་

པ། སྣ་ཚོགས་འོད་གསལ་བ་ནི་མ། །དངོས་པོ་ཀུན་གྱི་ཕ་ཡིས་ནི། །སྐྱེད་པར་བྱེད་ཅིང་དེ་བཞིན་དུ། །སྲུན་ཏེ་ཀུན་རྫོབ་ཏུ་ནི་སོན། །འོད་གསལ་དང་བྲལ་བྱང་ཆུབ་ནི། །བདག་བྱིན་བརླབ་པ་མི་མཐོང་ངོ་། །དེ་ཡིས་བྱང་ཆུབ་ངེས་ཤེས་པས། །བསྟན་བྱ་སྟོན་པ་དབྱེར་མེད་དེ། །

ཀུན་རྫོབ་དང་ནི་དོན་དམ་པ། །གཙོ་བོ་དང་ནི་དཀྱིལ་འཁོར་པ། །རྣམ་པ་གཅིག་ཏུ་རིག་གང་གིས། །དེ་ནི་བསྲུང་བ་ཀུན་དུ་སོན། །ཞེས་སོ། །ད་ནི་འདི་རྣམས་ཀྱི་སྲུང་བ་དྲུག་རྣམས་ཀྱི་གོ་ཆ་ལ་སོགས་པའི་ལེའུ་རྣམས་ཀྱི་བདག་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་དྲུག་རྣམས་

ཀྱིས་མདོར་བསྟན་པ་གསུངས་པ། བདག་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཆང་ཆེན་པོ་དང་དཔལ་ཡེ་ཤེས་ཀྱི་རྒྱ་མཚོའོ། །ཁྱོད་དང་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའོ། །མཆོག་ཅེས་བྱ་བ་ནི་མཆོག་གི་དགའ་བ་ལས་བྲལ་བའི་ཐོག་མ་སྟེ། དེ་གཉིས་སུ་མེད་པ་དག་ལས་

བྱུང་བའོ། །ཚོགས་ཀྱི་གཙོ་བོ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་རང་བཞིན་གྱི་བཅོམ་ལྡན་འདས་སོ། །མ་བྱུང་བ་ནི་འཁྲུལ་པའི་ཡེ་ཤེས་ཀྱི་རྣམ་པར་མ་སྐྱེས་པ་སྟེ་དབང་པོ་ལ་སོགས་པ་དང་བྲལ་བ་ཉིད་ཀྱིས་སོ། །འོ་ན་ཉན་ཐོས་ལ་སོགས་པའི་ཚུལ་སྣ་ཚོགས་པའི་ཆོས་བཅོམ་ལྡན་འདས་

Vol. 20 · folio 41b

ཀྱིས་བསྟན། དེ་ཇི་ལྟར་མ་བྱུང་བ་ལྷན་ཅིག་སྐྱེས་པའི་རང་བཞིན་ཡིན། དེ་ཇི་ལྟར་དེ་ཡང་འཁྲུལ་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དབང་པོ་དང་བྲལ་བས་བསྟན་པར་བྱ་བའི་དངོས་པོ་མེད་པ་ཉིད་ལ་སྟོན་པ་པོ་དང་བྲལ་ན་ཐམས་ཅད་དོན་མེད་པར་འགྱུར་རོ། །དེའི་ཕྱིར་དེའི་དབང་དུ་བྱས་ནས་བཤད་

པ། གང་སྨྲས་པ་དེ་བདེན་ཏེ། འོན་ཀྱང་བྱིས་པའི་རང་བཞིན་ཅན་རྣམས་ཀྱིས་ཡོངས་སུ་བརྟགས་པ་མེད་དོ། །ཅིའི་ཕྱིར་མེད། སྨྲས་པ། མ་འཁྲུལ་བ་ནི་སངས་རྒྱས་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། ཇི་ལྟར་མེ་ལོང་ལ་རླངས་ཀྱིས་ཁྱབ་པ་དྲི་མ་མེད་པར་སོང་བ་བཞིན་ཤིན་ཏུ་

རྣམ་པར་དག་པ་རྣམ་པར་རྟོག་པ་ཐམས་ཅད་དུ་ནུབ་པར་གྱུར་པའི་སེམས་བདེ་བ་ལ་སོགས་པའི་གནས་སྐབས་དང་བྲལ་བ་དེ་འཛིན་པ་ལ་རྣམ་པར་ཤེས་པ་བརྒྱད་ལ་སོགས་པ་ལེན་པ་ལས་སེམས་ཅན་གྱི་ཚོགས་ཀྱང་མི་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་རང་བཞིན་གྱི་བདག་ཉིད་ཅན་དང་

སེམས་ཅན་ལྷག་མ་རྣམས་འདྲེན་པར་འདོད་པ་ཉིད་ཀྱི་བྱང་ཆུབ་ཀྱི་ལམ་འཐོབ་པར་བྱ་བའི་ཕྱིར་སྒྱུ་མའི་རང་བཞིན་དུ་སྟོན་པ་སྟེ་སྨོས་ཅི་དགོས། དེའི་ཆོས་གསུངས་པ། སྤྱོད་ལམ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་ལམ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའོ། །དེ་ལ་བསླབ་པའི་ཚུལ་གྱིས་

ཐོག་མར་སེམས་ཅན་རྣམས་འཇུག་པར་བྱེད་དེ་འདུལ་བ་དང་ཆོས་མངོན་པ་གཉིས་ཀྱི་གཞུང་རྒྱ་ཆེན་པོ་ལའོ། །སོགས་ཀྱི་སྒྲས་སྣ་ཚོགས་པའི་འཇིག་རྟེན་པའི་བསྟན་བཅོས་དང་རྟོག་གེ་སྣ་ཚོགས་པ་དང་སྤྱོད་པ་སྣ་ཚོགས་པའི་ཕ་རོལ་པོའི་གྲུབ་མཐའ་ཡང་ངོ་། །བྱེ་བྲག་ཆོས་ཞེས་བྱ་བས་ནི་

མུ་སྟེགས་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པའི་ཆོས་ཀྱང་ངོ་། །མདོ་སྡེ་ཞེས་བྱ་བ་ནི་མདོ་སྡེའི་སྡེ་སྣོད་དེ་ཐེག་པ་ཆེན་པོའི་མདོ་སྡེ་སྣ་ཚོགས་ཀྱང་ངོ་། །རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཙམ་གྱི་ཆོས་སངས་རྒྱས་ཀྱི་ཡུམ་ལ་སོགས་པའོ། །དབུ་མ་ཞེས་བྱ་བ་ནི་སྙིང་པོའི་ཆོས་དང་ཐེག་པ་

ཆེན་པོའི་དབུ་མ་ཆེན་པོ་མཐའ་བཞི་དང་བྲལ་བ་སྐལ་བ་དང་ལྡན་པ་རྣམས་ཀྱི་བྱང་ཆུབ་བོ། །དེ་ལྟར་ཐམས་ཅད་གཞུང་ཆེས་ཀྱིས་དོགས་པའི་འཇིགས་པས་བདག་གིས་མ་བཤད་དེ། སྣ་ཚོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསུངས་པའི་བསྟན་བཅོས་རྣམས་སུ་ཉེ་བར་མཚོན་པར་

Vol. 20 · folio 42a

བྱའོ། །དེའི་ཕྱིར་མ་ཡིན་ནོ། །དེ་ཇི་ལྟར་སྣ་ཚོགས་པའི་བསྟན་བཅོས་རྣམས་གལ་ཏེ་དེ་སྲིད་སངས་རྒྱས་རྣམས་ཀྱིས་སྐབས་ཕྱེ་བ་ལས་སེམས་ཅན་གྱི་ཁམས་དེ་བསྟན་བཅོས་གཅིག་ཀྱང་འདུལ་བར་འགྱུར་རོ། །དེའི་ཕྱིར་གསུངས་པ། མོས་པའི་སེམས་ཅན་ལ་བཤད་པ། །

ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་མའི་དུས་སུ་སྣ་ཚོགས་པའི་བསམ་པ་ཅན་གྱི་སེམས་ཅན་རྣམས་ཀྱི་མོས་པ་དང་རང་རང་གི་བསམ་པ་རྣམས་གསལ་བར་བྱེད་པའི་བསྟན་བཅོས་གསུངས་ཏེ་ཤཱཀྱ་ཐུབ་པ་འབའ་ཞིག་གིས་གསུངས་པ་མ་ཡིན་ཏེ་བསྐལ་པ་བཟང་པོ་འདིའི་དབུས་སུ་རྣམ་པར་གཟིགས་ལ་

སོགས་པས་ཀྱང་བསྟན་པའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་བཞུད་པའམ་བྱོན་པའི་དངོས་པོ་རྣམས་ཀྱི་རྐྱེན་ཙམ་གྱིས་མ་ཡིན་ཏེ། རྒྱུ་རྐྱེན་ཚོགས་པའི་དབང་གིས་སོ། །དེས་ན། བདེན་པ་མ་ཡིན་བརྫུན་པ་མིན། །ཞེས་བྱ་བ་སྟེ། དངོས་པོ་ཐམས་ཅད་དང་སངས་རྒྱས་ལ་སོགས་པ་དམ་

པའི་དངོས་པོ་ཡང་མི་བདེན་པ་ཉིད་ཀྱིས་འཁྲུལ་པའི་ཡེ་ཤེས་ཏེ་ཐམས་ཅད་མི་སྲིད་པའི་ཕྱིར་རོ། །དེ་ཡོད་པ་མ་ཡིན་ཏེ་ཡེ་ཤེས་དང་ཤེས་བྱ་དང་ཤེས་པ་དང་ཤེས་པ་པོ་རང་གི་ངོ་བོས་མི་བདེན་པ་དང་ཐམས་ཅད་རྣམ་པར་རྟོག་པ་ནུབ་པའི་ཕྱིར་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་སངས་རྒྱས་ལ་སོགས་

པ་ཡང་ངོ་། །བརྫུན་པ་མིན་ཞེས་བྱ་བ་ནི་རང་གིས་འདི་ལྟར་རྟོག་པ་ལས་བྱུང་བས་འདོད་ཆགས་ལ་སོགས་པ་རྣམས་ཏེ། ཇི་ལྟར་ལ་ལ་ན་ཡང་སྨྱུག་མ་ལ་སོགས་པའི་ཡལ་ག་ནགས་ཐིབས་པོར་རླུང་གིས་བསྐྱེད་པར་གྱུར་པས་གཡོ་བ་ཉིད་དང་ས་གཅིག་ལ་གཅིག་དྲུད་པ་ལས་སྒྲ་འབྱུང་བ་དང་

སླར་ཡང་དུ་བ་དང་འོད་ཟེར་འཕྲོ་བ་དང་འབར་བའི་བར་དུ་འབྱུང་སྟེ་ནགས་ཐམས་ཅད་ཀྱི་མཐར་བསྲེག་གོ། །སླར་ཡང་མྱུ་གུ་བསྲེག་གོ། །དེ་བཞིན་དུ་ཡང་ནས་ཡང་དུ་བྱེད་དེ་ནགས་ཇི་སྲིད་ཅེས་བྱ་བར་ངེས་པའོ། །དེ་བཞིན་དུ་སངས་རྒྱས་ལ་སོགས་པ་དང་སེམས་ཅན་རྣམས་ཀྱི་རང་ཉིད་ཀྱི་རྣམ་པར་

རྟོག་པ་ལས་འབྱུང་བ་སྟེ་དགེ་བ་དང་མི་དགེ་བ་ལ་སོགས་སོ། །དགེ་བ་ལས་སངས་རྒྱས་རྣམས་རང་གི་བདག་ཉིད་རྣམ་པར་མི་རྟོག་པར་བྱེད་དོ། །ཡང་ནས་ཡང་དུ་དེའི་གནས་སྐབས་སུ་འགྱུར་རོ། །མི་དགེ་བ་ལས་འགྲོ་བ་དྲུག་ན་གནས་པའི་སེམས་ཅན་རྣམས་རང་ཉིད་ཀྱིས་བསྲེག་གོ། །ཡང་

Vol. 20 · folio 42b

ནས་ཡང་དུ་དེ་ཉིད་དུ་འགྲོ་བ་འཛིན་ཏོ། །དེའི་ཕྱིར་དགེ་བའི་དབང་གིས་སངས་རྒྱས་རྣམས་ཀྱིས་ཆོས་སྟོན་པར་སོ་སོར་གསལ་བའོ། །ཉོན་མོངས་པ་དམ་པོ་ཅན་རྣམས་ཀྱིས་ནི་འགྲོ་བ་དྲུག་རྣམས་སུ་གནས་པར་འགྱུར་རོ། །དེ་རྣམས་ཀྱི་དགེ་བའི་བག་ཆགས་ཀྱིས་རྣམ་པར་རྟོག་པ་མེད་པ་ཡང་ངོ་། །

བཤད་པ་རྣམས་ཀྱིས་ཀྱང་བརྫུན་པ་མིན་ཞེས་བྱ་བར་འབྲེལ་ལོ། །དེ་འདིར་ཇི་ལྟར་དགེ་བ་རྣམ་པར་རྟོག་པ་ཡིན་ཞེ་ན། དེ་ཉིད་ཀྱི་ཕྱིར་གསུངས་པ། གང་གི་ཕྱིར་ཕྱག་ཅེས་བྱ་བ་ལ་སོགས་པ་སྟེ། གཞན་ནི་འབུམ་ཚོ་སྟོང་ཕྲག་གོ། །ཞེས་བྱ་བ་ནི་བདུད་བྱེ་བ་མནན་པ་སྟེ་མ་གསུངས་ཀྱང་སྙིང་རྗེ་

ཆེན་པོས་དམིགས་ནས་མཐའ་མེད་ཅིང་ཐུག་པ་མེད་པ་གྲངས་མེད་པའི་བདུད་མནན་པ་ནི་རང་གི་སེམས་ཀྱི་བག་ཆགས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའོ། །དེ་ཉིད་མི་བདེན་པའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་འཆི་བ་མེད་པའི་རང་བཞིན་གྱི་སྒྲུབ་ཐབས་གདམས་པའི་མཚན་ཉིད་རྣམས་ཀྱིས་

མཚོན་པའོ། །ཕྱག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླ་སྟེ། བདེ་མཆོག་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་སུ་དཔལ་ཧེ་རུ་ཀ་བསྒོམ་པར་བྱ་བ་ནི་མ་ཡིན་ནོ། །དེ་ཉིད་གསུངས་པ། གང་དང་ཞེས་བྱ་བ་ལ་སོགས་པས་སྣ་ཚོགས་པའི་རྒྱུད་རྣམས་ཀྱི་གཙོ་

བོའོ། །ཕྱི་ཞེས་བྱ་བ་ནི་བྱ་བ་དང་སྤྱོད་པའོ། །གསང་བ་ཞེས་བྱ་བ་ནི་དཔལ་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དོ། །ནང་གི་བདག་ཉིད་ཅེས་བྱ་བ་ནི་ངེས་པར་བརྗོད་པ་ལ་སོགས་པ་རྣལ་འབྱོར་མའི་རྒྱུད་རྣམས་ཀྱིའོ། །དེ་དང་དེའི་ཞེས་བྱ་བ་ནི་གསུངས་པའི་རྒྱུད་རྣམས་སུ་ལྷའི་གཙོ་བོའི་སྐུ་

ཧེ་རུ་ཀའི་བདག་ཉིད་བསྒོམ་པར་བྱའོ། །དེ་ལྟར་ཧེ་རུ་ཀའི་རྣམ་པར་རང་འདོད་པའི་ལྷ་ཐམས་ཅད་ཉེ་བར་མཚོན་པར་བྱའོ། །གལ་ཏེ་ཧེ་རུ་ཀའི་རྣམ་པ་རྒྱུད་སྣ་ཚོགས་སུ་རང་འདོད་པའི་ལྷ་ཡིན་ན། དེའི་ཚེ་སྒྲོལ་མ་འབྱུང་བ་ལ་སོགས་པའི་རྒྱུད་ཡོད་པར་འགྱུར། གསུངས་པ། དབྱེ་བ་མོས་པའི་

དབང་གིས་ཏེ། །ཞེས་བྱ་བ་སྟེ། སེམས་ཅན་རྣམས་ཀྱི་སྔོན་གྱི་བག་ཆགས་ཀྱི་དབང་གིས་སེམས་ཅན་མོས་པ་སྣ་ཚོགས་སོ། །འདིར་དེ་བཞིན་དུ་དབང་དང་ཡོངས་སུ་བྱ་བ་ལ་སོགས་པ་གསུངས་སོ། །བདེན་པའི་བྱིན་གྱིས་བརླབས་པ་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས་མེ་ཏོག་བསྐྱུར་བ་

Vol. 20 · folio 43a

ལ་སོགས་པས་རང་གི་རིགས་ཀྱང་ཉེ་བར་མཚོན་པར་བྱའོ། །གང་གིས་དངོས་གྲུབ་རིགས་འགྱུར་བ། །དེ་ཡི་རིགས་ཀྱི་སྣོད་ཅན་ཏེ། །ལྷ་རྣམས་རིགས་ཀྱི་རིམ་པར་ནི། །མེ་ཏོག་བསྐྱུར་བས་འདིར་འགྱུར་ཤོག །ཅེས་བྱ་བས་བྱིན་གྱིས་བརླབས་སོ། །དེའི་ཕྱིར་དབྱེ་བར་དགོངས་

སོ། །རྒྱུད་དང་རྒྱུད་ཀྱི་ནང་དུ་མཆོག །ཅེས་བྱ་བ་ནི་རྒྱུད་སྣ་ཚོགས་པ་རྣམས་སུ་གཙོ་བོ་མ་ཡིན་པར་རོ། །དཔལ་ཧེ་རུ་ཀ་ཡང་ཡི་གེ་བཞི་རྣམས་ཀྱིས་སྐུ་བཞིའི་རང་བཞིན་དུ་གསུངས་ཏེ། གང་གི་ཕྱིར་དེའི་དགོངས་པ་རྣམས་དང་བྲལ་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་སུ་མི་འགྱུར་ཞིང་མུ་སྟེགས་ཀྱི་

ཆོས་དང་མཉམ་མོ། །དེ་བཞིན་དུ་ཡང་ཀྱེའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཡི་གེ་བཞི་རྣམས་ཀྱི་ངེས་པའི་ཚུལ་གསུངས་པ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དང་བྲལ་ཏེ། །ཀ་ནི་གང་དུའང་མི་གནས་སོ། །དེ་ལྟར་མཆོག་དང་གཙོ་བོའི་

གཟུགས་སུ་གསུངས་པའོ། །མིང་ཅི་འདྲར་ཤེས་པར་བྱ་ཞེས་བྱ་བ་ནི་རང་རང་གི་རྒྱུད་རྣམས་སུ་རང་གི་འདོད་པའི་ལྷ་དཔལ་སྒྲོལ་མ་ལ་སོགས་པའི་མིང་ངོ་། །འོན་ཀྱང་ཧེ་རུ་ཀ་བསྲེ་ཞེས་བྱ་བ་ནི་དཔལ་འཇིག་རྟེན་དབང་ཕྱུག་ཧེ་རུ་ཀ་སྟེ་དེ་ལྟར་མཐའ་མེད་པའི་སངས་རྒྱས་ཀྱིས་གར་མཛད་པ་རྣམས་

སུ་སངས་རྒྱས་ཧེ་རུ་ཀ་ལ་སོགས་པར་ཤེས་པར་བྱའོ། །ཁ་དོག་དེ་དང་འདྲ་ཞེས་བྱ་བ་ནི་ཇི་ལྟར་དཀར་པོ་དང་དམར་པོ་ལ་སོགས་པ་རང་རང་གི་རྒྱུད་རྣམས་སུ་གསུངས་པའི་མདོག་གོ། །དེ་བཞིན་དུ་འདིར་ཡང་བྱའོ། །བཞུགས་ཚུལ་ཧེ་རུ་ཀའི་རྣམ་པ་ཞེས་བྱ་བ་ནི་ཕྱག་བཅུ་གཉིས་པ་ཞལ་བཞི་པ་སྤྱན་

གསུམ་པ་རལ་པའི་ཅོད་པན་ཅན་གར་དང་ལྡན་པ་ཞབས་གཡས་བརྐྱང་བས་གནོན་པ་ནི་འཕྲོག་བྱེད་དང་དཀར་མོ་ལ་སོགས་པ་སྣ་ཚོགས་པ་མནན་པ་ཕག་མོ་ལ་སོགས་པ་ལ་འཁྱུད་པ་མཚོན་ཆ་གླང་པོ་ལ་སོགས་པ་ནས་རྩེ་གསུམ་པ་འཛིན་པ་བསྒོམ་པར་བྱའོ་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ས་རྣམས་ཞེས་བྱ་བ་ལ་

སོགས་པ་ནི་ས་བཅུ་གཉིས་རྣམ་པར་དག་པས་ཕྱག་བཅུ་གཉིས་སོ། །མ་གསུངས་ཀྱང་དགའ་བ་བཞི་རྣམ་པར་དག་པས་ཞལ་བཞིའོ། །སྤྱན་བཅུ་གཉིས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། དེ་བཞིན་དུ་ཡོངས་སུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་

Vol. 20 · folio 43b

གྲུབ་པ་དང་། མཚན་གཞི་དང་། མཚན་ཉིད་དང་། མཚོན་པ་དང་། དེ་བཞིན་དུ་སྣང་བ་དང་སྣང་བ་གསལ་བ་དང་སྣང་བ་ཐོབ་པ་རྣམ་པར་དག་པའོ། །རལ་པའི་ཅོད་པན་ནི་དྲང་པོ་མིན་པའི་སྐྱེ་བོ་ཐམས་ཅད་གདུལ་བའི་ཕྱིར་འཁྱོག་པར་བྱས་པའོ། །གར་དང་ལྡན་པ་ནི་སྒེག་པ་ལ་སོགས་པའི་ཉམས་དང་

ལྡན་པ་སྟེ་གསུང་རབ་ཡན་ལག་དགུ་རྣམས་སོ། །གཡས་བརྐྱང་བས་མནན་པ་ནི་གཡོན་པ་དང་གཡས་པའི་སྣའི་བུ་ག་རྣམས་སུ་ས་ལ་སོགས་པའི་དཀྱིལ་འཁོར་མནན་པའོ། །འཕྲོག་བྱེད་དང་དཀར་མོ་ནི་སྲེད་པ་དང་ཞེ་སྡང་མནན་པའོ། །སྣ་ཚོགས་པའི་བདུད་ནི་དམ་པ་མ་ཡིན་པའི་བག་ཆགས་སྣ་

ཚོགས་ཀྱི་རང་བཞིན་ལུས་ལ་སོགས་པ་ལས་སྐྱེས་པ་ཡོངས་སུ་མནན་པའོ། །ཕག་མོ་ལ་སོགས་པ་ལ་འཁྱུད་པ་ནི། སྣ་ཚོགས་པའི་ཆོས་ཀྱི་ལུང་གི་རྗེས་སུ་འབྲང་བ་དང་། ཐབས་སྣ་ཚོགས་པ་དང་གདམས་ངག་སྣ་ཚོགས་པས་སྟོང་པ་ཉིད་ལ་དམིགས་པའོ། །མཚོན་ཆ་ནི་བགེགས་ལ་སོགས་

པ་འཁོར་བའི་སྡུག་བསྔལ་སྟེར་བ་པོ་རྣམ་པར་འཇོམས་པའོ། །དེ་ལྟ་བུའི་སྣ་ཚོགས་པའི་བཅོམ་ལྡན་འདས་ལ་ལས་དང་པོ་པས་རང་རང་གི་དད་པའི་དབང་དུ་སོང་བས་བག་ཆགས་ངན་པ་ཡོངས་སུ་སྤངས་པའི་ཕྱིར་དང་ཁྱད་པར་འཕགས་པའི་བག་ཆགས་ལ་དམིགས་པར་བྱའོ་ཞེས་བྱ་བའོ། །དེའི་ཕྱིར།

དེས་ན་ཧེ་རུ་ཀ་དང་འདྲ། །ཞེས་བྱ་བ་སྟེ་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་དང་བདེ་བ་ཆེན་པོ་དང་འདྲ་བ་སྟེ། རང་རང་གི་ལྷག་པར་མོས་པའི་དབང་གིས་སྣ་ཚོགས་པའི་སངས་རྒྱས་ཀྱི་གར་མཛད་པ་ཧེ་རུ་ཀའི་རྣམ་པ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཀྱེའི་རྡོ་རྗེར་གསུངས་པ། འགྲོ་བ་ཐམས་

ཅད་ང་ལས་བྱུང་། །ས་གསུམ་པོ་ནི་ང་ལས་བྱུང་། །འདི་དག་ཐམས་ཅད་ང་ཡིས་ཁྱབ། །འགྲོ་བ་གཞན་ནི་ངས་མ་མཐོང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །སླར་ཡང་དེ་ལྟར་འདི་གསུངས་པ། །སངས་རྒྱས་བྱེ་བ་ཡོངས་བྱུང་བ། །སེམས་ཅན་བྱེ་བའི་དོན་ཕྱིར་རོ། །ཐམས་ཅད་

སྒྱུ་མའི་རང་བཞིན་དུ། །སྒྱུ་མ་ཉིད་དུ་དམིགས་པ་དེས། །རྣམ་པར་བསྒྱིངས་པའི་སྒྱུ་མ་དེས། །ལས་ཅན་རྣམས་ཀྱི་དབང་པོ་སོགས། །ལས་འབྲས་བུ་ཡང་ཟ་བ་སྟེ། །དགེ་དང་མི་དགེའི་འགྲོར་སོང་བ། །དེ་ནི་བདེན་མིན་བརྫུན་པ་མིན། །མི་བདེན་པ་ཡི་ཟས་ལོངས་སྤྱོད། །སྣ་ཚོགས་

Vol. 20 · folio 44a

གཟུགས་ནི་མི་བདེན་ཏེ། །སངས་རྒྱས་ཀྱིས་གསུངས་བདེན་པ་མིན། །མ་ལུས་གོ་འཕང་བདེན་པ་ནི། །བདེན་མིན་མཐའ་ཡི་བར་བརྟགས་པའོ། །དེ་ལྟར་དེ་བཞིན་སྒྱུ་མ་ཆེ། །སྤྲུལ་པ་སངས་རྒྱས་ཀྱིས་སྤྲུལ་པ། །ཀུན་རྫོབ་ཀྱི་ནི་བདེན་པའི་གཟུགས། །ཡེ་ཤེས་

ཤེས་བྱ་གཉིས་སུ་གནས། །བདེན་དང་མི་བདེན་བསྒོམ་པར་བྱ། །ཇི་ལྟར་པི་ཝང་གི་ནི་སྒྲ། །རྒྱུ་རྐྱེན་དབང་གིས་འབྱུང་བ་སྟེ། །རྩོལ་བ་རྒྱུད་དང་ལག་པས་སོ། །དེ་བཞིན་དུ་ནི་གསུངས་པའི་ཆོས། །ཕན་ཚུན་ཉམས་སུ་མྱོང་བ་ཡིས། །ཐོག་མ་མེད་ནས་སྒྱུ་མར་གནས། །མཐར་མེད་

པ་དེ་འབྱུང་མེད་ཕྱིར། །ཐམས་ཅད་བདག་པོ་དེ་བྱང་ཆུབ། །སྒྱུ་མ་ཆེ་ལས་ཀུན་འབྱུང་ངོ་། །ཞེས་སོ། །འདིར་གསུངས་པ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་པོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པའི་ཕྱིར་ཏེ། འཁོར་བའི་རྒྱུན་

གཅོད་པར་མཛད་པའི་ཁྱབ་བདག་ཅེས་བྱ་བའི་དོན་ཏོ། །ཡང་ན་སྭཱའི་ཡི་གེ་གསུམ་རྣམས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་རླུང་གི་བར་དུའོ། །ས་ཞེས་བྱ་བ་ནི་ས་ཐམས་ཅད་ཀྱི་སྟེང་རྣམས་སུའོ། །ཨ་ཞེས་བྱ་བ་ནི་ནམ་མཁའ་ལ་གནས་པ་རྣམས་ཀྱི་དཔའ་བོ་དང་དཔའ་མོའི་རང་བཞིན་ལའོ། །མི་ཞེས་

བྱ་བ་ནི་ཡི་གེ་གཉིས་ཏེ་སད་པ་ལ་སོགས་པའི་གནས་སྐབས་དང་བྲལ་བའོ། །བདེ་བ་ཆེ་ཞེས་བྱ་བ་ནི་འདིས་ས་འོག་ལ་སོགས་པ་ན་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་ནི་བདེ་ཆེན་ནོ། །དེའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱིའོ། །དེའི་ཕྱིར་དེ་ལྟར་རྡོ་རྗེ་མཁའ་འགྲོ་ཞེས་

པ་སྟེ། ཌཱ་ནི་ནམ་མཁའ་བདེ་བ་ཆེན་པོའོ། །ཨ་ཀའི་སྒྲས་སོ། །མཁའ་འགྲོ་མ་ནི་རྣལ་འབྱོར་མ་རྣམས་ཏེ་འགྲོ་བ་ཉིད་དང་འཇུག་པའོ། །དེ་རྣམས་དང་དབྱེར་མེད་པ་ཉིད་ཀྱི་སྟེ། རྡོ་རྗེ་ནི་ཁྱད་པར་དུ་བྱེད་པ་གཉིས་སུ་མེད་པ་གང་ཡིན་པ་དེ་རྡོ་རྗེ་མཁའ་འགྲོ་བདག་པོ་ཞེས་བྱ་བར་འབྲེལ་

ལོ། །དེ་ལྟར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་སྟོང་པ་ཉིད་ཀྱི་སྒྲ་འབྱུང་སྟེ། །ཇི་ལྟར་བརྒྱ་ལ་ཞིག་ན་ཡང་ནམ་མཁའ་དྲི་མ་མེད་པ་ལས་སྒྲ་འབྱུང་ངོ་། །དེ་བཞིན་དུ་བདག་གིས་དེ་ལྟར་རྡོ་རྗེ་ཕག་མོ་ལ་སོགས་པ་མཁའ་འགྲོ་མ་ཐམས་

Vol. 20 · folio 44b

ཅད་དང་ལྷན་ཅིག་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་ཞེས་ཏེ། གང་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་རྣམས་ཀུན་དུ་འཕོ་བའོ། །དེས་དེ་བཞིན་མཆོག་ཏུ་བདེ་ཞེས་བྱ་བ་སྟེ། བདེ་བ་ཆེན་པོའི་རང་བཞིན་དུ་ཆོས་ཐམས་ཅད་རྟོགས་པའོ། །

བཅོམ་ལྡན་འདས་ཀྱིས་གསུངས་པ་རྡོ་རྗེ་ཕག་མོས་བསྡུ་བ་མཛད་པ་རང་གི་རྒྱུད་ཡོངས་སུ་སྤངས་པ་ནི་འདི་ཞེས་བྱ་བ་སྟེ་དེ་ལྟར་ལེའུ་ཡོངས་སུ་རྫོགས་པའོ། །དེ་ཡང་ཐོག་མར་འཇུག་པ་ཡེ་ཤེས་ཀྱི་རྒྱ་མཚོ་འདིའོ། །རྒྱ་མཚོ་དྲུག་ལ་སོགས་པའི་དང་པོའོ། །དཔལ་མཁའ་འགྲོ་རྒྱ་མཚོ་ཞེས་བྱ་

བ་ནི། དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་དང་གཉིས་སུ་མེད་པའོ། །མཁའ་འགྲོའི་སྒྲ་སྔོན་དུ་བཤད་དོ། །རྒྱ་མཚོ་ཞེས་བྱ་བ་ནི་ཁྱད་པར་ཏེ། གཉིས་སུ་མེད་པའི་རྒྱ་མཚོ་དང་། རང་བཞིན་ཤེས་པར་བྱ་བའི་དོན་རྣམ་པ་སྣ་ཚོགས་པ་འདིའོ། །རྣལ་

འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་དེ་ལྟར་སྣ་ཚོགས་པའི་རྣམ་པ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོའི་དབུས་སུ་འཁོར་ལོས་སྒྱུར་བ་ཆེན་པོ་བཞིན་གསལ་བའོ། །ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པ་ཡན་ལག་བཅུ་བདུན་གྱི་ངོ་བོ་ཐམས་ཅད་ཀྱི་མངོན་པར་བརྗོད་པ་ཞེས་བྱ་བ་སྟེ་རྣམ་གྲངས་

སོ། །དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ལས་རྒྱུ་མཚན་དམ་པ་ལ་སོགས་པའི་ཚིག་སྣ་ཚོགས་པ་རྣམས་ཡན་ལག་བཅུ་བདུན་རྣམས། ལེའུ་ཐམས་ཅད་ཀྱི་དང་པོའི་ལེའུར་བཤད་པ་མདོར་བསྟན་པ་ལས། ལེའུ་དང་པོའི་འགྲེལ་པ་

རྫོགས་སོ།། །།དེ་ལྟར་རྡོ་རྗེ་ཕག་སྐུ་ལ། །ཤེས་བྱ་དེ་ཉིད་རབ་འཇུག་མ། །ཡེ་ཤེས་རྣམ་པའི་རང་བཞིན་གྱིས། །ཆོས་རྣམས་གནས་ལས་སྐྱེད་པ་མོ། །རྣལ་འབྱོར་མ་ཚོགས་མ་ལུས་པའི། །དེ་ཡི་རང་བཞིན་གྱིས་གནས་མ། །གཏུམ་མོ་ལྟ་བུའི་རང་ལྷ་མོ། །མཁའ་

འགྲོའི་གཟུགས་ཅན་ཕྱག་འཚལ་ནས། །དེ་ཉིད་ཉི་མ་ཁྱོད་ལྷ་མོས། །ཤར་བ་འདུས་པ་ཀྱང་ཟག་མེད། །སྣ་ཚོགས་དབུ་མའི་རྩ་ཀུན་དང་། །པདྨ་རྟོགས་པར་བྱེད་མའོ། །དེ་ལྟར་ཡོན་ཏན་གཏེར་བསྟོད་ནས། །བདག་གི་འགྲེལ་པའང་བརྗོད་བྱ་སྟེ། །བླ་མ་རྡོ་རྗེ་འཆང་རྣམས་ཀྱི། །

Vol. 20 · folio 45a

སྤྲུལ་པས་མངོན་སུམ་རྗེས་གནང་བའོ། །དེ་ནས་རྡོ་རྗེ་ཕག་མོའི་ལེའུ་གཉིས་པའི་དབང་དུ་བྱས་ནས་གསུངས་པ། བསྐྱེད་པ་ལ་སོགས་པ་དང་རྡོ་རྗེ་ཕག་མོ་ལ་སོགས་པའི་གོ་ཆའི་སྔགས་དང་རྩ་བའི་སྔགས་རྣམས་ཀྱི་འཁྲུལ་འཁོར་རྣམས་དང་། གཙོ་མོ་དང་། དཀྱིལ་འཁོར་

བསྒོམ་པ་དང་། དེ་ཁོ་ན་ཉིད་ཀྱི་རང་བཞིན་ཀྱང་འཆད་པར་འགྱུར་རོ། །མཆོད་བྱས་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའོ། །སླར་ཡང་ནི་ཐོག་མ་ལ་ལྟོས་པའོ། །མཆོད་པ་ཞེས་བྱ་བ་ནི་གཏུམ་མོ་འབར་བར་གྱུར་པས་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་རྡོ་རྗེ་

ཕག་མོ་དེའི་མཆོད་པའི་རང་བཞིན་རྣམས་སུ་མཆོད་པར་བྱའོ་ཞེས་བྱ་བའོ། །ལྷ་རྫས་རྣལ་འབྱོར་མ་ཞེས་བྱ་བ་ནི་སེང་གེ་དང་འཕྲོག་བྱེད་དང་དབྱིག་གི་སྙིང་པོ་ལ་སོགས་པ་རྣམས་ཀྱི་བདག་མོའི་ལྷ་མོའོ། །སེང་གེ་ནི་ཁྱབ་འཇུག་སྟེ་སེམས་སོ། །འཕྲོག་བྱེད་ནི་བདེ་བྱེད་དེ་བྱང་ཆུབ་ཀྱི་སེམས་སོ། །

དབྱིག་གི་སྙིང་པོ་ནི་ཚངས་པ་སྟེ་བ་ཐག་ལྟ་བུའི་ལུས་ཀྱི་རྩའོ། །སོགས་ཀྱི་སྒྲས་སྣ་ཚོགས་པའི་ལྷ་རྣམས་ཀྱང་མིག་ལ་སོགས་པ་རྣམ་པར་གཞག་པའི་རང་བཞིན་གྱི་བདག་ཉིད་ཅན་དེ་རྣམས་ཀྱི་བདག་པོ་སྟེ། རང་གིས་རིག་པའི་བདག་ཉིད་ཅན་ལྷ་རྫས་ཀྱི་རྣལ་འབྱོར་མ་ཞེས་བྱ་བའི་དོན་ཏོ། །

དེའི་རང་བཞིན་གྱི་བདག་ཉིད་ཅན་བསྟན་པར་མ་བརྗོད་ཅེས་བྱ་བ་ལ་སོགས་པ་ནས་དགོངས་པ་ནས་དགོངས་པ་ཞེས་བྱ་བའི་བར་དུ་དྲིས་པ་སྟེ། ཕྱེད་དང་བཅས་པའི་ཚིགས་སུ་བཅད་པས་སོ། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་

རང་གི་སེམས་ཀྱི་རྒྱལ་པོ་བླ་མའི་ཉེ་བར་བསྟན་པའི་དབང་གིས་ཡུལ་རྣམས་ཀྱི་ཕན་ཚུན་རྗེས་སུ་ཕྱེ་བ་ལས་ཐིམ་པར་གྱུར་པ་ནི་རྨི་ལམ་ལྟར་རྟོགས་བཞིན་པ་ལ་སྔོན་ཆོས་ཉན་པ་ལ་སོགས་པ་དང་། སྒོམ་པ་ལ་སོགས་པ་ནི་བཅོམ་ལྡན་འདས་སོ། །བདག་པོ་ཞེས་བྱ་བ་ནི་ལེའུ་སྔོན་མར་བཤད་

པ་བཞིན་ནོ། །ཅི་བསྟན་པར་མཛོད་ཅེས་གསུངས་པ། ཕག་མོ་ཞེས་བྱ་བ་སྟེ་མདོར་བསྡུས་ན་རྡོ་རྗེ་ཕག་མོ་བདག་གི་མིང་ཡི་གེ་གསུམ་བྱེད་པ་མདོར་བསྟན་པའོ། །ཅི་ལས་བྱུང་བ་ཞེས་བྱ་བ་ནི་ཅིའི་ཕྱིར་བསྐྱེད་པ་གསུངས་ཤིག་པའོ། །སྐྱེད་པ་གང་གིས་བསྐྱེད་པ་ཡིན་ཞེས་བྱ་བ་ནི། གང་གིས་

Vol. 20 · folio 45b

ཕག་མོས་ཞེས་བྱ་བའི་མིང་གི་ཡི་གེ་གསུམ་ལས་འབྱུང་བར་འགྱུར་བའོ། །རང་བཞིན་ཇི་ལྟར་འདོད་ཅེས་བྱ་བ་ནི་ཡི་གེ་འདི་རྣམས་ཀྱི་རང་བཞིན་ཇི་ལྟར་འགྱུར་བའོ། །བདག་འབྱུང་བའི་རྒྱུ་མཚན་ཅི་ཞེས་བྱ་བ་ནི་དེ་ལྟར་ཡི་གེ་གསུམ་ལས་བདག་རྡོ་རྗེ་ཕག་མོ་ཇི་ལྟར་བྱུང་། འདིར་ནི་དགོངས་པ་ཇི་

ལྟར་ཡིན་ཞེས་བྱ་བ་ནི་ཡང་ན་ངའི་དངོས་པོས་དགོས་པ་དེ་གང་ཡིན་ཞེས་དྲིས་པ་སྟེ། དྲི་བ་བཞི་པོ་འདི་རྣམས་ཀྱི་བཅོམ་ལྡན་འདས་ཀྱི་ལན་ནི། དབང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་གསུམ་རྣམས་སུ་ནི་སྐྱེ་གནས་ཏེ། དེ་ཡང་དངོས་པོ་ཕག་མོ་ཅན་ཐོག་མར་འཇུག་པར་འགྱུར་ཏེ།

འཆད་པར་འགྱུར་བའི་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་དམིགས་པར་འགྱུར་རོ། །དེའི་ཏིང་ངེ་འཛིན་གྱི་དབུས་མ་ལ་གཏུམ་མོ་རབ་ཏུ་སྦར་ཏེ་གཡོན་པ་དང་གཡས་པའི་བར་དུ་རྒྱུ་བ་རྣམས་ཀྱིས་ཡོངས་སུ་བསྡུས་པའི་ཕྱིར་རོ། །དབང་པོ་ལ་སོགས་པ་ཐམས་ཅད་ལ་ཞེས་བྱ་བ་ནི་ཕུང་པོ་དང་

ཁམས་དང་སྐྱེ་མཆེད་ལ་སོགས་པ་ལ་ཡང་ངོ་། །ལྟེ་བའི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་བདག་པོ་རྩ་ལ་སོགས་པའི་དཀྱིལ་འཁོར་དུ་ནི་ལྟེ་བའོ། །དེར་རབ་ཏུ་བཞུགས་ཞེས་བྱ་བ་ནི་རང་གི་རིག་པ་རྟོགས་པའོ། །སྟེང་དུ་ཁ་བལྟས་འབབ་ཅེས་བྱ་བ་ནི་རང་གི་རིག་པ་མཚོན་དུ་

མེད་པ་ཉིད་ཀྱི་ཕྱིར་རོ། །བཱའི་ཡི་གེས་རླུང་སྟེ་རྡོ་རྗེ་ཕག་མོ་ལ་སོགས་པའི་གཟུགས་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ཐམས་ཅད་དུ་རྗེས་སུ་འགྲོ་བའི་རྣལ་འབྱོར་མའི་གཟུགས་ཅན་ནོ། །སྤྱི་བོའི་རྡོ་རྗེ་གུར་དུ་ཞེས་བྱ་བ་ནི་མཚོན་དུ་མེད་པ་ལས་མཚོན་པའི་རྡོ་རྗེ་གུར་ནི་ཆོས་ཀྱི་

སྐུ་སྟེ། མི་ཕྱེད་པའི་ཕྱིར་དང་ཁྱབ་པར་བྱ་བ་ཉིད་ཀྱིས་རྡོ་རྗེའི་གུར་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཱའི་ཡི་གེས་རབ་ཏུ་བྱུང་བའོ་ཞེས་སོ། །སྤྱིར་སྡོམ་པའི་དོན་བཤད་པ་མཆོག་ཏུ་མི་འགྱུར་བའི་སྦྱོར་བས་ཀྱང་དབང་པོ་ལ་སོགས་པ་ཐམས་ཅད་ལྟེ་བ་ལ་ཨ་ཝ་དྷཱུ་ཏཱི་

རྣམས་སུ་རབ་ཏུ་ཞུགས་པ་སྟེ། ཁ་གྱེན་དུ་བལྟས་པ་དཔྲལ་བ་ནས་རྡོ་རྗེ་ནོར་བུའི་སྤྱི་བོའི་བར་དུའོ། །རྡོ་རྗེའི་གུར་དེར་རབ་ཏུ་བབས་པའི་རྗེས་སུ་ཐིམ་པར་འགྱུར་བའོ། །དེ་བཞིན་དུ་ཡང་གསུངས་པ། དབུ་མའི་རྣལ་འབྱོར་རབ་འཇུག་པས། །གཡོན་དང་གཡས་པ་ཀུན་དུ་སྤྱོད། །མིག་

Vol. 20 · folio 46a

ལ་སོགས་པའི་ཁྱད་པར་ནི། །ཡིད་ཀྱི་རྡོ་རྗེའི་རླུང་དེར་སོན། །ཞེས་སོ། །རཱ་ཞེས་བྱ་བ་ནི་རཱའི་ཡི་གེ་ངེས་པའི་ཚུལ་ཏེ། འདོད་ཆགས་ཉི་མ་ཞེས་བྱ་བ་ནི་སྔར་བཤད་པའི་དཔྲལ་བ་ནས་ནོར་བུའི་བུ་གའི་བར་དུ་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་ནོ། །མེའི་ཐིག་ལེ་ནི་ཉི་

མའོ། །དེ་ཉིད་ཀྱིས་བསྐྱོད་པར་ཎྜཱ་ནི་ནམ་མཁའི་མེ་བསྐལ་པ་སྲེག་པ་ལྟ་བུ་ཐམས་ཅད་ཀྱི་སྡུད་པར་བྱེད་པ་པོའོ། །དེ་ལྟར་འདོད་ཆགས་ཆེན་པོའི་མེའི་འོད་ཀྱི་ཐིག་ལེའི་ཉི་མ་ཤར་བ་ཡང་གཏི་མུག་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱིས་ཡོངས་སུ་སྡུད་པར་བྱེད་པ་པོའོ། །དབུས་སུ་ཞེས་བྱ་བ་

ནི་ཡེ་ཤེས་ཀྱི་མེའི་ཉི་མ་དེའི་དབུས་སུའོ། །སྦྲུལ་མོ་ཞེས་བྱ་བ་ནི་ཟ་བ་མོ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དང་རྡོ་རྗེ་འཆང་གི་བདག་ཉིད་ཅན་ཀྱང་ངོ་། །སྐད་ཅིག་གིས་ཐིམ་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་པ་ཡེ་ཤེས་ཀྱི་རྣམ་པར་རྟོག་པ་ཡང་མི་འཛིན་པར་གྱུར་པའོ། །དེ་ལས་

སྐྱེས་པའི་ཕག་མོ་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོ་གའི་བྱ་བ་རྣམས་ལ་བྷ་ག་དང་ལིངྒའི་བར་ལས་བདག་ཉིད་ཀྱི་མིང་རང་གིས་རིག་པ་པོའི་སྲོག་གོ། །གང་བྷ་ག་ལིངྒ་དེ་ཅི་ཡིན་ཞེ་ན། རྟོག་པ་མེད་པའི་བདག་ཉིད་ཅན་གྱི་ཡེ་ཤེས་ཀྱི་བྷ་གའི་ཡེ་ཤེས་ཀྱི་མེའི་ཉི་མ་ལ་སོགས་པ་དང་འཁྱུད་པའི་ལིངྒ་གང་

གིས་ཤེས་པར་འགྱུར་བ་དང་ཡེ་ཤེས་ཀྱིའོ། །དེ་ལས་བྱུང་བའི་ཕག་མོའི་ཞེས་བྱ་བའི་མིང་ནི་རྣམ་པར་རྟོག་པའོ། །འདི་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་ཐམས་ཅད་ཀྱི་མ་དང་ཕ་དག་གོ། །སྐྱེ་གནས་ཀྱི་གནས་ནི་ཐམས་ཅད་ཀྱི་ལས་ཀྱི་གཟུགས་བརྙན་འཆང་བཞིན་པའི་མིང་གི་ཡི་གེ་རྣམས་སུ་

ཡང་ངོ་། །སླར་ཡང་འདི་རྣམས་ཀྱི་ཡེ་ཤེས་དང་ཤེས་བྱའི་རང་བཞིན་ཡེ་ཤེས་ལས་བྱུང་བ་རྣམས་ཀྱི་དང་རྡོ་རྗེ་ཕག་མོའི་རང་བཞིན་རྣམས་ཀྱི་ཡང་སྐྱེད་པ་པོ་གསུངས་པ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁམས་ཞེས་བྱ་བ་ནི་ཡུལ་དང་དབང་པོ་ལ་སོགས་པ་དང་ནམ་མཁའ་

ལ་སོགས་པ་ནི་བདེ་བ་ཆེན་པོའི་རང་བཞིན་དག་གོ། །དེ་རྣམས་ཀྱིས་ཡང་ཞེས་བྱ་བ་ནི་ཁམས་ཐམས་ཅད་ཀྱི་རང་བཞིན་གྱི་ཐིག་ལེས་སོ། །སྐྱེད་པའོ་ཞེས་བྱ་བ་ནི་སྐྱེད་པ་སྟེ། སྔོན་ལས་ཞེས་བྱ་བ་ནི་སྔོན་གྱི་དང་འབྲེལ་པའོ། །རང་བཞིན་རྣམས་སུ་ལས་ཀྱི་ཕྱག་རྒྱ་དང་ཕྲད་པས་ཀྱང་རྣལ་

Vol. 20 · folio 46b

འབྱོར་པ་རྣམས་ཀྱི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཕག་མོ་འབྱུང་ངོ་ཞེས་བྱ་བར་དགོངས་ཏེ་འདི་ནི་དྲི་བ་དང་པོའི་ལན་གྱི་ཚིག་གོ། །གཉིས་པའི་གསུངས་པ། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྟེ། ཕག་མོའི་ཡི་གེ་གསུམ་སོ་སོ་བ་ཉིད་མེད་དེ་དེའི་ཚེ་བདག་མེད་གཅིག་པུ་ཞེས་བྱ་བ་སྟེ། ཡི་གེ་

གཅིག་གོ། །དེ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཁའ་མཉམ་རྣལ་འབྱོར་གཟུགས་ཅན་ནོ། །ཞེས་བྱ་བ་སྟེ་ལྔ་པའི་དོན་གྱི་དང་པོའོ། །ནམ་མཁའ་དང་མཉམ་པའི་ཁྱད་པར་ནི་རྣལ་འབྱོར་པའི་གཟུགས་ཉིད་ལས་སོ། །ཡི་གེ་རྗེས་སུ་བརྗོད་པ་ལས་

ནམ་མཁའ་དང་མཉམ་པ་ནི་བདག་མེད་པའི་རང་བཞིན་གྱི་ཕྱིར་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་སེམས་ཀྱི་བསམ་པ་རྩེ་གཅིག་པ་ལས་སོ། །འདིར་གསུངས་པ། སངས་རྒྱས་རྣམས་ཀྱི་ཤེས་ཉིད་གང་། །བརྗོད་བྱ་རྗོད་པ་པོ་མཚན་ཉིད། །སྦྱོར་བ་གཅིག་དང་སྣ་ཚོགས་པ། །ཡི་གེ་རྣམས་

ཀྱི་མཁའ་མཉམ་སྙིང་། །མཁའ་མཉམ་མེད་པར་ཤེས་བྱས་ནས། །བདག་མེད་དངོས་པོ་དངོས་མེད་པ། །དངོས་དང་དངོས་མེད་པ་མེད་གང་། །དེ་ཚེ་བདག་མེད་ཅན་ཞེས་བཤད། །འདི་ནི་དྲི་བ་གཉིས་པའི་ལན་ནོ། །གསུམ་པའི་གསུངས་པ། རྒྱུ་མཚན་ཞེས་བྱ་བ་ལ་སོགས་པ་སྟེ་དེ་

ལྟར་རྡོ་རྗེ་ཕག་མོའི་ཡི་གེ་དང་བསྐྱེད་པ་དང་རང་བཞིན་བདག་མེད་པ་ཡང་རྒྱུ་མཚན་ཅིའི་ཕྱིར་བསྐྱེད་པར་འགྱུར། དེའི་ཚེ་སྐྱེ་བོ་རྣམས་ཀྱི་གྲོལ་བར་བྱེད་པའི་རྒྱུ་དང་སྙིང་རྗེའི་གཟུགས་དེ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཕག་མོ་སྙིང་རྗེའི་རང་བཞིན་གྱིས་འབྱུང་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གསུམ་

པའི་དྲི་བའི་ལན་གྱི་ཚིག་གོ། །བཞི་པ་གསུངས་པ། དགོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་གྲོལ་བར་བྱེད་པ་ལས་བྱུང་བའི་ཕག་མོ་སྙིང་རྗེའི་བདག་ཉིད་ཅན་ཏེ། དེའི་ཚེ་སྒྲུབ་པར་བྱེད་པར་འགྱུར་ཞེས་གསུངས་སོ། །ཅི་གསུངས་པ། ཕྱག་རྒྱའི་སྦྱོར་བ་

རབ་སྒྲུབ་པ། །ཞེས་བྱ་བ་སྟེ། ལྔ་པའི་དོན་གྱི་དང་པོའོ། །ཕྱག་རྒྱ་སྦྱོར་བས་རབ་ཏུ་སྒྲུབ་པས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །ཐབས་དང་ཤེས་རབ་དག་དང་ཆོས་རྣམས་ཀྱང་སྦྱོར་བ་སྟེ་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱིས་དངོས་པོ་ཐམས་ཅད་ཀྱི་མཚོན་པར་བྱ་བ་མཚོན་པ་

Vol. 20 · folio 47a

ཉིད་ཀྱི་ཕྱིར་གཉིས་སུ་མེད་པ་སྒྲུབ་པ་སྟེ། རབ་ཏུ་མཐར་ཕྱིན་པའི་བར་དུ་སེམས་ཅན་རྣམས་ཀྱི་དགོས་པའོ་ཞེས་བྱ་བར་འབྲེལ་ལོ། །འདིར་གསུངས་པ། རང་རང་དུས་སུ་དབུ་མ་རུ། །རྣལ་འབྱོར་རྣམས་ཀྱི་སེམས་བྱུང་བས། །མཉམ་པ་ཡི་ནི་དུས་སུ་འགྲོ། །སེམས་ཅན་

དང་ནི་ལྡན་ལྷ་རྣམས། །ས་གསུམ་ཐམས་ཅད་ཟ་བ་སྟེ། །སེམས་ཅན་རང་གི་སེམས་གྲོལ་མེད། །སྙིང་རྗེའི་ཕྱག་རྒྱ་གང་སེམས་ཅན། །དེ་ཚེ་ཕག་མོ་སྟོང་པའོ། །དེ་རྣམས་གཉིས་མེད་འདུ་ཤེས་པ། །སྐྱེ་མེད་འོང་བ་མེད་པའོ། །ཆོས་བདག་མེད་དང་གང་ཟག་ནི། །ཕྱག་རྒྱའི་སྦྱོར་

བ་རབ་ཏུ་བསྒྲུབ། །ཅེས་སོ། །དྲི་བ་བཞི་པའི་ལན་གྱི་ཚིག་གོ། །དེ་ལྟར་ཆོ་ག་དང་བྱ་བས་རྡོ་རྗེ་ཕག་མོ་རབ་ཏུ་བསྒྲུབས་ཏེ། རྒྱུད་འདི་དང་རྒྱུད་གཞན་རྣམས་སུ་ཡང་བཅོམ་ལྡན་འདས་ཧེ་རུ་ཀ་མངོན་པར་འབྱུང་བ་ལ་སོགས་པར་རྒྱ་ཆེ་བར་བསྟན་ཏེ། སེམས་ཅན་གྱི་བསམ་པ་སྣ་ཚོགས་པའི་དབང་གིས་

སྣ་ཚོགས་པའི་མིང་ཉེ་བར་བསྟན་པས་བཤད་དོ། །ད་ནི་རྡོ་རྗེ་ཕག་མོའི་རྣམ་པར་གཞག་པའི་བདག་པོ་ལ་ཐམས་ཅད་ཀྱི་རང་བཞིན་གྱི་གདམས་ངག་དང་སྔོན་དུ་ཞུས་པའི་ལན་གྱི་ཚིག་རྣམས་ཀྱིས་དེ་མདོར་བསྟན་པ་ལས་རྒྱས་པར་བཤད་པ་གསུངས་པ་སྟེ། ཁྱོད་ནི་བདག་པོ་ཞེས་བྱ་བ་ལ་སོགས་པ་ནས་

བསྒོམ་པའི་བདག་ཉིད་ཀྱིས་ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་བཅུ་རྣམས་ཀྱིས་གསུངས་སོ། །ཁྱོད་ནི་ལྷ་མོའི་བདག་པོ་ཅན། །ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། །ཀྱེ་ཉིད་ཀྱི་དཀྱིལ་འཁོར་དང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་བདག་པོར་ལྷ་མོར་རབ་ཏུ་གྲགས་པའོ། །

ཅིའི་ཕྱིར་ཞེ་ན། སྒོམ་པའི་བདག་ཉིད་ཀྱིའོ། །དེས་རབ་ཏུ་བསྒྲུབས་པ་གང་གི་ཚེ་བདག་པོས་སོ། །ཀུན་དུ་སྤྱོད་པ་མང་སྤྱོད་མ། །ཞེས་བྱ་བ་ནི་འཆད་བཞིན་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་རྩ་དང་སྔགས་ཀྱི་སྦྱོར་བས་ཀུན་དུ་སྤྱོད་པ་ཡང་སྣ་ཚོགས་པའི་རྡོ་རྗེ་ཕག་མོའི་རང་བཞིན་སྣ་ཚོགས་

པའི་བདག་པོའི་བདག་ཉིད་ཅན་རྣལ་འབྱོར་མ་ཀུན་དུ་སྤྲོ་བའོ། །ཅིས་ཤེ་ན། སྔགས་རྣམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྔགས་ཞེས་བྱ་བ་ལ་སོགས་པས་རྗེ་བར་མཚོན་པར་བྱ་བ་སྟེ། ཕྲེང་བའི་རྣམ་པ་དང་རང་གི་སེམས་ལས་བྱུང་བའོ། །དེའི་སྔགས་རྣམས་ཅི་ཞེ་ན།

Vol. 20 · folio 47b

ཨ་ཡིག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། སོགས་ཀྱི་སྒྲས་ཀའི་ཡི་གེ་ལ་སོགས་པར་དབྱངས་དང་གསལ་བྱེད་རྣམས་དང་ཐུང་ངུ་དང་རིང་པོ་དང་བར་མ་དང་ལྡན་པ་རྣམས་སོ། །དེ་རྣམས་ཁྱབ་བདག་ཅེས་བྱ་བ་ནི་སྣ་ཚོགས་པའི་ཞི་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་དང་པོའི་ཡི་གེ་

རྣམས་སུ་འགྲུབ་བོ་ཞེས་བྱ་བར་དགོངས་སོ། །ཡང་ན་རྩ་བའི་ཕག་མོ་ལས་ཞེས་བྱ་བ་ནི་ཇི་ལྟར་མོས་པའི་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་རྣམས་ལ་ཡང་ངོ་། །གོ་ཆའི་སྔགས་རྣམས་ཀྱི་ལྡན་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་རྣམས་སུ་དཔའ་བོ་དང་རྣལ་འབྱོར་མ་དག་ལ་གོ་ཆའི་སྔགས་རྣམས་ཀྱི་

ནང་དུ་བཅུག་པའོ། །ཡི་གེ་རེ་རེའི་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་ཞེས་བྱ་བ་སྟེ་ཨའི་ཡི་གེ་ལ་སོགས་པ་རྣམས་སུ་སོན་པ་དག་ཏུའོ། །སྡོམ་པ་ཀུན་དུ་སྤྱོད་པ་ལ། །ཞེས་བྱ་བ་ནི་སྡོམ་པས་ན་སྡོམ་པར་བཤད་དེ། དེ་ཇི་ལྟར་སྡོམ་པར་བྱེད་ཅེ་ན། འཆད་པར་འགྱུར་བའི་འཕོ་

བ་མེད་པའི་སྦྱོར་བས་སོ། །དེ་ཡང་གོ་ཆ་གཉིས་ཀྱི་ཡི་གེ་དང་། བསྒོམ་པར་བྱ་བ་དང་། བརྗོད་པ་ཐམས་ཅད་ཀྱི་སྡོམ་པའོ། །དེའི་རྣམ་པ་སྤངས་པ་ཞེས་བྱ་བར་དགོངས་སོ། །ཡི་གེའི་དབྱིབས་དང་བྲལ་ན་ཇི་ལྟ་བུའི་རྣམ་པ་བསྐྱེད་པར་འགྱུར་ཞེ་ན། གསུངས་པ། བསྐྱེད་པར་འགྱུར་

ཞེས་བྱ་བ་ལ་སོགས་པ་སྟེ། རྩའི་མཆོག་གི་གྲོང་དུའོ་ཞེས་བྱ་བ་ནི་བདུན་པའི་དོན་གྱི་དང་པོ་སྟེ། མཆོག་ནི་གཙོ་བོ་སྟེ་རང་གིས་རིག་པར་བྱ་བའི་རང་བཞིན་རྣམས་ཀྱི་རྩའི་གྲོང་ཁྱེར་རྣམས་སུ་སྟེ། གནས་དེར་མཆོག་གི་རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པའོ། །ཡང་ན་

འཆད་པར་འགྱུར་བའི་མིང་རྡོ་རྗེ་ལ་སོགས་པ་བསྐྱེད་པ་ནི་ཡི་གེ་རེ་རེ་རྣམས་ཀྱིས་ཞེས་བྱ་བར་འབྲེལ་ལོ། །རྩ་རྣམས་ཀྱི་ཚད་ཇི་ཙམ་ཞེ་ན། གསུངས་པ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དབུས་ལས་ཞེས་བྱ་བ་སྟེ། ལྔ་པའི་དོན་ལ་དང་པོ་སྟེ་དབུས་ལས་སོ། །སྣ་ཚོགས་པའི་སྦྱོར་བ་འཛིན་

ལས་སོ། །ཨ་ཝ་དྷཱུ་ཏཱིའོ་ཞེས་བྱ་བ་སྟེ། ནའི་ཡི་གེ་དེ་རྣམས་སུ་ཡང་རྩའི་དབུས་རྣམས་སུ་བདག་མེད་པ་སྟོན་པ་ནི་ཨ་ཝ་དྷཱུ་ཏཱིར་འགྱུར་རོ། །ཀུན་ནས་རྣམ་པར་རྟོག་པ་འཇོམས་པས་ན་ཨ་ཝ་དྷཱུ་ཏཱི་སྟེ་ཐམས་ཅད་ཉིད་ཨ་ཝ་དྷཱུ་ཏཱི་ཞེས་སོ། །རྩ་ཐམས་ཅད་ཀྱི་རྣམ་པར་རྟོག་པ་

Vol. 20 · folio 48a

འཇོམས་པ་ཉིད་དུ་ཁྱབ་པ་པོ་རྣམས་སུ་གནས་པ་སྟེ། སྲོག་ཀུན་དུ་སྤྱོད་པའི་དུས་ལས་སོ། །དེའི་ཕྱིར་ཕག་མོ་ཞེས་བྱ་བ་ནི་དེ་ལྟར་ཆོ་གའི་བྱ་བས་རྩ་ཐམས་ཅད་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རྡོ་རྗེ་ཕག་མོའོ། །གང་གི་ཕྱིར་གཙོ་མོ་ལྟ་བུའི་མཆོག་གི་གོ་འཕང་དུ་ཤེས་

པར་བྱའོ་ཞེས་འབྲེལ་ལོ། །ཡི་གེའི་བདག་ཉིད་ཅན་གྱི་རྣལ་འབྱོར་མ་རྣམས་ཀྱི་མིང་རྣམས་གསུངས་པ། རྡོ་རྗེ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེའི་ཐོག་མའི་མིང་ནི་གང་གསུངས་པ་ཐོག་མར་རྡོ་རྗེ་ཡོད་པ་ནི་རྡོ་རྗེ་ཐོག་མ་སྟེ། དེ་ཉིད་ཀྱི་ཕྱིར་དང་པོར་ཏེ། དེ་ཡང་ཨ་རྡོ་རྗེ་མ་ཞེས་བྱ་

བའི་མིང་གི་འདུ་ཤེས་སོ། །ཀ་རྡོ་རྗེ་མ་ཞེས་བྱ་བ་ནི་དེ་དེ་བཞིན་དུ་བཤད་དོ། །སོགས་པའི་སྒྲས་དབྱངས་དང་གསལ་བྱེད་རྣམས་ཀྱི་སྔགས་ཀྱི་མཐའ་ཞེས་བྱ་བ་སྟེ་ཨའི་ཡི་གེ་དང་ཀྵའི་ཡི་གེ་དག་ཀྱང་ངོ་། །ཡང་ན་རྩ་བའི་སྔགས་ལ་སོགས་པའི་མཐར་ཧཱུྃ་དང་ཕཊ་ཀྱི་ཡི་གེ་དང་སྭཱ་ཧཱའོ། །ཡང་ན་འཆད་

པར་འགྱུར་བ་ལས་སོ། །སོ་སོ་ལས་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་རེ་རེ་རྣམས་སུའམ་སོ་སོར་རྣམ་པར་བརྟག་པ་ལ་སྔགས་ཀྱི་ཡི་གེ་ཐམས་ཅད་རྗེས་སུ་བརྗོད་པར་བྱའོ་ཞེས་སོ། །དེས་ཡི་གེ་རེ་རེ་གཙོ་མོར་འགྱུར་རོ། །འཆད་པར་འགྱུར་བའི་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཀྱི་རང་གི་འཁོར་ལོ་དང་

ལྡན་པ་རྣམས་ཀྱིས་བསྐྱེད་པ་ལ་མཐོང་ཞེས་བྱ་བར་སྦྱར་རོ། །དེ་ལྟར་སྔགས་རྣམས་ཀྱིས་སངས་རྒྱས་ཉིད་སྟེར་བ་པོ་རྣམས་ཀྱི་བཟླས་པའི་ཆོ་ག་གསུངས་པ། གང་གི་དུས་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་བཟླས་བྱ་ཞེས་བྱ་བའི་སྔོན་དུ་བཤད་པའི་དེའི་དུས་རྣམས་སུའོ། །རྣལ་འབྱོར་ལྡན་

ཞེས་བྱ་བ་ནི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། སེམས་ཀྱི་འཇུག་པ་རྩེ་གཅིག་པ་ཉིད་ཆོས་ཀྱི་སྐུ་ལ་གཅིག་ཏུ་བརྟན་པ་བསམ་གཏན་བཞི་རྣམས་སུ་ཉེ་བར་ངེས་པར་སོན་པའི་སེམས་སོ། །དེ་ཡང་ཐོག་མར་སྤྲིན་ལྟ་བུར་སྣང་ངོ་། །གཉིས་པ་སྒྱུ་མ་ལྟ་བུར་འགྱུར་རོ། །གསུམ་པ་རྨི་ལམ་ལྟར་སྣང་ངོ་། །

བཞི་པ་དམིགས་པ་མེད་པ་ཞེས་བྱ་བའོ། །བསམ་གཏན་བཞི་པ་རྣམས་སུ་དེ་བཞིན་དུ་ཁྱད་པར་གྱིས་ཡང་ལུས་ཀྱི་གདམས་ངག་གསུངས་པ། འགྲོ་དང་འོང་བ་ཞེས་བྱ་བ་སྟེ། སྲོག་དང་ཐུར་དུ་སེལ་བ་རྣམས་སུའོ། །ལྟེ་བ་སྤྱི་བོ་སྙིང་གྱེན་དུ་ཞེས་བྱ་བ་ནི། ལྟེ་བ་ནས་འོངས་པ་ནི་ཐུར་སེལ་

Vol. 20 · folio 48b

ལོ། །སྙིང་ག་དང་སྤྱི་བོར་འགྲོ་བ་ནི་སྲོག་གོ། །རིམ་པ་ཇི་ལྟ་བ་རྣམས་སུ་སྙིང་ག་དང་སྤྱི་བོ་དང་ལྟེ་བར་གྱེན་དུ་འགྲོ་བ་དང་འོང་བ་བྱེད་དོ། །སེམས་ཙམ་གྱིས་དེ་ལྟར་བྱ་ཞེས་བྱ་བའི་དོན་ཏོ། །ལས་འདིའི་དགོས་པ་ཅིར་འགྱུར་བ་གསུངས་པ། རྣམ་པར་འཕྲོ་འགྱུར་ཞེས་བྱ་བ་ལ་སོགས་པས་

ཏེ། བདག་ཉིད་ཀྱིས་ཞེས་བྱ་བ་ནི་ཀུན་ནས་རྩ་རྣམས་ལ་འགྲོ་བ་ནི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུའི་བདག་ཉིད་ཅན་གྱི་སེམས་ཀྱང་དེར་འོངས་པའོ། །མཚོན་པའི་སྦྱོར་བས་ཞེས་བྱ་བ་ནི་རྟག་ཏུ་དུས་ཐམས་ཅད་དུ་སྔགས་ཀྱི་ཡི་གེ་དེར་ཐིམ་པར་འགྱུར་བའོ། །དེ་རྣམས་ཀྱིས་ཀྱང་རྣལ་འབྱོར་

མ་དང་དཔའ་བོའི་གཙོ་ཞེས་བྱ་བ་ནི་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དང་ཧེ་རུ་ཀ་ལ་སོགས་པའི་དཔའ་བོ་རྣམས་རྣམ་པར་འཕྲོ་བར་འགྱུར་རོ་ཞེས་བྱ་བར་འབྲེལ་ལོ། །དེར་རྣམ་པར་སྤྲོས་བཞིན་པས་གང་དུ་འགྲོ་བ་ཞེས་བྱ་བ་གསུངས་པ། ཞིང་དུ་འགྲོ་ཞེས་བྱ་བ་ལ་སོགས་པས་ཏེ་སྔོན་

དུ་བཤད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་དྲུང་ལས་རྣམ་པར་སྤྲོས་པ་ཡང་དེའི་སྦྱོར་བ་ལས་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དུ་སོན་པ་རྣམས་ཞེས་བྱ་བ་སྟེ་ཉེ་བར་མཚོན་པ་ཙམ་མོ། །འོན་ཀྱང་རྩ་མཐའ་ཡས་ཤིང་མུ་མེད་པ་རྣམས་དང་སངས་

རྒྱས་ཀྱི་ཞིང་མཐའ་མེད་པར་ཀྱང་ངོ་། །དེ་རྣམས་སུ་ཞིང་དང་ཞིང་དུ་འགྲོ་བར་འགྱུར་ཞེས་བྱ་བ་སྟེ། བསྐྱེད་བཞིན་པ་རྣམས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རང་གི་ཞིང་རྣམས་སུ་ཡང་གནས་དང་ཉེ་བའི་གནས་ལ་སོགས་པར་སོན་པ་རྣམས་སོ། །དེའི་ཕྱིར་རང་གི་འཁོར་ལོ་དང་ལྡན་པའི་

རྣལ་འབྱོར་མ་ཞེས་བྱ་བ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རེ་རེ་ཁམས་སྣ་ཚོགས་པའི་རང་བཞིན་གྱི་དབང་གིས་སྣ་ཚོགས་པའི་དཔའ་བོ་དང་རྣལ་འབྱོར་མ་དང་ལྷན་ཅིག་པའི་འཁོར་ཅན་དུ་ཡང་འགྱུར་རོ། །ལྷ་མོ་ཁྱོད་ནི་བདག་པོ་སྟེ། །ཞེས་བྱ་བ་ནི་ཞིང་དང་ཞིང་དུ་ཡང་སྣ་ཚོགས་པའི་རྣལ་འབྱོར་

མའི་བདག་མོ་དང་རྩ་རྣམས་ཀྱི་སྐྱེད་མ་ཡང་སྟེ། དེ་རྣམས་སུ་རྡོ་རྗེ་ཕག་མོ་ཁྱོད་ཀྱི་གཟུགས་ཀྱིས་རྣམ་པར་གནས་པའོ། །གང་གི་ཕྱིར་ཐིམ་པ་དང་ལོངས་སྤྱོད་པ་ལ་སོགས་པ་བྱེད་པ་པོ་ཉིད་ཀྱིས་དང་འཆད་པར་འགྱུར་བ་རྣམས་ཀྱིས་ཀྱང་ངོ་། །རྩའི་ཡི་གེས་ཐོག་མར་རྡོ་རྗེ་ཕག་མོ་

Vol. 20 · folio 49a

མཁའ་འགྲོ་མའི་གནས་སུ་འོངས་པ་དང་། མཁའ་འགྲོ་མ་ཡང་ཕག་མོའི་གནས་སུ་འོངས་པ་ཞེས་བྱ་བ་ལ་སོགས་པས་ལོངས་སྤྱོད་པ་དང་ཐིམ་པ་དང་བདག་པོ་བྱེད་པའོ། །དེའི་ཕྱིར་རྡོ་རྗེ་ཕག་མོ་ལ་ཞེས་སོ། །ཙའི་ཡི་གེས་བདག་པོ་ཡང་ངོ་། །གང་གི་ཚེ་ང་ཡིས་ལྷན་

ཅིག་ཁ་སྦྱར་བ་ཞེས་བྱ་བ་ནི་བདག་དཔལ་ཧེ་རུ་ཀ་དང་ལྷན་ཅིག་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ལ་སྙོམས་པར་ཞུགས་ནས་རྣལ་འབྱོར་མ་ཐམས་ཅད་ཁྱོད་ཀྱིས་ཀུན་དུ་སྤྱོད་པ་ལ་སོགས་པ་དེས་ན་ཏུའི་སྒྲ་ནི་ངེས་པར་བཟུང་བའོ། །འདི་ཉིད་ཀྱི་ལྟར་ཀུན་དུ་སྤྱོད་པའི་ཁྱད་པར་གྱིས་གསུངས་པ།

དུས་སུ་ཞེས་བྱ་བ་ལ་སོགས་པས་འདིར་ནི་ཀུན་དུ་སྤྱོད་པའི་དུས་གཉིས་ཏེ། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །འཇིག་རྟེན་པ་ནི་ཉིན་མོ་དང་མཚན་མོ་དང་ཐུན་མོང་དང་ཐུན་ཚོད་དང་དབྱུ་གུ་དང་ཟླ་བ་ཕྱེད་དང་ཟླ་བ་དང་ལོའི་དབྱེ་བ་རྣམས་སུ་རླུང་འབབ་པ་ལས་སོ། །འཇིག་རྟེན་ལས་

འདས་པ་ནི་དེ་ལས་ཕྱིན་ཅི་ལོག་གིས་དགའ་བ་བཞིའི་དབྱེ་བ་རྣམས་སུ་རང་གིས་རིག་པའི་བདེ་བ་ལས་སོ། །དེ་ལྟར་མི་མཐུན་པ་གཉིས་ཀྱི་སྦྱོར་བས་རྡོ་རྗེ་འཆང་ཆེན་པོ་ཀུན་དུ་སྤྱོད་དོ། །དེ་ཡང་ནམ་མཁའི་བུ་གའི་ནང་དུ་གནས་ཞེས་བྱ་བ་ནི་དཔྲལ་བར་སོན་པའི་བྱང་ཆུབ་ཀྱི་ས་བོན་འབར་བ་འཛིན་

པའི་བུ་ག་རུ་རང་གིས་རིག་པར་སོན་པའོ། །དེའི་ནམ་མཁའི་བུ་ག་རྣམས་སུ་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཅན་གྱི་ཡེ་ཤེས་གནས་པའོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེ་དེ་ལྟར་ཀུན་དུ་སོན་པ་ཡང་དེ་དང་དེར་རྣལ་འབྱོར་པ་རྣམས་ཀྱི་བདུད་རྩིའི་ས་བོན་འཛག་པའོ། །གང་དང་གང་

དུ་རྣལ་འབྱོར་པས་སྐྱེས་པ་དེ་དང་དེར་སྔོན་གྱི་བག་ཆགས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པས་ཀྱང་འོད་གསལ་བར་མཉམ་པར་གནས་པར་གྱུར་པས་ཀྱང་རྩ་ཐམས་ཅད་ཀྱི་རང་བཞིན་ལ་བདུད་རྩིའི་ས་བོན་འཛག་པར་འགྱུར་རོ། །སྐྱེ་གནས་ལམ་ཉིད་ནས་འཐོན་ཞེས་བྱ་བ་ནི་ལྟེ་བའི་ལམ་

ནས་ཀྱང་འོངས་ཏེ་རྡོ་རྗེ་བུ་གའི་ནང་དུ་འགྲོ་བའོ། །དེར་ནི་འཕོ་མེད་ཡེ་ཤེས་བྱ། །ཞེས་བྱ་བ་ནི་ཧིཀ་ཧིཀ་ཕྱེད་དང་བཅས་པའི་ཡི་གེ་རྣམས་ཀྱི་སྔོན་དུ་བཤད་པའི་འགྲོ་བ་དང་འོང་བ་རྣལ་འབྱོར་གྱི་མན་ངག་ལས་བསྒོམ་པར་བྱ་བ་སྟེ། དེར་དེ་ལྟར་འཕོ་བ་མེད་པས་བྱ་ཞེས་པའོ། །རྣལ་འབྱོར་པ་

Vol. 20 · folio 49b

རྣམས་ཀྱི་སྒོམ་པའི་བྱང་ཆུབ་ཉེ་བར་བསྟན་པའོ། །ལས་དང་པོ་པ་རྣམས་ཀྱིས་ཀྱང་གོམས་པས་དེ་ཉེ་བར་སྐྱེ་བར་འགྱུར་བའི་དབང་དུ་བྱས་ནས་གསུངས་པ། མི་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མི་མོ་དང་སྐྱེས་བུ་ཕྲད་པའི་དུས་རྣམས་སུ་དེ་ཡང་རྣལ་འབྱོར་པ་རྣམས་ཀྱིས་རྣལ་འབྱོར་མ་

རྣམས་ཀྱི་སྙོམས་པར་འཇུག་པར་བྱའོ། །མཆོག་ཏུ་མི་འགྱུར་བ་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ། །ད་ནི་གླུའི་སྔགས་རྣམས་ཀྱིས་ཡི་གེ་རེ་རེའི་བཏུ་བ་དང་དེ་བཞིན་དུ་བསྒོམ་པའི་རིམ་པ་དང་ལས་ཀྱི་སྦྱོར་བ་ཡང་གསུངས་པ། དེར་ནི་འབྱུང་བ་ཞེས་བྱ་བ་

ལ་སོགས་པ་སྟེ། དེར་ཞེས་བྱ་བ་ནི་སྔོན་དུ་བཤད་པའི་མཆོག་ཏུ་མི་འགྱུར་བའི་གནས་སྐབས་ཀྱི་གང་སྐྱེས་པའི་ལྷའི་བདག་ཉིད་ཅན་གྱི་ཡི་གེའོ། །དེར་རིག་པ་ཆེ་ཞེས་བྱ་བ་ནི་ཤེས་པར་བྱ་བ་སྟེ། བསྒོམ་པའི་བདག་ཉིད་ཀྱིས་བྲིའོ་ཞེས་བྱ་བ་ནི་སེམས་ཅན་ཡི་གེ་གཅིག་གམ་ཡི་གེ་མང་

པོས་མངོན་པར་དགའ་བ་དེ་རྣམས་ཀྱིས་བྲི་བར་བྱ་བ་སྟེ། རིམ་པ་ཇི་ལྟ་བས་གྲལ་རིམས་སུ་བཏུ་བར་བྱ་བའོ། །དེའི་ཕྱིར་གསུངས་པ། ཐོག་མར་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་རྣམ་སྣང་མགོན་པོ་སྟེ། །ཞེས་བྱ་བ་ནི་ཐོག་མར་ཨོཾ་གྱི་ཡི་གེ་རྣམ་པར་སྣང་མཛད་དེ་སེམས་ཅན་ཐམས་

ཅད་ཀྱི་རྟེན་དུ་གྱུར་པ་དང་མགོན་དང་སྐྱོབ་པ་ཡང་ངོ་། །རི་མོ་གསུམ་སྐོར་ལྟེ་འོག་གནས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ་ཡང་ལྟེ་བའི་འོག་གི་ཆར་རི་མོ་གསུམ་སྐོར་དང་ལྡན་པའོ། །དེས་ཅི་བྱེད་པ་གསུངས་པ། དེ་ནི་ལངས་ནས་མགྲིན་པར་འགྲོ། །ཞེས་བྱ་བ་སྟེ། ཨོཾ་གྱི་ཡི་གེ་དེ་

ཡང་སྲོག་གི་གཟུགས་ཀྱིས་མགྲིན་པའི་བར་དུ་འགྲོ་བ་སྟེ། འཇུག་པ་དང་། གནས་པ་དང་རྣམ་པར་ལྡང་བའི་བདག་ཉིད་དོ། །ས་གསུམ་སྒྲོན་མེ་ལྟ་བུར་གསལ། །ཞེས་བྱ་བ་ནི་ལུས་དང་ངག་དང་ཡིད་ཀྱི་དང་ཁམས་གསུམ་གྱི་ཡང་ཚད་མེད་པ་ཡེ་ཤེས་ཀྱི་སྣང་བའི་འཇིག་རྟེན་སྣ་ཚོགས་པའི་

རང་བཞིན་རྣམས་སུ་ཡང་འགྱུར་རོ། །སྔགས་གཞན་པ་མཐའ་མཉམ་པ་ཡོད། །ཅེས་བྱ་བ་ནི་ཧའི་རྣམ་པ་སྟེ། ལ་ལ་ནཱའི་མཐའ་མར་གནས་པ་མོའི་རྩའོ། །གཡོན་དུ་འཛིན་པ་ཟླ་བ་སྐྱེ། །ཞེས་བྱ་བ་ནི་དེ་ལ་མཐར་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཟླ་བ་ཡང་གཡོན་པའི་ངོས་འཛིན་པའི་

Vol. 20 · folio 50a

ངང་ཚུལ་ཅན་ནོ། །སྔགས་འདིའི་ཐིག་ལེས་བརྒྱན་པའོ། །ཞེས་བྱ་བ་ནི་ཁ་འོག་ཏུ་བལྟས་པའི་ཧཾ་གི་ཡི་གེས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེས་བརྒྱན་པའོ། །སྔགས་ནི་རྣལ་འབྱོར་མ་བསྐྱེད་པའོ། །ཞེས་བྱ་བ་ནི་ད་ལྟར་ཧཾ་གི་ཡི་གེའི་སྔགས་རྡོ་རྗེ་འཛིན་པའི་བདག་

ཉིད་ས་གསུམ་ཁྱབ་པ་མོའི་རྣལ་འབྱོར་མ་རྫོགས་པར་བྱེད་པའོ། །སླར་ཡང་ས་བོན་གཉིས་བརྗོད་པ། །ཞེས་བྱ་བ་ནི། སླར་ཡང་གཉིས་པ་ཧའི་ཡི་གེའི་ས་བོན་བརྗོད་པ་སྟེ་དེ་ལྟར་འབར་བར་ཡང་བྱེད་པའོ། །གཡས་པ་ཉི་མ་སྐྱེད་པ་སྟེ། །ཞེས་བྱ་བ་ནི་དེ་ཡང་ཉི་མའི་སྐྱེད་པར་བྱེད་པ་

གཡས་པའི་རྩ་ར་ས་ནཱའི་རང་བཞིན་ནོ། །ལོགས་སུ་གཉིས་ཕྱེ་མགོར་ཐིག་ལེ། །ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁྲག་འཕེལ་བའི་དབང་གིས་བྱང་ཆུབ་སེམས་ཀྱི་འཕེལ་བར་བྱེད་པ་པོ་སྟེ། དེའི་ཕྱིར་མགོ་བོ་ལ་སྒྲ་དང་ཐིག་ལེས་མནན་པ་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་ཏེ། འདི་ནི་རྩ་གསུམ་

བསྐྱེད་པའི་གནས་གཡོན་པ་དང་གཡས་པ་དང་དབུས་དང་སྟེང་དང་འོག་དང་དབུས་སུ་ཡང་ངོ་། །སྔགས་གཞན་རྣམས་དེ་ཡིས་བསྐྱེད་ཅེས་བྱ་བར་དགོངས་སོ། །གཞན་དེ་ཕག་མོ་ལ་སོགས་པ་དྲུག་གི་གོ་ཆའི་སྔགས་རྣམས་གསུངས་པ། ཡང་དེའི་མཐའི་ས་བོན་ནི་ཞེས་བྱ་བ་ནི་ཡའི་སྡེ་

ཚན་གྱི་མཐའི་ཡི་གེ་ནི་ཝའོ། །བྱང་ཆུབ་སེམས་ཆེན་འབབ་ལམ་མོ། །ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་སྒྲུབ་པས་རྣལ་འབྱོར་པ་རྣམས་ཀྱི་དབུས་མའི་ལམ་རྣམས་སུ་ཡང་སྟེ། ཝའི་ཡི་གེ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ཨ་ཡི་ཡི་གེས་མཐར་བརྒྱན་པ། །ཞེས་བྱ་བ་ནི་ཨའི་ཡི་གེའི་

དབྱངས་ཀྱིས་ཕྱེ་བ་སྟེ། མདོར་ན་ཝ་ཞེས་བྱ་བའོ། །མགོ་བོར་ཟླ་ཕྱེད་ཉི་མས་བརྒྱན། །ཞེས་བྱ་བ་ནི་བཅུ་དྲུག་གི་ཆའི་ཟླ་བ་ཕྱེད་པར་ཉི་མའི་ཐིག་ལེའི་མགོ་བོར་རྒྱས་བཏབ་པའོ། །སྔགས་མདོར་ན་ཝཾ་དུ་འགྱུར་རོ། །འདི་ནི་ཕག་མོའི་མགོན་ས་བོན། །ཞེས་བྱ་བ་ནི་འདི་དེ་རྡོ་རྗེ་ཕག་མོའི་ས་

བོན་ཏེ། མགོན་ཞེས་བྱ་བ་ནི་སྒྲའི་དབང་པོ་རྣམས་ཀྱི་བདེ་བ་འབབ་པས་སོ། །ཡ་སྡེའི་དང་པོའི་ས་བོན་ནི། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་དང་པོའི་ཡི་གེ་ནི་ཡའི་ཡི་གེའོ། །དེ་ཡང་ཁྱད་པར་ཇི་ལྟར་ཞེ་ན། སྦྱོར་བས་ས་གསུམ་རླུང་ཡོན་ཏན། །ཞེས་བྱ་བ་སྟེ། རླུང་གི་རང་བཞིན་གྱིས་ལ། །

Vol. 20 · folio 50b

ཞེས་བྱ་བ་ནི་ས་གསུམ་ལའོ། །སྦྱོར་བ་ཞེས་བྱ་བ་ནི་སྔོན་དུ་བཤད་པ་སྟེ། ཨོཾ་ཧཾ་ཧཱཾ་ལུས་དང་ངག་དང་ཡིད་ཀྱི་རྩ་གསུམ་དུ་སྲོག་ནང་དུ་ཐིམ་པ་ཞེས་བྱ་བར་དགོངས་སོ། །དབྱངས་ཀྱི་བཅུ་གསུམ་པ་ཡིས་བརྒྱན། །ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅུ་གསུམ་པ་ཨོའི་ཡི་གེས་རྒྱས་བཏབ་པའོ། །

དཀར་པོའི་ཕྱོགས་ཀྱི་མགོ་བོར་བརྒྱན། །ཞེས་བྱ་བ་ནི་མགོ་བོ་རྣམས་སུ་བཅུ་དྲུག་པ་དཀར་པོའི་ཐོག་མའི་ཆ་དང་ལྡན་པའོ། །ཐིག་ལེ་དང་ནི་བཅས་པར་འབར། །ཞེས་བྱ་བ་ནི་དེ་ལ་ཐིག་ལེ་འབར་བའི་ཐིག་ལེ་ལས་སོ། །དགའ་བ་བཞི་པོ་དག་པའོ། །ཞེས་བྱ་བ་ནི་དེ་ལྟར་མདོར་ན་ཡོཾ་གྱི་ཡི་གེ་

ཐིག་ལེ་དང་། ཟླ་ཕྱེད་དང་ཨོ་ཡི་ཡི་གེ་སྟེ་དགའ་བ་བཞི་དག་པ་གཤིན་རྗེ་མའི་སྔགས་སོ། །པ་སྡེའི་མཐའ་མ་བདེ་བའི་གཟུགས། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའི་ཡི་གེ་ནི་མའི་ཡི་གེ་སྟེ་བདེ་བའི་གཟུགས་སོ། །མའི་ཡི་གེ་ཁྱད་པར་ཇི་ལྟ་བུ་ཞེ་ན། དགའ་བ་བཞིའི་མཐར་ཐུག་པའི་གཟུགས་

སོ། །ཨོའི་ཡི་གེ་བཞོན་ལྡན་པ། །ཞེས་བྱ་བ་ནི་ཨོའི་ཡི་གེ་ཞོན་པ་དང་ལྡན་པའོ། །མགོ་བོར་ཟླ་ཕྱེད་ཉི་མས་མནན། །ཞེས་བྱ་བ་ནི་མགོ་བོར་ཟླ་བ་ཕྱེད་པ་དང་ཐིག་ལེས་རེག་པས་མོའི་ཡི་གེ་ལ་ཞོན་པར་བལྟ་བར་བྱའོ། །མདོར་ན་མོཾ་གི་ཡི་གེ་རྨོངས་བྱེད་མའི་སྔགས་སོ། །ས་ཡི་ཕ་རོལ་

གཞོམ་མེད་པ། །ཞེས་བྱ་བ་ནི་སའི་ཕ་རོལ་གྱི་ཡི་གེ་སྟེ་རང་བཞིན་ཅི་ཞེ་ན་གཞོམ་དུ་མེད་པའོ། །གཞོམ་དུ་མེད་པའི་གཟུགས་སོ། །ཉི་མ་ཡི་ནི་སྟན་ལ་གནས། །ཞེས་བྱ་བ་ནི་ཉི་མའི་གདན་ལ་གནས་པ་སྟེ། དེ་ཡང་། དབྱངས་ཀྱི་བཞི་པ་རྣ་དྲུང་བཟུང་། །ཞེས་བྱ་བ་སྟེ། བཞི་པ་ཨཻའི་

དབྱངས་ཀྱི་ཡི་གེས་རྣ་བའི་གནས་སུ་བཟུང་བའོ། །ཆ་ཤས་ཞེས་བྱ་བ་ནི་ཆ་ཤས་བཅུ་དྲུག་པ་རྣམས་ཀྱིས་དེ་དེ་བཞིན་ནོ། །ཟླ་བ་ཕྱེད་པའོ། །ཟླ་བ་ཕྱེད་པའི་ཆ་ཤས་སླར་ཡང་མགོ་བོར་བརྒྱན་པ་ཞེས་བྱ་བ་སྟེ། དེ་ལ་དེ་ལྟར་མགོ་བོར་ཐིག་ལེ་དང་བཅས་པས་བརྒྱན་པའོ། །དེ་ལྟར་མདོར་

ན་ཧྲཱིའི་ཡི་གེའོ། །འདོད་ཆགས་མཐའ་ཡི་རང་བཞིན་ནོ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་མཐའི་བདེ་བའི་རང་བཞིན་ཏེ་མཆོག་ཏུ་མི་འགྱུར་བ་ལས་ཞེས་བྱ་བར་དགོངས་སོ། །དེ་ལྟར་ཀུན་དུ་བསྐྱེད་མའི་སྔགས་སོ། །ཡེ་ཤེས་ཀྱི་ཡི་གེ་ནི་ཧཱུྃ་གི་ཡི་གེའོ། །གཉིས་འགྱུར་

Vol. 20 · folio 51a

དབྱེ་ཞེས་བྱ་བ་ནི་ཧཱུྃ་གི་ཡི་གེ་གཉིས་བརྗོད་པའོ། །སྤྲོ་བ་དང་ནི་བསྡུ་བས་སྐྱེས། །ཞེས་བྱ་བ་ནི་ཧཱུྃ་གི་ཡི་གེ་སྤྲོ་བ་དང་སྡུད་པ་པོར་སྐྱེས་པ་སྟེ་བྱང་ཆུབ་ཀྱི་སེམས་སོ། །འོག་དང་སྟེང་དུ་གནས་པ་ཡི། །མགོན་པོ་ལོངས་སྤྱོད་རྫོགས་འཛིན་པ། །ཞེས་བྱ་བ་ནི་མདོར་ན་སྟེང་

འོག་ཏུ་གནས་པའི་མགོན་པོར་གྱུར་པ་སྟེ། ཧཱུྃ་གི་ཡི་གེ་སྙིང་ག་དང་ཆོས་ཀྱི་འབྱུང་གནས་ཀྱི་པདྨོར་བླ་མའི་གདམས་ངག་བསྟན་པས་ཤེས་པར་བྱའོ། །དོན་གྱི་ཆོ་ག་ཡོངས་སུ་རྫོགས་པའོ། །ཞེས་བྱ་བ་ནི་དོན་གྱི་ཆོ་གས་ཡོངས་སུ་དགའ་བའི་དོན་རང་གི་ཉམས་སུ་མྱོང་བས་ཏེ་དེའི་ཆོ་གས་

སེམས་རྩ་ཐམས་ཅད་དུ་སོང་བས་བདེ་བ་ཆེན་པོས་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་སྐྲག་བྱེད་མ་ས་བོན། །ཞེས་བྱ་བ་ནི་དེ་ལྟར་ཧཱུྃ་གི་ཡི་གེ་གཉིས་ཡོངས་སུ་སྐྲག་བྱེད་མའི་ས་བོན་ཏེ་སྔགས་ཞེས་བྱ་བར་དགོངས་སོ། །པ་མཐའི་ཡི་གེ་བཟུང་ནས་ནི། །ཞེས་བྱ་བ་ནི་པའི་ཡི་གེ་

ཡོངས་སུ་གཟུང་བའོ། །སླར་ཡང་དེ་བཞིན་བརྗོད་པར་བྱ། །ཞེས་བྱ་བ་ནི་སླར་ཡང་ཕའི་ཡི་གེ་དེ་བཞིན་དུ་བརྗོད་པར་བྱའོ། །མདོར་ན་མ་གསུངས་ཀྱང་རྗེས་སུ་བཞག་སྟེ། ཊའི་ཡི་གེ་ཕྱེད་ཀྱིས་ཀྱང་གསལ་བར་བྱ་སྟེ་ཕཊ་ཕཊ་ཀྱི་ཡི་གེ་དག་གོ། །ཕཊ་ཀྱི་ཡི་གེ་འདི་རྣམས་ཀྱི་རྣམ་པར་གཞག་པ་

གསུངས་པ། ཨུ་རྒྱན་འབར་བ་འཛིན་གྲོང་གི །བུ་གར་ཞེས་བྱ་བ་སྟེ་ཨུ་རྒྱན་དང་འབར་བ་འཛིན་པའི་གྲོང་དང་ལྟེ་བའི་གནས་དང་བུ་ག་གཉིས་རྣམས་སུ་ཡང་སྲོག་གི་རླུང་གིས་བཀང་བའོ། །ཐམས་ཅད་ལ་ཅི་བྱེད་པ་གསུངས་པ། གཏུམ་མོ་འབར་བའོ་ཞེས་བྱ་བ་སྟེ། ལྟེ་བའི་གནས་ནས་ཨའི་

ཡི་གེ་གཏུམ་མོའི་གཟུགས་ཀྱིས་འབར་བ་སྟེ་འདོད་ཆགས་ཆེན་པོའི་བདག་ཉིད་ཅན་ནོ། །འབྲས་བུ་ཅི་སྟེར་བ་གསུངས་པ། བྱང་ཆུབ་སེམས་ཀྱིས་ས་གསུམ་འགེངས། །ཞེས་བྱ་བ་སྟེ། འབར་བའི་གཏུམ་མོ་དེའི་འདོད་ཆགས་ཆེན་པོའི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་ཀྱིས་ས་གསུམ་སྟེ།

ལུས་དང་ངག་དང་ཡིད་འགེངས་པའོ། །དེ་ཡིས་ཀྱང་རང་གི་རིག་པ་སྐྱེ་བར་འགྱུར་ཏེ་གཏུམ་མོའི་སྔགས་སོ། །ད་ནི་མདོར་བྱས་ནས་གསུངས་པའི་སྔགས་རྣམས་ཀྱིས་ཡོངས་སུ་བསྡུ་བའི་སྒོ་ནས་ཕན་ཡོན་གསུངས་པ། དེ་ལྟར་བཤད་ཅེས་བྱ་བ་ལ་སོགས་པ་སྟེ། སྔགས་གང་རྣམས་

Vol. 20 · folio 51b

ཞེས་བྱའོ། །མདོར་བསྡུས་པ་ཞེས་བྱ་བ་སྟེ། མདོར་ན་བཾ་ཡོཾ་མོཾ་ཧྲཱིཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བྱ་བ་སྟེ། ཨོཾ་གྱི་ཡི་གེ་ཐམས་ཅད་དུ་རྗེས་སུ་འབྲེལ་པར་བྱའོ་ཞེས་བྱ་བའོ། །མཱ་ཏྲ་དང་ཐིག་ལེ་ལ་སོགས་པས་ཕྱེ་བ་རིམ་པས་ཡང་སྣ་ཚོགས་པའི་ཡི་གེ་ཉེ་བར་མཚོན་པར་བྱའོ། །རྣལ་འབྱོར་མ་ཡི་མིང་

ཡོངས་ལྡན། །ཞེས་བྱ་བ་ནི་ཨོཾ་བཾ་རྡོ་རྗེ་ཕག་མོའོ། །ཨོཾ་ཡོཾ་གཤིན་རྗེ་མའོ། །ཨོཾ་མོཾ་རྨོངས་བྱེད་མའོ། །ཨོཾ་ཧྲཱིཾ་ཀུན་དུ་བསྐྱོད་མའོ། །ཨོཾ་ཧཱུྃ་ཧཱུྃ་ཀུན་དུ་སྐྲག་བྱེད་མའོ། །ཨོཾ་ཕཊ་ཕཊ་གཏུམ་མོའོ། །ཅི་བྱ་བ་ལས་ཀྱི་དུས་སུ་རྟོགས་པར་བྱ་ཞེས་བྱ་བ་སྟེ་ཞི་བ་ལ་སོགས་པའི་ལས་ཀྱི་དུས་

རྣམས་སུ་ཤེས་པར་བྱ་བའོ། །རེ་རེའི་ཞེས་བྱ་བ་ནི་ཡི་གེ་རེ་རེ་འམ་རྣལ་འབྱོར་མའོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་སྟོབས་སོ། །གྲངས་ཞེས་བྱ་བ་ནི་གྲངས་སོ། །རྣམ་པར་འཕྲོ་བ་བདག་ཉིད་ཆེ། །ཞེས་བྱ་བ་ནི་གང་རྣམས་བདག་ཉིད་ཆེ་བ་དེ་ནི་བདག་ཉིད་ཆེ་བ་སྟེ། སྣ་ཚོགས་པའི་སངས་

རྒྱས་ཀྱི་ཞིང་དུ་བཞུད་པ་དང་རྣམ་པར་སྤྲོ་བའོ། །ཆ་ཤས་ཞེས་བྱ་བའི་རང་གི་དུས་རྣམས་སུ་རྣལ་འབྱོར་མ་རྣམས་ཀྱི་ཆ་ཤས་ཞེས་བྱ་བའོ། །དེའི་ཕྱིར་ཡང་བྱང་ཆུབ་ཀྱི་ཆ་ཤས་རྒྱུ་བྱེད་པ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་རྣལ་འབྱོར་མའི་གཟུགས་ཀྱིས་གདུལ་བར་བྱ་བ་དེ་རྣམས་ལྷག་

མ་མེད་པར་བྱང་ཆུབ་ཀྱི་ཆ་ཤས་རྣམས་སུ་རབ་ཏུ་འཇུག་པར་བྱེད་པའི་གཟུགས་ཀྱིས་རང་བཞིན་ལས་ཀྱང་སྐྱེས་པ་གནས་དང་ཉེ་བའི་གནས་ལ་སོགས་པར་སོན་པར་རྣལ་འབྱོར་མ་འཕྲོའོ་ཞེས་བྱ་བའི་དོན་ཏོ། །ད་ནི་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་བཏུ་བའི་གོ་རིམས་ཇི་ལྟ་བའི་རིམ་པས་འཁྲུལ་

འཁོར་བཅུ་གཉིས་རྣམས་གསུངས་པ་སྟེ། དེ་ཡང་། ཐོག་མར་རྣམ་སྣང་ཕྱག་འཚལ་བ། །ཞེས་བྱ་བ་ལ་སོགས་པ་ནས། དེ་ཉིད་ཚིག་ནི་རྒྱ་ཆེ་བ། །ཞེས་བྱ་བའི་བར་དུ་གཞག་ལ། ཐོག་མར་འཁྲུལ་འཁོར་གྱི་འཁོར་ལོ་རྣམས་ཀྱིས་བཤད་དེ། ཐོར་ལོང་དུ་སྦལ་པ་འཕར་བས་སོ། །དེ་ལྟར་

འཁྲུལ་འཁོར་ཞེས་བྱ་བ་ལ་སོགས་པ་ནས་དེ་འཁྲུལ་འཁོར་ཞེས་བྱ་བ་ནི་རྩའི་འཁྲུལ་འཁོར་ཏེ་རྐང་པའི་མཐེ་བོ་ནས་མགོ་བོའི་བར་དུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སོ། །དེ་རྣམས་ཀྱི་འཁོར་ལོ་ཞེས་བྱ་བ་ནི་རྩའི་གཙོ་བོ་དང་སྔགས་ཀྱི་ཡི་གེའི་ཚད་རྣམས་སོ། །དེའི་ཕྱིར་ཁྱོད་ཀྱི་སྔགས་སོ། །

Vol. 20 · folio 52a

ཆུང་བ་རྒྱ་ཆེ་བ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ཁྱོད་ཀྱི་སྔགས་མདོར་བསྡུས་པ་རྣམས་སུ་འཁྲུལ་འཁོར་གྱི་སྔགས་ཀྱི་ཡི་གེ་རྣམས་དེའི་དོན་དུ་ཆུད་པའོ། །ཡི་གེ་རེ་རེའི་དོན་གྱི་སྣ་ཚོགས་པའི་དགོས་པ་བྱེད་པ་དེས་ན་རྒྱ་ཆེ་བའོ། །དེ་རབ་བཤད་བྱ་ཞེས་བྱ་བར་འབྲེལ་ལོ། །བྲི་བར་བྱ་ཞེས་བྱ་བ་

ལ་སོགས་པ་ནས། དེ་རྣམས་སུ་རྩ་བསྐྱེད་པར་འགྱུར་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །འོན་ཀྱང་ལྔ་བཅུ་རྩ་དྲུག་གིས་ལྷག་པའི་ཡི་གེ་བཞི་བརྒྱ་རྣམས་ཏེ། དེ་རྣམས་ཀྱིས་ལྷག་མ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་བཞི་རྣམས་ཏེ། ལྟེ་བའི་ལྷག་མ་རྣམས་ནི་འཁྲུལ་འཁོར་བཅུ་གཉིས་རྣམས་ཀྱིའོ། །

སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་བྱ་བ་ནི་རྩ་སྟོང་ཕྲག་རྣམས་སོ། །རེ་རེའི་འཁོར་ཞེས་བྱ་བ་ནི། སྔར་བཤད་པའི་ལྔ་བཅུ་རྩ་དྲུག་གིས་ལྷག་པའི་ཡི་གེ་བཞི་བརྒྱའི་འཁོར་རོ། །རྩ་གཅིག་གི་དྲང་སྲོང་དང་མདའ་དང་ཟླ་བ་ཞེས་བྱ་བ་ནི་ལྔ་བཅུ་རྩ་བརྒྱད་ཀྱིས་ལྷག་པའི་བརྒྱ་སྟེ། སྤྱིར་བསྡུས་པས་ཐམས་ཅད་ལ་

བདུན་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། དྲང་སྲོང་རིག་བྱེད་མཚམས་ཞེས་བྱ་བ་ནི་སྔོན་དུ་བཤད་པ་རྣམས་ལས་ལྷག་པ་བཞི་བཅུ་རྩ་བརྒྱད་དོ། །དེ་རྣམས་སུ་ཡང་དེས་ཉུང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ། ལུས་ཐམས་

ཅད་ཀྱི་ཚིགས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེར་གནས་ཞེས་བྱ་བ་ནི་ཚིགས་ཀྱི་རྩ་རྣམས་ཀྱིའོ། །ལས་གཅིག་ཏུ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་དུས་རྣམས་སུ་འཁྲུལ་འཁོར་གཅིག་སྟེ་ཇི་ལྟར་མོས་པར་ཡོངས་སུ་བཏུ་བར་བྱའོ་ཞེས་བྱ་བར་འབྲེལ་ལོ། །རྣམ་ཤེས་ཞེས་བྱ་བ་ལ་

སོགས་པ་ནས་ཡིད་འཇོམས་པ་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་སླར་ཡང་རིམ་པ་ཇི་ལྟ་བས་སྔགས་བཏུ་བ་སེང་གེ་རྣམ་པར་ལྟ་བ་ཡིས་བཤད་པ་གསུངས་པ། ཐོག་མར་རྣམ་སྣང་ཕྱག་འཚལ་བ། །ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མར་རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཐོག་མར་

རྣམ་པར་སྣང་མཛད་ཕྱག་འཚལ་བ་སྟེ་སྔགས་ཐམས་ཅད་ཀྱི་ཐོག་མར་གནས་པའོ། །ཆོས་ཀྱི་དབྱིངས་ནི་ཞེས་བྱ་བའི་གཟུངས་ཞེས་བྱ་བ་ནི་དགོངས་པའི་གཟུགས་ཀྱིས་སྔོན་དུ་བཤད་པའི་མཚན་ཉིད་རྣམས་ཀྱིས་ཨོཾ་གྱི་ཡི་གེའི་རང་བཞིན་ཆོས་ཀྱི་དབྱིངས་སོ་ཞེས་བྱ་བའོ། །ཏ་སྡེའི་ལྔ་པའི་ཡི་

Vol. 20 · folio 52b

གེ་ནི། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་ལྔ་པའི་ཡི་གེ་ནི་ནའི་ཡི་གེའོ། །ལྔ་པའི་ནི་སྡེ་ཚན་ནོ། །རྣལ་འབྱོར་མ་གཟུགས་ནམ་མཁའ་བརྟེན། །ཞེས་བྱ་བ་ནི་དེ་ལྟར་ཨའི་སྡེ་ཚན་ལ་ལྟོས་ནས་ཏའི་སྡེ་ཚན་ལྔ་པའོ། །དེའི་ཕྱིར་ལྔ་པའི་ནའི་ཡི་གེ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ནམ་མཁའི་དབུས་

སུ་བརྟེན་པའི་རྣལ་འབྱོར་མའི་གཟུགས་རྣམས་ཀྱིས་ཏེ་ཨ་ཝ་དྷཱུ་ཏཱིའི་དབུས་སུ་ཞེས་བྱ་བའི་དོན་ཏོ། །པ་མཐའི་ས་བོན་ཨོ་དང་ལྡན། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་ནི་མའི་ཡི་གེ་སྟེ། ཨོ་དབྱངས་ལྡན་ཞེས་བྱ་བ་ནི་ཨོའི་དབྱངས་དང་ལྡན་པ་སྟེ་མདོར་ན་མོ་ཞེས་བྱ་བའོ། །དེའི་ཁྱད་

པར་གསུངས་པ། གཏི་མུག་འཇོམས་པར་བྱེད་པ་ཡི། །རྣལ་འབྱོར་མའི་ཚོགས་སྤྲོ་བའོ། །ཞེས་བྱ་བ་སྟེ། མཁའ་འགྲོ་མ་ལ་སོགས་པའི་སྣ་ཚོགས་པའི་རྣལ་འབྱོར་མ་གཏི་མུག་ལ་སོགས་པ་འཇོམས་པར་བྱེད་པ་དང་ཐིག་ལེ་སྤྲོ་བའོ། །དེ་ཡི་བཞི་པའི་ས་བོན་ནི། །ཞེས་བྱ་བ་ནི་པའི་སྡེ་ཚན་

གྱི་བཞི་པའི་ས་བོན་ནི་བྷའི་ཡི་གེ་སྟེ། ས་གསུམ་དུ་ནི་ཁྱབ་པ་སྟེ། །རྣལ་འབྱོར་མ་ནི་སྤྲོ་བའོ། །ཞེས་བྱ་བ་ནི་དེ་ལྟར་བྷའི་ཡི་གེ་ལས་ལུས་དང་ངག་དང་ཡིད་དང་ཁམས་གསུམ་ཁྱབ་པའི་རྣལ་འབྱོར་མ་སྤྲོ་བའོ། །ཐོག་མ་ཡི་ནི་གསུམ་པ་སྟེ། །ཞེས་བྱ་བ་ནི་ཐོག་མ་ཀའི་སྡེ་ཚན་གྱི་

གསུམ་པ་ནི་གའི་ཡི་གེའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། གསུངས་པ། འགྲོ་བ་དྲུག་པོ་ཉམས་བྱེད་པའི། །མཁའ་འགྲོ་མ་ཡི་འཁོར་ལོ་སྤྲོ། །ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་དྲུག་འཇོམས་པའི་རྒྱུ་སྟེ། ཆོས་དང་ཆོས་ཅན་རབ་ཏུ་འཇུག་པའི་མཁའ་འགྲོ་མའི་

འཁོར་ལོ་སྤྲོ་བ་ཞེས་བྱ་བའོ། །ཡ་སྡེའི་མཐའ་ཡི་ས་བོན་ནི། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་ཝའི་ཡི་གེ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ལྔ་པའི་སྡེ་ཡི་ཐོག་མ་སྟེ། །ཞེས་བྱ་བ་ནི་ལྔ་པ་ནི་ཏའི་སྡེ་ཚན་གྱི་ཐོག་མ་སྟེ་ཏའི་ཡི་གེའོ། །

དེ་བཞིན་ཉིད་ཀྱི་ས་བོན་ཏེ། །ཨེ་ཡི་དབྱངས་ཀྱིས་མགོ་ལ་རེག །ཅེས་བྱ་བ་སྟེ། དེ་ཡང་ཏའི་ཡི་གེ་ལ་ཨེའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཏེའི་ཡི་གེ་སྟེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའི་རང་བཞིན་ནོ། །ཆུ་ཡི་ཡི་གེ་ཡོངས་བསགས་པ། །ཞེས་བྱ་བ་ནི་ཆུའི་ས་བོན་ཡོངས་བསགས་

Vol. 20 · folio 53a

པ་ནི་བའི་ཡི་གེ་སྟེ་ཡོན་ཏན་གསུངས་པ། ཐམས་ཅད་བྱེད་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་སྔགས་ཀྱི་ཡི་གེ་རྣམས་དང་རྣལ་འབྱོར་མ་རྣམས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པས་བདེ་བའི་གནས་ཀྱི་དངོས་པོའི་གཟུགས་ཞེས་བྱ་བའི་དོན་

ཏོ། །རྩ་སྡེའི་དབུས་གནས་བཟུང་ནས་ནི། །ཞེས་བྱ་བ་ནི་རྩའི་སྡེ་ཚན་གྱི་དབུས་ན་གནས་པ་ནི་ཛའི་ཡི་གེ་སྟེ་དེ་གཟུང་བར་བྱ་བའོ། །ཉི་མ་ཡི་ནི་གདན་ལྡན་པ། །ཞེས་བྱ་བ་ནི་དེ་ལྟར་ཛའི་ཡི་གེ་ཉི་མས་བརྒྱན་པ་སྟེ་རའི་ཡི་གེའོ། །དེས་འོག་གི་ཆར་ལྡན་པར་བྱ་བ་སྟེ་མདོར་ན་ཛྲའི་

ཡི་གེའོ། །ཡོན་ཏན་ཅི་ཞེ་ན། གསུངས་པ། ལས་ཀྱི་དུས་སུ་ཁྱད་པར་འབར། །ཞེས་བྱ་བ་སྟེ་ཁྱད་པར་གྱི་ལས་སུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གང་བྱེད་པ་རང་གི་རྟོག་པ་དང་བྲལ་བའི་ལས་སེམས་ཅན་རྣམས་ཀྱི་རྣམ་པར་རྟོག་པའི་དབང་གིས་དེ་ཐམས་ཅད་འབར་

བར་གྱུར་པ་སྟེ་འོད་གསལ་བའི་ཡེ་ཤེས་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཕག་མོ་ཡི་ནི་ས་བོན་ནི། །ཞེས་བྱ་བ་ནི་ཕག་མོའི་ས་བོན་པའི་ཡི་གེའོ། །ཨ་ཡི་ཡི་གེས་རྣམ་པར་རེག །ཅེས་བྱ་བ་ནི་དེ་དེ་ལྟར་ཨཱའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་བཱའོ། །ཡོན་ཏན་ཀྱང་གསུངས་པ། ས་གསུམ་ཡེ་

ཤེས་རང་བཞིན་མཉམ། །ཞེས་བྱ་བ་སྟེ་ས་གསུམ་གྱི་ཡེ་ཤེས་ནི་རང་གི་རིག་པའི་བདེ་བ་སྟེ་ཡེ་ཤེས་ཚད་མེད་པ་དེས་རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་གྱི་ཡེ་ཤེས་འཆར་བ་ཞེས་བྱ་བའི་དོན་ཏོ། །མེ་ཡི་ས་བོན་དབྱངས་གཉིས་ལྡན། །ཞེས་བྱ་བ་ནི་མེའི་ས་བོན་ནི་རའི་ཡི་གེ་སྟེ་དབྱངས་

ཀྱི་གཉིས་པ་ཨཱའི་ཡི་གེའོ། །དེ་དང་ལྡན་པ་སྟེ་མདོར་ན་རཱ་ཞེས་བྱ་བའོ། །འཁོར་བའི་ལས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་དེ་ལྟར་རཱའི་ཡི་གེ་འཁོར་བའི་ལས་ཀྱི་རང་བཞིན་ཏེ། གང་གི་ཕྱིར་མཛེས་པ་དང་འབར་བར་འགྱུར་བས་རཱའི་ཡི་གེའོ། །དེའི་ཕྱིར་ཡེ་ཤེས་དང་བྲལ་བས་ལས་གང་

བྱེད་པ་ཡང་དག་པར་བཅོམ་ནས་དེ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བར་དགོངས་སོ། །ས་མཐའི་མགོ་ལ་ཨི་དབྱངས་རེག །ཅེས་བྱ་བ་ནི་སའི་ཡི་གེའི་ཕ་རོལ་ནི་སའི་ཕ་རོལ་ཏེ་ཧའི་ཡི་གེའོ། །དེ་ཡང་མགོ་བོ་ལ་ཨཱིའི་དབྱངས་ཀྱིས་རེག་པ་སྟེ་མདོར་ན་ཧཱིའི་ཡི་གེའོ། །དོན་གསུངས་

Vol. 20 · folio 53b

པ། རྟག་ཏུ་ཚངས་པའི་རང་བཞིན་བལྟ། །ཞེས་བྱ་བ་སྟེ་ཧཱི་ནི་རྟག་ཏུ་མཆོག་གི་ཚངས་པའི་རང་བཞིན་དུ་བལྟ་བར་བྱ་སྟེ་གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །དབྱངས་ཀྱི་གཉིས་པ་བཟུང་ནས་ནི། །དེ་ལྟར་མཁའ་འགྲོ་མ་ཡི་གཟུགས། །ཞེས་བྱ་བ་ནི་

དབྱངས་ཀྱི་གཉིས་པའི་ཡི་གེ་ཨཱ་གཟུང་བའོ། །དེ་ལྟར་ཞེས་བྱ་བ་དང་མཁའ་འགྲོ་མའི་གཟུགས་ཞེས་བྱ་བ་ནི་ས་བོན་གྱི་ཡི་གེ་དེ་མཁའ་འགྲོ་མའི་གཟུགས་སོ། །དེའི་ཕྱིར་འདི་གསུངས་པ། །སེམས་ཅན་སྒྲོལ་བར་བྱེད་པའོ། །ཞེས་བྱ་བ་སྟེ་མཁའ་འགྲོ་མ་གང་གི་གཟུགས་ཀྱིས་སེམས་ཅན་ཐམས་

ཅད་སྒྲོལ་བར་བྱེད་དོ། །གང་གི་ཕྱིར་མཁའ་ལ་འགྲོ་བས་སྤྲུལ་པས་ནམ་མཁའ་ལ་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་སུ་འགྲོ་བས་ན་ཌ་ཎ་ཎཱ་ཨོ་སྟེ་ནམ་མཁའ་ལ་འགྲོ་བའི་ཁམས་ཀྱི་ལུགས་ཀྱིས་ཏེ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་དངོས་པོའི་ཕྱིར་དང་སེམས་ཅན་ཐམས་ཅད་ཀྱི་འགྲོ་བའི་ངོ་

བོ་ཉིད་ཀྱིས་མཁའ་འགྲོ་མའི་སྙིང་དུ་རབ་ཏུ་ཞུགས་པ་ཞེས་བྱ་བའི་དོན་ཏོ། །ཡ་ཡིག་གནས་པ་ར་དང་ལྡན། །ཞེས་བྱ་བ་ནི་ཡའི་ཡི་གེ་གནས་པ་ལ་རཱའི་ཡི་གེས་ལྡན་པའོ། །སླར་ཡང་ཨཱ་ཡི་དབྱངས་སྦྱོར་རོ། །ཞེས་བྱ་བ་ནི་དེ་ལྟར་ཡང་ཨའི་དབྱངས་ཀྱི་ཡི་གེ་སྦྱར་བར་བྱའོ། །མདོར་ན་

ཡརྱའི་ཡི་གེའོ། །འདིའི་དོན་ནི། །ཁམས་གསུམ་རྣལ་འབྱོར་མ་སྤྲོ་བའོ། །ཞེས་བྱ་བ་ནི་ཁམས་གསུམ་རྣམས་སུ་རྣལ་འབྱོར་མ་རྣམས་སྤྲོ་བ་ཞེས་བྱ་བའོ། །དྲུག་པའི་སྡེ་ཡི་དང་པོ་ནི། །ཞེས་བྱ་བ་ནི་དྲུག་པའི་སྡེ་ཚན་གྱི་དང་པོ་ནི་པའི་ཡི་གེའོ། །རྣལ་འབྱོར་མ་སྔགས་ཀུན་རང་བཞིན། །ཞེས་

བྱ་བ་ནི་ཐམས་ཅད་ཀྱི་གཟུགས་ཀྱི་པདྨའི་སྙིང་པོ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་རང་བཞིན་ལས་ཀྱང་རྣལ་འབྱོར་མ་རྣམས་ཀྱི་ལྷན་ཅིག་སྐྱེས་པའི་ཞེས་བྱ་བའི་དོན་ཏོ། །རཱ་གནས་པ་ནི་ཨ་དབྱངས་ལྡན། །ཞེས་བྱ་བ་ནི་རཱའི་ཡི་གེ་གནས་པ་ཨའི་ཡི་གེ་དང་ལྡན་པ་སྟེ། མདོར་ན་ར་ཞེས་བྱ་བའོ། །

དེའི་ཡང་རང་བཞིན་ཅི་ཞེ་ན། གསུངས་པ། སྡང་བའི་སེམས་ཅན་གསོད་བྱེད་འགྱུར། །ཞེས་བྱ་བ་སྟེ། སྣང་བའི་སེམས་ཅན་རྣམས་སྙིང་རྗེའི་རྒྱུ་ཡིས་གསོད་པར་གསུངས་སོ། །འོ་ན་གསད་པའི་ལས་རྣམས་ཀྱིས་སེམས་ཅན་རྣམས་ལ་གནོད་པར་འགྱུར་རོ། །སླར་ཡང་བྱང་ཆུབ་སེམས་

Vol. 20 · folio 54a

དཔའ་རྣམས་ཀྱི་དམྱལ་བ་ཉིད་དེ་ཇི་ལྟར་སྙིང་རྗེའི་གང་གིས་འགྲོ་བའི་དོན་བྱེད་པར་འགྱུར་ཞེ་ན། དེ་ཉིད་བཤད་པ། ཁྱེད་ཀྱི་ངག་བདེན་ཏེ་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་ལ་ཕན་པའི་བསམ་པ་བསྐྱེད་པ་ལ་བརྩོན་པ་སྟེ། རང་ལ་ཕན་པའི་བསམ་པ་ནི་

མེད་དོ། །གཅིག་ཏུ་ན་གཞན་ལ་གནོད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ཏེ། རྟག་ཏུ་དེ་ལྟར་སྨོན་ལམ་འདེབས་པ་དང་། གསོད་པ་ལ་སོགས་པའི་ལས་རྣམས་ཀྱིས་ཀྱང་བདག་ཉིད་ལས་མངོན་སུམ་དུ་དམྱལ་བ་ལ་སོགས་པར་འགྲོ་བར་གྱུར་པ་མཆོག་ཡིན་ནོ་ཞེས་སོ། །དེ་ཅིའི་

ཕྱིར་ཞེ་ན། སྡང་བའི་སེམས་ཅན་གཅིག་གིས་ཀྱང་སེམས་ཅན་དུ་མ་རྣམས་ལ་གནོད་པ་བྱེད་དོ། །དེས་དེ་ལྟར་ལས་ཀྱིས་གྲངས་མེད་པའི་བསྐལ་པ་རྣམས་སུ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དེའི་དེ་ལྟར་དགྲོལ་བའི་རྒྱུད་ཉིད་པས་སྐྱོན་མེད་དེ་འདི་ནི་མདོར་བསྡུས་པའི་

དོན་ཡིན་པས་རྒྱ་ཆེ་བ་ཡང་སྣ་ཚོགས་པའི་མདོ་སྡེ་ལ་སོགས་པ་དང་བསྟན་བཅོས་རྣམས་སུ་ཤེས་པར་བྱའོ། །ཛ་ཡི་ཡི་གེས་ཡོངས་གཟུང་སྟེ། །ཨི་ཡི་དབྱངས་དང་ཡང་དག་ལྡན། །ཞེས་བྱ་བ་ནི་ཛའི་ཡི་གེ་ཡོངས་སུ་གཟུང་བར་བྱའོ། །ཨིའི་ཡི་གེ་དང་ཡོངས་སུ་ལྡན་པར་བྱ་སྟེ། མདོར་ན་ཛི་ཡི་

ཡི་གེའོ། །དེ་ཡང་སྒྱུ་མའི་རང་བཞིན་ནོ། །ཞེས་བྱ་བ་སྟེ་སྒྱུ་མ་ཆེན་པོ་དང་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ལ་ཞེས་བྱ་བར་དགོངས་སོ། །སོ་ཡི་ས་བོན་རྣ་བ་ལ། །ཨེ་ཡི་དབྱངས་ཀྱིས་རེག་པས་དབྱེ། །ཞེས་བྱ་བ་ནི་ཨེའི་ཡི་གེས་ལས་རྣམས་སུ་ཕྱེ་བ་སྟེ་རེག་པའོ། །མདོར་ན་ཏེར་འགྱུར་

རོ། །གླུ་ཡི་སྔགས་ཀྱིས་སྦྱར་བ་སྟེ། །ཞེས་བྱ་བ་ནི་དེ་ལྟར་དེའི་ཡི་གེ་སྔགས་ཀྱི་དབྱངས་ཀྱིས་སྦྱར་བར་བྱའོ། །དེ་ལྟར་ཡང་གང་གི་གླུ་ཡིན། ཅི་བྱ་བ་ལ་སོགས་པ་གསུངས་པ། ཏྲེ་ཡི་ཡི་གེས་ས་གསུམ་ཀུན། །ཞེས་བྱ་བ་སྟེ་དེའི་ཡི་གེས་ཁམས་གསུམ་ལ་ཐམས་ཅད་གླུའི་རྣམ་པར་

སྦྱར་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱིས་ནི་ཁྱད་པར་སྔགས། །ཞེས་བྱ་བ་སྟེ། དེ་ལྟར་སྔགས་ཡེ་ཤེས་ཀྱི་རང་བཞིན་ཉིད་དོ། །དེ་ལྟ་བུའི་རྣམ་པ་དེས་ཆོས་ཐམས་ཅད་བསྒྲག་པར་བྱའོ་ཞེས་བྱ་བ་ནི་ཁྱད་པར་རོ། །ལ་ཡི་ཡི་གེ་ཨོ་དང་ལྡན། །ཞེས་བྱ་བ་ནི། ལའི་ཡི་གེ་

Vol. 20 · folio 54b

ལ་ཨོའི་ཡི་གེས་ལྡན་པར་བྱ་བ་སྟེ། མདོར་ན་ལོའི་ཡི་གེའོ། །འདིའི་དོན་ནི། འཇིག་རྟེན་རྣམས་ཀྱིས་འཛིན་པའོ། །ཞེས་བྱ་བ་སྟེ། འཇིག་རྟེན་རྣམས་ཀྱི་རྟེན་དུ་གྱུར་པ་ས་ལྟ་བུའི་ཡེ་ཤེས་ཀྱི་རླུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བར་དགོངས་སོ། །དེ་ཡང་བྱང་ཆུབ་བྱེད་པ་ནི་ཆོས་ཞེས་བྱ་བ་སྟེ་

རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་གོམས་པས་ལྷན་ཅིག་སྐྱེས་པའི་དགའ་བའི་མཐར་ཐུག་པ་ཐོབ་པ་སྟེ། དེ་ཉིད་བྱང་ཆུབ་རྣམས་ཀྱི་བྱེད་པ་བཞི་པ་བདག་པོ་ཡང་དག་པའི་ཉམས་སུ་མྱོང་བ་ཞེས་བྱ་བའི་དོན་ཏོ། །ཐོག་མའི་ཀ་ནི་ཡ་སྟན་ལྡན། །ཞེས་བྱ་བ་ནི་ཐོག་མར་ཀའི་ཡི་གེ་ལ་སྦྱིན་པར་བྱ་སྟེ་ཡའི་

གདན་ནོ། །མདོར་ན་ཀྱའི་ཡི་གེའོ། །འདིའི་རང་བཞིན་གསུངས་པ། འཆི་དང་ལྷན་སྐྱེས་དབྱེ་བ་མེད། །ཅེས་བྱ་བ་སྟེ། ཀའི་ཡི་གེ་དེ་ནམ་མཁའ་སྟེ་འཆི་བའི་རླུང་གིས་རླུང་མེད་པའོ། །དེ་ལྟ་བུའི་རང་བཞིན་གྱི་ཡེ་ཤེས་དང་རྣམ་པར་ཤེས་པ་དེ་ཡོད་ན་སྲོག་དང་སེམས་དག་ཅིང་ཞེས་པའོ། །པའི་

མཐའ་ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེའོ། །ཨ་ཡི་ཡི་གེའི་དབྱངས་སྦྱར་བྱ། །ཞེས་བྱ་བ་ནི་ཨའི་ཡི་གེ་དབྱངས་ཀྱིས་སོགས་པ་སྟེ་མདོར་ན་མཱ་ཞེས་བྱ་བའོ། །ས་གསུམ་གྱི་ནི་མའི་རང་བཞིན། །ཞེས་བྱ་བ་ནི་ཡི་གེ་མཱ་དེ་ས་གསུམ་གྱི་མ་དང་རྣལ་འབྱོར་མའི་རང་བཞིན་ལུས་

དང་ངག་དང་ཡིད་བསྐྱེད་མ་ཞེས་བྱ་བ་སྟེ་ཨ་ཝ་དྷཱུ་ཏཱིའི་ཞེས་བྱ་བའི་དོན་ཏོ། །ཏ་ཡིག་ཨི་ཡི་ཡི་གེས་བརྒྱན། །ཞེས་བྱ་བ་ནི་ཏའི་རྣམ་པའི་ཡི་གེ་ཨིའི་ཡི་གེས་བརྒྱན་པའོ། །མདོར་ན་ཏིར་འགྱུར་རོ། །བདེ་བ་འཛིན་པར་བྱེད་པའོ། །ཞེས་བྱ་བ་ནི་དེ་ལྟར་ཏའི་ཡི་གེ་བདེ་བ་འཛིན་པ་སྟེ་རྩ་

ཐམས་ཅད་ནས་འཕོ་བའི་དུས་སུ་ཞེས་བྱ་བའོ། །སླར་ཡང་པའི་སྡེའི་མཐའ་མ་སྟེ་པའི་སྡེ་ཚན་གྱི་མཐའ་མ་ནི་ཡི་གེ་མའོ། །ཚད་མེད་པའི་ལྷན་སྐྱེས་ཀྱི་དབུས་ན་གནས་པའི་རང་བཞིན་ནོ་ཞེས་བྱ་བ་ནི་བཤད་པའི་བདེ་བའི་རྩའི་དེར་མའི་ཡི་གེ་ཚད་མེད་པའི་དབུས་སུ་ལྷན་སྐྱེས་ཀྱི་རང་བཞིན་ནོ། །སའི་

མཐའ་མ་ཨཱ་དང་ལྡན། །ཞེས་བྱ་བ་ནི་སའི་ཕ་རོལ་ཧའི་ཡི་གེའོ། །དེ་ལྟར་ཨཱའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཧཱ་ཞེས་བྱ་བའོ། །རྡོར་སེམས་ཡེ་ཤེས་གཞོམ་མེད་པའོ། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་གཞོམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཞོམ་པར་བྱ་བ་དང་འཇོམས་པར་བྱེད་པ་སྤངས་པ་

Vol. 20 · folio 55a

ཞེས་བྱ་བར་དགོངས་སོ། །ཡ་སྡེའི་མཐའ་མ་ཨི་དབྱངས་ལྡན། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མའི་ཡི་གེ་ཝའི་ཡི་གེའོ། །དེ་ཡང་ཨིའི་དབྱངས་དང་ལྡན་པ་སྟེ་མདོར་ན་ཝིའོ། །མི་ཤེས་རང་བཞིན་འཇོམས་བྱེད་པའོ། །ཞེས་བྱ་བ་ནི་མི་ཤེས་པའི་རང་བཞིན་གྱི་ཆོ་

གས་དེས་འཇོམས་པར་བྱེད་པ་སྟེ་ཝིའི་ཡི་གེར་བཤད་ཅེས་བྱ་བར་དགོངས་སོ། །དྱེ་སྔགས་ཆོས་དབྱིངས་རང་བཞིན་ཏེ། །ཞེས་བྱ་བ་ནི་དྱེའི་ཡི་གེའི་སྔགས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ཐམས་ཅད་རང་བཞིན་ཁྱབ་པའོ། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་དེ་ཐམས་ཅད་ཀྱི་རང་བཞིན་སྣ་ཚོགས་

པའི་ཆོས་ཁྱབ་པའོ་ཞེས་བྱ་བ་སྟེ། གང་དབང་པོ་ལ་སོགས་པས་མཆོད་པའོ། །བུ་ག་རྣམས་ནས་འཛག་པ་ས། །ཞེས་བྱ་བ་ནི་བུ་ག་ཐམས་ཅད་ནས་བྱང་ཆུབ་ཀྱི་སེམས་འཛག་པ་པོ་ནི་སའི་ཡི་གེའོ། །འབབ་པའི་ས་བོན་ཉི་མ་ལྡན། །ཞེས་བྱ་བ་ནི་བྱང་ཆུབ་སེམས་འབབ་པའི་ས་བོན་ནི་

བའི་ཡི་གེའོ། །ཉི་མའི་ནི་རའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་རྦའོ། །ཆུ་སྲིན་དབང་པོ་ཡི་ནི་སྔགས། །ཞེས་བྱ་བ་ནི་ཆུ་སྲིན་དབང་པོ་ཡིས་ནི་འདོད་པ་སྟེ་འདོད་ཆགས་ཆེན་པོ་ཐམས་ཅད་དུ་རྗེས་སུ་སོན་པའི་སྔགས་སོ། །དེའི་རང་བཞིན་རྦའི་ཡི་གེའོ། །པ་སྡེའི་བཞི་པའི་ས་བོན་ནི་པའི་སྡེ་

ཚན་གྱི་བཞི་པའི་ས་བོན་བྷའི་ཡི་གེར་གནས་པའོ། །ཨཱུའི་དབྱངས་སྟན་དང་ལྡན་པ་སྟེ། །ཞེས་བྱ་བ་ནི་དེ་ལྟར་བྷའི་ཡི་གེ་ཨཱུའི་སྟན་དང་ཡང་དག་པར་ལྡན་པའོ། །འཁོར་བའི་སྡུག་བསྔལ་ཉམས་བྱེད་པའོ། །ཞེས་བྱ་བ་ནི་དེ་ལྟར་གཉིས་ཀྱི་བྷཱུའི་ཡི་གེས་འཁོར་བའི་སྡུག་བསྔལ་ཉམས་

པར་བྱེད་པའོ། །ཏ་ཡི་སྔགས་ཀྱིས་དགྲ་ཉམས་བྱེད། །ཅེས་བྱ་བ་ནི་སྔགས་ཀྱི་ཏའི་རྣམ་པའི་ཡི་གེའི་སྔགས་ཀྱིས་དགྲ་དེ་སྣ་ཚོགས་པའི་བགེགས་འཇོམས་པར་བྱེད་པའོ། །སླར་ཡང་པ་སྡེའི་བཞི་པ་ནི། །ཞེས་བྱ་བ་ནི་སླར་ཡང་པའི་སྡེ་ཚན་གྱི་བཞི་པ་བྷའི་ཡི་གེའོ། །སྒྲ་ཆེན་པོ་ནི་སྒྲོགས་

པའོ། །ཞེས་བྱ་བ་ནི་བྷ་ཞེས་བྱ་བའི་ཡི་གེ་ཆེན་པོའི་སྒྲ་སྒྲོགས་པ་སྟེ། རང་གིས་རིག་པའི་ཡེ་ཤེས་ཀྱི་འོད་གསལ་བ་ཞེས་བྱ་བའི་དོན་ཏོ། །རླུང་གི་ས་བོན་ཨཱ་ཡིག་རེག །ཅེས་བྱ་བ་ནི། རླུང་གི་ས་བོན་ནི་ཡའི་ཡི་གེའོ། །དེ་དེ་ལྟར་ཨཱའི་ཡི་གེས་རེག་པའོ། །སྔགས་ནི་ནོར་བུར་འབབ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words