དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་གྲུ་གཟིངས་ཞེས་བྱ་བ
Sanskrit title (Tibetan script, as in the text) ཤྲཱི་ཌཱ་ཀཱརྞྞ་བ་མཧཱ་ཡོ་གི་ནཱི་ཏནྟྲ་རཱ་ཛ་སྱ་བོ་ཧི་ཏ་ཊཱི་ཀཱ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 20 · folio 55b
བཞིན་པའོ། །ཞེས་བྱ་བ་ནི་དེ་ལྟར་མདོར་ན་ཡའི་ཡི་གེ་སྟེ་རྩ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་ནོར་བུ་དེ་ལ་གཞོལ་བས་མཚོན་པ་རླུང་ཆེན་པོའི་བདག་ཉིད་བདེ་བ་དེའི་སྔགས་དེ་དེ་བཞིན་ནོ། །ཆུ་ཡི་ས་བོན་རྣར་གཟུང་བ། །ཞེས་བྱ་བ་ནི་ཆུའི་ས་བོན་ནི་བའི་ཡི་གེའོ། །དེ་ཡང་རྣ་བས་
གཟུང་བ་སྟེ། །སྒྱུ་མ་ཡི་ནི་རང་བཞིན་ནོ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་དབང་ཕྱུག་གིས་སྒྲ་གང་ཅི་ཐོས་པ་དང་སངས་རྒྱས་དེ་ཐམས་ཅད་སྒྱུ་མའི་རང་བཞིན་ནོ། །དེ་ལྟར་གསུངས་པ། ཞལ་རྣམ་པར་དག་པ་བྷའི་ཡི་གེའོ། །མིག་རྣམ་པར་དག་པ་ཡའི་ཡི་གེའོ། །དེ་བཞིན་དུ་པའི་ཡི་གེའོ། །
ས་ཡི་ཕ་རོལ་ཨེ་ཡིག་ལྡན། །ཞེས་བྱ་བ་ནི་སའི་ཡི་གེའི་ཕ་རོལ་ནི་ཧའི་ཡི་གེའོ། །ཨེའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཧེའི་ཡི་གེའོ། །ས་གསུམ་གྱིས་ནི་འཁྲུལ་འཇོམས་རྒྱུ། །ཞེས་བྱ་བ་ནི་ས་གསུམ་རྣམས་སུ་ལུས་དང་ངག་དང་ཡིད་ཀྱིས་འཁྲུལ་པ་དེ་ཉིད་གཏི་མུག་ལ་སོགས་པས་
འཁོར་བ་ཐམས་ཅད་ཀྱི་རྫས་ཡོད་པ་ཉིད་དང་འཁྲུལ་པ་དང་བཅས་པ་ཡང་རིང་དུ་བྱེད་པའི་ས་ཧེའི་ཡི་གེ་ཞེས་བྱ་བ་བཤད་དོ། །པ་སྡེའི་མཐའ་མ་རྐང་རང་བཞིན། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེའོ། །རྐང་གི་རང་བཞིན་ཞེས་བྱ་བ་ནི་དེ་ལྟར་མའི་རྣམ་པའི་ཡི་གེའི་དབུས་
མའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའོ། །ས་ཡི་ཕ་རོལ་ཨ་དང་ལྡན། །ཞེས་བྱ་བ་ནི་སའི་ཕ་རོལ་གྱི་ཡི་གེ་ནི་ཧའི་ཡི་གེའོ། །ཨའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཧཱར་འགྱུར་རོ། །ངོ་མཚར་ཆེ་བ་ཡི་ནི་ཆོས། །ཞེས་བྱ་བ་ནི་ངོ་མཚར་ཆེ་བའི་གཟུགས་ཀྱི་ཆོས་ཏེ་ཀྱེ་བཅོམ་ལྡན་འདས་ཆོས་ཀྱི་
གཟུགས་ཞེས་བྱ་བ་ལ་སོགས་པས་ཀྱང་ངོ་། །ཡ་སྡེའི་མཐའ་མ་ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །ཡི་གེ་མཆོག་ནི་པདྨའི་རྩ་བའི་ཡི་གེ་ས་བོན་ལས་སོ། །མཆོག་ཏུ་མི་འགྱུར་དངོས་པོ་ཞེས་བྱ་བ་ནི་རྩ་ཐམས་ཅད་ཀྱིར་བཤད་དོ་ཞེས་བྱ་བར་དགོངས་སོ། །ཙ་སྡེའི་
དབུས་མའི་ས་བོན་ནི། །ཞེས་བྱ་བའི་ཙའི་སྡེ་ཚན་གྱི་དབུས་མའི་ས་བོན་ཛའི་ཡི་གེའོ། །ར་ནི་མགོ་ལ་གནས་པ་སྟེ། །ཞེས་བྱ་བ་ནི་རའི་ཡི་གེ་མགོ་ལ་གནས་པའོ། །ཨེའི་ཡི་གེས་ཕྱེ་བ་ཞེས་བྱ་བ་ནི་འདི་ཨེའི་ཡི་གེས་ཕྱེ་བ་སྟེ་མདོར་ན་ཛེའི་ཡི་གེའོ། །ལྷ་དང་ལྷ་མིན་རང་བཞིན་ནོ། །
Vol. 20 · folio 56a
ཞེས་བྱ་བ་ནི་དེ་ལྟར་ཛྲེའི་ཡི་གེ་ནི་ལྷ་དང་ལྷ་མ་ཡིན་གྱི་རང་བཞིན་ཏེ་ཁམས་གསུམ་རྣམས་སུ་ལྷ་དང་ལྷ་མ་ཡིན་དེ་ནམ་མཁའ་སྤྲོ་བ་ཞེས་བྱ་བར་དགོངས་སོ། །དེ་ལྟར་སྔགས་ཚིག་དྲུག་པོ་སྟེ། །རྣལ་འབྱོར་མ་དང་ཚོགས་སྤྲོ་བ། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་རྐང་པ་དྲུག་
སྟེ། གང་ཞེ་ན་གསུངས་པ། བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི། ཨཱརྱཱ་པ་རཱ་ཛི་ཏེ་ཏྲཻ་ལོ་ཀྱ་མཱ་ཏེ། མ་ཧཱ་བི་དྱེ། སརྦ་བྷཱུ་ཏ་བྷ་ཡཱ་ཝ་ཧེ། མ་ཧཱ་བཛྲེ་ཞེས་བྱ་བའོ། །ཨོཾ་ན་མོའི་ཡི་གེ་གསུམ་གྱི་ཚིག་རྐང་ཐམས་ཅད་ལ་མངོན་པར་སྦྱར་བར་བྱའོ། །དེ་རྣམས་ཀྱིས་ཀྱང་རྣལ་འབྱོར་མའི་ཚོགས་སྤྲོ་བའོ། །དེ་ཅིའི་
དོན་དུ་ཞེ་ན། གསུངས་པ། ལས་ཀུན་རང་བཞིན་འཁོར་ལོ་ཡི། །ཞེས་བྱ་བ་སྟེ། བཤད་པའི་ཡི་གེ་རེ་རེའི་རྒྱུ་ཡང་དོན་སྣ་ཚོགས་པ་རིག་སྟེ། དོན་དེས་རྣལ་འབྱོར་མའི་འཁོར་ལོ་ལས་ཐམས་ཅད་བྱེད་པ་ཞེས་བྱ་བའི་དོན་ཏོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཕག་མོའི་རང་གི་
རྒྱུད་ཡོངས་སུ་སྤངས་པའོ། །ལྷག་མ་ནི་རྟོགས་པར་སླའོ། །འདི་རྡོ་རྗེ་ཕག་མོའི་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་གྱི་འཁོར་ལོ་དང་པོའོ། །སླར་ཡང་གཉིས་པ་སྦལ་པ་མཆོད་པས་གསུངས་པ། གཉིས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕག་མོ་རྡོ་རྗེ་གཙོ་མོ་ཡི། །ཞེས་བྱ་བ་ནི་རྡོ་རྗེ་ནི་མི་
ཕྱེད་པའི་སྔགས་ཏེ་རླུང་དང་རྣམ་པར་ཤེས་པ་ཡང་དག་པར་སྦྱོར་བ་ལས་ཡེ་ཤེས་སོ། །དེའི་གཙོ་མོ་ནི་སྔོན་དུ་ཕག་མོ་རྩ་གསུམ་གྱི་བུ་ག་ནས་རྡོ་རྗེ་གཙོ་མོ་དེའི་འཁྲུལ་འཁོར་གནས་ཇི་ལྟ་བ་ལས་བསྐྱེད་པའི་ཡི་གེའི་རིགས་པས་འཁྲུལ་འཁོར་ཏེ་དེ་བཤད་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །ཡི་
གེ་བཏུ་བ་གསུངས་པ། ཡ་སྡེའི་མཆོག་ཅེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །བྱང་ཆུབ་ས་བོན་རང་བཞིན་ནོ། །ཞེས་བྱ་བ་ནི་དེ་ལྟར་ཝའི་ཡི་གེ་བྱང་ཆུབ་ཀྱི་ས་བོན་གྱི་རང་བཞིན་རྣལ་འབྱོར་བསྒོམ་པའི་མེ་ལོང་གིས་གཟུགས་བརྙན་རྣམ་པ་དང་བཅས་པའི་ཡེ་ཤེས་སྣ་ཚོགས་
པའི་རྣམ་པ་ཡང་སྟེ། རྣལ་འབྱོར་སྒོམ་པ་ཨ་ཝ་དྷཱུ་ཏཱི་ལ་དམིགས་པ་མཆོག་ཏུ་མི་འགྱུར་བའི་སེམས་རྣམ་པ་དང་བཅས་པ་ཉིད་ཀྱིས་ཞུགས་པས་སེམས་ཅན་གྱི་དོན་བྱེད་པའི་སྨོན་ལམ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ལྕེ་གཉིས་ཞེས་བྱ་བ་ནི་ཛའི་ཡི་གེའོ། །ར་ཡིག་ལྡན་ཞེས་བྱ་
Vol. 20 · folio 56b
བ་ནི་རའི་ཡི་གེ་དང་ལྡན་པའོ། །རྣལ་འབྱོར་མ་སྔགས་ཨ་ཡིག་དགང་། །ཞེས་བྱ་བ་ནི་ཨའི་རྣམ་པའི་ཡི་གེས་བཀང་བ་སྟེ། མདོར་ན་ཛྲའི་ཡི་གེའོ། །དོན་ཅི་ཞེ་ན། རྣལ་འབྱོར་མའི་སྔགས་ཞེས་བྱ་བ་སྟེ་གང་གི་ཕྱིར་རྣལ་འབྱོར་མའི་སྔགས་ཞེས་བྱ་བའི་རྣམ་པའི་གཟུགས་དང་སེམས་
ཀྱང་ངོ་། །ས་གནས་པ་ནི་ཞེས་བྱ་བ་ནི་སའི་ཡི་གེ་དངོས་སུ་བརྗོད་པའི་ཕྱིར་གནས་པ་ཞེས་བྱ་བའོ། །མི་གཡོ་བ་ཞེས་བྱ་བ་ནི་དེ་ལྟར་ཡེ་ཤེས་དང་ཤེས་བྱ་རྣམས་གཉིས་སུ་མེད་པ་ཉིད་ཀྱིས་གཡོ་བ་མེད་པས་བསྐྱེད་པར་བྱ་ཞེས་བྱ་བའོ། །ན་ཡི་ཡི་གེ་ཨེ་དང་ལྡན། །ཞེས་བྱ་བ་ནི་ནའི་ཡི་
གེ་ཨའི་ཡི་གེ་དང་ཡོངས་སུ་ལྡན་པ་སྟེ་མདོར་ན་ནིའི་ཡི་གེའོ། །ཐམས་ཅད་སྤྲུལ་པའི་རྒྱུ་མཚན་ནོ། །ཞེས་བྱ་བ་ནི་དེ་ལྟར་ཡང་གཉིས་སུ་མེད་པའི་སྦྱོར་བ་ལ་སེམས་ཅན་ཐམས་ཅད་ཀྱི་སྤྲུལ་པ་ཉེ་བར་འགྲོ་བའི་རྒྱུ་མཚན་དུ་གསུངས་སོ། །ཐོག་ནས་དབྱངས་ནི་ཐོག་མའི་མགོན། །ཞེས་བྱ་བ་ནི་
ཐོག་མའི་དབྱངས་ནི་ཨའི་ཡི་གེ་གནས་པའོ། །དེ་ཡང་ཐོག་མའི་ཡོན་ཏན་མགོན་པོ་ཞེས་བྱ་བ་སྟེ་སེམས་ཅན་ཡོན་ཏན་གྱི་གཟུགས་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་སྤྲུལ་པའི་སྐུ་འཛིན་པས་སོ། །སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་ཡོངས་སུ་སྐྱོབ་པ་ཞེས་བྱ་བའི་དོན་ནི། ལྕེ་གཉིས་
ཨི་དབྱངས་མགོ་ལ་རེག །ཅེས་བྱ་བ་ནི་ཨའི་ཡི་གེའི་དབྱངས་ཀྱིས་བརྒྱན་པ་སྟེ་མདོར་ན་ཛའི་ཡི་གེའོ། །ས་གསུམ་ཁམས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་ས་གསུམ་གྱི་སྣ་ཚོགས་པའི་ཁམས་ཀྱི་རང་བཞིན་ནོ། །གང་གི་ཕྱིར་ཛའི་ཡི་གེས་རྒྱལ་བ་སྟེ་སྣ་ཚོགས་པའི་སྤྲུལ་པའི་སྐུ་ཞེས་བྱ་
བའི་དོན་ཏོ། །ཏ་ཡི་ཡི་གེ་ཨེ་དང་ལྡན། །ཞེས་བྱ་བ་ནི་ཏའི་ཡི་གེ་ཨེ་དང་ལྡན་པ་སྟེ་མདོར་ན་ཏའི་ཡི་གེའོ། །ལྟེ་བའི་འོག་ཏུ་གྲུ་གསུམ་པའི་དབུས་སུ་སྲོག་ངེས་པར་ཕབ་ནས་ལྷན་ཅིག་སྐྱེས་པའི་སྦྱོར་བའི་མཚན་ཉིད་ཅེས་བྱ་བའོ། །ལྔ་པ་ཡི་ནི་ཐོག་མ་སྟེ། །ཞེས་བྱ་བ་ནི་དེ་ལྟར་སྔོན་
དུ་བཤད་པའི་ཏེའི་ཡི་གེ་ལྔ་པའི་སྡེ་ཚན་གྱི་ཐོག་མ་ནི་ཏའི་སྡེ་ཚན་གྱིའོ། །རྣལ་འབྱོར་མ་ཡི་དེ་ཉིད་དངོས། །ཞེས་བྱ་བ་སྟེ། །རྣལ་འབྱོར་མའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱི་ནས་བྱང་ཆུབ་ཀྱི་སེམས་རབ་ཏུ་འབབ་པའི་དུས་རྣམས་སུ་འཆད་པ་མེད་པའི་རྒྱུན་གྱི་ཡེ་ཤེས་
Vol. 20 · folio 57a
ཤར་བས་གང་ཅུང་ཟད་རྣལ་འབྱོར་མ་རྣམས་ཀྱིས་སྨྲ་བར་བྱ་བ་སྐྱེས་པའི་རབས་ལ་སོགས་པ་དགེ་བ་དང་མི་དགེ་བ་དེ་ཐམས་ཅད་རྣལ་འབྱོར་མའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བའི་དབང་གིས་ཤེས་པར་བྱ་བའོ། །ཡའི་སྡེ་བཞིར་གནས་པའི་ས་བོན། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་
བཞི་པའི་ས་བོན་ཝའི་ཡི་གེའོ། །ཀུན་གྱི་གཙོ་མོའི་རང་བཞིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་ཀྱི་གཙོ་མོའི་རང་བཞིན་ནི་རྩའི་སྣ་ཚོགས་པའི་སྟེ་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བའི་དོན་ཏོ། །བརྒྱད་པའི་སྡེ་ཡི་ཐོག་ས་བོན། །ཞེས་བྱ་བ་ནི་བརྒྱད་པའི་སྡེ་ཚན་གྱི་ཐོག་མའི་ས་བོན་སའི་ཡི་གེའོ། །སྟོང་པ་
ཡིས་ནི་བརྒྱན་པ་སྟེ། །ཞེས་བྱ་བ་ནི་སྟོང་པས་བརྒྱན་པ་ནི་ཐིག་ལེས་ཏེ་མདོར་ན་སཾ་གི་ཡི་གེའོ། །ཁུ་བའི་ཁམས་ཀྱི་ངོ་བོ་ཉིད། །ཅེས་བྱ་བ་ནི་དེ་ལྟར་ཚིགས་ཐམས་ཅད་ནས་འཛག་པས་ཁུ་བའི་ཁམས་ཀྱི་རང་བཞིན་ནོ། །གཉིས་པར་གནས་པའི་ཐོག་མ་ནི། །ཞེས་བྱ་བ་ནི་
གཉིས་པ་ཀའི་སྡེ་ཚན་གྱི་ཐོག་མ་ཀའི་ཡི་གེའོ། །ཀེང་རུས་ཐིག་ལེ་འཛིན་པ་ཡི། །ཞེས་བྱ་བ་ནི་ཀེང་རུས་མངོན་པར་འཛིན་པ་སྟེ། ཐིག་ལེའི་སྦྱོར་བས་ཞེས་བྱ་བ་ནི་རང་བཞིན་མེད་པར་བྱས་པ་ཞེས་བྱ་བའོ། །ཡ་སྡེའི་གཉིས་པའི་ས་བོན་ནི། །ཞེས་བྱ་བ་ནི་ཡའི་
སྡེ་ཚན་གྱི་གཉིས་པའི་ས་བོན་ནི་རའི་ཡི་གེའོ། །ཨི་ཡི་དབྱངས་དང་ལྡན་པའོ། །ཞེས་བྱ་བ་ནི་ཨིའི་ཡི་གེ་དབྱངས་དང་ལྡན་པ་སྟེ་མདོར་ན་རིའི་ཡི་གེའོ། །རྡོ་རྗེ་སྙིང་གནས་མགོན་པོ་སྟེ། །ཞེས་བྱ་བ་ནི་རང་གི་ལུས་དང་ངག་དང་ཡིད་ཀྱི་རྡོ་རྗེའི་ལྟེ་བ་དང་མགྲིན་པ་དང་སྙིང་གའི་འདོད་ཆགས་ཆེན་
པོའི་མེའི་རང་བཞིན་དུ་ཡོངས་སུ་གནས་པའོ། །མགོན་པོ་ཞེས་བྱ་བ་ནི་འཁོར་ལོ་གསུམ་དུ་འགྲོ་བ་དང་འོང་བའི་དབང་གིས་ཕུང་པོ་དང་ཁམས་ལ་སོགས་པ་ཐམས་ཅད་དུ་བདེ་བས་ཡོངས་སུ་སྐྱོབ་པ་ཞེས་བྱ་བའི་དོན་ཏོ། །ཏ་མཐའ་ཨེ་ཡི་ཡི་གེས་བརྒྱན། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་
མཐའ་མ་ནའི་ཡི་གེ་སྟེ་ཨེའི་ཡི་གེས་རྣ་བ་ལ་བརྒྱན་པའོ། །མདོར་ན་ནིའི་ཡི་གེའོ། །སྐྱེ་གནས་ལ་ནི་སྤྲས་པའོ། །ཞེས་བྱ་བ་ནི་སྐྱེ་གནས་རྣམས་ལ་སྤྲས་པ་སྟེ་རྣལ་འབྱོར་མ་རྣམས་ཀྱི་ལ་ཡེ་ཤེས་ཀྱིས་སོ། །རྣམ་པར་ཤེས་པའི་ཟག་པ་མེད་པ་ལ་བརྒྱན་པ་ཞེས་བྱ་བར་དགོངས་སོ། །ཏ་ཡིག་
Vol. 20 · folio 57b
ཉི་མ་དང་ནི་ལྡན། །ཞེས་བྱ་བ་ནི་ཏའི་ཡི་གེ་ལ་ཉི་མ་སྟེ་རའི་ཡི་གེ་དང་ལྡན་པའོ། །མདོར་ན་ཏྲའི་ཡི་གེའོ། །འཛག་པ་ཡི་ནི་རྒྱལ་པོའོ། །ཞེས་བྱ་བ་ནི་གཉིས་སུ་མེད་པར་རྒྱལ་བའི་ཕྱིར་བྱང་ཆུབ་སེམས་ཀྱི་འཛག་པ་རྣམས་ཀྱི་ཞེས་པའོ། །བྷ་ནི་ཉི་ལྡན་ཨ་ཡིག་བརྒྱན། །ཞེས་བྱ་བ་ནི་བྷའི་ཡི་གེ་
ལ་ཉི་མ་སྟེ་རའི་ཡི་གེ་དང་ལྡན་པའོ། །ཨའི་ཡི་གེས་བརྒྱན་ཞེས་བྱ་བ་ནི་ཨའི་ཡི་གེས་སྤྲས་པ་སྟེ་མདོར་ན་བྷྲའི་ཡི་གེའོ། །ལྟེ་བའི་ཐབ་ཏུ་གནས་པའོ། །ཞེས་བྱ་བ་ནི་ལྟེ་བའི་ཐབ་ཏུ་གནས་པ་སྟེ་སྣ་ཚོགས་པའི་གཟུགས་བསྐྱེད་པ་ཉིད་ཀྱིས་སོ། །ངའི་མཐའ་མ་ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་
མའི་ཡི་གེའོ། །གནད་རང་བཞིན་ཞེས་བྱ་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་མཚམས་སུ་འཛག་པའི་དུས་སུ་གནད་ཀྱི་བདེ་བ་ཉམས་སུ་མྱོང་བའི་གཟུགས་ཀྱི་ཡེ་ཤེས་དང་ལྡན་པའི་བཅོམ་ལྡན་འདས་ཞེས་བྱ་བར་དགོངས་སོ། །ཊ་མཐའ་ཞེས་བྱ་བ་ནི་ཊའི་སྡེ་ཚན་གྱི་མཐའ་མ་ཎའི་ཡི་
གེའོ། །ཨི་ཡི་ཡི་གེས་བརྒྱན་པ་སྟེ། །ཞེས་བྱ་བ་ནི་ཨིའི་ཡི་གེས་སྤྲས་པའོ། །འགུགས་པ་ཡི་ནི་རང་བཞིན་ནོ། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་ལས་འགུགས་པའི་རང་བཞིན་མདོར་བསྡུས་པའི་ཡི་གེ་ནི་ཎིའི་ཡི་གེའོ། །བི་ཤོཥ་ཎི་སྔགས་ཚིག་སྟེ། །ཞེས་བྱ་བ་ནི་དེ་ལྟར་བི་ཤོཥ་ཎིའི་
སྔགས་ཀྱིས་ཚིག་བཞིའི་ཡི་གེ་བཞིའི་རང་བཞིན་དུ་མངོན་པར་བརྗོད་པས་སོ། །དགའ་བ་བཞི་ཡི་རང་བཞིན་གྱི། །གཏེར་ཆེན་པོ་ཡི་རང་བཞིན་ནོ། །ཞེས་བྱ་བ་ནི་དགའ་བ་བཞིའི་རང་བཞིན་ཉིད་ཀྱི་གཏེར་ཆེན་པོའི་ས་བོན་ཏེ་དོན་ཆེན་པོ་ཉིད་པས་ཉེ་བར་དམིགས་པའི་དགའ་བ་དང་བྲལ་བ་ཞེས་
བྱ་བའི་དོན་ཏོ། །ར་ཡིག་ཨོ་ཡི་ཡི་གེས་བརྒྱན། །ཞེས་བྱ་བ་ནི་རའི་ཡི་གེ་ལ་ཨོའི་ཡི་གེས་བརྒྱན་པ་སྟེ་མདོར་ན་རོའི་ཡི་གེའོ། །རྩ་དྲག་པོ་ཡི་རང་བཞིན་ནོ། །ཞེས་བྱ་བ་ནི་དྲག་པོའི་རྩའི་རང་བཞིན་དུ་བྱང་ཆུབ་ཀྱི་སེམས་དབུས་སུ་མ་བཟུང་བར་གྱུར་པ་རྣམ་པར་ཤེས་པ་རྣམ་པར་འཕྲོ་བའོ། །
ཤ་ཡི་གཉིས་པའི་ས་བོན་ནི། །ཞེས་བྱ་བ་ནི་ཤའི་སྡེ་ཚན་གྱི་གཉིས་པའི་ས་བོན་ཥའི་ཡི་གེའོ། །སྙིང་པོ་ཡི་ནི་གཟུགས་སུའོ། །ཞེས་བྱ་བ་ནི་སྙིང་པོའི་གཟུགས་མདའ་ལྟ་བུར་སེམས་བྱང་ཆུབ་ཏུ་འགྲོ་བ་ཞེས་བྱ་བར་དགོངས་སོ། །ཎི་ཡིག་རང་བཞིན་གྱིས་བཟུང་བ། །ཞེས་བྱ་བ་ནི་ཎིའི་ཡི་
Vol. 20 · folio 58a
གེ་རང་བཞིན་གྱིས་བཟུང་བ་སྟེ་རང་བཞིན་མངོན་པར་བརྗོད་པའི་ཕྱིར་རོ། །རྣལ་འབྱོར་མའི་དེ་ཉིད་ངོ་བོ། །ཞེས་བྱ་བ་ནི་དེ་ཡང་རྣལ་འབྱོར་མའི་དེ་ཁོ་ན་ཉིད་རང་ཉིད་རྒྱུན་དུ་འཆར་བའི་ཡེ་ཤེས་རྣལ་འབྱོར་མ་རྣམས་ཀྱི་བདེ་བ་ལ་གནས་པ་ནཱ་དའི་གཟུགས་དེས་དེ་ལྟར་སེམས་ཅན་
རྣམས་ཀྱིས་དགའ་བ་བྱེད་དོ། །ཀ་ཡིག་ར་ཡིག་ཨོ་ཡིག་ལྡན། །ཞེས་བྱ་བ་ནི་ཀའི་ཡི་གེ་དང་རའི་ཡི་གེ་དང་ཨོའི་ཡི་གེ་ཡོངས་སུ་སྦྱར་བས་ཡི་གེ་གཅིག་པ་ཀྲོའི་ཡི་གེའོ། །དབུ་མ་བརྐྱང་མ་རོ་རང་བཞིན། །ཞེས་བྱ་བ་ནི་ཨ་ཝ་དྷཱུ་ཏཱི་དང་ལ་ལ་ནཱ་དང་ར་ས་ནཱའི་རང་བཞིན་གྲོང་གསུམ་ལ་ཞེས་བྱ་
བའི་དོན་ཏོ། །ཏ་པའི་བར་ནས་གཟུང་བར་བྱ། །ཞེས་བྱ་བ་ནི་ཏའི་སྡེ་ཚན་དང་པའི་སྡེ་ཚན་དག་གི་ཡི་གེ་གང་ཞིག་དྷའི་ཡི་གེ་གཟུང་བ་སྟེ་གཟུང་བར་བྱའོ། །རྣལ་འབྱོར་མ་ཡི་ཚོགས་ཀྱི་ནི། །རྐང་པ་བརྒྱད་པ་སྒྲུབ་རང་བཞིན། །ཞེས་བྱ་བ་ནི་དེ་ལྟར་རྣལ་འབྱོར་མའི་ཚོགས་ཀྱིས་ལས་བརྒྱད་རྣམས་
ཀྱིས་ལྷན་ཅིག་པ་ཉིད་ཀྱི་ཚིགས་རྣམས་སུ་ཡང་ལས་བརྒྱ་རྣམས་རྩའི་གཟུགས་རྣམས་སུ་སྒྲུབ་པར་བྱེད་དོ། །ཏ་སྡེའི་མཐའ་མ་ཨི་ཡིག་བརྒྱན། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནི་ནའི་ཡི་གེའོ། །ཨི་ཡི་ཡི་གེས་བརྒྱན་པ་སྟེ། མདོར་ན་ནིའི་ཡི་གེའོ། །ཐོད་པའི་དབུས་ཀྱི་རྩ་རང་བཞིན། །
ཞེས་བྱ་བ་ནི་ཐོད་པའི་ག་པུར་བྱང་ཆུབ་ཀྱི་སེམས་ཀྱི་དབུས་སུ་རྩའི་གཟུགས་ཀྱི་བདེ་བ་འབབ་པ་འདི་ནི་ཡེ་ཤེས་ཀྱི་རྩ་ཞེས་བྱ་བའི་དོན་ཏོ། །ཀ་རུ་མངོན་བརྗོད་གཟུང་བར་བྱ། །ཞེས་བྱ་བ་ནི་ཀའི་ཡི་གེའི་རང་བཞིན་མངོན་པར་བརྗོད་པས་གཟུང་བའོ། །དེ་ཡི་ལས་རྣམས་ཟད་པར་བྱེད། །ཅེས་
བྱ་བ་ནི་ཀའི་ཡི་གེ་དེ་ཡང་གཏི་མུག་ལ་སོགས་པའི་ལས་ཐམས་ཅད་ཟད་པའི་རྣམ་པར་ཤེས་པར་རིག་པར་བྱའོ། །ར་ཡིག་ཨ་ཡི་ཡི་གེས་གཟུང་། །ཞེས་བྱ་བ་ནི་རའི་ཡི་གེ་ཨའི་ཡི་གེ་དེས་གཟུང་བ་སྟེ་མདོར་ན་གཉིས་པོ་ལས་རཱའི་ཡི་གེའོ། །མགོ་བོའི་དབུས་ཞེས་བྱ་བ་ནི་མགོ་བོའི་
དབུས་ནས་སོ། །ནཱ་ད་ཆེན་པོ་འཛག་ཅེས་བྱ་བ་ནི་སྒྲ་ཆེན་པོ་ཐོས་པར་འགྱུར་ཏེ་རྣལ་འབྱོར་མ་དང་ཡོངས་སུ་སྦྱོར་བས་དང་བྱང་ཆུབ་ཀྱི་སེམས་རྣམ་པར་གཟུང་བས་སོ། །ས་གཞིའི་ས་བོན་ཞེས་བྱ་བ་ནི་ལའི་ཡི་གེའི་ས་བོན་ནོ། །ཨི་ཡིག་ལྡན་ཞེས་བྱ་བ་ནི་ཨིའི་ཡི་གེ་དང་ལྡན་པ་སྟེ་གཉིས་
Vol. 20 · folio 58b
ལས་ལིའི་ཡི་གེའོ། །གྲུ་གསུམ་གྱི་ནི་དབུས་སུའོ། །ཞེས་བྱ་བ་ནི་གྲུ་གསུམ་གྱི་དབུས་ཏེ་ལྟེ་བའི་འོག་ཏུ་བསྐྱེད་པ་རླུང་དང་རྣམ་པར་ཤེས་པ་འཛིན་པ་མོའོ། །ཏའི་མཐའ་མ་ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་མཐའ་ནི་ནའི་ཡི་གེའོ། །ཨིས་བརྒྱན་པ། སྤྲུལ་པའི་སྟེང་དང་འོག་ཏུའོ། །ཞེས་བྱ་
བ་ནི་ཨིའི་ཡི་གེས་བརྒྱན་པ་སྟེ་མདོར་ན་ནིའི་ཡི་གེའོ། །དེ་ཡང་སྤྲུལ་པའི་ལྟེ་བའི་འོག་དང་སྟེང་དུ་ལྷག་མ་མ་ལུས་པའི་རྣམ་པར་རྟོག་པ་འཇོམས་པ་མོ་ལྟེ་བའི་ཡི་གེས་བསྐྱེད་པའོ། །ཏ་ཡིག་ར་ཡིག་ཨཱ་ཡིག་སྦྱར། །ཞེས་བྱ་བ་ནི་ཏའི་ཡི་གེ་དང་རའི་ཡི་གེ་དང་ཨཱའི་ཡི་གེ་རྣམས་
ཡོངས་སུ་སྦྱར་བས་ཏྲཱའི་ཡི་གེར་འགྱུར་རོ། །ཆོས་ཀྱི་དབྱིངས་ནི་གྲུ་གསུམ་སྟེ། །དེའི་ཕྱིར་ས་གསུམ་བསྐྱེད་པའོ། །ཞེས་བྱ་བ་ནི་དེ་ལྟར་ཏྲཱའི་ཡི་གེ་གྲུ་གསུམ་གྱི་བདག་ཉིད་ཅན་ཆོས་ཀྱི་དབྱིངས་རྣམས་སུ་ཡང་སྟེ་ཁམས་གསུམ་གྱི་སེམས་ཅན་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
རྣམས་ཀྱི་ཡང་བསྐྱེད་པར་འགྱུར་རོ། །གྲུ་གསུམ་སྐུ་ཡང་ངོ་། །ས་གསུམ་དབུ་མ་བཅས་ས་བོན། །ཞེས་བྱ་བ་ནི་སའི་ཡི་གེ་གཟུང་བས་ཁུ་བ་དང་ལྷན་ཅིག་ཨ་ཝ་དྷཱུ་ཏཱིའི་རྩར་དུས་ཐམས་ཅད་དུ་འབབ་པར་འགྱུར་རོ། །ན་ཡིག་ཨི་དང་ལྡན་རང་བཞིན། །ཞེས་བྱ་བ་ནི་ནའི་ཡི་གེ་ཨིའི་ཡི་གེ་
དང་ལྡན་པ་སྟེ་མདོར་ན་ནའི་ཡི་གེའོ། །དེ་ཡང་ཡེ་ཤེས་ཀྱི་རང་བཞིན་ཏེ་ཡེ་ཤེས་ཀྱང་སྤྲུལ་པའི་སྐུ་ལ་སེམས་ཅན་རྣམས་ལ་རང་གི་སེམས་རབ་ཏུ་ཤེས་སོ། །པ་སྡེའི་མཐའ་མ་ཨ་ཡིས་བརྒྱན། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་ནི་མའི་ཡི་གེའོ། །ཨ་ཡི་ཡི་གེས་ཀླུབས་པས་གཉིས་
པོ་ལས་མཱའི་ཡི་གེར་འགྱུར་རོ། །སྒྱུ་མའི་ངོ་བོའི་པདྨའི་རྩ། །ཞེས་བྱ་བ་ནི་སྒྱུ་མའི་རང་བཞིན་གྱིས་རྩའི་པདྨ་སྟེ་སྣ་ཚོགས་པས་རབ་ཏུ་གསལ་བའི་མཚན་ཉིད་རྣམས་ཉིན་མོ་དང་མཚན་མོ་ལ་སོགས་པར་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །གཉིས་གང་གནས་པ་རྣ་རང་བཞིན། །
ཞེས་བྱ་བ་ནི་རའི་ཡི་གེ་གང་དུ་གནས་པ་སྟེ་རྣ་བའི་རང་བཞིན་ཞེས་བྱ་བ་ནི་རྣ་བའི་རང་བཞིན་གྱི་རྩ་དང་ལྷའི་སྒྲ་ཐོས་པ་ཞེས་བྱ་བའི་དོན་ཏོ། །ཊ་སྡེའི་མཐའ་མ་ཡི་ས་བོན། །ཞེས་བྱ་བ་ནི་ཊའི་སྡེ་ཚན་གྱི་མཐའ་མའི་ས་བོན་ཎའི་ཡི་གེའོ། །ཨི་དང་ལྡན་ཞེས་བྱ་བ་ནི་ཨིའི་ཡི་གེ་དང་ལྡན་པ་
Vol. 20 · folio 59a
སྟེ་མདོར་ན་ཎིའི་ཡི་གེའོ། །མ་ལུས་དབྱེར་མེད་སེམས་ཅན་གྱི། །ཁམས་འཛིན་པ་ཡི་མགོན་པོའོ། །ཞེས་བྱ་བ་ནི་མ་ལུས་པ་དབྱེར་མེད་པའི་སེམས་ཅན་གྱི་ཁམས་འཛིན་པར་འགྱུར་བ་ཡང་དག་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་རང་གི་བདག་ཉིད་དང་འདྲ་བ་ཞེས་
བྱ་བར་དགོངས་སོ། །དེའི་ཕྱིར་མགོན་པོ་སྟེ་དབྱེར་མེད་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྔགས་ཚིག་བཅུ་བརྗོད་དེ། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་ཚིག་རྐང་པ་བཅུ་རྣམས་བཤད་དེ། །བཛྲཱ་ས་ནེ། ཨ་ཛི་ཏེ། བ་ཤྱཾ་ཀ་རི། ནེ་ཏྲ་བྷྲཱ་མ་ཎི་བི་ཥ་ཎི། ཤོ་ཥཎི། རོ་ཥ་ཎི། ཀྲོ་དྷ་ཀ་རཱ་
ལི་ནི། ཏྲཱ་ས་ནི། མཱ་ར་ཎི། ཞེས་བྱ་བ་སྟེ་ཚིག་བཅུའོ། །དུས་ཚོད་བཞི་ཡི་ཚད་ཅན་ནོ། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་ཚིག་ཀྱང་དུས་བཞིའི་ཚད་དེ་རྣམས་རིམ་པ་ཇི་ལྟ་བས་སོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ། རྫོགས་ལྡན་གྱི་དུས་ཀྱི་རྐང་པ་བཞིའོ། །གསུམ་ལྡན་ཚིག་གསུམ་མོ། །
གཉིས་ལྡན་གཉིས་སོ། །རྩོད་དུས་སུ་རྐང་པ་གཅིག་ཅེས་བྱ་བ་ནི་ཚད་དོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྡུད་པ་མོ་རང་གི་སྐྱོན་ཡོངས་སུ་སྤངས་པའོ། །ལྷ་ཞེས་བྱ་བ་ནི་ཤིན་ཏུ་ལྷ་སྟེ། གང་ཞེ་ན། དུས་ཚོད་ཀྱི་གཟུགས་ཀྱི་རང་བཞིན། །ཞེས་བྱ་བ་སྟེ་འཆད་པར་འགྱུར་བའི་དུས་ཚོད་
རྣམས་ཀྱི་རང་བཞིན་ནོ། །དང་པོའི་ལྷ་དང་འཁོར་ལོས་སྒྱུར་བའོ། །ཀུན་ཞེས་བྱ་བ་ནི་འཁོར་ལོ་བཅུ་གཉིས་རྣམས་སམ་དུམ་བུ་རྣམས་སུ་རྣལ་འབྱོར་མའི་ལས་ཀྱི་ལོངས་སྤྱོད་བྱེད་པར་འགྱུར་རོ། །རྣལ་འབྱོར་མའི་གཟུགས་ཀྱི་ཡི་གེའི་རིགས་པས་སེམས་ཅན་རྣམས་ཀྱི་ལས་བྱེད་པ་པོའོ། །
འཁོར་ལོ་ཞེས་བྱ་བ་ནི་བཅུ་གཉིས་རྣམས་སུའོ། །གནས་དང་འདུ་བར་མཁའ་འགྲོ་མའི། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ལས་ཀྱིས་གནས་དང་ཉེ་བའི་གནས་ལ་སོགས་པས་སོ། །ལས་ཞེས་བྱ་བ་ལ་སོགས་པ་ནི་ཁྲི་ཕྲག་གཉིས་དང་བརྒྱ་ཕྲག་བཅུ་དྲུག་གོ། །དེ་ཡེ་ཤེས་ཀྱི་དུས་ཀྱི་
རིག་པའི་རྒྱུའོ། །དེས་ཞི་བ་ལ་སོགས་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བར་འབྲེལ་ལོ། །དེ་ཡང་དུས་རྡུལ་ཕྲན་གྲངས་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སྣ་ཚོགས་པའི་སྔགས་ཀྱི་མིང་གིས་ཡི་གེ་རྣམས་ཀྱི་མིང་ངོ་། །དེས་ཡི་གེའི་དུས་རྣམས་སུ་ཡང་བྱའོ། །
Vol. 20 · folio 59b
སྔགས་སྦྱར་ཞེས་བྱ་བ་ནི་ཡི་གེ་སོ་སོ་ལ་ཕག་མོའི་སྔགས་བརྗོད་པར་བྱའོ། །ལྷག་མ་རྟོགས་སླའོ། །འདི་ནི་འཁོར་ལོ་གཉིས་པའོ། །ད་ནི་དེའི་ཕྱི་རོལ་དུ་གསུམ་པའི་དབང་དུ་བྱས་ནས་གསུངས་པ། སྔོན་དུ་པ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྔོན་དུ་པ་ལ་ར་བསྟན་ནོ། །ཞེས་བྱ་བ་ནི་
ཐོག་མར་པའི་ཡི་གེ་ལ་རའི་ཡི་གེ་སྦྱར་ཏེ་མདོར་ན་བྲའི་ཡི་གེའོ། །ཐོག་མ་ཡི་ནི་ཆོས་གཟུགས་སོ། །ཞེས་བྱ་བ་ནི་ཐོག་མར་ཆོས་ཀྱི་གཟུགས་ཀྱིས་འཁོར་ལོ་ལ་སྟེ། སེམས་ཅན་རྣམས་ཀྱི་ཐོག་མའི་ལས་ལ་ཡང་ངོ་། །དེ་ཡི་བཞི་པར་གནས་པ་ལ། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་
བཞི་པར་བྷའི་ཡི་གེ་གནས་པའོ། །ཨེ་ཡི་ཡི་གེས་རྣར་བརྒྱན་པ། །རྣལ་འབྱོར་མ་རྣམས་ཀྱི་སྔགས་སོ། །ཞེས་བྱ་བ་ནི་ཨེའི་ཡི་གེས་བརྒྱན་པ་སྟེ། མདོར་ན་བྷེའི་ཡི་གེའོ། །རྣལ་འབྱོར་མའི་སྔགས་ཀྱི་ས་བོན་ལས་ཐམས་ཅད་སྒྲུབ་པའོ། །ཏ་སྡེའི་དབུས་ནས་ཞེས་བྱ་བ་ནི་ཏའི་སྡེ་
ཚན་གྱི་དབུས་མ་ནི་ངའི་ཡི་གེའོ། །ཅི་འདོད་སྟེར་ཞེས་བྱ་བ་ནི་ཇི་ལྟར་བསམས་པའི་དོན་སྟེར་བའོ། །ན་ཡིག་ཨི་ཡི་ཡི་གེ་ལྡན། །ཞེས་བྱ་བ་ནི་ནའི་ཡི་གེ་ཨིའི་ཡི་གེ་དང་ལྡན་པ་སྟེ། མདོར་ན་ནིའི་ཡི་གེའོ། །སྣ་ཚོགས་སྤྲུལ་པ་བྱེད་པའོ། །ཞེས་བྱ་བ་ནི་སྣ་ཚོགས་འཇིག་རྟེན་གསུམ་
དུ་སྤྲུལ་པ་བྱེད་པའོ། །པ་ཡིག་སྤྲོས་པ་དང་བཅས་པ། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་ཐོག་མ་པའི་ཡི་གེ་ནི་མངོན་སུམ་དུ་སྟེ་སྤྲོས་པ་དང་བཅས་པའོ། །ར་ཡི་ཡི་གེ་ཨཱ་དང་ལྡན། །ཞེས་བྱ་བ་ནི་རའི་ཡི་གེ་ལ་ཨཱའི་ཡི་གེས་ཆེན་པོར་སོང་བ་སྟེ་མདོར་ན་རཱའི་ཡི་གེའོ། །རྣལ་འབྱོར་མ་ཡི་
འཁོར་ལོས་སྒྱུར། །ཞེས་བྱ་བ་ནི་དེ་ལྟར་རཱའི་ཡི་གེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟེ་བདེ་བ་ཆེན་པོའི་དུས་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་མ་ཡི་རྩ་ཡང་ངོ་། །ཙ་སྡེའི་དབུས་གནས་ས་བོན་གཟུང་། །ཞེས་བྱ་བ་ནི་ཙའི་སྡེ་ཚན་གྱི་དབུས་མའི་ས་བོན་ཛའི་ཡི་གེ་གཟུང་བའོ། །གང་ལྟ་
དེ་ལྟའི་རང་བཞིན་ནོ། །ཞེས་བྱ་བ་ནི་འགྲོ་བ་གསུམ་གྱི་གཟུགས་ལུས་ལ་སོགས་པ་བདེ་བ་ཆེན་པོའི་རང་བཞིན་ནོ། །རླུང་བསགས་པ་ནི་ཞེས་བྱ་བ་ནི་རླུང་ནི་ཡའི་ཡི་གེ་སྟེ་བསགས་པ་ནི་ཨེ་དང་ལྡན་པ་སྟེ་ཨེའི་ཡི་གེ་དང་ལྷན་ཅིག་ལྡན་པའོ། །མདོར་ན་ཡའི་ཡི་གེའོ། །ཨ་ཧཾ་ཡི་
Vol. 20 · folio 60a
གེའི་རང་བཞིན་ནོ། །ཞེས་བྱ་བ་ནི་ཡེ་ཤེས་ཨ་ཧཾ་གི་ཡི་གེའི་རང་བཞིན་གྱི་ཆོས་ཞེས་བྱ་བའི་དོན་ཏོ། །ཡ་ཡི་སྡེ་ཡི་མཐའ་མ་ལ། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ནི་ཝའི་ཡི་གེའོ། །དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །ཞེས་བྱ་བ་ནི་གསུམ་པའི་ཡི་གེ་
ཨིའི་ཡི་གེ་དེས་མགོ་ལ་བརྒྱན་པ་སྟེ་མདོར་ན་ཝིའི་ཡི་གེའོ། །སྣ་ཚོགས་ཡེ་ཤེས་སྔགས་རང་བཞིན། །ཞེས་བྱ་བ་ནི་སྣ་ཚོགས་པའི་སྔགས་ཡེ་ཤེས་ཀྱི་རང་བཞིན་རྣམ་པར་ཞུ་བའི་རྣམ་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཁུ་བ་ཞེས་བྱ་བར་དགོངས་སོ། །ཛའི་ས་བོན་ནི་ཛའི་ཡི་གེའི་ས་བོན་ནོ། །
མཐའ་མེད་འབར་བར་གྱུར་པའི་གཟུགས། །ཞེས་བྱ་བ་ནི་ཡེ་ཤེས་སྒྲོན་མའི་རྣམ་པ་མཐའ་མེད་པའི་གཟུགས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ། །ཡི་གེ་ཡ་ནི་ཨེ་ཡིག་ལྡན། །ཞེས་བྱ་བ་ནི་ཡའི་ཡི་གེ་ལ་ཨེའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཡེའི་ཡི་གེའོ། །ཐེག་པ་ཀུན་གྱི་དཔེ་ཡི་
གཟུགས། །ཞེས་བྱ་བ་ནི་ཐེག་པ་ཐམས་ཅད་ཀྱི་དཔེའི་གཟུགས་ཏེ་ཉན་ཐོས་ལ་སོགས་པར་མངོན་པར་སྦྱར་བར་བྱའོ། །དེ་ལ་གང་རྣམས་ཉན་ཐོས་ཀྱི་ཆོས་དེ་རྣམས་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་བདེན་པ་མ་ཡིན་བརྫུན་པ་མ་ཡིན་པའོ། །ཙ་སྡེའི་གསུམ་པའི་ས་བོན་ཞེས་
བྱ་བ་ནི་ཙའི་སྡེ་ཚན་གྱི་གསུམ་པའི་ས་བོན་ཛའི་ཡི་གེའོ། །རྣལ་འབྱོར་མ་ཡི་གཟུགས་ཤེས་བྱ། །ཞེས་བྱ་བ་ནི་རྣལ་འབྱོར་མ་བྱང་ཆུབ་ཀྱི་གཟུགས་དང་ཡེ་ཤེས་ཀྱིས་ཀྱང་སྟོང་པ་ལ་སོགས་པའི་བརྟགས་པའི་ཡེ་ཤེས་མ་ཡིན་པ་ཉམས་སུ་མྱོང་བ་ཉིད་ཀྱིས་དངོས་པོ་མེད་པའི་གཟུགས་སུ་
འགྱུར་ཞེ་ན། མི་བདེན་པའི་བདེན་པ་ཉིད་མེད་དོ། །དེ་ཡོད་པ་ཉིད་ནི་བྱིས་པ་རྣམས་ཀྱིས་ཡོངས་སུ་བརྟགས་པའོ། །དེའི་གསལ་བ་རྣལ་འབྱོར་མའི་གཟུགས་ཡེ་ཤེས་དང་ཤེས་བྱ་ལ་སོགས་པས་མཚོན་པའོ། །དེ་ཡང་སྒྱུ་མ་དང་རྨི་ལམ་བདེན་པར་སྨྲ་བ་རྣམས་ཀྱིས་བསྟན་པའི་
སྟོབས་ཀྱིས་བསྒྲུབས་པ་བཅོམ་ལྡན་འདས་ཀྱི་དགོངས་པའི་རྗེས་སུ་འགྲོ་བ་བྱང་ཆུབ་ཀྱི་གཟུགས་གྲུབ་པའོ། །པ་མཐའ་དེ་ཡི་བཞི་པ་ལའོ། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེ་སྟེ་དེ་ཉིད་ཀྱི་བཞི་པའི་སྟན་ནི་མ་བྷའི་ཡི་གེའོ། །མདོར་ན་མྦྷའི་ཡི་གེའོ། །སྔགས་
Vol. 20 · folio 60b
ཐམས་ཅད་ཀྱི་བླ་མའོ། །ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་བླ་མ་ཉམས་སུ་མྱོང་བ་ཉིད་ཀྱིས་སོ། །ཏ་སྡེའི་མཐའ་མ་དབྱངས་གསུམ་ལྡན། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནི་ནའི་ཡི་གེའོ། །གསུམ་པའི་ཡི་གེ་ནི་ཨིའི་ཡི་གེ་དང་ལྡན་པ་སྟེ་གཉིས་པོས་ནིའི་ཡི་གེའོ། །མ་ལུས་
སེམས་ཅན་འབོད་པའི་གཟུགས། །ཞེས་བྱ་བ་ནི་ལུས་པ་མེད་པ་འབོད་པའི་གཟུགས་ཏེ་སེམས་ཅན་རྣམས་བྱང་ཆུབ་ལ་འཛུད་པར་བྱེད་པ་དང་མྱ་ངན་ལས་འདའ་བར་བྱེད་དུ་འཛུད་པའོ། །དྲོ་བའི་གསུམ་པ་ཞེས་བྱ་བ་ནི་དྲོ་བའི་གསུམ་པ་སའི་ཡི་གེའོ། །ཏ་སྟན་ལྡན་ཞེས་བྱ་བ་ནི་ཏའི་ཡི་གེའི་སྟན་
ཏེ་མདོར་ན་སྟའི་ཡི་གེའོ། །འགྲོ་དང་མི་འགྲོ་བཅས་འགྲོ་སྒྲོལ། །ཞེས་བྱ་བ་ནི་བསྒྲལ་བར་བྱ་བའི་ཕྱིར་ཕྱི་རོལ་པ་རྣམས་ཀྱིས་འགྲོ་བ་དང་མི་འགྲོ་བའི་འཇིག་རྟེན་པ་རྣམས་འཁོར་བའི་རྒྱ་མཚོ་ལས་སོ། །དེ་བཞིན་མྦྷའི་ཡི་གེ་གཟུང་། །ཞེས་བྱ་བ་ནི་མྦྷའི་ཡི་གེ་རང་དེ་ལྟར་གཟུང་བའོ། །
ས་ནི་བཅུ་བཞི་པའི་གཟུགས་སོ། །ཞེས་བྱ་བ་ནི་ས་བཅུ་པའི་གཟུགས་ཆོས་ཀྱི་སྐུའི་བདག་ཉིད་ཀྱིས་སེམས་ཅན་རྣམས་བྱང་ཆུབ་ཀྱི་སྐྱེད་པ་པོ་ཞེས་བྱ་བར་དགོངས་སོ། །སྔགས་ནི་ནའི་ཡི་གེའི་སྔགས་སོ། །རྣལ་འབྱོར་མ་རྣམས་ཀྱི། བརྡ་ཡིས་སུ་ནི་འཇུག་པའོ། །ཞེས་བྱ་བ་ནི་རྣལ་
འབྱོར་མ་རྣམས་ཀྱི་བརྡའི་ཡེ་ཤེས་སྤྲུལ་པས་ཞུགས་པ་ཁྱོད་ཀྱི་སྟེ་ཐིག་ལེའི་གཟུགས་ཞེས་བྱ་བའི་དོན་ཏོ། །པ་སྡེའི་མཐའ་མ་ཨོ་ཡིག་རེག །ཅེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེའོ། །ཨོའི་ཡི་གེས་ཅོད་པན་རེག་པ་སྟེ་མདོར་ན་མོའི་ཡི་གེའོ། །སྣ་ཚོགས་ཡེ་
ཤེས་འཛིན་པའོ། །ཞེས་བྱ་བ་ནི་གཏི་མུག་གི་ཡེ་ཤེས་ཏེ་སྣ་ཚོགས་པའི་འཇིག་རྟེན་རྣམས་ཀྱི་དེ་འཛིན་པ་དང་གྲོལ་བ་པོ་དག་གཏི་མུག་གི་མུན་ནག་གོ། །ས་མཐའ་ཧ་ཡི་ཡི་གེའོ། །རྡོ་རྗེ་སེམས་དཔའི་རང་བཞིན་ནོ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཞུ་བ་རྡོ་རྗེ་སེམས་དཔའི་རང་
བཞིན་ཞེས་བྱ་བ་སྟེ་ཡེ་ཤེས་ཀྱི་བདུད་རྩི་ཞེས་བྱ་བའི་དོན་ཏོ། །ནའི་ཡི་གེ་ནི་ནའི་ཡི་གེའོ། །ཆོས་དང་ཆོས་མིན་སུན་འབྱིན་པའོ། །ཞེས་བྱ་བ་ནི་ཆོས་དེ་སྦྱིན་པ་ལ་སོགས་པ་དང་ཆོས་མ་ཡིན་པ་བརྫུན་ལ་སོགས་པ་སྟེ། དེ་རྣམས་ཀྱི་རྣམ་པར་རྟོག་པ་མ་ལུས་པ་བརྟེན་པར་མི་
Vol. 20 · folio 61a
བྱེད་པའོ། །ཡ་སྡེའི་མཐའ་མ་ནི་ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །རྣལ་འབྱོར་མ་སྟེ་ནམ་མཁའི་གཟུགས། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ནམ་མཁའི་གཟུགས་ཨ་ཝ་དྷཱུ་ཏཱི་དང་རྩ་ཐམས་ཅད་ཅེས་བྱ་བའོ། །ཛ་ཡིག་ར་ཡིག་སྟན་ཅན་ནི། །
ཞེས་བྱ་བ་ནི་ཛའི་ཡི་གེའི་རའི་སྟན་ནོ། །དེ་ལྟ་བུའི་སྔགས་ནི། །ཁུ་བ་འབབ་པ་ཤར་བའོ། །ཞེས་བྱ་བ་ནི་མདོར་ན་ཛྲའི་ཡི་གེ་ཁུ་བ་ཤར་བའི་རང་བཞིན་ནི་ནིའི་ཡི་གེས་གཏུམ་མོའི་སྐད་ཅིག་ལ་ཞེས་བྱ་བའོ། །སླར་ཡང་རླུང་གི་མཐའ་མ་ནི། །ཞེས་བྱ་བ་ནི་སླར་ཡང་རླུང་གི་སྡེ་ཚན་གྱི་མཐའ་མ་སྟེ་
ཝའི་ཡི་གེའོ། །ཨ་ཡི་ཡི་གེས་གཟི་བསྐྱེད་པ། །ཞེས་བྱ་བ་ནི་ཨའི་ཡི་གེས་གཟི་བརྗིད་བྱས་པ་སྟེ་ཝཱའི་ཡི་གེའོ། །ཚངས་པ་པདྨ་ཡི་ནི་གཟུགས། །ཞེས་བྱ་བ་ནི་མཆོག་གི་ཚངས་པའི་གཟུགས་ཀྱི་པདྨ་ཆེན་པོ་སྟེ་ཀུན་གཞི་རྣམ་པར་ཤེས་པས་ལུས་མི་འཆི་བས་ལས་ཀྱི་ངོ་བོ་ཇི་ལྟར་
དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་གཟུགས་ཀུན་གྱི་གཞིར་བཤད་པའི་མཆོག་གི་ཚངས་པའི་པདྨ་སྟེ་ཆོས་ཐམས་ཅད་ཀྱི་རྟེན་གྱི་གཟུགས་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ར་ཡིག་ཨ་ཡི་ཡི་གེ་ལྡན། །ཞེས་བྱ་བ་ནི་རཱའི་ཡི་གེ་ཨའི་ཡི་གེ་དང་ལྡན་པ་སྟེ་རཱའི་ཡི་གེའོ། །
འགྱུར་བ་མེད་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་མཆོག་གི་ཚངས་པའི་གཟུགས་དེ་པདྨ་མི་ཟད་པའི་གཟུགས་ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར་རོ། །ས་མཐའ་ནི་ཧའི་ཡི་གེ་སྟེ། གསུམ་པའི་ཡི་གེ་ནི་ཨིའི་ཡི་གེས་མགོ་ལ་གཟུང་བ་སྟེ། གཉིས་ལས་ཧིའི་ཡི་གེའོ། །རྣལ་འབྱོར་མ་རྣམས་
ཞེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྟེ་བབས་པའི་གཟུགས་ཞེས་བྱ་བ་ནི་ལྟེ་བའི་གཟུགས་ཉིད་པས་སོ། །མ་ནི་དབུས་མའི་དེ་ཉིད་གཟུགས། །ཞེས་བྱ་བ་ནི་མའི་ཡི་གེ་དབུས་མ་དེ་ཁོ་ན་ཉིད་ཀྱི་རང་བཞིན་རང་གིས་རིག་པ་སྐྱེད་པ་པོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་གནས་པ་པོ་རང་ཉིད་
དེ་ལྟར་རྟོགས་པ་སྟེ་འདི་ནི་མའི་ཡི་གེའི་ངེས་པའོ། །ས་མཐའ་ཨཱ་ཡིས་བཀང་བ་སྟེ། །ཞེས་བྱ་བ་ནི་ཧའི་ཡི་གེ་ཨཱའི་ཡི་གེས་བཀང་བ་སྟེ་གཉིས་ལས་ཧཱའི་ཡི་གེའོ། །རྣལ་འབྱོར་མ་གཟུགས་སྒོར་བརྗོད་པའོ། །ཞེས་བྱ་བ་ནི་རྣལ་འབྱོར་མའི་གཟུགས་ནི་ཧའི་ཡི་གེའོ། །དེའི་
Vol. 20 · folio 61b
ཁར་ཨའི་ཡི་གེ་བརྗོད་པ་སྟེ། ཅིའི་ཕྱིར་ཞེ་ན། ཨའི་ཡི་གེ་ནི་ཆོས་ཐམས་ཅད་གདོད་མ་ཉིད་ནས་སྐྱེ་བ་མེད་པའི་སྒོ་ཉིད་དོ་ཞེས་བྱ་བ་དེའི་ཕྱིར་རོ། །ཡང་ན་ཧའི་ཡི་གེ་བརྗོད་པ་ན་རྣམ་པར་ཤེས་པ་རྣལ་འབྱོར་མའི་གཟུགས་ཉིད་ཀྱིས་སོ། །ཡ་ཡིག་ཨོ་ཡིས་ཅོད་པན་བརྒྱན། །ཞེས་
བྱ་བ་ནི་ཡའི་ཡི་གེ་ལ་ཨོའི་ཡི་གེས་ཅོད་པན་ལ་བརྒྱན་པ་སྟེ་མདོར་ན་ཡོའི་ཡི་གེའོ། །ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་རྣལ་འབྱོར་གྱིས་གང་མཐོང་བ་དེའི་གཟུགས་གང་དང་གང་དེ་ལྷན་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ། །ཀ་སྡེའི་དབུས་
གནས་ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་དབུས་ན་གནས་པ་གའི་ཡི་གེའོ། །དབྱངས་གསུམ་པ་ཞེས་བྱ་བ་ནི་ཨིའི་ཡི་གེས་མགོ་བོ་བརྒྱན་པའོ། །དེ་ཉིད་མེད་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་དེ་ལྟར་གའི་ཡི་གེ་མདོར་ན་གིའི་ཡི་གེ་སྟེ་དེ་ཁོ་ན་ཉིད་མེད་པའི་རང་བཞིན་ཏེ་ཆོས་ཀྱི་རོ་སྣ་ཚོགས་
པ་མྱངས་པས་ཚིམ་པ་ཞེས་བྱ་བའི་དོན་ཏོ། །ནིའི་ཡི་གེ་ནི་ནིའི་ཡི་གེ་མངོན་སུམ་དུ་མངོན་པར་བརྗོད་པས་སོ། །རང་བཞིན་མེད་པའི་ཡེ་ཤེས་ཞེས་བྱ་བ་ནི་གང་བརྟགས་པ་དེ་ཡང་རང་བཞིན་མེད་པའི་ཡེ་ཤེས་སོ། །གཉིས་ནི་ཐོག་མ་ལ། ཞེས་བྱ་བ་ནི་གཉིས་པའི་ཐོག་མ་ནི་ཀའི་ཡི་གེའོ། །
ཨཱ་ཡི་ཡི་གེས་གསལ་བར་བྱ། །ཞེས་བྱ་བ་ནི་ཨཱའི་ཡི་གེས་ཤིན་ཏུ་སྦྱར་བ་སྟེ་མདོར་ན་ཀཱའི་ཡི་གེའོ། །འདོད་པའི་ཁམས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་གཉིས་གཉིས་ཀྱི་སྦྱོར་བས་འདོད་པའི་ཁམས་ཀྱི་རང་བཞིན་ནོ། །པ་སྡེའི་མཐའ་མ་ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེའོ། །
ཨེ་དང་ལྡན་ཞེས་བྱ་བ་ནི་ཨེའི་ཡི་གེ་དང་ལྡན་པ་སྟེ་གཉིས་ལས་མེའི་ཡི་གེའོ། །ཐམས་ཅད་སྒྱུ་མའི་རང་བཞིན་ནོ། །ཞེས་བྱ་བ་ནི་ཐམས་ཅད་དུ་སྒྱུ་མ་ཆེན་པོའི་རང་བཞིན་དུ་ལྟ་བའོ། །བའི་ས་བོན་མཐར་ཞེས་བྱ་བ་ནི་བའི་ཡི་གེའི་རྩར་ཤའི་ཡི་གེའོ། །ཡ་སྡེའི་མཐའ་ཡིག་སྟན་ཅན་ནི། །ཡའི་སྡེ་
ཚན་གྱི་མཐའ་མ་ཝའི་ཡི་གེའི་སྟན་ཏེ་གཉིས་ཀྱིས་ཤྭའི་ཡི་གེའོ། །ཁུ་བ་དང་ནི་རླུང་དབྱེར་མེད། །ཅེས་བྱ་བ་ནི་ཁུ་བ་རླུང་དང་སྲོག་དབྱེར་མེད་པས་གནས་ཏེ་འགྲོ་བ་དང་ཐིམ་པའི་རབ་ཏུ་དབྱེ་བས་སོ། །མེའི་ས་བོན་ནི་མེའི་ས་བོན་རའི་ཡི་གེའོ། །ཨི་དབྱངས་མགོར་གནས་ཞེས་བྱ་བ་ནི་ཨིའི་ཡི་
Vol. 20 · folio 62a
གེ་མགོ་ལ་གནས་པ་སྟེ་མདོར་ན་རིའི་ཡི་གེའོ། །སྒྲུབ་པ་སྒྱུ་མའི་རང་བཞིན་ནོ། །ཞེས་བྱ་བ་ནི་དངོས་གྲུབ་ཆེན་པོ་སྟེར་བ་པོའི་གཟུགས་པས་ཡེ་ཤེས་ཀྱི་ཆུའི་རྒྱ་མཚོ་ཆེན་པོའོ། །མཁའ་འགྲོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཟ་བས་མེའོ། །ཀའི་གཉིས་པའི་
ས་བོན་ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་གཉིས་པའི་ས་བོན་ཁའི་ཡི་གེའོ། །ནམ་མཁའི་རྣལ་འབྱོར་མ་ཡི་གཟུགས། །ཞེས་བྱ་བ་ནི་ནམ་མཁའི་རྣལ་འབྱོར་མའི་གཟུགས་སེམས་སོ་སོར་སྣང་བ་རང་གིས་རིག་པའི་ཕྱིར་རོ། །ས་བོན་དེའི་མཐའི་ཡི་གེ་ཞེས་བྱ་བ་ནི་ཁའི་ཡི་གེའི་འགྲམ་གྱི་ས་བོན་ནི་
གའི་ཡི་གེའོ། །ཨི་ཡི་ཡི་གེས་རྣར་བརྒྱན་པ། །ཞེས་བྱ་བ་ནི་ཨེའི་ཡི་གེས་རྣ་བ་ལ་བརྒྱན་པ་སྟེ་གའི་ཡི་གེའོ། །དཔའ་བོ་གཅིག་པུ་མི་བསྐྱོད་པ། །ཞེས་བྱ་བ་ནི་དཔའ་བོ་གཅིག་པུ་མི་བསྐྱོད་པ་ཉིད་ཀྱིས་ཆོས་ཀྱི་སྐུའི་བདག་ཉིད་པས་སོ། །དེ་ལྟར་འཁོར་ལོ་མཁའ་རང་བཞིན། །ཞེས་བྱ་བ་ནི་
དེ་ལྟར་བཤད་པའི་འཁོར་ལོ་ནམ་མཁའི་རང་བཞིན་ཏེ་ལྷན་ཅིག་སྐྱེས་མའི་མཐའ་ཉིད་ཀྱིས་སོ། །དེ་ལྟར་རྐང་པ་དགུ་པའོ་ཞེས་བྱ་བ་ནི་སྔགས་དེ་ཡང་རྐང་པ་དགུ་པ་སྟེ། པྲ་བྷེ་ད་ནི། ཨ་པ་རཱ་ཛ་ཡེ། བི་ཛ་ཡེ། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། བཛྲ་ཝཱ་རཱ་ཧཱི། མ་ཧཱ་ཡོ་གི་ནཱི། ཀཱ་མེ་ཤྭ་རི་
ཁ་གེ །ཞེས་བྱ་བའི་སྔགས་ཀྱི་རྐང་པ་རྣམས་སོ། །རྣལ་འབྱོར་མ་ཚོགས་ཡི་གེ་སྟེ། །ས་གསུམ་གྱི་ནི་རང་བཞིན་སྔགས། །ཞེས་བྱ་བ་ནི་རྣལ་འབྱོར་མའི་ཚོགས་ཀྱི་ཡི་གེ་སྔགས་ཀྱི་གཟུགས་འདི་ཁམས་གསུམ་ཀྱང་ངོ་ཞེས་བྱ་བའོ། །འདི་སྐད་གསུངས་པ་ཞེས་བྱ་བ་ལ་སོགས་པས་
ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཀྱི་གཙོ་བོར་རབ་ཏུ་གནས་པའོ། །དེ་སྟེར་བར་ངེས་པའོ། །ཀུན་སྤྱོད་ཅེས་བྱ་བ་ནི་རང་གི་དུས་ཤར་བའི་རྩའི་སྟེ་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་ཉེ་བར་འགྲོ་བའོ། །མཁའ་འགྲོ་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོ་ཨ་ཝ་
དྷཱུ་ཏཱིའི་ནང་ན་གནས་པ་དང་རྣལ་འབྱོར་ཆེན་པོའི་བདག་ཉིད་ཀྱི་དུས་སུ་གནས་པ་དེའི་དུས་སུ་ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་དོ། །གསུམ་པའི་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །དེའི་ཕྱི་རོལ་དུ་འཁོར་ལོ་བཞི་པ་གསུངས་པ། སླར་ཡང་ལངས་ནས་ཞེས་བྱ་བ་ལ་སོགས་
Vol. 20 · folio 62b
པ་སྟེ་རྡོ་རྗེ་ཕག་མོ་སླར་ཡང་རང་གི་སྔགས་ཀྱི་ཡི་གེ་རྫོགས་པར་བྱ་བའི་ཕྱིར་ལས་འདི་བྱས་པའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་ཡང་གཞན་གྱི་འཁོར་ལོའི་རྣལ་འབྱོར་དང་ལྡན་པ་ནི་འཁོར་ལོ་བཞི་པའི་རྣལ་འབྱོར་འཛིན་པ་པོ་བདག་མེད་མ་ཡིས་འཁྱུད་པའི་མཆོག་ཏུ་
མི་འགྱུར་བ་སྒྲུབ་པ་པོའོ། །སྔགས་ཀྱི་འཁོར་ལོའི་རྣལ་འབྱོར་གྱིས། །ཞེས་བྱ་བ་ནི་འདི་ལྟར་སྔགས་ཀྱི་འཁོར་ལོ་བཏུ་བ་གསུངས་པ། ཏའི་སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། ཏའི་སྔགས་ཞེས་བྱ་བ་ནི་ཏའི་ཡི་གེའི་སྔགས་སོ། །གཉིས་པ་སྦྱོར་ཞེས་པ་ནི་གཉིས་པ་སྦྱོར་བ་པོ་སྟེ་རྣལ་
འབྱོར་གྱི་གཏུམ་མོ་འབར་བ་མཐར་ཕྱིན་པའི་བདེ་བའོ། །དྱ་གནས་མེ་དང་རླུང་ས་བོན། །ཞེས་བྱ་བ་ནི་དྱའི་ཡི་གེ་མེ་དང་རླུང་གི་རང་བཞིན་དུ་གནས་པའོ། །བདེ་བ་ཆེན་པོ་འདོད་ཆགས་ཆེ། །ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འདོད་ཆགས་འབར་བའོ། །དེ་ཡི་གཉིས་པའི་ས་བོན་ནི། །ཨ་ཡི་ཡི་གེས་
དགང་བའོ། །ཞེས་བྱ་བ་ནི་དེའི་ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་གཉིས་པའི་ས་བོན་ཐཱའི་ཡི་གེའོ། །ཨཱའི་ཡི་གེས་བཀང་བ་སྟེ་མདོར་ན་ཐཱའི་ཡི་གེའོ། །འབྱུང་ཆེན་བཞི་ཡི་རང་བཞིན་ནོ། །ཞེས་བྱ་བ་ནི་ས་ལ་སོགས་པ་ཁམས་བཞིའི་རང་བཞིན་ནོ། །དེ་ཡང་ཆོས་འབྱུང་གི་ཁུ་བ་དང་མེ་དང་བདེ་
བའོ། །པ་ཡིག་ར་ཡིག་ཨོ་ཡིག་སྦྱར། །ཞེས་བྱ་བ་ནི་པའི་ཡི་གེ་དང་རའི་ཡི་གེ་དང་ཨོའི་ཡི་གེ་སྦྱར་བས་པྲོའི་ཡི་གེར་འགྱུར་རོ། །གསུམ་པ་རླུང་གི་རང་བཞིན་ནོ། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་གསུམ་རླུང་གི་ལས་ལ་ཡོངས་སུ་གནས་པ་རྡོ་རྗེ་ལྟ་བུའི་རང་བཞིན་ནོ། །ཏ་ཡི་ཡི་གེ་ཨཾ་
ཡིག་ལྡན། །ཞེས་བྱ་བ་ནི་ཏའི་ཡི་གེ་ལ་ཨཾ་གི་ཡི་གེ་དང་ལྡན་པ་སྟེ་ཏཾ་ངོ་། །སླར་ཡང་རྣམ་ཤེས་ས་བོན་ནོ། །ཞེས་བྱ་བ་ནི་སླར་ཡང་རླུང་གསུམ་གྱི་རྣམ་པར་ཤེས་པ་གསུམ་སྟེ། དེ་ཡང་འཇུག་པའི་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཀུན་གཞིར་བཤད་པའོ། །ཀ་ཡི་སྡེ་ཡི་དབུས་གནས་
པ། །ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་དབུས་ན་གནས་པ་གའི་ཡི་གེའོ། །ཨེ་ཡི་ཡི་གེས་རྣམ་པར་བརྒྱན། །ཞེས་བྱ་བ་ནི་ཨེའི་ཡི་གེས་རྣ་བ་ལ་བརྒྱན་པ་སྟེ་གཉིས་ཀྱི་གེའི་ཡི་གེའོ། །རྣལ་འབྱོར་མ་ཡི་ཕྱག་རྒྱ་དང་། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ཕྱག་རྒྱའི་རང་བཞིན་གྱིས་འགྲོ་བའི་
Vol. 20 · folio 63a
ཕྱིར་རོ། །སླར་ལ་ཡང་ནི་བརྗོད་པར་བྱའོ། །ཞེས་བྱ་བ་ནི་སླར་ཡང་བཟླས་ནས་དེ་ལྟར་ཚིག་བརྗོད་པར་བྱའོ། །པྲོ་ཏཾ་གེ། པྲོ་ཏཾ་གེ་ཞེས་བྱ་བར་དགོངས་སོ། །ཚིག་འདི་ཐབས་ཤེས་དབྱེར་མེད་དོ། །ཞེས་བྱ་བ་ནི་དེ་ལྟར་ཚིག་གཉིས་པ་ཡང་ཐབས་དང་ཤེས་རབ་དབྱེར་
མེད་པའི་གཟུགས་སོ། །སའི་མཐའ་མ་ཧའི་ཡི་གེའོ། །ནའི་སྔགས་ནི་ནའི་ཡི་གེའི་སྔགས་སོ། །ཧ་ནའི་ཚིག་གོ། །བསྐྱར་ལ་ཡང་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་ཧ་ནའི་སྒྲ་སླར་བརྗོད་པར་བྱའོ། །ཧ་ན་ཧ་ན་ཞེས་བྱ་བའོ། །བསྐྱེད་ཅིང་སྡུད་པར་བྱེད་གཟུགས་སོ། །ཞེས་བྱ་བ་ནི་
བསྐྱེད་པ་དང་སྡུད་པའི་གཟུགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་པ་དང་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །པ་ར་ཨཱ་ཡིག་ས་བོན་གཅིག །ཅེས་བྱ་བ་ནི་པའི་ཡི་གེ་དང་རའི་ཡི་གེ་དང་ཨཱའི་ཡི་གེ་རྣམས་གཅིག་པ་སྟེ་པྲཱའི་ཡི་གེའི་ས་བོན་ནོ། །དོན་དམ་པ་ཡི་ཡི་གེའོ། །ཞེས་བྱ་བ་ནི་
རླུང་རྣམ་པར་ཤེས་པ་དང་བྱང་ཆུབ་ཀྱི་སེམས་སུ་བདེ་བ་ཆེན་པོའི་རང་བཞིན་དོན་དམ་པ་སྟེ་དེ་ལྟར་བླ་མའི་གདམས་ངག་གི་དབང་གིས་མཛད་པ་ཞེས་བྱ་བའི་དོན་ཏོ། །ཊ་མཐའ་ཞེས་བྱ་བ་ནི་ཊའི་སྡེ་ཚན་གྱི་མཐའ་མ་ཎའི་ཡི་གེའོ། །ཨཱ་དང་ལྡན་ཞེས་བྱ་བ་ནི་ཨཱའི་ཡི་གེ་དང་ལྡན་པ་སྟེ་ཎཱའི་ཡི་གེའོ། །གཞོམ་
དུ་མེད་ལས་སྐྱེས་པའོ། །ཞེས་བྱ་བ་ནི་ཨ་ནཱ་ཧ་ཏ་ར་ཞུགས་པས་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་སོ། །དེ་ལས་ལོངས་སྤྱོད་རྫོགས་པའི་ལས་སླར་ཡང་ལྷན་ཅིག་སྐྱེས་པའོ། །ཡང་ལྷན་ཅིག་སྐྱེས་པའི་གཟུགས་ལས་སྐྱེ་བ་ཞེས་བྱ་བའོ། །ཏེའི་མཐའ་མ་ཞེས་བྱ་བ་ནི་ཏའི་སྡེ་ཚན་
གྱི་མཐའ་མ་ནའི་ཡི་གེའོ། །ཀུན་འཇོམས་པའོ་ཞེས་བྱ་བ་ནི་རབ་ཏུ་འཇོམས་པ་སྟེ་བདུད་ཀྱི་སྟོབས་དང་གཏི་མུག་ལ་སོགས་པའོ། །ཀ་ཀ་དང་ནི་ཎ་གནས་ལ། །ཞེས་བྱ་བ་ནི་ཀའི་ཡི་གེ་གཉིས་དང་ཎའི་ཡི་གེ་གནས་པའོ། །དབྱངས་གསུམ་སྦྱར་ཞིང་ཐིག་ལེ་སྦྱིན། །ཞེས་བྱ་བ་ནི་དེ་
ལྟར་ཀའི་ཡི་གེ་ལ་སོགས་པ་གསུམ་པའི་དབྱངས་ཏེ་ཨིའི་ཡི་གེ་སྦྱིན་པར་བྱའོ། །ཐིག་ལེ་གཉིས་སྦྱིན་ཞེས་བྱ་བ་ནི་ཐིག་ལེ་གཉིས་པར་སྦྱིན་པར་བྱའོ། །མདོར་ན་ཀིཾ་ཀི་ཎིའོ། །རྣལ་འབྱོར་མ་ཀུན་འབོད་པའོ། །ཞེས་བྱ་བ་ནི་རྣལ་འབྱོར་མ་འདི་ཐམས་ཅད་ལ་བོད་པ་སྟེ་ཅི་ཁྱོད་ཀྱིས་
Vol. 20 · folio 63b
སེམས་ཅན་གྱི་དོན་མཛོད་ཅིག་གཉིས་པ་ངོ་མཚར་ཆེ་ཞེས་བྱ་བའོ། །མ་ལུས་སངས་རྒྱས་ཐོབ་པར་མཛོད་ཅིག་ཅེས་བྱ་བའོ། །དེ་བཞིན་དུ་ནི་ཁ་བ་དང་། །གསུམ་པ་ཎ་རུ་གནས་པའོ། །ཞེས་བྱ་བ་ནི་དེ་བཞིན་དུ་ཡང་ཁའི་ཡི་གེ་གཉིས་དང་ཎའི་ཡི་གེ་ཡང་སྟེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གསུམ་
ཀ་ལ་ཨིའི་ཡི་གེ་སྦྱིན་པར་བྱའོ། །སྔོན་བཞིན་ཏ་མདོར་ན་ཁིཾ་ཁི་ཎི་ཞེས་བྱ་བའོ། །དུབ་བ་སེལ་བར་བྱེད་པའི་རྒྱུ། །ཞེས་བྱ་བ་ནི་སེམས་དུབ་པ་སེལ་བར་བྱེད་པའི་རྒྱུ་ཉིད་དང་སྣ་ཚོགས་སྒྲ་དང་སྨྲ་བ་རྣམས་ཀྱི་ཡང་ངོ་། །དྷཱུ་ནའི་སྔགས་ཀྱི་ཚིག་ཅེས་བྱ་བ་ནི་དྷཱུ་ནའི་ཡི་གེ་དག་གི་སྔགས་ཀྱི་ཚིག་སྟེ།
ལན་གཉིས་སུ་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་དེ་ལྟར་གཉིས་བརྗོད་པར་བྱ་སྟེ། དྷཱུ་ན་དྷཱུ་ནའི་ཡི་གེ་དག་གོ། །རྟོག་པ་ཐམས་ཅད་འཇོམས་པར་བྱེད། །ཅེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པ་དང་སྤྱོད་པ་སྣ་ཚོགས་པའི་བྱ་བའི་ལས་ཀྱང་ངོ་། །ཡ་སྡེའི་མཐའ་མ་ཡི་ནི་སྔགས། །
ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །རྡོ་རྗེའི་བུ་གར་བརྒྱན་པའོ། །ཞེས་བྱ་བ་ནི་དེ་ཡང་རྡོ་རྗེའི་བུ་གར་ས་བོན་འཛིན་པས་དབབ་པར་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །རྩ་སྡེའི་དབུས་གནས་ས་བོན་ནི། །ཞེས་བྱ་བ་ནི་ཙའི་སྡེ་ཚན་གྱི་དབུས་ན་གནས་པ་ཛའི་ཡི་གེའོ། །ར་ཡི་སྟན་
ལ་ཡོངས་སུ་གནས། །ཞེས་བྱ་བ་ནི་རའི་ཡི་གེའི་སྟན་ལ་ཡོངས་སུ་གནས་པ་སྟེ་མདོར་ན་ཛྲའི་ཡི་གེའོ། །གཏི་མུག་ཟ་བར་བྱེད་པའོ། །ཞེས་བྱ་བ་ནི་གཏི་མུག་ཅན་གྱི་མུ་སྟེགས་པ་རྣམས་ཀྱི་གཏི་མུག་གོ། །ས་མཐའ་ནི་ཧའི་ཡི་གེའོ། །གཞོམ་མེད་དབུས་མའོ་ཞེས་བྱ་བ་ནི་ཨ་ཝ་དྷཱུ་
ཏཱིའི་ནཱ་ད་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུའོ། །ཤ་སྡེའི་གསུམ་པ་ཞེས་བྱ་བ་ནི་ཤའི་སྡེ་ཚན་གྱི་གསུམ་པ་སའི་ཡི་གེའོ། །ཏ་སྟན་གནས་ཞེས་བྱ་བ་ནི་ཏའི་ཡི་གེའི་སྟན་ལ་གནས་པའོ། །ཨེ་ཡི་ཡི་གེས་རྣ་བར་བརྒྱན། །ཞེས་བྱ་བ་ནི་ཨེའི་ཡི་གེས་རྣ་བ་བརྒྱན་པའོ། །སྣ་ཚོགས་
མཁའ་འགྲོ་མ་ཡི་གཟུགས། །འབོད་པར་བྱེད་པ་ཡི་ནི་སྔགས། །ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་ཀྱི་སྔགས་རྣལ་འབྱོར་པ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་མིང་བརྗོད་པའི་བོད་པ་སྟེ། རབ་ཏུ་མྱོས་པས་མྱོས་པའི་དུས་སུ་ཏིང་ངེ་འཛིན་བྱེད་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ཤོ་ཥ་ཡའི་
Vol. 20 · folio 64a
སྔགས་ཀྱི་ཚིག །ཅེས་བྱ་བ་ནི་སྔགས་ཀྱི་ཚིག་སྟེ། ལན་གཉིས་སུ་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་གཉིས་བརྗོད་པ་སྟེ་ཤོ་ཥ་ཡ་ཤོ་ཥ་ཡའོ། །ཡེ་ཤེས་ཅན་རློམ་ང་རྒྱལ་འཇོམས། །ཞེས་བྱ་བ་ནི་ཡེ་ཤེས་ཅན་རྣམས་ཀྱི་ཡེ་ཤེས་ཀྱི་ང་རྒྱལ་བཅོམ་ནས་ང་རྒྱལ་མེད་པའི་བདེ་
བ་ཆེན་པོའི་ཡེ་ཤེས་ཞེས་བྱ་བར་དགོངས་སོ། །དེའི་དེ་བཞིན་དུ་གསུངས་པ། བྱང་ཆུབ་བྱང་ཆུབ་མེད་དེ་ཉིད། །ཅེས་བྱ་བ་སྟེ། བྱང་ཆུབ་དང་བྱང་ཆུབ་མ་ཡིན་པའི་དེ་ཁོ་ན་ཉིད་དེ་གང་ཟག་གི་ང་རྒྱལ་སྤང་བར་བྱའོ། །ཐམས་ཅད་སྒྱུ་མ་ཉིད་པས་ཆོས་ཀྱི་དབྱིངས་རང་གི་བར་མི་སེམས་ཏེ་རྣམ་པ་
མེད་པ་ཉིད་ཀྱིས་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པའོ། །དེ་ལྟར་གཉིས་ཀྱིས་ལྷག་རྐང་བཅུ། །ཞེས་བྱ་བ་ནི་དེ་ལྟར་གཉིས་ཀྱིས་ལྷག་པའི་རྐང་པ་བཅུ་ཐམ་པ་སྟེ་ཚིག་རྐང་བཅུ་གཉིས་སོ། །ས་དང་རྣལ་འབྱོར་མའི་རང་བཞིན། །ཞེས་བྱ་བ་ནི་ས་བཅུ་གཉིས་རྣལ་འབྱོར་མ་རྣམས་ཀྱི་ལས་
ཀྱི་རང་བཞིན་གྱིས་བྱེད་པར་འགྱུར་ཏེ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུ་ལས་ཞེས་བྱ་བའི་དོན་ཏོ། །འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པ་ནི། དེ་ཉིད་མཆོག་གི་བརྡ་རུ་སོན། །ཞེས་བྱ་བ་ནི་བརྡ་སྟེ་ཡི་གེ་གཞན་གང་གསུངས་པ། ཀླ་ཀློའི་སྐད་ཀྱི་ཡེ་ཤེས་ཏེ། །ཡི་གེ་དེ་ནི་བརྡ་ཡིས་
མཆོག་དང་ཁྱད་པར་དུ་འཕགས་པའི་ཡེ་ཤེས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་སྤངས་པའི་དེ་ཁོ་ན་ཉིད་ཀུན་གྱི་རང་བཞིན་དང་ལྡན་པར་སོན་པ་ཐོག་མ་མེད་པའི་དུས་རྣམས་སུ་གནས་པ་དང་མི་གནས་པའི་དེ་ཁོ་ན་ཉིད་ཀྱང་ནམ་མཁའ་ཇི་ཙམ་པའི་སེམས་ཅན་གྱི་དོན་བྱེད་པ་གཅིག་པ་ཉིད་
ཀྱིས་བསྐྱེད་པར་འགྱུར་རོ། །འགྲོ་བ་ཐམས་ཅད་ཀྱི་དོན་དང་དགོངས་པ་ཡང་ངོ་། །ང་ཞེས་བྱ་བ་ནི་བདག་གི་ཆོས་ཀྱི་དབྱིངས་ལས་སོ། །བདག་ལས་བྱུང་ཞེས་བྱ་བ་ནི་དེ་ལྟར་སྲིད་པ་གསུམ་གཅིག་པ་ཉིད་ཀྱི་ཐམས་ཅད་ཀྱི་དྲུང་ལས་ཏེ་བདག་གིས་སྲིད་པའི་གཟུགས་ཅན་མ་རྡོ་རྗེ་ཕག་མོ་བྱུང་
བའོ། །སེམས་ཅན་དེ་རྣམས་མེད་ཅིང་བདག་ཕག་མོ་མེད་པ་རྟག་ཏུ་བྱུང་བ་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་ཡང་ན་དུས་ཐམས་ཅད་དུ་གང་དུ་ཡང་མི་འགྲོ་ཞིང་མ་སྐྱེས་པ་ཡང་ཞེས་བྱ་བ་སྟེ། རྣམ་པར་ཉམས་པ་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན། སྒྱུ་མ་རྨི་ལམ་དེ་བཞིན་
Vol. 20 · folio 64b
གཤེགས། །ཞེས་བྱ་བ་སྟེ། ཇི་ལྟར་སྒྱུ་མ་དང་རྨི་ལམ་བདེན་པ་མ་ཡིན་ཞིང་བརྫུན་པ་མ་ཡིན་ནོ། །དེ་བཞིན་དུ་དེའི་དུས་སུ་རང་བཞིན་སྒྱུ་མའི་སེམས་ཅན་རྣམས་ཀྱང་ནང་དུ་སོན་པས་སྒྱུ་མ་དང་རྨི་ལམ་ཞེས་བྱ་བ་ནི་ངེས་པའོ། །ལས་རྣམས་ཇི་ལྟ་བར་ནི་འབྱུང་། །ཞེས་བྱ་བ་ནི་ཞི་བ་ལ་
སོགས་པའི་ལས་རྣམས་ལ་ཇི་ལྟར་རིགས་པའི་སྔགས་ཀྱི་ཡི་གེ་ལས་འབྱུང་བའོ། །དངོས་ཆེ་ཞེས་བྱ་བ་ནི་འོད་གསལ་བའི་རང་བཞིན་ཀྱང་ངོ་། །ཐམས་ཅད་ལ་གནས་པ་རྟག་ཏུ་རྟག་པ་རྡོ་རྗེ་མཁའ་འགྲོའི་ཀུན་རྫོབ་ཀྱི་གཟུགས་དང་བཅོམ་ལྡན་འདས་ཀྱི་མཚན་ཉིད་ནི་རྣལ་འབྱོར་མའི་ཡང་རང་བཞིན་ནོ། །
འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པའི་ས་དང་མཚན་ཉིད་ཅེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་གསུམ་ནི་སྡུད་པར་བྱེད་པ་པོའི་ཚིག་གོ། །གཞན་རྟོགས་པར་སླའོ། །འདི་ནི་འཁྲུལ་འཁོར་གྱི་འཁོར་ལོ་བཞི་པའོ། །ད་ནི་ལྔ་པ་དེའི་ཕྱི་རོལ་དུ་འཁྲུལ་འཁོར་གྱི་འཁོར་ལོ་གསུངས་པ། ལྔ་པ་
ཞེས་བྱ་བ་ལ་སོགས་པ་སྟེ། མྱ་ངན་ལས་འདས་པ་ནི་སྔོན་མ་ལ་ལྟོས་པ་སྟེ་བཅོམ་ལྡན་འདས་ཀུན་རྫོབ་དག་ཏུ་ཡང་ངོ་། །དེའི་ཕྱིར་འཁོར་ལོ་ལྔ་པ་མྱ་ངན་ལས་འདས་པ་བརྗོད་པར་བྱ་སྟེ་རྟག་པའི་གཟུགས་ཉིད་ཀྱང་ངོ་། །ཡང་གི་སྒྲ་ནི་སྔོན་མ་ལྟོས་པ་ཡིས། །གསོད་པ་ཞེས་བྱ་བ་ནི་ཐམས་
ཅད་ཀྱི་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་རྣམས་སོ། །སོགས་པའི་སྒྲས་འགྲོ་བ་དྲུག་རྣམས་ཀྱི་སྡང་བའི་སེམས་ཅན་རྣམས་ཀྱི་སྟེ་དེ་སྟོན་པ་ཡིས་དང་གྲོལ་བ་དང་ཐམས་ཅད་ནས་ཐམས་ཅད་དུ་མྱ་ངན་ལས་འདས་པ་ལ་འཇོག་པར་འགྱུར་བ་ཡང་ངོ་། །གསུངས་པ་ཞེས་བྱ་བ་སྟེ་ཅི་
གསུངས་ལ། ཡི་གེ་བཏུ་བ་བཅོམ་ལྡན་འདས་ཀྱིས་སོ། །ཀ་ཡི་གཉིས་པའི་ས་བོན་ནི། །ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་གཉིས་པའི་ཡི་གེ་ནི་ཁའི་ཡི་གེའོ། །རྣལ་འབྱོར་མ་ཡི་ཚོགས་དེ་ཉིད་དོ། །ཞེས་བྱ་བ་ནི་རྣལ་འབྱོར་མ་འབར་མ་དེ་ཁོ་ན་ཉིད་དེ་དུས་ཐམས་ཅད་དུ་གཏུམ་མོའི་རྩ་མི་འདོར་
བ་སྟེ་རང་བཞིན་མེད་པའི་ཡེ་ཤེས་ཀྱི་ཞེས་བྱ་བའི་དོན་ཏོ། །ཊ་གཟུང་ཞེས་བྱ་བ་ནི་ཊའི་ཡི་གེ་གཟུང་བར་བྱའོ། །ཡ་མཐའི་སྟན་ཅན་ཞེས་བྱ་བ་སྟེ་ཡའི་སྡེ་ཚན་གྱི་མཐའ་མ་ནི་ཝའི་ཡི་གེའི་སྟན་ནོ། །ཨཾ་གིས་ཅོད་པན་བརྒྱན་པར་བྱ། །ཞེས་བྱ་བ་ནི་ཨཾ་གི་ཡི་གེ་དབྱངས་ཀྱི་ཐིག་ལེས་
Vol. 20 · folio 65a
ཅོད་པན་ལ་བརྒྱན་པའོ། །དེ་བཞིན་ཨཱ་ཡི་ཡི་གེས་དགང་། །ཞེས་བྱ་བ་ནི་དེ་བཞིན་དུ་ཨཱའི་ཡི་གེས་དགང་བ་སྟེ་མདོར་ན་ཊྭཱཾ་གི་ཡི་གེའོ། །འགྲོ་བ་དྲུག་གི་རང་བཞིན་ནོ། །ཞེས་བྱ་བ་ནི་འགྲོ་བ་དྲུག་གི་རང་བཞིན་ཏེ་ཝའི་ཡི་གེ་ནི་ས་འོག་གོ། །ཊའི་ཡི་གེ་ས་སྟེང་གི་འཇིག་
རྟེན་ནོ། །ཐིག་ལེ་ནི་མཐོ་རིས་སོ། །ཀ་སྡེའི་དབུས་གནས་ས་བོན་ནི། །ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་དབུས་མའི་ས་བོན་གའི་ཡི་གེའོ། །དུག་གིས་རེག་པ་འཕྲོག་པར་བྱེད། །ཅེས་བྱ་བ་ནི་དུག་གིས་རེག་པ་འཕྲོག་པའི་སྔགས་ཏེ་གའི་ཡི་གེའོ། །ནམ་མཁའ་ལྡིང་གི་ས་བོན་ཏེ་བརྡ་ཡིས་
གདེངས་ཀ་ཅན་རྣམས་ཀྱི་ཡང་ངོ་། །ཀ་ཡི་ས་བོན་སྟོང་རང་བཞིན། །ཞེས་བྱ་བ་ནི་ཀའི་ཡི་གེའི་ས་བོན་སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའི་ཁམས་ཀྱི་ཕྱིར་རོ། །ནའི་མཐའ་མ་ཞེས་བྱ་བ་ནི་ནའི་ཡི་གེའི་མཐའ་མ་པའི་ཡི་གེའོ། །ཨཱ་ཡིག་ལྡན་ཞེས་བྱ་བ་ནི་ཨཱའི་ཡི་གེས་དགང་བའོ། །
མདོར་ན་པཱའི་ཡི་གེའོ། །མེ་འབར་བ་ཡིས་དབང་ལྡན་ཏེ། །ཞེས་བྱ་བ་ནི་མེ་འབར་བས་དབང་ལྡན་ཏེ་བདེ་བྱེད་དོ། །གཏུམ་མོར་སོན་པའི་བྱང་ཆུབ་ཀྱི་སེམས་སོ། །འཛིན་པ་ཡི་ནི་ས་བོན་ནི། །ཞེས་བྱ་བ་ནི་སའི་ས་བོན་ལའི་ཡི་གེའོ། །བསྐྱོད་པའི་ཁྱབ་བདག་ཆེན་པོའོ། །ཞེས་བྱ་
བ་ནི་དེ་ལྟར་ཁྱབ་བདག་ཆེན་པོ་རྡོ་རྗེ་འཆང་སྐུ་ཐམས་ཅད་བསྐྱེད་པའོ། །ཏ་ཡི་སྡེ་ཡི་བཞི་པ་ནི། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་བཞི་པ་དྷའི་ཡི་གེའོ། །ཨཱ་ཡི་དབྱངས་ཀྱིས་བརྒྱན་པའོ། །ཞེས་བྱ་བ་ནི་ཨཱའི་ཡི་གེའི་དབྱངས་ཀྱིས་བརྒྱན་པ་སྟེ་མདོར་ན་དྷཱའི་ཡི་གེའོ། །སྲིད་པ་དང་བྲལ་བའི་
གཟུགས་སོ་ཞེས་བྱ་བ་ནི་སྲིད་པ་སྤངས་པ་གཟུགས་ཀྱི་ཁམས་རྣམ་པར་འཛིན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །ཉི་མ་ཨི་ལྡན་ཞེས་བྱ་བ་ནི་ཉི་མ་ནི་རའི་ཡི་གེ་སྟེ་ཨིའི་ཡི་གེ་དང་ལྡན་པས་གཉིས་ལས་རའི་ཡི་གེའོ། །རོ་ལངས་ཞེས་བྱ་བ་ནི་རོ་ལངས་ཏེ་རྣམ་པར་རྟོག་པ་ཐམས་ཅད་ཟ་བ་པོ་
དང་རྫུ་འཕྲུལ་གྱིས་འགྲོ་བས་སོ། །ཊ་མཐའི་ས་བོན་གཟུང་བར་བྱ། །ཞེས་བྱ་བ་ནི་ཊའི་སྡེ་ཚན་གྱི་མཐའ་མ་གཟུང་བའི་ས་བོན་ཎའི་ཡི་གེའོ། །དབྱངས་ཀྱི་གསུམ་པས་མགོ་ལ་བརྒྱན། །ཞེས་བྱ་བ་ནི་ཨིའི་ཡི་གེས་མགོ་ལ་བརྒྱན་པ་སྟེ་མདོར་ན་ཎིའི་ཡི་གེའོ། །ས་གསུམ་ཐམས་
Vol. 20 · folio 65b
ཅད་གསོད་པའོ། །ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་ཐམས་ཅད་གཟུང་བ་དང་། ལུས་དང་ངག་དང་ཡིད་དང་ས་གསུམ་མ་ལུས་པའི་བདུད་ཀྱི་བདག་པོ་ཞེས་བྱ་བའོ། །པ་སྡེའི་མཐའ་མའི་ས་བོན་ནི། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མའི་ས་བོན་མའི་ཡི་གེའོ། །ཡིད་སྨྲ་བ་
ནི་རྟོག་མེད་བྱེད། །ཅེས་བྱ་བ་ནི་ཡིད་སྨྲ་བ་རྣམས་ཀྱིས་རྣམ་པར་རྟོག་པ་རྟོག་པ་མེད་པར་བྱེད་དོ། །ས་མཐའི་ནི་ཧའི་ཡི་གེའོ། །ཨཱའི་ངག་ལྡན་པ་ཞེས་བྱ་བ་ནི་ཨཱའི་ཡི་གེའི་ངག་དང་ལྡན་པ་སྟེ་མདོར་ན་ཧཱའི་ཡི་གེའོ། །ཐར་པའི་བཤེས་ཞེས་བྱ་བ་ནི། །རང་གི་ཆོས་ལ་གནས་པ་རྣམས་
ཀྱིས་དགེ་བའི་བཤེས་གཉེན་གྱིས་སྣ་ཚོགས་པའི་ཆོས་ཀྱི་ཐར་བར་བྱེད་པའོ། །རྟོག་པ་ཞེས་བྱ་བ་ནི་དེ་སླར་ཡང་རྟོག་པ་སྟེ་རང་གི་སེམས་ཞེས་བྱ་བར་དགོངས་སོ། །མ་གཉིས་ཧཱ་གཉིས་བརྗོད་པར་བྱ། །ཞེས་བྱ་བ་ནི་མའི་ཡི་གེ་དང་ཧཱའི་ཡི་གེ་ལན་གཉིས་སུ་བརྗོད་པར་བྱ་སྟེ་མ་ཧཱ་མ་ཧཱ་ཞེས་བྱ་བའོ། །
རྨོངས་པའི་རང་བཞིན་འཕྲོག་ཅིང་འཕྲོག །ཅེས་བྱ་བ་ནི་གཏི་མུག་ཆེན་པོའི་རང་བཞིན་འཕྲོག་པ་སྟེ་འདོད་ཆགས་ཆེན་པོའི་བདག་ཉིད་ཀྱི་སེམས་དེ་རྣམ་པར་རྟོག་པ་ཞེས་བྱ་བའི་དོན་ཏོ། །པའི་ས་བོན་ནི་པའི་ཡི་གེའོ། །ས་བོན་ལ་ཨི་ཡིག་བརྒྱན་ཞེས་བྱ་བ་ནི་ཨིའི་ཡི་གེས་སྦྲས་པ་སྟེ་གཉིས་
ལས་པིའི་ཡི་གེའོ། །ཕའི་ནགས་གཟུང་ཉམས་ཀུན་དེ་ཉིད། །ཅེས་བྱ་བ་ནི་ཕའི་ནགས་ནི་དུར་ཁྲོད་དེ་བླ་མའི་གདམས་ངག་གིས་རྣལ་འབྱོར་མ་རྣམས་ཀྱི་སྙིང་པོ་སྟེ་སེམས་ཅན་ཐམས་ཅད་ཀྱི་གནས་ལ་ཡོད་པར་གཟུང་བར་ཉམས་པར་འགྱུར་རོ། །ཤ་ཡི་ཡི་གེ་ཨི་དང་ལྡན། །ཞེས་བྱ་བ་ནི་
ཤའི་ཡི་གེ་ཨིའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཤིའི་ཡི་གེའོ། །སེང་གེ་ཟ་བ་ཡི་ནི་སྔགས། །ཞེས་བྱ་བ་ནི་སེང་གེས་ཟ་བའི་སྔགས་ཏེ་སྲོག་བྱང་ཆུབ་ཀྱི་སེམས་ཀྱི་ལྷན་ཅིག་ཏུ་རྣམ་པར་གཟུང་བར་བྱའོ་ཞེས་བྱ་བ་སྟེ་དེའི་དོན་ཏོ། །ཏའི་སྔགས་ཞེས་བྱ་བ་ནི་ཏིའི་ཡི་གེའི་སྔགས་སོ། །སླར་
ཡང་འཆི་མེད་སྐྱེ་ཞེས་བྱ་བ་ནི་སྲོག་གིས་ཟོས་པའི་སླར་ཡང་བདེ་བ་ཆེན་པོ་ཉིད་འཆི་བ་མེད་པ་ཉིད་ཀྱིས་བསྐྱེད་པའི་ལྷ་ཉིད་ཐོབ་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་སྐུ་ཞེས་བྱ་བར་དགོངས་སོ། །པ་མཐའ་ཨཱ་ཡི་ཡི་གེས་དགང་། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེའོ། །ཨཱའི་ཡི་
Vol. 20 · folio 66a
གེས་དགང་བའོ། །ཐིག་ལེས་ཅོད་པན་ལ་རེག་པའོ། །ཞེས་བྱ་བ་ནི་ཐིག་ལེས་ཅོད་པན་ལ་རེག་པའོ། །མདོར་ན་མཱཾ་གི་ཡི་གེའོ། །བརྒྱ་ལ་འཆི་བ་རྟོག་པ་ཡིན། །ཞེས་བྱ་བ་ནི་སེམས་ལ་ནམ་ཡང་འཆི་བ་མེད་པའམ་རིག་པ་སྣ་ཚོགས་པའི་སེམས་ཅན་ཀྱང་ངོ་། །དེ་
ལྟར་རྣམ་པར་རྟོག་པས་རྣམ་པར་བརྟགས་པས་སྐྱེ་བ་དང་འཆི་བ་ལ་སོགས་པར་འགྱུར་རོ། །ཅིའི་ཕྱིར་སྐྱེ་བ་མེད་དོ། །ཅིས་ན་འཆི་བས་མི་འཆི་བའོ། །འདི་ལྟར་འཆད་པར་འགྱུར་བས་སྒྱུ་མ་ལྟ་བུ་ལ་སོགས་པ་རྣམ་པར་དཔྱད་དེ། ལེའུ་དང་པོར་གསུངས་པ་ཡིས་ཀྱང་ངོ་། །ས་ཡིག་
དབྱངས་གཉིས་བརྗོད་ཕྱིར་བརྒྱན། །ཞེས་བྱ་བ་ནི་སའི་ཡི་གེ་ལ་དབྱངས་ཀྱི་གཉིས་པས་བརྗོད་པའི་དོན་དུ་བརྒྱན་པའོ། །མདོར་ན་སཱའི་ཡི་གེར་འགྱུར་རོ། །སྔོན་དུ་འཕྲོག་པར་བྱེད་པའོ། །ཞེས་བྱ་བ་ནི་ཐོག་མར་སྐྱེ་བ་ལ་སོགས་པར་སོ་སོར་འཕྲོག་པར་འགྱུར་རོ། །ཤ་གནས་ས་བོན་
དུར་ཁྲོད་དེ། །ཞེས་བྱ་བ་ནི་ཤའི་ཡི་གེར་གནས་པའི་ས་བོན་གྱི་དུར་ཁྲོད་དེ་གང་དུ་དབུགས་ཀྱི་འཁོར་ལོ་ཟད་ནས་འགྲོ་བའོ། །ཏ་མཐའི་ཡི་གེ་ཨི་དང་ལྡན། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནའི་ཡི་གེ་ལ་ཨིའི་ཡི་གེས་ལྡན་པ་སྟེ་མདོར་ན་ནིའི་ཡི་གེའོ། །ཐམས་ཅད་རང་བཞིན་
མེད་པའོ། །ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་རྣམ་པར་རྟོག་པར་རང་བཞིན་མེད་པའི་གཟུགས་སུ་ཤེས་པར་བྱའོ། །པ་སྡེའི་མཐའ་མ་ཨ་དབྱངས་ལྡན། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་མ་མའི་ཡི་གེ་སྟེ་ཨཱའི་དབྱངས་ཀྱིས་བཀང་བས་མདོར་ན་མའི་ཡི་
གེའོ། །སྡང་བའི་ཡིད་ནི་འཛིན་ཆེན་པོ། །ཞེས་བྱ་བ་ནི་སྡང་བའི་རྣམ་པར་འཛིན་པས་ཡིད་ཆེན་པོ་སྟེ་རང་གིས་རིག་པའི་རང་བཞིན་ལ་འཇོག་པའོ། །ན་ཡིག་ཨུ་ལྡན་ཞེས་བྱ་བ་ནི་ནའི་ཡི་གེ་ཨུའི་སྟན་ཅན་ཏེ་མདོར་ན་ནུའི་ཡི་གེའོ། །རྟོག་ཀུན་སེལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་
ཅད་བྱང་ཆུབ་དང་ཡེ་ཤེས་ཀྱང་ངོ་། །སེལ་བར་བྱེད་པའམ་སྲེག་པར་བྱེད་པ་པོའོ། །ཤ་སྡེའི་གཉིས་པའི་ས་བོན་ནི། །ཞེས་བྱ་བ་ནི་ཤའི་སྡེ་ཚན་གྱི་གཉིས་པའི་ས་བོན་ཥའི་ཡི་གེའོ། །ཨཱ་ཡིས་མགོར་རེག་ཅེས་བྱ་བ་ནི་ཨཱའི་ཡི་གེས་མགོ་ལ་རེག་པའོ། །ཐིག་ལེ་གནས་ཞེས་བྱ་བ་
Vol. 20 · folio 66b
ནི་དེ་ལ་དེ་ལྟར་མགོ་ལ་རྗེས་ཀྱི་དབྱངས་ཐིག་ལེ་གནས་པའོ། །སྒྲུབ་པ་ཞེས་བྱ་བ་ནི་འདི་བྱང་ཆུབ་སྒྲུབ་པའི་སྔགས་སོ། །གང་དུ་ན་ཐུར་དུ་སེལ་བའི་རླུང་དུའོ་ཞེས་བྱ་བ་སྟེ་ཐུར་སེལ་གྱི་རླུང་ངོ་། །དེ་ལྟར་མདོར་ན་ཥཱཾ་གི་ཡི་གེའོ། །ཏ་དང་ར་ཡི་ཡི་གེ་གཉིས། །ཞེས་བྱ་བ་ནི་ཏའི་ཡི་གེ་རའི་ཡི་གེའི་
སྟན་ཅན་ཏེ་གཉིས་ཀྱི་ཡི་གེ་གཅིག་སྟེ་མདོར་ན་ཏྲའི་ཡི་གེའོ། །ས་ནི་འཇིགས་པར་བྱེད་སྔགས་སོ། །ཞེས་བྱ་བ་ནི་ཁམས་གསུམ་གྱི་སྡང་བའི་མ་མོ་རྣམས་འཇིགས་པར་བྱེད་པའི་ཡི་གེའོ། །པ་ར་ཨཱ་ཡིག་ས་བོན་གཅིག །ཅེས་བྱ་བ་ནི་པའི་ཡི་གེ་དང་རའི་ཡི་གེ་གཅིག་པའི་ས་བོན་ཏེ། །ཨའི་
ཡི་གེ་དང་ཡང་ལྷན་ཅིག་སྟེ་མདོར་ན་པྲ་ཡི་ཡི་གེའོ། །སུམ་ཅུ་རྩ་གསུམ་སྐྱོ་དུབ་འཇོམས། །ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་དུ་སྐྱོ་བ་དང་དུབ་པ་རྣམ་པར་འཇོམས་པའོ། །ཡ་སྡེའི་མཐའ་ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །རྀ་དང་ལྡན་ཞེས་བྱ་བ་ནི་རྀའི་ཡི་གེ་དབྱངས་
མནན་པ་སྟེ་མདོར་ན་བྲྀའི་ཡི་གེའོ། །ཡེ་ཤེས་ཀྱི་ནི་དག་བྱེད་དོ། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དག་བྱེད་དེ་བྱ་བ་ཐམས་ཅད་ཀྱི་ཐམས་ཅད་དུའོ། །ཎ་ཡི་འགྲམ་གནས་ས་བོན་ནི། །ཞེས་བྱ་བ་ནི་ཏའི་ཡི་གེའོ། །ཨེ་ཡི་ཡི་གེས་རྣར་བརྒྱན་པ། །ཞེས་བྱ་བ་ནི་ཨེའི་ཡི་གེས་རྣ་བ་ལ་བརྒྱན་པ་
སྟེ་གཉིས་ཀྱིས་ཏེའི་ཡི་གེའོ། །རྣལ་འབྱོར་པ་ཡི་མི་ཤེས་འཇོམས། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིས་མི་ཤེས་པ་འཇོམས་པ་སྟེ་རྣལ་འབྱོར་གྱི་ཡེ་ཤེས་བསྐྱེད་པས་སོ། །སཱ་ཡིག་ཨཱ་ཡི་ཡི་གེས་དགང་། །ཞེས་བྱ་བ་ནི་སཱའི་ཡི་གེ་ཨཱའི་ཡི་གེས་དགང་བ་སྟེ་མདོར་ན་སཱའི་
ཡི་གེའོ། །དབུགས་འཆད་པ་ནི་ཉམས་པར་བྱེད། །ཅེས་བྱ་བ་ནི་དངོས་པོ་རྣམས་ཀྱི་དབུགས་འཆད་པ་འཇོམས་པར་བྱེད་པའོ། །ན་སྔགས་དབྱངས་གསུམ་མགོ་ལ་བརྒྱན། །ཞེས་བྱ་བ་ནི་ནའི་ཡི་གེ་སྔགས་ལ་ཨཱའི་ཡི་གེས་བརྒྱན་པའོ། །ཆོས་དང་ཆོས་མིན་སྤོང་རང་བཞིན། །
ཞེས་བྱ་བ་ནི་ཆོས་དང་ཆོས་མ་ཡིན་པ་བཟློག་པའི་རང་བཞིན་ནོ། །མདོར་ན་ནཱིའི་ཡི་གེར་འགྱུར་རོ། །དྷ་ཡིག་ཡ་དང་སྦྱར་བ་སྟེ། །ཞེས་བྱ་བ་ནི་དྷའི་ཡི་གེ་དང་ཡའི་ཡི་གེས་སྦྱར་བ་དྷྱའི་ཡི་གེའོ། །བསམ་གཏན་སྔགས་ཀྱི་རང་བཞིན་ནོ། །ཞེས་བྱ་བ་ནི་བསམ་གཏན་གྱི་སྔགས་ཀྱི་རང་
Vol. 20 · folio 67a
བཞིན་ཏེ་རབ་ཏུ་དབབ་པ་ཞེས་བྱ་བའི་དོན་ཏོ། །ཏ་སྡེའི་མཐའ་མ་གཟུང་བྱ་སྟེ། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནའི་ཡི་གེ་གཟུང་བའོ། །གྲོང་ཁྱེར་ལྟར་སྣང་དངོས་པོ་མེད། །ཅེས་བྱ་བ་ནི་ཇི་ལྟར་དྲི་ཟའི་གྲོང་ཁྱེར་ཡོད་པ་ཉིད་ན་མེད་པའོ། །དེ་བཞིན་དུ་ཆོས་འདི་
ཐམས་ཅད་དངོས་པོ་མེད་པ་དེའི་དངོས་པོའོ་ཞེས་བྱ་བའོ། །ཡ་སྡེའི་གཉིས་པའི་ས་བོན་ནི། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་གཉིས་པའི་ས་བོན་རའི་ཡི་གེའོ། །གཏི་མུག་རང་བཞིན་འབར་བའོ། །ཞེས་བྱ་བ་ནི་གཏི་མུག་གི་རང་བཞིན་འབར་བའོ། །ས་ཡིག་ཨི་ཡི་ཡི་གེས་དབྱེ། །ཞེས་
བྱ་བ་ནི་སའི་ཡི་གེ་ཨིའི་ཡི་གེས་ཕྱེ་བས་མདོར་ན་སིའི་ཡི་གེའོ། །སེང་གེ་མ་ཧེ་འཇོམས་པའོ། །ཞེས་བྱ་བ་ནི་སེང་གེ་རྣམས་དང་མ་ཧེ་རྣམས་ཀྱི་ལུས་འཇོམས་ཤིང་འཆི་བྱེད་ཀྱི་གཟུགས་ཉིད་པས་སྡང་བའི་སེམས་ཅན་དེ་རྣམས་ཀྱི་ང་རྒྱལ་འཇོམས་པ་ཞེས་བྱ་བའི་དོན་ཏོ། །ཉི་མར་
ཡང་ནི་གནས་པ་ནི། །ཞེས་བྱ་བ་ནི་ཉི་མ་ནི་རའི་ཡི་གེ་སྟེ་ཡོངས་སུ་གནས་པའོ། །རྣལ་འབྱོར་མ་ཀུན་རྒྱལ་པོའོ། །ཞེས་བྱ་བ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རྒྱལ་སྲིད་ལ་རྒྱལ་ཞིང་འབར་བས་ན་རྒྱལ་པོའོ། །པ་སྡེ་མཐའ་མ་ཨཱ་དབྱངས་བརྒྱན། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་མཐའ་
མ་མའི་ཡི་གེ་ལ་ཨཱའི་ཡི་གེས་བརྒྱན་པ་སྟེ་གཉིས་ལས་ཡང་མཱའི་ཡི་གེའོ། །སྒྱུ་མར་སེམས་ཅན་ཀུན་ངེས་འཛིན། །ཞེས་བྱ་བ་ནི་སྒྱུ་མར་སེམས་ཅན་ཐམས་ཅད་ངེས་པར་འཛིན་པ་སྟེ་དེ་རྣམས་ཀྱི་བདག་ཉིད་དང་བྲལ་བ་ཉིད་ཀྱིས་གཏི་མུག་ལ་སོགས་པ་ཡང་ངོ་། །འཛིན་པའི་
ས་བོན་ཞེས་བྱ་བ་ནི་སའི་ས་བོན་ལའི་ཡི་གེའོ། །ཨཱ་ཡིག་བརྒྱན་ཞེས་བྱ་བ་ནི་ཨཱའི་ཡི་གེའི་སྟེང་དུ་བརྒྱན་པ་སྟེ་མདོར་ན་ལཱའི་ཡི་གེར་འགྱུར་རོ། །དེ་ཁོ་ན་ཡི་ཡེ་ཤེས་འཐོབ། །ཅེས་བྱ་བ་ནི་རྣལ་འབྱོར་པས་ཐོབ་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཤེས་པར་བྱ་བའོ། །དེ་ལྟར་རྐང་པ་བཅུ་
བཞི་པོ། །ཞེས་བྱ་བ་ནི་དེ་ལྟར་རྐང་པ་བཅུ་བཞི་ནི། འདི་ལྟ་སྟེ། ཁ་ཊྭཱཾ་ག །ཀ་པཱ་ལ། དྷཱ་རི་ཎི། མ་ཧཱ་མ་ཧཱ། པི་ཤིཏཱ། མཱཾ་ས། ཨ་ཤ་ནི། མཱ་ནུ་ཥཱནྟྲ་པྲཱ་བྲྀཏྟེ། སནྣི་དྟྱཾ། ན་ར་སཱི་ར། མཱ་ལཱ་ཞེས་བྱ་བའོ། །སེམས་ཅན་ཀུན་གྱིས་མི་ཤེས་གསོད། །ཅེས་བྱ་བ་ནི་རྐང་པ་འདི་
Vol. 20 · folio 67b
རྣམས་ཀྱིས་གསོད་པ་སྟེ་སེམས་ཅན་རྣམས་ཀྱིས་མི་ཤེས་པ་ཞེས་བྱ་བར་དགོངས་སོ། །འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པས་འཁོར་ལོ་ཡོངས་སུ་རྫོགས་པའི་རྡོ་རྗེ་ཕག་མོ་སྡུད་པར་མཛད་པ་མོའི་ཚིག་སྟེ་ལྷག་མ་རྟོགས་པར་སླའོ། །འདི་ནི་འཁྲུལ་འཁོར་གྱི་ཡི་གེ་འཁོར་ལོ་ལྔ་པའོ། །
ད་ནི་ཕྱི་རོལ་དུ་འཁྲུལ་འཁོར་གྱི་འཁོར་ལོ་དྲུག་པ་ཡང་གསུངས་པ། ཀ་ཡི་སྡེ་ཡི་དབུས་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཀ་སྡེའི་དབུས་གནས་ར་སྟན་ཅན། །ཞེས་བྱ་བ་ནི་ཀའི་སྡེ་ཚན་གྱི་དབུས་མ་གའི་ཡི་གེའོ། །རའི་ཡི་གེ་སྟན་ཅན་ཏེ་གཉིས་ལ་གྲའི་ཡི་གེའོ། །གསུམ་དེའི་མགོ་
ལ་ཐིག་ལེ་སྦྱིན། །ཞེས་བྱ་བ་ནི་དེ་བཞིན་དུ་གསུམ་པ་དེའི་མགོ་ལ་ཐིག་ལེ་སྦྱིན་པར་བྱའོ། །ཐེག་པ་མཆོག་གི་ཆོས་ཅན་ནོ། །ཞེས་བྱ་བ་ནི་ཐེག་པ་མཆོག་སྟེ་ལྷག་མ་མ་ལུས་པར་འགྲོ་བའི་ཆོས་ཏེ་དེ་དེ་ལྟར་ཡང་ས་དང་པོ་ཞེས་བྱ་བ་ལ་ཉེ་བར་སྤྱད་པ་བཅུ་གཉིས་སོ། །ཏ་སྡེའི་
གཉིས་པའི་ཡི་གེ་ནི། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་གཉིས་པའི་ཡི་གེ་ཐའི་ཡི་གེའོ། །ཨ་ཡི་དབྱངས་དང་ལྡན་པའོ། །ཞེས་བྱ་བ་ནི་ཨིའི་ཡི་གེའི་དབྱངས་དང་ལྡན་པ་སྟེ་གཉིས་ལས་ཐིའི་ཡི་གེའོ། །མུ་སྟེགས་རྣལ་འབྱོར་ཉམས་པའོ། །ཞེས་བྱ་བ་ནི་གནས་པ་གང་ཞིག་
མུ་སྟེགས་ལ་སོགས་པ་སྡང་བའི་རྣལ་འབྱོར་གྱི་རྣལ་འབྱོར་དེ་བཞིན་གྱི་དགོངས་པ་མི་བྱེད་པའི་ཕྱིར་ཉམས་པ་སྟེ་སྔགས་ཀྱི་ཡི་གེ་འཁྱོག་པོའོ། །ཏའི་ཡི་གེ་རྟོགས་པར་བྱེད་པའོ་ཞེས་བྱ་བ་ནི། ཏའི་ཡི་གེ་རྟོགས་པར་བྱེད་དེ་མུ་སྟེགས་ལ་སོགས་པའི་རྣལ་འབྱོར་ཉམས་པར་བྱ་བའི་
ཕྱིར་རྟོགས་པའི་རྣལ་འབྱོར་ལ་རབ་ཏུ་གནས་པ་དང་འབོད་པ་ཞེས་བྱ་བར་དགོངས་སོ། །ཏ་སྡེའི་བཞིར་གནས་ཨཱ་དང་ལྡན། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་བཞི་པར་གནས་པ་དྷའི་ཡི་གེ་སྟེ་ཨའི་ཡི་གེས་བཀང་བས་གཉིས་ལས་དྷའི་ཡི་གེའོ། །བྱང་ཆུབ་མཐའ་མེད་འཛིན་པ་
པོ། །ཞེས་བྱ་བ་ནི་མཐའ་མེད་པའི་བྱང་ཆུབ་ཀྱི་ལམ་འཛིན་པ་སྔགས་འདིའོ། །ར་གནས་པ་ལ་དབྱངས་གསུམ་བརྒྱན། །ཞེས་བྱ་བ་ནི་རའི་ཡི་གེ་གནས་པ་ལ་གསུམ་པའི་ཡི་གེ་ཨིས་བརྒྱན་པ་སྟེ་མདོར་ན་རིའི་ཡི་གེའོ། །རྣལ་འབྱོར་མ་ཀུན་འཆར་བ་པོ། །ཞེས་བྱ་བ་
Vol. 20 · folio 68a
ནི་རྩ་ཐམས་ཅད་ཤར་བ་དང་རྣལ་འབྱོར་མའི་ཐུགས་ཀར་ཏེ་ཡེ་ཤེས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་ཞེས་བྱ་བའི་དོན་ཏོ། །ཎ་སྔགས་ཨི་ཡིག་གིས་བརྒྱན་པའོ། །ཞེས་བྱ་བ་ནི་ཎའི་ཡི་གེའི་སྔགས་ཨིའི་ཡི་གེས་བརྒྱན་པ་སྟེ་གཉིས་ཀྱིས་ཎིའི་ཡི་གེའོ། །རྣལ་འབྱོར་
མ་རྣམས་ཀྱི་ནི་ལམ། །ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་ལམ་སྟེ། ཨོ་ཌྱན་ལ་སོགས་པའི་ལམ་དུ་འཛག་པས་སེམས་ཅན་གྱི་དོན་བྱེད་པ་ཞེས་བྱ་བའོ། །སུམྦྷ་ནི་ཡི་ཚིག་རྐང་སྟེ། །སུམྦྷའི་ཡི་གེ་གསུམ་སྔགས་ཀྱི་ཚིག་གོ། །ལན་གཉིས་སུ་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་དེ་
ལྟར་སྔགས་ཀྱི་ཚིག་ལན་གཉིས་སུ་བརྗོད་པར་བྱ་སྟེ་སུམྦྷ་ནི་སུམྦྷ་ཞེས་བྱ་བའོ། །ཚིག་དྲུག་རྟོགས་པའི་དེ་ཉིད་དོ། །ཞེས་བྱ་བ་ནི་ཚིག་དྲུག་རྟོགས་པའི་དེ་ཁོ་ན་ཉིད་དེ་ཡི་གེའི་དོན་དང་། ཡན་ལག་མ་ལུས་པ་དང་། སྙིང་པོ་དང་། དྲང་བའི་དང་། སྒྲ་ཇི་ལྟ་བ་དང་། སྒྲ་ཇི་ལྟ་བ་མ་ཡིན་
པ་དང་། ཚིག་དྲུག་གི་རྟོགས་པས་སེམས་ཅན་རྣམས་ལ་འཆད་པ་དང་དེ་ཁོ་ན་ཉིད་ཤེས་པའི་ཕྱིར་ཞེས་བྱ་བར་གོ་བར་བྱའོ། །དེ་བཞིན་དུ་ནི་སུམྦྷའི་སྔགས། །རྣལ་འབྱོར་མ་ཡི་མཆོད་རང་བཞིན། །ཞེས་བྱ་བ་ནི་དེ་བཞིན་དུ་སུམྦྷའི་སྔགས་ནི་རྣལ་འབྱོར་མ་རྣམས་ཀྱི་མཆོད་པའི་རང་
བཞིན་ཏེ་འཁྱུད་པ་དང་འོ་བྱ་བ་ལ་སོགས་པས་མི་འཕོ་བའི་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་འབབ་པའོ། །ཧ་ནའི་སྔགས་ནི་ལན་གཉིས་བརྗོད། །ཅེས་བྱ་བ་ནི་ཧ་ནའི་སྔགས་ཀྱི་ཡི་གེ་གཉིས་བཀླགས་པས་བཀླག་པར་བྱ་སྟེ་ཧ་ན་ཧ་ན་ཞེས་བྱ་བའོ། །སྡང་བའི་ཐེག་པ་ཉམས་པར་བྱེད། །ཅེས་
བྱ་བ་ནི་སྡང་བ་ཐམས་ཅད་ཀྱི་དམན་པའི་ཡེ་ཤེས་ཏེ་ཀུན་དུ་རྟོག་པ་ངེས་པར་འཇོམས་པ་ཞེས་བྱ་བའོ། །པ་ར་ཨཱ་ཡི་ཡི་གེ་གཅིག །ཅེས་བྱ་བ་ནི་པའི་ཡི་གེ་དང་རའི་ཡི་གེ་དང་ཨཱའི་ཡི་གེ་གཅིག་པའི་ཡི་གེ་སྟེ། དེ་དག་གིས་པྲཱའི་ཡི་གེའོ། །དབང་པོ་རང་རང་ངོ་བོ་གཞན། །ཞེས་བྱ་བ་
ནི་མིག་ལ་སོགས་པའི་དབང་པོ་རང་རང་གི་རང་བཞིན་གཞན་ཏེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ་ཡེ་ཤེས་ཀྱི་དབང་པོ་རྣམས་དང་མངོན་པར་ཤེས་པ་དྲུག་ཉིད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཎ་ཨཱ་ཨཾ་གིས་དགང་བའོ། །ཞེས་བྱ་བ་ནི་ཎའི་ཡི་གེ་དང་ཨཱའི་ཡི་གེ་དང་ཨཾ་གི་ཡི་གེ་སྟེ་མདོར་
Vol. 20 · folio 68b
ན་ཎཾ་གི་ཡི་གེ་སྟེ་སླར་ཡང་སྦྱིན་པར་བྱའོ། །ས་བོན་འདི་ནི་ཡོན་ཏན་སྔགས། །ཞེས་བྱ་བ་ནི་དེ་ལྟར་ས་བོན་གྱི་ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པའི་སྔགས་ཏེ་སྣང་བ་གསུམ་གྱི་རང་བཞིན་དུ་ངེས་པའོ། །ས་ཡིག་ནི་སའི་ཡི་གེའོ། །རྩ་ཀུན་འཛག་པའོ་ཞེས་བྱ་བ་ནི་རྩ་ཐམས་ཅད་
ནས་འཛག་པ་སྟེ་དབང་པོ་སྣ་ཚོགས་པའི་མིང་དང་ལྟ་བ་ལ་སོགས་པ་བདེ་བ་སྐྱེད་པ་སྟེ། དེ་ཉིད་དེ་ལྟར་སེམས་བདེ་བ་དེ་འཛག་པས་ཀུན་རྫོབ་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །བ་ཡིག་ར་ཡི་ཡི་གེས་བརྒྱན། །རི་ཞེས་བྱ་བ་ནི་བའི་ཡི་གེ་ལ་རའི་ཡི་གེས་བརྒྱན་པ་སྟེ་གཉིས་ལས་རྦའི་ཡི་
གེའོ། །རི་ཡི་སྔགས་ནི་རི་རི་རབ། །ཅེས་བྱ་བ་ནི་ཐམས་ཅད་ཀྱི་རྟེན་གྱི་གཟུགས་ཏེ་དངོས་གྲུབ་རྣམས་ཀྱི་ཡང་ངོ་། །ཇི་ལྟར་རི་རབ་དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་སྟེ། དེ་བཞིན་དུ་སྔགས་ཀྱི་ཡི་གེ་འདི་དངོས་གྲུབ་ཆེན་པོ་ལ་སོགས་པ་དེ་བཞིན་གཤེགས་པའི་དངོས་གྲུབ་
པའོ། །པ་གནས་ཞེས་བྱ་བ་ནི་པའི་ཡི་གེ་བདག་ཉིད་གནས་པ་སྟེ་ནམ་མཁའ་ལ་འཇུག་པ་ཞེས་བྱ་བ་ནི་ནམ་མཁའ་ལ་འགྲོ་བས་འཇུག་པ་ན་ཆོས་ཀྱི་དབྱིངས་འོད་གསལ་བ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བའོ། །ས་ཡི་ཡིད་གནས་ཀུན་གྱི་གཟུགས། །ཞེས་བྱ་བ་ནི་
སའི་ཡི་གེ་གནས་པ་སྟེ་དེ་ཡང་གཟུགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཐམས་ཅད་དོ། །དེ་ལྟར་ཁམས་གསུམ་གྱི་ཁང་པའི་གཟུགས་ཀྱི་ཡི་གེ་རྣལ་འབྱོར་མ་ཡེ་ཤེས་ཞེས་བྱ་བའོ། །ཡ་སྡེའི་མཐའ་མ་ཨཱ་ཡིས་དགང་། །ཞེས་བྱ་བ་ནི་ཡའི་སྡེ་ཚན་གྱི་མཐའ་མ་ཝའི་ཡི་གེའོ། །ཨཱའི་
ཡི་གེས་དགང་བ་སྟེ་གཉིས་ལས་ཝཱའི་ཡི་གེའོ། །རླུང་ནི་སྲོག་གི་ཡེ་ཤེས་སོ། །ཞེས་བྱ་བ་ནི་སྲོག་གི་རླུང་ཨ་ཝ་དྷཱུ་ཏཱིར་ཞུགས་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་རྟོགས་པའོ། །ན་ཡིག་ཨཱ་ཡི་ཡི་གེས་དགང་། །ཞེས་བྱ་བ་ནི་ནའི་ཡི་གེའི་སྔགས་ཨཱའི་ཡི་གེས་དགང་བར་བྱའོ། །
བྱང་ཆུབ་གང་དུ་འང་མི་རྟོག་པའོ། །ཞེས་བྱ་བ་ནི་བྱང་ཆུབ་ལ་རྟོགས་པར་མི་བྱེད་དོ། །དེ་ནམ་ཡང་མི་བྱེད་དོ། །ཐིག་ལེའི་མགོ་ལ་བལྟ་བར་བྱ། །ཞེས་བྱ་བ་ནི་ཐིག་ལེ་སྟོང་པ་མགོ་ལ་བལྟའོ། །མདོར་ན་ནཱཾ་གི་ཡི་གེར་འགྱུར་རོ། །པའི་མཐའ་མའི་ས་བོན་ནི་པའི་སྡེ་ཚན་གྱི་
Vol. 20 · folio 69a
མཐའ་མའི་ས་བོན་མའི་ཡི་གེའོ། །སྦྲང་རྩི་ཆེན་པོའི་གཟུགས་ཞེས་བྱ་བ་ནི་སྦྲང་རྩི་ཆེན་པོ་སྟེ་འཇོམས་བྱེད་ཆེན་པོའི་གཟུགས་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ལྟ་བ་ཐམས་ཅད་རྣམ་པར་འཇོམས་པ་པོ་མི་ཤེས་པ་དོན་མེད་པར་བྱེད་པ་པོའོ། །ས་མཐའ་ནི་ཧའི་ཡི་
གེའོ། །ཨ་ཡིས་དགང་བར་བྱ་ཞེས་བྱ་བ་ནི་ཨཱའི་ཡི་གེས་བཀང་བ་སྟེ། གཉིས་ལས་ཧཱའི་ཡི་གེའོ། །རྣལ་འབྱོར་མ་ཡི་ཚོགས་ནི་སྲོག །ཅེས་བྱ་བ་ནི་རྣལ་འབྱོར་མའི་ཚོགས་ཏེ་རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བབས་པས་སྲོག་ཅེས་བྱ་བ་སྟེ་འཛིན་པ་པོའོ། །པ་མཐའ་ནི་
མའི་ཡི་གེའོ། །ཨཱ་དང་ལྡན་ཞེས་བྱ་བ་ནི་ཨཱ་དང་ལྷན་ཅིག་པ་སྟེ། དེ་བཞིན་དུ་ཨཾ་གི་ཡི་གེས་ཅོད་པན་ལ་བརྒྱན་པ་སྟེ། ཅོད་པན་ལ་སྤྲས་ཏེ་མདོར་ན་མཱཾ་གི་ཡི་གེའོ། །ཆོས་ཀུན་གྱི་ནི་སྤྲིན་རང་བཞིན། །ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྤྲིན་གྱི་རང་བཞིན་ཏེ་སྐྱེ་བ་དང་འཇིག་པ་ཞེས་བྱ་
བའི་དོན་ཏོ། །ས་ཡིག་ཅེས་བྱ་བ་ནི་སའི་ཡི་གེའོ། །དམ་ཆོས་ནི་དམ་པའི་ཆོས་ཀྱིས་མི་ཤེས་པ་གསོད་པ་སྟེ་མི་ཤེས་པ་ལ་གནོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཙྪེ་སྔགས་ཞེས་བྱ་བ་ནི་ཙྪེའི་ཡི་གེའི་སྔགས་སོ། །བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རང་
གི་བག་ཆགས་ཀྱི་སྒྲིབ་པ་ཐམས་ཅད་གཅོད་པ་པོ་ཞེས་བྱ་བའོ། །སོང་བ་འཁོར་བར་སྐྱེ་བ་མེད། །ཅེས་བྱ་བ་ནི་སོང་བ་དེ་སླར་ཡང་འཁོར་བར་སྐྱེ་སྟེ་འཁོར་བ་པོ་ཉིད་ཀྱང་མེད་ཅེས་བྱ་བའོ། །ཏ་སྡེའི་དབུས་གནས་ས་བོན་ནི། །ཞེས་བྱ་བ་ནི་ཏའི་སྡེ་ཚན་གྱི་དབུས་མ་ནི་དའི་ཡི་གེའི་ས་བོན་
ནོ། །ད་ཡིག་དོན་མེད་པ་སྣང་བའོ། །ཞེས་བྱ་བ་ནི་དོན་གྱི་དངོས་པོ་དོན་མེད་པ་སྟེ། གཏི་མུག་པ་ཉིད་ཀྱིས་ཞེས་བྱ་བའོ། །ན་ལ་ཨི་དང་ལྡན་པ་སྟེ། །ཞེས་བྱ་བ་ནི་ནའི་ཡི་གེ་ལ་ཨིའི་ཡི་གེས་ཡོངས་སུ་སྦྱར་བ་སྟེ་གཉིས་ལས་ནིའི་ཡི་གེའོ། །འཇིག་རྟེན་མ་ལུས་འཆི་བ་ཉིད། །
ཅེས་བྱ་བ་ནི་ལྷག་མ་མ་ལུས་པའི་འཇིག་རྟེན་པ་རྣམས་འཆི་བ་ཉིད་དོ། །ཀྲོ་སྔགས་ཞེས་བྱ་བ་ནི་ཀྲོའི་ཡི་གེའི་སྔགས་སོ། །གནོན་པས་འཁོར་བ་གཅོད་ཅེས་བྱ་བ་ནི་ཤིན་ཏུ་གདུལ་དཀའ་བའི་འཁོར་བ་རྣམ་པར་གཅོད་པའམ་དེ་བཞིན་དུ་ཁྲོ་བའིའོ། །དྷའི་ས་བོན་ཞེས་
Vol. 20 · folio 69b
བྱ་བ་ནི་དྷའི་ཡི་གེའི་ས་བོན་ནོ། །འགྲོ་ཀུན་རྒྱུན་འཇོམས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པ་འཇིག་པར་བྱེད་པའོ། །སྤྲོས་པ་མེད་པར་བྱེད་པའོ། །ཞེས་བྱ་བ་ནི་སྤྲོས་པ་མེད་པའི་རང་བཞིན་དུ་བྱེད་པའོ། །སྣུའི་ས་བོན་ཞེས་བྱ་བ་ནི་མཱུའི་ཡི་གེའི་ས་བོན་ཏེ། རྨོངས་པའི་འཇིག་
རྟེན་ཀུན་གྱི་ལས། །ཞེས་བྱ་བ་ནི་རྨོངས་པའི་འཇིག་རྟེན་གྱི་ལས་ཐམས་ཅད་དོ། །དམྱལ་བ་ལ་སོགས་པའི་འགྲོ་བ་དྲུག་དེས་དེ་ལྟར་སྤོང་བ་དེ་གང་བཤད་པའི་ཡི་གེའི་དོན་གྱིས་སོ། །དེ་ལྟར་ཕྱེད་བཅས་ཚིག་བཅུ་བཞི། །རྩ་ཡི་འཁོར་ལོའི་མཐའོ་ཞེས་བྱ་བ་ནི་དེ་ལྟར་ཕྱེད་དང་
བཅས་པའི་སྔགས་ཚིག་བཅུ་བཞིའི་སྔགས་ཀྱི་འཁོར་ལོ་སྟེ་ཡི་གེའི་འཁོར་ལོའོ། །དེས་དེ་བཞིན་དུ་རྩ་བསྐྱེད་པ་སྟེ་ཚིག་བཤད་པ། གྲཾ་ཐི་ཏ། དྷཱ་རི་ཎི། སུམྦྷ་ནི་སུམྦྷ། ཧ་ན་ཧ་ན། པྲཱ་ཎཱཾ། སརྦ་པ་ཤཱ་ཝཱ་ནཾ། མ་ཧཱ་མཱཾ་ས། ཙྪེད་ནི། ཀྲོ་དྷ། མཱུ་ཞེས་བྱ་བའོ། །བུམ་པ་
ཅན་ལ་སོགས་པའི་ལས། །རྣལ་འབྱོར་གང་དང་གང་འདོད་བྱེད། །ཅེས་བྱ་བ་ནི། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་འདོད་པས་ལས་གང་དང་གང་གིས་ཏེ་བུམ་པ་ཅན་ལ་སོགས་པའི་ལས་ཀྱིས་སོ། །ཞི་བ་ལ་སོགས་པས་བྱའོ་ཞེས་བྱ་བར་དགོངས་སོ། །འདི་གསུངས་སོ་ཞེས་
བྱ་བ་ལ་སོགས་པ་ནི་སྦྱོར་བ་ནི་ཏིང་ངེ་འཛིན་གྱིས་སོ། །རྐང་པའི་བར་དུ་སེམས་ཀྱིས་སྲོག་གི་རླུང་ནོར་བུའི་སྐུད་པ་ལྟ་བུ་བསམ་པར་བྱའོ། །དེའི་དངོས་གྲུབ་བདག་ཉིད་ཀྱིས་ཚིག་གི་གཞན་གྱི་གོ་འཕང་ངོ་། །སྦྱོར་བ་གྲུབ་ཅེས་བྱ་བ་ནི་དེའི་ཚེ་རྣལ་འབྱོར་གྱི་ནུས་པའི་དུས་སུ་འགྲུབ་པ་སྟེ།
ཡི་གེའི་འཁྲུལ་འཁོར་གྱི་འཁོར་ལོ་ལ་ཞི་བའི་ལས་ལ་སོགས་པ་འདོད་པའི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཐབས་ཀྱི་འཁོར་ལོ་དྲུག་པོ་དེའི་རིམ་པས་རབ་ཏུ་སྦྱོར་བར་གསུངས་པ་སྟེ་འདི་ནི་རྡོ་རྗེ་ཕག་མོའི་ཚིག་གོ། །ཚིག་དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་
པ། གཙུག་ཏོར་ཞེས་བྱ་བ་ལ་སོགས་པ་སྟེ། གཙུག་ཏོར་ནི་ནམ་མཁའོ། །ལུས་ནི་ལྟེ་བའོ། །ངག་ནི་མགྲིན་པའོ། །སེམས་ནི་སྙིང་གའོ། །ཤེས་ཞེས་བྱ་བ་ནི་ལྷན་སྐྱེས་སོ། །སྐྱེ་གནས་ནི་ཡེ་ཤེས་ཀྱི་འཁོར་ལོ་སྟེ། དེ་ལྟར་ལུགས་དང་མཐུན་པ་དང་ལུགས་དང་མི་
Vol. 20 · folio 70a
མཐུན་པས་རེ་རེའི་མཐར་ཤེས་པར་བྱའོ། །དེ་ཉིད་བྱང་ཆུབ་རྣམས་ཀྱིས་ཞེས་བྱ་བ་ནི་གཡོན་པ་དང་གཡས་པའི་དཀྱིལ་འཁོར་འབབ་པ་ལས་རྟོགས་པར་བྱ་ཞིང་ཤེས་པར་བྱ་བའོ། །འདི་ནི་ཐབས་ཀྱི་ཆ་དང་ནི། །ཞེས་བྱ་བ་ནི་བཤད་པའི་འཁོར་ལོ་དྲུག་ཐབས་ཀྱི་
རང་བཞིན་ཏེ་སྔོན་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །ད་ནི་ཤེས་རབ་ཀྱི་ཆ་འཁྲུལ་འཁོར་གསུངས་པ། ཤེས་རབ་ཀྱི་ཆ་ཞེས་བྱ་བ་ལ་སོགས་པ་སྟེ། ཡང་ན་འཁོར་ལོ་འདི་རྣམས་ཡི་གེ་རེ་རེའི་མཐར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱང་ངོ་། །སླར་ཡང་དགོས་པའི་ཕྱིར་ཞེས་བྱ་བ་ནི་སླར་
ཡང་འཁོར་ལོ་དྲུག་པའི་ཕྱི་རོལ་དུ་སྔགས་ཀྱི་འཁོར་ལོ་བདུན་པ་གསུངས་པ། རྟྟི་སྔགས་ཞེས་བྱ་བ་ལ་སོགས་པ་སྟེ། རྟྟིའི་ཡི་གེ་ལྷན་ཅིག་སྐྱེས་པའི་གཟུགས་ཀྱི་སྔགས་སོ། །དེས་ལྷན་ཅིག་སྐྱེས་པའི་རང་བཞིན་ནོ། །འཁོར་ལོ་ཡི་ནི་ཁྱད་པར་གྱིས། །ཉེ་བའི་ལས་རྣམས་བྱེད་
པའོ། །ཞེས་བྱ་བ་ནི་འཆད་པར་འགྱུར་བའི་འཁྲུལ་འཁོར་གྱི་འཁོར་ལོ་ཐམས་ཅད་དང་ཉེ་བའི་ལས་ཀྱི་ཁྱད་པར་རྣམས་གང་བྱེད་པ་པོར་ཡོངས་སུ་འབྲེལ་བའི་ཕྱིར་རོ། །དཾཥྚྲཱ་ཀ་རཱ་ལི་ཡི་སྔགས། །ཞེས་བྱ་བ་ནི། དཾཥྚྲཱ་ཀ་རཱ་ལིའི་སྔགས་ཀྱི་ཚིག་སྐྱེ་བོ་རྣམས་ཀྱིས། ལས་ཀྱི་རང་བཞིན་ཞེས་
བྱ་བ་ནི་ལས་ཀྱི་རང་བཞིན་དུ་མི་འགྱུར་བས་ཏེ། རྣམ་པར་རྟོག་པ་ཟ་བས་སོ། །མ་སྔགས་ཧཱ་སྔགས་མུ་དྲེའི་སྔགས། །ཞེས་བྱ་བ་ནི་མའི་ཡི་གེའི་སྔགས་དང་། ཧཱའི་ཡི་གེའི་སྔགས་དང་མུ་དྲེའི་སྔགས་སོ། །རྣ་བ་ཡི་ནི་རང་བཞིན་ནོ། །ཞེས་བྱ་བ་ནི་རྣ་བའི་རང་བཞིན་ཏེ་ཉན་པ་དང་བསམ་
པ་དང་བསྒོམ་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཤྲཱི་ཧེ་རུ་ཀ་དེ་ཝ་སྱཱ་གྲ་མ་ཧི་ཥིའི་སྔགས་ཚིག་ཅེས་བྱ་བ་ནི། ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥིའི་སྔགས་ཀྱི་ཚིག་གིས་སྣའི་རང་བཞིན་ནོ། །ཞེས་བྱ་བ་ནི་སྟེ་སྣའི་རང་བཞིན་ལྷ་རྫས་ཀྱི་ཡེ་ཤེས་དང་དྲིའོ། །ས་ཧ་སྲ་ཤི་རེའི་སྔགས་
ཞེས་བྱ་བ་ནི་ས་ཧ་སྲ་ཤི་རེའི་སྔགས་ཀྱི་ཚིག་གོ། །དབྱངས་ཀྱི་བདག་པོ་ཡི་ནི་གཟུགས། །ཞེས་བྱ་བ་ནི་རོ་རྣམས་ཀྱིས་དང་སྒྲའི་བདག་པོའོ། །ལྷ་རྫས་ཀྱི་ཚིག་གི་གཟུགས་དང་སྐད་སྣ་ཚོགས་ཤེས་པ་རྣམས་ཀྱི་ཡང་ངོ་། །ས་ཧ་སྲ་བཱ་ཧ་བེའི་སྔགས་ཀྱི་ཡི་གེ་ཞེས་བྱ་བ་ནི་ས་ཧ་
Vol. 20 · folio 70b
སྲ་བཱ་ཧ་བེའི་སྔགས་ཀྱི་ཚིག་གིས་སམ་ཡི་གེ་རྣམས་ཀྱིས་ཏེ། ལུས་ཀྱི་གཟུགས་ཞེས་བྱ་བ་ནི་ལུས་ཀྱི་གཟུགས་ཏེ་རེག་བྱ་ཆེན་པོ་ཉིད་ཀྱིས་སོ། །ཤ་ཏ་ས་སྔགས་འཁོར་ལོ་གཅིག །ཅེས་བྱ་བ་ནི་ཤ་ཏ་སའི་སྔགས་ཀྱི་དོན་གྱི་ཚིག་གི་འཁོར་ལོ་གཅིག་སྟེ་ཤེས་རབ་ཀྱི་རང་བཞིན་ནོ། །
མཁའ་འགྲོ་མའི་སྔགས་འཆི་བ་དང་། །སྐྱེ་བ་ཡི་ནི་རང་བཞིན་ནོ། །ཞེས་བྱ་བ་ནི་མཁའ་འགྲོ་མའི་སྔགས་ཀྱི་འཁོར་ལོ་རྣམས་སུ་འཆི་བ་དང་སྐྱེ་བའི་རང་བཞིན་ཏེ་ཡེ་ཤེས་ཀྱི་ཡི་གེའི་རང་བཞིན་གྱིས་བསྐྱེད་པར་བྱ་བའི་ཕྱིར་འཆི་བའོ། །སྣ་ཚོགས་པའི་འཇིག་རྟེན་ལས་འདས་པ་རྣམས་སུ་
ཀུན་དུ་འགྲོ་བར་བྱ་བའི་ཕྱིར་སྐྱེ་བའི་རང་བཞིན་འདི་ནི་ངེས་པའོ། །འདི་གསུང་ངོ་ཞེས་བྱ་བ་ལ་སོགས་པ་ནས་འཛིན་པ་སྟེ་ཞེས་བྱ་བའི་བར་དུ་སྡུད་པར་མཛད་པ་མོའི་ཚིག་སྟེ་ལྷག་མ་རྟོགས་པར་སླའོ། །ད་ནི་འཁོར་ལོ་བརྒྱད་པ་གསུངས་པ། མི་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ་མི་ཤེས་
པའི་སྐྱེས་པ་ཙམ་གྱིས་མ་རིག་པ་ལ་སོགས་པ་ཡོངས་སུ་བཟུང་སྟེ། དེ་ཇི་ལྟར་རྐང་བཞི་པ་ལ་སོགས་པའི་ཕྱུགས་བཞིན་ནོ། །མངལ་གྱི་གནས་ངེས་པར་དབྱུང་བར་བྱ་བའི་ཕྱིར་ཐམས་ཅད་ཡོངས་སུ་རིག་པ་རྗེས་སུ་དྲན་པར་འགྱུར་ཏེ་སྔོན་གྱི་ལས་ཀྱི་དབང་གིས་སོ། །གཞན་རྟོགས་
པར་སླའོ། །སྔགས་ཀྱི་ཡི་གེ་རྣམས་གསུངས་པ། ཧ་སྲཱ་ན་ལ་སོགས་པ་སྟེ། །ཧ་སྲཱ་ན་ནེ་ཡི་ནི་སྔགས། །ཞེས་བྱ་བ་ནི་ཧ་སྭཱ་ན་ནེའི་སྔགས་སོ། །ཡུལ་གྱི་གཟུགས་ལ་རེག་པའོ། །ཞེས་བྱ་བ་ནི་ཡུལ་གྱི་གཟུགས་དང་ཕྲད་པའི་ཡེ་ཤེས་ཐམས་ཅད་དུ་སོན་པ་ཞེས་བྱ་བའི་དོན་ཏོ། །ཛྭ་ལི་ཏ་
ཏེ་ཛ་སེའི་སྔགས་ཀྱི་ཚིག །ཅེས་བྱ་བ་ནི་ཛྭ་ལི་ཏ་ཏེ་ཛ་སེའི་སྔགས་ཀྱི་ཚིག་གིས་ཡིད་ཀྱི་ཡུལ་ཏེ་ཡིད་ཀྱི་ཡུལ་གང་དུ་ཅི་ལ་རྩོལ་བའི་ཕྱིར་ཏེ་སྣ་ཚོགས་པའི་ཡིད་དོ། །ཛྭ་ལཱ་མུ་ཁིའི་ཚིག་ཅེས་བྱ་བ་ནི་ཛྭ་ལཱ་མུ་ཁིའི་སྔགས་ཀྱི་ཚིག་གིས་ལུས་ཀྱི་ཡུལ་ཞེས་བྱ་བ་ནི་ལུས་ཀྱི་ཡུལ་ཞེས་བྱ་བ་བྱེད་
པ་ལས་རེག་པ་གྲུབ་པོ། །པིཾ་ག་ལ་ལོ་ཙ་ནེའི་སྔགས། །ཞེས་བྱ་བ་ནི། པིཾ་ག་ལ་ལོ་ཙ་ནེའི་སྔགས་ཏེ། མིག་གི་རྣམ་པར་ཤེས་པའོ། །ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་རྩ་ཐམས་ཅད་ཀྱིའོ། །བཛྲ་ཤཱ་རཱི་རེ་སྔགས་ཚིག །ཅེས་བྱ་བ་ནི་བཛྲ་ཤཱ་རཱི་རེའི་
Vol. 20 · folio 71a
སྔགས་ཀྱི་ཚིག་སྟེ། ལུས་ཀྱི་རྣམ་པར་ཤེས་པའོ། །ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ཀྱི་རྣམ་པར་ཤེས་པའོ། །བཛྲཱ་ས་ནེ་ཡི་སྔགས། །ཞེས་བྱ་བ་ནི་བཛྲཱ་ས་ནེའི་སྔགས་ཏེ། སྣ་ཡི་ཡུལ་ལ་རེག་པའོ། །ཞེས་བྱ་བ་ནི་སྣའི་ཡུལ་དང་ཕྲད་པ་སྟེ་སྣ་ཚོགས་པའི་དྲི་རྣམས་སོ། །
མི་ལི་ཏེ་ཡི་སྔགས་ཀྱི་ཚིག །ཅེས་བྱ་བ་ནི་མི་ལི་ཏེའི་སྔགས་ཀྱི་ཚིག་གིས་ཏེ། སྣ་ཡི་རྣམ་པར་ཤེས་པའོ། །ཞེས་བྱ་བ་ནི་སྣའི་རྣམ་པར་ཤེས་པ་སྟེ་སྡོམ་པའི་ཕྱིར་རོ། །ཙི་ལི་ཏེ་ཡི་སྔགས་ཀྱི་ཚིག །ཅེས་བྱ་བ་ནི་ཙི་ལི་ཏེའི་སྔགས་ཀྱི་ཚིག་གིས་ཏེ། དབྱངས་ཀྱི་བདག་པོ་ཡི་ནི་ཡུལ། །
ཞེས་བྱ་བ་ནི་ངག་གི་བདག་པོའི་ཡུལ་ཏེ་རོ་སྣ་ཚོགས་པའི་ཡང་ངོ་། །ཧེ་སྔགས་ཞེས་བྱ་བ་ནི་ཧེའི་སྔགས་སོ། །ལན་གཉིས་བརྗོད་བྱ་ཞེས་བྱ་བ་ནི་དེ་ལྟར་ལན་གཉིས་སུ་བརྗོད་པར་བྱ་སྟེ། ཧེ་ཧེ་ཞེས་བྱ་བའོ། །སྒྲ་ཡི་ཡུལ་ཞེས་བྱ་བ་ནི་རྣ་བའི་དབང་པོའི་སྣ་ཚོགས་པའི་སྒྲའོ། །སྒྲ་
དང་དབྱངས་ཀྱི་རྣམ་ཤེས་ཞེས་བྱ་བ་ནི་སྒྲའི་དང་དབྱངས་ཀྱི་བདག་པོའི་རྣམ་པར་ཤེས་པ་གཉིས་ཏེ་སོ་སོ་བ་ཉིད་ཀྱི་ཕྱིར་ཡུལ་དང་དབང་པོའིའོ། །དེ་ལྟར་སྔགས་ཚིག་ཕྱེད་བཅས་བདུན། །ཞེས་བྱ་བ་ནི་དེ་ལྟར་ཕྱེད་དང་བཅས་པའི་སྔགས་ཀྱི་ཚིག་བདུན་ཏེ། འདི་ལྟ་སྟེ། ཧ་སྲཱ་ན་ནེ། ཛྭ་
ལི་ཏ་ཏེ་ཛ་སེ། ཛྭ་ལཱ་མུ་ཁི། པིཾ་ག་ལ་ལོ་ཙ་ནེ། བཛྲ་ཤཱ་རཱི་རེ། བཛྲཱ་ས་ནི། མི་ལི་ཏ། ཙི་ལི་ཏེ། ཧེ་ཧེ་ཞེས་བྱ་བའོ། །ཀུན་གྱི་སྐྱེ་དང་འཆི་བའི་གཟུགས། །ཞེས་བྱ་བ་ནི་ཡི་གེ་འདི་རྣམས་ཐམས་ཅད་ཀྱི་འཆི་བ་དང་། སྐྱེ་བའི་གཟུགས་ཏེ་འབྱིན་པ་དང་སྡུད་པའི་དབང་གིས་སོ། །
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡི་གེ་རྣལ་འབྱོར་མའི་རྣམ་པར་ཤེས་པ་ཀུན་དུ་སྤྱོད་པའི་དབང་གིས་སྐྱེ་བ་སྟེ་ལས་ཀྱི་སར་སྔོན་གྱི་སྨོན་ལམ་གྱིས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལ་གནས་པས་ཡང་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསོད་པ་སྟེ་རང་གི་ང་
རྒྱལ་འཇོམས་པ་ཞེས་བྱ་བར་དགོངས་སོ། །འདི་སྐད་གསུངས་ཞེས་བྱ་བ་ལ་སོགས་པ་སྟེ། བདེ་དགའ་བ་ཞེས་བྱ་བ་ནི་བདེ་བས་དགའ་བའི་ཕྱིར་ཏེ་རྩེན་པའི་ཕྱིར་བདེ་དགའ་བའོ། །བཅོམ་ལྡན་འདས་ནི་རྡོ་རྗེ་མཁའ་འགྲོའོ། །ཐུགས་ནི་རྡོ་རྗེ་ཕག་མོའི་སྒྲ་སྔོན་དུ་བཤད་པའོ། །དེས་
Vol. 20 · folio 71b
དེ་ལྟར་སྦྱོར་བས་བོ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡུལ་གྱི་ཆུ་སྐྱེས་ཞེས་བྱ་བ་ནི་ཡུལ་དེ་ལྟར་པདྨ་སྟེ་དེ་ཉིད་སྐྱེ་གནས་ཏེ་སྐྱེ་བའི་གནས་སོ། །རང་རང་ལས་རྣམས་ཀྱིས་གསད་པའོ། །ཞེས་བྱ་བ་ནི་མིག་ལ་སོགས་པ་དབང་པོའི་ཡུལ་རྣམས་དང་ཕྱི་རོལ་དུ་གཞན་སྦྱིན་པ་ལ་སོགས་པའི་ལས་
བྱེད་པའོ། །སེམས་ཅན་དེ་རྣམས་དེས་དེ་ལྟར་ལས་ཀྱི་དུས་སུ་རང་བཞིན་ཉེ་བར་དམིགས་པར་བྱས་ནས་ལས་བྱས་པར་གྱུར་པ་འགྲུབ་པའོ། །གཞན་དུ་ན་འཇོམས་པར་འགྱུར་རོ། །དམ་པའི་ཆོས་མི་བདེན་པར་འགྱུར་རོ། །འདི་ནི་རྡོ་རྗེ་ཕག་མོའི་ཚིག་གོ། །དེའི་རྗེས་སུ་སེམས་
གཅིག་དགང་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་པ། ཤེས་རབ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་སྙིང་པོ་སྟེ་ཞེས་བྱ་བ་ནི་རྣལ་འབྱོར་པ་འཇིག་རྟེན་པ་ཐ་མལ་པའི་འཇིག་རྟེན་པ་རྣམས་ཀྱི་ཡུལ་དང་དབང་པོ་ལ་སོགས་པ་འཇོམས་པའི་དུས་སུ་དེ་
ལྟར་སྐྱེས་པའི་ཡེ་ཤེས་སོ། །འོན་ཀྱང་རྣལ་འབྱོར་པ་འཇིག་རྟེན་པ་རྣམས་ཀྱི་སྙིང་པོའི་ཡེ་ཤེས་ཀྱི་རྣལ་འབྱོར་གྱི་རྟེན་ཉིད་ཀྱི་ཕྱིར་རོ། །ཐ་མལ་པ་རྣམས་ཀྱི་ཐ་མལ་པའི་ཡེ་ཤེས་སོ། །ཕྱི་རོལ་གྱི་སྦྱིན་པ་ལ་སོགས་པའི་ལས་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་སྒྲུབ་པ་པོའི་ཡེ་ཤེས་སྙིང་
པོ་སྟེ་ཞེས་བྱ་བའོ། །རྒྱུད་དང་རྒྱུད་རྣམས་སུ་ཞེས་བྱ་བ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཐམས་ཅད་དུ་སྟེ། དཔལ་གསང་བ་འདུས་པ་དང་བདེ་མཆོག་ལ་སོགས་པར་རོ། །དེ་ཡང་སྣ་ཚོགས་པའི་སྦྱོར་བ་ལ་སོགས་པའི་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེར་
རྣལ་འབྱོར་ལ་སོགས་པའི་ལས་ཐ་མལ་པ་རྣམས་ཀྱི་ལས་ཀྱི་ཚོགས་རྣམས་གསུངས་སོ། །དེའི་ཕྱིར་ལས་ཞེས་བྱ་བའི་དོན་ཏོ། །གཞན་རྟོགས་སླ་སྟེ་འདི་ནི་འཁོར་ལོ་བརྒྱད་པའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་དགུ་པ་གསུངས་པ། ས་མཐའི་ཞེས་བྱ་བ་ལ་སོགས་པ་
སྟེ། ཧའི་ཡི་གེའོ། །དྲུག་པའི་དབྱངས་སྟན་ཅན་ཞེས་བྱ་བ་ནི། དྲུག་པའི་དབྱངས་ཨཱུའི་སྟན་ནོ། །ཟླ་དུམ་ཐིག་ལེས་མགོ་ལ་བརྒྱན། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་དང་། ཐིག་ལེས་ཅོད་པན་ལ་བརྒྱན་པ་སྟེ། མདོར་ན་ཧཱུྃ་གི་ཡི་གེའོ། །ལན་གཉིས་སུ་ནི་བརྗོད་པར་བྱ། །ཞེས་
Vol. 20 · folio 72a
བྱ་བ་ནི་དེ་ལྟར་སྔགས་ཀྱི་ཡི་གེ་གཉིས་བརྗོད་པར་བྱ་བ་སྟེ། ཧཱུཾ་ཧཱུཾ་ངོ་། །རྡོ་རྗེ་སེམས་དཔའ་གསང་བའི་གཟུགས། །ཞེས་བྱ་བ་ནི་གསང་བའི་རྡོ་རྗེ་སེམས་དཔའི་འོག་དང་སྟེང་དུ་མི་གཡོ་བའི་སེམས་དགའ་བ་བྱེད་པའི་དུས་སུ་རྣལ་འབྱོར་པ་རྣམས་ཀྱིས་འཛག་
པ་མེད་པའི་སྦྱོར་བ་འཛིན་པ་ཞེས་བྱ་བའི་དོན་ཏོ། །ཁ་གཉིས་ནི་ཁའི་ཡི་གེ་གཉིས་ཏེ་ཁ་ཁ་ཞེས་བྱ་བའོ། །དྷུ་གཉིས་ནི་དྷུའི་ཡི་གེ་གཉིས་ཏེ་དྷུ་དྷུ་ཞེས་བྱ་བའོ། །མུ་རུ་གཉིས་ཞེས་བྱ་བ་ནི་མུ་རུའི་ཡི་གེ་གཉིས་ཏེ་མུ་རུ་མུ་རུའི་ཡི་གེའོ། །ལས་རྣམས་ཀྱི་ནི་དངོས་པོ་སྟེ། །ཞེས་བྱ་
བ་ནི་ལས་ཀྱི་དངོས་པོར་གྱུར་པ་སྟེ། ཇི་ལྟ་བའི་རིམ་པས་ཧའི་ཡི་གེ་དང་ཧཱུཾ་རིང་གི་ཡི་གེ་ལ་སོགས་པ་རྣམས་ཀྱིས་བསད་པ་དང་བསྐྲད་པ་དང་སྡང་བ་དང་རེངས་པ་སྟེ་དེ་རྣམས་ཀྱི་དངོས་པོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྲོག་དང་མཉམ་དུ་གནས་པའོ། །ཞེས་བྱ་བ་ནི་ལས་འདི་རྣམས་
ཀྱི་ཁྱད་པར་གྱི་ཉེ་བའི་ལས་བཞི་དང་བཅས་པ་བརྒྱད་དེ། དེའི་ཡང་མཉམ་པར་གནས་པ་ལ་སོགས་པ་སྲོག་བརྒྱད་དོ། །ཉེ་བའི་ལས་རྣམས་བཤད་པ། ཞི་བ་དང་། རྒྱས་པ་དང་། དགུག་པ་དང་། དབང་དུ་བྱ་བའོ། །ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཐི་ཏ་སིདྡྷེའི་སྔགས་
ཀྱི་ཚིག་ཅེས་བྱ་བ་ནི། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི། བ་ཐི་ཏ་སིདྡྷེ། ཞེས་བྱ་བའི་སྔགས་ཀྱི་ཚིག་གོ། །དེ་ཡང་ལུས་མཐའ་ཡི་ནི་གཟུགས། །ཞེས་བྱ་བ་ནི་དེ་ཡང་ལུས་ཀྱི་མཐའི་གཟུགས་ཏེ་ཀུན་གཞི་རྣམ་པར་ཤེས་པའོ། །གང་ཅུང་ཟད་ཚིག་ཏུ་བརྗོད་པའི་རྣམ་གྲངས་དང་།
སེམས་དང་ལུས་ཀྱི་མཚན་ཉིད་ཀྱི་སྟེ། དེ་བཀླགས་པས་གྲུབ་བོ། །བསམ་པ་དང་གཉིས་སུ་མེད་པ་རྣལ་འབྱོར་མ་ཆེན་མོའི་གཟུགས་ཀྱི་སྐུ་རྣམས་ཀྱིས་སོ། །ཁམས་སྣ་ཚོགས་པར་ཉེ་བར་འགྲོ་བས་ཞེས་བྱ་བར་དགོངས་སོ། །གཉིས་སུ་མེད་པར་ཐམས་ཅད་ལ་ལྷུན་གྱིས་གྲུབ་
པས་སྔོན་གྱི་ལས་ཀྱི་དབང་གིས་གནས་སོ། །ཆེན་པོའི་སྒྲས་བསམས་པ་ཡང་ངོ་། །དྲེ་དྷཾ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་སྟེ་ཚིག་ལན་གཉིས་བརྗོད་ཅེས་བྱ་བ་ནི་དེ་ལྟར་ཚིག་གཉིས་ཏེ། དྲེ་དྷཾ་དྲེ་དྷཾ་བྱ་བའོ། །གྲཾ་གཉིས་ཚིག་ཅེས་བྱ་བ་ནི་གྲཾ་གྲཾ་གི་སྔགས་རྐང་གཉིས་སོ། །དེ་བཞིན་
Vol. 20 · folio 72b
དུ་ཧེ་གཉིས་ཚིག་ཅེས་བྱ་བ་ནི་ཧེ་ཧེའི་རྐང་པ་གཉིས་སོ། །ཧ་གཉིས་ཚིག་ནི་ཧ་ཧའི་ཡང་ཡི་གེ་གཉིས་ཀྱི་ཚིག་གོ། །ཁྲོ་བཅུའི་ཡི་གེ་གཤིན་རྗེ་ནི། །མཐར་བྱེད་ལ་སོགས་ཀྱིར་གོ་བྱ། །ཞེས་བྱ་བ་ནི་ཁྲོ་བོ་བཅུ་རྣམས་ཀྱི་ཡི་གེ་བཅུ་རྣམས་ཏེ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཡིར་བྱ་བར་གོ་བར་
བྱའོ། །དེའི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་ཀྱི་རང་རང་གི་ལས་རྣམས་ཀྱང་ངོ་། །པ་སྡེའི་བཞི་པའི་ས་བོན་ལ། །ཨཱི་དབྱངས་མགོ་ལ་རེག་པའོ། །ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་བཞི་པའི་ས་བོན་བྷའི་ཡི་གེའོ། །ཨཱིའི་ཡི་གེས་མགོ་ལ་རེག་པ་སྟེ་མདོར་ན་བྷཱིའི་ཡི་གེའོ། །མེ་སའི་
སྔགས་ཞེས་བྱ་བ་ནི་ཡི་གེ་གཉིས་ཀྱི་སྔགས་ཀྱང་ཀུན་གྱི་ཚིག་ཅེས་བྱ་བ་སྟེ་རྩ་ཐམས་ཅད་དང་རྣལ་འབྱོར་མ་ཀུན་གྱི་ཚིག་གཟུགས་སོ། །མཁའ་འགྲོ་མ་ཡི་རང་བཞིན་ནོ། །ཞེས་བྱ་བ་ནི་རང་བཞིན་ནི་མཁའ་འགྲོ་མའོ། །དེ་ལྟར་སྔགས་ཚིག་བཅུ་གཉིས་ནི། །ཞེས་བྱ་བ་ནི་དེ་ལྟར་
སྔགས་ཀྱི་ཚིག་བཅུ་གཉིས་པོ་འདི་ལྟ་སྟེ། ཧཱུྃ་ཧཱུྃ། ཁ་ཁ། དྷུ་དྷུ། མུ་རུ་མུ་རུ། ཨ་དྭཻ་ཏེ། མ་ཧཱ་ཡོ་གི་ནཱི། པ་ཐི་ཏ་སིདྡྷེ། དྲེ་དྷཾ་དྲེ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧ་ཧ། བྷཱི་མེ་ས་ཞེས་བྱ་བ་འདིས་སོ། །རྟེན་འབྲེལ་བཅུ་གཉིས་སླུ་བའོ། །ཞེས་བྱ་བ་ནི་དང་པོ་མ་རིག་པ་ལ་སོགས་པ་རྟེན་ཅིང་
འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་མེད་པར་བྱེད་པ་སྟེ་སླུ་བ་ཞེས་བྱ་བའོ། །སེམས་ཅན་རྣམས་ལ་རྣལ་འབྱོར་མའི་གཟུགས་ཀྱིས་དང་སྤྲུལ་པའི་སྐུས་ཆོས་བསྟན་པ་སྟེ། དམ་ཚིག་ཆེན་པོ་ལ་འཇོག་པར་བྱེད་པའི་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པར་བྱེད་དོ་ཞེས་བྱ་བ་
ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་སྲུང་བས་སྡང་བའི་སེམས་ཅན་རྣམས་ལ་ཚར་གཅད་པ་ལ་སོགས་པ་སྟོན་ཏོ། །དེས་ན་སྟོན་པ་སྟེ་སྤྲུལ་པ་ལ་སོགས་པའི་གཟུགས་ཀྱིས་སོ། །དམ་ཚིག་ཆེན་པོའི་གཙོ་བོ་ཡི། །ཞེས་བྱ་བ་
ནི་འོད་གསལ་བར་རབ་ཏུ་ཞུགས་པས་མྱ་ངན་ལས་འདས་པའི་གཙོ་བོ་སྟེ་བདག་པོ་མངོན་སུམ་དུ་བྱེད་པ་གསལ་བ་ཉིད་ཀྱི་ཕྱིར་རོ། །ལས་ཀྱིས་ལྷན་ཅིག་རྨུགས་པར་བྱེད། །ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་བྱས་པར་གྱུར་པ་དེས་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་
Vol. 20 · folio 73a
ཡན་ལག་བཅུ་གཉིས་ཀྱི་རང་བཞིན་གསོད་པར་བྱེད་དོ། །སྲིད་པ་བཅད་པའི་ཕྱིར་རོ། །དེ་ཇི་ལྟར་སླར་སྐྱེ། བྱང་ཆུབ་སེམས་དཔའ་རྣམས་སྲིད་པའི་བག་ཆགས་ལས་གྲོལ་བ་ཇི་ལྟར་གཅོད། ཡང་གསུངས་པ། སྐྱེད་ཡིག་ཕོ་ཉ་རྣམས་ཀྱིས་ནི། །ཞེས་བྱ་བ་སྟེ།
དེ་ལྟར་ཚིགས་སུ་བཅད་པ་དང་པོ་སྡུད་པར་མཛད་པ་མོའི་འོ། །གཉིས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་གཉིས་ཐོད་པའི་དུམ་བུ་ལ་སོགས་པའི་དཔའ་བོ་རྣམས་ཀྱིས་དྲིས་པ་གསལ་བ་སྟེ་བཅོམ་ལྡན་འདས་ཀྱི་གསུང་ངོ་། །དྲིས་པ་ཡང་གཞུང་གི་རྗེས་སུ་འབྲངས་པས་ཤེས་པར་
བྱའོ། །གཞན་དུ་ན་རྡོ་རྗེ་ཕག་མོ་རང་ཉིད་བདག་པོར་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་གསུང་འདིའོ། །ཡི་གེ་ཞེས་བྱ་བ་ནི་སྔགས་ཀྱི་ཡི་གེ་རྣམས་སོ། །ཕོ་ཉ་རྣམས་ཀྱི་ཞེས་བྱ་བ་ནི་སྔགས་ལས་ཀྱི་ཡི་གེ་རྣམས་ཀྱི་རྫོགས་པའི་ཕོ་ཉ་མའི་ཡི་གེའི་ཕོ་ཉ་ཞེས་བྱ་བའོ། །འཁོར་
ལོའི་རྣམ་པའི་རང་བཞིན་ནོ། །ཞེས་བྱ་བ་ནི་འཁྲུལ་འཁོར་གྱི་འཁོར་ལོའི་རྣམ་པ་སྟེ་རྩིབས་སུམ་ཅུ་རྩ་དྲུག་གི་གཟུགས་སོ། །དམ་ཚིག་གི་གཙོ་བོའི་དུས་སུ་རྣལ་འབྱོར་པའི་རང་བཞིན་ནོ། །སྐྱེད་ཅེས་བྱ་བར་འབྲེལ་ལོ། །ཚིགས་སུ་བཅད་པ་ཕྱེད་པ་མདོར་བསྟན་པ་འདིའི་རྒྱས་པར་བཤད་
པ་གསུངས་པ། འཁོར་ལོ་མེད་ཅེས་བྱ་བ་ལ་སོགས་པ་སྟེ་དེ་ལྟ་བུའི་རང་བཞིན་གྱི་འཁོར་ལོ་དང་ཡི་གེའི་ཕོ་ཉ་གཉིས་མི་སྲིད་པའོ། །དེ་ཇི་ལྟར་ཆོས་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཆོས་ཅན་གྱི་བཤད་པས་ཁྱད་པར་གྱི་ལུས་ཀྱི་ཆོས་སྐད་ཅིག་མ་ཙམ་མོ། །འོན་ཀྱང་འཇིག་རྟེན་གྱི་གཟུགས་ལ་
སོགས་པ་དེ་ལ་སྐད་ཅིག་མ་ཉིད་ཀྱང་མེད་དོ། །མི་བདེན་པ་ཉིད་ཀྱི་ཕྱིར་རོ། །འཁྲུལ་པ་ཙམ་མོ། །ལུས་ཀྱང་ཤིང་རྣམས་ཀྱི་གས་ནས་ཁུ་བ་སྐྱེའོ། །དེ་བཞིན་དུ་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ཀྱིས་མ་དང་ཕ་དག་གི་འདོད་ཆགས་ཀྱི་ས་བོན་སྐྱེའོ། །གས་པ་ལྟར་སྐྱེས་བུ་ལ་སོགས་སྲིད་
པར་འགྱུར་རོ། །དེའི་ཕྱིར་ཕན་ཚུན་ཞེ་སྡང་ལ་སོགས་པ་སྐྱེའོ། །ཇི་ལྟར་ནགས་སུ་སྨྱུག་མ་ལ་སོགས་པའི་ཡལ་ག་རླུང་གིས་བསྐྱོད་པར་གྱུར་པས་ཕན་ཚུན་དྲུད་པར་བྱེད་དོ། །མེ་སྐྱེས་ནས་རང་གི་ལུས་དང་ནགས་ཐམས་ཅད་སྲེག་པར་བྱེད་དོ། །དེ་ལྟར་སེམས་ཅན་རྣམས་ཕན་ཚུན་ཞེ་
Vol. 20 · folio 73b
སྡང་གི་མེས་ཐམས་ཅད་བསྲེག་ཅིང་འཁོར་བར་འགྱུར་རོ། །བེམས་པོའི་དངོས་པོ་ལས་བེམས་པོ་མ་ཡིན་པར་འགྲོ་བའོ། །འདི་ནི་ལུས་ཀྱིས་ངེས་པར་སྤྱད་པའོ། །དེའི་ཚེ་གང་དུ་འཁོར་ལོ་ལ་སོགས་པ་འབྱུང་། འོན་ཀྱང་བདེ་བའི་ཐབས་ཀྱི་སྐྱེ་བོ་རྣམས་ཀྱི་གྲོལ་བའི་རྒྱུ་ཉེ་བར་བསྟན་པར་འགྱུར་
རོ། །སྣ་ཚོགས་པ་བསྣམས་པ་ཞེས་བྱ་བ་ནི་དྲུག་པ་འབྲེལ་པའི་ཕྱིར་རོ། །འཁོར་ལོ་འདི་ལ་སོགས་པའི་སྣ་ཚོགས་པའི་རྗེས་རྣམས་ཀྱི་མིང་དུ་འདུ་ཤེས་པ་དེ་ཡང་མི་བདེན་པའོ། །དེའི་ཕྱིར་འཇམ་པའི་རྡོ་རྗེ་བསྒོམས་པས་ཞེས་བྱ་བ་སྟེ། རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་ཐབས་དང་ཤེས་
རབ་བསྒོམས་པས་ཨ་ཝ་དྷཱུ་ཏཱིའི་མཚན་ཉིད་བྱ་བ་སྟེ་རྒྱུན་དུ་དེ་ལྟར་རོ། །འཁྲུལ་འཁོར་གྱི་འཁོར་ལོ་དགུ་པའོ། །ད་ནི་འཁྲུལ་འཁོར་གྱི་འཁོར་ལོ་བཅུ་པ་དེའི་ཕྱི་རོལ་དུ་གསུངས་པ། ཧ་ས་ཧ་ཞེས་བྱ་བ་ལ་སོགས་པ་སྟེ། ཧ་ས་ཧ་དཔའ་བོ་གཅིག་སྔགས་ཚིག་ཅེས་བྱ་བ་ནི་ཧ་ས་ཧ་དཔའ་བོའི་
སྔགས་ཀྱི་ཚིག་གོ། །དེ་བཞིན་གཤེགས་པ་དྲུག་པ་ས་བོན་ཏེ། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དྲུག་རྣམས་ཀྱི་ས་བོན་རྣམས་སུ་བཤད་པའོ། །ཧའི་ཡི་གེ་འོད་དཔག་ཏུ་མེད་པའོ། །ས་དོན་ཡོད་གྲུབ་པའོ། །ཧ་མི་བསྐྱོད་པའོ། །བི་རྣམ་པར་སྣང་མཛད་དོ། །ར་རིན་ཆེན་འབྱུང་
ལྡན་ནོ། །ཨེ་རྡོ་རྗེ་སེམས་དཔའོ། །ཡོན་ཏན་མཐའ་མེད་འཆད་ཡི་གེའོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འདི་རྣམས་མཐའ་མེད་པར་འཆད་པ་རྣམས་ཀྱི་ཡོན་ཏན་རྣམས་སུ་འགྱུར་རོ། །བྱ་བ་ལ་སོགས་པའི་རྒྱུད་ལྔར་ཀྱང་ངོ་། །ཧ་ཡི་ས་བོན་ཡི་གེ་བཞི། །ཞེས་བྱ་བ་ནི་ཧའི་ཡི་གེའི་ས་
བོན་བཞིའི་བདག་ཉིད་ཅན་ཏེ་ཧཱ་ཧཱ་ཧཱ་ཧཱ་ཞེས་བྱ་བ་ནི། ཧོ་གཅིག་ཅེས་བྱ་བ་ནི་ཧོའི་ཡི་གེ་གཅིག་གོ། །ཧཱུྃ་གཉིས་བརྗོད་པར་བྱ་ཞེས་བྱ་བ་ནི་ཧཱུྃ་ཧཱུྃ་དག་གོ། །ཡི་གེ་བདུན་པོ་པགས་སོགས་ཁམས། །ཞེས་བྱ་བ་ནི་དེ་ལྟར་ཡི་གེ་བདུན་པོ་རྣམས་པགས་པ་ལ་སོགས་པའི་ཁམས་བདུན་རྣམས་ཏེ།
པགས་པ་ཤ་དང་དེ་བཞིན་རྒྱུས། །རུས་པ་རྐང་མར་ཁྲག་དང་ནི། །ཁུ་བ་དང་ནི་བདུན་ཤེས་བྱ། །ཁམས་རྣམས་ཡི་གེ་རྣམས་དང་བཅས། །ཏྲཻ་ལོ་ཀྱ་བི་ནཱ་ཤ་ཡི་སྔགས། །ཞེས་བྱ་བ་ནི་ཏྲཻ་ལོ་ཀྱ་བི་ནཱ་ཤའི་སྔགས་རྣམས་ཏེ། སྡང་བ་ལ་ནི་གོ་ཆའོ། །ཞེས་བྱ་བ་ནི་འདིས་སྡང་བ་རྣམས་
Vol. 20 · folio 74a
དང་ཉེ་བར་འཚེ་བ་བསྲུང་བའི་གོ་ཆར་འགྱུར་རོ། །ཤ་ཏ་ས་ཧ་སྲ་ཀོ་ཊཱི། ཏ་ཐཱ་ག་ཏ་པ་རི་ཝཱ་རེ་ཞེས་བྱ་བ་ནི་ཤ་ཏ་ས་ཧ་སྲ་ཀོ་ཊཱི། ཏ་ཐཱ་ག་ཏ་པ་རི་ཝཱ་རེའོ། །ས་མཐའ་ཞེས་བྱ་བ་ནི་དེ་ལྟར་ཡང་སའི་ཕ་རོལ་ཧའི་ཡི་གེའོ། །ཨཱུའི་དབྱངས་ཀྱིས་སྤྲས། ཞེས་བྱ་བ་ནི་ཨཱུའི་ཡི་གེའི་
དབྱངས་ཀྱིས་འོག་གི་ཆར་བརྒྱན་པའོ། །ཟླ་བའི་དུམ་བུ་ཐིག་ལེས་བརྒྱན། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་དང་ཐིག་ལེ་མགོ་བོ་ལ་སྤྲས་པ་སྟེ་མདོར་ན་ཧཱུྃ་གི་ཡི་གེའོ། །མ་གསུངས་ཀྱང་གཉིས་སྦྱིན་པར་བྱ་སྟེ་མ་མཉན་པ་རྣམས་རྨོངས་པར་བྱ་བའི་ཕྱིར་རོ། །ཧཱུྃ་གི་ཡི་གེའོ། །དེ་ལྟར་ཉེར་སྡུད་སྔགས་
ཐམས་ཅད། །ཅེས་བྱ་བ་ནི་དེ་ལྟར་ཉེ་བར་སྡུད་པའི་སྔགས་ཏེ་སྔགས་སོ། །ཧ་ཨཱུ་ཨཾ་ཧཱུྃ་ཡི་གེ་གཉིས་པ་མདོར་བསྡུ་བའི་ཕྱིར་རོ། །སྔགས་ཀྱི་རང་བཞིན་ཞེས་བྱ་བ་ནི་སྔགས་ཀྱི་རང་བཞིན་གྱིས་དང་ཡི་གེ་ཐམས་ཅད་དེ་ལྟར་རོ། །དེ་ལྟར་སྔགས་ཀྱི་ཚིག་ནི་བཞི། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་
ཚིག་བཞི་རྣམས་སུ་བརྗོད་དོ། །ཧ་ས་ཧ་བཱི་རེ། ཧཱ་ཧཱ་ཧཱ་ཧཱ་ཧོ་ཧཱུྃ་ཧཱུྃ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊཱི། ཏ་ཐཱ་ག་ཏ་པ་རི་ཝཱ་རེ་ཧཱུྃ་ཧཱུྃ་ཞེས་བྱ་བའོ། །རྣལ་འབྱོར་མ་སྐྱེད་དངོས་གྲུབ་འགྱུར། །ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ཀྱི་གཉིས་སུ་མེད་པའི་དངོས་གྲུབ་ཀྱི་རྒྱུས་རྣལ་འབྱོར་མ་པདྨ་ཅན་
ལ་སོགས་པར་འབྱུང་བ་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བྱེད་པ་ཞེས་བྱ་བར་དགོངས་སོ། །དེས་བཀས་གནང་བའི་དངོས་གྲུབ་ཏུ་འགྱུར་རོ། །དངོས་གྲུབ་ཐོབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀས་གནང་བ་རབ་ཏུ་འཇུག་པར་འགྱུར་ཏེ་སེམས་ཅན་གྱི་དོན་གྱི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་མའི་
གཟུགས་སུ་ཡང་སྐྱེ་སྟེ་དེ་བཞིན་གཤེགས་པའི་ངེས་པའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་རྡོ་རྗེ་ཕག་མོའི་ཚིག་ཅེས་བྱ་སྟེ་ངེས་པའོ། །བཀས་གནང་འཁོར་ལོའི་རབ་སྦྱོར་བས། །ཞེས་བྱ་བ་ནི་དེ་ལྟར་རྣལ་འབྱོར་རྗེས་སུ་ཤེས་པའི་རྣལ་འབྱོར་མའི་
རྒྱུད་ཀྱི་རྒྱལ་པོར་གསལ་བར་གསུངས་སོ། །དེའི་རྗེས་སུ་འབྲངས་ནས་གསུངས་པ་འདིར་ཐོག་མར་ཡེ་ཤེས་ཀྱི་རྒྱ་མཚོ་ལ་འཇུག་པའི་ལེའུར་ཕྱོགས་སུམ་ཅུ་རྩ་བདུན་ལ་སོགས་པ་གསུངས་པ་དེའི་ཡེ་ཤེས་ཀྱི་འཁོར་ལོའི་མཁའ་འགྲོ་མ་རྣམས་སམ་རྣལ་འབྱོར་མ་སྟེ། དེ་རྣམས་ཀྱི་
Vol. 20 · folio 74b
དངོས་གྲུབ་ཇི་ལྟ་བའི་དུས་སུ་སྐྱེས་པའི་གཡོན་པ་དང་གཡས་པའི་དུས་ཚོད་ཀྱི་དབུགས་རྒྱུ་བས་འཕོ་བ་གཅིག་གི་དུས་ལས་དཀྱིལ་འཁོར་དྲུག་ཏུ་འགྱུར་རོ། །དེ་རྣམས་རེ་རེའི་ཡང་དཀྱིལ་འཁོར་དྲུག་དྲུག་སྟེ། དེ་ལྟར་དཀྱིལ་འཁོར་སུམ་ཅུ་རྩ་དྲུག་རྣམས་ཀྱི་དུས་ཀྱི་ཕོ་ཉ་སུམ་ཅུ་རྩ་དྲུག་གོ། །
དབྱུ་གུ་ལྔ་རྣམས་ཀྱིས་དབུགས་བརྒྱ་ཕྲག་བཅོ་བརྒྱད་རྣམས་སུ་འགྱུར་རོ། །དེའི་དབུས་སུ་སྔགས་ཀྱི་འཁོར་ལོ་བཏུ་བར་བྱའོ། །དེའི་བཀས་གནང་བའི་དངོས་གྲུབ་ངག་གི་དངོས་གྲུབ་ཅེས་བྱ་བར་རབ་ཏུ་འཇུག་སྟེ། རྣལ་འབྱོར་མ་རྣམས་ཀྱིའོ། །ཇི་ལྟར་གནས་ལ་སོགས་པར་རྣལ་འབྱོར་མའི་
ངག་གི་དངོས་གྲུབ་རྗེས་སུ་འཛིན་པ་དང་ཚར་གཅད་པའོ། །དེ་བཞིན་དུ་འདིར་གང་གི་ཚེ་སྐད་ཅིག་ལ་ཡི་གེ་རྣམས་བསྐྱེད་དེ་དེ་བརྗོད་པས་བཀས་གནང་བའི་དངོས་གྲུབ་ཐམས་ཅད་དུ་འགྱུར་རོ། །རྗེས་སུ་འཛིན་པ་དང་ཚར་གཅད་པ་དག་ཀྱང་ངོ་། །འདི་ནི་བསྡུས་ནས་བཤད་པའོ། །རྒྱ་ཆེ་བར་
རྒྱུད་དང་རྒྱུད་དུ་རྟོགས་པར་བྱའོ། །གཞན་རྟོགས་པར་སླའོ། །འདི་ནི་འཁྲུལ་འཁོར་གྱི་འཁོར་ལོ་བཅུ་པའོ། །ད་ནི་དེའི་ཕྱི་རོལ་དུ་འཁོར་ལོ་བཅུ་གཅིག་པ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སའི་ཕ་རོལ་ནི་ཧའི་ཡི་གེའོ། །དབྱངས་ལྔ་པའི། དྲུང་ན་གནས་པའི་སྟན་ལ་
ནི། །ཨུའི་ཡི་གེ་དབྱངས་ཀྱི་ལྔ་པའི་དྲུང་ན་གནས་པ་ནི་ཨཱུའི་ཡི་གེའི་སྟན་ཅན་ནོ། །ཟླ་དུམ་ཐིག་ལེས་བརྒྱན་པའོ། །ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་སྟེ་མདོར་ན་ཧཱུྃ་གི་ཡི་གེའོ། །ཆོ་གས་དེ་ཁོ་ནའི་ས་བོན་ཞེས་བྱ་བ་ནི་དེ་ལྟ་བུའི་ཆོ་གས་དེ་ཁོ་ན་ཉིད་ཀྱི་ས་བོན་ཏེ་སྟོང་པ་ཉིད་
དང་སྙིང་རྗེའི་རང་བཞིན་ཞེས་བྱ་བའོ། །པ་ཡི་དྲུང་གནས་པའི་ས་བོན། །ཞེས་བྱ་བ་ནི་པའི་ཡི་གེའི་ལོགས་ན་གནས་པ་ནི་ཕའི་ཡི་གེའོ། །རྣལ་འབྱོར་མ་ཚོགས་སྐྱོད་བྱེད་པའོ། །ཞེས་བྱ་བ་ནི་རྣལ་འབྱོར་མའི་དྲ་བ་ནི་ཚོགས་ཏེ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བསྐྱོད་པའོ། །ཊ་ཡིག་འབར་བར་
བྱེད་པའི་སྔགས། །ཞེས་བྱ་བ་ནི་དེ་ལྟར་ཕའི་ཡི་གེས་གསལ་བར་བྱེད་པའི་སྔགས་ཏེ་ཕཊ་ཀྱི་ཡི་གེར་འགྱུར་རོ། །སིཾ་ཧ་རཱུ་པེ་ཁཿའི་སྔགས་ཀྱི་ཚིག་ཅེས་བྱ་བ་ནི་སིཾ་ཧ་རཱུ་པེ་ཁཿའི་སྔགས་ཀྱི་ཚིག་གོ། །བགེགས་ཀྱི་གཙོ་བོ་རླག་བྱེད་པའོ། །ཞེས་བྱ་བ་ནི་བགེགས་ཀྱི་གཙོ་བོ་རྣམས་ལ་སེང་གེའི་
Vol. 20 · folio 75a
གཟུགས་བསྟན་པས་འབྲོས་པར་བྱེད་དོ། །ག་ཛ་རཱུ་པེ་གཿའི་སྔགས་ཞེས་བྱ་བ་ནི་ག་ཛ་རཱུ་པེ་གཿཞེས་བྱ་བའི་སྔགས་སོ། །སེམས་ཅན་ཀུན་གྱི་བགེགས་བྱེད་པའོ། །ཞེས་བྱ་བ་ནི་སྡང་བའི་སེམས་ཅན་རྣམས་དང་བསྟན་པ་ལ་གནོད་པ་བྱེད་པ་རྣམས་ལ་སྣ་ཚོགས་པའི་བགེགས་
ཀྱི་རྣམ་པ་བྱེད་དོ། །ཏྲཻ་ལོ་ཀྱ་དོ་རེའི་ཚིག་ཅེས་བྱ་བ་ནི་ཏྲཻ་ལོ་ཀྱ་དོ་རེའི་ཚིག་གོ། །རབ་མཆོག་ཕོ་ཉ་ཀུན་སྐྱེད་པའོ། །ཞེས་བྱ་བ་ནི་རབ་མཆོག་གི་ཕོ་ཉ་རྣམས་དུས་འདིར་སྐྱེད་པར་བྱེད་དེ་ཁམས་གསུམ་དུའོ། །ས་མུ་དྲ་མེ་ཁ་ལེ་གྲ་ཧ་གཉིས་ཀྱི་ཚིག་སྔགས་ཞེས་བྱ་བ་ནི་ས་མུ་དྲ་མེ་ཁ་ལེ་གྲ་ཧའི་སྔགས་ཀྱི་
ཚིག་གོ། །རྒྱ་མཚོ་ལྟ་བུའི་སྐ་རགས་སྤྲས། །དེ་ནི་སྔགས་ཀྱི་སྐ་རགས་སོ། །དེ་ཐམས་ཅད་ཀྱི་སྐ་རགས་ཏེ་ཚད་མེད་པའི་ཡོན་ཏན་གྱི་བདག་ཉིད་ཀྱི་སྔགས་སོ། །ཧཱུྃ་དང་ཕཊ་ཀྱི་ཡི་གེ་ནི། །མཁའ་འགྲོ་མ་ཡི་ཁྱབ་བདག་གོ། །ཞེས་བྱ་བ་ནི་དེ་ལྟར་སྔགས་མཁའ་འགྲོ་མའི་ཁྱབ་བདག་སྟེ་གཙོ་
བོར་གྱུར་པའི་ཡེ་ཤེས་ཀྱི་རྣམ་པ་ཉིད་ཀྱིས་སོ། །བཱི་རཱ་དྭཻ་ཏེ་ཞེས་བྱ་བ་ནི་བཱི་རཱ་དྭཻ་ཏེའོ། །ཧཱུྃ་སྔགས་ཚིག་ཅེས་བྱ་བ་ནི་ཧཱུྃ་གི་ཡི་གེའི་སྔགས་ཀྱི་ཚིག་གོ། །ཐབས་དང་ཤེས་རབ་གཉིས་མེད་ལས། །ཐ་མལ་འདུས་བྱས་སྐྱེས་པའོ། །ཞེས་བྱ་བ་ནི་ཐ་མལ་པ་དང་འདུས་བྱས་སྐྱེས་པ་ཐབས་དང་
ཤེས་རབ་ལས་སོ། །དེ་དེ་བཞིན་དུ་ཐམས་ཅད་དབྱེར་མེད་པའོ་ཞེས་བྱ་བའོ། །དེ་ལྟར་རྐང་པ་བདུན་སྔགས་སོ། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་ཚིག་བདུན་ཏེ། དེ་ཉིད་བཤད་པ་ལ། ཧཱུྃ་ཕཊ། སིཾ་ཧ་རཱུ་པེ་ཁཿ། ག་ཛ་རཱུ་པེ་གཿ། ཏྲཻ་ལོཀྱ་དོ་རེ། ས་མུ་ད་མེ་ཁ་ལེ་གྲ་ཧ་གྲ་ཧ། ཧཱུྃ་ཕཊ།
བཱི་རཱ་དྭཻ་ཏེ་ཧཱུྃ་ཞེས་བྱ་བའོ། །ལས་ཐམས་ཅད་དང་འཇིག་རྟེན་པའི། །ཡིད་ཀྱི་རང་བཞིན་བསྐྱེད་པའོ། །ཞེས་བྱ་བ་ནི་ལས་ཐམས་ཅད་ནི་ཞི་བ་ལ་སོགས་པས་འཇིག་རྟེན་པ་རྣམས་ཀྱི་ཡེ་ཤེས་ཀྱི་ས་དང་ཡིད་ཀྱི་རང་བཞིན་དུ་བསྐྱེད་པར་འགྱུར་རོ། །ཡིད་ནི་རྣམ་པར་ཤེས་པ་དང་རླུང་སྣ་ཚོགས་
པའི་རྩ་ཀུན་དུ་སྤྱོད་པས་སོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ནི། ས་ནི་རྟེན་ཏེ་ཡིད་དོ། །ཡེ་ཤེས་དེའི་ངོ་བོ་རང་བཞིན་ཏེ་ཡེ་ཤེས་ཀྱི་སའོ། །ལས་གྲུབ་པའི་མཐར་ཞེས་བྱ་བ་ནི་འདི་རྣལ་འབྱོར་པ་གང་དང་གང་གིས་ལས་རྣམས་ནི་ཞི་བ་ལ་སོགས་པ་རྣམས་དང་པོར་བྱེད་དེ་གྲུབ་པ་དང་དེའི་
Vol. 20 · folio 75b
རང་བཞིན་དུ་འགྲོའོ། །དེའི་ནུས་མཐུས་སམ་སེམས་ཅན་རྣམས་ཀྱི་ཡང་བྱེད་དོ། །དེ་ཡང་དེ་ཉིད་དེ་བཞིན་དུའོ། །འོན་ཀྱང་ལས་ཀྱི་མཐར་དེའི་གོ་འཕང་ནི་གནས་ཏེ་མཆོག་སྣ་ཚོགས་པའི་སྦྱོར་བ་འཛིན་པའི་ལུས་རྣམས་ཀྱིས་ལྷན་ཅིག་ཏུ་འགྲོའོ། །སླར་ཡང་དེ་ལྟར་ལམ་ལ་གནས་པའི་མི་དང་།
སངས་རྒྱས་རྣམས་དང་རྡོ་རྗེ་འཆང་གི་རང་བཞིན་དུ་སྐྱེ་བར་འགྱུར་ཏེ། སྒྱུ་མ་ཉིད་ཀྱི་ཕྱིར་རོ། །ཡང་ན་སྒྱུ་མའི་རྣམ་པར་མི་འགྱུར་རོ། །ཏེའི་ཡི་གེས་སངས་རྒྱས་དང་འཇིག་རྟེན་ཐམས་ཅད་སྐྱེ་བ་ལ་སོགས་པ་མེད་དེ་ཁམས་གསུམ་བདེན་པ་མ་ཡིན་པའི་གཟུགས་ཉིད་ཀྱི་ཕྱིར་རོ། །མི་བདེན་པ་
རྣམས་ལ་བདེན་པར་ཡོངས་སུ་རྟོག་གོ། །མི་རྟག་པར་མི་ཤེས་སོ། །དེའི་ཕྱིར་བསོད་ནམས་ཀྱི་ཚོགས་ཀྱི་དབང་གིས་སངས་རྒྱས་ལ་སོགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་སུ་འབྱུང་ངོ་། །སྒྱུ་མའི་རྣམ་པ་ཉིད་ནི་སྒྱུ་མ་ཆེན་པོའོ། །དེའི་ཕྱིར་སྒྱུ་མ་མིན་ཞེས་བྱ་བ་ལ་སོགས་
པའི་དོན་ཏོ། །བདག་ཉིད་མངོན་པར་སོ་སོར་རྟོག །ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱང་ཆོས་ཉིད་སྟོན་པའི་ཕྱིར་དེ་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཏེ་བཤད་པ། འདིར་རྡོ་རྗེ་ཕག་མོའི་ཚིག་སྟེ་ཡང་དག་པའི་སྙིང་རྗེའི་འོ། །བདག་ཉིད་ནི་མི་བདེན་པ་མེད་པ་སྟེ་གང་གིས་བཅིངས་པ་འམ་
གྲོལ་བ་འམ་དེས་ན་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་བདག་ཉིད་ལ་སོགས་པས་ཐམས་ཅད་རྟོག་པར་བྱེད་དོ། །དེས་ན་བཅིང་བ་དང་གྲོལ་བ་མེད་དེ་སྒྱུ་མ་དང་སྒྱུ་མ་ལྟ་བུ་རྣམས་ཀྱིས་རྨོངས་པའོ། །འཁོར་བར་འཁོར་རོ། །འབྱུང་བ་མེད་པ་ཡོངས་སུ་བརྟགས་པ་ཡིས་སོ། །བདག་དང་བདག་གི་
བའི་དངོས་པོས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམས་སུ་མྱོང་ངོ་། །དེའི་ཕྱིར་མི་བདེན་པ་གང་དུ་ཡང་མི་གནས་པ་སྟེ་ལུས་ཐམས་ཅད་ཀྱང་རྒྱུ་རྐྱེན་ཚོགས་པའི་དབང་གིས་སེམས་དང་སེམས་ལས་འབྱུང་བ་སྐྱེའོ། །ཁམས་སྣ་ཚོགས་པ་ཡང་ངོ་། །མདོར་ན་རང་གི་བདག་ཉིད་སོ་སོར་
རྟོག་པ་ལས་ཞེས་བྱ་བའོ། །འོན་ཀྱང་ཆོས་ཐམས་ཅད་དང་ཐེག་པ་གསུམ་ལ་སོགས་པ་སོ་སོར་རྟོག་པ་ཙམ་ཞེས་བྱ་བའོ། །འཁྲུལ་པ་མེད་པའི་ཚིག་སྙིང་རྗེ་རྡོ་རྗེ་ཕག་མོའིའོ། །འདི་ནི་འཁྲུལ་འཁོར་གྱི་འཁོར་ལོ་བཅུ་གཅིག་པའོ། །ད་ནི་བཅུ་གཉིས་པ་བརྗོད་པར་བྱ་སྟེ། ཧཱུྃ་ཞེས་བྱ་བ་ལ་
Vol. 20 · folio 76a
སོགས་པ་སྟེ། ཧཱུྃ་གི་ཡི་གེའོ། །ཧཱ་གཉིས་ཞེས་བྱ་བ་ནི་ཧཱའི་ཡི་གེ་གཉིས་ཏེ་ཧཱ་ཧཱའོ། །མ་ཧཱ་པ་ཤུ་མ་ཧཱ་ནི་ཞེས་བྱ་བ་ནི་མ་ཧཱ་པ་ཤུ་མོ་ཧ་ནིའི་ཚིག་གོ། །འཁོར་བ་རྨོངས་པའོ་ཞེས་བྱ་བ་ནི་དེ་ལྟར་ཚིག་དེ་འཁོར་བའི་རྨོངས་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་ངན་འགྲོ་རྣམ་པར་
འཇོམས་པའོ། །ཡོ་གི་ཤྭ་རི་ཏྭཾ་གྱི་སྔགས། །ཞེས་བྱ་བ་ནི་ཡོ་གི་ཤྭ་རི་ཏྭཾ་གྱི་སྔགས་སོ། །ཞི་བ་ཡི་ནི་གཟུགས་སུའོ། །ཞེས་བྱ་བ་ནི་ཞི་བའི་གཟུགས་ཅན་མའི་སྔགས་ཏེ་ནུས་མཐུ་སྣ་ཚོགས་པའི་གཟུགས་ཀྱང་འཛིན་ནོ། །ཌཱ་ཀི་ནི་ལོ་ཀཱ་ནཱི་བནྡྷ་ནིའི་ཚིག་ཅེས་བྱ་བ་ནི་ཌཱ་ཀི་ནི་ལོ་ཀཱ་ནཱཾ་བནྡྷ་ནིའི་སྔགས་ཀྱི་
ཚིག་གོ། །འཇིག་རྟེན་བྱང་ཆུབ་ཏུ་འཇུག་བྱེད། །ཅེས་བྱ་བ་ནི་འཇིག་རྟེན་རྣམས་བྱང་ཆུབ་ལ་འཇུག་པར་བྱེད་པར་འགྱུར་རོ། །ས་ཏྱ་མེ་ཧཱུྃ་ཕཊ་ཀྱི་སྔགས་ཀྱི་ཚིག་ཅེས་བྱ་བ་ནི་སཏྱ་མེ་ཧཱུྃ་ཕཊ་ཀྱི་སྔགས་ཀྱི་ཚིག་གོ། །མཐའ་བཞི་པོ་ནི་སྟོན་པའོ། །ཞེས་བྱ་བ་ནི་སྔགས་འདིའི་བདེན་པས་མཐའ་བཞིའི་ཆོས་ཀྱང་
སྟོན་པར་འགྱུར་རོ། །བྷཱུ་ཏ་ཏྲཱ་ས་ནི་ཡི་ཚིག །མུ་སྟེགས་ཡེ་ཤེས་འཇོམས་པའོ། །ཞེས་བྱ་བ་ནི་མུ་སྟེགས་ཀྱི་ཡེ་ཤེས་ཏེ་ཀ་བ་ལི་ལ་སོགས་པ་རྣམས་ཀྱི་དགོངས་པ་འཇོམས་པ་སྟེ་ཆོས་བསྟན་པ་ལ་སོགས་པའོ། །དེ་ལྟར་སྔགས་ཚིག་བདུན་པོས་ནི། །ཞེས་བྱ་བ་ནི་དེ་ལྟར་སྔགས་ཀྱི་རྐང་པ་
བདུན་ཏེ་བཤད་པ་ཧཱུྃ་ཧཱུྃ་ཧཱ་ཧཱ། མ་ཧཱ་པ་ཤུ་མོ་ཧ་ནི། ཡོ་གི་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་ལོ་ཀཱ་ནཱཾ་བནྡྷ་ནི། ས་ཏྱ་མེ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི་ཞེས་བྱ་བའོ། །ལས་ཀྱི་དབྱེ་བ་བྱེད་པའོ། །ཞེས་བྱ་བ་ནི་ཇི་ལྟར་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་འདོད་པ་ཞི་བ་ལ་སོགས་པའི་ལས་དེ་ཐམས་ཅད་སྔགས་བཟླས་
པ་ཙམ་གྱིས་བྱེད་དོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་རྡོ་རྗེ་ཕག་མོའི་རང་གི་རྒྱུད་ཡོངས་སུ་སྤང་བའོ། །ལྷག་མ་རྟོགས་པར་སླའོ། །སླར་ཡང་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་པ། བཅུ་གཉིས་ཞེས་བྱ་བ་ལ་སོགས་པས་ཏེ་དུས་སྦྱོར་རྣམས་
ཀྱིས་བཅུ་གཉིས་ཞེས་བྱ་བ་ནི་སྣ་གཡོན་པའི་བུ་གར་ལུག་ལ་སོགས་པས་དང་གཡས་པའི་སྣའི་བུ་གར་ཁྱུ་མཆོག་ལ་སོགས་པས་ཏེ་བསྒྲུབ་བྱའི་མིང་ལ་སོགས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །གཞན་རྟོགས་པར་སླའོ། །འཁྲུལ་འཁོར་གྱི་འཁོར་ལོ་བཅུ་གཉིས་སོ། །ད་ནི་འཁོར་
Vol. 20 · folio 76b
ལོ་འདི་རྣམས་ཀྱི་ལྟེ་བའི་སྔགས་ཀྱི་ཡི་གེ་རྣམས་གསུངས་པ། པ་མཐའ་ཞེས་བྱ་བ་ལ་སོགས་པས་ཏེ་པའི་མཐའ་མ་མའི་ཡི་གེའོ། །ས་མཐའ་ནི་ཧའི་ཡི་གེའོ། །ཨཱ་དང་ལྡན་ཞེས་བྱ་བ་ནི་ཨཱའི་ཡི་གེ་དང་ལྡན་པ་སྟེ་མདོར་ན་ཧཱའི་ཡི་གེའོ། །ཡ་མཐའ་ཨཱི་ཡི་དབྱངས་དང་བཅས། །ཞེས་
བྱ་བ་ནི་ཨཱིའི་དབྱངས་དང་བཅས་པ་སྟེ་གཉིས་ཀྱིས་ཝཱིའི་ཡི་གེའོ། །རེའི་ཡི་གེ་ནི་རེའི་ཡི་གེའོ། །ན་མཐའ་ནི་ནའི་ཡི་གེའི་མཐའ་མ་སྟེ་པའི་ཡི་གེའོ། །ར་ཡིག་ནི་རའི་ཡི་གེའོ། །པ་མཐའ་ནི་མའི་ཡི་གེའོ། །སིདྡྷེའི་ཚིག་ནི་སིདྡྷེའི་ཚིག་གོ། །བི་དྱེའི་ཚིག་ནི་བི་དྱེའི་ཚིག་གོ། །ཤྭ་རིའི་
སྔགས་ནི་ཤྭ་རིའི་སྔགས་སོ། །པའི་དྲུང་མ་ནི་པའི་ཡི་གེ་དང་ཉེ་བ་ཕའི་ཡི་གེའོ། །ཊའི་ས་བོན་ནི་ཊའི་ཡི་གེའི་ས་བོན་ནོ། །ཧཱུ་ལ་ཟླ་དུམ་ཐིག་ལེས་བརྒྱན་པ་ནི་ཧཱུའི་ཡི་གེ་ལ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་སྟེ་མདོར་ན་ཧཱུྃ་གི་ཡི་གེའོ། །བསྐྱར་ལ་ཡང་ནི་བརྗོད་པར་བྱ། །ཞེས་བྱ་བ་ནི་དེ་
ལྟར་སྔགས་སླར་ཡང་བརྗོད་པར་བྱ་སྟེ། ཧཱུྃ་ཧཱུྃ་གི་ཡི་གེ་དག་གོ། །པའི་དྲུང་གནས་ཞེས་བྱ་བ་ནི་ཕའི་ཡི་གེའོ། །ཊ་ཡིག་ནི་ཊའི་ཡི་གེའོ། །ཧཱུྃ་ཕཊ་དང་ནི་སྭཱ་ཧཱ་བཅས། །ཞེས་བྱ་བ་ནི་ཕཊ་ཀྱི་ཡི་གེ་དང་སྭཱ་ཧཱ་དང་ལྷན་ཅིག་བསྟན་པའོ། །སྔགས་འདིས་ལྟེར་གནས་ཆོ་ག་ཡིས། །ཞེས་
བྱ་བ་ནི་དེ་ལྟར་ཡི་གེ་ཉི་ཤུ་རྩ་བཞིའི་སྔགས་ལྟེ་བའི་གནས་སུ་ཚོགས་གནས་པའོ། །བསྒྲུབ་བྱའི་མིང་དང་བཅས་པར་བརྗོད། །ཅེས་བྱ་བ་ནི་སྔགས་འདི་བསྒྲུབ་བྱའི་མིང་དང་ལྷན་ཅིག་བརྗོད་དེ་མ་ཧཱ་བཱི་རེ་པ་ར་མ་སིདྡྷེ་བིདྱ་ཤཱ་རི་ཕཊ་ཧཱུྃ་ཧཱུྃ་ཕཊ་ལྷ་སྦྱིན་ཁུག་ཅིག་ལ་སོགས་པ་ཧཱུྃ་ཕཊ་ཧཱུྃ་ཕཊ་སྭཱ་ཧཱ་
ཞེས་བྱ་བའོ། །འདི་སྐད་ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ནི་རྡོ་རྗེ་ཕག་མོའི་སྟེ། བཅུ་གཉིས་རྣམས་དང་ལྟེ་བཅས་པ། །ཞེས་བྱ་བ་ནི་འཁོར་ལོ་སོ་སོ་རེ་རེའི་ལྟེ་བར་ཉེ་བར་བསྟན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་གསུངས་པ། ས་བོན་ཡི་གེ་ཞེས་བྱ་བ་
ལ་སོགས་པ་སྟེ་དེ་ལ་ལྟེ་བའི་དབུས་སུ་ས་བོན་གྱི་ཡི་གེ་ཉི་ཤུ་རྩ་བཞི་རྣམས་ཏེ། པུལླཱི་ར་ལ་སོགས་པ་གནས་དང་ཉེ་བའི་གནས་ལ་སོགས་པ་དེ་རྣམས་ཀྱི་ས་བོན་གྱི་ཡི་གེ་རྣམས་དང་། རྣམ་པར་བསྲེས་པ་ཉེ་བར་དགོད་པར་བྱའོ། །འདི་ལྟར་བྱས་པས་ཁམས་དང་སྔགས་མཉམ་པའི་
Vol. 20 · folio 77a
འཁོར་ལོ་ཞེས་བྱ་བའོ། །དེ་ཇི་ལྟར་གསུངས་པ། དཔལ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་ལ་སོགས་པའི་ཁམས་དཔལ་ཧེ་རུ་ཀའོ། །ས་བོན་གྱི་ཡི་གེ་ནི་རྡོ་རྗེ་ཕག་མོ་སྟེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་བྱ་
བ་ནི་སྔར་མ་གསུངས་ཤིང་གསུང་བར་མི་འགྱུར་བའོ། །འོན་ཀྱང་འདིའི་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་ཀྱི་ནུས་མཐུ་འཆད་པ་པོའི་གནས་གཞན་རྣམས་གསུངས་པ། གཞུང་བྱེ་བ་སྟོང་ཕྲག་མཐའ་མེད་པའི་དཔའ་བོ་ཆེན་པོ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྒྱུད་ཀྱི་གཏེར་ཉིད་དུ་རབ་ཏུ་
གསུངས་སོ། །དེ་བཞིན་དུ་སྙིང་པོ་བསྡུས་པར་ཡང་ངོ་། །འདི་རྣམས་ནི་འབུམ་ཕྲག་ལྔ་པ་ལ་སོགས་པ་དང་རྩ་བའི་ཀྱེའི་རྡོ་རྗེ་ལ་སོགས་པས་ཡང་དག་པར་བཏུས་ཏེ་རྒྱུད་ཆུང་ངུར་ཀྱང་ཞེས་བྱ་བ་ནི་ངེས་པའོ། །གཞན་ཞེས་བྱ་བ་ལ་སོགས་པ་ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་ནི་
རྟོགས་པར་སླའོ། །ད་ནི་འདི་རྣམས་ཀྱི་འཁྲུལ་འཁོར་གྱི་ཡི་གེ་རྣམས་ཀྱི་རླུང་དང་རྣམ་པར་ཤེས་པའི་དབང་གིས་འཇུག་པ་དང་གནས་པ་དང་འབྱུང་བའི་སྒོ་ནས་དང་འབྱིན་པ་དང་སྡུད་པ་དང་གནས་པས་ཀྱང་སྟེ་འདི་ཡིས་དགོས་པ་དང་བྱེད་པའི་འབྲེལ་པ་གསུངས་པ། འཇུག་པ་ཞེས་
བྱ་བ་ལ་སོགས་པ་སྟེ་ཚིགས་སུ་བཅད་པ་གཉིས་ཀྱིས་སོ། །འདིར་ཡང་གང་གི་ཚེ་འཁོར་ལོ་ཐམས་ཅད་དུ་ཡེ་ཤེས་ཀྱི་ཡི་གེ་རྣམས་ཀྱིས་སྐྱེས་པ་དེའི་དུས་སུ་གནས་པར་བྱ་སྟེ། དེའི་ཕྱིར་བར་སྐབས་ཅན་གྱི་འཁོར་ལོ་རྣམས་བཤད་པ། གཙུག་ཏོར་ལ་སོགས་པ་ནས་རིམ་པ་ཇི་
ལྟ་བས་སྐྱེ་གནས་ཀྱི་མཐར་གནས་དྲུག་རྣམས་སུ་གཉིས་གཉིས་སྦྱར་བར་བྱའོ། །དེ་ལྟར་ཁ་སྦྱོར་གྱི་སྦྱོར་བས་འོག་དང་སྟེང་དུ་ཁབ་ལྟ་བར་བྱའོ། །ཁ་འོག་ཏུ་བལྟས་པ་ནི་ཐབས་ཀྱི་འཁོར་ལོ་རྣམས་སོ། །ཤེས་རབ་ཀྱི་འཁོར་ལོ་རྣམས་ནི་ཁ་སྟེང་དུ་བལྟས་པའོ། །དེ་ལྟར་
ཡི་གེ་རེ་རེའི་སྐད་ཅིག་རེ་རེ་ལ་འཁོར་ལོ་ཐམས་ཅད་དུ་བདག་པོར་འགྱུར་རོ། །ལྷག་མའི་ཡི་གེ་རྣམས་ཀྱིས་གཅིག་ལ་གཅིག་གི་གནས་རྣམས་སུ་ཀུན་དུ་སྤྱོད་དོ། །དེའི་ཕྱིར་འཇུག་པའི་དུས་སུ་དབུགས་ཀྱིས་ཞེས་བྱ་བ་ནི་གསུམ་པའི་དོན་གྱི་དྲུག་པ་སྟེ་དབུགས་སུ་འཇུག་
Vol. 20 · folio 77b
པ་ཡོད་པ་ན་སྔོན་དུ་སྐྱེས་པ་རྣམས་ཀྱི་ཡི་གེ་རྣམས་ཀྱིས་གསོད་པ་སྟེ་མི་སྣང་བ་ཉིད་དུ་འགྱུར་རོ། །སླར་ཡང་ཡེ་ཤེས་ཀྱི་རྣམ་པ་ཉིད་ཀྱིས་བསྐྱེད་པ་དང་། སླར་ཡང་མི་སྣང་བ་སྟེ་ཇི་སྲིད་ཞག་གཅིག་ཏུའོ། །དེའི་ཕྱིར་འབྱུང་བའི་དུས་སུ་དེ་ལྟར་གང་སྐྱེ་བ་དེ་འབྱིན་པའོ། །སྦྱོར་ཀུན་སྐྱེས་
ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱི་གང་འགྲོ་བ་སེམས་ཀྱི་བསམ་པ་སྟེ་རྣལ་འབྱོར་པ་རྣམས་ཀྱིས་ལྷ་སོ་སོར་དམིགས་པའི་སྦྱོར་བ་དེས་སྦྱོར་བ་ལས་སྐྱེས་པའི་ཡི་གེའོ། །རླུང་དང་ཡེ་ཤེས་རྣམ་པར་ཤེས་པའི་རང་བཞིན་ཅན་ཀྱང་ངོ་། །གནས་པའི་དུས་སུ་མི་འདོད་ཅེས་བྱ་བ་ནི་རྣམ་པར་མ་བརྟགས་
པས་ཡང་འཁོར་ལོ་ཐམས་ཅད་དུ་རིམ་པ་ཇི་ལྟ་བས་གནས་དང་ཉེ་བའི་གནས་ལ་སོགས་པའི་རང་བཞིན་རྣམས་སུ་ཡང་སྣ་ཚོགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱིས་རྣམ་པར་ཤེས་པ་ལ་སངས་རྒྱས་རྣལ་འབྱོར་མའི་རང་བཞིན་གྱིས་བསྐྱེད་པར་འགྱུར་རོ། །
དེ་ལྟར་དབུགས་རྒྱུ་བ་དེ་ལྟར་ཞེས་བྱ་བ་ནི་གང་དང་གང་དུ་རྩ་རྣམས་ཀྱི་དབུགས་རྒྱུ་བར་འགྱུར་ཏེ། དེ་དང་དེར་ཡེ་ཤེས་དང་རྣམ་པར་ཤེས་པ་རྣམས་ཉེ་བར་འཕོ་བའོ། །དེའི་རང་བཞིན་རྣམས་ཀྱིས་ཀྱང་ཕྱི་རོལ་གྱི་སངས་རྒྱས་ཀྱི་ཞིང་རྣམས་རྣམ་པར་ཤེས་པར་བྱའོ་ཞེས་བྱ་བར་འབྲེལ་ལོ། །དེ་ལྟར་
ཚུལ་ཆེན་པོའི་བྱིས་པའི་རྣལ་འབྱོར་པ་རྣམས་བླ་མ་ཡོངས་སུ་མཉེས་པར་བྱ་བ་དང་བྲལ་བ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་ཞིང་མ་ཐོབ་ཅེས་བྱའོ། །དེའི་ཕྱིར་བླ་མ་ལ་གུས་པ་ཉིད་ལུས་དང་ལོངས་སྤྱོད་ཀྱིས་ཀྱང་སྟེ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་རོ། །གང་གི་ཕྱིར་སངས་རྒྱས་ཉིད་ཞིང་
དང་ཞིང་དུ་ཞེས་བྱ་བའོ། །ད་ནི་བླ་མ་རྣམས་ཀྱིས་གུས་པ་དང་ལྡན་པའི་སློབ་མ་རྣམས་ཀྱིས་སྔགས་མཉེས་པར་བྱ་བའི་ནུས་པ་ཅན་རྣམས་ཀྱིས་དེའི་སྔགས་སྦྱིན་པར་བྱ་བའི་ཕྱིར་སྔོན་དུ་ཡོངས་སུ་སྨིན་པ་ལ་སྔོན་དུ་དབང་བསྐུར་དང་དཀྱིལ་འཁོར་ལ་སོགས་པ་སྔོན་དུ་སོང་བའི་ལྷའི་རྣལ་འབྱོར་
ཀྱང་གསུངས་པ། དབང་བསྐུར་ཞེས་བྱ་བ་ལ་སོགས་པ་སྟེ། ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་དགེ་བ་བཅུ་ལ་སོགས་པ་ནས་བརྩམས་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པའི་ཆོས་དང་དབུ་མ་ཡིས་ཀྱང་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མ་ལུས་པའི་ཐེག་པ་ཆེན་པོ་ལ་
Vol. 20 · folio 78a
སོགས་པའི་དབང་བསྐུར་སྔོན་དུ་སོང་བས་སྔགས་ཀྱི་ཐེག་པ་ཆེན་པོ་ཉན་དུ་གཞུག་པར་བྱའོ། །ཕྱི་ནང་གསང་སྔགས་ཞེས་བྱ་བ་སྟེ། དེ་དེ་བཞིན་དུའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་ཐིག་ལ་སོགས་པ་བཤད་པར་བྱའོ། །
དེ་ལྟར་ཕག་མོའི་དཀྱིལ་འཁོར་རམ། །ཡང་ན་ཧེ་རུ་ཀའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས་བྱ་བ་སྟེ་སྒྲུབ་པ་པོ་གང་འདོད་པའོ། །དེ་ཁོ་ན་ཉིད་བཞི་དང་བཅས་པ་རྣམས་ཀྱིས་ཞེས་བྱ་བ་ནི་དགའ་བ་བཞི་རྣམ་པར་དག་པ་ཉིད་ཀྱི་ཕྱིར་བུམ་པ་དང་སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་རྣམས་ཀྱི་
དབང་བསྐུར་ཆེན་པོ་རྡོ་རྗེ་འཆང་གི་དབུགས་ཕྱུང་བ་སྦྱིན་པར་བྱའོ། །དེ་ལྟར་ཤེས་རབ་གཞུག་པར་བྱ། །དེ་ནས་གཞན་ཞེས་བྱ་བར་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་པ་རིགས་ལས་བྱུང་བ་རང་གིས་དབང་བསྐུར་བ་རྗེས་སུ་གནང་བ་བྱིན་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་མའོ། །ལྷག་མ་
རྟོགས་པར་སླའོ། །ད་ནི་ཨ་ཝ་དྷཱུ་ཏཱིའི་སློབ་མ་རྣམས་ཀྱིས་ཉེ་བར་མཁོ་བ་ཐམས་ཅད་མ་རྙེད་པ་རྣམས་ཀྱི་ནང་གི་བདག་ཉིད་ཀྱི་དཀྱིལ་འཁོར་གསུངས་པ། ཨ་ཝ་དྷཱུ་ཏཱིའི་ཞེས་བྱ་བ་ལ་སོགས་པ་སྟེ་ཨ་ཝ་དྷཱུ་ཏཱིའི་རྣལ་འབྱོར་མ་ཨ་ཝ་དྷཱུ་ཏཱིའི་གོ་འཕང་ལ་གནས་པ་དེའི་དཀྱིལ་འཁོར་བྱའོ། །དཀྱིལ་འཁོར་གྱི་
རྣམ་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ཡང་བསྒོམ་པའི་བདག་ཉིད་རྡོ་རྗེ་ཕག་མོ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་ཡེ་ཤེས་དང་ཤེས་བྱའི་རང་བཞིན་ཅན་ནོ། །མདོར་བསྟན་པ་འདིའི་རྒྱས་པར་བཤད་པའི་བསྒོམ་པ་གསུངས་པ། ཡེ་ཤེས་རྣམ་པ་ཡང་ཞེས་བྱ་བ་ལ་
སོགས་པ་སྟེ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་བསྒོམ་པ་སྟེ། གང་རྣམས་དེ་རྣམས་ཀྱི་བར་དུ་ཚིགས་སུ་བཅད་པ་བཅུ་དྲུག་རྣམས་ནི་རྟོགས་པར་སླའོ། །དེ་ནས་དེ་ཁོ་ན་ཉིད་ཀྱི་ཚིགས་སུ་བཅད་པ་གསུངས་པ། དབང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དབང་པོའི་ཡུལ་ནི་མི་བལྟ་ཞིང་། །
ཞེས་བྱ་བ་ནི་འདིར་ཁ་དོག་དང་བཞུགས་ཚུལ་ལ་སོགས་པའི་གཟུགས་ཐམས་ཅད་སེམས་ཅན་གྱི་དོན་དུ་སེམས་ཀྱིས་སྤྲུལ་པའོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་བདག་དང་བདག་གི་བ་ཐམས་ཅད་དང་བྲལ་བ་ཡང་ངོ་། །འོན་ཀྱང་མི་འདོད་དེ་བསྒོམས་པ་གསལ་བ་ཉིད་ཀྱི་ཕྱིར་ཀུན་
Vol. 20 · folio 78b
རྫོབ་ཀྱི་གཟུགས་ཙམ་མོ། །དེའི་ཕྱིར་དོན་དམ་པར་དབང་པོའི་ཡུལ་བལྟ་བར་མི་བྱའོ། །ཕྱག་དང་བཞུགས་ཚུལ་ལ་སོགས་མིན། །ཞེས་བྱ་བ་ནི་ཕྱག་དང་བཞུགས་ཚུལ་མིན་པའོ། །དེ་ཇི་ལྟར་བལྟ་བར་མི་བྱ་གསུངས་པ། བསྒོམ་པས་སྤྲོས་པ་ཀུན་བཟུང་སྟེ། །ཞེས་བྱ་བ་ནི་
འདིར་བསྒོམ་པ་རྣམས་གཟུང་བ་སྟེ་སྤྲོས་པར་སོང་ངོ་། །ཟག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཡང་ལྷག་མ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གནས་བཞིན་པའི་ཕྱིར་གོ་འཕང་ལ་འཛུད་པའོ། །གཏི་མུག་དེ་ནི་སྤང་བར་གྱིས། །ཞེས་བྱ་བ་ནི་རྨོངས་པའི་དངོས་པོ་རྣམས་བསྒོམ་པ་ལ་
སོགས་པས་སོ། །འདི་བྱས་པས་རང་གི་བདག་ཉིད་ལ་སངས་རྒྱས་ཉིད་ལ་སོགས་པ་ཐོབ་པར་བྱ་བའི་ཕྱིར་དེ་ལྟར་གཏི་མུག་སྤོངས་ཞེས་བྱ་བའི་དོན་ཏོ། །ཅི་བྱ་བ་གསུངས་པ། དོན་དམ་པ་ལ་འཇུག་པར་བྱ། །ཞེས་བྱ་བ་སྟེ་དོན་དམ་པ་རྣམས་སུ་འཇུག་པར་བྱ་སྟེ་ཨ་ཝ་དྷཱུ་ཏཱིའི་ལམ་གྱི་འོད་
གསལ་བ་ལ་དམིགས་པར་བྱའོ། །གང་གིས་རྣམ་པར་རྟོག་པ་ཐམས་ཅད་ཟད་པར་འགྱུར་རོ། །དེས་ཀྱང་ཨ་ཝ་དྷཱུ་ཏཱིའི་རྣལ་འབྱོར་མའི་དཀྱིལ་འཁོར་དང་བསྒོམ་པ་དང་རྣམ་པ་དང་བཞུགས་ཚུལ་ལ་སོགས་པ་ཐམས་ཅད་དོན་དམ་པའི་རང་བཞིན་དུ་འགྱུར་རོ། །དེའི་ཕྱིར་དོན་དམ་པའི་དཀྱིལ་
འཁོར་འདི་གཉིས་སུ་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པར་བྱ་བའོ། །དེས་ཀྱང་སྐད་ཅིག་རྣམ་པ་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་ལམ་ནང་གི་བདག་ཉིད་དམ་ལུས་ལ་སོགས་པའི་དཀྱིལ་འཁོར་རྣམས་ཐམས་ཅད་ཀྱི་བྱ་བ་མཉམ་པར་བྱའོ་ཞེས་སོ། །དེ་ལྟར་སྐད་ཅིག་ལ་
སོགས་པ་ནས་ཡི་གེ་འབར་བའི་ཡི་གེ་རྣམས་ཀྱིས་ཞེས་བྱ་བའི་བར་དུ་རྟོགས་པར་སླའོ། །ད་ནི་འདིའི་དོན་དམ་པར་རབ་ཏུ་བཞུགས་པའི་དོན་གཏུམ་མོའི་རྣལ་འབྱོར་གསུངས་པ། གཏུམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། སྲོག་ཅེས་བྱ་བ་ནི་ཤིན་ཏུ་ཕྲ་བའི་རྣམ་པ་རྣམ་པར་ཤེས་པ་
སྲོག་གི་རླུང་ཨའི་ཡི་གེའི་མིང་ཅན་ཀུན་ནས་རྣམ་པར་རྟོག་པའི་བུད་ཤིང་ཐམས་ཅད་བསྲེག་པར་བྱ་བའི་ཕྱིར་གཏུམ་མོ་དེ་བསྒོམ་པར་བྱའོ་ཞེས་བྱ་བར་གནས་སོ། །དེ་ཅིའི་ཕྱིར་གནས་གསུངས་པ། འབར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གཉིས་འཕེལ་ཡི་གེ་རྣམས་ཀྱིས་ཞེས་བྱ་བ་ནི་
Vol. 20 · folio 79a
ཧི་ཀའི་ཡི་གེ་རྣམས་ཀྱིས་བླ་མའི་གདམས་ངག་གིས་སྲོག་བསྐྱོད་པར་བྱ་སྟེ་དེས་རྣམ་པར་རྟོག་པ་ཐམས་ཅད་སྦར་ནས་འཇོམས་པར་བྱེད་དོ། །སྟེང་དུ་ཁ་བལྟས་རྩ་བསྲེག་གོ། །ཞེས་བྱ་བ་ནི་སྔོན་དུ་བཤད་པའི་འཁོར་ལོ་དྲུག་སྟེ་སྟེང་གི་པདྨ་རྣམས་ཏེ་དེ་རྣམས་ཀྱི་རྩའི་
འདབ་མ་རྣམས་དེས་བསྲེགས་ཏེ་ཡེ་ཤེས་ཀྱི་འོད་ཟེར་གྱིས་རང་བཞིན་མེད་པར་འགྲོའོ། །རྡོ་རྗེ་ཕག་མོའི་ཡེ་ཤེས་བསྐྱེད་དོ། །གཏུམ་མོའི་དངོས་པོ་ལས་བདག་ཉིད་རྡོ་རྗེ་ཕག་མོ་ཡང་ངོ་། །གཅིག་ཏུ་རྩ་རྣམས་བསྲེགས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཡེ་ཤེས་མཁའ་འགྲོ་སྐྱེས་
ཞེས་བྱ་བ་སྟེ། འཁྲུལ་འཁོར་གྱི་འཁོར་ལོ་དང་དེ་བཞིན་དུ་གོ་ཆ་དང་སྔགས་མཉེས་པར་བྱ་བ་དང་དབང་བསྐུར་དང་དཀྱིལ་འཁོར་བསྒོམ་པའི་དེ་ཁོ་ན་ཉིད་རྣམས་སུ་ཡང་སྔགས་ཀྱི་ཡི་གེ་རྣམས་ཀྱི་དང་པོ་དང་ཐ་མར་སྣ་ཚོགས་པའི་དེ་ཁོ་ན་ཉིད་གསུངས་ཏེ། དེ་རྣམས་ཀྱི་ཚད་ནི་ལྔ་བརྒྱ་རྣམས་སོ། །
སླར་ཡང་དེ་ཁོ་ན་ཉིད་རེ་རེའི་རང་འཆར་བའི་དུས་ཀྱིས་ལྔ་བརྒྱར་འགྱུར་ཏེ་ཤིན་ཏུ་ཕྲ་བ་ལས་སོ། །དེ་ལྟར་མདོར་ན་ལྔ་བརྒྱ་ལ་ལྔ་བརྒྱ་རྣམས་ཀྱིས་བསྒྲེས་པས་འབུམ་ཕྲག་གཉིས་དང་ལྔ་ཁྲི་སྟེ་འདི་ནི་འཇུག་པའི་དུས་སུ་ཤེས་པར་བྱའོ། །དེ་ལྟར་ཡང་དུས་གསུམ་རྣམས་ཀྱིས་འབུམ་ཕྲག་བདུན་
དང་ལྔ་ཁྲིའོ། །དེ་བཞིན་དུ་ཞག་གཅིག་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཞེས་བྱ་བ་སྟེ་དབུགས་རྣམས་ཀྱིའོ། །དུང་ཕྱུར་གཉིས་དང་ཐེར་འབུམ་དྲུག་དང་ཐེར་འབུམ་ཆེན་པོ་གཅིག་སྟེ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐྱེ་བར་འགྱུར་བའོ། །ཡེ་ཤེས་མཁའ་འགྲོ་སྐྱེས་ཞེས་བྱ་བ་ནི་ཤེས་རབ་
ཀྱི་ཆའི་འཁོར་ལོ་དྲུག་རྣམས་སུ་ཡང་རྣམ་པར་འཕྲོ་བའི་སྟེ་དེ་རྣམས་རང་གི་བདག་ཉིད་ཀྱི་འཛིན་པ་འཇོམས་ཤིང་སྲེག་པ་སྟེ་རང་བཞིན་མེད་པར་བྱེད་དོ། །དེ་ཇི་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་ཞེ་ན། བཤད་པ་འདིར་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེ་ཕག་མོ་དེའི་འཁྲུལ་འཁོར་དང་ཡེ་ཤེས་ཀྱི་འཁོར་
ལོ་རྣམས་ཀྱིས་ཏེ་མཁའ་འགྲོ་ནི་ཁ་སྟེང་དུ་བལྟས་པ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་འགྲོ་བའི་ངང་ཚུལ་རྣམས་སུ་ཡེ་ཤེས་ཀྱི་མཁའ་འགྲོའོ། །དེ་ལ་སྐྱེ་ཞེས་བྱ་བ་ནི་རང་བཞིན་གྱི་ཆོས་ཀྱི་ཚུལ་ཞེས་བྱ་བར་དགོངས་སོ། །དེ་ཇི་ལྟར་འཁྲུལ་འཁོར་ཡིན་ཞེ་ན། ལུས་རྩའི་རྣམ་པ་རྣམས་སུ་གནས་པས་
Vol. 20 · folio 79b
ལུས་ཀྱི་འཁྲུལ་འཁོར་རོ། །དེ་བཞིན་དུ་གསུངས་པའོ། །མཁའ་འགྲོ་མ་སོགས་མ་ལུས་པ། །ཞེས་བྱ་བ་ནི་སོགས་ཀྱི་སྒྲས་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་དང་གཤིན་རྗེ་འཇོམས་མའི་བར་རྣམས་ཏེ་དེ་སླར་ཡང་ཐབས་ཀྱི་འཁྲུལ་འཁོར་ལ་སྐྱེ་སྟེ་ཡི་གེའི་རྣལ་འབྱོར་མའི་རང་བཞིན་
རྣམས་ཀྱི་གྲངས་ཀྱི་རྩིས་སྔོན་བཞིན་ནོ། །དེ་ལྟར་བསྲེག་ཅིང་རང་བཞིན་མེད་པ་ཉིད་དུ་བྱེད་དོ། །འོན་ཀྱང་དངོས་པོ་དབྱེ་བ་ཁ་འོག་ཏུ་བལྟས་པའི་འཁོར་ལོ་རྣམས་ཐབས་ཀྱི་རང་བཞིན་རྣམས་སུ་རྣལ་འབྱོར་མ་ཐབས་ཀྱི་བདག་ཉིད་ཅན་ནོ། །དེ་བཞིན་དུ་སྟེང་དུ་བལྟས་པའི་འཁྲུལ་འཁོར་རྣམས་
ཀྱི་དངོས་པོའི་དབྱེ་བས་ཤེས་རབ་ཀྱི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམས་དང་ཤེས་རབ་ཀྱི་རང་བཞིན་རྣམས་ཀྱང་ངོ་། །མ་ལུས་ཡེ་ཤེས་འོད་ཟེར་ཅན། །ཞེས་བྱ་བ་ནི་གཏུམ་མོ་བྱས་པ་གསལ་བས་བསྲེག་པའོ། །རྣམ་པར་ཤེས་པ་ཐིམ་པ་ཉིད་དུ་འགྱུར་རོ། །རྣམ་པར་ཤེས་པ་ནི་དངོས་
པོ་དང་དངོས་པོ་མེད་པ་རྣམ་པར་འདྲེས་པའི་ཀུན་དུ་རྟོག་པ་དེ་ཐིམ་པ་སྟེ་སྣ་ཚོགས་པའི་སྲིད་པ་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་གནས་པ་ཞེས་བྱ་བའོ། །བསྲེགས་པས་ཧཾ་ལས་ཟླ་བ་འཛག །ཅེས་བྱ་བ་ནི་ཧཾ་གི་ཡི་གེ་ནཱ་ད་དང་ཐིག་ལེ་སྟེ་རཾ་གཤོལ་གྱི་དབྱིབས་རྡོ་རྗེ་སེམས་དཔའི་བདག་ཉིད་ཅན་
ལུས་ཀྱི་ཁམས་ལ་སོགས་པར་གནས་པ་དེའི་ཚེ་བདུད་རྩི་འཛག་པའོ། །སླར་ཡང་སྡུད་པ་ལས་འབྱིན་པ་སྐྱེད་པར་བྱེད་དོ། །རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རང་བཞིན་གྱི་གནས་སོ། །འཕོ་བའི་སྦྱོར་བས་ཀྱང་མཐོང་བ་དང་མ་མཐོང་བའི་དངོས་པོ་ཐམས་ཅད་ཅེས་བྱ་བ་སྟེ་ཐམས་ཅད་
བྱེད་དོ་ཞེས་བྱ་བ་ནི་ངེས་པའོ། །མ་གསུངས་ཀྱང་འཁྲུལ་འཁོར་གྱི་འཁོར་ལོ་རྣམས་ཀྱི་ཁ་དོག་དང་བྲི་བ་བཤད་པ། ཞི་ལ་ཁ་དོག་དཀར་པོ་སྟེ། །དེ་བཞིན་རྒྱས་པ་སེར་པོའོ། །དེ་བཞིན་དབང་ལ་ཁ་དོག་དམར། །མངོན་སྤྱོད་ཁ་དོག་ནག་པོ་སྟེ། །བསྐྲད་པ་ལ་ནི་ལྗང་གུའོ། །ཁ་དོག་
སྔོན་པོ་གསད་པ་ལའོ། །ཞི་ལ་ཙནྡན་གྱིས་བྲི་སྟེ། །བ་བླས་དེ་བཞིན་རྒྱས་པའོ། །དབང་ལ་གི་ཝང་གིས་བྲི་འམ། །མིང་མེད་ཀྱི་ནི་ཁྲག་གིས་སོ། །དུར་ཁྲོད་སོལ་བས་མངོན་སྤྱོད་ལ། །བསྐྲད་པ་ལ་ནི་མིག་སྨན་གྱིས། །གསད་ལ་དུག་དང་སྐེ་ཚེས་སོ། །སྨྱུ་གུ་མི་ཡི་རུས་པས་སོ། །
Vol. 20 · folio 80a
བསྐྲད་ལ་བྱ་རོག་གཤོག་པས་ཏེ། །མངོན་སྤྱོད་ལ་ནི་རོ་བསྲེག་ཅིང་། །དབང་ལ་ཙནྡན་དམར་པོ་སྟེ། །གསེར་གྱི་སྨྱུ་གུས་རྒྱས་པ་ལ། །ཤྲཱི་ཁཎྜས་ཞི་ལ་སྟེ། །སྨྱུ་གུ་མདོ་རུ་བསྡུས་པའོ། །གྲོ་ག་ལ་ནི་ཞི་བ་སྟེ། །རྒྱས་པ་དྲི་ཞིམ་གོས་ལའོ། །དབང་ལ་མི་ཡི་
པགས་པ་སྟེ། །མངོན་སྤྱོད་དུར་ཁྲོད་རས་ལའོ། །བུ་སྐྱེས་གོས་ནི་བསྐྲད་ལ་སྟེ། །གསད་པ་རོ་ཡི་གོས་ལའོ། །ཞི་བ་དུང་དང་ཉ་ཕྱིས་ལའོ། །རྒྱས་པར་གསེར་གྱི་སྣོད་དུའོ། །དབང་ལ་བུད་མེད་ཐོད་པར་བྱ། །མངོན་སྤྱོད་སྐྱེས་པའི་ཐོད་པར་ཏེ། །བསྐྲད་པ་དེ་བཞིན་བྱ་རོག་གིའོ། །
གསད་པ་ལ་ནི་ཐོད་པར་རོ། །འབད་པས་སྣག་ཚས་བྱ་བ་སྟེ། །བགྲང་ཕྲེང་ཀྱང་ནི་བྱ་བའོ། །ཞི་བའི་ལས་ལ་མུ་ཏིག་གིས། །རྒྱས་པ་གུར་གུམ་ཙནྡན་ནོ། །ཙནྡན་དམར་པོས་དབང་ལ་སྟེ། །བོང་བུའི་རུས་པ་མངོན་སྤྱོད་ལ། །བསྐྲད་ལ་ལུང་ཏང་དུ་ཤེས་བྱ། །མི་ཡི་རུས་པས་
གསད་པའོ། །དེ་ལ་སོགས་པས་ཤེས་བྱ་སྟེ། །སྣ་ཚོགས་པ་ཡི་རྒྱུད་དུ་གསུངས། །ཞི་ལ་སོགས་པའི་ལས་རྣམས་ནི། །དེར་ནི་ཐམས་ཅད་དེ་བཞིན་བྱ། །ཕྱི་རོལ་ལས་ནི་རྟག་ཅེས་བྱ། །གང་གིས་བདག་ཉིད་ཀྱང་མཚོན་ནོ། །ཕྱི་དང་ནང་གི་བདག་ཉིད་ཀྱི། །དངོས་གྲུབ་འདོད་པས་
ལས་བྱའོ། །ཞེས་བྱ་བ་ནི་ངེས་པའོ། །འདིར་གཏུམ་མོའི་ངེས་པའི་ཚིག་རྣམས་གསུངས་པ། །དད་དང་གུས་པས་དཔངས་སྨད་ལ། །བླ་མ་སྐུ་གཟུགས་དམིགས་པ་དང་། །དགའ་དང་དངོས་པོ་དངོས་མེད་ཀྱི། །དམ་པའི་ཆོས་ནི་འཆད་པའམ། །ཇི་ལྟར་འཇིག་རྟེན་སྡོད་པ་དང་། །
སྣོད་ལྡན་བུད་མེད་འཁྱུད་པ་དང་། །དགའ་བ་སྟོན་དང་རིང་གནས་དང་། །ཀླུ་སོགས་ཐམས་ཅད་ཕུན་ཚོགས་དང་། །མེ་ཏོག་རབ་དགའ་གནས་དང་། །དགོད་དང་སྒེག་དང་ཟ་བ་དང་། །སྣ་ཚོགས་བདེ་བའི་ལས་སུ་ཡང་། །གཏུམ་མོའི་རྣལ་འབྱོར་ལ་བརྟེན་བྱ། །གང་དང་དེར་ནི་གནས་
པ་ན། །དེ་ནི་རྟག་ཏུ་འབར་བའོ། །རྣལ་འབྱོར་གང་བསམས་སྐད་ཅིག་ལ། །ལས་གང་ཐམས་ཅད་བྱེད་པའོ། །འདི་གསུངས་སོ་ཞེས་བྱ་བ་ལ་སོགས་པ་སྡུད་པ་མཛད་པ་མོའི་རང་གི་རྒྱུད་ཡོངས་སུ་སྤངས་པ་སྟེ། བཅོམ་ལྡན་འདས་ནི་སྟོན་པ་པོ་ལ་བདག་གིས་ལ་སོགས་པ་རྡོ་རྗེ་ཕག་མོའི་
Vol. 20 · folio 80b
ལུས་ཀྱི་ཉན་པའོ་ཞེས་བྱ་བའི་དོན་ཏོ། །དཔལ་ཞེས་བྱ་བ་ལ་སོགས་པས་ལེའུ་ཡོངས་སུ་བསྡུ་བའི་དོན་ཏོ། །སོགས་པའི་སྒྲས་གོ་ཆའི་སྔགས་བཏུ་བ་དང་དེ་བཞིན་དུ་དབང་བསྐུར་བ་དང་། གཏུམ་མོའི་རྣལ་འབྱོར་ཀྱང་ངོ་། །དེ་དེ་བཞིན་དུ་བཤད་དོ། །འདི་ནི་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་
འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་འགྲེལ་པ་དཔལ་གྲུ་གཟིངས་ལས་རྡོ་རྗེ་ཕག་མོ་བསྐྱེད་པ་དང་གཙོ་མོར་གནས་པ་དང་གོ་ཆའི་སྔགས་བཏུ་བ་དང་འཁྲུལ་འཁོར་གྱི་འཁོར་ལོ་དང་དབང་བསྐུར་བ་དང་སྐལ་བ་དང་ལྡན་པ་ཉིད་ཀྱིས་དཀྱིལ་འཁོར་བསྒོམ་པ་དང་རང་བཞིན་རྒྱས་པར་བཤད་པའི་འགྲེལ་པ་སྟེ་ལེའུ་
གཉིས་པའི་བཤད་པའོ།། །།འཁོར་བ་སྲིད་པའི་འཁོར་ལོ་ཡིས། །བདེ་མའི་ངོ་བོས་རྨད་བྱུང་ཆེ། །སྒྱུ་མའི་རྣམ་པའི་རང་གཟུགས་སམ། །མཁའ་འགྲོ་ལྷ་མོ་ཕྱག་འཚལ་ནས། །འདིར་གསུངས་པ་མཁའ་འགྲོ་མའི་ལེའུ་བཤད་པ་སྨྲས་པ། དེ་ནས་འདི་ལ་ཞེས་བྱ་བ་ལ་སོགས་
པ་སྟེ། འདིར་མཁའ་འགྲོ་མ་འཆར་བ་དང་དེ་བཞིན་དུ་མཁའ་འགྲོ་མའི་སྦྱོར་བ་ལས་སྣ་ཚོགས་པ་ལ་སྤྲོ་བ་དང་། ཆ་དང་དུམ་བུས་འཇིག་རྟེན་གྱི་ཁམས་མདོར་བསྟན་པ་ནི་གཅིག་གོ། །གཉིས་པ་མཁའ་འགྲོ་མའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་དང་ལྷན་ཅིག་བསྒོམས་པ་དང་སྔགས་ཁ་
སྦྱོར་དང་དེ་བཞིན་དུ་ཀུན་དུ་སྤྱོད་པ་དང་མཁའ་འགྲོ་མའི་རིགས་དང་དེའི་རྒྱུད་ཀྱི་རྣམ་པར་གཞག་པའོ། །གསུམ་པ་བཤད་པ། ནང་གི་གདམས་ངག་གི་རིགས་པས་སྐྱེ་གནས་དང་དེར་བསྐྱོད་པའི་མིང་གི་ཡི་གེའི་རྣམ་པར་གཞག་པའི་མཚན་ཉིད་དང་། དེ་བཞིན་དུ་དེས་དེ་ལྟར་ལས་ཀྱི་ཚོགས་
རྣམས་ཀྱིས་བྱ་བའི་མཚན་ཉིད་དང་། དབུགས་རྒྱུ་བས་དུས་ཀྱི་ལོངས་སྤྱོད་དང་། གང་ཡང་དེ་རྣམས་ཀྱི་རང་བཞིན་ཡི་གེ་ཙམ་མོ་ཞེས་བྱ་བའོ། །བཞི་པ་བཤད་པ། རྣལ་འབྱོར་མ་རྣམས་ཀྱི་རང་བཞིན་དང་། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ནང་གི་བདག་ཉིད་ཀྱི་མཚན་ཉིད་དང་། རྣལ་
འབྱོར་མ་དེ་རྣམས་ཀྱི་སངས་རྒྱས་ཀྱི་རང་བཞིན་གྱི་དུས་དང་དུས་སུ་རབ་ཏུ་འཇུག་པའི་མཚན་ཉིད་ཀྱི་རང་བཞིན་ནོ། །རླུང་ཆེན་པོ་ལྔའི་དེ་ཁོ་ན་ཉིད་ཀྱི་གདམས་ངག་གི་མཚན་ཉིད་དང་དེ་བཞིན་དུ་ཞུ་བར་ཞུགས་པས་མི་སྣང་བར་སོང་བ་དང་། སླར་ཡང་བསྐུལ་བས་སློང་བ་དང་། སྒྱུ་མ་ལྟ་བུ་
Vol. 20 · folio 81a
རྣམས་ཀྱིས་རང་གི་སྐུ་བསྟན་པའི་ཕྱིར་ཆོས་ཀྱི་སྐུའི་རང་བཞིན་དང་། སླར་ཡང་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་རིགས་པས་རྣལ་འབྱོར་མའི་རྒྱུད་ལས་ཡིད་ཆེས་པ་སྟེ། དེས་ཀྱང་བྱེ་བྲག་སྨྲ་བ་ལ་སོགས་པ་བཞི་པོའི་རྒྱུད་ཀྱི་གདམས་ངག་གིས་བཤད་པའོ། །
མཁའ་འགྲོ་མ་ལ་རྣམ་པར་གཞག་པ་ལྔའི་རང་བཞིན་དུ་བསྟན་པ་བཤད་པའོ། །ད་ནི་ཐོག་མར་འཆར་བའི་གནས་སྐབས་བཤད་དེ། དེ་ཡང་རབ་བཤད་བྱ་ཞེས་བྱ་བ་སྟེ་རབ་ཏུ་གསལ་བར་གྱུར་པས་ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིན་ཧེ་རུ་ཀ་དང་ཕག་མོའི་འགྲོ་བ་དང་ཀུན་དུ་འགྲོ་བ་སྟེ། དེ་
འཇིག་རྟེན་པ་རྣམས་ཀྱིས་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་དེ་བསྙད་པ་དང་འཆད་པས་བརྗོད་པར་བྱའོ་ཞེས་བྱ་བར་དགོངས་སོ། །དེ་ཅི་ཞེ་ན། མཁའ་འགྲོ་མ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་འཆར། མཁའ་འགྲོ་མའི་སྦྱོར་བ་ཞེས་བྱ་བ་སྟེ། རྩ་རྣམས་ཀུན་དུ་སྤྱོད་པའི་དུས་
སུ་མཁའ་འགྲོ་མའི་རང་བཞིན་གྱི་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྲོག་ཨ་ཝ་དྷཱུ་ཏཱིར་སོན་པ་དེ་ཉིད་དེའི་ཚེ་སྦྱོར་བ་སྟེ། ལུས་དང་སེམས་གཉིས་སུ་མེད་པའོ། །དེ་བཅོམ་ལྡན་འདས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཁམས་དེའི་རང་བཞིན་དུ་གནས་པའོ། །རྩེན་པ་མཆོག་ཅེས་བྱ་བ་ནི་མཆོག་
ནི་ཁྱད་པར་དུ་འཕགས་པའི་གནས་པའོ། །རྩེན་པ་ནི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་རོལ་པ་ཞེས་བྱ་བར་དགོངས་སོ། །དེ་ཡང་བཅོམ་ལྡན་འདས་མཁའ་འགྲོ་མའི་གཟུགས་སུ་ཕག་མོའི་རྐྱེན་གྱིས་ཡེ་ཤེས་ཀྱི་སྐུ་ལས་རྣམ་པར་ཤེས་པའི་སྐུ་ཅན་ནོ། །དེ་དེ་བཞིན་དུ་གསུངས་པའོ། །
འདིའི་དབང་དུ་མཛད་ནས་གསུངས་པ། ཕག་མོའི་མཐའ་མེད་པ་ཡི་གཟུགས། །ཞེས་བྱ་བ་སྟེ། སྤྱི་གཙུག་ནས་རྐང་པའི་མཐེ་བོང་གི་མཐར་ཐུག་པ་དག་ཏུ་གང་ཞིག་སྲོག་གི་རླུང་གིས་དགང་བར་བྱའོ། །རྩའི་ཡི་གེས་གཉིས་ཀ་ཨ་ཝ་དྷཱུ་ཏཱི་ནང་དུ་རབ་ཏུ་གཞུག་པའོ། །དབང་ཆེན་གྱི་དཀྱིལ་
འཁོར་གྱི་དུས་སུ་ཡང་དེའི་ཚེ་མཁའ་འགྲོ་མ་ཕག་མོར་འགྱུར་རོ། །དེའི་ཕྱིར་ཕག་མོ་མཐའ་མེད་པའི་གཟུགས་ཏེ་དྲ་བ་ནི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་སྤྲོས་པར་འགྱུར་ཏེ། གང་འདོད་པ་དེར་འགྲོའོ། །སླར་ཡང་གནས་དེ་ནས་འགུགས་སོ། །སྡོམ་པ་ནི་སྡོམ་པའི་ཕྱིར་ཏེ། ཡེ་ཤེས་
Vol. 20 · folio 81b
ཀྱི་སྐུའི་འཆར་བ་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣ་ཚོགས་པའི་མཁའ་འགྲོ་མའི་སྦྱོར་བས་སྤྲོ་བ་ཞེས་བྱ་བའོ། །དེ་བཞིན་དུ་ཕག་མོ་དང་མཁའ་འགྲོ་མའི་གཟུགས་ཀྱི་དངོས་པོའི་དབྱེ་བ་གསུངས་པ། སྐུའི་དངོས་པོའི་དབྱེ་བ་ཞེས་བྱ་བ་སྟེ། འདིར་གང་གི་ཕྱིར་ཨ་ཝ་དྷཱུ་ཏཱིའི་ལུང་
ལ་བརྟེན་པ་སྟེ། རྩའི་ཡི་གེས་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ནང་དུ་ཡང་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་འབབ་པ་སྟེ། །དེས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀྱང་དབང་ཆེན་གྱི་དཀྱིལ་འཁོར་གྱི་ནང་དུ་ཞུགས་པའོ། །དེའི་ཚེ་རྡོ་རྗེ་ཕག་མོ་མཁའ་འགྲོ་མར་འགྱུར་རོ། །དེའི་ཕྱིར་མཁའ་འགྲོ་མ་
མཐའ་མེད་གཟུགས་ཏེ། དཔའ་བོ་དང་རྣལ་འབྱོར་མའི་བུངས་སྤྲོ་བར་འགྱུར་རོ། །གང་འདོད་པ་དེར་ཀུན་དུ་འགྲོའོ། །སླར་ཡང་འགུགས་སོ། །སྤྲུལ་པའི་སྐུའི་འཆར་པ་ལ་ངལ་སོ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་སྣ་ཚོགས་པ་ཕག་མོའི་སྦྱོར་བ་ལས་སྤྲོ་བའོ་ཞེས་བྱ་བའོ། །དེ་
ལྟར་ཡང་ལཱ་མ་ལ་སོགས་པ་ཐམས་ཅད་ལ་ཤེས་པར་བྱའོ། །དེའི་ཕྱིར་སྐུ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་སྔོན་དུ་བཤད་པའི་རིགས་པས་བདེ་བ་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་འཕོ་བའི་སྐད་ཅིག་ལས་ཨ་ཝ་དྷཱུ་ཏཱིར་གཏུམ་མོ་འབར་རོ། །དེས་བྱང་ཆུབ་
ཀྱི་སེམས་རྣམས་འཛག་པ་དང་། བདེ་བའི་གཟུགས་ཉིད་ནི་རྣམ་པ་གསུམ་སྟེ་དགའ་བ་དང་མཆོག་དང་བྲལ་བ་རྣམས་ཏེ་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུར་འགྲོའོ། །སྣ་ཚོགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་གང་འདོད་པས་སྤྲོ་བ་དང་བསྡུ་བ་བྱའོ། །ཡང་ན་
སྐུ་གསུམ་རྣམས་ཀྱི་ཐ་དད་སོ་སོར་སྤྲོ་བར་བྱའོ། །ཡང་ན་སྐུ་གསུམ་གཅིག་པ་སྟེ། །གལ་ཏེ་གསུམ་གཅིག་པ་དེའི་ཚེ་གསུམ་ཞེས་བྱ་བ་ལ་སོགས་པ་རྩ་གསུམ་སྟེ་བརྐྱང་མ་དང་རོ་མ་དང་ཨ་ཝ་དྷཱུ་ཏཱི་རྣམས་སུ་རིམ་པ་ཇི་ལྟ་བར་དགའ་བ་གསུམ་སྟེ། དེ་རྣམས་ཡོངས་སུ་ཤེས་པ་ནི་བཞི་
པ་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། འདོད་པ་ནི་འཐོབ་པ་སྟེ་ཐམས་ཅད་དུ་དེ་ལྟར་རྡོ་རྗེ་ཕག་མོ་ཉེ་བར་བགྲོད་པ་ལས་སོ། །དེའི་རང་བཞིན་ཞེས་བྱ་བ་ནི་ཕག་མོ་དང་ལྷན་ཅིག་སྐྱེས་པ་དག་གི་རང་བཞིན་གྱིས་དེ་དེ་བཞིན་དུ་བཤད་དོ། །རོ་ཆེན་པོ་ཞེས་བྱ་བ་ནི་གཅིག་ཏུ་ལྷན་ཅིག་སྐྱེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words