སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ

Sanskrit title (Tibetan script, as in the text) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 32 · folio 269b

མྱོང་ཞིང་དེ་ནས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེའི་ལམ་ནས་པདྨའི་ནང་དུ་རང་གི་རགྟ་སྤྲོ་བར་བྱའོ། །རྡོ་རྗེའི་ཚིག་གི་དོན་འདི་ཡིན་ནོ་ཞེས་པ་ནི་ཟབ་པའི་དོན་དང་ལྡན་པའི་ཚིག་དོན་ཞེས་བྱའོ། །འདི་དག་ཐམས་ཅད་སྐུ་གསུམ་གྱི་རྟོག་པ་ཞེས་པ་ནི་སྣང་བ་ལ་སོགས་པ་

ཡེ་ཤེས་གསུམ་གྱི་རྫོགས་པའི་རིམ་པ་དང་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་གསུམ་གྱི་བདག་ཉིད་དེ་བསྐྱེད་པའི་རིམ་པས་སོ། །རྣམ་པར་རྟོག་པ་ཙམ་ཉིད་ཡིན་གྱི་ཞེས་པ་ནི་བརྟགས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་

བདག་ཉིད་དུ་བསྒོམ་པ་ཡང་ཡིན་པ་དེ་ནི་དོན་དམ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ན་ཉིད་ནི་སྤྲོས་པ་དུ་མས་བསྒྲུབ་བྱ་མ་ཡིན་ཏེ་འབའ་ཞིག་ཏུ་རང་སྣང་བའི་ཕྱིར་རོ། །ཕྱག་རྒྱ་ལ་སོགས་པའི་རྒྱུའི་ཚོགས་པ་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཡིན་གྱི་བྱེད་པ་ནི་མ་ཡིན་ནོ། །དེ་ཁོ་ན་

ཉིད་ནི་རང་སྣང་བ་ཁམས་གསུམ་ལ་གནས་པ་སྟེ། གློ་བུར་གྱི་དྲི་མའི་བག་ཆགས་མང་བས་མི་སྣང་ངོ་ཞེས་ཕལ་ཆེར་དུ་སྔར་བཤད་པས་འདིར་མ་བསྟན་ཏོ། །སྙོམས་པར་ཞུགས་པའི་དུས་སུ་ཞེས་བྱ་བ་ལ་སོགས་པས་སྙོམས་པར་ཞུགས་པའི་བསྒོམ་པའི་རིམ་པའི་ཁྱད་པར་བསྟན་

པར་བྱ་སྟེ། དཀར་པོ་ལ་སོགས་པའི་འོད་ཟེར་ལྔ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པ་འམ། རྡོ་རྗེ་དང་པདྨ་དག་གིས་འདོད་པའི་གདུགས་ལ་སོགས་པའི་རྩ་ལྔ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཟླ་འོད་ཅེས་བྱ་བ་ལ་སོགས་པས་ཞེས་པ་ནི་ཁ་དོག་དཀར་པོ་འོད་སྤྲོ་

བ་ཞེས་བྱའོ། །ཟླ་འོད་ཅེས་བྱ་བ་ལ་སོགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོས་ཕྱི་རོལ་དུ་ཡང་རྣམ་པ་སྣ་ཚོགས་ཀྱི་འོད་ཟེར་གྱི་ཚོགས་སྤྲོ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་འཕྲོག་པའི་བུད་མེད་ཅེས་པ་ནི་ཕྱག་རྒྱའི་མཚན་ཉིད་ནུ་མ་རྒྱས་པ་དང་པདྨ་ཅན་དང་བྱང་ཆུབ་ཀྱི་སེམས་

འཛག་པ་དང་བདེ་བའི་སྒྲ་མཁས་པ་ལ་སོགས་པའི་རྣལ་འབྱོར་པའི་སེམས་འཕྲོག་པ་ཞེས་བྱ་བའི་དོན་ཏོ། །བསམ་པ་འདི་ནི་ཉེ་བར་མཚོན་པ་ཞེས་པ་སྟེ་གསུང་དང་ཐུགས་དང་རིན་ཆེན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་རྗེས་སུ་འབྲངས་ནས། དམར་པོ་དང་སྔོན་པོ་དང་སེར་པོ་

Vol. 32 · folio 270a

པོ་དང་ཁ་དོག་ལྗང་གུ་དང་ལྡན་པ་སྔར་བཤད་པའི་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པའི་ཕྱག་རྒྱ་བསྒོམ་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །སྔར་གསུངས་པའི་རྗེས་སུ་དྲན་པ་དྲུག་

ཅེས་པ་ནི་རིམ་པ་གཉིས་རྗོད་པར་བྱེད་པའོ། །ངེས་པར་སྟོན་པར་བཞེད་ནས་ཞེས་པ་ནི་ཕྱོགས་གཅིག་ཏུ་ཆད་པར་བཞེད་པས་སོ། །གཞན་དུ་ན་མདོར་བསྟན་པ་དང་རྒྱས་པར་བཤད་པ་མཐུན་པར་མི་འགྱུར་རོ། །གང་གི་ཕྱིར་ལུས་རྣམ་པར་དབེན་པ་ནས་བརྩམས་ཏེ་རྗེས་སུ་དྲན་པ་

དྲུག་མདོར་བསྟན་པར་བྱས་སོ། །འདི་ནི་བསྐྱེད་པའི་རིམ་པ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་སྐུ་བསྒོམས་ནས་རིམ་པ་གཉིས་ཀྱིས་འོད་གསལ་ལ་ཞུགས་ནས་བདག་ལ་བྱིན་གྱིས་བརླབས་པས་དེ་རྣམས་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །དེ་

ལྟར་ན་ཕྱོགས་གཅིག་གི་སྒོ་ནས་མདོར་བསྟན་པ་དང་རྒྱས་པར་བཤད་པ་རྣམས་དང་འབྲེལ་ལོ། །ལ་ལ་ནི་མ་ལུས་པས་འབྲེལ་ཏེ་ཞེས་ཟེར་ཏེ་གང་གི་ཕྱིར་བསྐྱེད་པའི་རིམ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་བསྒོམས་ལ། རིམ་པ་དང་པོས་ངག་རྣམ་པར་དབེན་པར་བྱས་ཏེ་

གཉིས་པས་འོད་གསལ་བ་ལ་འཇུག་ཅིང་གསུམ་པས་དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམས་ཏེ་བཞི་པས་འོད་གསལ་བར་བྱས་ནས་ལྔ་པས་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་བསམ་པར་བྱའོ། །དེ་བས་ན་མདོར་བསྟན་པ་དང་རྒྱས་པར་བཤད་པ་རྣམས་མཐུན་པ་ཡིན་

ནོ་ཞེས་གནས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་གནས་སྟོན་པར་མཛད་པ་ཡིན་ཏེ་ཞེས་སྨོས་ཏེ། རྒྱས་པར་བཤད་པའི་རིམ་པས་བརྩོན་པར་བཤད་དོ། །སྟོན་པ་པོ་རང་ཉིད་ཀྱིས་ཞེས་པ་ནི་འདྲི་བ་དང་ལན་འདེབས་པར་རང་ཉིད་ཀྱིས་མཛད་པ་སྟེ་ཕ་རོལ་གྱི་རྟོག་པ་ལ་དགོངས་ནས་

ཞེས་ཚིག་ལྷག་མའོ། །དེ་ཉིད་ཡང་ནས་ཡང་བསླབ་པར་བྱ་བ་ཡིན་པར་ཤེས་པ་ཤིན་ཏུ་གསལ་བར་བྱ་བའི་ཕྱིར་རོ། །སྒོམ་པ་ནི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །བྷ་ག་ནི་དོན་དམ་པའི་བདེན་པ་ཞེས་པ་ནི་ཆགས་པ་དང་བྲལ་བ་ལ་སོགས་པའི་རང་བཞིན་

Vol. 32 · folio 270b

བཅོམ་པས་སོ། །དེ་ཐིམ་པས་ན་ཞེས་པ་ནི་དེ་ལས་འབྱུང་བ་འམ་དེ་ལ་འཇུག་པའོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་སྒྱུ་མ་ལྟ་བུའི་སྐུའོ། །འོད་གསལ་བ་ལ་རབ་ཏུ་ཞུགས་ནས་ཞེས་པ་ནི་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་སྟོང་པར་བྱས་ནས་སོ། །སངས་རྒྱས་ཀྱི་སྐུ་ཞེས་བྱ་བ་

ལ་སོགས་པས་ཟུང་དུ་འཇུག་པའི་རིམ་པ་བསྟན་པར་བྱ་སྟེ། དོན་དམ་པའི་བདེན་པ་ལས་ལྡང་བར་བྱའོ་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ལས་ཕྱག་རྒྱ་ཆེན་པོའི་སྐུ་བླང་བར་བྱའོ། །བ་སྤུའི་བུ་ག་ཞེས་བྱ་བ་ལ་སོགས་པས་རིམ་པ་ལྔ་པ་ལ་གནས་པས་གཞན་གྱི་དོན་བསྟན་ཏོ། །

དེ་ལ་གང་ལས་བྱུང་བ་དེ་ནི་བ་སྤུའི་བུ་ག་སྟེ་བ་སྤུའི་རྩ་བ་ཞེས་བྱའོ། །དེ་རྣམས་ཀྱི་མཐའ་ནི་རྩེ་མོའོ། །བ་སྤུའི་གཉི་གའི་བར་ཞེས་པ་ནི་བ་སྤུའི་བར་ལ་བྱའོ། །དེས་ན་དོན་འདི་ཡིན་ཏེ་དང་པོ་བསྐྱེད་པའི་རིམ་པས་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་བསྒོམས་ལ་རྫོགས་པའི་རིམ་པས་མི་གནས་

པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཐོབ་ནས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བ་སྔོན་དུ་འགྲོ་བར་གཞན་གྱི་དོན་བྱའོ་ཞེས་ཚིག་གི་དོན་ཏོ། །མཁས་པ་ནི་རང་བཞིན་ཤེས་པ་ཞེས་བྱ་བ་ལ་སོགས་པའི་རིམ་པ་གཉིས་ཐོབ་ནས་རྡོ་རྗེ་འཆང་གི་གཟུགས་ཀྱི་རང་བཞིན་

ཤེས་པས་སྤྲོ་བར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྤྲོ་བའི་ཁྱད་པར་བཤད་པར་བྱ་སྟེ། གཏི་མུག་ལ་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་གཏི་མུག་གི་རིགས་ཅན་རྣམས་སངས་རྒྱས་སྤྲོ་ཞིང་གཏི་མུག་གི་དྲི་མ་དེ་ལས་བཟློག་སྟེ། རྣམ་པར་སྣང་མཛད་དུ་གྱུར་པས་འོད་

ཟེར་གྱི་སྦྱོར་བས་དེ་རྣམས་རང་གི་རྡོ་རྗེའི་སྐུ་ལ་འཇུག་པར་བྱའོ་ཞེས་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་བསྟན་ཏོ། །དེ་བཞིན་དུ་གསུང་རྡོ་རྗེ་ལ་སོགས་པ་ལ་ཡང་ཤེས་པར་བྱའོ། །མི་འཇིགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ནི། བརྟན་པ་སྙིང་པོ་ཁོང་སྟོང་མེད། །གཅད་

མེད་དབྱེར་མེད་མཚན་ཉིད་དེ། །སྲེད་པ་མེད་ཅིང་འཇིག་མེད་པ། །སྟོང་པ་ཉིད་ནི་རྡོ་རྗེར་བཤད། །ཅེས་འབྱུང་བས་སོ། །དེ་ལ་སྔར་བཤད་པའི་རིམ་པས་ཞེས་པ་ནི་འདོད་ཆགས་ཀྱི་སྤྱོད་པ་དང་ལྡན་པ་སེམས་ཅན་གྱི་ཁམས་སྦྱང་བའི་རིམ་པས་སྤྲོ་ཞིང་བསྡུ་བར་བྱའོ། །རྡོ་རྗེ་

Vol. 32 · folio 271a

སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ་ཞེས་པ་ནི། ལྔ་སྤོང་བ་དང་ལྔ་རིག་པ། །རྡོ་རྗེ་ཞེས་བྱར་བཤད་པ་ཡིན། །དེ་ལ་སེམས་དཔའ་ནི་རང་བཞིན་གང་ལ་ཡོད་པ་དེ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱའོ། །སྐུ་ནི་སའོ་ཞེས་པ་ནི་ཚིག་ཕྲད་ཀྱི་དོན་དུ་མ་ཡིན་པས་སོ། །ལ་

སྟེ་འཛིན་ཅིང་བདག་གིར་མཛད་པས་ན་ཞེས་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པས་སོ། །རིན་ཆེན་འབྱུང་ལྡན་ནི་ནམ་མཁའི་མཛོད་ཀྱི་ཉེ་བར་མཚོན་པས་སོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ན་རྡོ་རྗེ་འཆང་ཆེན་པོའོ། །དམ་ཚིག་གིས་ཁྲོ་བར་མཛད་པས་ན།

ཞེས་པ་ནི་དམ་ཚིག་ཉམས་པ་ལ་ཁྲོས་པའི་སྟོབས་ཀྱིས་ངེས་པར་བསྡམས་པའམ་སྦྱང་བར་བྱེད་པའོ། །དམ་ཚིག་གསོས་པ་ལ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དབང་བྱེད་པ་ཡིན་ནོ་ཞེས་བླ་མའི་རྒྱུད་ཡིན་ནོ། །ཞེ་སྡང་ལས་བྱུང་བའི་ཕྱིར་ཁྲོ་བོ་ནི་མི་བསྐྱོད་པ་ཞེས་བྱའོ། །དེ་ནི་

སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་ལྔ་པོས་རིམ་པ་གཉིས་སྔར་མདོར་བསྟན་པས་ནི་རྒྱས་པར་བཤད་པ་ཡིན་ནོ། །དམ་ཚིག་གི་རྗེས་སུ་དྲན་པས་ལས་ཀྱི་རྒྱལ་བ་མཆོག་གི་ཡན་ལག་གཅིག་ཚིམ་པར་བྱ་བའི་ཆོ་ག་བསྟན་པར་བྱ་སྟེ། དམ་ཚིག་ཐམས་ཅད་སྤྲུལ་པར་མཛད་པས་ན་དམ་ཚིག་ནི་

རྡོ་རྗེ་འཆང་ཆེན་པོའོ། །ཡེ་ཤེས་ཀྱི་སྐུའི་རང་བཞིན་གྱི་ཞེས་པ་ནི་ཡེ་ཤེས་ལྔའི་རང་བཞིན་གྱི་ལྷའི་སྐུ་ཞེས་བྱ་བའི་དོན་ཏོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུ་འདིར་འཆད་པར་འདོད་པ་མ་ཡིན་ཏེ། དེ་རྫོགས་པའི་རིམ་པ་ཡིན་པས་བདུད་རྩིས་ཚིམ་

པའི་ཆོ་ག་མི་རིགས་པའི་ཕྱིར་རོ། །དགོས་ན་ཡང་རྫོགས་པའི་རིམ་པ་ཉམས་པར་འགྱུར་རོ། །དེའི་ཕྱི་ནས་རྗེས་སུ་དྲན་ཞིང་ཞེས་པ་ནི་ཏིང་ངེ་འཛིན་གཉིས་ཀྱིས་རྫོགས་པ་རྡོ་རྗེ་འཆང་ནི་སྐུ་ཕྱི་མའི་དུས་སུའོ། །སྤྲུལ་པའི་སྐུའོ་ཞེས་པ་ནི་སྤྱན་མ་ལ་སོགས་པ་ལྷ་མོ་བཞིས་བསྐུལ་བ་དང་། མི་

བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བསྟོད་པ་ལས་འབྱུང་བའོ། །དེ་རྒྱས་པར་བྱ་བའི་ཕྱིར་ཞེས་པ་ནི་དེ་ཚིམ་པའི་ཕྱིར་རོ། །ལྕེ་རྡོ་རྗེ་ནི་རྡོ་རྗེ་ལྟ་བུའི་ལྕེ་བསྒོམས་ནས་སོ། །རྐན་གྱི་པདྨ་ཞེས་པ་ནི་རྐན་གྱི་ཕྱོགས་སོ། །རྡོ་རྗེ་པདྨ་ལ་སོགས་པས་དཔེ་བསྟན་ཏོ། །ཀླད་རྒྱས་ན་

Vol. 32 · folio 271b

གནས་པའི་བདུད་རྩི་ཞེས་པ་ནི་ཚངས་པའི་བུ་གའི་ནང་ན་གནས་པའི་བྱང་ཆུབ་ཀྱི་སེམས་སོ། །ཐིགས་པའི་བསྐུལ་བ་དབབ་པའི་ཆ་རྣམས་ཀྱིས་ཞེས་པ་ནི་ཨོཾ་གྱིས་ཡི་གེ་འབར་བས་བཞུས་པ་དང་དབྱངས་བཅུ་དྲུག་གི་བདག་ཉིད་ཀྱི་ཟླ་བའི་དཀྱིལ་འཁོར་ཞེས་བྱའོ། །གཟུགས་ཀྱི་ཕུང་པོ་ལ་

སོགས་པ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་ལུས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཏེ། རྣམ་པར་ཤེས་པ་ལུས་བདེ་བར་གྱུར་ན་སེམས་ལ་ཡང་ཡིད་བདེ་བ་བསྐྱེད་པའི་ཕྱིར་རོ། །ཚིམ་པར་བྱ་ཞེས་

པ་ནི་ཚིམ་པ་ཉིད་མཆོད་པ་ཞེས་དགོངས་པའོ། །བདུད་རྩི་དབབ་པ་ཞེས་བྱ་བ་ལ་སོགས་པས་བདུད་རྩི་མྱང་བའི་ཆོ་ག་ལ་ཕན་ཡོན་བསྟན་ཏོ། །ཚིག་གི་དོན་འདི་ཡིན་ཏེ། ཕྲ་མོའི་རྣལ་འབྱོར་དང་བཟླས་པ་དང་འོད་དུ་ཞུ་བ་དང་ལྷ་མོས་བསྐུལ་བས་ལྡང་བ་དང་། དེ་བཞིན་གཤེགས་པས་

བསྟོད་པའི་འོག་ཏུ་སེམས་དུབ་པར་གྱུར་ན་མཐོ་གང་ཙམ་བོར་ནས་རང་གི་སྤྱི་བོར་ཆ་བཅུ་དྲུག་ཡོངས་སུ་གྱུར་པ་ལས་གདུགས་དཀར་པོ་ལྟ་བུ་རྒྱས་པ་བདུད་རྩི་ལྔའི་རང་བཞིན་གྱི་ཟླ་བའི་དཀྱིལ་འཁོར་དཀར་པོ་བསམས་ལ། དེའི་དཀྱིལ་དུ་ཐུར་དུ་ཁ་བལྟས་པ་ཡི་གེ་ཨོཾ་འབར་བ་དགོད་དེ།

ལྕེའི་རྡོ་རྗེ་རྐན་གྱི་ཕྱོགས་སུ་ཡང་དག་པར་སྦྱར་ཞིང་ཡི་གེ་ཨོཾ་དེའི་འབར་བས་དེ་བཞུས་པར་འགྱུར་བ་ཚངས་པའི་སྒོ་ནས་འཛག་པ་ལྕེས་མྱང་བར་བསམས་ལ་ཀུན་དུ་སྤྱོད་པའི་རིམ་པས་ལུས་པོ་ཐམས་ཅད་ཚིམ་པར་འགྱུར་བ་བསྒོམ་པར་བྱའོ། །དེའི་ཕན་ཡོན་ནི། རྒ་བ་མ་ཡིན་གཉེར་བ་མིན། །

དེ་བཞིན་དུས་མེད་འཆི་བ་མེད། །རྡོ་རྗེ་སེམས་དཔའ་བཞིན་དུ་དེའི་ཚེ་དང་ནད་མེད་གཞོན་པར་འགྱུར་ཞེས་འབྱུང་ངོ་། །དེ་ནི་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་དང་པོའི་ཡན་ལག་བཤད་པར་བྱ་སྟེ། མཆོག་སྒྲུབ་པ་ལ་གནས་པ་

ཞེས་པ་ནི་སྙོམས་པར་འཇུག་པ་ལ་གནས་པའོ། །ཕྱིའི་བུད་མེད་དང་ཡང་དག་པར་སྦྱོར་བས་ཞེས་པ་ནི་ལེགས་པར་སྦྱངས་པ་ཤིན་ཏུ་སློབ་པ་དམ་ཚིག་གི་ཕྱག་རྒྱ་དང་འབྲེལ་པས་སོ། །བདུད་རྩི་འབྱིན་པའི་དགོས་པ་བསྟན་པར་བྱ་བའི་ཕྱིར་ཞེས་པ་ནི་སྙོམས་པར་འཇུག་པ་ལས་འབྱུང་

Vol. 32 · folio 272a

བའི་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱའོ། །ཕྱུང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ཕྱུང་བའི་སྔགས་ཀྱི་ངོ་བོ་བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །རང་གི་བྱ་བ་ལ་དབང་བྱེད་པས་ན་དབང་པོའོ་ཞེས་པ་ནི་

དཀྱིལ་འཁོར་པ་སྤྲོ་བའི་ཕྱིར་བདག་པོ་ཡིན་པས་སོ། །སྐྱེས་པ་དང་བུད་མེད་ཀྱི་བདག་པོ་དག་སྟེ་ཞེས་པ་ནི་སྔར་བཤད་པའི་རིམ་པས་སྔགས་ཀྱི་ཡི་གེ་མ་ལུས་པ་དགོད་པ་གསང་བའི་རྡོ་རྗེ་དང་པདྨའོ། །འཁྱུད་པ་ལ་སོགས་པའི་སྦྱོར་བ་ལ་བྱང་བའོ་ཞེས་པ་ནི་དཔལ་རྡོ་རྗེ་གདན་བཞིའི་

རྒྱུད་ལས་གསུངས་པའི་སྒོང་ཐོག་ལ་སོགས་པའི་བྱ་བ་ལ་མཁས་པའོ། །རང་གི་ས་བོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་སྦུབས་སྟོང་བདུན་ཅུ་རྩ་གཉིས་བསྐུལ་ནས་ཞེས་པ་ནི། རྡོ་རྗེ་དང་པདྨ་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྦྱོར་བས་སོ། །སྙིང་གར་ཕྱིན་པ་ཞེས་པ་ནི་རྩ་ཐམས་

ཅད་ཀྱི་གཙོ་བོར་གྱུར་པ་སྙིང་ག་ནི་འདོད་པའི་གདུགས་ཏེ་རྩ་དབུ་མའོ། །དེ་ལས་ཐོབ་པའི་བྱང་ཆུབ་སེམས་ཞེས་བྱའོ། །རྡོ་རྗེའི་ལམ་ནས་ཕབ་པའོ་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་མྱོང་ཞིང་རྟགས་ལྔ་མཚོན་པ་སྔོན་དུ་འགྲོ་བའི་འོད་གསལ་བ་ལ་འཇུག་སྟེ། བཛྲ་དྷྲྀཀ་

ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཀྱི་བདག་ཉིད་ཕཊ་ཀྱི་སྒྲ་སྟེ་སྤྲོ་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་སྤྲོ་བའི་འབྲས་བུ་བསྟན་པར་བྱ་སྟེ། བུ་དང་ཚ་བོ་ལ་སོགས་པའི་དཀྱིལ་འཁོར་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལས་འབྱུང་བའི་ཕྱིར་བུ་ནི་དེ་

བཞིན་གཤེགས་པ་ལྔའོ། །དེའི་སྤྲུལ་པ་ཡིན་པ་དང་དེའི་བྱ་བ་བྱེད་པས་ཚ་བོ་ནི་སའི་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དཀྱིལ་འཁོར་ནི་རང་རང་གི་ཕྱུང་བའི་སྔགས་ལས་འབྱུང་བའོ། །དེ་ལྟར་གྱུར་པའི་དཀྱིལ་འཁོར་ནི་བརྒྱན་པ་ཞེས་བྱ་བ་ལ་ཆོས་

འབྱུང་བའི་ནང་དང་དམ་ཚིག་གི་དཀྱིལ་འཁོར་དང་སྒྲུབ་པའི་དཀྱིལ་འཁོར་ལ་ཡང་རྒྱན་དུ་གྱུར་པའོ། །སངས་རྒྱས་ཉིད་རབ་ཏུ་སྟེར་བས་ན་སངས་རྒྱས་ཀྱི་བུར་གྱུར་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏོ། །དགོངས་པས་བཤད་པ་ཞེས་པ་ནི་འགལ་བའི་

Vol. 32 · folio 272b

སྒྲའི་སྒོ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བསྟན་པས་སོ། །དཀྱིལ་འཁོར་རྒྱལ་བ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །རྣལ་འབྱོར་ནི་ཐུགས་རྗེ་ཆེན་པོ་བསྒོམ་པ་སྔོན་དུ་འགྲོ་བ་ཁྱད་པར་གྱི་གནས་བཟུང་བ་དང་བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། ཡེ་ཤེས་ཀྱི་ས་གཞི་

བསྒོམ་པ་དང་། གཞལ་ཡས་ཁང་པ་བསྐྱེད་པ་དང་། ལྷག་པར་མོས་པའི་དཀྱིལ་འཁོར་བསྒོམ་པ་དང་། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་དང་། གདན་ལ་སོགས་པའི་དབྱེ་བ་དང་། ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་། ཟླ་བའི་དཀྱིལ་འཁོར་བསྒོམ་པ་

དང་། །དེ་ལ་ས་བོན་དགོད་པ་དང་། །དེ་ཡོངས་སུ་གྱུར་པ་ལས་ཕྱག་མཚན་དང་། དེ་ཡོངས་སུ་གྱུར་ནས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་རྫོགས་པ་དེ་རྣལ་འབྱོར་རོ། །ཡེ་ཤེས་སེམས་དཔའ་དང་ཏིང་ངེ་འཛིན་སེམས་དཔའ་གཉིས་བསྒོམ་པ་ནི་རྗེས་སུ་རྣལ་འབྱོར་རོ། །

ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའི་ས་བོན་གྱི་བྱིན་གྱིས་བརླབས་པ་ནི་ཤིན་ཏུ་རྣལ་འབྱོར་རོ། །དེ་རྫོགས་ནས་གང་ཞིག་བྱ་བ་ཡིན་པ་དེ་ཞེས་པ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་མཚན་ཉིད་ཅན་གྱི་རྣལ་འབྱོར་ཆེན་

པོའོ། །དེ་བསྟན་པའི་ཕྱིར་ཞེས་པ་ནི་གསལ་བར་བཤད་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་གཞུང་གི་འདི་སྐད་བཤད་པར་བྱ་སྟེ། མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་ཟླ་བ་དང་པདྨ་དང་རྡོ་རྗེ་ཡི་གེ་གསུམ་ལས་འབྱུང་བ་བསྒོམས་ནས། དེའི་སྟེང་

དུ་དཀར་པོ་དང་དམར་པོ་དང་སྔོན་པོའི་ཡི་གེ་ཨོཾ་ལ་སོགས་པ་གསུམ་པོ་དེ་ཉིད་བཀོད་ལ། དེ་རྣམས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ལས་སྤྱན་མ་དང་ན་བཟའ་དཀར་མོ་དང་མཱ་མ་ཀཱིའི་ཚོགས་སྤྲོས་ལ་དེས་འོག་མིན་དང་བདེ་བ་ཅན་དང་མངོན་པར་དགའ་བའི་སངས་རྒྱས་ཀྱི་ཞིང་ན་

བཞུགས་པ། རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་རྣམས་ཚིག་སྙན་པ་དང་རོལ་པའི་ཉམས་ཀྱིས་གསོལ་བ་འདེབས་ཤིང་རྗེས་སུ་ཆགས་པར་བྱས་ལ་ཕྱག་གི་ཞགས་པས་འཁྱུད་ཅིང་འགུགས་ཏེ་མདུན་དུ་གཞལ་ཡས་ཁང་པའི་ཤར་ཕྱོགས་ཀྱི་སྒོར་སྣ་

Vol. 32 · folio 273a

ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་ནས། མཆོད་པ་ལྔས་མཆོད་ཅིང་མཉེས་པ་བྱས་ནས་སྤྱན་མ་ལ་སོགས་པ་དེ་དང་ལྷན་ཅིག་ཏུ་འཇུག་པར་བྱ་སྟེ། དཔལ་ལྡན་རྡོ་རྗེ་གསུང་གི་ལམ། །ཞེས་བྱ་བའི་གསོལ་བ་གདབ་པ་སྔོན་དུ་འགྲོ་བས་ཨོཾ་

སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་སོགས་པ་སྔགས་ཀྱི་ཚིག་རྣམས་ཀྱིས་བརྟན་པར་བྱས་ལ། ཚིགས་སུ་བཅད་པ་འདི་རྣམས་ཀྱིས་ང་རྒྱལ་བྱའོ། །རྣམ་པར་སྣང་མཛད་དེ་ཞེས་པ་ནི་ལུས་རྣམ་པར་དག་པའི་རང་བཞིན་ཡིན་པས་སོ། །དུས་གསུམ་

ཞེས་པ་ལ་སོགས་པས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་གྱིས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་ཞུགས་པས་དེའི་རང་བཞིན་གྱི་ང་རྒྱལ་བྱའོ་ཞེས་བསྟན་ཏོ། །སྤྲུལ་པའི་སྐུ་གང་ཞིག་ཡོད་པ་ཞེས་པ་ནི་སེམས་ཅན་གྱི་དོན་མཛད་པའི་ཕྱིར་དང་འབྱུང་བའི་སྐུ་ནི་སྤྲུལ་

པའི་སྐུ་ཞེས་བྱའོ། །གཞན་དུ་ན་རྟག་ཏུ་དགའ་བ་ནམ་མཁའ་དང་མཚུངས་པ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་འབྲེལ་པ་ཅི་དགོས་སོ། །ཇི་སྐད་དུ། དམར་དང་ལྗང་གུ་དུད་ཁ་སྟེ། །ཁྱེད་ལ་སྐུ་མདོག་ཡོད་པ་མིན། །དཀར་ནག་སེར་

པོ་མ་ཡིན་པའི། །ཁ་དོག་ལས་འདས་ཁྱོད་ལ་འདུད། །ཆེན་པོ་མ་ཡིན་ཐུང་བ་མིན། །རིང་པོ་མ་ཡིན་ཟླུམ་པོ་མིན། །ཚད་མེད་ཀྱི་ནི་ཚུལ་ཐོབ་པའི། །ཚད་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་འབྱུང་ངོ་། །བདག་གི་སློབ་མར་གྱུར་པ་ཡང་། །ཞེས་པ་ནི་སློབ་མར་འདོད་པའི་ཡང་ངོ་། །ལུས་

ནི་ལྟ་བུའི་ངོ་བོར་གྱུར་ཅིག་པ་སྟེ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པར་གྱུར་ཅིག །གསོལ་བ་ནི་གསོལ་བ་འདེབས་པར་བྱའོ། །དེའི་ངོ་བོ་ཉིད་དུ་གྱུར་པས་ན་ཞེས་པ་ནི་གསུང་རབ་

ཡན་ལག་བཅུ་གཉིས་ཀྱི་རང་བཞིན་ཡིན་པས་ན་འོད་དཔག་ཏུ་མེད་པའོ་ཞེས་གྲགས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པས་ན་རྡོ་རྗེའོ། །གསུང་རབ་ཐམས་ཅད་ཀྱི་ཆོས་ཀྱི་རང་བཞིན་ཡིན་པས་ན་ཆོས་སོ། །རྡོ་རྗེ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་ན་རྡོ་རྗེ་ཆོས་ཏེ་ངག་གི་དབང་ཕྱུག་

Vol. 32 · folio 273b

ཅེས་བྱ་བའི་དོན་ཏོ། །ངེས་པ་ནི་མིང་གི་རྣམ་གྲངས་ཐམས་ཅད་ཀྱི་སྒོ་ནས་བཤད་པ་ནི་གསུང་བ་སྟེ་ངེས་པར་བཤད་པའོ། །ཡང་དག་པ་ཞེས་པ་ནི་ཕྱིན་ཅི་མ་ལོག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཉེ་བར་མཚོན་པ་ཙམ་སྟེ་ཞེས་པ་ནི་ངེས་པའི་ཚིག་འབའ་ཞིག་ཏུ་མ་ཡིན་ནོ། །ངེས་

ཞེས་བྱ་ལ་སོགས་པ་ནི་དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་མ་ལུས་པ་ཁ་ཏོན་དུ་མངའ་བའོ། །དོན་སོ་སོ་ཡང་དག་པར་རིག་པ་ནི་དེའི་བརྗོད་པར་བྱ་བའི་དོན་དྲན་པའོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་པ་ནི་སྔར་མ་བྱུང་བའི་

གཞལ་བྱ་རྩོམ་པར་བྱེད་པ་སྟེ། ཇི་སྐད་དུ། སར་ཞིང་སར་པའི་གཞལ་བྱ་ནི། །རྩོམ་པའི་ཤེས་རབ་སྤོབས་པར་བཤད། །ཅེས་འབྱུང་ངོ་། །ཆོས་འཛིན་པ་དང་འདྲ་བར་གྱུར་ཅིག་པའོ་ཞེས་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་པདྨའི་འདབ་མ་དང་མཚུངས་པ་མངའ་བ་གཡས་སུ་

འཁྱིལ་པའི་དུང་དང་འདྲ་བའི་ལྐོག་མའི་ཕྱོགས་སུ་གནས་པ་གསུང་རྣམས་སུ་གྱུར་ཅིག་ཅེས་གསོལ་བ་འདེབས་པའོ། །མི་བསྐྱོད་པའོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་སེམས་ཡིན་པས་སོ། གློ་བུར་གྱི་དྲི་མ་སོ་སོར་སྣང་བ་དང་ལྡན་པས་འཁོར་བར་འཁོར་

བར་འགྱུར་རོ། །སེམས་འདིའི་རང་བཞིན་འོད་གསལ་ཏེ། གློ་བུར་བ་རྣམས་དྲི་མ་ཡིན། །ཆུ་ཁམས་གསེར་དང་ནམ་མཁའ་ཡི། །དག་པ་བཞིན་དུ་དག་པར་འདོད། །ཅེས་འབྱུང་ངོ་། །གསང་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་གསུང་

ཞིང་སྟོན་པར་མཛད་པ་སྟེ་ཞེས་པ་ནི་དེ་སྟོན་པར་མཛད་པས་ན་གུ་ཧྱ་ཀ་ནི་གསང་བ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ་ཁོ་ན་ཉིད་བསྟན་པ་རྣམས་ཀྱི་གཙོ་བོར་གྱུར་པ་ཞེས་པ་ནི་དེ་རྣམས་ཀྱི་བདག་པོ་ཡིན་པས་ཐུགས་རྡོ་རྗེའོ། །བློ་ནི་རེག་བྱ་རྡོ་རྗེའི་ཞེས་པ་ནི་ཤེས་རབ་ཀྱི་རང་

བཞིན་ཡིན་པའི་ཕྱིར་རོ། །ཀུན་ནས་བཟང་བས་ན་ཞེས་པ་ལ་ཐོག་མ་དང་བར་མ་དང་ཐ་མར་བཟང་བ་ནི་དེ་དག་གང་ལས་འབྱུང་བ་དེ་ནི་ཀུན་དུ་བཟང་པོ་སྟེ་དཔལ་ཐུགས་ཀྱི་རྡོ་རྗེ་འཆང་བའོ། །དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཟླ་བའི་

Vol. 32 · folio 274a

དཀྱིལ་འཁོར་རྫོགས་པ་དང་འདྲ་བར་བདག་ལ་ཡང་སེམས་གྱུར་ཅིག་ཅེས་གསོལ་བ་འདེབས་པས་ང་རྒྱལ་བྱའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་རྣལ་འབྱོར་ཆེན་པོའི་མཚན་ཉིད་འཆང་བར་འདོད་པའི་ཕྱིར་རོ། །དེ་ནི་སོགས་

པའི་སྒྲས་ཤེས་པར་བྱའོ། །ད་ནི་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་བསྟན་ནས་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ཡང་བསྟན་པར་བྱ་སྟེ། སྒྲུབ་པའི་མཆོག་ལ་གནས་པའི་ཞེས་པ་ནི་རྫོགས་པའི་

རིམ་པའི་རྣལ་འབྱོར་པའོ། །རང་བཞིན་ཡོངས་སུ་ཤེས་པ་ཙམ་གྱིས་ཞེས་པ་ནི་ཁམས་གསུམ་ལ་གནས་པའི་སེམས་ཅན་གྱི་ཁམས་ཀྱི་ལུས་ལ་སོགས་པ་དང་། བདག་གི་ཡང་ལུས་ལ་སོགས་པ་གང་ཡིན་པ་དེ་དག་ཐམས་ཅད་ངོ་བོ་ཉིད་དུ་མཉམ་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་

རང་བཞིན་ཡིན་པས་སོ། །སྒོ་ང་ལས་སྐྱེས་པ་དང་ཞེས་པ་ནི། འདབ་ཆགས་བྱ་ལ་སོགས་པའོ། །མངལ་ནས་སྐྱེས་པ་དང་ཞེས་པ་ནི་མི་དང་ཕྱུགས་དང་རི་དགས་ལ་སོགས་པའོ། །དྲོད་གཤེར་ལས་སྐྱེས་པ་དང་ཞེས་པ་ནི་སྦྲང་བུ་ལ་སོགས་པའོ། །བརྫུས་ཏེ་སྐྱེས་པ་དང་ཞེས་པ་ནི་དམྱལ་བ་དང་

ཡི་དགས་དང་ལྷ་དང་ལྷ་མ་ཡིན་རྣམས་སོ། །བཤད་མ་ཐག་པ་རྣམས་ཀྱིའོ་ཞེས་པ་ནི་རྣམ་པ་བཞིའི་སེམས་ཅན་རྣམས་ཀྱི་སྐྱེ་གནས་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་ལུས་སོ་ཞེས་པ་ནི་རྐང་པའི་དཀྱིལ་ནས་བརྩམས་ཏེ་མགོ་བོའི་བར་དུ་བཤང་གཅི་ལ་སོགས་པའི་རྫས་རྣམས་

ཀྱིས་གང་བའོ། །འདི་ནི་དག་གོ་ཞེས་པ་ནི་རྣམ་པ་བཞིའི་གནས་ངན་ལེན་པ་ལ་སོགས་པའི་རྟོག་པ་བཞི་དང་བཅས་པའོ། །འདི་ནི་སེམས་སོ་ཞེས་པ་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་མཚན་ཉིད་རྣམ་པ་སྣ་ཚོགས་པའི་སེམས་ལས་བྱུང་བའི་ཆོས་དང་ལྡན་པའོ། །བརྟགས་པ་ཞེས་བྱ་བ་

ལ་སོགས་པས་དེ་ལྟར་གྱུར་པ་ལུས་ལ་སོ་སོར་སྣང་བའི་སེམས་ནི་ཁམས་གསུམ་པ་དང་། བདག་གིས་གང་ཡིན་པ་དེ་ནི་འདྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་པས་གཏན་ཚིགས་བཤད་པར་བྱ་སྟེ། དེ་ཁོ་ན་ཉིད་རིག་པ་ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པ་

Vol. 32 · folio 274b

རྣམས་ཀྱིའོ། །གང་གི་ཕྱིར་སེམས་དེ་ནམ་མཁའ་དང་འདྲ་བའི་ཞེས་པ་ནི་ནམ་མཁའི་དཀྱིལ་དང་མཚུངས་པའོ། །འདྲེས་པར་གྱུར་པས་ཞེས་པ་ནི་སེམས་ཉམས་པས་སོ། །ཇི་སྐད་དུ། དངོས་པོ་ཀུན་ནི་དངོས་པོ་གཅིག་རང་བཞིན། །དངོས་པོ་གཅིག་ནི་དངོས་པོ་ཀུན་ངོ་བོ། །གང་གིས་དངོས་གཅིག་

དེ་ཉིད་དུ་མཐོང་ན། །དངོས་པོ་ཀུན་གྱི་དེ་ཉིད་ངེས་མཐོང་འགྱུར། །ཞེས་འབྱུང་ངོ་། །འདིས་ནི་ཐམས་ཅད་དུ་སོང་བའི་དབང་ཕྱུག་ཏུ་བསྟན་པས་ཞེས་པ་ནི་ཐམས་ཅད་དུ་སོང་བ་ནི་ཁམས་གསུམ་གྱི་ཡུལ་ཅན་ནོ། །དབང་ཕྱུག་ནི་སེམས་ཀྱི་དབང་ཕྱུག་གང་ཡིན་པ་དེ་བསྟན་པས་སོ། །ཐུགས་བྱིན་གྱིས་

བརླབ་པར་འགྱུར་རོ་ཞེས་པ་ནི་སེམས་ཀྱི་མཉམ་པ་ཉིད་ཤེས་པས་སོ། །ཟླ་བའི་དཀྱིལ་འཁོར་དང་འདྲ་བའི། །སེམས་ནི་རང་ཉིད་ཀྱིས་མཐོང་འགྱུར། །ཞེས་འབྱུང་ངོ་། །དེ་ནི་ཐུགས་བྱིན་གྱིས་བརླབ་པའོ། །ཚིག་ཐམས་ཅད་དོན་ཞེས་པ་ནི་སྔགས་ཀྱི་སྒྲས་ཚིག་གི་དོན་སྟོན་པས་སོ། །

ཕུང་པོ་དེ་དག་གི་ཚོགས་སོ་ཞེས་པ་ནི་འབྱུང་བ་ཆེན་པོ་ལས་རྒྱུར་གྱུར་པའི་སྒྲ་ཟིན་པ་ལ་སོགས་པའི་དབྱེ་བའམ། ཡི་གེ་དང་ཚིག་དང་ངག་དང་ངག་ཆེན་པོ་ལ་སོགས་པའི་དབྱེ་བའམ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་དབྱེ་བས་སོ། །སྐུ་དང་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ཐུགས་

གང་ཡིན་པ་ཞེས་པ་ལ་ལུས་ཉིད་དུ་སྣང་བའི་སེམས་སོ། །སྐུའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་པ་དེ་ནི་ཞེས་པ་སེམས་ཉིད་ལུས་ཀྱི་རྣམ་པ་ཉིད་དུ་སྣང་བའི་ཕྱིར་རོ། །ལུས་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། གཞན་གྱི་སྣང་བ་ཡིན་པའི་ཕྱིར་རོ། །རང་སྣང་བ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་སྟེ།

རང་གི་རྣམ་པར་ཤེས་པ་ཡིན་ནོ། །གཟུགས་ལ་སོགས་པ་ནི་གཞན་གྱི་སྣང་བ་ཡིན་ནོ་ཞེས་རང་བཞིན་གྱི་གཏན་ཚིགས་སོ། །སེམས་ཅན་ཐམས་ཅད་ཀྱི་སྔགས་ཀྱི་གཟུགས་དང་། སྐུ་དང་གསུང་དང་ཐུགས་གང་ཡིན་པ་ལ་ཞེས་པ་ནི་ངག་དང་། ལུས་ཀྱང་གང་ཞེས་བྱ་བའི་དོན་ཏོ། །

ཡན་ལག་ཅེས་པ་ནི་ངག་དང་ལུས་ངག་ཅེས་བྱ་བའི་དོན་ཏོ། །ངག་ཡིན་ལ་ཞེས་པ་ནི་སྨྲ་བའི་དོན་དང་ལྡན་པས་སོ། །མི་ཕྱེད་པས་ན་རྡོ་རྗེའོ་ཞེས་པ་ནི་སོ་སོ་སྐྱེ་བོ་རྣམས་ཀྱིས་དགག་པར་བྱ་བ་མ་ཡིན་པའོ། །ལུས་ངག་ཡིན་པ་ནི་ལུས་ཀྱི་སྒྲ་ནི་ཚོགས་ཀྱི་རྣམ་གྲངས་སོ། །དེ་

Vol. 32 · folio 275a

ཉིད་བསྟན་པར་བྱ་སྟེ། སྒོ་ང་ལས་སྐྱེས་པ་ལ་སོགས་པའི་སྒྲའི་ཚོགས་གང་ཡིན་པ་དེ་ནི། དེ་རྣམས་ཀྱི་རྣམ་པ་སྣ་ཚོགས་པའི་སྐད་རྣམས་སོ། །དེས་ནི་སེམས་ཅན་ཐམས་ཅད་ཀྱི་ངག་གི་ཚོགས་བསྟན་ཏོ། །ཀུན་དུ་རྟོགས་པས་ན་ཞེས་པ་ནི་བསྒོམ་ཞིང་ཐ་སྙད་དུ་བྱའོ། །

ཚིག་གི་སྐུ་རྣམ་པར་བསྒོམ་པ་ནི་ངག་གི་སྒོ་ནས་ལུས་ཐ་སྙད་དུ་བྱའོ། །ཚིག་ཏུ་བརྗོད་ཅིང་སྐུ་ཞེས་བཏགས་པ་ནི་ངག་གིས་བརྗོད་པ་ལུས་ཞེས་བརྡར་བསྟན་པར་བྱ་སྟེ། རྣམ་པར་རྟོག་པའི་ཚིག་འབྱུང་བ་དང་། ཚིག་ལས་སྒྲ་འབྱུང་བའི་ཕྱིར་སྒྲ་རྣམས་ཀྱི་ལུས་ཞེས་ཐ་སྙད་དུ་བྱས་ཏེ། སྒྲ་

རྣམས་ཀྱིས་ནི་བརྡ་སྟོན་པ། །དེ་ནི་ཐ་སྙད་བྱ་ཕྱིར་བཤད། །ཅེས་འབྱུང་ངོ་། །དེ་དང་འདྲ་བའི་སྐུ་ཞེས་པ་ནི་ངག་གི་བརྗོད་པ་ཐ་སྙད་དུ་བྱས་པའོ། །སེམས་ཅན་ཐམས་ཅད་ཀྱི་སྔགས་ཀྱི་གཟུགས་དང་ཞེས་པ་ནི་ཚིག་གི་ཚོགས་སོ། །དེ་རྣམས་ཉིད་ཀྱི་སྒོ་ང་ལ་སོགས་པ་སྔར་

བཤད་པ་རྣམས་ཀྱིའོ། །རྡོ་རྗེ་ཆེན་པོའི་སྐུ་ཞེས་པ་ནི་ལུས་ཉིད་དོ། །བདག་གི་ལུས་ཞེས་བྱ་བ་ལ་སོགས་པས་ཁམས་གསུམ་ལ་གནས་པའི་ལུས་དང་ངག་དང་བདག་གི་ཡང་དེ་དག་མཉམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དུས་གསུམ་ནི་འདས་པ་ལ་སོགས་པའི་དུས་གསུམ་

ལའོ། །དེ་ནི་དུས་མཉམ་པ་ཡང་རབ་ཏུ་བསྟན་པ་ཡིན་ནོ། །འོ་ན་འདས་པ་དང་མ་འོངས་པ་ནི་འཇིག་པ་དང་མ་ཕྱིན་པའི་ཕྱིར་ཇི་ལྟར་མཉམ་པ་ཡིན་ཞེ་ན། ད་ལྟར་བྱུང་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་བྱུང་བའི་དུས་ནི་དུས་ཀུན་ལ་འདྲ་བ་ཡིན་པས་དེ་ལ་ལོག་པར་རྟོག་པ་ནི་མེད་དོ། །

འདས་པ་དང་མ་འོངས་པ་གང་ཡིན་པ་དེ་དག་དེའི་ཆ་ཙམ་གྱིས་བརྟེན་ཏེ་དུས་གསུམ་བརྟག་པར་བྱའོ་ཞེས་སྐྱོན་མེད་དོ། །ཡང་རྒྱུན་རྟག་པ་ཉིད་ཀྱིས་ད་ལྟར་བྱུང་བའི་དུས་ནི་འདས་པ་དང་། མ་འོངས་པའི་ཚུལ་དུ་ཐོབ་པས་དུས་གསུམ་ལ་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ངག་དག་

དང་ལུས་མཉམ་པ་ཉིད་ཀྱི་ལྷག་པར་མོས་པ་རྣལ་འབྱོར་པས་བྱའོ་ཞེས་དགོངས་པའོ། །སྔགས་འཛིན་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བ་དང་བསྡུ་བ་མཛད་པའི་ཕྱིར་རོ། །དེས་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་རྡོ་རྗེ་

Vol. 32 · folio 275b

འཆང་ཆེན་པོའི་ལྷག་པར་མོས་པས་ཁམས་གསུམ་གྱི་ཡུལ་ཅན་གྱི་ལུས་ལ་སོགས་པ་དང་། རང་གི་བདག་ཉིད་ཀྱི་ལུས་ལ་སོགས་པ་ཡང་མཉམ་པ་ཉིད་དུ་རྟོགས་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །བདག་ནི་སངས་རྒྱས་ཀུན་ཉིད་དེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་ཕྱིར་

འབད་པ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་རྟག་ཏུ་མཆོད། །ཅེས་འབྱུང་ངོ་། །དེ་བཞིན་དུ། ནམ་མཁའི་དབྱིངས་ནི་ཐམས་ཅད་ལ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་བཞུགས། །ཞེས་དཔལ་བདེ་མཆོག་ལས་འབྱུང་ངོ་། །དགོངས་པས་བཤད་པ་ཞེས་པ་ནི་སྔགས་དང་སྐུ་ལ་སོགས་

པའི་འགལ་བའི་ཚིག་གི་སྒོ་ནས་རྫོགས་པའི་རིམ་པ་བསྟན་པས་སོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་གི་ཞེས་པ་ནི་རིམ་པ་གཉིས་སྒོམ་པར་བྱེད་པའི་རྣལ་འབྱོར་པ་དག་གིས་ལྷག་པར་རྟོགས་པས་ན་མཉམ་པའོ། །དོན་དམ་པའི་དཀྱིལ་འཁོར་གྱི་རིམ་གྱིས་ཞེས་པ་ནི་

ངོ་བོ་མེད་པའི་མཚན་ཉིད་དེ་དཀྱིལ་འཁོར་མ་ལུས་པ་ཉེ་བར་བསྡུས་པས་སོ། །དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་དཀྱིལ་འཁོར་རྒྱལ་བ་མཆོག་གི་མཐར་ལས་ཀྱི་རྒྱལ་མཆོག་གི་ཕྱོགས་གཅིག་དཀྱིལ་འཁོར་མ་ལུས་པ་ཉེ་བར་སྡུད་པའི་མཚན་ཉིད་ཀྱི་དོན་སྟོན་པ་དང་།

རྫོགས་པའི་རིམ་པ་ཡང་སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བར་བྱ་ཞེས་པའི་དོན་ཏོ། །མི་འདའ་བའི་དོན་ནི་འོད་གསལ་བ་སྟེ་ཐམས་ཅད་ཀྱིས་དེ་ཉིད་འདོད་པས་སོ། །སེམས་ནི་རབ་ཏུ་འཇུག་པའི་ཕྱིར། །དཔྱོད་ལ་འཇུག་པར་མི་བྱ་སྟེ། །འཁོར་བ་འཇོམས་པར་

བྱ་བའི་ཕྱིར། །མ་ལུས་པ་ཡི་བློ་མཉམ་པའོ། །ཞེས་འབྱུང་ངོ་། །སངས་རྒྱས་ཀྱི་སྐུ་བསྐྱེད་པའི་རྗེས་ཐོགས་ལ་ཞེས་པ་ནི་དང་པོར་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་དག་གི་སེམས་ཅན་གྱི་ཁམས་མ་ལུས་པ་སྦྱོང་བར་བྱེད་པའི་རྣལ་འབྱོར་པས་སོ། །དོན་

དམ་པའི་བདེན་པ་རྟོགས་པ་སྟེ་ཞེས་པ་ནི་ཕྲ་མོའི་རྣལ་འབྱོར་དང་བཟླས་པའི་འོག་ཏུ་ཞུ་བའི་དེ་ཉིད་བསྟན་པའི་ཕྱིར། དམ་ཚིག་ལས་ནི་ཁུ་བ་ཕྱུང་སྟེ་ཞེས་བྱ་བ་ལ་སོགས་པས་ལེགས་པར་སྦྱངས་པའི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་

Vol. 32 · folio 276a

སྔོན་དུ་འགྲོ་བར་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་བའི་ནང་དུ་བཛྲ་དྷྀཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཀྱིས་དཀྱིལ་འཁོར་པ་མ་ལུས་པ་སྤྲོ་བས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་ལ། དེ་ལས་ཀྱང་ཕྱི་རོལ་དུ་སྤྲོས་ཏེ་ཕྱོགས་བཅུ་ལ་གནས་པའི་སེམས་ཅན་གྱི་ཁམས་རབ་ཏུ་སྦྱོར་བ་སྔོན་

དུ་འགྲོ་བར་སྒྲུབ་པའི་དཀྱིལ་འཁོར་དགོད་པ་དང་། དབང་བསྐུར་བ་དང་། རྒྱས་གདབ་པ་བྱས་ལ་ཕྲ་མོའི་རྣལ་འབྱོར་དང་བཟླས་པ་བྱས་ཏེ། བྱ་བ་བྱས་ནས་དཀྱིལ་འཁོར་ལ་འཇུག་པ་སྔོན་དུ་འགྲོ་བར་དབུ་མ་ནས་བྱུང་རོ་མཉམ་པར་གྱུར་པ་འོད་དུ་ཞུ་བ་ཉིད་བསྟན་ཏོ། །ཤེས་རབ་དང་ཐབས་སུ་སྦྱོར་བས་སོ་

ཞེས་པ་ནི་ཐུགས་རྡོ་རྗེ་དང་རེག་བྱ་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པས་སོ། །དེ་ནས་མེར་མེར་པོ་ལ་སོགས་པའི་རིམ་གྱིས་ཞེས་པ་ནི་སྣང་བ་ལ་སོགས་པ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བར་དབུ་མ་ནས་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛག་པ་དང་སྲ་བར་གྱུར་པ་དང་བསྡུ་བར་གྱུར་པའི་རིམ་

པས་སོ། །མངོན་པར་འཕེལ་ལོ་ཞེས་པ་ནི་སྔགས་ལ་སོགས་པའི་གཟུགས་ཀྱིས་འཕེལ་བར་འགྱུར་རོ། །དེ་ཉིད་ས་བོན་དང་མྱུ་གུ་དང་འདྲ་བ་ཞེས་པ་ནི་བཛྲ་དྷྀཀ་ལ་སོགས་པ་ཕྱུང་བའི་སྔགས་ཀྱི་གཟུགས་ནི་ས་བོན་ནོ། །དེ་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་པ་རྣམས་འབྱུང་བ་ནི་མྱུ་གུའོ། །གཞོན་

ནུ་ནི་ཐིག་ལེ་ཕྱུང་བའི་མཚན་ཉིད་དོ། །བར་མ་ནི་ཕྱུང་བའི་སྔགས་ཡོངས་སུ་གྱུར་པའི་མཚན་ཉིད་དོ། །གནས་སྐབས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་བ་རྣམས་ཀྱི་གཟུགས་གྲུབ་པའི་མཚན་ཉིད་དོ། །ཡང་ན་གཞོན་ནུ་ནི་དམ་ཚིག་སེམས་དཔའ་བསྐྱེད་པའི་

མཚན་ཉིད་དོ། །བར་མ་ནི་ཡེ་ཤེས་སེམས་དཔའ་དགོད་པའི་མཚན་ཉིད་དོ། །སྐབས་ནི་ཏིང་ངེ་འཛིན་སེམས་དཔའ་དགོད་པའི་མཚན་ཉིད་དོ། །དེ་ནས་ཆོས་འབྱུང་གི་ནང་དུ་སེམས་དཔའ་གསུམ་གྱི་བདག་ཉིད་དཀྱིལ་འཁོར་པ་བསྐྱེད་པ་ནི་གཞོན་ནུ་དང་བར་མའི་གནས་སྐབས་ཐོབ་པ་ཞེས་

བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣམ་པར་སྣང་མཛད་ལ་སོགས་པ་སྐུའི་དཀྱིལ་འཁོར་ནི་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་བཞུགས་པ་ནི་སངས་རྒྱས་ཀྱི་བྱ་བ་རྫོགས་པ་འགྲོ་བའི་དོན་རྫོགས་ནས་ཤར་ལ་སོགས་པ་ལ་བཞུགས་པའོ། །འདོད་པའི་ཡོན་ཏན་ལྔ་རྗེས་སུ་མྱོང་

Vol. 32 · folio 276b

བར་འགྱུར་རོ་ཞེས་པ་ནི་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་གཟུགས་ལ་སོགས་པའི་ཡུལ་ལྔ་སོ་སོར་སྡུད་པ་དང་། བསམ་གཏན་གྱི་ཡན་ལག་གིས་མྱོང་ཞིང་སྤྱོད་པར་འགྱུར་རོ། །དེས་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རབ་ཏུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་

པས་ཕྲ་མོའི་རྣལ་འབྱོར་དང་བཟླས་པའི་འོག་ཏུ་འོད་དུ་ཞུ་བ་ཉིད་བསྟན་ཏེ། རྡོ་རྗེ་ཕྲེང་བ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། བྱ་བ་བྱས་པར་བདག་ཉིད་ཤེས་ན་རྣམ་པར་སྣང་མཛད་དང་། སྤྱན་མ་དང་། གཟུགས་རྡོ་རྗེ་མ་དང་། སའི་སྙིང་པོ་དང་། བྱམས་པ་དང་། གཤིན་རྗེ་མཐར་བྱེད་

དང་། འདོད་པའི་རྒྱལ་པོ་རྣམས་འོད་ཟེར་གྱི་སྦྱོར་བས་བསྡུས་ལ་གཟུགས་ཀྱི་ཕུང་པོ་ལ་འཇུག་གོ། །རིན་ཆེན་འབྱུང་ལྡན་དང་། མཱ་མ་ཀཱི་དང་། སྒྲ་རྡོ་རྗེ་མ་དང་། ནམ་མཁའི་སྙིང་པོ་དང་། ལག་ན་རྡོ་རྗེ་དང་། ཤེས་རབ་མཐར་བྱེད་དང་། མི་གཡོ་བ་རྣམས་ནི་ཚོར་བའི་ཕུང་པོ་ལ་འཇུག་གོ། །

འོད་དཔག་ཏུ་མེད་པ་དང་།གོས་དཀར་མོ་དང་། དྲི་རྡོ་རྗེ་མ་དང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། པདྨ་མཐར་བྱེད་དང་། དབྱུག་སྔོན་ཅན་རྣམས་འདུ་ཤེས་ཀྱི་ཕུང་པོ་ལ་འཇུག་གོ། །དོན་ཡོད་གྲུབ་པ་དང་། དམ་ཚིག་སྒྲོལ་མ་དང་། རོ་རྡོ་རྗེ་མ་དང་། སྒྲིབ་པ་ཐམས་ཅད་རྣམ་

པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། བགེགས་མཐར་བྱེད་དང་། སྟོབས་པོ་ཆེ་སྟེ་འདུ་བྱེད་ཀྱི་ཕུང་པོ་ལ་འཇུག་གོ། །གནོད་མཛེས་རྒྱལ་པོ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བ་གཉིས་དང་། སྔར་བཤད་པའི་ཕུང་པོ་བཞི་པོ་རྣམ་པར་ཤེས་པའི་ཕུང་པོ་ལ་འཇུག་གོ། །རྣམ་

པར་ཤེས་པ་གསུམ་པ་ཡང་འོད་གསལ་བ་ལ་འཇུག་པར་བྱ་སྟེ། དེའི་རིམ་པ་ནི་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པས་བདག་ཉིད་རྟག་ཏུ་དགའ་བ་དང་ལྡན་པར་བསྒོམས་ཏེ་ཚངས་པའི་སྒོ་ནས་བྱང་ཆུབ་ཀྱི་སེམས་འབྱུང་བའི་དུས་སུ་སྣང་བའི་ཡེ་ཤེས་ཉེ་བར་མཚོན་ཞིང་ཡན་

ལག་ཐམས་ཅད་ཀྱི་ཚིགས་ཁྱབ་པའི་དུས་སུ་མཆོག་ཏུ་དགའ་བའི་བདེ་བ་སྣང་བ་མཆེད་པའི་ཡེ་ཤེས་ཉམས་སུ་མྱོང་ཞིང་རྡོ་རྗེའི་དཀྱིལ་འཁོར་ལ་བྱང་ཆུབ་ཀྱི་སེམས་གནས་པར་གྱུར་ན་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་མངོན་དུ་བྱས་ཏེ། སྨིག་རྒྱུ་དང་། དུ་བ་དང་མཁའ་སྣང་དང་། མར་མེ་

Vol. 32 · folio 277a

དང་། སྤྲིན་མེད་པའི་ནམ་མཁའ་དང་འདྲ་བའི་རྟགས་ལྔ། དེ་ཉིད་མཐོང་བ་ལ་མི་སླུ་བ་མཐོང་ནས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་བཞི་པ་མངོན་དུ་བྱའོ། །དེ་ནི་དོན་དམ་པའི་དཀྱིལ་འཁོར་ལ་འཇུག་པའི་ཆོ་གའོ། །རང་བཞིན་ལྔ་བཅུའི་ཞེས་པ་ནི་གཟུགས་ནི་རྣམ་པ་གཉིས་

ཏེ། ཁ་དོག་དང་དབྱིབས་ཀྱི་དབྱེ་བས་སོ། །ཁ་དོག་ནི་རྣམ་པ་བཅུ་གཉིས་དབྱིབས་ནི་རྣམ་པ་བརྒྱད་དེ། དེ་ལྟར་གཟུགས་ནི་རྣམ་པ་ཉི་ཤུའོ། །ཚོར་བ་ནི་བདེ་བ་ལ་སོགས་པ་རྣམ་པ་གསུམ་རྣམ་པར་ཤེས་པ་ཚོགས་དྲུག་གི་དབྱེ་བ་བཅོ་བརྒྱད་དུ་འགྱུར་རོ། །འདུ་ཤེས་ནི་རྣམ་པ་གཅིག་གོ། །འདུ་བྱེད་ནི་དགེ་

བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་དབྱེ་བས་རྣམ་པ་གསུམ་མོ། །ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པའི་དབྱེ་བས་རྣམ་པར་ཤེས་པའི་ཕུང་པོ་ནི་རྣམ་པ་བརྒྱད་དེ་ལྔ་བཅུ་བསྟན་ཏོ། །དོན་དམ་པའི་བདེན་པ་ལ་འཇུག་པར་བྱའོ་ཞེས་པ་ནི་སྔར་བཤད་པའི་རིམ་པས་མི་སྣང་

བར་བྱའོ། །འབྲས་བུ་འདོད་པ་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞི་པས་རྟོགས་པར་བྱ་བ་ཟུང་དུ་འཇུག་པའི་རིམ་པ་མངོན་དུ་བྱ་བ་བསྟན་ཏོ། །ཇི་ལྟར་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་སོང་ཞིང་ཞུ་བར་གྱུར་པ་ཞེས་པ་ནི་འོད་གསལ་བ་ལ་རབ་ཏུ་ཞུགས་པའོ། །དེ་བཞིན་

དུ་སླར་འོང་བས་ན་ཞེས་པ་ནི་དེ་ལས་ཀྱང་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་འབྱུང་བའོ། །རྣམ་པར་སྣང་མཛད་ལ་སོགས་པའི་བརྟགས་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་ཞེས་པ་ནི་དེའི་རྣམ་པར་དག་པའི་རིམ་པས་འཆད་པར་འདོད་པ་གཟུགས་ལ་སོགས་པའོ། །སྲོག་

དང་རྩོལ་བ་ལ་གནས་པ་དེ་བཅད་དེ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པས་འཇུག་པ་ལ་སོགས་པས་སྲོག་བཀག་པ་ནི། དོན་དམ་པའི་བདེན་པ་ལ་འཇུག་པར་བྱའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བ་སྔགས་དང་ཕྱག་རྒྱའི་རིམ་པས་འཇུག་པ་ནི་

དེའི་རང་བཞིན་དུ་བྱའོ། །ཤིན་ཏུ་མཆོག་ཏུ་གྱུར་པའི་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་བྱ་བའོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བའོ་ཞེས་པ་ནི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པར་འགྱུར་རོ། །དེས་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་

Vol. 32 · folio 277b

པས་ཡང་དག་པའི་མཐའ་ལ་འཇུག་པ་བསྟན་ཏོ། །རྫོགས་པའི་གོ་རིམས་རྟོགས་པར་གྱུར་ཀྱང་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་བསྒོམས་པས་སོ། །གལ་ཏེ་རྟུལ་བ་ཅན་གྱི་བརྩོན་འགྲུས་ཅན་མ་ཡིན་ན་ཞེས་པ་ནི་བརྩོན་འགྲུས་དམན་པ་མ་ཡིན་པའོ། །དེའི་ཚེ་འགྲོ་

བའི་རྒྱུད་ཉིད་དུ་བྱས་ནས་ཞེས་པ་ནི་མཐོང་བའི་ཆོས་ཀྱིས་མྱོང་བའི་ལུས་ཀྱི་སེམས་རྣམ་པར་དག་པའི་རིམ་པ་འོད་གསལ་བ་མངོན་དུ་བྱས་ནས་སོ། །ལངས་ཏེ་ཞེས་པ་ནི་དེ་ལས་ཅིག་ཅར་དུ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་སྤྲོས་ནས་སོ། །སྒྱུ་མ་

ལྟ་བུའི་ཏིང་ངེ་འཛིན་གྱིས་མངོན་དུ་བྱེད་དོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་དམིགས་པར་བྱའོ་ཞེས་དོན་བསྡུས་པའོ། །རྡོ་རྗེའི་ཚིག་འདི་ཉིད་ཀྱི་དོན་ཞེས་པ་ནི་དོན་སྦས་པ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱ་བའོ། །དམ་ཚིག་རྗེས་སུ་དྲན་པ་ནི་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། དེ་བས་ན་རྡོ་རྗེ་དང་པདྨའི་

སྙོམས་པར་འཇུག་པའི་འབྲེལ་པས་སོ། །ཚངས་པ་ནི་དེ་ཁོ་ན་ཉིད་ཀྱི་ངོ་བོར་རཀྟ་སྟེ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་བྱུང་བ་ནི་ཕྱག་རྒྱའི་ཆོས་འབྱུང་ལ་ཕྱུང་བའོ། །དེས་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་བསྟན་ཏོ། །དེའི་རྗེས་ལ་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས། དངོས་མེད་

གཅིག་ཏུ་སྦྱོར་བ་ཡིས། །ཞེས་པ་ནི་ཐིམ་པའི་ཆོ་གའི་རིམ་པའི་མན་ངག་གིས། མཁས་པས་ཆོ་ག་བཞིན་དུ་བཏུད། །ཅེས་པ་ནི་དོན་དམ་པའི་དཀྱིལ་འཁོར་གྱི་ཆོ་གས་མི་སྣང་བར་བྱའོ། །དེ་ནི་བརྟགས་པའི་རྣལ་འབྱོར་པས་འོད་གསལ་བ་རྟོགས་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་

པ་ལ་ཡང་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་ཚོགས་ཆེ་བ་ནི་ཞེས་པ་ལ་སྔ་མ་བཞིན་ནོ། །དངོས་མེད་ཅེས་བྱ་གསད་པ་སྟེ། །ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་ཐ་མལ་པའི་ཕུང་པོ་ལ་སོགས་པ་མི་སྣང་བར་བྱེད་པ་སྟོང་པ་ཉིད་ཅེས་བྱའོ། །བློ་དང་ལྡན་པ་ཞེས་པ་ནི་ཕན་ཡོན་ནོ། །

དོན་འདི་ཉིད་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་ཀྱང་རྒྱས་པར་བཤད་པར་བྱ་སྟེ།འཆི་བ་ཞེས་བྱ་བ་ནི་ཕུང་པོ་འཇིག་པའི་མཚན་ཉིད་དེ་ནི་མི་རྟག་པ་སྟེ་དོན་དམ་པར་སྐྱེ་བ་དང་འཇིག་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ། འདིར་ནི་ཁ་ཅིག་མི་སྐྱེ་ཞིང་། །ཁ་ཅིག་ཡང་ནི་འཆི་བ་མེད། །སེམས་ཀྱི་རྣམ་པར་

Vol. 32 · folio 278a

དངོས་གནས་པའི། །འཁོར་བ་ཉིད་དུ་ཤེས་པར་བྱ། །མ་རིག་རྐྱེན་ལས་བྱུང་བ་ཡི། །ཡང་དག་ཡེ་ཤེས་ཀྱིས་བལྟས་ན། །སྐྱེ་བའམ་ནི་འཇིག་པ་དག །ཁ་ཅིག་དམིགས་པར་མི་འགྱུར་རོ། །ཞེས་འབྱུང་ངོ་། །རྒྱུ་དེ་ལས་ཁ་ཅིག་ཀྱང་འབྱུང་བ་དང་འགོག་པར་མི་འགྱུར་གྱི།

འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་ཆོས་ཐམས་ཅད་བདག་མེད་པའི་མཚན་ཉིད་དེ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དག་ལ་དེ་ཉིད་ཚུལ་ནི་ལམ་སྟེ་ཏིང་ངེ་འཛིན་གསུམ་སྒོམ་པའི་བདག་ཉིད་ཅན་ནོ། །རྣམ་པར་རྟོག་པའི་རང་བཞིན་ཅན་གྱི་ཐ་མལ་པའི་ལུས་ངག་གིས་སྦྱོང་བར་བྱའོ། །དེ་བཞིན་

དུ་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ཡང་འཇུག་པ་ལ་སོགས་པའི་རིམ་པ་རྣམ་པ་བཅུ་གཅིག་གིས་རྡོ་རྗེ་བཟླས་པའི་རིམ་པ་སློབ་པ་ན་ཐ་མལ་པའི་རྣམ་པར་རྟོག་པའི་བདག་ཉིད་ཅན་གྱི་ངག་སྤངས་ནས་འཇིག་རྟེན་ལས་འདས་པའི་རང་བཞིན་སྐྱེ་བ་ཤེས་རབ་ཕ་རོལ་ཕྱིན་མ་གསུང་རྡོ་རྗེ་སྐྱེ་བར་

འགྱུར་རོ། །རྡོ་རྗེ་བཟླས་པའི་རིམ་པ་འདི། །གསུང་གི་རྡོ་རྗེ་སྒྲུབ་བྱེད་པའོ། །ཞེས་འབྱུང་བས་སོ། །ཡང་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དེ་ཉིད་རྟོག་པ་དང་བཅས་པ་རྣམ་པར་ཤེས་པ་གསུམ་གྱི་འབྲེལ་པ་དང་ལྡན་པ་རང་བཞིན་གྱི་ཚོགས་བརྒྱ་དྲུག་ཅུ་སྤོང་བས་འོད་གསལ་

བ་ཐོབ་པར་བྱེད་པས་དྲན་པ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་མངོན་དུ་བྱ་བའི་སེམས་ལ་དམིགས་པ་ཞེས་བྱའོ། །དེ་བཞིན་དུ་དེ་ཉིད་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་འཇའ་ཚོན་ལྟར་ཡོངས་སུ་སྣང་བ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཡེ་ཤེས་ཀྱི་སྐུ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་

མཚོན་པ་བྱང་ཆུབ་ཅེས་བྱ་སྟེ་སྒྱུ་མའི་རྣམ་པ་ཉིད་ཀྱིས་མ་ལུས་པ་ལུས་པ་མེད་པའི་དངོས་པོ་རྟོགས་པའི་ཕྱིར་རོ། །དེ་བཞིན་དུ་དེ་ཉིད་སྒྱུ་མ་ལྟ་བུའི་རྣམ་པ་ཅན་གྱི་ཀུན་རྫོབ་སྦྱང་བའི་ཕྱིར་འོད་གསལ་བ་ལ་ཐིམ་པས་ན་ཐིམ་པ་ཞེས་བྱའོ། །དེ་བཞིན་དུ་དེ་ཉིད་བདེན་པ་གཉིས་སུ་མེད་པར་བྱེད་པའི་

མཚན་ཉིད་སྲིད་པ་དང་ཞི་བ་རོ་གཅིག་པར་གྱུར་པ་ཟུང་དུ་འཇུག་པའི་བདག་ཉིད་ཅན་དཔལ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་ནི་གྲོལ་བ་ཞེས་བྱ་སྟེ། མི་སློབ་པའི་ལམ་གྱི་ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར་འཁོར་བའི་བར་དུ་སེམས་ཅན་གྱི་དོན་སྒྲུབ་པར་བྱེད་པས་ན་བསམ་པ་

Vol. 32 · folio 278b

ཐམས་ཅད་རྫོགས་པར་བྱེད་པ་ཞེས་བསྟན་ཏོ། །དེ་ལྟར་བཤད་པའི་རྒྱུད་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱི་རིམ་པ་གཉིས་བཤད་པས་དམ་ཚིག་རྗེས་སུ་དྲན་པ་ཡང་བཤད་དོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །དེ་ལ་ཞེས་བྱ་བ་

ལ་སོགས་པས་རིམ་པ་བཞི་པས་ཐོབ་པར་བྱ་བའི་འོད་གསལ་བ་ཐོབ་པར་བྱ་སྟེ། ཤེས་རབ་ནི་སྣང་བའོ་ཞེས་པ་ནི་ཟླ་བའི་སྣང་བ་དང་འདྲ་བ་ནི་དགའ་བའོ། །འདིར་རྩོམ་པའི་སྒྲ་ནི་མི་མངོན་པར་བྱས་པ་ཡིན་པར་བལྟ་བར་བྱ་སྟེ། དོན་རྟོགས་པས་མི་སྦྱོང་བ་ཉིད་མི་མངོན་པའོ། །དེ་བས་

ན་ཤེས་རབ་ནི་བཤད་ཟིན་ཏོ། །ཐབས་ནི་ཉི་མའི་སྣང་བ་དང་འདྲ་བ་སྟེ་སྣང་བ་མཆེད་པའོ། །ཉེ་བར་ཐོབ་པ་ནི་མཚམས་ཀྱི་སྣང་བ་དང་འདྲ་བ་སྟེ་སྣང་བ་ཉེ་བར་ཐོབ་པའོ། །མཐར་ཕྱིན་པ་ཞེས་པ་ནི་སྤོང་བར་བྱས་ནས་གནས་པའོ། །དོན་དམ་པའི་བདེན་པ་ཞེས་པ་ནི་ཡང་དག་པའི་

མཐའི་མཚན་ཉིད་ཅན་གྱི་འོད་གསལ་བའོ། །དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་འདའ་བར་མི་བྱ་བ་ཡིན་པས་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། སངས་རྒྱས་ཐམས་ཅད་འགྱུར་བ་སྟེ། །རྒལ་མིན་འཁོར་བར་ཡོད་པ་མིན། །ཡང་དག་རྫོགས་

པའི་བྱང་ཆུབ་ནི། །འགྲུབ་ཕྱིར་ལེ་ལོ་མི་བྱའོ། །ཞེས་འབྱུང་ངོ་། །དེ་རིལ་པོར་འཛིན་པ་ཞེས་པ་ནི་རང་གི་ལུས་ཀྱི་ཕུང་པོ་ལ་སོགས་པ་མི་སྣང་བར་བྱེད་པའོ། །རྗེས་སུ་འཇུག་པའི་རིམ་གྱིས་ཞེས་པ་ནི་རྩིབས་བརྒྱད་པ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་ལ་གནས་པ་ཡི་གེ་རཾ་འབར་བས་རང་གི་ལུས་ཀྱི་

ཕུང་པོ་ལ་སོགས་པ་བསྲེག་ཅིང་ཕ་རོལ་གྱི་ཡང་བསྲེག་གོ། །དེ་ཉིད་ལ་རྒྱུན་མི་འཆད་པ་ནི་ཡང་དང་ཡང་དུའོ། །ཇི་སྐད་དུ། མེ་ལོང་ལ་ནི་དབུགས་ཀྱི་རླུང་། །ཇི་ལྟར་དེ་ལ་ཐིམ་འགྱུར་བ། །ཡང་དག་མཐའ་ལ་རྣལ་འབྱོར་པས། །ཡང་དང་ཡང་དུ་དེ་བཞིན་འཇུག །ཅེས་འབྱུང་ངོ་། །ཀུན་ཏུ་སྣང་

བ་ལ་སོགས་པ་སྣང་བ་གསུམ་པོ་ནི་ཆགས་བྲལ་དང་ཆགས་པ་དང་ཆགས་པ་བར་མ་རྣམས་སོ། །འདོད་ཆགས་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་དང་བཅས་པ་རྣམས་ནི་ཞེས་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་སེམས་ལས་བྱུང་བའི་ཆོས་དང་བཅས་པའོ། །འོད་གསལ་བ་ཞེས་པ་

Vol. 32 · folio 279a

ནི་དྲི་མ་མེད་པ་སྟེ། ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་རིམ་པས་སྤངས་ན་ཤེལ་སྒོང་དག་པ་དང་འདྲ་བར་འགྱུར་རོ། །ཐམས་ཅད་སྟོང་པ་ལ་ལྟོས་པས་ཞེས་པ་ནི་དེ་ཁོ་ན་ཉིད་བཞི་པ་ལ་འཇུག་པས་སོ། །སྒྱུ་མ་ལྟ་བུའི་ལུས་མི་ལེན། །ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་

ཐོབ་པར་བྱ་བའི་སྒྱུ་མའི་ལུས་སྦྱོང་བར་བྱེད་པས་སོ། །ཡེ་ཤེས་གསུམ་ནི་སྣང་བ་སྟེ། །དེ་མེད་པས་ན་སྣང་བ་མེད་པས་སོ། །འབྲས་བུའོ་ཞེས་པ་ནི། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཏོ། །དེ་ཐོབ་པའི་རྒྱུ་སྟེ་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་རིམ་པ་གསུམ་མོ། །རྟོག་པ་གཉིས་པོ་དེ་དག་དེ་

ནས་ཡོད་པ་མ་ཡིན་ནོ་ཞེས་པ་ནི་རིམ་པ་བཞི་པ་ལ་རིམ་པ་དང་པོ་ལ་སོགས་པ་གསུམ་དང་རིམ་པ་ལྔ་པ་ཡང་མེད་པས་སོ། །དངོས་པོ་ཐམས་ཅད་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་སོ། །ཞེས་འབྱུང་ངོ་། །དངོས་པོ་ནི་དངོས་པོ་གཞན་ལས་ལྡོག་པ་ལ་འཇུག་པའོ། །གནས་ནི་ཕྱག་

རྒྱའི་པདྨའོ། །གནས་པའོ་ཞེས་པ་ནི་གསང་བའི་རྡོ་རྗེའོ། །ཏིང་ངེ་འཛིན་གྱི་རིམ་པ་ལ་ཡང་གནས་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའོ། །གནས་པ་ནི་འོད་སྤྲོ་བའི་རིམ་པའོ། །གཉིས་པོ་དེ་དག་འོད་གསལ་བ་ལ་འཇུག་པ་དེས་ན་མི་དམིགས་པར་འགྱུར་ཏེ་ཞེས་པ་ནི་རྣམ་པར་

མི་རྟོག་པ་ཡིན་པས་སོ། །ཇི་སྐད་དུ། ཇི་སྲིད་སྒོམ་པའི་སྦྱོར་བ་ནི། །དེ་སྲིད་ལས་ནི་དང་པོ་ཅན། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། །དེ་ནི་འོད་གསལ་བསྟན་པར་བྱ། །ཞེས་འབྱུང་ངོ་། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །

དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བ་ནི་རིམ་པ་ལྔ་པས་སོ། །ལྡང་བའི་གནས་བསྟན་པའི་ཕྱིར་ཞེས་པ་ནི་འོད་གསལ་བ་དེ་ལས་རྡོ་རྗེའི་སྐུ་གཟུང་བའི་གནས་བསྟན་པའོ། །འཛིན་པའི་ཡན་ལག་ཅེས་པ་ནི་ཡན་ལག་བཞི་པའི་རྒྱུད་ཕྱི་མ་ལས་ཀྱང་། སོ་སོར་སྡུད་དང་བསམ་གཏན་དང་། །

སྲོག་དང་རྩོལ་བ་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ནི། །ཡན་ལག་དྲུག་གི་རྣལ་འབྱོར་བཤད། །ཅེས་འབྱུང་ངོ་། །དེའི་རྗེས་སུ་འོག་ཏུ་དྲན་པ་ནི་ལྡང་བའི་ཞེས་པ་ནི་རྨི་ལམ་དང་སྒྱུ་མ་དང་མཚུངས་པས་དེ་ལས་སྤྲོ་བ་ཞེས་བྱའོ། །དེ་བསྒོམ་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་དེ་

Vol. 32 · folio 279b

ཉེ་བར་མཚོན་པས་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་ལ་སོགས་པ་གཉིས་ཀྱི་བདག་ཉིད་ཀྱང་ཡིན་ནོ་ཞེས་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་དྲུག་པའི་འོ། །ཏིང་ངེ་འཛིན་ནི་རྩེ་གཅིག་པ་ཉིད་ཀྱིས་དམིགས་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་ཐ་དད་པའི་རིམ་པ་སྟེ་ཞེས་པ་ནི་ཚིག་གཉིས་པ་ལས་

དྲངས་ཏེ་འདིར་བཤད་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །འཛིན་པའི་ཡན་ལག་འོག་ཏུ་ཞེས་པ་ནི་མན་ངག་བཞི་པའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །ཀུན་རྫོབ་ཀྱི་བདེན་པ་སྟེ་ཞེས་པ་ནི་བྱིས་པའི་སྐྱེ་བོས་དེ་ཉིད་རང་བཞིན་བཟུང་བས་སོ། །དོན་དམ་པའི་བདེན་པ་སྟེ་ཞེས་པ་ནི་སྤྲོས་པ་

ཐམས་ཅད་བྲལ་བ་རབ་ཏུ་སྣང་བའི་ཕྱིར་རོ། །རང་བཞིན་དང་ལྡན་པའི་ཞེས་བྱ་བ་ལ་སོགས་པ་ནི་བར་མའི་ཚིག་མི་མངོན་པའི་ལས་འཛིན་པའི་བསྡུ་བ་སྟེ་ལོ་མའི་རྒྱལ་པོ་བཞིན་ནོ། །དེ་གང་ཡིན་ཞེ་ན་ཞེས་པ་ནི་དྲི་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞེས་པ་ནི་ཀུན་རྫོབ་དང་

དོན་དམ་པ་དབྱེར་མེད་པའི་རང་བཞིན་ནོ། །རྡོ་རྗེ་འཆང་ཆེན་པོའི་སྐུའོ་ཞེས་པ་ནི་དྲུག་པའོ། །དེ་ན་གནས་པའི་འཇའ་ཚོན་ཞེས་པ་ནི་དབང་པོའི་གཞུ་སྟེ། རྟེན་དང་བརྟེན་པ་དབྱེར་མེད་པའི་ཕྱིར་ཚེམ་བུ་ངུ་བ་བཞིན་ནོ། །དེ་དང་མཉམ་པས་ན་ཞེས་པ་ནི་མིག་ཡོར་དང་། སྒྱུ་མ་ཉིད་དུ་སྣང་བས་དེ་

ཉིད་ནམ་མཁའོ། །རྒྱུ་ནི་རིམ་པ་བཞི་པའོ། །འབྲས་བུ་ནི་རིམ་པ་ལྔ་པའོ། །དེ་དག་གཉིས་སུ་མེད་པ་ནི་དབྱེར་མེད་པས་སོ། །ཟུང་དུ་འཇུག་པའི་རིམ་པ་ལ་རྒྱུ་དང་འབྲས་བུར་སྣང་བ་ནི་མེད་དེ། རྣམ་པར་མི་རྟོག་པའི་ཕྱིར་རོ། །སྔ་མའི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་འགྲུབ་པ་ཡིན་

གྱི་དགོངས་པས་ནི་མ་ཡིན་ནོ། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །དེ་ཡི་ཕྲད་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་རྣམས་ལས་ཀྱང་། །ཇི་བཞིན་བསྟན་པ་རྣམས་འབྱུང་ངོ་། །ཞེས་འབྱུང་ངོ་། །འཇིག་ཅིང་ཟད་པས་ན་ཞེས་པ་ནི་འདུས་བྱས་པའི་དངོས་པོ་སྐྱེ་བའི་ཆོས་དང་ལྡན་པའོ། །དེ་

ལས་གཞན་བསྟན་མི་ཟད་པའོ་ཞེས་པ་ནི་མི་འཇིག་པའི་ཆོས་ཅན་གྱི་ངོ་བོ་ལས་བྱུང་བས་ན། མི་འགྱུར་བ་སྟེ་ཞེས་པ་ནི་གཉིས་ཀ་དང་བྲལ་བའོ། །སྐྱེ་བ་དང་འཇིག་པ་དང་བྲལ་བ་ཞེས་བྱ་བའི་བར་དུའོ་ཞེས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། འོན་ཀྱང་ཡོད་པ་དང་མེད་པ་དང་དངོས་པོ་དང་

Vol. 32 · folio 280a

དངོས་པོ་མ་ཡིན་པ་དང་། འཕེལ་བ་དང་འགྲིབ་པ་དང་། སྟོང་པ་དང་སྙིང་རྗེ་དང་། ཐབས་དང་ཤེས་རབ་དང་། རྟག་པ་དང་ཆད་པ་དང་། འགྲོ་བ་དང་འོང་བ་ལ་སོགས་པ་དང་བྲལ་བ་ཞེས་བྱའོ། །བདེན་པ་གཉིས་སོ་ཞེས་བྱ་བ་ལ་སོགས་པས་གང་གི་ཚེ་ཡེ་ཤེས་དེ་ལ་བདེན་པ་

གཉིས་པོ་རོ་གཅིག་པར་འགྱུར་བར་སྣང་བ་དེའི་ཚེ་གཉིས་སུ་མེད་པ་ཡིན་ནོ། །གང་གི་ཚེ་ཟུང་འཇུག་དེ་ལ་ཡོད་པ་དེའི་ཚེ་གཉིས་སུ་མེད་པ་ཡང་ཡོད་པ་མ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་ནི་འཇིག་རྟེན་པའི་ཆོས་བརྒྱད་ལ་སོགས་པའི་རྣམ་པར་རྟོག་པའོ། །ཉེ་བར་ཞི་བའི་མཚན་ཉིད་ཅན་ཡིན་

པས་ན་ཞེས་པ་ནི་དེ་བཅོམ་པར་བྱེད་པས་ན་ཞི་བ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཟག་པ་ནི་ཆགས་པ་ལ་སོགས་པ་དང་དེ་ལས་བྱུང་བ་རང་བཞིན་བརྒྱ་དྲུག་ཅུའོ། །དེ་མེད་པས་ན་ཟག་པ་མེད་པའོ། །རེག་བྱའི་ཡུལ་མ་ཡིན་པས་ན་ཞེས་པ་ནི་འདུས་བྱས་པའི་དངོས་པོ་ནི་རེག་པར་བྱ་བར་ནུས་ཏེ། །

འདུས་བྱས་མ་ཡིན་པའི་རང་བཞིན་གང་ཡིན་པ་དེ་ནི་གང་གིས་རེག་པར་བྱའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དོན་བསྡུས་ནས་བཤད་པར་བྱ་སྟེ། ཆོས་ཀྱི་སྐུ་ནི་རིམ་པ་གཉིས་པ་

དང་བཞི་པ་དག་གིས་ཐོབ་པར་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་རིམ་པ་གསུམ་པ་དང་ལྔ་པས་ཐོབ་པར་བྱའོ། །གཉིས་སུ་མེད་པའི་མཚན་ཉིད་ཅན་དུ་ངེས་པར་བྱས་ནས་ཞེས་པ་ནི་དེ་དག་དབྱེར་མེད་པ་སྟེ་ཟུང་དུ་འཇུག་པའི་རིམ་པ་བཤད་ནས་སོ། །སྤྲུལ་པའི་སྐུ་བཞི་ཞེས་པ་ནི་བརྟག་པའི་

རྣལ་འབྱོར་པས་རྟོགས་པར་བྱ་བའི་སྐུའི་ཕྱག་རྒྱ་བཞི་བསྟན་པར་བྱ་བའི་ཕྱིར་བཤད་པར་བྱ་སྟེ། ཞེ་སྡང་སྦྱོང་བར་མཛད་པས་ན་མི་བསྐྱོད་པ་ནི་ཐུགས་ཀྱི་རྡོ་རྗེའོ། །རང་གི་བདག་ཉིད་ལས་ངེས་པར་བྱུང་བའི་ལྷ་མོ་རྣམས་ཀྱི་འཁོར་ལོ་ཞེས་པ་ནི་སྙོམས་པར་ཞུགས་པ་ལས་བྱུང་བའི་རིགས་ཀྱི་ཡུམ་

བཞི་དང་། གཟུགས་ལ་སོགས་པ་ཡུལ་ལྔའི་ལྷ་མོའི་ཚོགས་སོ། །བུད་མེད་ཀྱི་གཟུགས་སུ་མངོན་པར་སྤྲུལ་ནས་ཞེས་པ་ལ་སོགས་པ་ནི་ལེའུ་དང་པོ་ནས་བཤད་པས་ན། འདིར་མ་བཤད་དོ། །དེས་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོའི་འཁོར་ལོས་བྱས་པའི་ཕྱི་དང་ནང་དང་གསང་བའི་མཆོད་པ་

Vol. 32 · folio 280b

བསྟན་ཏོ། །ཆགས་པ་ལ་སོགས་པ་ཉམས་སུ་མྱོང་བ་ཞེས་པ་ནི་སྙོམས་པར་འཇུག་པའི་དབང་གི་ཡེ་ཤེས་གསུམ་རང་གིས་རིག་པའོ། །བུ་མོའོ་ཞེས་པ་ནི་སྨེ་ཤ་ཅན་གྱི་བུ་མོ་སྟེ་ཨུཏྤལ་སྔོན་པོའི་ཁ་དོག་འདྲ་བའོ། །རང་བཞིན་བརྟན་པ་ཐོབ་ཅིང་རྙེད་པ་ཞེས་པ་ནི་དམ་ཚིག་དང་སྡོམ་པ་ལ་སོགས་པ་ལ་

བརྟེན་པར་བརྟན་པ་སྟེ་ཡིད་མ་འཁྲུལ་བ་རྙེད་པའམ་རང་གིས་བཙལ་བའམ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པས་ཐོབ་པའམ་དགུ་པའོ། །ཇི་སྐད་དུ། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མ་ཡིན་མོ་མི་མོ་ཡང་། །རྙེད་དེ་རེག་པའི་བརྟུལ་ཞུགས་བྱ། །ཐེ་ཚོམ་མེད་པས་དེ་ལྟར་འགྲུབ། །ཅེས་

འབྱུང་ངོ་། །པདྨ་ཅན་ཞེས་བྱ་བ་ལ་སོགས་པ་རིགས་བཞི་ཞེས་པ་ནི་པདྨ་ཅན་དང་དུང་ཅན་དང་། ཨུཏྤལ་ཅན་དང་། བ་ཞེས་བྱའོ། །དེ་ལ་པདྨ་ཅན་ནི་ཐུན་མོང་གི་པདྨ་དང་ལྡན་པའོ། །དུང་ཅན་ནི་ཡོན་པོའི་པདྨ་དང་ལྡན་པའོ། །ཨུཏྤལ་ཅན་ནི་པདྨ་ཕྲ་མོའོ། །བ་ནི་ཤིན་ཏུ་རྒྱས་པ་ཡན་ལག་

མཆོག་དང་ལྡན་པའོ། །གཞན་དག་ན་རེ་བུད་མེད་ནི་གསུམ་སྟེ། རི་དགས་མོ་དང་། རྒོད་མ་དང་། གླང་པོ་མོའོ། །སྐྱེས་པ་ནི་གསུམ་སྟེ། རི་བོང་དང་། གླང་དང་། རྟའོ་ཞེས་ཟེར་རོ། །དེར་བྱས་པའི་རབ་ཏུ་དབྱེ་བའི་ལས་ཀྱིས་སོ་ཞེས་པ་ནི་ཇི་ལྟར་རྡོ་རྗེའི་ར་བ་དང་། པདྨ་ཆུང་བ་དང་། མཉམ་

པོར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཕྲ་བ་དང་པདྨ་ཆེ་བ་མཉམ་པོར་འགྱུར་རོ། །དེ་ལྟར་རྡོ་རྗེ་བར་མ་དང་ཕྲ་བའི་པདྨ་ལ་སོགས་པ་ལ་ཡང་ཤེས་པར་འགྱུར་རོ། །ལས་ཀྱི་དབྱེ་བས་དེ་ཡང་དྲུག་ཅུ་རྩ་བཞིའི་བྱ་བའི་སྦྱོར་བས་བསྒྲུབ་པར་བྱ་བ་དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ལས་རྗེས་སུ་འབྲང་བར་

བྱའོ། །འདོད་པའི་བསྟན་བཅོས་ལས་ཀྱང་། ཡང་དག་པར་འཇུག་བྱེད་ཅེས་དབྱེར་མེད་དངོས། །ཁྱད་པར་སྦྱོར་བས་དེ་ཉིད་སྣ་ཚོགས་དགའ། །དེ་ཡི་སྤྲོ་བ་དང་ནི་བཤད་བྱ་བ། །འཁོར་བའི་ལམ་ནི་རྒྱས་དང་བསྡུ་བའི་ཕྱིར། །ཞེས་འབྱུང་ངོ་། །བདག་ཉིད་ཀྱིའོ་ཞེས་པ་ནི་རྣལ་འབྱོར་

པས་སོ། །ཤུ་ཞེས་བྱ་བ་ལ་སོགས་པས་མྱ་ངན་ནི་ཤིང་དང་འདྲ་བ་སོག་ལེ་དང་འདྲ་བས་གང་གིས་གཅོད་པར་འགྱུར་བ་དེ་ནི་མཆོག་ཏུ་དགའ་བ་ཞེས་བྱའོ། །ཁུ་བ་དེ་དང་བདག་ཉིད་མཆོད་པར་བྱའོ་ཞེས་པ་ནི་གཉིས་ཀས་ཀྱང་བདག་ཉིད་ཚིམ་པར་བྱའོ། །འདོད་པའི་དབང་ཕྱུག་ཏུ་གསལ་

Vol. 32 · folio 281a

བར་བསྟན་པ་ཡིན་ནོ་ཞེས་པ་ནི་སྤྲོས་པའི་སྤྱོད་པའི་སྒོ་ནས་ཆགས་པའི་རོལ་པ་ལ་སོགས་པ་རྒྱ་ཆེ་བ་བསྟན་པའོ། །རྗེས་སུ་དྲན་པའི་འབྲས་བུ་ནི་ཕན་ཡོན་ནོ། །ཡོངས་སུ་ཤེས་པས་ནི་ཞེས་པ་ལ། །སྒོམ་པ་ཡོངས་སུ་རྫོགས་ནས་མངོན་དུ་བྱེད་པས་སོ། །རྣམ་པར་སྣང་མཛད་ལ་

སོགས་པའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནོ། །རྫུ་འཕྲུལ་དང་ལྡན་པའི་སྐུ་ཐོབ་པར་འགྱུར་བ་དང་ཞེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པའི་དངོས་གྲུབ་བརྒྱད་དང་ལྡན་པར་འགྱུར་རོ། །འདས་ཞེས་བྱ་བ་ལ་སོགས་པས་ཡུན་རིང་དུ་གནས་པ་ཉིད་བསྟན་ཏོ། །

མི་བསྐྱོད་པ་དང་འབྲེལ་པའི་ཞེས་བྱ་བ་ལ་སོགས་པས་ཐུགས་ཀྱི་རང་བཞིན་ཡིན་པས་སེམས་ཀྱི་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཡིད་ལ་གང་དང་གང་འདོད་པ་ཞེས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སོགས་པའི་ཞེས་བྱ་བའོ། །རི་བོ་ལ་སོགས་གཡོ་བ་དང་། །

དེ་བཞིན་འཇིགས་པ་འཕྲོག་པ་དང་། དེའི་སྟེང་དུ་ཆུ་བཞིན་དུ་ནུས་པ་དང་འབྱུང་བར་འགྱུར་ཞེས་འབྱུང་ངོ་། །དེའི་གསུང་ནི་དེ་དང་འབྲེལ་པས་ཞེས་པ་ནི་འོད་དཔག་ཏུ་མེད་པའི་འབྲེལ་པ་དང་ལྡན་པའི་གསུང་གི་དབང་ཕྱུག་ཉིད་ཐོབ་པར་འགྱུར་ཏེ། དེ་ནི་གསུང་གི་རང་བཞིན་ཡིན་ནོ་ཞེས་བསྟན་

པའི་ཕྱིར་རོ། །ཇི་ལྟ་བུ་ཞེ་ན་ཞེས་པ་ནི་དྲི་བའོ། །སྒྲ་བརྙན་དང་མཚུངས་པའི་སྒྲའི་ངོ་བོ་ཉིད་ཅེས་པ་ནི་དེའི་ངོ་བོ་ཉིད་ཅེས་པའོ། །གང་ཞིག་སྨྲ་བར་འགྱུར་བ་ཞེས་པ་ནི་དམོད་པ་འདེབས་པ་དང་རྗེས་སུ་གཟུང་བ་ལ་སོགས་པའི་ཚིག་གང་ཡིན་པ་དེ་ནི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ཀྱིས་

འགྲུབ་པར་འགྱུར་བ་ནི་ངག་གི་དབང་ཕྱུག་གོ། །ཡང་ན་སྔར་མེད་པའི་བསྟན་བཅོས་སོ་སོར་རྩོམ་པས་ན་ངག་གི་དབང་ཕྱུག་གོ། །སྐྱེ་བ་སྲིད་པ་ཐ་མ་ཡིན་ཞིང་ཞེས་པ་ནི་སྐྱེ་བ་ཕྱི་མ་དང་མི་ལྡན་པ་སྟེ་སྐྱེ་བ་གཞན་མེད་པའི་ཕྱིར་རོ། །ཟུང་དུ་འཇུག་པའི་བདག་ཉིད་ཅན་གྱི་ནི་ཞེས་པ་ལ་

ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་འོ། །ཚེ་འདི་ཉིད་ལས་ཞེས་བྱ་བ་སྟེ་ཞེས་པའི་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པའི་ཤེས་རབ་ཕ་རོལ་ཕྱིན་པའི་རྣལ་འབྱོར་པ་ལས་ལྡོག་པ་བསྟན་ཏོ། །ལས་ཀྱི་དབང་གིས་ཞེས་པ་ནི་ས་དགུ་པ་ལ་ལས་ཀྱི་དབང་གིས་ཐོབ་པའི་

Vol. 32 · folio 281b

རྒྱུར་གྱུར་པས་སོ། །སྐྱེ་བར་འགྱུར་བ་དགག་པར་མཛད་པས་ཞེས་པ་ནི་སླར་ཡང་སྲིད་པའི་སྐྱེ་བ་ལེན་པ་དགག་པ་ཡིན་ནོ། །སྐྱེ་བའི་ལས་ནི་རྩ་བ་ཡིན་ཏེ། ལས་དབང་དུ་འགྱུར་ན་སྐྱེ་བ་ཡང་མེད་དོ། །རླུང་གི་སྦྱོར་བ་མེད་པ་ཡིས། །སེམས་ཀྱི་རང་བཞིན་མ་དམིགས་ཏེ། །སེམས་ནི་རང་

བཞིན་རྒྱུར་གྱུར་པས། །ལས་དང་སྐྱེ་བ་འབྱུང་བར་འགྱུར། །ཞེས་འབྱུང་ངོ་། །མཐོང་བའི་ཆོས་ནི་མྱ་ངན་འདས། །ཞེས་བྱ་བ་ལ་སོགས་པ་འཕགས་པའི་ཚིག་གིས་ཚད་མ་ཉིད་དུ་བསྟན་ཏོ། །འབྲས་བུའི་ཁྱད་པར་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་ཁྱད་པར་རོ། །

ཕྱག་རྒྱ་ཆེན་པོ་འགྲུབ་པའོ། །ཞེས་པ་ནི་དཔལ་རྡོ་རྗེ་འཆང་ཆེན་པོའི་ལྷའི་སྐུ་སྒྲུབ་པའོ། །སྔགས་ལ་རྗེས་སུ་གཞོལ་བ་རྣམས། །ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །འཇིག་རྟེན་པའི་དངོས་གྲུབ་རྣམས་ཀྱང་ཞེས་པ་ནི་སྨན་མཆོག་དང་བཅུད་ཀྱིས་ལེན་ལ་སོགས་པ་སྟེ། འཇིག་

རྟེན་པ་རྣམས་འདུལ་བ་ཙམ་བྱེད་པས་སོ། །ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པ་རྣམས་ལ་འགྲུབ་པར་འགྱུར་རོ་ཞེས་པ་ནི་འབད་རྩོལ་མེད་པས་འགྲུབ་པར་འགྱུར་རོ་ཞེས་ཚིག་གི་ལྷག་མའོ། །ཁམས་གསུམ་མོ་ཞེས་པ་ནི་ཁམས་གསུམ་གྱི་རང་བཞིན་ཏེ། །སངས་རྒྱས་ཐམས་ཅད་

དོ། །དབྱེར་མེད་པར་གྱུར་པའོ་ཞེས་པ་ནི་དུས་གསུམ་པའི་སངས་རྒྱས་དང་བདག་ཉིད་དབྱེར་མེད་པའི་མོས་པས་སོ། །བསྒོམས་པའི་རྒྱུ་དེས་ན་འགྲུབ་པར་འགྱུར་བ་སྟེ་དབྱེར་མེད་པའི་བསྒོམ་པས་སོ། །ཡན་ལག་མ་ཉམས་པར་བཟླས་ཤིང་ཞེས་པ་ནི་ལྷ་ལ་སོགས་པ་དབྱེར་མེད་པ་དང་ལྡན་པའི་

རྡོ་རྗེ་བཟླས་པས་སོ། །བདེན་པ་མཐོང་བས་སོ་ཞེས་པ་ནི་ཆོས་ཐམས་ཅད་རྟོགས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཐ་མི་དད་པའི་བསྒོམ་པས་འཇིག་རྟེན་པའི་དངོས་གྲུབ་ཀྱང་ཐོབ་པར་མི་འགྱུར་ན་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་

པར་འགྱུར་རོ་ཞེས་སྨོས་ཀྱང་ཅི་དགོས་པའོ། །གང་གི་ཕྱིར་དངོས་གྲུབ་ཐམས་ཅད་ཀྱི་རྒྱུ་ནི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཏེ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ངོ་བོ་ཡིན་པས་སོ། །ཐུབ་པ་ཆེན་པོའི་ཆོས་ཀྱི་ཕུང་། །བརྒྱད་ཁྲི་བཞི་སྟོང་ཤེས་ན་ཡང་། །གང་ཞིག་དེ་ཉིད་མི་ཤེས་པས། །དེ་དག་ཐམས་

Vol. 32 · folio 282a

ཅད་འབྲས་བུ་མེད། །ཅེས་འབྱུང་ངོ་། །རྣལ་འབྱོར་ཐམས་ཅད་ཅེས་བྱ་བ། །ལ་སོགས་པས་ལུང་ཚད་མ་ཉིད་བསྟན་ཏེ། རྣལ་འབྱོར་ཐམས་ཅད་ནི་ཐབས་གང་ལ་ཡོད་པ་དེ་ནི་རྣལ་འབྱོར་ཐམས་ཅད་དེ་ཐབས་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བའོ། །ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་

བཅོམ་པས་ན་བཅོམ་ལྡན་འདས་སོ། །རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ཆེན་པོའོ། །དེ་ཉིད་ཐོབ་པ་དང་དེ་ལས་གཤེགས་པ་ནི་དེ་བཞིན་གཤེགས་པའོ། །ཁམས་གསུམ་མ་ལུས་ཞེས་པ་ནི་འགྲོ་བ་ཐམས་ཅད་དོ། །དེའི་ལོངས་སྤྱོད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེར་

བའི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའི་དབང་དུ་གྱུར་པའོ། །འདི་སྐད་བཤད་པ་ཡིན་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའ་ལ་རག་ལུས་པ་ཡིན་ནོ་ཞེས་བྱ་བས་དེ་ཉིད་ལ་འབད་རྩོལ་བྱའོ་ཞེས་དགོངས་པའོ། །

འདོན་ཅིང་ཟློས་པ་ཞེས་པ་ནི་ཡན་ལག་མ་ཉམས་པའི་རིམ་པ་དང་ངག་གིས་བཟླས་པས་བཟླས་པ་གང་ཡིན་པ་དེ་དག་སྒྲུབ་པ་པོས་ནི་རིམ་པ་གཉིས་ལ་གནས་པའི་རྣལ་འབྱོར་པ་ཞེས་བྱའོ། །སྤྲོས་པ་མེད་པ་ལ་སློབ་པའི་ངོ་བོ་ཉིད་ཅེས་པ་ནི་ཉེ་བར་མཚོན་པ་སྟེ་སྤྲོས་པ་དང་བཅས་པ་དང་

ཤིན་ཏུ་སྤྲོས་པ་མེད་པ་དག་ཀྱང་སློབ་པ་ཞེས་བཤད་པར་བྱ་སྟེ། ལེའུའི་བརྗོད་བྱ་དེ་རྣམས་ཡིན་པས་སོ། །དེ་ཉིད་མཆོག་ཅེས་པ་ནི་དཔལ་རྡོ་རྗེ་འཆང་གི་གནས་ཐོབ་པར་བྱེད་པའམ་བྱ་བ་དང་སྤྱོད་པ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པས་སོ། །དེ་སྟོན་པ་ནི་སྤྱོད་པ་གསུམ་སྟོན་པར་བྱེད་པའོ། །སྒྲའི་

ཚོགས་ཞེས་པ་ནི་ཚིག་གི་ཚོགས་ཏེ་ལེའུ་ཞེས་བྱའོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་ཕན་ཡོན་ཙམ་སོ་སོར་བསྟན་པ་སྟེ། སོགས་པའི་སྒྲས་ཤེས་པར་བྱའོ། །སྒྲོན་མ་གསལ་བའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བདུན་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེའུ་བརྒྱད་

པའི་བཤད་པ་བརྩམ་པར་བྱ་སྟེ། །སྤྱོད་པ་ལ་གནས་པ་ཞེས་པ་ནི་རྣམ་པ་གསུམ་གྱི་སྤྱོད་པ་ལ་རྩོལ་བ་བྱས་པས་སོ། །ཚོགས་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འཕེལ་བར་བྱ་བའི་ཕྱིར་རོ། །དེ་ལ་སྤྱོད་པ་སྤྱོད་པར་འཛིན་པའི་རྣལ་འབྱོར་

Vol. 32 · folio 282b

པ་ལ་གསང་བའི་དབང་བསྐུར་མེད་པས་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་ལེའུ་བརྒྱད་པས་དེ་སྟོན་པ་ཡིན་ནོ། །དེ་ལ་གསང་བའི་དབང་ཐོབ་པའི་ཕྱིར་བླ་མ་ལ་ཕྱི་དང་ནང་དང་གསང་བའི་མཆོད་པ་བྱས་ན་བསོད་ནམས་ཀྱི་ཚོགས་ཐོབ་པར་འགྱུར་རོ། །གང་གི་ཚེ་མགུ་བར་གྱུར་པའི་བླ་མས་ཀྱང་།

སློབ་མ་ལ་གསང་བའི་དབང་བསྐུར་བྱིན་ན་དེའི་ཚེ་དེས་ཡེ་ཤེས་ཀྱི་ཚོགས་ཐོབ་པར་འགྱུར་རོ། །དེ་ཉིད་བསྟན་པའི་ཕྱིར། བླ་ན་མེད་པའི་མཆོད་པ་བྱའོ་ཞེས་པ་ནི་གང་གིས་ཡེ་ཤེས་ཀྱི་ཚོགས་ཐོབ་པར་འགྱུར་རོ། །སྤྱོད་པ་ཐོས་པའི་འོག་ཏུ་ཞེས་པ་ནི། དེ་ནས་ཀྱི་སྒྲས་དེ་མ་ཐག་པའི་དོན་

བཤད་པའི་ཕྱིར་རོ། །དཀོན་མཆོག་དཔལ་ནི་ཅིའི་ཕྱིར་ཞེ་ན་སྨྲས་པ། ནམ་མཁའི་ཁམས་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་ཏེ་དེའི་རང་བཞིན་ཡང་རིན་ཆེན་དཔལ་ལོ་ཞེས་པས་དེ་ལ་འདྲི་བ་པོ་ནི་མཐུན་པའོ། །དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་

ཀྱིས་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་སོ། །བྱང་ཆུབ་ཀྱི་སེམས་དབང་བསྐུར་བའི་གསོལ་བ་གདབ་པའི་གཞིར་གྱུར་པའི་ཕྱིར་རོ་ཞེས་པ་ནི་གསང་བའི་དབང་བསྐུར་དེའི་རང་བཞིན་གསོལ་བ་འདེབས་པར་བྱེད་པ་ཡིན་པས་སོ། །བྷ་གར་བཞུགས་པས་ན་ཞེས་པ་ནི་བྷ་གའི་ནང་

དུ་འདོད་པའི་གདུགས་ཀྱི་རྩལ་བྱང་ཆུབ་ཀྱི་སེམས་གནས་པས་སོ། །རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་རིགས་ལྔ་ཉེ་བར་སྡུད་པས་སོ། །དམ་པ་ནི་སྤྱན་ལ་སོགས་པ་ཞེས་པ་ནི་མཆོག་ཏུ་དགའ་བ་རབ་ཏུ་སྟེར་བ་རིགས་ཀྱི་ཡུམ་བཞི་ཞེས་བྱ་བ་སྟེ་དྲང་བའི་དོན་ཏོ། །མཆོག་གི་དེ་

ཁོ་ན་ཉིད་གཞལ་བར་བྱེད་པས་ན་དམ་པ་ནི་འབྱུང་བའི་རྩ་བཞིའོ། །སྤྱན་མ་ལ་སོགས་པ་ནི། རུས་སྦལ་མ་དང་ཟླ་བའམ། །ལྷ་སྦྱིན་མ་དང་ནོར་རྒྱས་མ། །ཞེས་བྱའོ། །དེ་རྣམས་ཀྱི་དབང་ཕྱུག་ནི་གཙོ་བོར་གྱུར་པ་སྟེ་ཞེས་པ་ནི་རྩ་དབུ་མ་བཞི་དང་ལྡན་པ་ཐིག་ལེའི་གཟུགས་སུ་འཇུག་པ་སྟེ་

ངེས་པའི་དོན་ཏོ། །རྡོ་རྗེ་འཆང་ཆེན་པོ་ནི་དྲུག་པའོ། །མཉེས་པར་བྱས་སོ་ཞེས་པ་ནི་གསོལ་བ་འདེབས་པར་བྱས་པའོ། །ཚིགས་སུ་བཅད་པ་དེ་བཞིས་དེ་བཞིན་གཤེགས་པ་དྲུག་གི་སྒོ་ནས་བསྟན་པར་བྱ་སྟེ། རྡོ་རྗེ་ལྟར་མི་ཕྱེད་པའི་ཚུལ་གྱིས་མཛེས་པས་ན་ཞེས་པ་ནི་དེ་བཞིན་གཤེགས་

Vol. 32 · folio 283a

པ་ལྔ་བསྡུ་བར་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་ཕྱེད་པའི་དེ་ཁོ་ན་ཉིད་སྟོན་པའི་ངང་ཚུལ་ཅན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ། །གང་གིས་སེམས་ཅན་མང་ཞིང་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །སངས་རྒྱས་ཉིད་དུ་སོན་པར་མཛད་

པ་ནི་རྡོ་རྗེ་འཆང་ཆེན་པོ་བསྒོམས་ནས་སངས་རྒྱས་ཉིད་ཐོབ་པ་ཡིན་གྱི། གཞན་གྱིས་ནི་མ་ཡིན་ཏེ། རྟོག་པ་དང་བཅས་པའི་ཕྱིར་རོ། །གང་གི་ཕྱིར་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་ནི་འཁོར་བ་དང་རྡོ་རྗེ་འཆང་གི་དབུགས་དབྱུང་བ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་འབྱུང་ངོ་། །

དེས་ནི་རྡོ་རྗེ་འཆང་ཆེན་པོའི་སྒོ་ནས་བསྟོད་པའོ། །དོན་དམ་པའི་བདེན་པ་ནི་རིམ་པ་གཉིས་པའམ། བཞི་པས་ཐོབ་པར་བྱ་བའི་འོད་གསལ་བའོ། །དེ་རྣམ་པར་དག་པའི་སྤྱོད་པ་ནི་ཞེས་པ་ལ་འཇིག་རྟེན་པའི་ཆོས་བརྒྱད་རྣམ་པར་དག་པའི་མཚན་ཉིད་དོ། །ཇི་ལྟར་སྡུག་བསྔལ་

དེ་བཞིན་བདེ། །ཞེས་བྱ་བ་ལ་སོགས་པ་འབྱུང་བས་སོ། །དེས་རྣལ་འབྱོར་པའི་རྒྱུད་སྦྱོང་བར་བྱེད་པས་ན་ཞེས་པ་ནི་རྣམ་པར་མི་རྟོག་པར་བྱེད་པའོ། །དེ་སྤྱོད་པས་ནི་སེམས་སོ་སོར་རྟོག་པར་བྱ་བ་ཡིན་ཏེ། དེས་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ། །རྣམ་པར་རྟོག་པ་

ཐམས་ཅད་ཀྱི་སྤྲོས་པ་དང་བྲལ་བ་ཞེས་པ་ནི་སེམས་ཅན་རྣམས་ལ་མ་སྨིན་པ་ལ་སོགས་པ་རྟོག་པ་ཐམས་ཅད་དེ། དེ་དང་བྲལ་བ་ནི་སེམས་ཅན་རྣམ་ལ་བསྟན་པ་དང་གྲོལ་བ་དང་སྨིན་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྤྱོད་པའོ། །དེས་ན་ཕུལ་དུ་བྱུང་བས་ན་ཞེས་པ་ནི་བྱ་བ་ནན་ཏན་གྲུབ་

པའི་ཡེ་ཤེས་དང་ལྡན་པའོ། །རྒྱལ་བར་གྱུར་པས་ན་ཞེས་པ་ནི་མཐོང་བ་དང་བསྒོམ་པ་ལ་སོགས་པའི་ལམ་གྱིས་ཉོན་མོངས་པ་དག་པར་མཛད་པས་ན་རྒྱལ་བའོ། །རང་སངས་རྒྱས་ལ་སོགས་པ་སྟེ་ཞེས་པ་ནི་བསེ་རུ་ལ་སོགས་པའོ། །དེ་རྣམས་འོད་ཟེར་གྱིས་བསྐུལ་བས་སྔགས་ཀྱི་ཚུལ་ལ་

འཇུག་པར་མཛད་པས་ན་མཆོག་ནི་དོན་ཡོད་གྲུབ་པའོ། །དེས་ནི་དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པའོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སྤྱོད་པའི་སྒོ་ནས་བསྟོད་པའི་དོན་བསྟན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་འདོད་ཆགས་ལ་སོགས་

Vol. 32 · folio 283b

པའི་སྒོ་ནས་སྦྱོང་བར་མཛད་པའི་ཕྱིར། འདོད་ཆགས་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བར་གྱི་སྦྱོང་བ་ཚིག་མི་མངོན་པ་ཞེས་དགོངས་སོ། །དེ་སྟོན་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །ནམ་མཁའི་དབྱིངས་དང་མཚུངས་པ་ཞེས་པ་ནི་རྣམ་པར་མི་རྟོག་པའི་བྱང་ཆུབ་ཀྱི་སེམས་ཀྱང་ནམ་མཁའོ། །དེའི་

རང་བཞིན་ཡིན་པས་ན་མཆོག་ཅེས་འོད་དཔག་ཏུ་མེད་པའི་སྒོ་ནས་བསྟོད་པའོ། །དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནོ། །སྐྱེད་པར་མཛད་པས་ན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ལས་འབྱུང་བས་སོ། །བག་ཆགས་མ་

ལུས་པ་དང་བྲལ་བ་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མེད་པའོ། །འཁོར་བ་ཇི་སྲིད་པར་གནས་པ་ཞེས་པ་ནི་འཁོར་བའི་བར་དུ་གནས་པའོ། །སེམས་ཅན་གྱི་ཁམས་སྦྱོང་བར་བྱེད་པའི་ཡེ་ཤེས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་གྲོལ་བར་བྱེད་པས་ན་ཐར་པ་ཞེས་བྱའོ། །ལམ་ནི་ལམ་ལྔའི་

མཚན་ཉིད་ཀྱི་རྒྱུའོ། །འཆད་པར་མཛད་པ་ཞེས་པ་ནི་རྣམ་པར་སྣང་མཛད་ཉིད་དོ། །ཉན་ཐོས་ལ་སོགས་པའི་ཐེག་པ་གསུམ་མོ་ཞེས་པ་ན་དེའི་ཚེ་དགོངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ། །དེ་ལ་ལམ་གྱི་ངོ་བོ་ཉིད་ཀྱིས་རབ་ཏུ་གནས་པས་ན་ཞེས་པ་ནི་ལམ་གྱི་ངོ་བོར་བཅོམ་ལྡན་

འདས་གནས་པའོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་སྤྲུལ་པའི་རྣམ་པར་སྣང་མཛད་དང་། སྤྱན་མ་དང་གཟུགས་རྡོ་རྗེ་མ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོར་གྱུར་པས་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་གྱི་རྣམ་པར་སྣང་མཛད་དེ་བདག་པོའོ། །དེས་ན་དག་

པའི་བདག་ཉིད་ཅན་གྱིས་ཞེས་པ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལ་མཁས་པས་དག་པའི་གནས་ཐོབ་པའོ། །དེས་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱིས་བསྟོད་པའོ། །བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེའི་ངོ་བོའི་ཐུགས་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །

རྒྱས་པའི་སྤྱན་དང་ལྡན་པ་གང་ཡིན་པ་དེ་ནི་ཞེས་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཉིད་བསྟན་ཏོ། །ཆོས་ཀྱི་འཁོར་ལོ་ནི་རྣམ་པ་བཅུ་གཉིས་པའོ་ཞེས་པ་ནི་བདེན་པ་ནི་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཞེས་བྱ་བ་སྟེ། མཐོང་བའི་ལམ་ལའོ། །སྡུག་བསྔལ་

Vol. 32 · folio 284a

ཤེས་པར་བྱ། ཀུན་འབྱུང་དགག་པར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་བྱ་བ་བསྒོམ་པའི་ལམ་མོ། །སྡུག་བསྔལ་ཤེས། ཀུན་འབྱུང་སྤོང་། འགོག་པ་མངོན་དུ་བྱས། ལམ་བསྒོམ་ཞེས་མི་སློབ་པའི་ལམ་སྟེ། དེ་ལྟར་རྣམ་པ་གསུམ་བསྐོར་བ་ནི་བདེན་པ་བཞི་

སྟེ་རྣམ་པ་བཅུ་གཉིས་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་ཁམས་གསུམ་པོ་ལ་རབ་ཏུ་བསྐོར་བ་མཛད་དོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་འཆང་གི་ངོ་བོ་ཡིན་པས་ན། རྡོ་རྗེ་གསུམ་མི་ཕྱེད་པའི་མཚན་ཉིད་དོ། །དེས་ནི་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །དྲང་བའི་དོན་ཞེས་པ་ནི་དེ་བཞིན་

གཤེགས་པ་དྲུག་གི་ནི་བསྟོད་པ་ཙམ་བསྟན་པས་སོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་ངེས་པའི་དོན་གྱི་སྒོ་ནས་བསྟོད་པར་བྱ་སྟེ། ཡེ་ཤེས་གསུམ་གྱི་སྒོ་ནས་ཞེས་པ་ནི་སྣང་བ་ནི་ཞེ་སྡང་ངོ་། །སྣང་བ་མཆེད་པ་ནི་འདོད་ཆགས་སོ། །སྣང་བ་ཉེ་བར་ཐོབ་པ་ནི་གཏི་མུག་སྟེ་མ་རིག་པའི་ངོ་བོ་

ཡིན་པས་སོ། །དེ་ཉིད་བསྟན་པའི་ཕྱིར། འདོད་ཆགས་ནི་ཐབས་ཀྱི་རང་བཞིན་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འོད་གསལ་བ་ཞེས་པ་ནི་མི་ཕྱེད་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པ་འོད་གསལ་བའི་དྲི་མ་རྣམ་པར་དག་པར་བྱེད་པ་ཉིད་བསྟན་ཏོ། །དབང་པོ་མཆོག་ནི་རྣམ་

པར་ཤེས་པ་སྟེ་ཐམས་ཅད་ཀྱི་མཆོག་ཡིན་པས་སོ། །དེ་ཉིད་ཤེལ་སྒོང་དག་པ་དང་མཚུངས་པ་ནི་དབང་པོ་མཆོག་ཙམ་མོ། །དེ་བཟུང་བས་ནི་བཅོམ་ལྡན་འདས་ཏེ་རྣལ་འབྱོར་གྱི་མངོན་སུམ་གྱིས་རྟོགས་པར་བྱ་བ་ཉིད་དུ་བསྟན་ཏོ། །རྡོ་རྗེ་འཆང་ཆེན་པོ་ནི་བརྟན་པ་དང་གཡོ་བའི་དངོས་པོ་

ཐམས་ཅད་ཀྱི་དང་པོར་གྱུར་པས་ན་མཆོག་ཅེས་བྱའོ། །འོད་གསལ་བ་ཡང་དངོས་པོའི་ཚོགས་ཐམས་ཅད་ཀྱི་དང་པོ་ཉིད་ཆོས་ཀྱི་ངོ་བོ་ཡིན་པས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་ལས་བྱུང་བ་སྟེ། གང་དུ་ནི་རྡོ་རྗེ་འཆང་ཆེན་པོའི་རིགས་

གཅིག་ལ་ཐིམ་པར་གྱུར་པས་ན་དེ་ལ་དེ་སྐད་ཅེས་བྱ་བའོ། །གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ་ཞེས་པ་ནི་འོད་གསལ་བ་དང་དེའི་བདག་ཉིད་ཀྱི་མཆོད་པ་ཞེས་བྱའོ། །རྡོ་རྗེ་སྐུ་ཉིད་ཀྱིས་ཞེས་པ་ནི་ཟུང་དུ་འཇུག་པའི་སྐུ་ཉིད་ཀྱིས་སོ། །ཚད་མེད་པའི་ལྷ་མོ་དང་སྙོམས་པར་

Vol. 32 · folio 284b

ཞུགས་པས་ཞེས་པ་ནི་རིགས་ཀྱི་ཡུམ་དང་མཆོད་པའི་ལྷ་མོ་དང་། ཕོ་ཉ་མོ་དང་བཀའ་ཉན་མོ་དང་བྲན་མོའི་པདྨའི་འབྲེལ་པས་སོ། །མཆོག་ཏུ་དགའ་བའི་མཚན་ཉིད་གཅིག་པར་ཞེས་པ་ནི་བདེ་བ་ཆེན་པོའི་ངོ་བོ་གཅིག་གིས་སོ། །ལྷ་དང་མི་ལས་འདས་པའི་ཞེས་པ་ནི་ལྷ་དང་མི་རྣམས་

ཀྱི་བདེ་བ་ནི་མ་དག་པ་སྟེ། མི་རྟག་པའི་ཆོས་དང་ལྡན་པའི་ཕྱིར་དང་བྲལ་བའི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་ཆེ་བ་ཡིན་པས་དྲི་མ་མེད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བདེ་བ་ཆེན་པོ་ནི་ཟག་པ་མེད་པ་སྟེ་རྟག་པ་ཞེས་བྱའོ། །ཡོན་ཏན་བརྒྱད་ཀྱི་དབང་ཕྱུག་གི་བདེ་བ་ཞེས་པ་ནི།

སྐུའི་དབང་ཕྱུག་ལ་སོགས་པ་སྟེ་སྔར་བཤད་ཟིན་ནོ། །དེ་ལྟར་གྱུར་པའི་བདེ་བ་ཆེན་པོ་ཐོབ་པའི་ཐབས་ནི་རིགས་དང་བསམ་པ་ལ་སོགས་པའི་དབྱེ་བས་རྣམ་པ་དུ་མ་གང་ཡིན་པ་དེ་སྟོན་པར་མཛད་པ་ནི་དེ་སོ་སོར་སྟོན་པར་མཛད་པས་སོ། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་

གསུམ་ནི་སྣང་བ་གསུམ་མོ། །དེ་ཉིད་བགྲོད་པར་བྱ་བ་ཡིན་པས་ན་ལམ་སྟེ་རྒྱུའོ། །དོན་དམ་པའི་བདེན་པའོ་ཞེས་པ་ནི་རིམ་པ་གཉིས་པ་དང་བཞི་པས་ཐོབ་པར་བྱ་བའི་འོད་གསལ་བའོ། །དེ་ཉིད་བླང་བ་ཡིན་པས་ན་གྲོང་ཁྱེར་དང་འདྲ་བ་ནི་གྲོང་ཁྱེར་ཆེན་པོའོ། །དེར་འཇུག་པར་མཛད་པས་ན་ཞེས་

པ་ནི་དེ་སྟོན་པར་བྱེད་པའོ། །བདེ་བ་ཐམས་ཅད་ནི་སྣང་བ་ལ་སོགས་པའོ། །བདག་ཉིད་ནི་འོད་གསལ་བའོ། །དེ་སྒྲུབ་པ་ནི་རྫོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ན་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །

བྱང་ཆུབ་ནི་དོན་དམ་པའི་བདེན་པ་ཞེས་པ་ལ་སོགས་པས་ཟུང་དུ་འཇུག་པའི་རིམ་པ་གཙོ་བོར་གྱུར་པ་བཅོམ་ལྡན་འདས་བསྟན་ཏོ། །རྒྱས་ཤིང་ཞེས་བྱ་བ་ལ་སོགས་པས་མདོར་བསྟན་པའོ། །དེ་གང་ཞེ་ན། ཞེས་པ་ནི་འདྲི་བའོ། །ཤ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བཤད་པའོ། །

དེ་ལ་ཤའི་མིག་གིས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞེས་བྱའོ། །ལྷའི་མིག་གིས་རིང་བ་དང་བསྐལ་པ་དང་བར་ཆོད་དང་བཅས་པའི་དངོས་པོ་རྣམས་གཟིགས་སོ། །ཤེས་རབ་ཀྱི་མིག་གིས་དངོས་པོའི་རང་གི་མཚན་ཉིད་གཟིགས་སོ། །ཆོས་ཀྱི་མིག་གིས་ཆོས་

Vol. 32 · folio 285a

ཐམས་ཅད་སྟོང་པ་ཡེ་ཤེས་ལྔ་གཟིགས་སོ། །སངས་རྒྱས་ཀྱི་མིག་གིས་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་མཚུངས་པ་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པར་འགྱུར་རོ། །འདུས་བྱས་པ་དང་འདུས་མ་བྱས་པ་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ་ཞེས་པ་ནི་ཀུན་

རྫོབ་དང་དོན་དམ་པ་ལ་སོགས་པའོ། །དེ་སེམས་ཅན་གྱི་འཇིག་རྟེན་དུ་རབ་ཏུ་སྟོན་པར་མཛད་པས་ན་ཞེས་པ་ནི་དེའི་མན་ངག་སྟོན་པར་བྱེད་པས་སོ། །ཡང་དག་པའི་མཐའ་ནི་འོད་གསལ་བའོ། །དེས་རྣམ་པར་དག་པའི་སྐུ་གསུམ་ལ་སོགས་པ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་

ཐོབ་པར་བྱ་བའོ། །དེའི་བདག་ཉིད་ཅན་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །མི་འཇིགས་པའི་ལམ་གྱི་བདག་ཉིད་ཡིན་པས་ན་ཞེས་པ་ནི་ཕྱིར་མི་ལྡོག་པའི་ལམ་གྱི་རང་བཞིན་ཡིན་པས་སོ། །ངེས་པའི་དོན་ཏོ་ཞེས་པ་ནི་ཡང་དག་པའི་དེ་ཁོ་ན་ཉིད་སྟོན་པའི་ཕྱིར་རོ། །ཐམས་ཅད་སྟོང་པ་

སྟེ་ཞེས་པ་ནི་དེ་ཁོ་ན་ཉིད་བཞི་པ་སྟེ། ནམ་མཁའ་ལ་ནི་ནམ་མཁའ་སྦྱར། །ཐམས་ཅད་ནམ་མཁའ་ནམ་མཁའ་ཆེ། །ཞེས་འབྱུང་ངོ་། །ཡེ་ཤེས་ཆེན་པོ་ལ་ལྟོས་པས་ཆེན་པོ་ཡང་ཡིན་ལ། འོད་གསལ་ཡིན་པའི་ཕྱིར་མི་འགྱུར་བ་ཡང་ཡིན་ནོ་ཞེས་བསྡུ་བའོ། །ཐམས་ཅད་ཀྱི་དབང་བསྐུར་

བར་གྱུར་པས་ན་ཞེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཆང་ཆེན་པོ་ནི་ཅོད་པན་དུ་འགྱུར་བས་སོ། །ནམ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་གྱིས་ཞེས་པ་ལ་སོགས་པ་ནི་མི་ཟད་པའི་གཏེར་གྱིས་ཕུན་སུམ་ཚོགས་པར་བྱེད་པའི་དངོས་པོ་དང་ལྡན་པས་སོ། །འཇིག་རྟེན་གསུམ་གྱིས་

མཆོད་པར་བྱ་བ་དྲག་པོ་དང་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་རྣམས་ཀྱི་ཡང་བདག་པོ་ཡིན་པས་སོ། །དོན་དམ་པའི་བདེན་པ་ཞེས་པ་ནི་གཉིས་པའམ་བཞི་པའི་འོད་གསལ་བ་སྟེ་མི་ཕྱེད་པའི་ཕྱིར་རོ། །བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ཞེས་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་

གྱིས་འགྲོ་བའི་དོན་རྫོགས་པར་བྱེད་པས་སོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུ་ནི་རིན་ཆེན་ཞེས་བྱའོ། །དེའི་ངོ་བོ་ཉིད་ཀྱིས་དེ་ཟུང་དུ་འཇུག་པར་བྱེད་པས་ན་ཞེས་ཟུང་དུ་འཇུག་པའི་རིམ་པ་བསྟན་ཏོ། །དགོངས་པ་མ་ཡིན་པར་བཤད་པ་ཞེས་པ་ནི་ཤིན་ཏུ་

Vol. 32 · folio 285b

གསལ་བའི་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །དུས་གསུམ་དུ་བཞུགས་པའི་རྒྱལ་བ་རྣམས་ནི་འདས་པ་ལ་སོགས་པའི་དུས་གསུམ་ལ་བཞུགས་པས་སོ། །དེ་དང་འབྲེལ་པ་དང་ལྡན་པའི་མཆོད་པ་ནི་ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་བྱང་ཆུབ་ཀྱི་

སེམས་སྤྲོ་ཞིང་སྤྱོད་པའི་ཕྱིར་རོ། །བསྐྱེད་པའི་རིམ་པ་ལ་གནས་པའི་ཐུན་མོང་མ་ཡིན་པས་ཞེས་པ་ནི་ཏིང་ངེ་འཛིན་གསུམ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །འོ་ན་དང་པོ་དབང་བསྐུར་བའི་དུས་སུ་ཇི་སྲིད་སློབ་དཔོན་དང་གསང་བ་དང་ཤེས་རབ་དང་བཞི་པ་

ཡང་ནི་དེ་བཞིན་ནོ་ཞེས་བྱ་བས་དབང་མ་བསྐུར་ན་དེ་སྲིད་སྔགས་ཀྱི་ཐེག་པ་བསྟན་པ་དང་ཉན་པ་དང་བསམ་པ་དང་བསྒོམ་པ་ལ་དབང་བ་མ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་འདི་དག་ཐམས་ཅད་བྱེད་པས་ན་ཇི་ལྟར་ཐུན་མོང་མ་ཡིན་པ་ཞེས་བཤད་ཅེ་ན། སྨྲས་པ། བསྐྱེད་

པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་དབང་བསྐུར་བའི་རིམ་པ་ཐམས་ཅད་བླ་མ་རྣམས་ཀྱིས་ཀུན་དུ་སྤྱོད་པར་བྱེད་པ་སྟེ། སྣོད་དུ་བྱ་བའི་ཕྱིར་རོ། །དེ་རྣམས་ཀྱི་ཕ་རོལ་ལ་བསྟན་པའི་ཕྱིར་དབང་ནི་མ་གནང་སྟེ་རྫོགས་པའི་རིམ་པ་མི་རྟོག་པའི་ཕྱིར་རོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་

རྣམས་ཀྱིས་ཐམས་ཅད་ལ་དབང་བྱེད་པ་ཡིན་ནོ་ཞེས་ཉེས་པ་ནི་ཅུང་ཟད་ཀྱང་མེད་དོ། །རྡོ་རྗེ་མི་ཕྱེད་གསུམ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་འཆང་ཆེན་པོ་དབྱེར་མེད་པའི་རང་བཞིན་ནོ། །དེ་ནི་ཁམས་གསུམ་པ་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་དང་འདུས་པར་མཛད་པས་ན་ཞེས་པ་ནི་

ཁམས་གསུམ་གྱི་ནང་ན་གནས་པ་རྒྱལ་བའི་ཚོགས་དང་། རང་གི་སྐུ་ལ་སོགས་པ་དང་ལྷན་ཅིག་ཏུ་གཅིག་ཏུ་བྱའོ། །གསང་བའི་དབང་བསྐུར་བའི་དུས་སུ་ཁམས་གསུམ་ན་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱིས་ཁ་སྦྱར་དུ་བྱའོ་ཞེས་བསྟན་ཏོ། །རྒྱལ་བ་རྣམས་

འདི་ལས་འབྱུང་བར་གྱུར་པས་ན་ཞེས་པ་ནི་དེ་སྤྱོད་པ་ཐ་མལ་པའི་ལུས་སྤངས་ནས་སློབ་མ་རྣམས་ཀྱིས་རྡོ་རྗེ་འཆང་གི་རྣམ་པར་སྨིན་པའི་སྐུ་ཐོབ་པར་འགྱུར་རོ། །དེ་དུས་བརྩམས་ནས་དེ་ནི་རྟོག་པ་མེད། །དེ་ཡི་དབྱིབས་དང་ཁ་དོག་ཇི་ལྟར་མཚོན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །

Vol. 32 · folio 286a

བྱ་བ་བྱས་པས་སྡོམ་པ་དེ་ལས་ཐོབ། །ཅེས་འབྱུང་ངོ་། །དགོངས་པས་བཤད་པ་ཞེས་པ་ནི། །འགལ་བའི་ཚིག་གི་སྦྱོར་བས་དེ་ཁོ་ན་ཉིད་སོ་སོར་བསྟན་པས་སོ། །དེ་ཉིད་ཅེས་བྱ་བ་ལ་སོགས་པས་གསང་བའི་དབང་བསྐུར་བ་སྦྱིན་པར་བྱ་བའི་ཕྱིར་རྫོགས་པའི་རྣལ་འབྱོར་བདག་ལ་བྱིན་གྱིས་

བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་གཟུང་བ་བསྟན་ཏོ། །ཡིད་དུ་འོང་བའི་གཟུགས་ཅན་ཡིན་པས་ན་ཞེས་པ་ནི་འཇའ་ཚོན་ལྟར་འོད་སྤྲོ་བའི་བདག་ཉིད་དམ་རྣམ་པ་ཐམས་ཅད་མཆོག་དང་ལྡན་པའོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནི་སེམས་རྣམ་པར་དག་པའི་རིམ་པས་དོན་དམ་པའི་བདེན་

པའི་བདག་ཉིད་ཅན་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་ནོ། །གཟུགས་བཟང་ཞེས་པ་ནི་ཆོག་མི་ཤེས་པའི་གཟུགས་སོ། །གཞོན་པས་བརྒྱན་པའི་ཞེས་པ་ནི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པས་སོ། །ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་

གྱི་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། ལྷ་སུམ་ཅུ་རྩ་གཉིས་འཁོར་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཞེས་པ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་འོད་གསལ་བ་ལས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །

བླ་མའི་ཁ་ནས་རྙེད་པ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་ཐོབ་ནས་སོ། །ཡང་ན་དགོངས་པས་བཤད་པས་བླ་མའི་ཁ་ནི་འོད་གསལ་བ་སྟེ་དེ་ལས་རྙེད་ནས་སོ། །དེ་ཉིད་དང་བླ་ན་མེད་པའི་མཆོད་པ་རབ་ཏུ་བརྟག་ཅིང་བྱ་བའོ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མཚན་ཉིད་

ཀྱི་ཡེ་ཤེས་ཀྱི་སྐུ་གཟུང་བའི་རང་བཞིན་གྱི་མཆོད་པ་ཞེས་བྱའོ། །དབུས་ཀྱི་གཙོ་བོའི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྐྱེ་བར་བསྟན་ནས། དཀྱིལ་འཁོར་པ་རྣམས་ལ་ཇི་ལྟ་བུ་ཡིན་ཞེ་ན། སྨྲས་པ། བྱོལ་སོང་གི་སྒྲས་ནི་ལོགས་ན་ཡོད་པ་ལ་བྱ་སྟེ་ཞེས་པ་ནི་ཤར་ལ་

སོགས་པའི་ཕྱོགས་དང་མཚམས་བརྗོད་པའི་ཕྱིར་རོ། །དེས་ན་བདག་པོ་ལས་གཞན་པ་ནི་འཁོར་རྣམས་ལའོ། །དཀྱིལ་འཁོར་གྱི་ལྷའི་སྐུ་ཞེས་པ་ནི་འཁོར་གྱི་ལྷའི་སྐུ་རྣམས་སོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་བཟུང་སྟེ་ཞེས་པ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པའི་རིམ་པ་

Vol. 32 · folio 286b

ལ་སོགས་པ་གཟུང་བའོ། །རྡོ་རྗེ་འཆང་ཆེན་པོའི་རྣམ་པར་འཕྲུལ་པའི་ཕྱིར་རོ་ཞེས་པ་ནི་དེའི་སྤྲུལ་པའི་སྐུའི་རང་བཞིན་ཡིན་པའི་ཕྱིར་གཏན་ཚིགས་བཤད་དོ། །དགོངས་པས་བཤད་པའོ་ཞེས་པ་ནི་བུ་མོ་ལ་སོགས་པའི་འགལ་བའི་སྒྲའི་སྒོ་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པས་

སོ། །འཇིག་རྟེན་ལས་འདས་པའི་རྣལ་འབྱོར་པ་ཞེས་པ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་ནི་སྔགས་ལ་མོས་པའི་བརྟགས་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །སའི་ཕྱོགས་ཞེས་པ་ནི་གཙུག་ལག་ཁང་དང་ནགས་ཚལ་དང་

ཆུ་བོའི་འགྲམ་ལ་སོགས་པ་ལའོ། །ས་སྦྱང་བ་ལ་སོགས་པའི་རིམ་པས་ཞེས་པ་ནི་ས་སྦྱང་བ་ལ་སོགས་པ་རྣམ་པ་ཉི་ཤུའི་ཆོ་གས་སོ། །ཡོངས་སུ་དག་པ་ནི་ཞེས་པ་ལ་རྡོ་དང་ཕུབ་མ་ལ་སོགས་པ་བཏོན་པའོ། །ཇི་སྐད་དུ། ཕུབ་མ་རྡོ་དང་རྡེའུ་དང་ནི། །སོལ་བ་ལ་སོགས་བཏོན་བྱས་ནས། །འབྲུ་དང་

རིན་ཆེན་སྨན་སྙིང་པོ། །ཤིན་ཏུ་ལེགས་པར་བརྡུང་བར་བྱ། །ཞེས་འབྱུང་ངོ་། །སྐྱེ་བ་དང་འདུས་པ་དང་བྲལ་བས་ཞེས་པ་ནི་དེའི་དབང་གིས་སེམས་རྩེ་གཅིག་པར་འགྱུར་རོ། །ལམ་གྱི་སྒྲ་ནི་ཐ་དད་པའི་རིམ་པ་སྟེ་ས་ལ་སོགས་པའི་སྒྲ་ལས་འོག་ཏུ་བལྟ་བར་བྱའོ། །ཕྱོགས་གཞན་སྟོན་པ་ཡིན་པར་བལྟ་

བར་བྱའོ་ཞེས་པ་ནི་རྣམ་པར་རྟོག་པ་རབ་ཏུ་སྟོན་པའི་ཕྱིར་རོ། །སྔགས་པའོ་ཞེས་པ་ནི་སྔགས་པ་སྒྲུབ་པ་ལ་གཞོལ་བའི་སྒྲུབ་པ་པོའོ། །སྐྱེ་བོ་དམ་པའོ་ཞེས་པ་ནི་སྐྱེས་བུ་དམ་པ་སྟེ་དགེ་བསྙེན་རྣམས་སོ། །དེ་རྣམས་ཀྱི་ཁྱིམ་ནི་མཆོད་ཁང་ལའོ། །ལྷའི་ཁང་པ་ཞེས་པ་ནི་ལྷ་ཆེན་ལ་སོགས་པའི་

ལྷ་ཁང་ལའོ། །གང་གི་ཕྱིར་དབང་ཕྱུག་དང་ལྷ་ཆེན་པོ་ལ་སོགས་པ་སྨོད་པར་བྱ་བ་མ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྤྲུལ་པ་ཡིན་པས་སོ། །ཇི་སྐད་དུ། ཕ་རོལ་རྒོལ་བ་ཁ་ཅིག་གང་། །རྟགས་ཀྱི་དབྱེ་བས་རྣམ་པར་གནས། །དེ་རྣམས་འདིར་སྨོད་མི་བྱ་སྟེ། རྡོ་རྗེ་སེམས་དཔའི་སྤྲུལ་པའི་ཕྱིར། །

ཞེས་འབྱུང་ངོ་། །བའི་ལྕི་བ་ལ་སོགས་པའི་ཞེས་པ་ནི་བའི་འབྲེལ་པ་དང་ལྡན་པའི་ལྕི་བ་དང་ཆུ་བླང་བར་བྱ་སྟེ་གཙང་སྦྲ་ཡིན་པའི་ཕྱིར་རོ། །ཤིང་ཤུན་དྲི་བཟང་པོ་ལ་སོགས་པ་ཡོངས་སུ་བཟུང་སྟེ་ཞེས་པ་ནི་ཙནྡན་ལ་སོགས་པའི་དྲིའི་ཆུ་ཞེས་བྱ་བའི་ཐ་ཚིག་གོ། །བྱུག་ཅིང་དཀྱིལ་འཁོར་བྱའོ་ཞེས་པ་ནི་གྲུ་བཞི་

Vol. 32 · folio 287a

པའི་དཀྱིལ་འཁོར་བྱའོ། །ལམ་གྱི་སྒྲ་ནི་མ་བཤད་པ་དག་ཀྱང་བསྡུ་བའི་དོན་ཏེ་ཞེས་པ་ནི་མེ་ཏོག་ལ་སོགས་པ་ཡང་གཟུང་བའི་ཕྱིར་རོ། །དེས་ན་མེ་ཏོག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །རང་གི་ལྷ་མཉེས་པར་བྱ་བའི་དོན་ཏོ་ཞེས་པ་ནི་རང་གི་ཡི་དམ་གྱི་ལྷ་ཡོངས་སུ་མགུ་བར་བྱ་བའི་དོན་ཏོ། །

ཉིན་རེའོ་ནི་ཇི་སྲིད་དཀྱིལ་འཁོར་གྱི་ཆོ་ག་ཡོངས་སུ་རྫོགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྙིང་རྗེ་ཆེན་པོ་བྱ་བ་སྔོན་དུ་འགྲོ་བར་གནས་གཟུང་བ་དང་བགེགས་བསྐྲད་པ་དང་། སྟོང་པ་ཉིད་བསྒོམ་པ་དང་། ཡེ་ཤེས་ཀྱི་ས་གཞི་དང་། གཞལ་ཡས་ཁང་བསྐྱེད་པ་དང་། ལྷག་པར་མོས་པའི་དཀྱིལ་འཁོར་

དང་། དོན་དམ་པའི་དཀྱིལ་འཁོར་བསྒོམ་པ་དང་། གདན་པ་ལ་སོགས་པའི་དབྱེ་བ་དང་། ཆོས་ཀྱི་དབྱིངས་ཀྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བར་སྔགས་དགོད་པ་དང་ཕྱག་མཚན་ལས་རྡོ་རྗེ་འཆང་གི་སྐུ་སྒྲུབ་པ་དང་མི་བསྐྱོད་པ་རྗེས་སུ་འཇུག་པས་དབུས་ཀྱི་གཙོ་བོ་རྫོགས་པ་དང་། ཡེ་ཤེས་སེམས་དཔའ་དང་ཏིང་ངེ་

འཛིན་སེམས་དཔའ་བསྒོམ་པར་བྱས་ལ་འཆད་པར་འགྱུར་བའི་ཞེས་བྱ་བ་སྟེ། དེ་ཉིད་བསྟན་པར་བྱ་བའི་ཕྱིར། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་བྱས་ལ་བསྟན་ཏོ། །བདག་ཉིད་ནི་རང་གི་ལྷའི་སྐུའོ། །རང་གི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་ལས་གང་ཡང་རུང་བའོ། །

རིགས་ལྔར་བྱ་བ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སྔགས་དགོད་པའི་མཚན་ཉིད་ཅན་གྱི་ཤིན་ཏུ་རྣལ་འབྱོར་དང་། དེ་བཞིན་དུ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་རྣལ་འབྱོར་ཆེན་པོ་ཞེས་བྱའོ། །དེ་སྲིད་ཀྱི་བར་འདིར་ཡི་གེ་ཧཱུཾ་སྟེ་རྣམ་པར་ཤེས་པ་ནི་སྙིང་ལ་གནས་པའི་ཕྱིར་མི་བསྐྱོད་པའི་རིགས་

དགོད་པར་ཤེས་པར་བྱའོ། །སྐྲ་སྐྱེ་བའི་གནས་ཇི་སྲིད་པའི་བར་དུ་ཡི་གེ་ཨོཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དགོད་དོ་ཞེས་པ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་ཀྱི་རང་བཞིན་གྱི་ལུས་ཀྱི་མགོ་བོ་གཙོ་བོ་ཡིན་པའི་ཕྱིར་རོ། །ལུས་ཀྱི་རང་བཞིན་ཡང་རྣམ་པར་སྣང་མཛད་ཡིན་པའི་ཕྱིར་རོ། །བསྐྱེད་པའི་

རིམ་པ་ཤེས་པའོ་ཞེས་པ་ནི་ཤིན་ཏུ་རྣལ་འབྱོར་གྱི་དགོད་པ་ཤེས་པས་སོ། །འདིར་ཡི་གེ་ཨ་ལས་བྱུང་བའི་འོད་དཔག་ཏུ་མེད་པ་དགོད་པར་བྱའོ་ཞེས་པ་ནི་འོད་དཔག་ཏུ་མེད་པ་ནི་ངག་གི་རང་བཞིན་ཡིན་པའི་ཕྱིར་རོ། །ངག་ཀྱང་ལྐོག་མ་ནས་གསལ་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེར་

Vol. 32 · folio 287b

ཡི་གེ་ཧ་ལས་བྱུང་བའི་དོན་ཡོད་གྲུབ་པ་དགོད་པར་བྱའོ་ཞེས་པ་ནི་རྐང་པའི་བར་དང་རྐང་པ་གཉིས་ལ་ལས་ཀྱི་རྡོ་རྗེ་དགོད་པར་བྱ་སྟེ། དོན་ཡོད་གྲུབ་པ་ནི་འགྲོ་བ་དང་འོང་བའི་རང་བཞིན་གྱི་རླུང་གི་ཁམས་ཀྱི་མཚན་ཉིད་དང་མཐུན་པའི་ཕྱིར་རོ། །ལྟེ་བ་ཞེས་པ་ལ་སོགས་པས་ལྟེ་བ་ལ་སོགས་པ་

ལས་སྭཱ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་དགོད་པར་བྱ་སྟེ་ལྟེ་བ་ལ་སོགས་པ་ཁོང་སྟོང་ཡིན་པས་ནམ་མཁའི་ཁམས་ཀྱི་ངོ་བོ་རིན་ཆེན་འབྱུང་ལྡན་དང་མཐུན་པའོ། །རྒྱལ་བ་དང་རྒྱལ་བའི་སྲས་དག་ནི་རྒྱལ་བའི་སྲས་ཞེས་བྱ་སྟེ་ཞེས་པ་ནི་མི་འདྲ་བ་རྣམས་ཀྱང་གཅིག་ཏུ་བསྡུ་བར་འགྱུར་རོ། །རྣམ་པར་སྣང་

མཛད་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་མདོར་བསྡུས་པའི་སྒྲུབ་ཐབས་ལ་སོགས་པའི་རིམ་པས་དེ་རྣམས་ཀྱི་ཁ་དོག་ལ་སོགས་པ་ཤེས་པར་བྱའོ་ཞེས་བསྟན་ཏོ། །རིགས་ལྔའི་བདག་ཉིད་དགོད་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་དེའི་རིགས་ཅན་རྣམས་དགོད་དོ། །ཇི་

ལྟ་ཇི་ལྟ་བར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་གང་དང་གང་གི་གནས་ལ་དེ་དང་དེ་དགོད་པར་བྱ་བ་དང་། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་ཡང་བྱའོ། །དེ་ལྟར་བྱས་པའི་སྙོམས་པར་འཇུག་པའི་ཕྱག་རྒྱ་སྦྱོང་བ་སྔོན་དུ་འགྲོ་བར་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བར་

བྱས་པས་སོ། །དེས་ནི་ཡན་ལག་བཞི་པ་དང་པོ་སྦྱོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །དཀྱིལ་འཁོར་རྒྱལ་བའི་མཆོག་བསྟན་པའི་ཕྱིར། རང་གི་ཕྱག་རྒྱའི་ཆོས་འབྱུང་སྟེ། ཞེས་སྨོས་ཏེ་རེག་བྱ་རྡོ་རྗེ་མ་ལ་སོགས་པའི་པདྨའོ། །དེའི་དབུས་སུ་གནས་པ་ཞེས་བྱ་བ་ལ་སོགས་པས་འདི་སྐད་

བཤད་པ་ཡིན་ཏེ། ཕྱག་རྒྱ་འདུས་བྱས་པའི་འོག་ཏུ་རྗེས་སུ་ཆགས་པ་བྱས་ལ་རེག་བྱ་རྡོ་རྗེ་མ་ལ་སོགས་པའི་ཆོས་འབྱུང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེ་ལས་འོད་ཟེར་གྱི་ཚོགས་སྤྲོ་ཞིང་དེ་ནམ་མཁའི་དབྱིངས་ལ་བཞུགས་པ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ཅིང་

བཅུག་ལ། རྩ་དབུ་མ་ནས་སྤྲོས་ཏེ་ཟླ་བའི་དཀྱིལ་འཁོར་དེ་ཉིད་ལ་མཆོད་པའི་ལྷ་མོའི་གཟུགས་སུ་བསྐྱེད་ཅིང་སྤྲོས་ལ། དེ་རྣམས་ཀྱིས་བླ་ན་མེད་པ་དང་བཅས་པ་རྣམ་པ་ལྔ་བྱས་ཏེ་སླར་ཡང་བསྡུས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་པདྨའི་ནང་དུ་ཐིག་ལེའི་གཟུགས་སུ་ཡོངས་སུ་གྱུར་ནས་དེའི་

Vol. 32 · folio 288a

ནང་དུ་རྡོ་རྗེ་འཆང་གི་རྣམ་པའི་བདག་ཉིད་བསྒོམ་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། བྱང་ཆུབ་ཀྱི་སེམས་སོ་ཞེས་པ་ནི། དེ་བཞིན་གཤེགས་པ་འཇུག་པ་ཡོངས་སུ་གྱུར་པ་ལས་སྐྱེས་པའོ། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་དབུས་ན་གནས་པར་ཞེས་པ་ནི་དེ་བཞིན་གཤེགས་པ་ཞུགས་པ་ཡོངས་

སུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ནང་ན་གནས་པ་བསམ་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ་ཞེས་པ་ནི་མཆོད་པའི་ལྷ་མོའི་གཟུགས་སུ་དེ་རྣམས་རྣམ་པར་སྤྲོས་ནས་སོ། །སེམས་རྩེ་གཅིག་པའོ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་བསྒོམ་པ་ལ་སེམས་བརྟན་པ་ཉིད་དུ་བསྟན་

ཏོ། །བདག་ཉིད་ཀྱི་སྙིང་གར་བསྡུ་བ་དག་ཀྱང་རབ་ཏུ་བྱའོ་ཞེས་པ་ནི་མཆོད་པ་བྱས་ནས་སླར་ཡང་བདག་ཉིད་ཀྱི་རྩ་དབུ་མ་ལ་བསྡུ་བར་བྱའོ། །བསྡུ་བ་ཞེས་པ་ལ་སོགས་པས་དཀྱིལ་འཁོར་རྒྱལ་བ་མཆོག་གི་གནས་སྐབས་སུ་དཀྱིལ་འཁོར་བ་སྤྲོ་བ་ནི་གཙོ་བོ་ཡིན་ལ། སྔར་བཤད་པའི་དེ་བཞིན་

གཤེགས་པ་འཇུག་པ་དང་མཆོད་པ་དང་མཆོད་པའི་ལྷ་མོ་སྤྲོས་པ་དང་སླར་ཡང་བསྡུ་བའི་གཙོ་བོ་མ་ཡིན་པ་གལ་ཏེ་རྣལ་འབྱོར་པ་འདོད་ན་དེའི་ཚེ་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །ད་ནི་དཀྱིལ་འཁོར་པ་སྤྲོ་བར་བྱ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སླར་ཡང་བདག་ཉིད་ཀུན་རྫོབ་

བྱང་ཆུབ་ཀྱི་སེམས་ཀྱི་ནང་ནས་ལངས་ལ་ཁམས་བཞིའི་རང་བཞིན་གྱི་སྤྱན་མ་ལ་སོགས་པ་ལྷ་མོ་བཞིའི་རང་བཞིན་གྱི་ངོ་བོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སེམས་དཔའ་གསུམ་གྱི་བདག་ཉིད་རེག་བྱ་རྡོ་རྗེ་མ་དང་སྙོམས་པར་ཞུགས་པར་བསམས་ཏེ། རྗེས་སུ་ཆགས་པའི་དམ་པའི་ཏིང་ངེ་འཛིན་

གྱིས་སྣང་བ་ལ་སོགས་པའི་ཡེ་ཤེས་འབྱུང་བ་ཡང་དག་པར་དམིགས་ལ། ཐིག་ལེ་སྤྲོ་བའི་སྐབས་སུ། བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་ཕྱུང་བའི་སྔགས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་ལ་སོགས་པ་དེ་ཉིད་དུ་བསྐྱེད་ཅིང་ཕྱི་རོལ་དུ་སྤྲོས་ལ་དེ་རྣམས་ཀྱིས་ཀྱང་འགྲོ་བའི་དོན་བྱས་ཏེ། སླར་

ཡང་གཤེགས་ནས་ཤར་ལ་སོགས་པའི་ཕྱོགས་དང་མཚམས་རྣམས་སུ་གོ་རིམས་ཀྱིས་གནས་པ་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དཀར་པོ་ལ་སོགས་པ་ཞེས་པ་ནི་འོད་ཟེར་ལྔས་བརྒྱན་པ་སྟེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་སོ། །དེ་བཞིན་གཤེགས་པ་

Vol. 32 · folio 288b

རྣམས་སོ་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་པའི་རང་བཞིན་ཡིན་པས་སོ། །དུས་གསུམ་དུ་བཞུགས་པ་སྟེ་ཞེས་པ་ནི་དུས་གསུམ་ལ་ཡང་འགྲུབ་པའོ། །ཞིང་དུ་གྱུར་པ་ཡིན་པར་རྣམ་པར་བསམ་པ་སྟེ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་མཛད་པ་ཞེས་བྱ་

བའི་དོན་ཏོ། །སྔར་བཤད་པའི་བདག་གི་བ་སྤུའི་བུ་ག་རྣམས་ལས་ཞེས་པ་ནི་ལྷ་མོའི་པདྨ་ནས་སྤྲོས་ཏེ། དེའི་བ་སྤུའི་བུ་ག་ནས་ཐམས་ཅད་ལས་སྤྲོ་བར་བྱའོ། །བསྐྱེད་པའི་རིམ་པ་ལ་བྱུང་བའི་མཁས་པས་ཞེས་པ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་ལ་གཞོལ་བའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །

ཇི་ལྟར་འདོད་པའི་དོན་རྫོགས་པར་བྱེད་པས་ཞེས་པ་ནི་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམ་པར་སྦྱང་བ་སྔོན་དུ་འགྲོ་བར་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་རབ་ཏུ་གནས་པས་སོ། །རྗེས་སུ་འཛིན་པར་མཛད་པས་ན་མཆོད་པ་སྟེ་ཞེས་པ་ནི་དོན་དེ་ཉིད་དོ། །དེ་བཞིན་

གཤེགས་པ་སྟེ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །ཚོགས་ཏེ་ཞེས་པ་ནི་དཀྱིལ་འཁོར་པ་སྟེ། ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་སོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་དང་པོ་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གཉིས་སོ་སོར་བསྟན་པས་སོ། །

ད་ནི་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་ལ་མཆོད་པ་བྱ་སྟེ། དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་ཏུ་གྱུར་པ་མཆོད་པའི་ཆོ་ག་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པས་རྡོ་རྗེ་བཟླས་པའི་རིམ་པ་སྐྱོབ་པ་ཉིད་མཆོད་པའོ། །ཇི་སྐད་དུ།

དེ་ཡི་བརྟུལ་ཞུགས་མ་བཤད་དེ། །ཕྲེང་བ་མ་ཡིན་སྡོམ་པ་མིན། །འཛིན་པ་སྦྱིན་སྲེག་ལས་རྣམས་ནི། །ཡང་ཡང་འཇུག་པ་མིན་ཞེས་བྱ། །ཞེས་འབྱུང་ངོ་། །རིགས་རྣམ་པ་ལྔའི་དབྱེ་བས་ཤེས་པར་བྱས་ལ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་ལྔའི་དབྱེ་བས་སོ། །ཀུནྡ་མ་ལི་ཀ་མ་ལ་ཏི། །སངས་

རྒྱས་རྡོ་རྗེ་ཅན་ལ་དབུལ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་དེ་དང་འདྲ་བའི་དཔེ་བསྟན་ཏོ། །ཛཱ་ཏི་ནི་ཁ་དོག་གསུམ་ཡོད་པས་ཏེ་ཞེས་པ་ནི། དཀར་པོ་དང་དམར་པོ་དང་ནག་པོ་སྟེ་སྐུ་ལ་སོགས་པ་རིགས་གསུམ་གཙོ་བོ་ཡིན་པས་སོ། །དེ་བཞིན་ཀརྞི་ཀ་ར་དང་། །ཞེས་བྱ་བ་ལ་སོགས་པ་རྣམ་

Vol. 32 · folio 289a

པ་བཞིའི་རིགས་ཀྱི་ཡུམ་བཞི་གཙོ་བོ་ཡིན་པས་དབུལ་བར་བྱའོ། །བསམ་གཏན་གྱི་སྟོབས་ཀྱིས་རབ་ཏུ་བསྐྱེད་ནས་ཞེས་པ་ནི་ཕྱི་རོལ་གྱི་མེ་ཏོག་མེད་ན་ཡིད་ཀྱི་མཆོད་པས་དེ་བཞིན་གཤེགས་པ་རྣམས་མཆོད་པར་བྱའོ། །དྲང་བའི་དོན་ཏོ་ཞེས་པ་ནི་ཕྱིའི་མཆོད་པ་ཙམ་བསྟན་པས་སོ། །ལུང་

གིས་བཤད་པར་བྱ་བ་སྟེ་ཞེས་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ལས་ཏེ་ཚིག་གི་ལྷག་མའོ། །གང་ཞིག་རླུང་ནི་བཅུར་བསྒྲགས་པ། །ཞེས་པ་ནི་སྲོག་ལ་སོགས་པ་རླུང་ལྔ་དང་རྒྱུ་བ་ལ་སོགས་པ་ཉེ་བའི་རླུང་ལྔ་སྟེ། བཅུ་ནི་ཕུང་པོ་དང་དབང་པོ་ལ་བརྟེན་པའི་ཕྱིར་རོ། །དེ་ནི་པདྨ་ཨུཏྤལ་མིང་། །ཞེས་པ་ནི། ཤིན་ཏུ་

ཟབ་པ་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་མཚོ་ལས་སྐྱེས་པའི་ཕྱིར་རོ། །དེ་ཉིད་ནི་ཡི་གེ་གསུམ་མོ། །རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པའོ། །དེ་ཉིད་རྣམ་པ་གསུམ་ནི་ཛཱ་ཏི་གཅིག་པུ་འདོད་པ་སྟེ་སྐུ་ལ་སོགས་པ་ཉིད་ཡི་གེ་གསུམ་ལས་འབྱུང་བའི་ཕྱིར་རོ། །ཀརྞི་ཀ་ར་ལ་སོགས་པས་མེའི་དཀྱིལ་འཁོར་

ལ་སོགས་པ་བཞི་ཡིན་ཏེ། ཁ་དོག་དང་མཐུན་པའི་ཕྱིར་རོ། །མཆོད་པའི་དོན་བཤད་པར་བྱ་སྟེ། དངོས་མེད་གོ་འཕང་ལ་གོམས་པས། །ཞེས་པ་ནི། འོད་གསལ་བའི་གོ་འཕང་བསྒོམས་པས་སོ། །ལྷ་རྣམས་ཀྱི་ནི་སྐུར་སྦྱོར་བ། །ཞེས་པ་ནི་དཀྱིལ་འཁོར་བཞི་ལ་དབང་བྱེད་པ་སྤྱན་མ་ལ་སོགས་

པའི་གཟུགས་དང་མཐུན་པས་རྡོ་རྗེ་བཟླས་པ་ལ་སློབ་པ་གང་ཡིན་པ་དེ་ནི་གཅིག་ཏུ་སངས་རྒྱས་ཀུན་མཉེས་པའི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྦྱོང་བར་བྱེད་པས་མཆོད་པ་ཆེན་པོར་དེ་འགྱུར་རོ་ཞེས་པ་ནི་བླ་ན་མེད་པའི་མཆོད་པ་འདོད་པར་

བསྟན་པའོ། །དེ་ཉིད་ནི་དགོངས་པས་བཤད་པས་མེ་ཏོག་བསྟན་ཏོ། །ཕྱི་དུས་སྐྱེ་བོས་མི་ཤེས་པ། །ཞེས་པ་ནི་མ་འོངས་པའི་དུས་སུ་སེམས་ཅན་རྣམས་ཀྱིས་ཤེས་པར་མི་འགྱུར་རོ། །མ་རྟོགས་པ་ཞེས་བྱ་བ་ལ་སོགས་པས་དགོངས་པའི་དོན་མ་རྟོགས་པས་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་ཐོབ་པར་

མི་འགྱུར་བ་དང་། མོས་པ་དམན་པའི་དབང་གིས་ཉན་ཐོས་པའི་རིགས་ཅན་དང་འདྲ་བ་བདག་ཅག་སྔགས་ཀྱི་ཐེག་པ་ཆེན་པོ་ལ་སྣོད་མ་ཡིན་ནོ་ཞེས་སྨྲས་ན་ལྷའི་ངོ་བོ་རང་གི་བདག་ཉིད་སྨོད་ནས་མི་སྡུག་པའི་སྒོམ་པ་བཤང་གཅི་ལ་སོགས་པའི་རང་བཞིན་རྟོགས་པས་དེ་སྨོད་པ་སངས་རྒྱས་ཐམས་ཅད་ཀྱང་

Vol. 32 · folio 289b

སྨོད་པར་འགྱུར་བའི་ཕྱིར་འཁོར་བ་ལ་འཁོར་བར་འགྱུར་རོ་ཞེས་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་སོ་སོར་བསྟན་པས་སོ། །རྣལ་འབྱོར་པ་གཉི་གའི་ཐུན་མོང་ཞེས་པ་ནི་རྫོགས་པ་དང་མ་རྫོགས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ལོ། །ངོས་རེ་ཞིང་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་པས་ན་ཞེས་པ་ནི་རིགས་

བརྒྱའི་དབྱེ་བ་རྣམ་པར་དག་པས་སོ། །དེ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། སྟོང་དང་ཁྲི་དང་འབུམ་ལ་སོགས་པ་རྒྱ་ཆེ་བ་ཡིན་ཏེ། རྣལ་འབྱོར་པའི་སེམས་ཀྱི་རྒྱུད་ཀྱི་མོས་པ་རྒྱ་ཆེ་བ་ཡིན་པའི་ཕྱིར་རོ། །ཉེ་བར་མཚོན་པས་ཞེས་པ་ནི་ཕྱག་མཚན་གྱི་སྒོ་ནས་དེ་བཞིན་གཤེགས་པ་ཉེ་བར་མཚོན་པས་སོ། །ཡིད་ཀྱིས་སམ་བྲིས་

པས་བསྐྱེད་པར་བྱའོ་ཞེས་པ་ནི་གལ་ཏེ་རྒྱལ་པོ་ལ་སོགས་པ་སློབ་མ་ཡིན་ན་དེའི་ཚེ་དཔག་ཚད་བརྒྱའི་ཚད་ཙམ་གྱིས་རྒྱས་པ་བྲི་བར་བྱའོ། །ཁྱིམ་པ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ཀྱིས་དཀྱིལ་འཁོར་ནི་རྒྱུད་ལས་གསུངས་པའི་ཚད་དང་ལྡན་པ་བྲི་བར་བྱའོ། །ཡིད་ཀྱིས་ནི་དཔག་ཚད་བརྒྱ་ཙམ་གྱི་ཚད་ཙམ་

བསྒོམ་པར་བྱའི་འབྲི་བ་ནི་དགག་པ་མ་ཡིན་ནོ་ཞེས་དགོངས་པའོ། །འོག་ནས་བཤད་པ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་ལ་ཡང་གྲུ་བཞི་པ་ལ་སོགས་པ་དང་སྦྱར་རོ། །དེ་ཡང་ཕྱིའི་དཀྱིལ་འཁོར་གྱི་ཚད་ཡིན་ཏེ། ནང་གི་དཀྱིལ་འཁོར་ནི་ཟླུམ་པོ་ཉིད་དོ། །བག་ཡོད་པ་དུས་ཐམས་ཅད་དུའོ་

ཞེས་པ་ནི་དཀྱིལ་འཁོར་འབྲི་བ་ལ་སོགས་པ་ལ་སེམས་རྩེ་གཅིག་པའོ། །མི་བསྐྱོད་པ་ལ་སོགས་པའི་རིགས་རྣམས་ཏེ་ཞེས་པ་ནི་ཐུགས་རྡོ་རྗེ་འཆང་དང་། དེས་སྤྲུལ་པའི་རིགས་རྣམས་སོ། །དེ་ཡང་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་མཚན་མ་དང་འདྲ་བར་འོད་དཔག་ཏུ་མེད་པ་ལ་སོགས་པའི་ཡང་མཚན་

མའི་སྒོ་ནས་དཀྱིལ་འཁོར་མཚོན་པ་བསྟན་ཏོ། །སྡེབ་སྦྱོར་གྱི་དོན་དང་འགལ་བ་ཞེས་པ་ནི་ཚིགས་སུ་བཅད་པ་མ་ཚང་བར་འགྱུར་རོ། །ཨུཏྤལ་ནི་རིན་པོ་ཆེ་སྟེ་རྡོ་རྗེའི་ཁྱད་པར་ཡིན་པས་སོ། །དེ་ཡང་དཔག་ཚད་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་དང་སློབ་མ་དག་ལ་མོས་པའི་ཁྱད་པར་བསྟན་ཏོ། །མཆོད་རྟེན་དང་

འདྲ་བས་ན་མཆོད་རྟེན་ཏེ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་གཞི་ཡིན་པས་སོ། །རིན་པོ་ཆེ་སྣ་བཞིའི་བདག་ཉིད་ཡིན་པས་ན་ཞེས་པ་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བས་སོ། །འདིས་ནི་ཁ་དོག་དཀར་པོ་ཡོངས་སུ་གཟུང་བ་ཞེས་པ་ནི་དབུས་ཀྱི་ས་གཞིའི་ཁ་དོག་བསྟན་ཏོ། །དེ་བཞིན་གཤེགས་པ་བདག་པོའི་དབང་གིས་

Vol. 32 · folio 290a

ཁ་དོག་ལྡོག་པར་ཤེས་པར་བྱའོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཡིན་པས་ཞེས་པ་ནི་དཀྱིལ་འཁོར་གྱི་རྣམ་པ་དག་དང་ལྡན་པས་སོ། །གཞིར་གྱུར་པ་ཞེས་པ་ནི་རྟེན་དང་བརྟེན་གྱི་རང་བཞིན་ནོ། །གསང་བའི་དབང་བསྐུར་བའི་ཕྱིར་ཞེས་པ་ནི་སློབ་མ་ལ་དེ་སྦྱིན་པའི་ཕྱིར་རོ། །བསྒོམ་པར་བྱའོ་ཞེས་པ་ནི་

རྫོགས་པའི་རིམ་པ་ལ་ལྟོས་ནས་བསམ་པར་བྱའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སློབ་མའི་བྱ་བ་བསྟན་པར་བྱ་སྟེ་གཟུགས་ལ་སོགས་པ་ཡུལ་ལྔ་ཞེས་པ་ནི་ན་བཟའ་ལ་སོགས་པ་ཕྱིའི་ཡོ་བྱད་རྣམས་སོ། །དཀྱིལ་འཁོར་ལ་བརྟེན་པར་གྱུར་པའམ་ལྷ་རྣམས་ལ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་ལའོ། །མཆོད་པ་

སྣ་ཚོགས་པའི་རྒྱ་མཚོ་ཞེས་པ་ནི་མཐའ་ཡས་པ་མཐར་ཐུག་པ་མེད་པའི་མཆོད་པའོ། །འདོད་པའི་ཡོན་ཏན་ཞེས་བྱ་བ་ལ་སོགས་པས་མཆོད་པའི་སྤྲོས་པ་བསྟན་ཏོ། །པདྨ་རཱ་ག་ལ་སོགས་པ་ཞེས་པ་ནི་རིགས་ཀྱི་དབྱེ་བས་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེ་དབུལ་བར་བྱའོ། །ན་བཟའ་ནི་དར་དང་བལ་ལ་སོགས་པ་སྟེ་ཞེས་པ་ནི་

དར་དཔྱང་ལ་སོགས་པའོ། །མིག་ཅེས་བྱ་བ་ལ་སོགས་པས་དབང་པོ་ལྔའི་སྤྱོད་ཡུལ་བསྟན་ཏོ། །དྲི་མའི་རྙོག་པ་ཐམས་ཅད་འཁྲུད་པས་ཞེས་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་གསང་བའི་དབང་བསྐུར་གྱིས་ལྡོག་པར་འགྱུར་རོ། །དེ་ཐོབ་པའི་འདོད་པས་ཀྱང་མཆོད་པར་བྱའོ། །ཇི་སྲིད་དབང་

བསྐུར་བ་ཡོངས་སུ་རྫོགས་ཀྱི་བར་དུ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་དགུག་པའི་ཕྱིར་རོ། །མེ་ཏོག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་བླ་མ་དང་ལྷ་དག་ལ་མཆོད་པ་དབུལ་བར་བསྟན་ཏོ། །ཐུན་མོང་གི་མཆོད་པ་ཞེས་པ་ནི་གཉི་ག་ལ་ཡང་མཚུངས་པའོ། །བླ་མའི་ཁྱད་པར་གྱི་མཆོད་པ་ནི་གསང་བའི་མཆོད་

པའོ། །འཁོར་བ་ཇི་སྲིད་པར་གནས་པ། །ཞེས་པ་ནི་བླ་མའི་བཀའ་དྲིན་གྱིས་བསྐལ་པ་ལ་སོགས་པའི་དུས་ཀྱི་བར་དུ་གནས་པའོ། །བསྐལ་པའམ་ནི་བསྐལ་སྟོང་པར། །ཡེ་ཤེས་དབང་བསྐུར་གྱིས་གནས་འགྱུར། །ཡེ་ཤེས་གསུམ་ལས་དམ་པ་ཡིན་པས་ན་མཆོག་གོ། །ཆགས་པ་ལ་སོགས་པའི་རང་བཞིན་བརྒྱ་དྲུག་ཅུ་དང་

བྲལ་བས་ན་ཟག་པ་མེད་པའོ། །འོད་གསལ་བ་ཡིན་པས་ན་བདེ་བ་ཆེན་པོའོ། །དེ་སྐྱེད་པའི་ཞིང་དུ་གྱུར་པས་ཞེས་པ་ནི་ཕྱག་རྒྱ་མཚོན་པས་སོ། །ལང་ཚོ་མ་ཉམས་པའོ་ཞེས་པ་ནི་ལོ་བཅུ་གཉིས་ནས་བརྩམས་ཏེ་རིགས་ཀྱི་དབྱེ་བས་ལོ་བཅུ་གཉིས་པའི་བར་དུའོ། །ཐམས་ཅད་མེད་ན་ཉི་ཤུ་རྩ་ལྔ་པ་ལས་ཕྱི་མ་བླང་བར་མི་བྱའོ་

Vol. 32 · folio 290b

ཞེས་དཔལ་འདུས་པའི་རྒྱུད་ཀྱི་མན་ངག་གོ། །བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞེས་པ་ནི་བྲང་སྐྱེས་དང་ཡན་ལག་མཆོག་ལ་སོགས་པ་རྒྱས་པ་དང་ལྡན་པའོ། །པདྨ་ཅན་ནོ་ཞེས་པ་ནི། པདྨ་འབྲིང་པོའམ་སྤུ་མེད་པ་དང་མཚན་མོའི་པདྨའོ། །དཔག་ཏུ་མེད་པ་ཐ་དད་པ་ཞེས་བྱ་བ་ལ་སོགས་པས་ཆ་ལུགས་ཀྱི་མཛེས་པ་ཉིད་བསྟན་

ཏོ། །འབྲས་བུ་ཐ་མལ་པའོ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཚིགས་སོ། །ཁྱད་པར་ཅན་གྲུབ་པ་སངས་རྒྱས་ཉིད་དེ་ཞེས་པ་ནི་ཕྱི་མའི་སྤྲོས་པ་ལ་མི་ལྟོས་པའི་ཕྱིར་རོ། །འགྲུབ་པའི་རྒྱུར་ཞེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་དོན་ཏོ། །སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཞེས་

པ་ནི། རྡོ་རྗེ་སློབ་དཔོན་སྐུ་འདི་ལ། །གོ་རིམས་ཀྱི་ནི་རྒྱལ་བ་གནས། །ཞེས་འབྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར། བླ་མ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །རབ་ཏུ་བཏབ་པ་ཞེས་པ་ནི་དད་པས་དབུལ་བའོ། །བླ་མ་ལ་ཁྱད་པར་ཅན་གྱི་རྫས་དབུལ་བར་བྱ་བའི་དོན་དུ་ཞེས་པ་ནི་དབུལ་བར་བྱ་བའི་རྫས་ཀྱི་ཕྱིར་རོ་ཞེས་བྱ་བའི་

དོན་ཏོ། །ཚད་ཡོངས་སུ་ཆད་པ་མེད་པ་ཞེས་པ་ནི་བླ་མ་ལ་དབུལ་བའི་ཡོན་ལ་ཡོངས་སུ་གཅོད་པའི་ངེས་པ་ནི་མེད་དེ་ཐམས་ཅད་ཡོངས་སུ་དབུལ་བའི་ཕྱིར་རོ། །པདྨ་རཱ་ག་ལ་སོགས་པ་ནི་རིན་པོ་ཆེ་བདུན་ནོ། །ཡོངས་སུ་བཀང་བའི་ཞེས་པ་ནི་གལ་ཏེ་ཡོད་ན་དེའི་ཚེ་དབུལ་བར་བྱའོ། །ཡང་ན་བུད་མེད་ལ་སོགས་པ་རིན་པོ་ཆེ་

བདུན་ཏེ་ལམ་གྱི་སྒྲའི་དོན་ཏོ། །དེ་ལ་བུད་མེད་རིན་པོ་ཆེ་ནི་གཞོན་པ་མ་ཉམས་པ་ལོ་བཅུ་དྲུག་ལོན་པའོ། །སྐྱེས་པ་ནི་མཛོད་དེ་ནོར་མི་ཟད་པའོ། །ནོར་བུ་རིན་པོ་ཆེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྟེ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའོ། །འཁོར་ལོ་ནི་འཁོར་ལོ་རིན་པོ་ཆེའོ། །རལ་གྲི་ནི་རལ་གྲིས་ཉེ་བར་མཚོན་པའི་

དམག་དཔོན་ནོ། །གླང་པོ་ནི་ཁ་དོག་དཀར་པོ་མཆེ་བ་དྲུག་པའོ། །རྟ་རིན་པོ་ཆེ་ནི་ཨུཏྤལ་སྔོན་པོ་དང་འདྲ་བའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་མཁས་པ་ནི་ཞེས་པ་འདིས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་རོ་ཞེས་བསམ་པ་དང་ལྡན་པའོ། །མཐར་ཐུག་པའི་ཡེ་ཤེས་དང་ལྡན་ཞིང་ཞེས་པ་ནི་

སྔགས་ཀྱི་ཐེག་པའི་དོན་མ་ལུས་པ་རྟོགས་པའོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་སྤྱོད་པས། གཙང་བ་དང་མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཅེས་བྱའོ། །སོ་སོར་རྟོགས་པར་བྱ་བར་འདོད་ཅིང་ཞེས་པ་ནི་དེ་མངོན་སུམ་དུ་བྱ་བའི་ཕྱིར་འདོད་པ་དང་ལྡན་པའོ། །དེའི་མན་ངག་

Vol. 32 · folio 291a

གིས་ཞེས་པ་ནི་གསང་བའི་དབང་བསྐུར་གྱི་མན་ངག་གིས་སོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པས་ཞེས་པ་ནི་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པ་ཤེས་རབ་དང་ཡེ་ཤེས་འདོད་པས་སོ། །ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་གསང་བའི་དབང་བསྐུར་བ་སྔོན་དུ་འགྲོ་བས་སོ། །བསམ་གཏན་

ཞེས་བྱ་བ་ལ་སོགས་པས་ཕྱིའི་ཡོ་བྱད་མེད་ན་ཡིད་ཀྱིས་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བླ་མའི་བྱ་བ་བསྟན་ཏེ། ཇི་ལྟར་རང་གི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་བདག་པོ་གང་ཡང་རུང་བའི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོ་བསྒོམ་པར་འདོད་པ་བླངས་ནས་དེ་བཞིན་གཤེགས་པའི་འཁོར་ལོའི་

དབུས་སུ་ནི་ལྷའི་ཚོགས་ཀྱི་ནང་དུ་གནས་པ། སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རེག་བྱ་རྡོ་རྗེ་མ་ལས་འབྱུང་བའི་བདེ་བ་ནི་རང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་འབྱུང་བའི་བདེ་བ་ཆེན་པོ་དབུལ་བར་བྱའོ་ཞེས་བསྟན་ཏོ། །དེ་ཡང་ཅི་ལྟར་ཞེ་ན་ཞེས་པས་དེ་ཉིད་སྤྲོས་པར་བསྟན་ཏེ།

དེའི་དབུས་ན་གནས་པར་ཞེས་པ་ནི་ནམ་མཁའི་དཀྱིལ་ལ་ཞུགས་པའི་དེ་བཞིན་གཤེགས་པའི་ཚོགས་སོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པར་གྱུར་པའི་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཞེས་པ་ནི་ནམ་མཁའི་དབྱིངས་ལ་བཞུགས་པ་རྟག་པ་ལ་སོགས་པའོ། །ཡེ་ཤེས་ཀྱི་རང་

བཞིན་གྱི་སྐུ་ལ་ཞེས་པ་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་ལས་འབྱུང་བའི་སྐུ་ལའོ། །སྤྲུལ་པའི་སྐུ་འཛིན་པར་བྱ་བའི་ཕྱིར་ཞེས་པ་ནི་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་ཆེན་པོའི་སྐུ་རྫོགས་པའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ནས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་

འཆང་ཆེན་པོ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ཡུལ་དང་དབང་པོའི་གཟུགས་རྣམས་ཀྱིས། །ཞེས་པ་ནི་སྙོམས་པར་ཞུགས་པའི་རིམ་པས་སོ། །བླ་མ་ལ་མཆོད་ཅིང་ཞེས་པ་ནི་རང་གི་བདག་ཉིད་ཚིམ་པར་བྱའོ། །མཆོད་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྙོམས་པར་ཞུགས་པའི་མཆོད་པ་བསྟན་པར་བྱ་བའི་ཕྱིར་བསྟན་པའོ། །དགའ་བས་སེམས་

རབ་ཏུ་དང་བའི་ཡིད་ཅེས་པ་ནི་མཆོད་པ་ལ་སོགས་པའི་སྦྱིན་པ་ལས་བྱུང་བའི་རབ་ཏུ་དགའ་བས་དྲི་མ་མེད་པས་ཤིན་ཏུ་མགུ་བའི་ཡིད་དང་ལྡན་པའོ། །ཚིམ་པར་བྱེད་པའི་ཕྱིར་ཞེས་པ་ནི་ན་སོ་གཞོན་པ་དང་། མཛེས་པ་ལ་སོགས་པའི་ཁྱད་པར་གྱིས་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དགའ་བར་བྱེད་པའོ། །སློབ་

Vol. 32 · folio 291b

མས་བསྟབས་པའོ་ཞེས་པ་ནི་གསང་བའི་དབང་བསྐུར་བའི་དོན་དུ་སློབ་མས་དབུལ་བའོ། །ལྷག་པར་གནས་པས་ན་ཞེས་པ་སྐུ་ལ་སོགས་པ་ལ་དམིགས་ནས་གང་གིས་རྗེས་སུ་བཟུང་བ་དེ་ལ་དེ་སྐད་ཅེས་བྱའོ། །ཨོཾ་ལ་སོགས་པ་ས་བོན་རྣམས་ནི་སྐྱེད་པའི་ས་བོན་རྣམས་སོ། །དེའི་ཕྱག་རྒྱའི་ལུས་ལ་ཞེས་པ་ནི་དམ་ཚིག་

གི་ཕྱག་རྒྱའི་ལུས་ལའོ། །གནས་ཇི་ལྟ་བ་བཞིན་དུ་ཞེས་པ་ནི་ཡན་ལག་དང་ཉིང་ལག་རྣམས་ལ་བཀོད་ནས་སོ། །རིགས་ལྔས་བྱིན་གྱིས་བརླབ་པར་བྱས་ལ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔ་པོའི་ས་བོན་གྱི་བྱིན་གྱིས་བརླབ་པ་བྱས་པའོ། །སྙོམས་པར་འཇུག་པའི་མཚན་ཉིད་ཅན་ཞེས་པ་ནི་རྡོ་རྗེ་དང་པདྨ་

སྦྱོར་བའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིའི་མཆོད་པ་ནི་མཆོད་པ་རྣམ་པ་ལྔའི་མཚན་ཉིད་དང་ཡིད་ཀྱིས་ཏེ། དེ་ལ་ལྟོས་ནས་དེ་ཁོ་ན་ཉིད་ཀྱིས་མཆོད་པ་ནི་མཆོག་ཅེས་བྱའོ། །གཏན་ཚིགས་བསྟན་པའི་ཕྱིར། ཆགས་པ་དང་ཆགས་པ་དང་བྲལ་བ་དང་ཆགས་པ་བར་མ་ནི་སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་མོ། །

ཉོན་མོངས་པ་རྣམ་པར་དག་པའི་གནས་ནི་འོད་གསལ་བ་སྟེ། སྣང་བ་ལ་སོགས་པ་དང་དེ་ལས་བྱུང་བའི་རང་བཞིན་རྣམས་ཀྱང་སྦྱོང་བར་བྱེད་པའི་ཕྱིར་རོ། །མངོན་སུམ་དུ་བྱེད་པའི་ཕྱིར་རོ་ཞེས་པ་དེ་ནི་དེ་མྱོང་བས་སོ། །སློབ་མ་ལ་བླ་མས་བྱིན་པ་ཞེས་བྱ་བ་ལ་སོགས་པས་སྙོམས་པར་ཞུགས་པའི་ཆོ་གའི་འོག་ཏུ་འོད་གསལ་བ་ལ་

དམིགས་པའི་ཕྱི་མའི་དུས་སུ་ཕཊ་ཀྱི་སྒྲས་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་ས་ལ་མ་ལྷུང་བ་དུང་ཕོར་གྱི་པདྨའི་ནང་ནས་བླངས་ཏེ། བླ་མས་བྱིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཕུང་པོ་ལ་སོགས་པ་ཚིམ་པར་བྱ་བ་དང་། ཀྱེ་མའོ་བདེ་བ་ཆེན་པོ་ཞེས་སྨྲ་བའི་སློབ་མས་སྤྱོད་པར་བྱ་བ་དང་། བླ་མས་ཀྱང་བདུད་རྩི་ལྔ་དང་

འདྲེས་ཤིང་སྤྱོད་པ་ལས་ལྷག་མ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བར་སློབ་མ་ལ་སྤྱི་བོར་དབང་བསྐུར་བར་བྱའོ་ཞེས་བསྟན་ཏོ། །ལ་ལ་ནི་སྙོམས་པར་ཞུགས་པའི་འོག་ཏུ་ཤེས་རབ་ཀྱི་པདྨ་ཉིད་ཅེས་བྱ་བ་ལ་འཇུག་པར་བྱའོ་ཞེས་ཤེས་རབ་ཀྱི་གསང་བའི་དབང་བསྐུར་རོ། །རྡོ་རྗེ་སློབ་

དཔོན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འཛག་པ་པདྨའི་ནང་ནས་བསྟན་པ་གསང་བའི་རྡོ་རྗེ་མྱང་བ་ལ་འཇུག་གོ་ཞེས་ཐབས་ཀྱི་གསང་བའི་དབང་བསྐུར་བ་ལ་འཇུག་གོ། །དེ་བས་ན་ཐབས་དང་ཤེས་རབ་ཀྱི་གསང་བའི་དབང་བསྐུར་ཡིན་ནོ་ཞེས་ལང་ག་ལིའི་ཞལ་སྔ་ནས་ཀྱིས་གསུངས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ལུང་

Vol. 32 · folio 292a

ཚད་མ་ཉིད་དུ་བསྟན་ཏོ། །བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེ་ལྟ་བུ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་བྱང་ཆུབ་ཀྱི་སེམས་སྤྲོ་བར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བར་བྱས་ལ་ནམ་མཁའི་ཁམས་ལ་བཞུགས་པ་རྒྱལ་བ་མ་ལུས་པའི་རྣམ་པར་དག་པའི་སྐུ་ནི་

དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ལྷག་པར་མོས་ཏེ། དབང་བསྐུར་བ་ནི་སློབ་མའི་ཁ་ལ་ངེས་པར་འཇུག་པའོ། །དེ་བཞིན་དུ་རིན་ཆེན་དང་འདྲ་བ་རྡོ་རྗེ་ལས་བྱུང་བ་ཡེ་ཤེས་ཀྱི་ཆུ་བདུད་རྩི་ལྔ་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་དང་བཅས་པས་སྤྱི་བོར་ཡང་དབང་བསྐུར་བར་བྱའོ་ཞེས་བསྟན་ཏོ། །འདི་ནི་ཞེས་བྱ་བ་

ལ་སོགས་པས་ཕན་ཡོན་བསྟན་པར་བྱའོ། །མཆོད་པ་བསྟན་པས་ཞེས་པ་ནི། བླ་ན་མེད་པའི་མཆོད་པའི་ཚུལ་གྱིས་སོ། །གསང་བའི་དབང་བསྐུར་བ་སྟེ་ཞེས་པ་ནི་སྔར་བཤད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པར་གྱུར་པའོ་ཞེས་པ་ནི་ནམ་མཁའི་དབྱིངས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་

འཇུག་པ་ཡོངས་སུ་གྱུར་པ་ལས་བྱུང་བའོ། །མི་འཇིགས་པའི་སྐུ་དང་གསུང་དང་ཐུགས་བསྐྱེད་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པ་དཔལ་རྡོ་རྗེ་འཆང་གི་སྐུ་ལ་སོགས་པ་རྫོགས་པར་བྱེད་པའོ། །ཇི་སྐད་དུ། དེ་དུས་ནས་བརྩམས་དེ་ནི་རྟོག་པ་མེད། །དེ་ཡི་ཁ་དོག་དབྱིབས་དང་ཇི་ལྟར་མཚན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་

པའི་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པས་ཐོབ། །ཅེས་འབྱུང་ངོ་། །སློབ་བཞིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པ་ནི་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་སོ། །བྱ་བའི་རྒྱུད་ལ་སོགས་པ་ལ་ཞུགས་པ་རྣམས་ལ་གསང་བ་ཡིན་པས་སོ་ཞེས་པ་ནི་བྱ་བའི་རྒྱུད་ལ་སོགས་པ་འཇུག་པ་ལ་སྦ་བར་

བྱའོ། །འཇིག་རྟེན་པའི་དངོས་གྲུབ་ནི་ཞི་བ་ལ་སོགས་པའོ། །ཨཱ་ལི་དང་ཀཱ་ལི་ལས་བྱུང་བ་ཞེས་བྱ་བ་ནི་ཨཱ་ལི་དང་ཀཱ་ལི་བསྡུ་བར་བྱེད་པའི་ཡི་གེ་གསུམ་གྱིས་སློབ་པའོ། །སྦྲུལ་ཞེས་བྱ་བ་ལ་སོགས་པ་ཞེས་པ་ནི་སྦྲུལ་དང་། མགོ་མེད་དང་། མཐའ་མེད་དང་། བསྡུ་བ་ལ་སོགས་པའོ། །མ་ཚང་བ་མེད་པའི་

དངོས་གྲུབ་སྐྱེད་པ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ཕྲིན་ལས་ཡོངས་སུ་ཚང་བར་བྱེད་པའོ། །སྒྲ་ཇི་བཞིན་པ་ཞེས་བྱ་བ་ནི་སྤྱོད་པའི་དོན་བསྟན་པ་སྟེ། སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །ཞེས་འབྱུང་བའི་ཕྱིར་རོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བརྒྱད་པའི་རྒྱ་ཆེར་བཤད་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words