སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ

Sanskrit title (Tibetan script, as in the text) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 32 · folio 243a

གལ་ཏེ་ནི་དམ་ཚིག་ཉམས་པ་ལ་སོགས་པའི་སྐྱོན་གྱི་དབང་གིས་སོ། །རྟོགས་པའི་རྣལ་འབྱོར་གྱིས་ཞེས་པ་ནི་རྡོ་རྗེ་བཞི་པོ་བསྒོམས་པས་སོ། །ལྷའི་སྐུར་གནས་པ་དམིགས་པར་ཞེས་པ་ནི་སྔགས་ཀྱི་སྐུ་ལ་གནས་པར་འགྱུར་རོ། །དེ་བཟློག་པའི་ཕྱིར་ཞེས་པ་ནི་སྤོང་བའི་

ཕྱིར་རོ། །ཨོཾ་ལ་སོགས་པ་ནི་སྦས་ནས་བརྗོད་པས་སོ། །དེས་ལུས་སུ་བྱས་ལ་ཞེས་པ་ནི་ཡོངས་སུ་གྱུར་པ་ལས་སྐྱེས་པའོ། །རྡོ་རྗེ་བཞི་པོ་ཞེས་པ་ནི། །དང་པོ་བྱང་ཆུབ་སྟོང་པ་ཉིད། །གཉིས་པ་ས་བོན་བསྡུས་པ་དང་། །གསུམ་པ་སྐུ་ནི་བསྐྱེད་པ་དང་། །བཞི་པ་ཡི་གེ་དགོད་པའོ། །ཞེས་འབྱུང་ངོ་། །རྡོ་རྗེ་ནི་དེ་བཞིན་གཤེགས་པའི་

སྐུ་རྣམས་སྐྱེད་པར་བྱེད་པའོ། །བཞི་པོ་ནི་བསྒོམ་པ་བཞི་ཞེས་བྱ་བའི་དོན་ཏོ། །དེས་ནི་རྡོ་རྗེ་བཞི་པོས་སོ། །སངས་རྒྱས་པ་ཉིད་ཅེས་པ་ནི་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོ་ཐོབ་པར་མི་འགྱུར་རོ། །གང་གི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པས་སྔགས་ལས་འབྱུང་བའི་སྐུ་བདེན་པ་མ་ཡིན་ནོ་ཞེས་བསྟན་ཏོ། །

སྔགས་ཀྱི་ཡི་གེ་ཞེས་པ་ནི་སྔགས་ཀྱང་ཡིན་ལ་ཡི་གེ་ཡང་ཡིན་པས་ན་སྔགས་ཀྱི་ཡི་གེའོ། །སྦ་བར་བྱ་བས་ན་སྔགས་སོ། །གནས་དང་བྱེད་པ་དང་འབད་པའི་རྗེས་སུ་སྟོབས་ཀྱིས་འབྱུང་བས་ན་ཡི་གེའོ། །དེ་སྲིད་ཚོགས་པ་ལས་སྐྱེས་པ་ཡིན་ཏེ་ཞེས་པ་ནི་འདོད་པ་དང་གནས་དང་དབྱེ་བ་ལ་སོགས་

པའི་འབྲེལ་པ་འབྱུང་བའི་ཕྱིར་རོ། །སྐྱེས་ནས་འཇིག་པར་འགྱུར་བས་ཞེས་པ་ནི་ཨོཾ་བརྗོད་པའི་དུས་སུ་ཨཱ་མི་དམིགས་པར་འགྱུར་བ་དང་། དེ་དག་བརྗོད་པའི་དུས་སུ་ཡང་ཧཱུཾ་མི་དམིགས་སོ། །དེ་བཞིན་དུ་ཨོཾ་བརྗོད་པའི་དུས་སུ་འཇུག་པའི་དབྱངས་མི་དམིགས་སོ། །དེ་བཞིན་དུ་ཐམས་

ཅད་ལ་སྦྱར་རོ། །ནམ་མཁའ་དང་མཉམ་ན་ཞེས་པ་ནི་སྟོང་པའོ། །དེ་བས་ན་སྟོང་པའི་རང་བཞིན་གྱི་སྔགས་ལས་སྔགས་ཀྱི་སྐུ་ནི་ལྷའི་སྐུ་གང་ལས་སྐྱེད་པར་འགྱུར་རོ། །གང་གི་ཕྱིར་ནམ་མཁའི་མེ་ཏོག་གི་ནམ་མཁའ་རྒྱུར་གྱུར་པ་མ་ཡིན་ཏེ། གཉི་ག་ཡང་བརྫུན་པས་སོ། །དེ་ཉིད་

བསྟན་པའི་ཕྱིར། བསྒོམ་པར་བྱ་བའི་ལྷའི་སྐུ་མེད་པས་ཞེས་པ་ནི་ལས་མི་དམིགས་པས་གཟུགས་ལ་སོགས་པའི་བསྒོམ་པའི་བྱ་བ་ཡང་མེད་དོ། །དེ་བས་ན་བསྒོམ་པར་བྱ་བ་དང་། སྒོམ་པ་དག་མེད་པས་གང་ལ་དམིགས་ཏེ་སྒོམ་པ་པོས་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་འབྲས་བུ་ཐོབ་པར་

Vol. 32 · folio 243b

འགྱུར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏེ། བསྐྱེད་པའི་རིམ་པའི་ཆོས་ནི་ཆོས་ཀྱི་སྐུ་སྟེ། དོན་དམ་པའི་བདེན་པ་འབའ་ཞིག་གཙོ་བོ་ཡིན་པས་ཆད་པའི་རང་བཞིན་གྱི་ཕྱིར་གཞན་གྱི་དོན་ཇི་ལྟར་ནུས་ཏེ་སྤང་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྟོང་པའི་རང་བཞིན་གྱི་སྔགས་ལས་

འབྱུང་བས་མ་སྐྱེས་པ་ཉིད་དོ། །དེ་བརྫུན་ཡིན་ན་སྤྲུལ་པའི་སྐུ་ཡང་མེད་དོ། །ཞེས་བསྟན་ཏོ། །བླང་བར་གྱུར་པའི་ཟུང་དུ་འཇུག་པའི་རིམ་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། ཞི་བ་དང་སྐྱེ་བ་མི་གནས་པའི་ཞེས་སྨོས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་མི་གནས་པ་སྟེ། ཤེས་རབ་ཀྱིས་

ནི་སྲིད་མི་གནས། །སྙིང་རྗེས་ཞི་བ་ལ་གནས་མིན། །ཞེས་འབྱུང་ངོ་། །རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཅེས་པ་ནི་སྐུ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་སྒྱུ་མ་ལྟ་བུ་དང་། གསུང་ནི་

རྡོ་རྗེ་བཟླས་པའི་རིམ་པ་སྦྱོང་བ་དང་། ཐུགས་ནི་རིམ་པ་གཉིས་པས་འོད་གསལ་བ་རྟོགས་པ་དང་། མཚན་ཉིད་ནི་ཡེ་ཤེས་ཀྱི་སྐུ་ཡང་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བར་བྱ་བ་དཔྱད་པས་སོ། །སྔགས་ལ་དམིགས་པ་ལ་སོགས་པའི་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་ཀྱིས་

བཤད་པའོ། །སྟོང་པ་ཉིད་གསུམ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བ་སྟོང་པ་གསུམ་གྱི་རྒྱུ་ཅན་འོད་གསལ་བའོ། །ཀུན་རྫོབ་ཀྱི་བདེན་པ་ཉིད་ཀྱིས་ཤེས་པ་ནི་ཡེ་ཤེས་ཀྱི་སྐུ་བཟུང་བས་སོ། །གཅིག་ཏུ་བྱས་པས་ཞེས་པ་ནི་དེ་དག་གཉིས་སུ་མེད་པར་བྱས་པ་རིམ་པ་

ལྔ་པ་ཞེས་བྱའོ། །དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། འོད་ཟེར་ལྔ་ནི་དེ་བཞིན་གཤེགས་པ་སྔགས་ཀྱི་སྐུ་ལས་བྱུང་ངོ་། །དེ་རྣམས་བསྐྱེད་པར་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་འོད་ཟེར་ལྔས་རྣམ་པར་སྤྲས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ་ཞེས་

པ་ནི་ཀུན་དུ་འོད་ཀྱི་ས་ལ་དེ་རྟོགས་པས་སོ། །དོན་དམ་པའི་བདེན་པ་ཞེས་པ་ནི་རིམ་པ་གཉིས་པ་དང་བཞི་པ་ལས་བསྟན་པ་འོད་གསལ་བ་ཞེས་བྱའོ། །དེ་དང་སྦྱར་བ་ཞེས་པ་ནི་འོད་གསལ་བ་དང་འབྲེལ་པ་སྟེ་དེ་ལས་སྐྱེས་པའོ། །བསླབ་པར་བྱ་བ་ཞེས་པ་ནི་གོམས་པར་བྱའོ། །འདིས་ནི་

Vol. 32 · folio 244a

སྔར་བཤད་པའི་སྒོམ་པའི་རིམ་པས་སོ། །ཟུང་དུ་སྦྱོར་བའི་རིམ་པ་སྟོན་པ་ཡིན་ཏེ་ཞེས་པ་ནི་ཟུང་དུ་འཇུག་པའི་རིམ་པ་རྒྱས་པར་བཤད་པ་ཡིན་ནོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྦྱར་བས་རིམ་པ་ལྔའི་དེ་ཁོ་ན་ཉིད་ཀྱི་དོན་བསྟན་པས་སོ། །ད་ནི་ཞེས་བྱ་བ་ལ་

སོགས་པས་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ལ་རྣམ་པ་གསུམ་གྱི་ཕྲ་མོའི་རྣལ་འབྱོར་གྱི་སྒོམ་པ་ལེའུ་གསུམ་པ་ནས་བཤད་པ་ཡང་བསྟན་པར་བྱ་སྟེ། མདོར་བསྟན་པ་ནི་རྒྱས་པར་བཤད་པའི་ཕྱིར་རོ། །དེ་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ཅན་ལ་རྫོགས་པའི་རིམ་

པ་ལ་བརྟེན་ནས་རྣམ་པ་གསུམ་གྱིས་ཕྲ་མོའི་རྣལ་འབྱོར་དང་། དེའི་ཕྱོགས་གཅིག་པ་ཡང་བརྟགས་པའི་རྣལ་འབྱོར་པ་ལ་གཅིག་ཅེས་བྱ་བའི་དོན་ཏོ། །རྣམ་པར་ཤེས་པ་རླུང་དང་བཅས་པ་ཞེས་པ་ནི་རླུང་དང་རྣམ་པར་ཤེས་པ་དག་ནི་རྟ་དང་རྟ་བའི་རིགས་པའི་ཚུལ་དུ་འཇུག་པའོ། །དེ་དག་

གིས་འདྲེས་པར་གྱུར་པ་ལས་འབྱུང་བ་ཐིག་ལེ་གང་ཡིན་པ་དེ་ནི་རླུང་དང་རྣམ་པར་ཤེས་པ་དང་བཅས་པའོ། །རྫོགས་པའི་རིམ་པ་བསྟན་པའི་འོག་ཏུ་འོ་ཞེས་པ་ནི་རིམ་པ་ལྔའི་མཚན་ཉིད་ཀྱི་རྫོགས་པའི་རིམ་པ་བསྟན་པའི་འོག་ཏུ་ཞེས་བྱའོ། །ཚོགས་གཉིས་ཞེས་པ་ནི་བསོད་ནམས་དང་

ཡེ་ཤེས་ཀྱི་ཚོགས་གཉིས་སོ། །དེ་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ནི་བསོད་ནམས་ཀྱི་ཚོགས་སོ། །སྟོང་པ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ་ཤེས་ཀྱི་ཚོགས་ཏེ་དེ་དང་ལྡན་པའོ། །རྡོ་རྗེ་འཆང་བར་མཛད་པ་སྟེ། །ཞེས་པ་ནི་རྩེ་ལྔ་པའི་ཕྱག་མཚན་འཆང་བས་

སོ། །ཡི་གེའི་དོན་ཏོ་ཞེས་པ་ནི་ཕྱག་མཚན་ཙམ་བསྟན་པའི་ཕྱིར་རོ། །མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་ཞེས་པ་ནི་མཐོང་བ་དང་སྒོམ་པའི་རིམ་པས་ཐོབ་པའི་ཡེ་ཤེས་ལྔ་འཆང་བས་སོ། །སྤྱིའི་དོན་ཏོ་ཞེས་པ་ནི་མདོ་སྡེ་པ་ལ་སོགས་པའི་འགྱོད་པ་སེལ་བའི་ཕྱིར་རོ། །

ཡིད་ཀྱི་རང་བཞིན་གྱི་སྐུ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བའི་ཡེ་ཤེས་ཀྱི་སྐུའོ། །སྦས་པའོ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་ཀྱི་དོན་བསྟན་པར་དབྱེ་བས་སོ། །གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཞེས་པ་ནི་རིམ་པ་བཞི་པས་ཐོབ་པར་བྱེད་པའི་འོད་

Vol. 32 · folio 244b

གསལ་བའོ། །མཐར་ཐུག་པའོ་ཞེས་པ་ནི་འོད་གསལ་བ་ལ་ཞུགས་པའི་མཚན་ཉིད་ཀྱི་དོན་བསྟན་པས་སོ། །སྤྱན་ལ་སོགས་པ་སྟེ་ཞེས་པ་ལ་འདིར་དེ་བཞིན་གཤེགས་པའི་སྒྲ་ནི་མ་གཏོགས་སོ། །དེ་རྣམས་ཀྱི་མཆོད་པས་ན་ཞེས་པ་ནི། བདེ་བ་ཆེན་པོའི་མཚན་ཉིད་ཅན་གྱི་

མཆོད་པས་མཆོད་པ་ཞེས་པའི་དོན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པ་སྟེ་ཞེས་པ་ནི་ཡེ་ཤེས་ལྔ་རྟོགས་པས་སོ། །མཆོག་ཏུ་གྱུར་པ་ཞེས་པ་ནི་དེ་རྣམས་ཉེ་བར་སྡུད་པར་མཛད་པས་སོ། །ཐུགས་རྡོ་རྗེ་ཞེས་པ་ནི། སེམས་ཀྱི་རང་བཞིན་ཁམས་གསུམ་པ་ཡོངས་སུ་ཤེས་པས་སོ་

བཀའ་སྩལ་ཅིང་ཞེས་པ་ནི་འདས་པའི་དུས་སུ་དེ་ལྟར་བྱུང་བའི་རྐྱེན་ནོ། །འོད་གསལ་བ་ལ་གནས་པའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བ་ཐམས་ཅད་སྟོང་པའི་གནས་ལ་གནས་པའོ། །སྣང་བའི་ཚོགས་སོ་ཞེས་པ་ནི་ཟླ་བ་དང་ཉི་མ་དང་མཚམས་ཀྱི་སྣང་བ་དང་འདྲ་བའི་འོད་ཟེར་

གྱི་འཁོར་ལོའོ། །དང་པོར་ལོངས་སྤྱོད་རྫོགས་པའི་སྐུ་བསྐྱེད་པའོ་ཞེས་པ་ནི་སྣང་བ་གསུམ་ཡོངས་སུ་གྱུར་པ་ལས་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བསམ་པར་བྱའོ། །ཕྱི་ནས་སེམས་ཅན་ལ་སོགས་པ་རྗེས་སུ་ཞུགས་པས་ཞེས་པ་ནི་ལུས་མཆོག་ཏུ་དགའ་བའི་

ཆགས་པའི་སྒྲས་ཁམས་གསུམ་གྱི་ནང་ན་གནས་པ་རྫོགས་པ་དང་མ་རྫོགས་པའི་སེམས་ཅན་དང་དེ་བཞིན་གཤེགས་པ་རྗེས་སུ་ཞུགས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲ་རབ་ལས་བསྒྲུབས་པའི་ཞེས་པ་ནི་མ་ལུས་པ་ལུས་པ་མེད་ཅིང་རིགས་ལྔའི་དེ་བཞིན་གཤེགས་པ་རྣམས་

ཀྱི་ཆ་ཤས་རྣམས་ཀྱིས་རྫོགས་པ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་སྐུར་ཞེས་པ་ནི་འོད་གསལ་བ་ལས་བྱུང་བའི་སྐུ་ནི་སྤྲུལ་པའི་སྐུ་སྟེ། དེ་ལ་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་འབྱུང་བ་ཞེས་བྱ་བའི་དོན་ཏོ། །འཆད་པར་གྱུར་པའི་རིམ་གྱིས་ཞེས་པ་ལ་འོག་ནས་འཆད་པའི་

བསྒོམ་པའི་རིམ་པས་སོ། །ཕྲ་མོའི་རྣལ་འབྱོར་ཀུན་ཏུ་བརྩམ་པར་བྱའོ་ཞེས་པ་ནི་རྣམ་པ་གསུམ་གྱི་སྣའི་རྩེ་མོར་ཐིག་ལེའི་རྣལ་འབྱོར་བསྒོམ་པར་བྱའོ། །རྡོ་རྗེའི་མདོ་ཞེས་པ་ནི་ཟབ་པའི་དོན་དང་ལྡན་པའི་ཚིག་གིས་སོ། །ཡི་གེ་ཉུང་དང་ཐེ་ཚོམ་མེད། །སྙིང་པོ་ཅན་ཏེ་དོན་ཟབ་པ། །མདོ་ནི་

Vol. 32 · folio 245a

མཁས་པ་རྣམས་ཀྱིས་བཤད། །ཅེས་འབྱུང་ངོ་། །མདོའི་དོན་བསྟན་པར་བྱ་བའི་ཕྱིར། །ཐ་མལ་པའི་སེམས་ཅན་རྣམས་ཀྱི་སྐྱེ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་ངོ་བོ་སེམས་ཅན་གྱི་རིགས་རྣམ་པ་བཞི་སྐྱེ་བའོ། །བརྟགས་པའི་ལྷར་དམིགས་པ་ཞེས་པ་ནི་དམ་ཚིག་གི་དཀྱིལ་

འཁོར་གྱི་རིམ་པས་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དམིགས་པར་གྱུར་པའོ། །རླུང་གི་དེ་ཁོ་ན་ཉིད་དང་ཞེས་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་སྡུད་པར་བྱེད་པའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་དོ། །སྔགས་ཀྱི་དེ་ཁོ་ན་ཉིད་དང་ཞེས་པ་ནི་སྔགས་ཀྱི་དབྱེ་བ་བདུན་ཅུ་རྩ་གཉིས་བསྡུ་བར་

བྱེད་པའི་ཡི་གེ་གསུམ་པའི་ཡང་སྙིང་པོ་ཞེས་བྱ་བའོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང་ཞེས་པ་ནི་སྣང་བ་ལ་སོགས་པ་དོན་དམ་པ་འཇུག་པའི་རང་བཞིན་ཏེ། ལྷག་པར་མོས་པའི་རྣལ་འབྱོར་གྱིས་སོ། །ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་ངེས་པ་ནི་འདིར་བསྒོམ་པར་བྱ་བ་ལྷའི་སྐུ་ནི་རྣམ་པ་གཉིས་

ཏེ་བརྟགས་པ་དང་ཡོངས་སུ་དག་པའོ། །དེ་ལ་བརྟགས་པ་ནི་བསྐྱེད་པའི་རིམ་པས་སོ། །ཡོངས་སུ་དག་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་སྟེ། དེའི་མིང་གི་རྣམ་གྲངས་སོ། །སྟོན་ཏོ་ཞེས་པ་ནི་དེ་ལྟར་ཕྲ་མོའི་རྣལ་འབྱོར་བསྒོམས་

ན་དེ་བཞིན་གཤེགས་པ་དྲུག་གི་རང་བཞིན་ཐ་མལ་པའི་སེམས་ཅན་རྣམས་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དྲུག་བསྒོམ་པར་འགྱུར་རོ། །དང་པོ་ཞེས་བྱ་བ་ལ་སོགས་པས་ཡན་ལག་དང་པོ་བསྟན་པར་བྱ་སྟེ། སྟེང་ན་གནས་པའི་སྲོག་དང་རྩོལ་བ་ཞེས་བྱ་བ་ནི་གདོང་གི་སྣའི་བུ་ག་ནས་རྒྱུ་བའོ། །

དབང་པོ་གཉིས་པོ་ནི་རྡོ་རྗེ་དང་པདྨ་དག་འབྲེལ་པ་ལས་སོ། །ནང་གི་ཤེས་རབ་དང་ཐབས་སྙོམས་པར་འཇུག་པའི་ཞེས་པ་ནི་ཤེས་རབ་དང་ཐབས་ལ་རྒྱུར་གྱུར་པ་བུད་མེད་དང་སྐྱེས་པ་གཉིས་ཀྱིས་ཉམས་སུ་མྱོང་བ་སྣང་བའི་ཡེ་ཤེས་ཕྲད་པས་སོ། །དགའ་བས་དྲངས་པ་ཞེས་པ་ནི་སྣང་བའི་ཡེ་ཤེས་འབྱུང་

བས་སོ། །ཡན་ལག་མ་ལུས་པ་ལས་ཞེས་པ་ནི་བདུན་ཁྲི་ཉིས་སྟོང་གི་རྩའི་ཁོང་སྟོང་ལས་སོ། །འདོད་ཆགས་ཆེན་པོའི་མེས་ཞེས་པ་ནི་སྣང་བ་མཆེད་པའི་བརྡ་ཅན་གྱི་མཆོག་ཏུ་དགའ་བའི་མེས་སོ། །བཞུས་པར་གྱུར་ནས་ཞེས་པ་ནི་ཡན་ལག་ཐམས་ཅད་ཀྱི་ཚོགས་ལས་བྱུང་ཞིང་། རྡོ་རྗེའི་རྩེ་འམ་དེའི་དཀྱིལ་དུ་

Vol. 32 · folio 245b

ཕྱིན་པས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་གཟུགས་སུ་ཞེས་པ་ནི་འོད་གསལ་བའི་བདག་ཉིད་དོ། །པདྨའི་སྣའི་རྩེ་མོར་ལྷུང་བ་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པའི་དུས་སུ་ཆོས་འབྱུང་བའི་ལྟེ་བ་ལས་ཕྱུང་ཞིང་སྤྲོ་བར་འགྱུར་རོ། །འདིར་ནི་ཞེས་པ་ནི་ཐིག་ལེ་ཙམ་མོ། །སྲིད་པ་སྐྱེ་བའི་རིམ་པ་ལྟར་ཞེས་

པ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་སེམས་ཅན་གྱི་ཚོགས་བསྐྱེད་པའི་རིམ་པའོ། །བསྒོམ་པ་རྣམས་ལ་ཞེས་པ་ནི། དེའི་ངོ་བོ་བསམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ལའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་གིས་སོ། །

ཡུངས་ཀར་གྱི་སྒྲས་མཚོན་པར་མཛད་ཅེས་པ་ནི། ཤིན་དུ་ཕྲ་བ་ཡིན་པས་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཉིད་ལ་བརྡ་བསྟན་ཏོ། །ཐ་མའི་བདེ་བའི་དབང་གིས་ནི། །སྐད་ཅིག་མས་ནི་ཁམས་གསུམ་སྐྱེས། །མེ་དང་ཟླ་བའི་ཆ་མཉམ་པས། །འབྱུང་བ་བཞི་ཡི་བག་ཆགས་འབྱུང་། །རླུང་གི་

སྟོང་པ་ཉིད་ངོ་བོ། །ཡེ་ཤེས་དང་ནི་འདྲེས་གྱུར་པས། །དབང་པོའི་ལམ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་བཟུང་བར་འགྱུར། །གང་ཚེ་སྣང་བ་དང་ལྡན་པ། །རླུང་ནི་བཞོན་པ་ཉིད་གྱུར་ན། །དེ་ཚེ་རང་བཞིན་ཐམས་ཅད་ནི། །མ་ལུས་ཡུལ་ལ་འཇུག་པར་འགྱུར། །འདིར་ནི་བསྡུས་པའི་དོན་

འདི་ཡིན་ཏེ། རེ་ཞིག་དང་པོ་རྣལ་འབྱོར་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བླངས་ལ་ཤེས་རབ་ཀྱང་དེའི་ངོ་བོ་ཉིད་དུ་དམིགས་ལ་འདོད་ཆགས་ཆེན་པོའི་སྒྲས་དེ་བཞིན་གཤེགས་པ་འཇུག་པ་སྔོན་དུ་འགྲོ་བར་ལེགས་པར་སྦྱངས་པའི་རྡོ་རྗེ་དང་པདྨར་སྦྱར་ལ་ཚངས་

པའི་བུ་ག་ནས་བྱང་ཆུབ་ཀྱི་སེམས་འཕོ་བའི་དུས་སུ་སྣང་བའི་ཡེ་ཤེས་དང་། ཡན་ལག་ཐམས་ཅད་ལ་ཁྱབ་པའི་དུས་སུ་སྣང་བ་མཆེད་པའི་ཡེ་ཤེས་དང་། རྡོ་རྗེའི་རྩེ་མོར་བྱིན་པའི་དུས་སུ་འོད་གསལ་བའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་ཞིང་དོན་དམ་པའི་བདེན་པ་ལ་གནས་པ་མི་རིགས་སོ་ཞེས་

རྣམ་པར་དཔྱད་ནས་རིག་མའི་པདྨའི་ནང་དུ་དེ་ཉིད་སྤྲོ་བར་བྱའོ། །དེ་ཉིད་ཀྱི་སེམས་ཅན་གྱི་ཁམས་རྣམ་པ་བཞི་ཐམས་ཅད་སྐྱེ་བར་འགྱུར་རོ། །འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་གསུངས་ཏེ་ཞེས་པ་ནི་ལེའུ་བཅོ་བརྒྱད་པ་ལགས་སོ། །ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །ཞེས་པས་ནི་དེའི་གསལ་

Vol. 32 · folio 246a

བ་ཉིད་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཁམས་ཉི་ཤུ་རྩ་བཞིའི་རྫས་དེ་དག་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་ནང་དུ་དོན་དམ་པའི་མཆོག་ཏུ་འཛིན་པ་གང་ཡིན་པ་དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་སྤྲོ་བ་དང་བསྡུ་

བའི་རིམ་པས་སེམས་ཅན་གྱི་དོན་བྱ་བ་གང་ཡིན་པ་དེ་ནི་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་སོ། །དེའི་དོན་དམ་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཤིན་དུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རླུང་བཅུ་ཉེ་བར་བསྡུས་པས་ན་དབུགས་སོ། །འབྱུང་བ་ལྔ་ནི་ས་ལ་སོགས་པ་སྟེ་དེའི་ངོ་བོ་

ཉིད་ནི་དེའི་རང་བཞིན་ནོ། །དེ་ལ་དེར་སྲ་བ་གང་ཡིན་པ་ནི་འབྱུང་བ་ཆེན་པོ་སའོ། །དེའི་གཤེར་བ་ཉིད་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་ཆུའོ། །དེའི་དྲོ་བའི་རེག་པ་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་མེའོ། །དེའི་འགྲོ་བ་དང་ལྡོག་པའི་མཚན་ཉིད་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་རླུང་ངོ་། །

དེའི་འབའ་ཞིག་ཞི་བ་སྤྲོས་པ་མེད་པའི་ངོ་བོ་གང་ཡིན་པ་དེ་ནི་འབྱུང་བ་ཆེན་པོ་ནམ་མཁའ་འོ། །དེ་ལྟར་གྱུར་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་པདྨའི་སྣ་རྩེར་ཞེས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེས་ན་རྡོ་རྗེའི་སྣ་རྩེར་ཡང་ངོ་། །ཕྱུང་ནས་ནི་ཞེས་པ་ལ་ཡན་ལག་དང་ཚིགས་ཐམས་ཅད་ཀྱི་སྒོ་

ནས་སྤྲོས་ནས་སོ། །ཐིག་ལེའོ་གཟུགས་སུ་བརྟག་པར་བྱ། །ཞེས་པ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་གང་བུ་རྡོ་རྗེ་རིན་པོ་ཆེའི་རྩེར་འཛིན་པར་བྱའོ། །དེ་ཉིད་ཉེ་བར་བསྡུ་བའི་སྒོ་ནས་ཁྱད་པར་བསྟན་པར་བྱ་བའི་ཕྱིར། རིན་ཆེན་ཁ་དོག་སྣ་ལྔ་པ། །ཞེས་སྨོས་ཏེ། རང་དང་གཞན་གྱི་དོན་

འགྲུབ་པ་ལ་ནུས་པས་རིན་ཆེན་ནོ། །ཡང་ན་རྣམ་པ་སྣ་ཚོགས་ཀྱི་སེམས་ཅན་གྱི་ཁམས་སྐྱེད་པར་བྱེད་པས་ན་རིན་ཆེན་ནོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་ཁ་དོག་སྣ་ལྔ་པའོ། །སྲོག་དང་རྩོལ་བ་ཞེས་པ་ནི་སྲོག་གི་རླུང་སྟེ་རྟག་ཏུ་གྱེན་དུ་རྒྱུའོ། །རྩོལ་བ་ཞེས་པ་ནི་དེ་ཉིད་ཉེར་

བར་བསྡུས་པས་ཐུར་དུ་སེལ་བ་སྟེ། སྲོག་དང་རྩོལ་བ་ཞེས་བྱའོ། །དེས་ནི་ཐ་མལ་པའི་སེམས་ཅན་བསྐྱེད་པའི་མཚན་ཉིད་དེ་ཡན་ལག་དང་པོ་བསྟན་ཏོ། །ས་བོན་གྱི་ཐིག་ལེའི་དབུས་སུ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་ནང་ནའོ། །སྐྱེ་བཞིན་པར་ཤེས་པར་བྱ་སྟེ་ཞེས་པ་ནི་མོས་པའི་རྣལ་འབྱོར་གྱིས་བསྐྱེད་པ་ཞེས་

Vol. 32 · folio 246b

བྱ་བའི་དོན་ཏོ། །བདུད་རྩི་ས་བོན་ཞེས་བྱ་བ་ལ་སོགས་པའི་ཚིག་ནི་དཔལ་རྡོ་རྗེ་བདུད་རྩིའི་རྣལ་འབྱོར་གྱི་རྒྱུད་ལས་འབྱུང་ངོ་། །རྟོག་པའི་རྣལ་འབྱོར་སློབ་པ་ན། །ཞེས་པ་ནི་ལྷག་པར་མོས་པའི་རྣལ་འབྱོར་བསྒོམ་པས་སོ། །རྒྱུ་བ་དང་མི་རྒྱུ་བ་ཞེས་པ་ནི་བརྟན་པ་དང་གཡོ་བའི་ཁམས་གསུམ་པའི་རྣམ་

པ་ཅན་གྱི་རྡོ་རྗེ་སེམས་དཔའ་བསམ་མོ་ཞེས་པ་ནི་ལྷག་པར་མོས་པར་བྱའོ། །འདི་ཉིད་ཀྱི་ཁྱད་པར་ནི་ཞེས་པ་ནི་དེའི་ལྷག་པར་གྱུར་པའི་ཚིག་ཅེས་བྱའོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱི་གཞིར་གྱུར་པས་ན་ཡེ་ཤེས་གནས་སོ། །རྣམ་པ་སྣ་ཚོགས་པའི་སངས་རྒྱས་སྤྲུལ་པས་ན་

ཉམས་དགའ་བའོ། །བྱ་བ་ལ་སོགས་པའི་ཚུལ་ལ་འཇུག་པ་ལ་མ་བསྟན་པས་ན་གསལ་བའོ། །ཡང་ན་ར་ནི་རྡོ་རྗེའི་རྩེ་མོ་དང་འདྲ་བ་ཡིན་པས་རྡོ་རྗེའོ། །ཧ་ནི་བྱའི་གདོང་དང་འདྲ་བས་པདྨའོ། །སྱ་ནི་འཛག་པའི་དོན་སྟོན་ཏེ། དེས་ན་ར་ཧ་དང་འདྲ་བས་རྡོ་རྗེ་དང་པདྨ་ལས་སྱ་ནི་འཛགས་པས་ན། ར་ཧ་

སྱ་ནི་གསང་བ་སྟེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱིས་བརྟགས་པ་ཞེས་པ་ནི་རང་རིག་གི་མངོན་སུམ་གྱི་ཚད་མའི་སྤྱོད་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །དྲང་བའི་དོན་ཞེས་པ་ནི་རྫས་ཀྱི་ངོ་བོ་ཉིད་དུ་བསྟན་པས་སོ། །རྫོགས་པའི་རིམ་པ་ཡང་ཞེས་པ་ནི། ཡང་གི་སྒྲ་ནི་སླར་ཞེས་བྱ་བའི་དོན་

ཏོ། །དེས་ན་རྫོགས་པའི་རིམ་པའི་འབྲེལ་པ་དང་ལྡན་པའི་ཕྲ་མོའི་རྣལ་འབྱོར་གཞན་ཡང་བཤད་པར་བྱ་ཞེས་བྱ་བའི་དོན་ཏོ། །སྙིང་ག་ཞེས་བྱ་བ་ལ་སོགས་པ་ལ་ལྐོག་མ་ལ་སོགས་པའི་གནས་བཞི་པོ་ལ་གྲུ་གསུམ་དང་ཟླུམ་པོ་དང་གཞུའི་དབྱིབས་ཅན་དང་གྲུ་བཞིའོ། །གོས་དཀར་མོ་དང་

མཱ་མ་ཀཱི་དང་སྒྲོལ་མ་དང་སྤྱན་མས་བྱིན་གྱིས་རློབ་པ། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་ཀྱིས་དབང་བྱས་པ་དམར་པོ་དང་ལྗང་གུ་དང་དཀར་པོ་དང་ཁ་དོག་སེར་པོར་ལྡན་པ། དེ་དང་འདྲ་བའི་འོད་སྤྲོ་བ་དབང་དང་ཞི་བ་དང་འགུགས་པ་དང་རྒྱས་པའི་ལས་

ཅན་གཡས་གཡོན་དང་གཉི་ག་དང་དལ་བུས་དམན་པར་རྒྱུ་བ། མེ་དང་ཆུ་དང་རླུང་དང་སའི་ཁམས་ཀྱི་ངོ་བོ་དཀྱིལ་འཁོར་བཞི་བསམས་ལ། དེ་རྣམས་ལ་ཐུན་དང་པོ་ནས་བརྩམས་ཏེ་ཉིན་མོ་དང་མཚན་མོའི་རིམ་པས་ཁ་དོག་དམར་པོ་ལ་སོགས་པའི་འོད་ཟེར་གྱི་ཚོགས་སྤྲོས་ལ་

Vol. 32 · folio 247a

གདོང་གི་སྣ་རྩེར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་འཛིན་ནས་ཇི་སྲིད་སེམས་རྩེ་གཅིག་པར་གྱུར་པ་དེ་སྲིད་གནས་པར་བྱས་པས་འབད་རྩོལ་མེད་པར་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་འགྲུབ་པར་འགྱུར་རོ། །དེ་ནི་གཏི་མུག་གི་རིགས་ཅན་གྱི་རྣལ་འབྱོར་པའི་ཕྲ་མོའི་ཐིག་ལེ་བསྒོམ་

པའི་མན་ངག་གོ། །ལུས་ཐམས་ཅད་ལ་གནས་པ་ཞེས་པ་ནི་རྩ་རྒྱུས་ཐམས་ཅད་ཀྱི་ལུས་ལ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ལྔའི་ངོ་བོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོས་སོ། །འོད་ཟེར་ལྔ་པོ་ཞེས་པ་ནི་སྲོག་ལ་སོགས་པའི་རླུང་ལྔ་སྟེ། བཞི་པོ་ནི་ཕུང་པོ་བཞི་ལ་གནས་པ་

སྟེ་གསལ་བའོ། །ལྔ་པ་ནི་མི་གསལ་བའོ། །དེ་ཉིད་ཀྱི་ཕྱིར། རླུང་གི་ལས་ཀུན་རྗེས་འགྲོ་བའི། །སྤྱོད་པ་ཀུན་ལ་རབ་འཇུག་པ། །རྣམ་པར་སྣང་མཛད་ངོ་བོ་སྟེ། །འཆི་བའི་ལུས་ལས་འཕོ་བར་འགྱུར། །ཞེས་བཤད་པས་སོ། །སྲོག་དང་རྩོལ་བར་གྱུར་ནས་ཞེས་པ་ནི། ལྔའི་

བདག་ཉིད་ཀྱི་རླུང་དེ་ཉིད་སྲོག་དང་རྩོལ་བ་ཉིད་དུ་གྱུར་ནས་སོ། །སྟེང་གི་སྣ་ཡི་བུ་ག་ལས། །ཞེས་པ་ནི། ཀུན་རྫོབ་ཀྱི་སྣ་ཁུང་གཡས་པ་ལ་སོགས་པའི་དབྱེ་བས་ཕྱེ་བར་གྱུར་པ་ལས་སོ། །དཀྱིལ་འཁོར་བཞི་ཡི་ཁ་དོག་གིས། །ཞེས་པ་ནི་ཉིན་མོའི་ཐུན་དང་པོ་ལ་མེའི་དཀྱིལ་འཁོར་འཆར་བ་

དང་། གཉིས་པ་ལ་རླུང་གི་དཀྱིལ་འཁོར་དང་། །གསུམ་ལ་སའི་དཀྱིལ་འཁོར་དང་བཞི་པ་ལ་ཆུའི་དཀྱིལ་འཁོར་འཆར་བ་དེ་བཞིན་དུ་མཚན་མོར་རྟོགས་པར་བྱའོ། །གོ་རིམས་བཞིན་དུ་ངེས་པར་འབྱུང་། །ཞེས་པ་ནི་གཡས་པ་ལ་སོགས་པའི་དབྱེ་བས་རིམ་པ་ཇི་ལྟ་བ་བཞིན་དུ་འབྱུང་ངོ་

ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་ཞེས་པ་ལ་སོགས་པའི་ལུང་ཚད་མ་ཉིད་དུ་བསྟན་ཏོ། །སྣ་རྩེ་ནི་གདོང་གི་སྣ་རྩེར་རོ། །ཡུངས་ཀར་ཞེས་པ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་འོད་ཟེར་གྱི་ཐིག་ལེའོ། །སྲོག་དང་རྩོལ་བའི་བརྟག་པའོ། །ཞེས་པ་ནི་དེ་ཉིད་རླུང་ཉེ་བར་བསྡུས་པའོ། །

ཐིག་ལེ་དེ་ཉིད་སྲོག་དང་རྩོལ་བ་ལ་སངས་རྒྱས་ཀྱི་རང་བཞིན་ཏེ། དེ་བཞིན་གཤེགས་པའི་ངོ་བོ་འོད་ཟེར་ལྔ་ཡོད་དེ་དཀྱིལ་འཁོར་རེ་རེ་འང་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཡིན་པས་སོ། །འོད་ཟེར་དེ་རྣམས་ནི་སྟེང་གི་སྣ་ལས་ཏེ་གདོང་གི་སྣ་ལས་ངེས་པར་འབྱུང་བར་འགྱུར་རོ། །སྒོ་

Vol. 32 · folio 247b

ལས་འབྱུང་བའི་རིམ་པ་བཤད་པའི་ཕྱིར། གཡོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རླུང་གི་དཀྱིལ་འཁོར་གཡོན་ནས་འབྱུང་བ་དང་མེའི་དཀྱིལ་འཁོར་གཡས་ལས་འབྱུང་བ་དང་སའི་དཀྱིལ་འཁོར་གཉི་ག་ལས་འབྱུང་བ་དང་། ཆུའི་དཀྱིལ་འཁོར་གཉི་ག་ལས་དལ་བུས་རྒྱུ་བའོ། །དེ་ཉིད་ནང་གི་དུས་

ཡིན་པར་བཤད་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ནང་གི་དུས་ཡིན་ནོ། །དུས་ཀྱི་རིམ་པ་འདིས་རྣལ་འབྱོར་པས་ཞི་བ་ལ་སོགས་པའི་ལས་བྱེད་དེ། རང་ནི་འོད་གསལ་བ་སྟེ་མི་ཤིགས་པའི་ངོ་བོའོ། །དེ་ལས་བྱུང་བའི་སྔགས་ནི་ཡི་གེ་གསུམ་མོ། །དེའི་གཞི་ནི་དཀྱིལ་འཁོར་བཞིའོ། །

དེ་རྣམས་ཀྱི་སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ་འོད་ཟེར་སྤྲོ་བའི་རིམ་པའོ། །ཉིན་མཚན་ནི་ཉིན་མོ་དང་མཚན་མོར་དེས་གནས་ཤིང་སྣའི་རྩེ་མོར་འོད་ཟེར་དེ་འཛིན་པར་བྱའོ། །ཐུན་ཕྱེད་ཕྱེད་ནི་ཆུའི་ཚོད་བརྒྱད་ཀྱི་བདག་ཉིད་ཀྱི་དུས་ནི་ཐུན་ནོ། །དེའི་ཕྱེད་ནི་ཆུ་ཚོད་བཞིའོ། །དེ་ཡང་ཕྱེད་ནི་ཆུ་

ཚོད་གཉིས་སོ། །དེས་ན་ཐུན་རེ་རེར་ཆུ་ཚོད་གཉིས་གཉིས་ཀྱི་བར་དུ་འོད་ཟེར་གྱི་ཐིག་ལེ་འཛིན་པས་འོད་གསལ་བ་རྟོགས་པར་འགྱུར་རོ། །རིམ་ནི་ཞེས་པ་ནི་ཁ་དོག་དམར་པོ་ལ་སོགས་པའི་དབྱེ་བ་དང་། གཡས་པ་ལ་སོགས་པའི་དབྱེ་བས་སོ། །གོ་རིམས་ཇི་བཞིན་

དུ་ཞེས་པ་ནི་མེ་དང་རླུང་དང་ས་དང་ཆུའི་དཀྱིལ་འཁོར་ཤར་བའི་རིམ་པས་སོ། །རྡོ་རྗེའི་ཚིག་གི་དོན་ཞེས་པ་ནི་དོན་ཟབ་པ་དང་ལྡན་པའི་ཚིག་གིས་བརྗོད་པར་བྱའོ། །རླུང་གི་དེ་ཁོ་ན་ཉིད་ཅེས་པ་ནི་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེའི་དེ་ཁོ་ན་ཉིད་དོ། །སྔགས་

ཀྱི་དེ་ཁོ་ན་ཉིད་ཅེས་པ་ནི་ཡི་གེ་གསུམ་གྱིས་བསྐྱེད་པའི་རྒྱུར་གྱུར་པའི་མི་འཇིགས་པའི་མཚན་ཉིད་དོ། །དེ་ལས་དཀྱིལ་འཁོར་དང་རླུང་དང་ཡི་གེ་གསུམ་ཡང་འབྱུང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་ཞེ་སྡང་གི་རིགས་ཅན་གྱི་ཕྲ་མོའི་རྣལ་འབྱོར་བསྟན་པར་བྱ་སྟེ། རྣམ་པར་

ཤེས་པ་གསུམ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ཀུན་གཞི་ལ་སོགས་པའི་མཚན་ཉིད་ཅན་ནོ། །བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ཞེས་པ་ནི་སྣང་བ་ལ་སོགས་པའི་རང་བཞིན་ཅན་ནོ། །ཁམས་ཕྲ་བ་སྟེ་ཞེས་པ་ནི་ཨོཾ་དང་ཨཱཿཉེ་བར་བསྡུས་ནས་ཐུགས་རྡོ་རྗེ་ཡིག་འབྲུའི་ཐིག་

Vol. 32 · folio 248a

ལེ་ལྷག་མར་གྱུར་པའི་ཁམས་ཕྲ་བའོ། །སྙིང་ག་ལ་གནས་པའི་དེ་ལ་རྟེན་དང་བརྟེན་པར་གྱུར་པ་ཞེས་པ་ནི་འགྲོ་བ་དེ་ཉིད་རྣམ་པར་ཤེས་པར་བྱེད་དེ་བསམ་པར་བྱའོ། །དེ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་ཡན་ལག་ལྔ་པའོ། །རླུང་དང་རྣམ་པར་ཤེས་པ་ཞེས་བརྟགས་པའི་ཞེས་པ་ནི་རླུང་མ་

ལུས་པའི་འཁོར་ལོ་དང་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱི་ཐིག་ལེ་དེ་ལའོ། །ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་ཅིག་ཅར་དུ་འབྱུང་བ་འཇའ་ཚོན་བཞིན་ནོ། །འཇའ་ཚོན་ལྟར་ཞེས་པ་ནི་ཡོད་པ་དང་མེད་པ་གཉིས་དང་བྲལ་བའོ། །དཀར་པོ་ལ་སོགས་པ་ཞེས་པ་ནི་འོད་ཟེར་གྱི་ཚོགས་དང་ལྡན་

པའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་མི་བྱ་བ་འོད་གསལ་བ་ལས་འབྱུང་བ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྒོམ་པར་བྱའོ། །དེས་ཡོངས་སུ་དག་པའི་ལྷའི་དེ་ཁོ་ན་ཉིད་བསྟན་ཏོ། །ཐེག་པ་ཆེན་

པོའི་མདོ་སྡེ་ཞེས་པ་ནི་རྗེ་བཙུན་རིན་ཆེན་ཏ་ལ་ལས་སོ། །དགོངས་པས་བཤད་པ་ཞེས་པ་ནི་འགལ་བའི་ཚིག་གི་སྦྱོར་བས་སོ། །སྐྲ་ཙམ་ཞེས་བྱ་བ་ལ་སོགས་པ་ནི་སྐྲའི་རྩེ་མོ་དང་འདྲ་བ་ཤུ་ཀྲ་དང་སྔགས་དང་འོད་ཟེར་གྱི་བདག་ཉིད་ཀྱི་ཐིག་ལེ་ལ་ཇི་སྲིད་གང་གཱའི་ཀླུང་གི་བྱེ་མ་དང་འདྲ་བར་

བཞུགས་པ་དེ་བཞིན་དུ་རྡུལ་རེ་རེའི་ཆ་ཆའི་དབྱེ་བས་རྡུལ་ཇི་སྲིད་ཡོད་པ་དེའི་རྩིས་ཀྱིས་དེ་ལ་ཡང་བྱང་ཆུབ་སེམས་དཔའ་དེ་དང་འདྲ་བར་བཞུགས་སོ་ཞེས་བསམ་པར་བྱའོ། །དེས་ནི་བརྟན་པ་དང་གཡོ་བའི་རང་བཞིན་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་ཐིག་ལེ་ཡིན་

ནོ་ཞེས་བསྟན་ཏོ། །ལྷའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་ཉེ་བར་བསྡུ་བའོ། །ངེས་པའི་དོན་ནི་རྡོ་རྗེ་བཟླས་པའི་རིམ་པའི་ཡན་ལག་ཏུ་འགྱུར་བ་རླུང་གི་དེ་ཁོ་ན་ཉིད་ལ་སོགས་པ་བསྟན་པས་སོ། །ད་ནི་ཞེས་བྱ་བ་ལ་སོགས་པས་གཏི་མུག་གི་རིགས་ཅན་ལ་ལྟོས་ནས་ཕྲ་མོའི་རྣལ་འབྱོར་སྤྲོས་པས་

བསྟན་པར་བྱ་སྟེ། སྔགས་དང་རླུང་མཉམ་པར་སྦྱོར་བ་ལས་ཞེས་པ་ནི་འཇུག་པ་ལ་སོགས་པའི་རང་བཞིན་གྱིས་སྲོག་ལ་སོགས་པའི་ངོ་བོ་སྣང་བར་འགྱུར་བའི་ཡི་གེ་གསུམ་དང་འཇུག་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རླུང་དང་འབྲེལ་པས་དཀྱིལ་འཁོར་བཞི་བྱུང་བ་ཞེས་བྱ་བ་ནི་གཡས་

Vol. 32 · folio 248b

པ་ལ་སོགས་པ་ལས་རྒྱུ་བའོ། །དེ་ལྟར་གྱུར་ན་ཡན་ལག་མ་ཉམས་པའི་བཟླས་པ་ལ་ཞེས་པ་ནི་ཡན་ལག་མ་ཉམས་པའི་ལྷ་ལ་སོགས་པའི་དབྱེར་མེད་པའི་སྦྱོར་བས་བཟླས་པ་གང་ཡིན་པ་དེའི་རིམ་པ་ནི་གོ་རིམས་བསྟན་པའི་ཕྱིར་ཞེས་པ་ནི་གསལ་བར་བྱ་བའི་ཕྱིར་རོ། །མི་ཤིགས་པ་ཞེས་

པ་ནི་སྤྲོས་པ་ཐམས་ཅད་མེད་པའི་མཚན་ཉིད་འོད་གསལ་བའོ། །དེ་ལས་བྱུང་བ་ནི་འོད་གསལ་བ་ལས་མེ་ལ་སོགས་པ་དཀྱིལ་འཁོར་བཞི་འབྱུང་བའོ། །མེའི་དཀྱིལ་འཁོར་ཁ་དོག་དམར་པོའི་ངོ་བོ་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ནི་དམར་པོ་ཡིན་པས་སོ། །གཡས་ལས་འབྱུང་བ་

ཞེས་པ་ནི་ངོ་བོ་ཉིད་ཀྱིས་དེའི་དེ་ལམ་ཡིན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་དོ་ཞེས་པ་ནི་དེ་བཞིན་གཤེགས་པའི་རིགས་ཡིན་པས་སོ། །སྐུ་ནི་ཉི་མའི་དཀྱིལ་འཁོར་འོད་དཔག་ཏུ་མེད་པ་སྟེ་ཁ་དོག་དམར་པོ་ཡིན་པས་སོ། །ཨོཾ་དང་ཨཱཿསྟེ་ཞེས་པ་ནི་དེ་དག་གིས་བསྐྱེད་པའི་ས་བོན་

ཡིན་པས་སོ། །དེ་ཉིད་འཇུག་པ་དང་གནས་པ་ཞེས་པ་ནི་སྔགས་དང་རླུང་གི་ཐ་དད་པ་མ་ཡིན་གྱི་འོན་ཀྱང་དེའི་བདག་ཉིད་དུ་འཇུག་པའོ། །ཡི་གེ་ཧཱུཾ་ལྡང་བའི་བདག་ཉིད་ཅན་ཞེས་པ་ནི་ཐུགས་རྡོ་རྗེའི་ས་བོན་ཡིན་པས་དབང་པོ་ལ་བརྟེན་ནས་ཕྱི་རོལ་ཡུལ་ལ་འབྱུང་བའི་རང་བཞིན་ཡོངས་སུ་བརྟག་

པ་སྟེ་བསྒོམ་པར་བྱའོ། །འདི་ནི་འོད་དཔག་ཏུ་མེད་པའི་བཟླས་པའོ་ཞེས་པ་ནི་མེའི་དཀྱིལ་འཁོར་ལ་དབང་བྱེད་པའི་ཕྱིར་རོ། །ཆུའི་དཀྱིལ་འཁོར་ཏེ་ཞེས་པ་ནི་ཟླ་བ་དང་འདྲ་བས་སོ། །སྤྱན་གྱི་ཡི་གེ་ནི་ཡི་གེ་ཨོཾ་མོ། །ཚུལ་ནི་ཁ་དོག་དཀར་པོའོ། །དཀར་ཞིང་ཞེས་པ་ནི་དེ་ཉིད་དོ། །

དེ་ནས་ཏེ་ཞེས་པ་ནི་ཚིག་ཕྲད་དོན་དུ་མ་ཡིན་པས་དེ་ནས་ཀྱི་སྒྲ་ནི་བཀྲ་ཤིས་ཀྱི་དོན་རྗོད་པར་བྱེད་པ་སྟེ་ཡི་གེ་ཨོཾ་གྱི་རྣམ་གྲངས་སོ། །འདས་མ་ཐག་པའི་དོན་ཡང་ཡིན་ཏེ་སྔ་མ་འདས་པ་ལ་ལྟོས་པས། བཀྲ་ཤིས་དང་ནི་དབང་ཉིད་བརྗོད། །དེས་ན་སྒྲ་དང་དེའི་ཕྱིར་སྒྲས། །རིམ་དང་གཏན་

ཚིགས་དོན་སྟོན་ཏོ། །ཞེས་འབྱུང་ངོ་། །ཡི་གེ་ཨོཾ་ནི་བཀྲ་ཤིས་ཀྱི་དོན་ལ་རབ་ཏུ་གྲགས་སོ། །ཡོངས་སུ་གྱུར་པའི་རྗེས་ལ་ཞེས་པ་ནི་དེ་ཉིད་འཇུག་པའི་བདག་ཉིད་ཀྱི་བཟླས་པའི་འོག་ཏུ་འོ། །ཡི་གེ་ཨཱཿནི་པདྨའི་རིགས་ཀྱི་ས་བོན་ཡིན་པས་སོ། །ཡི་གེ་ཧཱུཾ་ནི་རྡོ་རྗེ་རིགས་ཀྱི་ས་བོན་ཡིན་

Vol. 32 · folio 249a

པས་སོ། །རྡོ་རྗེ་བཟླས་པ་ཞེས་པ་ནི་ཐུགས་རྡོ་རྗེའི་བཟླས་པའོ། །ཁ་དོག་སེར་པོ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཏེ་རྒྱས་པའི་རང་བཞིན་ཡིན་པས་སོ། །ཡི་གེ་གསུམ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་སྐྱེད་པའི་རྒྱུ་ཡིན་པས་སོ། །རྩེ་གཅིག་ཏུ་བསྒོམ་ཞིང་ཞེས་པ་

ནི་དཀྱིལ་འཁོར་གྱི་རྣམ་པ་དང་ཁ་དོག་དང་སྒོ་ལ་སོགས་པ་ལ་མཉམ་པར་གཞག་པས་སོ། །རིན་པོ་ཆེའི་བཟླས་པ་ཞེས་པ་ནི་ཉེ་བར་བསྡུས་པའོ། །མི་ཤིགས་པ་ནི་འོད་གསལ་བ་ལས་སོ། །རླུང་གི་དཀྱིལ་འཁོར་ཏེ་ཞེས་པ་ནི་གཞུའི་དབྱིབས་ཅན་ནོ། །སངས་རྒྱས་ཀྱི་ཚུལ་ཏེ་ཡི་གེ་

ཧཱུཾ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་མི་བསྐྱོད་པ་བསྐྱེད་པའི་ས་བོན་ཡིན་པས་སོ། །ཞི་བ་ཐུང་དུ་ཞེས་པ་ནི། དེ་ཉིད་ཀྱི་ཁྱད་པར་ཏེ་ལྡང་བའི་རང་བཞིན་ཡིན་པས་སོ། །འཇུག་པ་དང་གནས་པའི་རྗེས་ལ་ཞེས་པ་ནི་ཡི་གེ་ཨོཾ་དང་ཨའི་གཞི་འཇུག་པ་དང་གནས་པའི་འོག་ཏུ་

ཞེས་བྱ་བའི་དོན་ཏོ། །དོན་ཡོད་བཟླས་པ་ཞེས་པ་ནི་ཉེ་བར་བསྡུ་བའོ། །དེ་ནི་གསུང་རྡོ་རྗེ་ལ་སོགས་པ་རྣམ་པ་བཞི་ཡན་ལག་མ་ཉམས་པའི་བཟླས་པ་བསྟན་ཏེ་སྔགས་དང་རླུང་དང་རྣམ་པར་ཤེས་པ་ལ་སོགས་པ་དབྱེར་མེད་པའི་ཕྱིར་རོ། །སློང་མོ་ཟ་ཞིང་མི་བཟླ་སྟེ། །མ་བླངས་པ་ལ་

ཆགས་མི་བྱ། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །ཡན་ལག་མ་ཉམས་གསང་སྔགས་བཟླ། །ཞེས་འབྱུང་ངོ་། །རེ་རེའི་ཞེས་པ་ལ་མེའི་དཀྱིལ་འཁོར་ལ་སོགས་པ་རེ་རེའི་འོ། །དཀྱིལ་འཁོར་གསུམ་པོ་འཁོར་དུ་གྱུར་པས་ཞེས་པ་ནི་ཆུ་ལ་སོགས་པའི་དཀྱིལ་འཁོར་

གསུམ་པོའོ། །དེའི་ནང་དུ་ཆུད་པ་སྤྲོ། །ཞེས་པ་ནི་དེའི་ཆ་ཤས་ཉིད་ཀྱིས་སྤྲོ་བར་བྱ་སྟེ་འབྱུང་བ་ཆེན་པོའི་གཅིག་ནི་འབྱུང་བ་བཞིའི་རང་བཞིན་ཡིན་པས་སོ། །བཤད་པའི་རྒྱུད་ཅེས་པ་ནི་དགོངས་པ་ལུང་བསྟན་པའི་གསང་བ་འདུས་པའི་རྒྱུད་ལས་སོ། །གོས་དཀར་ཅན་སོགས་བཟླས་བཤད་

པ། ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་པོའི་དོན་ནི་ལེའུ་གསུམ་པ་ནས་བཤད་ཟིན་ཏོ། །རྣལ་འབྱོར་པ་གཉི་ག་ཞེས་བྱ་བ་ལ་སོགས་པས་བརྟགས་པ་དང་རྫོགས་པའི་རྣལ་འབྱོར་པ་རྣམས་ལ་ཕྲ་མོའི་རྣལ་འབྱོར་བསྟན་པར་བྱ་སྟེ། ཨུཏྤ་ལ་མཐིང་ཀའི་ཁ་དོག་དང་འདྲ་བ་ཞེས་

Vol. 32 · folio 249b

པ་ནི་མི་བསྐྱོད་པའི་རིགས་ཡིན་པའི་ཕྱིར་རོ། །རང་གི་རྡོ་རྗེའི་བུ་གར་ཞེས་པ་ནི་གསང་བའི་རྡོ་རྗེའི་རྩེ་མོའི་བུ་ག་ལའོ། །མི་བསྐྱོད་པའི་རྣལ་འབྱོར་པ་དེ་ཉིད་ཀྱིས་སྨེ་ཤ་ཅན་གྱི་ཕྱག་རྒྱའི་པདྨའི་ནང་དུ་ནས་ཀྱི་འབྲུའི་ཚད་ཙམ་གྱི་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱའོ། །ཙ་ན་ཀ་ཞེས་བྱ་བ་ལ་སོགས་པས་

རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་འཁོར་ལོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་རིགས་ཀྱི་དབྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་

དང་པོ་ཕྱག་རྒྱ་ལེགས་པར་སྦྱོང་བའི་དུས་སུ་དེ་དག་བསྡོམ་པར་བྱའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རིམ་པ་ལྔ་ཆར་ཡང་རྟག་ཏུ་བསྒོམ་པར་བྱའོ། །དེས་ཀྱང་ཅིར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པས་ཕྲ་མོའི་རྣལ་འབྱོར་བསྒོམས་པའི་འབྲས་བུ་བསྟན་ཏོ། །ཞི་བ་ལ་

སོགས་པ་ཞེས་པ་ནི་ཞི་བ་དང་རྒྱས་པ་དང་། དབང་དང་དགུག་པ་དང་རྣམ་པར་སྡང་བ་དང་གསོད་པ་དང་དགར་བ་དང་རེངས་པ་ལ་སོགས་པའོ། །འདོད་པའི་དབང་ཕྱུག་ལ་སོགས་པ་བརྒྱད་ཅེས་པ་ནི། སྐུ་དབང་ཕྱུག་དང་གསུང་དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་དང་། །ཆོ་འཕྲུལ་

ཡོན་ཏན་དབང་ཕྱུག་དང་། །བྱེད་དང་ལོངས་སྤྱོད་ཡོན་ཏན་བརྒྱད། །ཅེས་བཤད་པའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ནི་ཟུང་དུ་འཇུག་པའི་མཚན་ཉིད་དོ། །རྒྱུ་ནི་བཞིའོ། །དོན་དམ་པའི་བདེན་པ་ནི་རིམ་པ་གཉིས་པ་དང་བཞི་པ་དག་གིས་ཐོབ་པར་བྱ་སྟེ་འོད་གསལ་བའོ། །ཉོན་མོངས་

པ་ཐམས་ཅད་རྣམ་པར་དག་པས་ན་ཞེས་པ་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པ་རང་བཞིན་བརྒྱ་དྲུག་ཅུ་སྤོང་བའི་ཕྱིར་རོ། །ཡིད་དགའ་བའོ་ཞེས་པ་ནི་འདོད་ཆགས་དང་འདོད་ཆགས་བྲལ་བ་དང་འདོད་ཆགས་པར་མ་སྤོང་བའི་ཕྱིར་རོ། །དེ་ལྟ་བུའི་དངོས་གྲུབ་ཐམས་ཅད་ཀྱི་གཞིར་གྱུར་པ་

ཞེས་པ་ནི། དངོས་གྲུབ་ཐམས་ཅད་དེ་ལས་བྱུང་བ་ཡིན་གྱི་གཞན་ལས་མ་ཡིན་ནོ། །རྣལ་འབྱོར་པ་དེའི་མངོན་དུ་གྱུར་པ་ཞེས་པ་ནི་རྣལ་འབྱོར་པའི་མངོན་སུམ་གྱི་ཚད་མའི་སྤྱོད་ཡུལ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཐོབ་པའི་ཐབས་བསྟན་པར་བྱ་སྟེ། །

Vol. 32 · folio 250a

ཕུང་པོ་ལ་སོགས་པའོ་ཞེས་པ་ནི་དེའི་རྣམ་པར་དག་པའི་རང་བཞིན་ཡིན་པས་སོ། །སྤྲུལ་པའི་སྐུའི་གནས་སྐབས་སོ། །ཞེས་པ་ནི་སྔགས་ཀྱི་སྐུ་བླང་བའི་སྐབས་ཀྱིས་བཟུང་བའོ། །ཡེ་ཤེས་གསུམ་གྱི་སྦྱོར་བས་གནས་པར་ཞེས་པ་ནི་སྔགས་དང་ཕྱག་རྒྱ་དག་གི་རིམ་པ་གང་

ཡང་རུང་བས་སྣང་བ་ལ་སོགས་པ་ངོ་བོས་བྱས་ནས་སོ། །དོན་དམ་པའི་བདེན་པ་དེར་སྤྲོ་ཞིང་འཇུག་པའོ་ཞེས་པ་ནི་འོད་གསལ་བ་ལ་དེ་རྣམས་འཇུག་པར་བྱ་སྟེ་རིམ་པ་བཞི་པས་འོད་གསལ་བའི་གོ་འཕང་ལ་འཇུག་པའོ། །ལྡང་བ་བསྟན་པར་བྱ་བའི་ཕྱིར། ཞེས་པ་ནི་དོན་དམ་པའི་བདེན་

པ་ལ་འཇུག་པས་གཞན་གྱི་དོན་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྐུ་གསུམ་གྱི་བདག་ཉིད་ཅན་ནོ་ཞེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་ནོ། །འོད་གསལ་བའོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་སྟེ་རིམ་པ་གཉིས་པ་དང་བཞི་པས་ཐོབ་པར་

བྱ་བའི་དེ་ཁོ་ན་ཉིད་དོ། །རྒྱུ་གང་ཡིན་པ་ཞེས་པ་ནི་ས་བཅུ་པ་ལ་ཡེ་ཤེས་ཀྱི་དབང་ཐོབ་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སྐུ་བླངས་ཏེ། མངོན་པར་བྱང་ཆུབ་པའི་རིམ་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས་ཟུང་དུ་འཇུག་པའི་རིམ་པས་ས་བཅུ་གཅིག་པ་ཐོབ་པར་འགྱུར་རོ་ཞེས་བྱ་

བས་འོད་གསལ་བ་ཉིད་ཟུང་དུ་འཇུག་པའི་རིམ་པའི་རྒྱུ་ཡིན་ནོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དུ་བསྐྱེད་པར་བྱའོ་ཞེས་པ་ནི་ཞི་བ་དང་སྐྱེ་བ་ལ་མི་གནས་པ་དཔལ་རྡོ་རྗེ་འཆང་གི་ཕྱག་རྒྱ་ཆེན་པོའི་སྐུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བཤད་པ་ཡིན་ཏེ།

བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་རྡོ་རྗེ་དང་པདྨ་ལ་སོགས་པའི་ཕྲ་མོའི་རྣལ་འབྱོར་བསྒོམས་པས་འབྲས་བུར་གྱུར་པའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་སྣོད་དུ་གྱུར་པ་ཡིན་གྱི་དེའི་དུས་སུ་ཐོབ་པ་མ་ཡིན་ཏེ། དེའི་དབང་པོ་དམན་པ་ཉིད་ཀྱིས་དེ་ཁོ་ན་ཉིད་སྣང་ན་ཡང་མངོན་དུ་མི་འགྱུར་བའི་ཕྱིར་

རོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པས་ནི་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་དམིགས་ནས་ཕྲ་མོའི་རྣལ་འབྱོར་བསྒོམ་པ་དེ་མ་ཐག་ཏུ་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་གྱིས་འོད་གསལ་བ་ལ་འཇུག་ནས་དེའི་འབྲས་བུར་གྱུར་པ་ཟུང་དུ་འཇུག་པའི་རིམ་པ་ཐོབ་པར་འགྱུར་རོ། །དགོངས་

Vol. 32 · folio 250b

པས་བཤད་པ་ཞེས་པ་ནི་འགལ་བའི་ཚིག་གི་སྦྱོར་བས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རྡོ་རྗེ་བཟླས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་རྫོགས་པའི་རིམ་པ་བསྟན་པས་སོ། །ད་ནི་ཞེས་བྱ་བ་ལ་སོགས་པས་འདོད་པའི་ཡོན་ཏན་ལྔ་ལ་བརྟེན་པས་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །

གང་གི་ཕྱིར་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སོགས་པ་དང་ལུས་ངལ་བས་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་རོ། །དཀའ་ཐུབ་བསྡམས་པས་མ་རུངས་པའི། །སྡུག་བསྔལ་གྱིས་ནི་ལུས་སྐམས་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་ཐོབ་མི་

འགྱུར། །ཞེས་དཔལ་མཆོག་དང་པོ་ལས་འབྱུང་ངོ་། །གང་ཕྱིར་ལུས་ནི་གདུང་བ་ཡིས། །འབའ་ཞིག་གིས་ནི་ཆོས་མེད་དོ། །དེས་གཞན་འཚེ་བ་བྲལ་མིན་དང་། །གཞན་དག་རྗེས་སུ་གཟུང་བ་མིན། །སྦྱིན་པ་ཚུལ་ཁྲིམས་བཟོད་པས་གསལ། །དམ་པའི་ཆོས་ནི་ལམ་ཆེན་པོ། །གང་ཞིག་

བོར་ནས་ལུས་ངལ་བའི། །ལམ་ངན་ནས་ནི་འགྲོ་འགྱུར་ན། །འཁོར་བའི་དགོན་པ་མ་རུངས་པ། །སྐྱེ་བོ་མཐའ་ལས་ཤིང་དྲུང་ཅན། །ཉོན་མོངས་སྦྲུལ་གྱིས་ལུས་བཅིངས་པ། །དེ་ནི་ཡུན་རིང་འཁོར་བར་འགྱུར། །ཞེས་འབྱུང་ངོ་། །འདོད་པའི་ཡོན་ཏན་ལྔ་ཞེས་པ་ནི། གཟུགས་ལ་

སོགས་པ་ཡུལ་ལྔ་ཉེ་བར་སྤྱོད་པའི་མཚན་ཉིད་དོ། །རྫོགས་པའི་རིམ་པ་ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་རིམ་པས་ཐོབ་པར་བྱ་བ་རྡོ་རྗེ་འཆང་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཕྲ་མོའི་རྣལ་འབྱོར་བཤད་པའི་འོག་ཏུ་ཞེས་པ་ནི་རིམ་པ་གཉིས་ཀྱིས་བསྒོམ་པར་བྱ་བའི་ཕྲ་མོའི་རྣལ་

འབྱོར་རྣམ་པ་གསུམ་གྱི་འོག་ཏུ་ཞེས་བྱ་བའི་ཐ་ཚིག་གོ། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱིས་དེ་ཉིད་འདོད་པར་བྱ་བས་སོ། །ཀུན་ནི་ཞེས་བྱ་བ་རྣམ་པ་གསུམ་མོ། །སྤྲོས་པ་དང་བཅས་པ་ཞེས་པ་ནི་ཆགས་པའི་རོལ་པ་ལ་སོགས་པའི་རྒྱ་ཆེ་བས་ཉེ་བར་

མཚོན་པའོ། །སྤྲོས་པ་མེད་པ་ཞེས་པ་ནི་ཇི་ལྟར་རྙེད་པའི་སྤྱོད་པས་ཉེ་བར་མཚོན་པའོ། །ཤིན་དུ་སྤྲོས་པ་མེད་པ་ཞེས་པ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པའི་འབྲས་བུ་ཅན་མངོན་པར་བྱང་ཆུབ་པའི་སྦྱོར་བས་སོ། །དེ་རྣམས་ཀྱི་མཆོག་ནི་ལོངས་སྤྱོད་པ་དང་གྲོལ་བའི་སྤྱོད་པའོ་

Vol. 32 · folio 251a

ཞེས་པ་ནི་དེ་ལ་ལོངས་སྤྱོད་རྫོགས་པའི་སྐུས་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བདུད་རྩི་སྦྱིན་པར་བྱེད་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བྱེད་པ་དང་།རང་གི་བདག་ཉིད་ཀྱང་དེ་བཞིན་དུ་ཚིམ་པར་བྱེད་པ་སྟེ་ལོངས་སྤྱོད་པའི་སྤྱོད་པའོ། །གྲོལ་བའི་སྤྱོད་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དེ་

རྟོག་པ་ཐམས་ཅད་ཡོངས་སུ་སྤོང་བའི་རང་བཞིན་ནོ། །དེ་རྣམས་ཀྱི་དག་པ་ནི་རྣམ་པར་དག་པའི་གནས་ཐོབ་པར་བྱེད་པའོ། །རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པས་སོ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །གསང་བའི་དམ་པ་ཞེས་པ་ནི་ཉན་ཐོས་པ་ལ་

སོགས་པ་ལ་བསྟན་པར་མི་བྱའོ། །འོག་ནས་བཤད་པ་སྟེ་ཞེས་པ་ནི་འཆད་པར་འགྱུར་བའོ། །གཟུགས་ལ་སོགས་པ་ཞེས་པ་ནི་དུས་ཀྱི་ཚད་བསྟན་པར་བྱ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ལྡན་པ་ཞེས་པ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པའི་མཚན་

ཉིད་ཅན་གྱི་ཡུལ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ལྟར་མི་ཕྱེད་པའི་རང་བཞིན་གྱི་བདག་ཉིད་ཅན་དུ་ཤེས་ནས་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས། ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གསུམ་གྱི་བདག་ཉིད་ཅན་ཡེ་ཤེས་ཀྱི་སྐུ་ཤེས་ནས་ཞེས་པའི་དོན་ཏོ། །ཟས་སུ་

དྲི་ཆུ་ཞེས་བྱ་བ་ལ་སོགས་པས་སྦྱང་བ་དང་བསད་པ་དང་སྦར་བར་བྱ་བ་ལ། སྔོན་དུ་འགྲོ་བར་བདུད་རྩི་ལྔ་རང་གིས་སྤྱད་ནས་གཏོར་མའི་དོན་དུ་ལྷ་རྣམས་ལ་ཡང་དབུལ་བར་བྱའོ་ཞེས་སྟོན་ཏོ། །སངས་རྒྱས་བྱང་ཆུབ་སྐྱོན་མེད་པ། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བརྡར་

བྱས་པ་ཟུང་དུ་འཇུག་པའི་གོ་འཕང་ཞེས་བྱ་བའི་ཐ་ཚིག་གོ། །ཟས་སུ་ཞེས་བྱ་བ་ལ་སོགས་པས། ལྕགས་ཀྱུ་རྣམས་ཀྱང་དབུལ་བར་བྱ། །ཞེས་བསྟན་ཏོ། །ཁྲོ་བོའི་ལྷ་རྣམས་ལ་དབུལ་བར་བྱ་བའི་ཕྱིར་ཏེ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོའི་འཁོར་ལ་དབུལ་བར་བྱ་

ཞེས་པའི་དོན་ཏོ། །དེའི་ཚེ་ཤ་ཆེན་པོ་བརྟག་པར་བྱའོ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པ་དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་རིམ་པས་བླང་བ་ཞེས་བྱ་བའི་དོན་ཏོ། །གསང་བ་ནི་སྦ་བར་བྱ་སྟེ་ཞེས་པ་ནི་དྲག་པོའི་ལས་ཏེ་དེའི་ཡུལ་ཅན་ནི་དེའི་རྒྱུར་གྱུར་པའོ། །སྐུ་གསུང་ཐུགས་ཞེས་པ་ནི་རྣལ་འབྱོར་

Vol. 32 · folio 251b

པའི་འོ། །རྗེས་སུ་མཐུན་པ་འབྱུང་བར་གྱུར་པའོ། །ཞེས་པ་ནི་གསོད་པ་ལ་སོགས་པ་དྲག་པོའི་ལས་དང་མཐུན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་གཤིན་རྗེ་མཐར་བྱེད་ཀྱི་རྒྱུད་ལ་སོགས་པ་ལས་རྟོགས་པར་བྱའོ། །དེ་དག་ལ་སོགས་པ་འབའ་ཞིག་ཏུ་བསྟན་པར་མ་ཟད་ཀྱི་ཞེས་བྱ་བ་ལ་

སོགས་པས་དྲག་པོའི་ལས་ཀྱིས་ཀྱང་དངོས་གྲུབ་ཐོབ་པར་མ་ཟད་ཀྱི། འོན་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་རྣམས་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། རི་ལུ་ལ་སོགས་པའི་དངོས་གྲུབ་རྣམས་ཞེས་པ་ནི། རི་ལུ་དང་

མིག་སྨན་དང་རྐང་མགྱོགས་དང་རལ་གྲི་དང་པྲ་དབབ་པ་དང་། སྨན་མཆོག་དང་བཅུད་ཀྱིས་ལེན་དང་བདུད་རྩི་དང་། ཁམས་སྦྱོར་བ་དང་དབང་དུ་བྱ་བ་དང་ནམ་མཁའ་ལྡིང་དང་ས་འོག་གྲུབ་པ་དང་། རོ་ལངས་དང་སྔགས་སྨྲ་བ་དང་། ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་། རྣམ་པར་

སྡང་བ་དང་གསོད་པ་དང་དགར་བ་དང་རེངས་པ་ལ་སོགས་པའོ། །དེ་དང་འདྲ་བའི་དངོས་གྲུབ་རྣམས་ལ་རྣལ་འབྱོར་པ་དེ་ཞེས་པ་ནི་ཁྲོ་བོ་ལ་ལྷ་བཤོས་དབུལ་བར་བྱེད་པའི་འོ། །ལུས་དང་ངག་དང་ཡིད་ལེགས་པར་གནས་པར་འགྱུར་བ་ཞེས་པ་ནི་ལས་སུ་རུང་བ་ཉིད་འགྲུབ་པར་འགྱུར་རོ། །

དེ་ལྟར་རྡོ་རྗེ་རིགས་ཀྱི་ཞེས་པ་ནི་མི་བསྐྱོད་པའི་རིགས་ཅན་གྱི་ཁྲོ་བོའི་ལྷ་རྣམས་ལ་སྟེ། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་ན་ཤ་ཆེན་འབུལ་ལོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཁྲོ་

བོ་རྣམས་ལ་གླང་པོའི་ཤ་དང་། རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་ཁྲོ་བོ་རྣམས་ལ་རྟའི་ཤ་དང་། འོད་དཔག་ཏུ་མེད་པའི་རིགས་ཀྱི་ཁྲོ་བོ་རྣམས་ལ་ཁྱིའི་ཤ་དང་། དོན་ཡོད་གྲུབ་པའི་རིགས་ཅན་གྱི་ཁྲོ་བོ་རྣམས་ལ་བ་ལང་གི་ཤ་དབུལ་བར་བྱའོ། །དམ་པ་ཞེས་པ་ནི་བ་ལང་

གི་ཤ་སྟེ། འཇིག་རྟེན་པ་རྣམས་ཀྱི་བ་ལང་ནི་མཆོག་ཡིན་ནོ་ཞེས་སེམས་སོ། །དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་ཁྲོ་བོའི་ཚོགས་ཀྱིས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་བཞི་པོའི་འབྲེལ་པ་དང་ལྡན་པའི་ཁྲོ་བོའི་ཚོགས་ཀྱིས།

Vol. 32 · folio 252a

ཞེས་བྱ་བའི་དོན་ཏོ། །དེ་རྣམས་མེད་ན་ཇི་ལྟར་བྱ། །ཞེས་པ་ནི། ཇི་ལྟར་བཤད་པའི་ཆོ་གས་གཟུང་བའི་ཁ་ན་མ་ཐོ་བ་མེད་པའི་ཤ་མ་རྙེད་ན་ཞེས་བྱ་བའི་དོན་ཏོ། །ཟས་གཞན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཞེས་པ་ནི་འཇིག་རྟེན་པ་དང་མི་འགལ་བ་གཟུགས་

བརྙན་ལ་སོགས་པའི་ཤ་སྟེ་བག་ཟན་གྱིས་གཟུགས་བརྙན་བྱས་ནས་དེ་དང་འདྲ་བའི་ཕྱུགས་རྣམས་ཀྱི་བརྟགས་པའི་ཤ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་ཆན་ནོ་ཞེས་བྱ་བ་ལ་སོགས་པས་འབྲས་ཆན་བཟའ་བ་བཀག་པར་བྱ་སྟེ། འཇིག་རྟེན་ཐམས་ཅད་དང་མཐུན་པའི་བཟའ་

བས་དེ་ནི་དངོས་གྲུབ་ཀྱི་ཡན་ལག་མ་ཡིན་ཏེ་ཁྱད་པར་དུ་ནི་ཁྲོ་བོའི་རྒྱལ་པོ་ཚིམ་པ་ཞེས་སྨོས་ཅི་དགོས། འབྲས་བུ་བསྟན་པར་བྱ་བའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་ཕྲ་མོའི་རྣལ་འབྱོར་ལ་སོགས་པ་བསྒོམ་པ་ཁྲོ་བོ་རྣམས་ལ་ཟས་དབུལ་བའི་བར་གྱིས་མཐོང་བའི་ཆོས་

སུ་སྐྱེ་བ་དང་གནས་པ་དང་འཇིག་པ་དང་བྲལ་བ་རྡོ་རྗེའི་སྐུ་ཐོབ་པའི་མཚན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །རིགས་དེ་དང་འབྲེལ་པའི་ཞེས་བྱ་བ་ལ་སོགས་པས་སྲིད་པའི་རྩེ་མོའི་སྟེང་ན་གནས་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པ་འཁོར་ལོས་སྒྱུར་བ་ལྔ་དང་།

རང་གི་ཕྱག་རྒྱ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་དང་བཅས་པ་དེ་དང་དེའི་རིགས་ཀྱི་འབྲེལ་པ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱང་སྔགས་ཀྱིས་སྦྱངས་པའི་ལྕགས་ཀྱུ་ཕུལ་བས་སྒྲུབ་པ་པོ་ལ་མགུ་ཞིང་མངོན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་

བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རང་གི་རིགས་ཀྱི་མཆོད་པ་བྱས་ནས་ཞེས་པ་ནི་རིགས་དང་རིགས་ཅན་དབྱེར་མེད་པའི་ཕྱིར་རོ། །འདི་སྐད་བཤད་པ་ཡིན་ཏེ་སྔགས་ཀྱིས་བརླབས་པའི་ཁ་ན་མ་ཐོ་བ་མེད་པའི་ལྕགས་ཀྱུ་ལྔ་ཕུལ་བས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་

པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་ཚོགས་ཀྱིས་རྣལ་འབྱོར་པ་ལ་ཀུན་ཏུ་བསྲུང་ཞིང་རྗེས་སུ་གཟུང་བར་འགྱུར་རོ། །ཡང་འདི་ཉིད་ཀྱི་ཕན་ཡོན་ཞེས་བྱ་བས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ལས་འདས་པ་

Vol. 32 · folio 252b

བསྟན་པར་བྱ་བའི་ཕྱིར། །གཏོར་མའི་སྦྱོར་བ་འདི་ཡིས་ནི། །ཞེས་པ་སྨོས་ཏེ། ལྕགས་ཀྱུ་དབུལ་བའི་སྦྱོར་བས་སོ། །བྱང་ཆུབ་པ་ཉིད་ཐོབ་པར་འགྱུར་བ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །རྣམ་པར་དག་པ་རྗེས་སུ་དྲན་པས་ལྷ་བཤོས་དབུལ་བས་ཡེ་

ཤེས་ཀྱི་ཚོགས་ཐོབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །བསོད་ནམས་ཀྱི་ཚོགས་དེ་ཡང་དེ་ལས་དམན་པ་ཡིན་ཏེ་སོ་སོའི་སྐྱེ་བོ་བཞིན་ནོ། །ཡེ་ཤེས་དང་ལྡན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཞེས་བྱ་བ་ལ་སོགས་པས་ཡེ་ཤེས་ཀྱི་ཚོགས་

ཐོབ་པ་འབའ་ཞིག་ཏུ་དགག་པར་བྱེད་དོ། །འདོད་པའི་ཁམས་ནི་བུད་མེད་ཐམས་ཅད་ཅེས་པ་ནི་འདོད་པའི་ལོངས་སྤྱོད་ཀྱི་བདེ་བའི་གཞི་ཡིན་པའི་ཕྱིར་རོ། །བུད་མེད་ཐམས་ཅད་ནི་ལྷ་མོ་དང་ཀླུ་མོ་ལ་སོགས་པའོ། །ཇི་སྐད་དུ། ལྷ་མོ་ཀླུ་མོ་གནོད་སྦྱིན་མོ། །ལྷ་མ་ཡིན་མོ་མི་མོ་

ཡང་། །རྙེད་ནས་རིག་པའི་བརྟུལ་ཞུགས་བྱ། །དེ་ལྟར་སྒྲུབ་སྟེ་ཐེ་ཚོམ་མེད། །ཅེས་འབྱུང་ངོ་། །དེ་རྣམས་ཀྱི་ཡུལ་ལ་དགའ་བའི་དབང་དུ་འགྱུར་རོ་ཞེས་པ་ནི་ཐམས་ཅད་རྣམས་ཀྱང་དབང་དུ་བྱས་པས་རོལ་པའི་བདག་པོར་འགྱུར་ཏེ། དེ་ཁོ་ན་ཉིད་ཤེས་པ་ལ་ཕྱིའི་དངོས་གྲུབ་ནི་ཞར་

ལས་འབྱུང་བའི་ཕྱིར་རོ། །དེ་ཡང་། རི་རབ་སུམ་ཅུ་རྩ་དྲུག་གི། །ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཅུ་གསུམ་པ་ལས་འཆད་པར་འགྱུར་རོ། །ལས་ཀྱི་ས་ཞེས་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་ལས་ཀྱིས་ཉེ་བར་མཚོན་པ་འགྲོ་བ་ལྔའོ། །ཕྱིར་

མི་ལྡོག་པའོ་ཞེས་པ་ནི་ས་བརྒྱད་པ་ལ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་གྱིས་ཐོབ་པར་བྱའོ། །དེའི་ལས་ནི་གཞན་གྱི་དོན་གྱི་མཚན་ཉིད་དོ། །སེམས་ཅན་སྨིན་ཅིང་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ་ཞེས་པ་ནི་མ་བསྒྲལ་བ་སྒྲོལ་བར་བྱེད་པ་དང་། མ་གྲོལ་བ་གྲོལ་བར་བྱེད་པ་དང་། དབུགས་

མ་ཕྱུང་བ་དབུགས་དབྱུང་བ་སྦྱིན་པ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་འདའ་བར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་བརྟགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་ནི་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་རྒྱུད་ཀྱི་རྣལ་འབྱོར་པ་རྣམས་དང་། རྣལ་འབྱོར་ཆེན་

Vol. 32 · folio 253a

པོའི་རྒྱུད་ཀྱིས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་ཟུང་དུ་འཇུག་པའི་རིམ་གྱིས་ས་བཅུ་གཉིས་པ་ཐོབ་པའི་ཕྱིར་རོ། །སྡུག་བསྔལ་བ་ཞེས་པ་ནི་སྡུག་བསྔལ་གསུམ་མོ། །ཡིད་མི་བདེ་བ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་

མཚན་ཉིད་དོ། །ཟིལ་གྱིས་མི་གནོན་པའི་གཟི་བརྗིད་ནི་དེ་རྣམ་པར་སྦྱོང་བར་བྱེད་པ་འོད་གསལ་བའི་མཚན་ཉིད་ཅན་གྱི་སྣང་བའོ། །དེ་ཡོད་པས་ན་གཟི་བརྗིད་ཅན་ནོ་ཞེས་པ་ནི་འོད་གསལ་བ་མངོན་དུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་ཞེས་པ་ནི་རྙེད་པ་དང་

མི་རྙེད་པ་ལ་སོགས་པས་སོ། །ཟུང་དུ་འཇུག་པ་ཐོབ་པས་འཇིག་རྟེན་གྱི་ཆོས་མངོན་དུ་མི་འགྱུར་ཏེ། གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་དྲག་པོ་རྡོ་རྗེ་ཅན། །ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་

བཞིན་དུ་མི་ཤིགས་པ་ཚེ་དང་ན་སོས་ལྡན་པ་སྟེ་བསམ་གཏན་གྱི་ཟས་ཀྱིས་མི་འཇིགས་པའི་ཕྱིར་རོ། །རྟག་ཏུ་རབ་ཏུ་དགའ་བར་གྱུར་པས་ན་ཞེས་པ་ནི་བསམ་གཏན་གྱི་བདེ་བ་ལ་ལོངས་སྤྱོད་པས་མི་ཟད་པའི་དགའ་བ་ཐོབ་པའི་ཕྱིར་རོ། །རྣལ་འབྱོར་ཆེན་པོ་དང་ལྡན་པ་ཞེས་པ་ནི་བྱ་བ་ལ་

སོགས་པའི་ཚུལ་ལ་བརྟན་པ་ལ་ལྟོས་པས་སོ། །མཐོང་བ་ནི་ཁོང་དུ་ཆུད་པ་སྟེ་ཞེས་པ་ནི་སྐད་ཀྱི་བྱིངས་དོན་དུ་མ་ཡིན་པས་མཐོང་བ་ནི་ཤེས་པའི་དོན་ལ་འཇུག་གོ། །མིག་ནི་མཐོང་བ་སྟེ་མིག་གི་རྣམ་པར་ཤེས་པས་ཡོངས་སུ་ཤེས་པའོ། །རྣ་བས་མཐོང་བ་ཞེས་པ་ནི་རྣ་བའི་རྣམ་

པར་ཤེས་པས་ཡོངས་སུ་ཤེས་པའོ། །ཡིད་ཀྱིས་མཐོང་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་ཡོངས་སུ་ཤེས་པའོ། །དེ་ལ་མཐོང་བ་ཙམ་ཞེས་པ་ནི་མིག་ལ་སོགས་པས་མཐོང་བ་དང་ཐོས་པ་དང་རྟོགས་པར་བྱས་ནས་སོ། །སྣ་ཚོགས་པས་རྣམ་པར་ཕྱེ་བ་ཞེས་པ་ནི་སློབ་པ་དང་མི་སློབ་པ་

ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །དབང་དུ་བྱེད་པར་འགྱུར་བ་སྟེ་ཞེས་པ་ནི་མངོན་པར་ཤེས་པ་ཐོབ་པས་སོ། །སྤྱིའི་སྤྲོས་པས་འགྲུབ་པར་བྱ་བ་ལས་ཀྱི་རབ་འབྱམས་ཀྱི་སྒོ་ནས་དབང་དུ་འགྱུར་ཞེ་ན། སྨྲས་པ་མ་ཡིན་ཏེ། ཕྱིའི་སྔགས་དང་ཕྱག་རྒྱ་ལ་སོགས་པ་ནི་ངག་གིས་བཟླས་པར་བྱ་

Vol. 32 · folio 253b

བའི་ཡི་གེའི་བདག་ཉིད་ཅན་ནི་སྔགས་སོ། །ལག་པའི་བྱ་བ་ལ་སོགས་པའི་མཚན་ཉིད་ཁྱད་པར་ནི་ཕྱག་རྒྱའོ། །དེ་རྣམས་ཀྱིས་བསྐུལ་བ་ནི་དྲངས་པས་དབང་བྱེད་པར་མི་འགྱུར་གྱི་འོན་ཀྱང་ལྷུན་གྱིས་གྲུབ་པས་སོ། །འདས་པ་དང་ནི་མ་འོངས་པ། །ད་ལྟར་བྱུང་བ་སྲིད་གསུམ་གྱི། །འོད་གསལ་

རྣམ་པར་དག་འཛིན་པས། །སྐད་ཅིག་དེ་ལ་མ་ལུས་མཐོང་། །ཡ་ཡི་དོན་གྱིས་ཅི་ཡང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་གྱིས་ནི། །འགྲོ་བའི་དོན་ལ་རབ་ཏུ་འཇུག །ཅེས་འབྱུང་ངོ་། །དོན་དམ་པར་ནི་དོན་གཅིག་མཐོང་བ་ན། །འགྲོ་བ་ཐམས་ཅད་

དོན་གཅིག་མཐོང་བར་འགྱུར། །འགྲམ་གྱི་ཕྱོགས་སུ་ཆུ་ནི་འཐུངས་པ་ཡིས། །རྒྱ་མཚོ་མ་ལུས་པ་ནི་མྱོང་བར་འགྱུར། །ཞེས་འབྱུང་ངོ་། །མཚན་མ་དང་བཅས་པའི་ཏིང་ངེ་འཛིན་ལ་གནས་པ་ལས་མཚན་མ་མེད་པའི་འབྲས་བུ་མི་འབྱུང་ངོ་ཞེས་པ་ལ་མཚན་མ་དང་བཅས་པའི་ཏིང་ངེ་

འཛིན་ནི་རྣམ་པར་རྟོག་པ་དང་བཅས་པའོ། །དེ་ལ་གནས་པ་ནི་དེ་ལ་དམིགས་པ་ལའོ། །མཚན་མ་མེད་པའི་འབྲས་བུ་ནི་མི་འགྱུར་བ་ཐར་པ་ཆེན་པོའི་བདེ་བའི་མཚན་ཉིད་ཅན་གྱིས་སངས་རྒྱས་ཉིད་ཐོབ་པར་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་མི་འདྲ་བའི་ཕྱིར་རོ། །རྒྱུ་མཐུན་པ་ལས་འབྲས་

བུ་འདྲ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་བཞིན་ནོ། །དེ་བཞིན་དུ་སྔགས་དང་ཕྱག་རྒྱ་ལ་གནས་པའི་རྣལ་འབྱོར་པ་ལས་མཚན་མ་མེད་པའི་འབྲས་བུ་འབྱུང་བར་མི་འགྱུར་གྱི། །འོན་ཀྱང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལའོ། །རྣམ་

པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ནི་གཉི་གའི་རྒྱུད་དེ། དེ་ལས་གསུངས་པ་ཞེས་བྱ་བ་འདིས་ལུང་ཚད་མ་ཉིད་དུ་བསྟན་ཏོ། །བདེ་བ་ཐམས་ཅད་བསྡུས་པ་ནི་བདེ་བ་ཐམས་ཅད་དེ་འོད་གསལ་བའོ། །ལྷུན་གྱིས་གྲུབ་པ་ཉིད་དོ་ཞེས་པ་ནི་འབད་རྩོལ་མེད་པས་རྫོགས་པར་འགྱུར་ཏེ་

ཟུང་དུ་འཇུག་པའི་རིམ་པ་ལ་དེ་ཁོ་ན་ཉིད་རང་གསལ་བའི་ཕྱིར་རོ། །ཟུང་འཇུག་ཏིང་འཛིན་ལ་གནས་པས། །སླར་ཞིང་གང་ལ་ཡང་མི་སློབ་པོ། །འདི་ནི་རྫོགས་པའི་རྣལ་འབྱོར་ཞེས། །དེ་ཡང་རྡོ་རྗེ་འཆང་ཆེན་པོ། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །དེ་ལས་ཐམས་ཅད་མཁྱེན་

Vol. 32 · folio 254a

པ་འབྱུང་། །ཞེས་བཤད་པའི་ཕྱིར་རོ། །ཉེ་བར་བསྡུ་བ་བསྟན་པར་བྱ་བའི་ཕྱིར། །རྟོག་པའི་རྣལ་འབྱོར་ཐམས་ཅད་དེ། །ཞེས་པ་ནི་ཐ་མལ་པའི་སྤྲོས་པ་ཐམས་ཅད་སྤོང་བའི་ཕྱིར་ལྷའི་སྐུ་སྒོམ་པར་བྱེད་པའོ། །དེ་རྣམས་ཀྱི་ཕུལ་དུ་བྱུང་བའི་ཞེས་པ་ནི་དབང་པོ་རྣོ་བ་ཡིན་པས་

དམ་པའོ། །རྟོགས་ཤིང་ཞེས་པ་ནི་རིམ་པ་ལྔ་ཡོངས་སུ་ཤེས་པའོ། །རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའོ་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་པོ་སྒོམ་པར་བྱེད་པའོ། །དེ་རྣམས་ཀྱི་གསང་བ་ནི་སྦ་བ་སྟེ་རྣལ་འབྱོར་པ་དེ་རྣམས་ཀྱིས་བྱ་བའི་རྒྱུད་ལ་སོགས་

པའི་ཚུལ་ལ་བརྟེན་པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་མི་བྱའོ། །དེ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི་དྲང་བ་དང་། ངེས་པའི་དོན་གྱི་དབྱེ་བས་རྣམ་པ་གཉིས་དང་ཕྲ་མོའི་རྣལ་འབྱོར་རྣམ་པ་གཉིས་ཀྱིས་བསྡུས་པའི་རྣལ་འབྱོར་པ་ལ་བསྟན་པའི་ཕྱིར་རོ། །བྱང་ཆུབ་དམ་པ་ཞེས་པ་ནི་ཉན་

ཐོས་པ་ལ་སོགས་པ་ལ་ལྟོས་ནས་རྡོ་རྗེའི་སྐུ་ཞེས་བྱ་བ་ཟུང་དུ་འཇུག་པའི་སྐད་ཅིག་མ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་། །དེས་ཐོབ་པར་འགྱུར་བ་ཞེས་པ་ནི། །སྔར་བཤད་པ་བསྒོམ་པའི་སྒོ་ནས་དེ་མངོན་དུ་བྱེད་པས་སོ། །ཉེ་བར་བརྟགས་པས་སོ་ཞེས་པ་ནི་རྒྱུ་ལ་འབྲས་བུ་ཉེ་བར་བརྟགས་

པ་སྟེ་མར་ནི་ཚེ་བཞིན་ནོ། །དེ་བཞིན་གཤེགས་པའི་གསང་བའོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པས་བྱིན་གྱིས་བརླབས་པའི་གསང་བ་ཞེས་བྱ་བའི་དོན་ཏོ། །ཐ་མལ་པའི་ལུས་དང་ངག་དང་སེམས་ལས་ཞེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་བདེན་པ་མ་མཐོང་བའི་ལུས་ལ་

སོགས་པ་ལས་སོ། །འདའ་བ་ནི་སྦྱང་བ་སྟེ་ཏིང་ངེ་འཛིན་གང་གིས་དག་པར་བྱ་བ་ཁོ་ན་ཉིད་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་ཡང་དེ་ཉིད་དེ་ཉེ་བར་བཏགས་པས་སོ། །འདི་སྐད་སྟོན་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་

བསྟན་ཏེ། ཐ་མལ་པའི་ལུས་ཞེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་དོ། །བརྟག་པར་བྱ་བ་སྤངས་པའོ། །གང་གིས་ནི་སྒོམ་པའི་རིམ་པས་སོ། །རྡོ་རྗེའི་རང་བཞིན་གྱི་ལུས་ཐོབ་པར་འགྱུར་བའི་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་

Vol. 32 · folio 254b

འགྲུབ་པར་འགྱུར་བའོ། །དེ་ཁོ་ན་ཉིད་དེ་ལྟ་བུ་ཡིན་ནོ་ཞེས་པ་ལ་ལེའུ་དྲུག་པ་འདི་ཉིད་ལས་གསུངས་པ་ལྟ་བུའོ། །དེ་སྐད་དུ་ཞེས་པ་ནི་གསང་བ་གྲུབ་པ་ལས་ཞེས་ཚིག་ལྷག་མའོ། །རྣམ་རྟོག་མེད་པའི་སྔགས་པས་ནི། །ཞེས་པ་ལ་སྒོམ་པ་ལ་མངོན་པར་ཞེན་པའི་རྣམ་པར་

རྟོག་པ་དང་བྲལ་བས་སོ། །འདི་ལྟ་བུའི་ཏིང་ངེ་འཛིན་ལྡན་པ་དག་ཅེས་པ་ནི་སྔར་བཤད་པའི་རྣམ་པ་གཉིས་ཀྱི་ཏིང་ངེ་འཛིན་གང་ཡིན་པ་དེ་དང་ལྡན་པས་སོ། །ངེས་པའི་དུས་ནི་ཞེས་པ་ཟླ་བ་ལ་སོགས་པའི་མཚན་ཉིད་ཀྱི་འོད་ཙམ་གྱི་དུས་ཀྱི་ཚད་ཡོངས་སུ་སྤངས་ནས་སོ། །བླ་མེད་གོ་འཕང་ཐོབ་

པར་འགྱུར། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་རྡོ་རྗེ་འཆང་ཆེན་པོའི་གནས་ཐོབ་པར་འགྱུར་རོ་ཞེས་ཚིགས་སུ་བཅད་པའི་དོན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་ལྕགས་ཀྱུ་ལྔའི་ལྷ་བཤོས་འབུལ་བས་བླ་ན་མེད་པའི་གོ་འཕང་ཐོབ་པར་བསྟན་པའི་ཕྱིར་རོ། །རྡོ་རྗེའི་ཚིག་ཅེས་བྱ་བ་ལ་

སོགས་པས་རྡོ་རྗེ་ཕྲེང་སའི་རྒྱུད་ལས་ཚད་མ་ཉིད་དུ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ནི་སྔར་བཤད་ཟིན་ཏོ། །སྐད་ཅིག་ནི་སེ་གོལ་བརྡབ་པའི་དུས་སོ། །ཐང་ཅིག་ནི་ཡུངས་ཀར་བསྐོར་བའི་དུས་སོ། །ཡུད་ཙམ་ནི་དབུགས་དབྱུང་བའོ། །

ཞག་བཅོ་ལྔ་ནི་ཟླ་བ་ཕྱེད་དོ། །ཞག་སུམ་ཅུ་ནི་ཟླ་བའོ། །དེ་བཅུ་གཉིས་ཀྱིས་ལོའི་དུས་སོ། །དེ་རྣམ་པ་དྲུག་གིས་དུས་ཀྱི་དབྱེ་བའོ། །དེ་རྣམས་ཀྱིས་འཇིག་རྟེན་པ་འདི་འགྲོ་བ་དང་ལྡོག་པས་སྲིད་པར་འཁོར་བར་འགྱུར་བ་དང་། སྐྱེ་བ་དང་གནས་པ་དང་འཇིག་པས་ངལ་བར་འགྱུར་རོ། །དེ་

བས་ན་རྣམ་པ་དྲུག་ལ་གནས་པའི་དུས་དེ་དང་བསྐལ་པ་གྲངས་མེད་པ་གསུམ་པོ་ནི་ཐིག་ལེ་དྲུག་ཅུའི་རྩིས་སུམ་འགྱུར་ལ་བརྟེན་ཏེ་དུས་ཀྱི་སྤྲོས་པ་གང་ཡིན་པའོ། །དེ་ནི། སྐད་ཅིག་གཅིག་ནི་ཡིན་པར་བཤད། །ཅེས་པ་ནི་སྐད་ཅིག་མ་གཅིག་གིས་མོས་པའི་འོད་གསལ་བས་མྱོང་བར་བྱ་

བའི་སྐད་ཅིག་མ་ཞེས་བྱའོ། །ཟླ་བ་དྲུག་བཤད་དེ་ཉིད་ཡིན། །ཞེས་པ་ནི་སྐད་ཅིག་མ་གཅིག་གིས་སྔར་བཤད་པའི་མཚན་ཉིད་ཅན་གྱི་དུས་དྲུག་གི་དབྱེ་བ་ཞེས་བྱ་བ་དེའི་དངོས་མེད་གང་ཡིན་པ་དེ་ནི་རྫོགས་པར་ལོངས་སྤྱད་པ་སྟེ། འོད་གསལ་བའི་སྒོམ་པའི་སྐད་ཅིག་མ་ཞེས་བྱའོ། །དེ་

Vol. 32 · folio 255a

ཉིད་ཀྱི་སྐད་ཅིག་མ་གཅིག་ཏུ་ཞེས་པ་ནི་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཀྱིས་སྐད་ཅིག་མའོ། །དུས་གསུམ་ལས་འདས་ཡིན་པར་དགོངས། །ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་རང་བཞིན་གྱི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པའི་

སྐད་ཅིག་མ་དང་བྲལ་བའི་ངོ་བོས་བསམ་པར་བྱ་ཞེས་པའི་ཐ་ཚིག་གོ། །གཟུགས་དང་སྒྲ་དང་རོར་ལྡན་པ། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་གནས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་སྤྱོད་པར་གྱུར་པས་སོ། །རྣལ་འབྱོར་པས་ནི་ཟླ་དྲུག་བསྒོམ། །ཞེས་པ་ནི་དུས་ཀྱི་དབྱེ་བ་གང་

ཡིན་པ་དེ་འོད་གསལ་བ་ཉིད་དུ་བསྒོམ་པར་བྱའོ། །མཆོད་ཆེན་དེ་ནི་ཞེས་པ་ལ་འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཀྱི་མཆོད་པ་ཆེན་པོ་དེ་ལྟར་བྱས་ནས་སོ། །གསང་བའི་དེ་ཉིད་ཅེས་པ་ནི་འོད་གསལ་བའི་དེ་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ཡུལ་དང་དབང་པོ་ཞེས་བྱ་བ་

ལ་སོགས་པ་སྔར་བཤད་པའི་རིམ་པས་ཡུལ་དང་དབང་པོ་ཉེ་བར་བསྡུ་བའི་མཚན་ཉིད་ཅན་རིམ་པ་གཉིས་པས་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ཉིད་བཤང་གཅི་ཟས་སུ་བྱེད་པའོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་དེ་འདྲ་བའི་དངོས་གྲུབ་སྟེ། དེ་མངོན་དུ་བྱེད་པའི་མཚན་ཉིད་དོ། །

བཟའ་བ་རྣམ་རྟོག་མེད་པའོ། །ཞེས་པ་ནི་ཕྱིའི་བཟའ་བ་སྤངས་ནས་བསམ་གཏན་གྱི་བཟའ་བའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བླ་ན་མེད་པའི་འོད་གསལ་བའི་མཚན་ཉིད་དོ། །བྱང་ཆུབ་

སེམས་གཅིག་ལས་འབྱུང་བའོ་ཞེས་པ་ནི། ཕྱག་རྒྱའི་རིམ་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ལས་འབྱུང་བའོ། །རྟོག་པ་མེད་པ་ནི་སྤྲོས་པ་མེད་པའོ། །འདུས་མ་བྱས་པ་ནི་རྣམ་པར་ཤེས་པ་གསུམ་དང་བྲལ་བའོ། །དྲི་མེད་དོན་ནི་ཞེས་པ་ལ་རང་བཞིན་

བརྒྱ་དྲུག་ཅུ་དང་བྲལ་བའོ། །འགྲུབ་པར་འགྱུར་བ་ནི་རྣལ་འབྱོར་པས་མངོན་དུ་འགྱུར་རོ། །སེམས་རྣམ་པར་དག་པའི་རིམ་པའི་ཐབས་ཕྱག་རྒྱའི་རིམ་པའི་མཚན་ཉིད་བཤད་པར་བྱ་སྟེ། མ་ཞེས་པ་ནི་མིང་གི་ཡི་གེ་དང་པོས་ཉེ་བར་མཚོན་པ་དང་། དམ་ཚིག་གི་ཕྱག་རྒྱའི་རང་

Vol. 32 · folio 255b

བཞིན་མཱ་མ་ཀཱིའོ། །དེ་བཞིན་དུ་མིང་གི་ཡི་གེ་དང་པོས་ཉེ་བར་མཚོན་པ་ནི་ཕྱག་རྒྱ་དེའི་བཀའ་དྲིན་རྟོགས་ནས་མངོན་པར་བྱང་ཆུབ་པའི་སེམས་རྣམ་པར་དག་པའི་མཚན་ཉིད་ཉམས་སུ་མྱོང་བར་འགྱུར་རོ། །དེ་ལྟར་གྱུར་པའི་བསམ་གཏན་ལས་དགའ་བ་དང་བཅས་པའི་བདེ་བ་ཆེན་པོ་གང་ཡིན་པ་དེ་ནི་དགའ་བཅས་

ཟས་ཏེ་ཤ་ཞེས་བྱའོ། །དེ་ནི་བསམ་གཏན་གྱི་བཟའ་བཅའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དེ་ཤའི་སྒྲའི་དོན་ཏོ། །རབ་ཏུ་བྱེད་པ་ལས་ཀྱང་། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཆགས་པ་མ་ཡིན་

ཆགས་བྲལ་མིན། །བར་མ་ཡང་ནི་མི་དམིགས་སོ། །སྟོང་པ་མ་ཡིན་མི་སྟོང་མིན། །བར་མ་ཡང་ནི་མི་དམིགས་སོ། །ཞེས་འབྱུང་ངོ་། །དེ་ཁོ་ན་ཉིད་དེ་ནམ་མཁའི་ཁམས་དང་འདྲ་བ་མཐའ་ཡས་པ་ཡིན་པ་དེའི་རྣལ་འབྱོར་དང་ལྡན་པས་ཆེན་པོའི་སྒྲས་ཁྱད་པར་དུ་བྱས་ནས་ཤ་ཆེན་དེ་ནི་ཡིན་པར་བཤད་པ་སྟེ་ཚད་མེད་

པ་ཡིན་པས་སོ། །དམ་པ་ཚད་མེད་མཁས་པ་དང་། །བརྩོན་འགྲུས་སྤྲོ་བའི་བདག་ཉིད་དང་། །རྨད་དུ་བྱུང་བའི་བྱེད་པ་ནི། །ཆེན་པོ་ཞེས་བྱར་རྟག་ཏུ་བཤད། །ཅེས་འབྱུང་ངོ་། །ཕན་ཡོན་བསྟན་པར་བྱ་བའི་ཕྱིར། །གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསང་བ་ནི་བསྐྱེད་པའི་རིམ་

པའི་རྣལ་འབྱོར་པ་རྣམས་ལ་བསྟན་པར་མི་བྱའོ། །གོ་འཕང་ནི་བརྟན་པ་དང་གཡོ་བའི་བདག་ཉིད་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་གཞིའོ། །མཆོག་ནི་ཡེ་ཤེས་ལ་ལྟོས་ནས་བླ་ན་མེད་པའོ། །དེ་ཉིད་ཀྱི་ཁྱད་པར་ནི་རྡོ་རྗེ་གསུམ་བསྡུ་བར་བྱེད་པ་ནི། རྡོ་རྗེ་གསུམ་སྟེ། འོད་གསལ་

བའི་གོ་འཕང་ནི་རྒྱུར་གྱུར་པ་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་མོ། །དེ་མྱུར་དུ་འགྲུབ་པ་ནི་རྫོགས་པ་སྟེ་འོད་གསལ་བ་ལ་འཇུག་པས་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཕུང་པོ་ལྔ་རྣམ་པར་དག་པར་བྱེད་པ་གླང་པོ་

ལ་སོགས་པའི་ལྕགས་ཀྱུ་ལྔའི་བརྡས། བརྡར་བྱས་པ་གང་དང་སྦྱོར་བས་རྣལ་འབྱོར་པ་ནི་བསམ་གཏན་གྱི་ཟས་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏེ། ཁམ་ཞེས་པ་ནི་ཕྱིའི་བཟའ་བའི་ངོ་བོའི་མིང་ངོ་། །དེ་ཉིད་འཇིག་རྟེན་པའི་བཟའ་བ་ཡིན་ནོ། །འཇིག་རྟེན་ལས་འདས་པ་ནི་

Vol. 32 · folio 256a

དགོངས་པས་བཤད་པ་བསམ་གཏན་གྱི་བཟའ་བ་ཞེས་བྱའོ། །དེ་ཁོ་ན་ཉིད་ཐོབ་པའི་ཕན་ཡོན་བསྟན་པའི་ཕྱིར་གང་ཡང་ཞེས་སྨོས་ཏེ། འཇིག་རྟེན་འདས་མཆོག་ཅེས་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཐོབ་པའོ། །རྣམ་པར་མི་རྟོག་པ་ལ་མཁས། །ཞེས་པ་ནི་འོད་གསལ་བའི་དེ་

ཁོ་ན་ཉིད་ལ་གཅིག་ཏུ་གཞོལ་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ནི་ཆོས་ཉིད་དེ་དེ་ཉིད་དུ་རོ་གཅིག་པ་ནི་དེའི་བདག་ཉིད་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་དོ། །ཅིག་ཤོས་ནི་དོན་དམ་པའི་བདེན་པ་སྟེ་སྤངས་པ་ནི་དེ་ལ་དབྱེར་མེད་པ་མངོན་དུ་བྱེད་པ་

ཟུང་དུ་འཇུག་པའི་ཏིང་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །རྣལ་འབྱོར་བརྟུལ་ཞུགས་བཟང་པོ་འདིས། །ཞེས་པ་ནི་སྔར་བཤད་པའི་སེམས་རྣམ་པར་དག་པའི་རིམ་པ་དང་རྫོགས་པའི་རིམ་པའི་མཚན་ཉིད་ཀྱི་བསྒོམ་པའི་བརྟུལ་ཞུགས་བཟང་པོས་སོ། །བྱང་ཆུབ་སེམས་དཔའ་བློ་ཅན་དང་། །ཞེས་

པ་ནི་ཕྱག་རྒྱ་དང་ལྡན་པའི་སའི་སྙིང་པོ་ལ་སོགས་པ་རྣམས་ཀྱིའོ། །སངས་རྒྱས་ཀྱི་དབང་བསྐུར་བ་ཐོབ་པས་སངས་རྒྱས་རྣམས་ནི་མཉེས་པར་འགྱུར་བའོ། །དངོས་གྲུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་རིམ་པ་ལྔས་ཐོབ་པར་བྱ་བའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཞེས་བྱ་བའི་དོན་ཏོ། །

མྱུར་དུ་ནི་བདེ་བ་དང་ཡུན་རིང་པོ་མ་ཡིན་པས་ཐོབ་པར་འགྱུར་རོ། །འདོད་ཁམས་དབང་ཕྱུག་ཅེས་པ་ནི་ཁམས་གསུམ་གྱི་བདག་པོའོ། །ལས་ཀྱི་གོ་འཕང་ཞེས་པ་ནི་ཐམས་ཅད་ཀྱི་གཞིར་གྱུར་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཟི་བརྗིད་དང་ལྡན་པ་ཞེས་པ་ནི་ཡེ་ཤེས་ཀྱི་དབང་ཐོབ་པས་

འབར་བ་དང་སྣང་བ་ལ་སོགས་པ་སྟོན་པར་བྱེད་པའོ། །སྟོབས་ཀྱིས་ཕྱུག་ཅེས་པ་ནི་གཞན་ལ་མེད་པ་སངས་རྒྱས་ཀྱི་སྤྱོད་ཡུལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་དང་བཅས་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་

ལྡན་པས་ན་མདངས་དང་ལྡན་པའོ། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་དང་ཐུགས་རྗེ་ཆེན་པོ་དང་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་བཅོ་བརྒྱད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་ལྡན་པས་ན་མཐོང་ན་དགའ་བའོ། །མཐོང་བ་ཙམ་གྱིས་ཞེས་པ་ནི་ཆོག་

Vol. 32 · folio 256b

མི་ཤེས་པའི་སྐུ་མཐོང་བས་སོ། །བསྐུལ་ནས་ཞེས་པ་ནི་ལམ་ལ་འཇུག་པར་མཛད་པའོ། །འཇིག་རྟེན་འདི་དག་དབང་དུ་འགྱུར། །ཞེས་པ་ནི་ཚངས་པ་ལ་སོགས་པ་ལྷའི་ཚོགས་འདུལ་བར་མཛད་པས་སོ། །ཉེ་བར་བསྡུ་བ་བསྟན་པར་བྱ་བའི་ཕྱིར་རོ། །འདི་ན་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱིའོ། །གསང་བ་བྱང་ཆུབ་དམ་པའོ། །ཞེས་པ་ནི་ཙནྡན་ལ་སོགས་པ་ལ་བསྟན་པར་མི་བྱ་བ་རྫོགས་པའི་རིམ་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །ཡང་དག་སྔགས་ཀྱིས་བསང་བ་འདིས། །

ཞེས་པ་ནི་སེམས་སྐྱོ་བ་བསང་བར་གྱུར་པའོ། །རྡོ་རྗེ་གསུམ་འདས་དམ་པའོ། །ཞེས་པ་ནི་ཡེ་ཤེས་གསུམ་ཡོངས་སུ་སྦྱོང་བར་བྱེད་པ་ཀུན་གྱི་མཆོག་ཅེས་བྱ་བའི་དོན་ཏོ། །དེ་བས་ན་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྫོགས་པར་མཛད་པས་ན་གཙོ་བོའོ། །དེ་བཞིན་གཤེགས་

པ་ཐམས་ཅད་བསྡུ་བར་མཛད་པའི་རྡོ་རྗེ་འཆང་ཆེན་པོ་ལས་འབྱུང་བས་ན་དེ་བཞིན་གཤེགས་པ་ཀུན་ནོ། །དམ་ཚིག་ནི་དམ་ཚིག་གི་སྤྱོད་པས་ཐོབ་པར་བྱ་བ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་སྔགས་ཀྱི་སྐུའོ། །དེ་ལས་ཀྱང་དམ་ཚིག་ནི་འཇུག་པ་ལ་སོགས་པའི་རིམ་པས་ཐོབ་

པ་སྔགས་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་མཚན་ཉིད་དེ་རྡོ་རྗེ་བཟླས་པའི་རིམ་པའོ། །དེ་ལས་ཀྱང་མཆོག་ནི་སེམས་ལ་དམིགས་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །ངེས་པའི་དོན་ཏོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པ་བརྗོད་པས་སོ། །དེ་ཁོ་ན་ཉིད་རྣམ་པར་མི་འཇིགས་པའི་

ངོ་བོ་ཉིད་ཅེས་པ་ནི་འོད་གསལ་བས་སོ། །ལུས་དང་ངག་དང་ཡིད་ནི་ཡེ་ཤེས་གསུམ་མོ། །བྱིན་གྱིས་རློབ་ཅིང་བསྐྱེད་པ་ཞེས་པ་ནི་གང་གིས་སྦྱང་བར་བྱ་བའོ། །དེ་བརྗོད་པའི་གཞུང་གི་ཚོགས་ཀྱི་ལེའུ་ནི་ཞེས་པ་ལ་དེའི་དོན་སྟོན་པར་བྱེད་པའི་ཚིག་གི་ཚོགས་ནི་ལེའུ་ཞེས་བྱའོ། །

སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེའུ་བདུན་པའི་བཤད་པ་བརྩམ་པར་བྱ་སྟེ། རྣལ་འབྱོར་པ་ཐ་མལ་པ་དང་མཆོག་རྣམས་ཀྱི་ཞེས་པ་ནི་རིམ་པ་གཉིས་སྒོམ་པར་བྱེད་པའི་

Vol. 32 · folio 257a

སྒྲུབ་པ་པོ་རྣམས་ཀྱིའོ། །སྤྱོད་པའི་ལེའུ་ལྔ་པ་ལས་བཤད་པ་རྣམ་པ་གསུམ་མོ། །ཡང་དག་པར་བསྟན་ནས་ཞེས་པ་ནི་རྣམ་པར་བཤད་ནས་སོ། །དེ་ཉིད་སླར་ཡང་སྤྲོས་ནས་བཤད་པའི་ཕྱིར་ཞེས་པ་ནི་རྒྱས་པར་སོ་སོར་བཤད་པར་བྱ་བའི་ཕྱིར་རོ། །དམ་

ཚིག་ཆེན་པོ་དེ་བཞིན་གཤེགས་པ་ལྔ་སྤྲོ་བ་དང་བསྡུ་བར་མཛད་པས་ན་དམ་ཚིག་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱའོ། །ཡན་ལག་དྲུག་གོ་ཞེས་པ་ནི་སོ་སོར་སྡུད་པ་ལ་སོགས་པའི་མཚན་ཉིད་དེ་དེའི་གོ་འཕང་ཐོབ་པར་འགྱུར་ཏེ་དེས་ཉེ་བར་བརྟགས་པས་སོ། །ཐུན་མོང་མ་

ཡིན་པའི་སྒྲུབ་པ་པོ་ཞེས་པ་ནི་རྡོ་རྗེ་བཞི་པའོ། །དེ་དག་གི་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པ་ནི་ཞེས་པ་ལ་ཡན་ལག་དྲུག་དང་། རྡོ་རྗེ་བཞི་པོས་སྔགས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་ཐོབ་པ་སྟེ་རྡོ་རྗེ་འཆང་བ་ཉིད་དོ། །དེའི་དོན་གྱི་ལེའུ་ནི་ཞེས་བྱ་བ་ལ་སོགས་པ་ནི་དེ་

རྗོད་པར་བྱེད་པའི་ཕྱིར་རོ། །ཐ་མལ་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་ཡིན་ཏེ། །ཐ་མལ་པ་ནི་རྡོ་རྗེ་བཞི། །མཆོག་ནི་ཡན་ལག་དྲུག་གིས་སོ། །ཞེས་འབྱུང་ངོ་། །འདོད་པ་ཐམས་ཅད་ཅེས་བྱ་བ་འདིས་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། ཉེ་བར་བརྩམ་

པར་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་གནས་པའམ་ལོགས་སུ་གནས་པའོ། །རྗེས་སུ་མྱོང་ཞིང་བསྟེན་པས་སོ། །ཞེས་པ་ནི་སོ་སོར་སྡུད་པའི་རིམ་པས་བཟུང་ནས་བསམ་གཏན་གྱི་ཡན་ལག་གིས་དེ་བཞིན་

གཤེགས་པའི་རང་བཞིན་དུ་རྟོགས་པའོ། །འདོད་པ་ནི་འདུན་པ་སྟེ་ཞེས་པ་ནི་དེ་བཞིན་གཤེགས་པའི་ཡུལ་རྣམས་གཟུང་བའི་འདོད་པའོ། །འདོད་པ་ནི་གཟུང་བའི་རྣམ་པ་སྟེ་ཞེས་པ་ལ་དམན་པ་ལ་སོགས་པའི་མཚན་ཉིད་དོ། །མིག་ལ་སོགས་པས་ཞེས་པ་ནི་དབང་པོ་དྲུག་

གིས་སོ། །གཟུགས་ལ་སོགས་པ་ཞེས་པ་ནི་ཡུལ་དྲུག་གོ། །ངན་པ་དང་འབྲིང་དང་མཆོག་རྣམས་གཅིག་པའི་སྣང་བ་ཡུལ་དུ་བྱེད་པའོ་ཞེས་པ་ནི་དབང་པོ་རྣམས་ཀྱི་སྐད་ཅིག་མ་དང་པོ་ལ་ངན་པ་ལ་སོགས་པའི་རྣམ་པར་རྟོག་པ་སྐྱེ་བར་མི་འགྱུར་ཏེ་རྟོག་པ་ལས་འདས་པའི་ཕྱིར་རོ། །

Vol. 32 · folio 257b

མངོན་སུམ་རྟོག་པ་ལས་འདས་པ། །མ་འཁྲུལ་པ་ཞེས་མངོན་པར་བརྗོད། །དོན་རྟོགས་པ་ནི་རྟོགས་པ་སྟེ། །སྤྱི་ལས་ཡང་དག་འབྱུང་བའོ། །ཞེས་བཤད་དོ། །མིག་ལ་སོགས་པ་དེ་རྣམས་ཀྱིས་ཡུལ་རྣམས་གཟུང་བའི་དུས་སུ་ངན་པ་ལ་སོགས་པ་རྣམ་པར་རྟོག་པ་ནི་མེད་དོ། །ངེས་

པའི་རྟོག་པས་ནི་དེ་རྣམས་ལ་མེད་པ་དང་ངན་པ་དང་བར་མ་དང་མཆོག་ཉིད་དུ་གཟུང་བར་བྱེད་པ་སྟེ་དངོས་པོ་ནི་ཆ་ཤས་མེད་པའི་ངོ་བོ་ཡིན་པས་སོ། །འཛིན་པར་བྱེད་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་བདེན་པ་ལས་གཞན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པས་ཀྱང་ཞེས་བྱ་བ་ལ་སོགས་

པས་མིག་ལ་སོགས་པའི་རྣམ་པར་ཤེས་པ་དྲུག་པའོ། །གང་དང་གང་འདོད་པ་འབྱུང་བ་དེའི་འདོད་པ་དང་རྗེས་སུ་མཐུན་པའི་ཡུལ་རྣམས་སྤྱོད་པར་བྱའོ་ཞེས་བསྟན་ཏོ། །ཇི་སྐད་དུ། དབང་པོའི་ལམ་ནི་གང་དང་གང་། །རང་བཞིན་དེ་དང་དེ་ཉིད་འགྲོ། །མཉམ་པར་མ་བཞག་སྦྱོར་བ་

ཡིས། །སངས་རྒྱས་ཐམས་ཅད་རང་བཞིན་ལྟ། །དབང་པོའི་ལམ་ནི་དེ་དང་དེས། །སྒྲུབ་པ་པོ་ནི་ཡུལ་ཕྲད་ནས། །མ་ལུས་དེ་བཞིན་གཤེགས་པ་ལ། །ཚིམ་པར་བྱ་ཕྱིར་དབུལ་བར་བྱ། །ཞེས་རྡོ་རྗེ་ཕྲེང་བ་ལས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་རྟེན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་

གིས་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་པར་བྱའོ་ཞེས་བསྟན་ཏོ། །ཅི་ཞིག་ཅེ་ན་ཞེས་བྱ་བ་ལ་སོགས་པས་སྤྱོད་པའི་འབྲས་བུ་བསྟན་ཏོ། །ཡུལ་དང་དབང་པོ་མཉམ་པར་སྦྱོར་བ་ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་གི་ཡུལ་འཛིན་པ་དང་། དེ་རྣམ་པར་དག་

པའི་མཚན་ཉིད་ཀྱི་སྦྱོར་བས་སོ། །རྡོ་རྗེ་འཆང་ཉིད་མྱུར་ཞིང་ཞེས་པ་ནི་དེའི་འོག་ཏུ་ཡན་ལག་བཞིའི་རྣལ་འབྱོར་བསྒོམ་པར་བྱ་བས་སོ། །འདིར་དགོངས་པ་འདི་ཡིན་ཏེ། རེ་ཞིག་དང་པོའི་རྣལ་འབྱོར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་གང་ཡང་རུང་བའི་རྣལ་འབྱོར་དང་

ལྡན་པས་གདོང་དང་ཕྱག་རྒྱ་དང་དབྱིབས་ལ་སོགས་པ་ཤིང་གིས་བྱས་ལ་ཁང་པ་སུམ་བརྩེགས་ལ་འདུག་སྟེ། །འོག་ཁང་ལ་བཟའ་བ་དང་བཅའ་བ་ལ་སོགས་པ་བཞག་ཅིང་། བར་ཁང་ལ་གར་དང་རོལ་མོ་ལ་སོགས་པ་ལ་མཁས་པ་བཞག་ཅིང་། ཡང་ཁང་ལ་སྟན་འཇམ་པོའི་

Vol. 32 · folio 258a

སྟེང་དུ་དབུས་ཀྱི་གཙོ་བོའི་ང་རྒྱལ་དང་ལྡན་པས་བཞུགས་ལ། ཕྱོགས་བཞི་པོ་ལ་གཟུགས་བཟང་ལེགས་པར་བརྒྱན་པ་དམ་ཚིག་གི་ཕྱག་རྒྱ་ན་སོ་གཞོན་པ་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་ལ་སོགས་པའི་ཚུལ་དང་ལྡན་པ་བཞི་པོ་བཞག་ཅིང་། དེ་རྣམས་ཀྱི་ཡང་ཕྱི་རོལ་གྱི་

མཚམས་སུ་གཟུགས་རྡོ་རྗེ་མ་ལ་སོགས་པ་ཡུལ་གྱི་ལྷ་མོ་བཞིའི་ཚུལ་དང་ལྡན་པའི་ཕྱག་རྒྱ་རྣམས་བཀོད་ལ། །དམ་ཚིག་གི་ཕྱག་རྒྱ་མ་གཅིག་རང་གིས་འཁྱུད་ལ་དེ་དང་ལྷན་ཅིག་ཏུ་བྲང་སྐྱེས་དང་མཆན་ཁུང་ལ་སོགས་པ་མཐོ་ཞིང་རེག་ལ། མིག་ཡངས་པ་ལ་སོགས་པའི་ལྟ་བས་

ཡིད་དགའ་བར་གྱུར་པ་འདོད་པའི་ཡོན་ཏན་ལྔ་ཉམས་སུ་མྱོང་ཞིང་ཇི་སྲིད་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་བདེ་བ་ཆེན་པོ་བྱུང་བ་དེ་སྲིད་ཀྱི་བར་དུ་གནས་པར་བྱའོ། །དེ་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་སྟེ། བསྐྱེད་པའི་རིམ་པའི་རྣལ་འབྱོར་པའི་སྤྱོད་ཡུལ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་

ལ་སོགས་པས་ཉེ་བར་བསྡུས་པའོ། །སྤྲོས་པ་མེད་པའི་སྤྱོད་པའི་དབང་དུ་མཛད་ནས་ཞེས་པ་ནི་གཉིས་པ་བརྩམ་པར་བྱ་སྟེ། བདག་ཉིད་འདོད་པ་དང་རྗེས་སུ་མཐུན་པ་ཞེས་པ་ནི་ཇི་ལྟར་རྙེད་པའི་སྤྱོད་པས་སོ། །འདོད་པའི་ཡོན་ཏན་ལྔས་བདག་སྟེ། །ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་གནས་

པས་སོ། །རང་ཉིད་དང་ནི་བདག་ཉིད་དོ། །གཞན་རྣམས་ལ་ནི་རྣལ་འབྱོར་མ་དམ་ཚིག་གི་ཕྱག་རྒྱ་སྟེ་ཚིམ་པར་བྱ་བ་ནི་དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་སོ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་བསྒོམ་པས་སོ། །གཙུག་ལག་ཁང་

ལ་སོགས་པའི་སྒྲུབ་པའི་དཀའ་ཐུབ་དང་ཞེས་པ་ནི་དེ་དག་བསྒྲུབ་པའི་དོན་དུ་འབད་པ་ཆེན་པོ་ཡིན་པས་དཀའ་ཐུབ་ཡིན་ནོ། །ཤིང་དྲུང་པ་ལ་སོགས་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་སྡོམ་པ་དང་ཞེས་པ་ནི་འདི་ལྟ་སྟེ། བསོད་སྙོམས་པ་དང་། ཆོས་གོས་གསུམ་པ་དང་། ཕྱག་དར་

ཁྲོད་པ་དང་། ཕྱིང་བ་པ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། ཕྱིས་མི་ལེན་པ་དང་། གདན་གཅིག་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། དགོན་པ་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི་ལུས་ངལ་བ་དང་འབྲེལ་པའི་ཕྱིར་རོ། །དེ་རྣམས་ཀྱི་ལུས་ངལ་བ་ཡིན་གྱིས་

Vol. 32 · folio 258b

དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་རོ། །རི་ལས་མཆོང་ཞིང་མར་འཇུག་པ་ལ་སོགས་པ་མི་ཟད་པ་སྟེ་ཞེས་པ་ནི་མུ་སྟེགས་པ་རྣམས་ཀྱི་ལྟ་བ་འདི་ལྟར་ཡིན་ཏེ། རི་ལས་མཆོང་པས་ས་རྣམ་པར་དག་པར་འགྱུར་བ་དང་། ཆུ་ལས་མཆོང་པས་ཆུ་རྣམ་པར་དག་པར་འགྱུར་བ་དང་། །མེ་ལས་འཇུག་

པས་མེ་རྣམ་པར་དག་པར་འགྱུར་བ་དང་། མི་ཟ་བར་ཤི་བས་རླུང་རྣམ་པར་དག་པར་འགྱུར་བ་དང་། འཕོ་བ་ཤི་བས་ནམ་མཁའི་ཁམས་རྣམ་པར་དག་པར་འགྱུར་བའོ། །དེ་བཞིན་སྡུག་བསྔལ་གྲོལ་བར་བྱེད་པའི་དོན་དུ་རྒན་པོ་གསོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལྟ་བ་ངན་

པ་གཞན་ཡང་རྟོགས་པར་བྱའོ། །དེ་རྣམས་ཀྱིས་གདུངས་བཞིན་པས་ནི་ཞེས་པ་ལ་ལུས་དང་ཡིད་ལ་སྡུག་བསྔལ་དང་ཡིད་ཀྱི་སྡུག་བསྔལ་སྦྱིན་པའི་ཕྱིར་རོ། །བྱང་ཆུབ་རྙེད་པར་མི་འགྱུར་རོ། །ཞེས་པ་ནི་ཐབས་མ་ཡིན་པའི་ཕྱིར་དང་ལོག་པའི་ལྟ་བ་ཡིན་པའི་ཕྱིར་རོ། །འོ་ན་ཞེས་བྱ་བ་ལ་

སོགས་པས་དཀའ་ཐུབ་བཀག་ནས་བདེ་བའི་སྤྱོད་པ་ལ་ཕན་ཡོན་བསྟན་པར་བྱ་སྟེ། ཐམས་ཅད་ཀྱིས་འདོད་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ཞེས་པ་ནི་སྔར་བཤད་པའི་གཟུགས་ལ་སོགས་པའོ། །དེ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་དེའི་ལོངས་

སྤྱོད་ཀྱི་སྒོ་ནས་གལ་ཏེ་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱེད་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་འབྲས་བུ་མངོན་དུ་བྱེད་པར་འགྱུར་རོ། །ཚེ་འདི་ཉིད་ལ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་ལྡོག་པར་བསྟན་ཏོ། །གང་གི་ཕྱིར་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་

བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་དགོངས་པའོ། །སྒྲ་ཇི་བཞིན་པ་ཞེས་པ་ནི། སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །ཞེས་བཤད་པའི་ཕྱིར་རོ། །འདིར་བསྡུས་པའི་དོན་འདི་ཡིན་ཏེ་རེ་ཞིག་དང་པོ་རྣལ་འབྱོར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་གཟུགས་འཛིན་པ་ཕྱག་རྒྱ་ཡང་དེ་དང་འདྲ་བར་

བྱས་ཏེ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། ཇི་ལྟར་རྙེད་པའི་བཟའ་བ་ཙམ་གྱིས་ཆོག་ཤེས་པ། ལུང་བསྟན་པའི་ཕྱག་རྒྱ་དང་ལྡན་པས་ཡུལ་ནས་ཡུལ་དུ་འཁོར་བས་ཇི་སྲིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་གནས་པར་

Vol. 32 · folio 259a

བྱའོ། །དེ་ནི་སྤྲོས་པ་མེད་པའི་སྤྱོད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པ་བཤད་པར་བྱ་སྟེ། ལུས་གདུང་བའི་སྒོ་ནས་ཞེས་པ་ནི་སྔར་བཤད་པའི་ལུས་ངེས་པར་བསྡམས་པས་སོ། །ཕྱག་རྒྱ་ཆེན་པོར་འགྱུར་བ་ཐོབ་པར་བཀག་

ནས་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བཀག་ནས་སོ། །སྒྲུབ་པ་པོའི་ཡིད་ཀྱི་གདུང་བ་ཡང་དགག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྤྲོས་པའི་མཚན་ཉིད་དགག་པར་བྱ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་རྟོག་པ་ནི་ཉོན་མོངས་པ་ཡིན་ནོ་ཞེས་འབྱུང་བས་སོ། །

བརྗོད་པར་མི་བྱའོ་ཞེས་པ་ནི་དམན་པའི་ཚུལ་དུ་གང་ཡང་སྨྲ་བར་མི་བྱའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཡིན་ཏེ་ཞེས་པ་ནི་འདྲ་བའི་སྒྲས་སྦྱོར་བའི་ཕྱིར་རོ། །དེ་བས་ན་སློང་དུ་འགྲོ་བ་དང་འདྲ་བར་ཞེས་པ་ནི་བཟའ་བ་སློང་དུ་འགྲོ་བ་ཡིད་གདུང་བ་དང་ཚིག་དམན་པ་ཞེས་རབ་ཏུ་གྲགས་

སོ། །ཡོངས་སུ་ཚོལ་བ་ཞེས་པ་ལ་སོགས་པས་ནི་གཡོ་སྒྱུ་དང་ཕ་རོལ་ལ་བསྟོད་པ་དང་ཚིག་སྦྱང་བ་ལ་སོགས་པ་དང་ལྡན་པས་མི་འགྱུར་རོ་ཞེས་བསྟན་ཏོ། །ཉེ་བར་མཚོན་པས་ན་ཞེས་པ་ནི་འདྲ་བའི་རྐྱེན་མི་མངོན་པས་སོ། །ཟས་ལ་ཞེན་པར་མ་གྱུར་པ་ཞེས་པ་ནི་ཕྱིའི་བཟའ་བ་བཀག་པའོ། །

ཇི་ཙམ་ཞེས་བྱ་བ་ལ་སོགས་པས་བསམ་གཏན་གྱི་བཟའ་བ་དང་ལྡན་པས་ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པས་སྤྱད་པར་བྱའོ། །གལ་ཏེ་ཡོད་ན་ཇི་ཙམ་གྱིས་ལུས་གནས་པར་འགྱུར་བ་ཞེས་པ་ནི་འབད་པ་མེད་པར་རྙེད་པས་འབྲས་བུ་དང་རྩ་བ་ལ་སོགས་པ་ནགས་ཚལ་གྱི་ལྷ་མོས་སྦྱིན་པས་ཆོག་

ཤེས་པར་བྱ་བའོ། །རྟག་ཏུ་ནགས་ཚལ་སློང་དུ་འཁོར། །བརྟན་པར་ངེས་པའི་སྒྲུབ་པོ་ལ། །ལྷ་མོས་བརྒྱན་པས་བཟའ་བ་ནི། །སྐྲག་ཅིང་འཇིགས་པས་སྟེར་བར་བྱེད། །རྨོངས་པའི་བདག་ཉིད་གྱིས་བལྟས་ནས། །རྡོ་རྗེ་ལྟར་ནའང་འཇིག་པར་འགྱུར། །ཞེས་འབྱུང་ངོ་། །དེ་ལྷའི་

སྤྱོད་པ་ཞེས་བྱ་བ་ལ་སོགས་པས་ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པར་བྱའོ་ཞེས་བསྟན་ཏོ། །ཡི་གེ་གསུམ་ནི་སྔགས་ཐམས་ཅད་ཉེ་བར་སྡུད་པའི་རང་བཞིན་དང་གསང་བ་ཡིན་པའི་ཕྱིར་རོ། །ལྷ་ཡི་རྣལ་འབྱོར་མི་ཕྱེད་པའི། །ཞེས་པ་ནི་སོགས་པའི་སྒྲ་མི་མངོན་པར་བྱས་ནས། ལྷ་ལ་

Vol. 32 · folio 259b

སོགས་པའི་རྣལ་འབྱོར་དང་མི་ཕྱེད་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ཀུན་ལ་ལོངས་སྤྱོད་པའི། །སྔགས་པས་ཞེས་པ་ནི་གལ་ཏེ་མི་ཕྱེད་པའི་བཟླས་པ་རྣལ་འབྱོར་པས་སློབ་ན་དེའི་ཚེ་འདོད་པ་ཐམས་ཅད་ཉེ་བར་སྤྱོད་པས་ཀྱང་འགལ་བར་མི་འགྱུར་རོ་ཞེས་དགོངས་པའོ། །དེ་

ལྟར་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་པར་བྱ་སྟེ། རྩེ་གཅིག་པར་གྱུར་པ་ཞེས་པ་ནི། །རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་པོས་ཞེས་བྱ་བ་ནི་རྩེ་གཅིག་པ་ཉིད་དོ། །དེ་ཐོབ་ན་ཞེས་པ་ནི་རིམ་གྱིས་ཐོབ་ནས་སོ། །རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་ཅིང་ཞེས་པ་ནི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་

བའི་རྡོ་རྗེ་འཆང་གི་གོ་འཕང་ཉིད་དོ། །ཡང་དག་པར་ཉམས་སུ་མྱོང་བ་རྙེད་པར་འགྱུར་བའི་ཞེས་པ་ནི་བླ་མས་ཉེ་བར་བསྟན་པའི་བསྒོམ་པའི་ལམ་གྱིས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་ཞེས་བྱ་བ་ལ་སོགས་པས་དཀའ་ཐུབ་དང་བདེ་བའི་སྤྱོད་པ་དག་ལ་སྐྱོན་དང་ཡོན་ཏན་བསྟན་

ཏོ། །ཡ་ང་བ་མ་སྤངས་ཞེས་པ་ནི་རིམས་ལ་སོགས་པ་ངལ་བ་མྱོང་བའི་འབྲེལ་པས་སོ། །དེས་ནི་ཚེ་འདི་ཉིད་ཀྱི་ཚ་བའི་རྣམ་པར་སྨིན་པ་བསྟན་ཏོ། །འཆི་བའི་དུས་བྱས་ཤིང་འདི་ནས་འཕོས་ནས་ཞེས་པ་ནི་ཚེ་འདི་ཉིད་ལ་འཆི་བར་འགྱུར་བས་སོ། །མནར་མེད་པ་ལ་སོགས་པར་ངེས་པར་

བསྲེག་པར་འགྱུར་རོ་ཞེས་པ་ནི་གྲང་བ་དང་དྲོ་བའི་དམྱལ་བ་ཆེན་པོ་ལ་ཚིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དྲང་བའི་དོན་ཏོ་ཞེས་པ་ནི་སྤྱོད་པ་ཙམ་བསྟན་པས་སོ། །ལུང་གིས་བཤད་པ་བརྗོད་པར་བྱ་སྟེ་ཞེས་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ལས་གསུངས་པ་ཞེས་བྱའོ། །ཐ་དད་ཡི་གེ་

སློང་མོ་ཡིན། །ཞེས་བྱ་བས་ནི་སྐུ་གསུང་ཐུགས་ཀྱི་ས་བོན་ནི་ཐ་དད་པར་བརྗོད་པ་ནི་ས་བོན་ཏེ། ཡི་གེ་རྣམས་ཐ་དད་པའི་ཕྱིར་རོ། །དེ་ལྟ་བུའི་ཡི་གེ་ངག་གི་བཟླས་པ་ཙམ་གྱིས་འདོན་པ་གང་ཡིན་པ་དེ་ནི་སློང་མོ་ཟ་བའོ། །ལྐོག་མ་རྐན་དང་ལྕེ་ཡིས་ནི། །གང་ཞིག་དོན་ནི་གཡོ་

འགྱུར་བ། །དེ་ནི་མི་འགྱུར་ག་ལ་སྟེ། །འགྱུར་བ་ཉིད་དུ་འཇུག་པའོ། །ཞེས་འབྱུང་ངོ་། །དེ་དག་སློང་མོ་ཟ་བ་མི་འདོད་ཅེས་པ་ནི་དེ་ལྟར་མི་འགྱུར་བའི་སློང་མོ་ཟ་བ་མི་འདོད་པ་གང་ཡིན་པ། འོན་ཀྱང་དབྱེར་མེད་པས་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པས་གང་ཞིག་བཟླས་པ་སྟེ། མི་

Vol. 32 · folio 260a

འཇིག་པ་ཙམ་ལ་གནས་པས་རྡོ་རྗེ་བཟླས་པར་བྱེད་པ་དེ་དག་ལ་དགའ་བར་མི་འགྱུར་ཏེ། ངག་གི་བཟླས་པ་ཙམ་ལ་མཆོག་ཏུ་གཞོལ་བར་མི་འགྱུར་རོ་ཞེས་དགོངས་པའོ། །དབུགས་དབྱུང་བ་ཞེས་པ་ནི་ཡི་གེ་ཧཱུཾ་ལྡང་བའི་བདག་ཉིད་བསྒོམ་པར་བྱའོ། །རྔུབ་པ་ནི་ཡི་གེ་ཨོཾ་གྱིས་

འཇུག་པར་བྱེད་པའོ། །སྦྱོར་བ་བཞི་ཞེས་པ་ནི་མྱུར་བ་དང་ལངས་པ་དང་། རྣམ་པར་བཅིངས་པ་དང་འཁྱིལ་བ་སྟེ། །མ་ལོང་ལ་སོགས་པའི་དཀྱིལ་འཁོར་བཞི་པོ་ལས་སྣའི་རྩེ་མོར་ཐུན་ཕྱེད་ཕྱེད་ཀྱི་དུས་སུ་འཛིན་པར་བྱེད་པས་ཤེས་རབ་ནི་ཡི་གེ་ཨཱཿསྟེ་དབྱངས་ཀྱི་སྡེ་ཚན་ཉེ་བར་སྡུད་པར་

བྱེད་པས་སོ། །ཐབས་ནི་ཡི་གེ་ཧཱུཾ་སྟེ་གསལ་བྱ་མ་ལུས་པའི་ཚོགས་མདོར་བསྡུས་པས་སོ། །གཞན་ནི་མ་ནིང་སྟེ་ཡི་གེ་ཨོཾ་མོ། །དེར་གནས་ནས་ཞེས་པ་འཇུག་པ་ལ་སོགས་པའི་ངོ་བོ་ཡི་གེ་གསུམ་མི་དམིགས་པར་བྱེད་པའོ། །སྔགས་ཀྱི་ཡན་ལག་མ་ཉམས་བཟླས། །ཞེས་པ་ནི་ལྷ་ལ་སོགས་

པའི་སྦྱོར་བ་དང་མ་ཉམས་པའི་ཡི་གེ་གསུམ་བཟླ་བར་བྱའོ། །རྣལ་འབྱོར་དབང་པོ་ཞེས་བྱ་བ་ལ་སོགས་པས་ཉིན་མོ་དང་མཚན་མོ་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་རྣལ་འབྱོར་པས་བཟླས་པར་བྱ་ཞེས་བཟླས་པའི་གྲངས་བསྟན་ཏེ། རླུང་རྒྱུ་བ་ནི་དེ་ཙམ་གྱི་རྩིས་ཡིན་པས་སོ། །

ཞེས་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པ་བསྟན་པས་སོ། །འདིར་ནི་བསྡུས་པའི་དོན་འདི་ཡིན་ཏེ། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་བསྒོམས་པས་གང་ཡང་རུང་བའི་ནགས་ཚལ་ལས་འབྱུང་བའི་བཟའ་བཅའི་ཆོག་ཤེས་

པའམ་བསམ་གཏན་གྱི་བཟའ་བཅའ་དང་ལྡན་པ་བདག་དང་བདག་གི་མེད་པ་འགྲོ་བ་ཐམས་ཅད་སྒྱུ་མ་དང་མཚུངས་པར་མཐོང་བ་སྨྱོན་པའི་བརྟུལ་ཞུགས་འཛིན་པ། འཇིག་རྟེན་པས་བཞད་གད་དུ་བྱས་པ་གཅེར་བུའམ་ཚེམ་པོ་གྱོན་པས་རི་དགས་དགོན་པ་ལ་སོགས་པ་ལ་བླ་ན་མེད་པའི་

ཕྱག་རྒྱ་ཆེན་པོའི་སྐུ་དཔལ་རྡོ་རྗེ་འཆང་གི་གོ་འཕང་དེ་ཇི་སྲིད་ཐོབ་པ་དེ་སྲིད་དུ་གནས་པར་བྱའོ། །གཅེར་བུའམ་ནི་གཅེར་བུ་མིན། །གང་དང་གང་དུ་ཇི་ལྟ་བཞིན། །རང་ལྷག་ལྷ་ཡི་རྣལ་འབྱོར་གྱིས། །དེ་ཉིད་གཅིག་པུ་བསམ་པར་བྱ། །སྨྱོན་པའི་བརྟུལ་ཞུགས་ལ་བརྟེན་ཏེ། །

Vol. 32 · folio 260b

ཕུན་སུམ་ཚོགས་ཀུན་འགྲུབ་པར་འགྱུར། །ཞེས་འབྱུང་ངོ་། །དེས་ན་རྫོགས་པའི་རིམ་པའི་རྣལ་འབྱོར་པ་ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །འདས་པ་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་གསུམ་གྱི་སྒོ་ནས་ཡེ་ཤེས་ཅན་གྱི་དངོས་གྲུབ་ཐོབ་པོ་ཞེས་བསྟན་ཏོ། །ཡེ་ཤེས་ཅན་ཞེས་པ་

ནི་སྔར་གྲུབ་པ་མི་བསྐྱོད་པ་ལ་སོགས་པའོ། །སྤྱོད་པ་འདི་ཉིད་ཀྱིས་ཞེས་པ་ནི་རྣམ་པ་གསུམ་གྱི་སྤྱོད་པས་སོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ཐབས་གཞན་གྱིས་མ་ཡིན་ནོ། །རིན་ཆེན་ལྟ་བུའི་གང་ཟག་ཅེས་པ་ནི་དབང་པོ་རྣོ་བའོ། །པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་

སོགས་པའོ་ཞེས་པ་ནི་དབང་པོ་དམན་པའོ། །བྱ་བའི་རྒྱུད་ནི་སྒྲོན་མ་འབྱུང་བ་ལ་སོགས་པའོ། །སྤྱོད་པའི་རྒྱུད་ནི་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལ་སོགས་པའོ། །གཉིས་ཀའི་རྒྱུད་ནི་དཔལ་མཆོག་དང་པོ་ལ་སོགས་པའོ། །དེ་ལས་བཤད་པའི་སྤྱོད་པ་ནི་ཁྱད་པར་གྱི་

སྤྱོད་པ་སྟེ་དམ་ཚིག་རྣམས་སོ། །དེ་དག་གི་མཆོག་ནི་རྣལ་འབྱོར་གྱི་སྤྱོད་པ་སྟེ་ཞེས་པ་ནི་དཔལ་འདུས་པ་ལས་གསུངས་པ་རྣམ་པ་གསུམ་གྱི་སྤྱོད་པའོ། །དེ་རྣམས་སྤྱོད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་དེ་བཞིན་དུ་ཞེས་པ་ནི་སྔར་བཤད་པ་དང་འཆད་པར་འགྱུར་བའི་རིམ་པས་དེས་

བསྙེན་པའི་རང་བཞིན་གང་ལ་ཡོད་པ་དེ་ནི་རིན་པོ་ཆེ་ལྟ་བུ་ལ་སོགས་པ་ཞེས་བྱའོ། །ཀུན་རྫོབ་ཀྱི་བདེན་པ་ཞེས་པ་ནི་རྟོག་པ་དང་བཅས་པས་སོ། །དོན་དམ་པའི་བདེན་པ་ཞེས་པ་ནི་མི་འཇིགས་པའི་ཕྱིར་རོ། །དེ་བས་ན་བར་གྱི་ཚིག་མི་མངོན་པ་ནི་ལས་འཛིན་པའོ། །དེ་དག་ཟུང་དུ་

འཇུག་པའི་བདག་ཉིད་ཅན་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་བརྡར་བྱས་པ་དེ་ཉིད་རྡོ་རྗེ་འཆང་ཆེན་པོ་ཉིད་ཅེས་བསྟན་ཏོ། །དབང་ཕྱུག་ཐམས་ཅད་ཀྱི་གཞིར་གྱུར་པས་ན་ཞེས་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་གཞིར་གྱུར་པས་སོ། །ཕུལ་དུ་བྱུང་བ་ནི་དམ་

པའོ། །མངོན་སུམ་དུ་བྱས་པ་ཞེས་པ་ནི་རང་རིག་པར་བྱས་པར་འགྱུར་རོ། །རྩེ་གཅིག་པར་མི་འགྱུར་བའི་ཕྱིར་ཞེས་པ་ནི་ངལ་བ་དང་བཅས་པས་སེམས་གཡེང་བར་བྱེད་པས་སོ། །ཡང་ཞེས་བྱ་བ་ལ་སོགས་པའི་སླར་ཡང་དཀའ་ཐུབ་དགག་པ་བསྟན་ཏོ། །དགོངས་པ་མ་ཡིན་པ་

Vol. 32 · folio 261a

བཤད་པའོ་ཞེས་པ་ནི་སྤྱོད་པ་གསུམ་གྱི་རྒྱུས་ཐོབ་པ་ཤིན་དུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །དེ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པས་སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་རྒྱས་པར་བསྟན་པར་བྱ་སྟེ། ཡུལ་ཐོབ་པ་རྣམས་ལ་ཞེན་པ་ཡིན་ལ་ཞེས་

པ་ནི་ཡུལ་ལ་མངོན་པར་ཞེན་པ་ཅན་ནོ། །དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་འདོད་ཅིང་ཞེས་པ་ནི་ཡན་ལག་དྲུག་གི་རྣལ་འབྱོར་གྱི་རིམ་པས་སྤྲོས་པ་མེད་པའི་གོ་འཕང་འདོད་པ་སྟེ་སྤྱོད་པའི་འབྲས་བུ་ཡིན་པའི་ཕྱིར་རོ། །སྤྱོད་ལམ་ཐམས་ཅད་དུ་ཞེས་པ་ནི་ལྡང་བ་དང་འདུག་པ་དང་ཉལ་བ་

དང་འཆག་པ་ཞེས་བྱ་བ་ལ་བརྟེན་པས་སོ། །སེམས་ཅན་ཐམས་ཅད་ཀྱི་འདོད་ཅིང་ཞེས་པ་ནི་འགྲོ་བ་རིགས་དྲུག་པོ་ལ་གནས་པར་འདོད་པ་སྟེ་འདོད་པའི་ཁམས་དེའི་རང་བཞིན་ཡིན་པས་སོ། །སངས་རྒྱས་ཉིད་རབ་ཏུ་སྟེར་བའི་ཡོན་ཏན་དང་ལྡན་པས་ན་ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་

གཏན་གྱི་ཡན་ལག་གིས་དེ་རྣམས་སངས་རྒྱས་ཉིད་སྟེར་བས་སོ། །ཐབས་ལ་མཁས་པས་བསྟེན་པའི་སྐྱོན་རྣམས་ཀྱང་ཡོན་ཏན་ཉིད་དུ་འགྱུར་བར་མཐོང་སྟེ། སྔགས་ཀྱིས་བྱིན་གྱིས་བརླབས་པའི་དུག་ཟོས་པ་ལ་བདུད་རྩི་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ནས་ལས་འཛིན་པ་སྟེ། ཡོན་

ཏན་གཉིས་རྫས་གཅིག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །ལྔ་པོ་དེ་དག་ནི་ཞེས་པ་ལ་སོགས་པ་ལ་ཆོས་ཀྱི་དབྱིངས་ཡོངས་སུ་སྤངས་ནས་སོ་ཞེས་ཚིག་གི་ལྷག་མའོ། །མིག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་སྐྱེ་མཆེད་རྣམས་དང་ནི། །བྱང་ཆུབ་སེམས་དཔའི་

དཀྱིལ་འཁོར་མཆོག །ཅེས་བཤད་པའི་ཕྱིར་རོ། །བྱང་ཆུབ་ནི་ས་ལ་སོགས་པའི་རང་བཞིན་དེ་སྤྱན་ལ་སོགས་པ་ཞེས་པ་ནི་སྙོམས་པར་ཞུགས་པའི་སྦྱོར་བས་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་རོ། །ས་ཡི་ཁམས་ནི་སྤྱན་མར་བཤད། །ཆུ་ཁམས་མཱ་མ་ཀཱི་ཡིན་ཏེ། །མེ་ནི་གོས་

དཀར་མོ་ཞེས་བྱ། །རླུང་ནི་དམ་ཚིག་སྒྲོལ་མར་བཤད། །ཅེས་འབྱུང་ངོ་། །འོད་གསལ་བ་ལས་ཉོན་མོངས་པ་ངེས་པར་བསྲེག་པའི་ལྷ་མོ་དང་སྙོམས་པར་ཞུགས་པ་ལས་འབྱུང་བའི་བདེ་བས་ཆགས་པ་ལ་སོགས་པའི་རང་བཞིན་རྣམས་སྤངས་པའོ། །རྣམ་པར་སྣང་མཛད་ལ་

Vol. 32 · folio 261b

སོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །གཟུགས་ཀྱི་ཕུང་པོ་ལ་སོགས་པ་ངོ་བོ་ཉིད་དུ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་མིང་གི་ཐ་སྙད་དུ་བྱས་པས་སོ། །མདོར་བསྡུས་པས་ནི་ཕུང་པོ་ལྔ། །སངས་རྒྱས་ལྔར་ནི་རབ་ཏུ་བཤད། །ཅེས་འབྱུང་ངོ་། །དགྱེས་

པར་གྱུར་ལ་ཚིམ་པར་བྱའོ། །ཞེས་པ་ནི་ཡན་ལག་དང་པོ་གཉིས་པས་སོ། །རྣམ་པ་གསུམ་པོ་ཞེས་བྱ་བ་ལ་སོགས་པས་སོ་སོར་སྡུད་པའི་ཡན་ལག་སྤྲོས་པར་བསྟན་ཏེ། དམན་པ་དང་བར་མ་དང་མཆོག་གསུམ་ནི་ངན་པ་དང་འབྲིང་དང་དམ་པའོ། །མཆོག་གསུམ་དུ་རྣམ་པར་ཤེས་

ཤིང་ཞེས་པ་ནི་དམ་པ་ལྷག་པར་མོས་པས་ངན་པ་དང་འབྲིང་དག་མཆོག་ལ་བསྡུས་པས་སོ། །དེ་བཞིན་དུ་ཀུན་དང་སྦྱོར་རོ། །རང་གི་རིགས་ཀྱི་ལྷ་རྣམས་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ། །གཟུགས་

སྣ་ཚོགས་པས་ཞེས་པ་ནི་མིག་ཡངས་པ་ལ་སོགས་པའི་སྤྲོས་པས་སོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་ལ་གནས་པའི་སྔགས་པས་ཞེས་པ་ནི་སྔར་བཤད་པའི་རིམ་པ་དང་ལྡན་པས་སོ། །ལྷའི་འཁོར་ལོ་མཆོད་པར་བྱ་ཞིང་ཞེས་པ་ནི་ལུས་ཀྱི་འཁོར་ལོའི་ནང་དུ་གནས་པ་

རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་པའི་འཁོར་ལོ་ཞེས་བྱའོ། །དེ་ཉིད་ལྷའི་མོས་པ་ཉིད་གཟུགས་ལ་སོགས་པ་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གང་གསུངས་པ་ནི་རྣམ་པ་གསུམ་དུ་གསུངས་པའོ། །དེ་དང་གཞན་མ་ཡིན་པ་ཞེས་པ་ནི་ལོགས་སུ་

དམིགས་པ་མ་ཡིན་པའོ། །ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་བརྟན་པ་དང་གཡོ་བའི་ངོ་བོ་ཉིད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག་པའི་མཚན་ཉིད་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །རྣམ་པར་སྣང་མཛད་དོ་ཞེས་པ་ནི་ཁྱད་པར་

དུ་སྣང་བ་སྟེ་རགས་པ་ཉིད་དུ་སྣང་བའི་ཕྱི་རོལ་གྱི་དོན་གྱི་ཚོགས་དག་པར་བྱེད་པ་བཞི་པའི་ངོ་བོ་ཡིན་པས་སོ། །ཤེས་པར་ནི་སོ་སོར་སྡུད་པས་དམིགས་ནས་སོ། །རང་གི་རིགས་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགས་ཀྱི་རྣམ་པར་དག་པས་གནས་པ་ཕུང་པོ་དང་ཁམས་

Vol. 32 · folio 262a

དང་སྐྱེ་མཆེད་རྣམས་ལའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ་སོར་ཐ་དད་པའི་རྣམ་པར་རྟོག་པ་བཅོམ་པས་ན་བཅོམ་ལྡན་འདས་སོ། །རྣམ་པ་བཅོ་བརྒྱད་ཀྱིས་ཚོར་བའི་ཕུང་པོ་སྦྱོར་བས་ན་རིན་ཆེན་ལྟར་དཀོན་པ་གང་ལ་ཡོད་པ་དེ་ནི་རིན་ཆེན་འབྱུང་ལྡན་ནོ། །ཡང་

ན་བསམ་པ་ཐམས་ཅད་རྫོགས་པར་བྱེད་པས་ན་རིན་ཆེན་འབྱུང་ལྡན་ཏེ། རྒྱས་པའི་རང་བཞིན་ཡིན་པས་སོ། །འོད་དཔག་ཏུ་མེད་པའི་རིགས་ཅན་ཞེས་པ་ནི་འོད་དཔག་ཏུ་མེད་པའི་རིགས་ཀྱི་རྣམ་པར་དག་པས་གནས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ། །འོད་དཔག་ཏུ་མེད་པ་ཞེས་

པ་ནི་ཡན་ལག་བཅུ་གཉིས་པའི་གསུང་རབ་རྣམ་པར་དག་པ་འཛིན་པ་དང་། ངག་སྦྱངས་པའི་ངོ་བོ་ཡིན་པས་སོ། །ཡང་ན་སོ་སོར་རྟོག་པའི་ཡེ་ཤེས་མཐའ་ཡས་པའི་ཡེ་ཤེས་རང་བཞིན་གྱི་འོད་གང་ལ་ཡོད་པ་དེ་ནི་འོད་དཔག་ཏུ་མེད་པའོ། །ཡང་ན་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་འོད་དང་

ལྡན་པས་ན་འོད་དཔག་ཏུ་མེད་པ་སྟེ། དབང་གི་ངོ་བོ་ཡིན་པས་སོ། །ལས་ཀྱི་རིགས་ཅན་ཞེས་པ་ནི་དོན་ཡོད་གྲུབ་པའི་རྣམ་པར་དག་པས་གནས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ། །འགྲུབ་པའི་ཕྲིན་ལས་མཛད་པས་ན་བཅོམ་ལྡན་འདས་སོ། །བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་

ཀྱིས་འགྲོ་བ་ཐམས་ཅད་རྗེས་སུ་གཟུང་བར་མཛད་པས་ན་དོན་ཡོད་གྲུབ་པའོ། །ཡང་ན་དགུག་པའི་ངོ་བོ་ཡིན་པས་སོ། །བདག་གི་རིགས་ཏེ་རྡོ་རྗེ་རིགས་ཅན་རྣམས་ལ་ཞེས་པ་ནི་ཐུགས་ཀྱི་རྡོ་རྗེ་འཆང་ནི་རིགས་ཐམས་ཅད་ཀྱི་ནང་ན་མཆོག་ཡིན་པས་སོ། །མི་བསྐྱོད་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་

མངོན་དུ་མཛད་པས་ན་བདུད་བཞིས་མི་ཕྱེད་པའི་ཕྱིར་རོ། །ཡང་ན་མངོན་སྤྱོད་ཀྱི་ལས་ལ་ནུས་པ་མ་ཉམས་པས་ན་མི་བསྐྱོད་པ་ཞེས་བྱའོ། །བཤད་མ་ཐག་པའི་དོན་ཞེས་པ་ནི་ཡུལ་ལྔ་ཉེ་བར་སྤྱོད་པའི་མཚན་ཉིད་དོ། །བསྡུས་ནས་སྟོན་པ་ནི་མདོར་བསྟན་ནས་བཤད་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་

པ་ནི་གཟུགས་ལ་སོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་ཏེ་དེ་ལ་ཕྱི་རོལ་དུ་སྣང་བའི་གཟུགས་ནི་རགས་པ་ཉིད་དུ་སྣང་ངོ་། །དེ་ལས་གཞན་སྒྲ་ལ་སོགས་པ་ནི་ཕྲ་བ་ཉིད་དུ་སྣང་ངོ་། །དེ་བཞིན་དུ་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་རྣམས་ཀྱང་

Vol. 32 · folio 262b

རགས་པ་དང་ཕྲ་བ་ཉིད་དང་གོང་ནས་གོང་གི་རིམ་པས་སྣང་བར་འགྱུར་བས་གཟུགས་ལ་སོགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་རྣམས་ལ་ཞེས་པ་ནི་རྒྱུ་དེ་ལས་གཟུགས་ལ་སོགས་པ་ལའོ། །ཉིན་དང་མཚན་ཞེས་པ་ནི་དེས་རྣལ་འབྱོར་པ་ལ་དོན་མེད་པའི་སྐད་ཅིག་

མ་ཡང་བཀག་སྟེ་ཡུན་རིངས་དང་བར་ཆད་མེད་པ་དང་དད་པས་བསྟེན་ནས་བསྟན་པར་འགྱུར་རོ་ཞེས་འབྱུང་བས་སོ། །ཡིད་ལ་བྱེད་པ་ནི་ལྷག་པར་མོས་པ་དེ་བསྐྱེད་པར་བྱའོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་ཏེ། སེམས་བསྐྱེད་པ་ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་དག་

གི་ཡན་ལག་དག་ལས་འབྱུང་བའི་ཡིད་ལ་བྱེད་པའི་ཁྱད་པར་རོ། །སྦ་བར་གྱུར་པ་ཞེས་པ་ནི་ཞལ་གྱི་མན་ངག་གི་རྒྱུད་ལ་གནས་པའོ། །སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱེད་པས་ནི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བ་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པས་སོ། །དེ་ཉིད་སྙིང་པོ་

བཏུས་པ་ཞེས་བྱའོ། །ཐབས་ཀྱི་རང་བཞིན་དུ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་ངོ་བོས་སོ། །སྤྱན་མ་ལ་སོགས་པ་ཤེས་རབ་ཀྱི་ངོ་བོ་ཉིད་དུ་ཞེས་པ་ནི་སྟོང་པ་བཞིའི་རང་བཞིན་གྱི་རིགས་ཀྱི་ཡུམ་བཞིའི་ངོ་བོས་སོ། །ཡོངས་སུ་གྱུར་པ་ཞེས་པ་ནི་དེས་བྱིན་

གྱིས་བརླབ་པ་ཉིད་དོ། །འདིར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་གཅིག་སྟེ་དབྱེར་མེད་པ་གཅད་དུ་མེད་པ་མི་འཇིགས་པ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །དེས་ནི་གཞན་རྣམས་ཡོངས་སུ་གཟུང་བའི་ཕྱིར་རྣམ་པ་གཉིས་སུ་སྣང་སྟེ། དེ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་

པའི་གཟུགས་ཀྱིས་ཐབས་ཀྱི་ངོ་བོ་སྟེ་ཕོའི་རྟགས་ལྟར་སྣང་ངོ་། །སྤྱན་མ་ལ་སོགས་པ་རིགས་ཀྱི་ཡུམ་བཞིའི་གཟུགས་ཀྱིས་ཤེས་རབ་ཀྱི་ངོ་བོ་སྟེ། མོའི་རྟགས་ལྟར་སྣང་བར་འགྱུར་ཏེ། སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ནི་ཆ་གཉིས་ཀས་ཐོབ་པའི་

ཕྱིར་རོ། །ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ཀྱི་དབྱེ་བ་མི་འཐད་དེ། །བརྟེན་པའི་ཆོས་ཀྱིས་དབྱེ་བ་ཡིས། །དེ་ཡི་དབྱེ་བ་རབ་ཏུ་བཤད། །ཅེས་འབྱུང་ངོ་། །རྒྱུད་ཕྱི་མ་ལས་ཀྱང་། །གང་ཞིག་ཤེས་རབ་དངོས་མེད་དེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །ཐབས་དང་ཤེས་

Vol. 32 · folio 263a

རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་པར་བརྗོད། །ཅེས་འབྱུང་ངོ་། །ཕྱོགས་གཞན་སྟོན་པར་བྱེད་པའི་ཚིག་ཕྲད་ཅེས་པ་ནི་ཤེས་རབ་ཀྱི་ཕྱོགས་སྟོན་པར་བྱེད་པའོ། །ཤེས་རབ་ནི་རིགས་ཀྱི་ཡུམ་རྣམས་ལས་གང་ཡང་རུང་བ་ཞེས་བྱའོ། །གཟུགས་རྡོ་རྗེ་ལ་སོགས་པར་

རིགས་ཀྱི་དབྱེ་བས་ཞེས་པ་ནི་དེའི་སྤྲུལ་པའི་རང་བཞིན་ཡིན་པས་སོ། །རིགས་ཀྱི་དབྱེ་བས་ཞེས་པ་ནི་ཡུལ་རྣམ་པར་དག་པའི་ངོ་བོ་ཡིན་པས་སོ། །གཟུགས་རྡོ་རྗེ་ལ་སོགས་པ་རིགས་ལྔ་ལས་བྱུང་བ་ཞེས་པ་ནི་མཆོད་པའི་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་མཐའི་བར་དུ་དབང་པོ་ལ་

སོགས་པ་རྣམ་པར་དག་པར་བྱེད་པ་དེ་རྣམས་ཀྱིས་སོ། །རྡོ་རྗེ་འཆང་ཆེན་པོར་དམིགས་པར་བྱེད་དེ་ཞེས་པ་ནི་ཇི་ལྟར་མོས་པས་གཟུགས་ལ་སོགས་པ་སྤྱོད་ཅིང་ཡན་ལག་དྲུག་གི་རྣལ་འབྱོར་ཡོངས་སུ་རྫོགས་ནས་དཔལ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་ཐམས་ཅད་ལ་

ནི་སྔར་བཤད་ཟིན་ཏོ། །སྤྱིའི་དོན་ཏོ་ཞེས་པ་ནི་མདོ་སྡེ་པ་ལ་སོགས་པའི་འགྱོད་པ་ཟློག་པར་བྱེད་པ་དང་། བསྐྱེད་པའི་རིམ་པ་བསྟན་པས་སོ། །སྤྲོས་པ་དང་བཅས་པའི་སྤྱོད་པའོ་ཞེས་པ་ནི་ཆགས་པ་ལ་སོགས་པའི་རོལ་པ་རྒྱ་ཆེ་བའི་དོན་དང་ལྡན་པས་སོ། །ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་ལུང་

དུ་མ་བསྟན་པའི་དབྱེ་བས་རྣམ་པ་གསུམ་ཞེས་པ་ནི་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཀྱི་དབྱེ་བས་གསུམ་མོ། །སྣང་བ་ནི་ཕྱི་རོལ་དུ་གཟུགས་སུ་སྣང་བས་ན་སྣང་བ་གསུམ་སྟེ་རྣམ་པར་ཤེས་པ་གསུམ་མོ། །དེ་ལས་བྱུང་བ་ནི་ཞེས་པ་ནི་སེམས་ལས་བྱུང་བའི་རང་བཞིན་ནོ། །ཆགས་པ་དང་ཆགས་པ་དང་

བྲལ་བ་དང་བཏང་སྙོམས་ཀྱི་རང་བཞིན་རྣམས་ཀྱི་ཞེས་པ་ནི་ཉིན་མོ་དང་མཚན་མོར་བརྒྱ་དྲུག་ཅུའི་རང་བཞིན་གྱིས་སོ། །ཡུལ་ཞེས་བྱ་བ་ལ་སོགས་པས་ནི་རང་བཞིན་དེ་རྣམས་ཀྱིས་ཕྱི་རོལ་གྱི་ངོ་བོར་སྣང་བ་གཟུགས་ལ་སོགས་པ་གང་ཡིན་པ་རྣམས་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཉམས་སུ་

མྱོང་ཞིང་། རྣམ་པར་ཤེས་པ་གསུམ་ལས་བྱུང་བའི་ཆགས་པ་དང་བྲལ་བ་ལ་སོགས་པའི་རང་བཞིན་གྱི་ངོ་བོ་ཡུལ་དེ་དག་ཡིན་ནོ་ཞེས་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཉམས་སུ་མྱོང་ཞིང་མཆོད་པར་བྱ་ཞེས་བསྟན་ཏོ། །མཆོད་པ་དང་ལེན་པ་ཉེ་བར་མཚོན་པའི་ཞེས་པ་ནི་བྱ་བའི་སྟོབས་ཀྱིས་

Vol. 32 · folio 263b

བྱེད་པ་པོ་དང་ལས་ནི་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་དག་མཆོག་ཏུ་འཛིན་ནོ། །རྣལ་འབྱོར་པས་བདག་ཉིད་ལ་ཞེས་པ་ནི། བདག་ཉིད་སངས་རྒྱས་ཀུན་ཉིད་དོ། །བྱང་ཆུབ་སེམས་དཔའ་ཀུན་རང་བཞིན། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་མཆོད་པར་བྱ། །

ཞེས་འབྱུང་ངོ་། །བརྟན་པ་དང་གཡོ་བའི་བདག་ཉིད་ཅེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉི་གའི་རང་བཞིན་ནོ། །རིགས་ཐམས་ཅད་ཀྱི་བདག་ཉིད་ཅན་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་རིགས་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ཏེ། རྡོ་རྗེ་འཆང་ཆེན་པོ་ནི་རིགས་

ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་ཡིན་པས་སོ། །མགོན་པོ་སངས་རྒྱས་ཀུན་བདག་ཉིད། །ཅེས་འབྱུང་ངོ་། །གང་དུ་ཐིམ་པར་གྱུར་པ་ཞེས་པ་ནི་སྐད་ཀྱི་བྱིངས་ཉེ་བར་བསྡུས་པ་ཡིན་ན་ཡང་དོན་དུ་མ་ཡིན་པས་བསྐྱེད་པའི་དོན་དུ་འཇུག་གོ། །དེས་ན་རྣམ་པར་སྣང་མཛད་ཀྱི་གཞི་ནི་རྣམ་པར་སྣང་མཛད་བསྐྱེད་

པར་མཛད་པ་ཞེས་སྟོན་ཏོ། །ཚོགས་གཉིས་དང་ལྡན་པ་ཞེས་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཙོ་བོར་གྱུར་པར་རིམ་པ་གཉིས་སྟོན་པར་མཛད་པའོ། །དེ་ཉིད་རྣལ་འབྱོར་པ་ཞེས་པའོ་ཞེས་པ་ནི་འོད་གསལ་བས་ཡེ་ཤེས་གསུམ་སྤངས་ནས་རྡོ་རྗེ་འཆང་བ་ཉིད་དུ་ཐོབ་པར་འགྱུར་བའི་ཕྱིར་རོ། །

ཤེས་རབ་དང་ཐབས་ཉེ་བར་ཐོབ་པ་རྣམས་ལ་འཇུག་པའི་རྣམ་པར་ཤེས་པ་དང་ཉོན་མོངས་པ་ཅན་གྱི་རྣམ་པར་ཤེས་པ་དང་ཀུན་གཞི་རྣམ་པར་ཤེས་པ་དང་དེ་ལས་བྱུང་བའི་རང་བཞིན་རྣམས་ལ་དབུལ་བར་བྱ་བ་ནི་དེའི་ངོ་བོ་ཉིད་དུ་བསྡུ་བར་བྱའོ། །རིན་ཆེན་འབྱུང་གནས་གཙོ་ཞེས་པ་ནི་བརྟན་པ་དང་གཡོ་བའི་

བདག་ཉིད་ཅན་གྱི་འགྲོ་བའོ། །འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་ཞེས་པ་ནི་དེ་དག་གང་ལས་བྱུང་བ་དེ་ནི་རིན་ཆེན་འབྱུང་གནས་གཙོ་བོ་སྟེ། འོད་གསལ་བའི་བདག་ཉིད་རྡོ་རྗེ་འཆང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སྣ་ཚོགས་ཀྱི་བདག་ཉིད་རྡོ་རྗེ་འཆང་ཆེན་པོ་ཞེས་བསྟན་ཏོ། །དེས་ནི་ཐམས་ཅད་འདི་

ཁྱབ་སྟེ། །ཏིལ་མར་གྱིས་ནི་ཏིལ་སོགས་བཞིན། །ཞེས་རྡོ་རྗེ་ས་འོག་ལས་འབྱུང་ངོ་། །རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་ཅན་ཞེས་པ་ལ་དེ་རྣམས་ཉེ་བར་བསྡུ་བར་བྱེད་པ་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་ཞེས་བྱའོ། །རྣལ་འབྱོར་ཅན་དེ་ཉིད་དོ་ཞེས་པ་ནི་དབྱེར་མེད་པ་ཉིད་དུ་

Vol. 32 · folio 264a

བསྟན་ཏོ། །སྣང་བ་ལ་སོགས་པ་དབུལ་བར་བྱའོ་ཞེས་པ་ནི། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་ནི་ཟླ་བ་དང་ཉི་མ་དང་མཚམས་ཀྱི་སྣང་བ་རྣམས་དེའི་བདག་ཉིད་དུ་ཤེས་པར་བྱའོ། །འདོད་ཆགས་རྣམ་པར་དག་པར་བྱེད་པས་ན་འོད་དཔག་ཏུ་མེད་པའོ། །རྡོ་རྗེ་འཆང་

ཆེན་པོ་ཞེས་པ་ནི་དེ་ལས་བྱུང་བ་དང་དེར་བསྡུས་པའི་ཕྱིར་རོ། །དེ་བསྐྱེད་པའི་ངོ་བོ་ཉིད་ཀྱིས་འཆང་བར་མཛད་པས་ན་ཞེས་པ་ནི་སྤྲོ་བ་དང་བསྡུ་བའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཉིད་ལ་དབུལ་བར་བྱའོ་ཞེས་པ་ནི་བདག་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རང་བཞིན་

ཡིན་པའི་ཕྱིར་རོ། །བདག་ཉིད་སངས་རྒྱས་ཐམས་ཅད་ཉིད། །ཅེས་འབྱུང་བས་སོ། །ཀུན་དུ་ཀུན་ནས་ཐམས་ཅད་ནི། །ཀུན་ངོ་རྣམ་པ་ཀུན་བདག་ཉིད། །སངས་རྒྱས་ཀུན་གྱི་རང་བཞིན་གྲུབ། །རང་གི་བདག་ཉིད་དེས་མཐོང་ངོ་། །ཞེས་འབྱུང་ངོ་། །མི་བསྐྱོད་པར་སྣང་བ་ཞེས་པ་ནི་རྣལ་འབྱོར་པ་དེའི་

རྣམ་པས་སྣང་བའོ། །རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དོ་ཞེས་པ་ནི་དབྱེར་མེད་པ་བསྟན་པའོ། །བཤད་མ་ཐག་པའི་དོན་གཉིས་གསལ་བར་སྟོན་པ་ཡིན་ཏེ་ཞེས་པ་ནི་སྤྲོས་པར་བཤད་པའོ། །འདས་པ་དང་མ་འོངས་པའི་སྐད་ཅིག་མ་མེད་པར་ཞེས་པ་ནི། གང་ཞིག་འདས་པ་དེ་མེད་པ། །མ་འོངས་པ་

ནི་མ་བྱུང་བའོ། །ཞེས་བཤད་པའི་ཕྱིར་རོ། །ད་ལྟར་གྱི་སྐད་ཅིག་མས་ཞེས་པ་ནི་དེ་ལྟར་བྱུང་བ་སྐད་ཅིག་མ་དང་ཡུད་ཙམ་དང་ཐང་ཅིག་ལ་སོགས་པའོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་དང་། །མིག་བཙུམས་ཐལ་མོ་སྦྱར་བ་སྟེ། །སྐད་ཅིག་སེ་གོལ་གཏོགས་པ་ཙམ། །ཐང་ཅིག་ཡུངས་ཀར་བསྐོར་

བ་ཙམ། །ཡུད་ཙམ་དབུགས་རྔུབ་འབྱུང་བ་སྟེ། །མིག་བཙུམས་མིག་ནི་འཛུམས་པའི་བར། །ལག་གཉིས་ཐལ་མོ་སྦྱར་བ་སྟེ། །སྐད་ཅིག་མ་སོགས་མཚན་ཉིད་དོ། །དེ་རྣམས་གང་ཡང་རུང་བ་ལ་སྐད་ཅིག་མ་ཞེས་བྱའོ། །རྣམ་པར་ཤེས་པ་གསུམ་ལ་སྦྱོར་བར་བྱའོ་ཞེས་པ་ནི་སྣང་བ་ལ་སོགས་པ་ཡེ་ཤེས་

གསུམ་ཡོངས་སུ་སྤངས་ནས་འོད་གསལ་བའི་རང་བཞིན་དུ་བྱའོ། །གཟུགས་ལ་སོགས་པ་སེམས་ཉིད་དུ་ཤེས་པར་བྱའོ་ཞེས་པ་ནི་གཟུགས་ལ་སོགས་པ་ཕྱི་རོལ་གྱི་ཡུལ་ལྔ་གང་ཡིན་པ་དེ་རྣམས་ནི་རང་གི་སྣང་བ་མེད་པས་ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་གསུམ་གྱི་ངོ་བོ་ཉིད་དོ། །དེ་རྣམས་ཀྱི་རང་

Vol. 32 · folio 264b

བཞིན་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །བདག་དང་ཆོས་རྣམས་ཉེར་བརྟགས་པ། །རྣམ་པ་སྣ་ཚོགས་གང་ཞིག་འཇུག །རྣམ་པར་ཤེས་པ་ཡོངས་གྱུར་ཏེ། །འགྱུར་བ་དེ་ཡང་རྣམ་གསུམ་ཡིན། །རྣམ་པར་སྨིན་དང་ཡིད་དང་ནི། །ཡུལ་ནི་རྣམ་པར་རིག་པའོ། །ཞེས་འབྱུང་ངོ་། །

དེ་བཞིན་དུ། གཅིག་ནི་རྣམ་པ་གཉིས་སྣང་བ། །སེམས་ནི་རྣམ་པར་འཁྲུལ་པ་ཅན། །གཟུང་བ་འཛིན་པའི་དབྱེ་བ་ཡིས། །ཇི་ལྟར་ཤིན་ཏུ་མཁས་པ་ཡིན། །དབྱེར་མེད་པ་ཡང་ཐ་དད་པས། །ཕྱིར་འགྲོ་མིང་དང་ཕྱི་རོལ་དང་། །ཡུལ་གྱི་རྣམ་པ་དྲི་མ་ཅན། །སེམས་ནི་རྣམ་པ་དུ་མར་སྣང་། །ཞེས་

འབྱུང་ངོ་། །དགོངས་སོ་ཞེས་པ་ནི་དགོངས་པའོ། །འདི་ཞེས་བྱ་བ་ལ་སོགས་པས་ཕན་ཡོན་བསྟན་པར་བྱ་སྟེ། བཤད་མ་ཐག་པ་ཉིད་ཡོངས་སུ་ཤེས་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་ཀྱི་གཟུགས་ལ་སོགས་པའི་ཡུལ་གྱི་ཚོགས་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེ་ལྟ་བུའི་

གང་ཟག་རྣམས་ལ་སྦྱིན་པར་བྱ་བ་ཡིན་གྱི་ཞེས་པ་ནི་དབང་པོ་རྣོ་བའི་ཕྱིར་རོ། །ཙནྡན་ལྟ་བུ་ལ་སོགས་པ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་ན་ཞེས་པ་ནི་བསྐྱེད་པའི་རིམ་པ་ཙམ་དེ་རྣམས་ཀྱི་ཡུལ་ཡིན་ནོ་ཞེས་དགོངས་པའོ། །ཡང་དག་པ་ཞེས་པ་ནི་ཇི་ལྟ་བ་བཞིན་དུའོ། །བླངས་ནས་བསགས་ཤིང་

ཞེས་པ་ནི་བཤད་པའི་རྒྱུད་ལ་སོགས་པ་ལས་བཏུས་ཏེ་རྫོགས་པའི་རིམ་པ་ཉིད་ཀྱིས་བསག་པར་བྱ་བ་ཞེས་པའི་ཐ་ཚིག་གོ། །དེ་ཉིད་བསྟན་པའི་ཕྱིར། དུས་གསུམ་དུ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ་ཞེས་པ་ནི་སྙིང་པོར་གྱུར་པའི་ཆོས་ཀྱི་དབྱིངས་རྟོགས་པར་གྱུར་པས་སོ། །ཡང་ན་

ཡང་དག་པའི་ཡེ་ཤེས་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ། །བཤད་མ་ཐག་པའི་ཚུལ་ལོ་ཞེས་པ་ནི་སེམས་རྣམ་པར་དབེན་པའི་རིམ་པའི་མཚན་ཉིད་དོ། །སྔགས་པས་ཏེ་ཡན་ལག་མ་ཉམས་པར་བཟླས་པས་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པའི་མཐར་ཐོབ་ནས་སེམས་ལ་དམིགས་པ་བསྒོམ་

པར་འདོད་པས་སོ། །རྡོ་རྗེ་བཟླས་ནས་རྣལ་འབྱོར་པས། །སེམས་ལ་དམིགས་པ་ཐོབ་པར་འགྱུར། །ཞེས་འབྱུང་ངོ་། །རྣམ་པ་གསུམ་ནི་སྔར་བཤད་ཟིན་པས་སོ། །ཡེ་ཤེས་གསུམ་དུ་ཤེས་པར་བྱའོ་ཞེས་པ་ནི་དག་པར་འགྱུར་ན་དེ་ཉིད་ལྷའི་རྣམ་པ་ཉིད་དུ་འགྱུར་རོ་ཞེས་དགོངས་པའོ། །

Vol. 32 · folio 265a

རང་བཞིན་གྱི་དབྱེ་བ་ཉིད་ནི་དེའི་སེམས་ལས་བྱུང་བའི་རྣམ་པའོ། །རིགས་ཏེ་ཞེས་པ་ནི་ཉོན་མོངས་པའི་བག་ཆགས་དང་ལྡན་པའི་སེམས་ཀྱི་ཆོས་རྣམས་སོ། །ཆགས་པ་ཞེས་པ་ནི་ཐབས་ཀྱི་རང་བཞིན་བཞི་བཅུ་སྟེ་ཉོན་མོངས་པ་ཅན་གྱི་ཡིད་ལས་བྱུང་བའོ། །ཆགས་པ་

དང་བྲལ་བ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་སྟེ་འཇུག་པའི་རྣམ་པར་ཤེས་པ་ལས་འབྱུང་བའོ། །ཆགས་པ་བར་མ་ནི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པ་ལས་བྱུང་བ་རང་བཞིན་བདུན་ཏེ་ཀུན་གཞི་ལས་འབྱུང་བའོ། །རང་བཞིན་ཞེས་པ་ནི་སེམས་ལས་བྱུང་བའི་

ཆོས་རྣམས་སོ། །དེ་རྣམས་ཀྱི་དབྱེ་བ་ནི་ཁྱད་པར་རྣམས་ཀྱི་ཚུལ་ལ་ཞེས་པ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ལ་སོགས་པའི་དབྱེ་བའི་མཚན་ཉིད་དོ། །དེ་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་ཕྱི་རོལ་གྱི་རྣམ་པ་ཉིད་དུ་གཟུགས་ལ་སོགས་པའི་ཡུལ་རྣམས་སྣང་བ་གང་ཡིན་པར་

དམན་པ་ལ་སོགས་པའི་དབྱེ་བས་ཉེ་བར་མཚོན་པ་དེ་དག་རྣམ་པར་ཤེས་པ་གསུམ་གྱི་རྒྱུ་ཅན་རང་བཞིན་བརྒྱ་དྲུག་ཅུའི་ངོ་བོ་ཡིན་ནོ་ཞེས་ངེས་པར་བྱས་ལ་དེ་རྣམས་ཀྱི་འོད་གསལ་བ་ཉིད་རང་བཞིན་ཡིན་ནོ་ཞེས་སྔགས་དང་ཕྱག་རྒྱའི་རིམ་པས་དེ་དག་སྦྱངས་ལ་འོད་གསལ་བའི་ངོ་བོ་ཉིད་དུ་ཤེས་པར་

བྱའོ། །སྦས་པ་ཞེས་པ་ནི་ཡེ་ཤེས་གསུམ་རྣམ་པར་སྤྱོད་པའི་མཚན་ཉིད་ཀྱི་དོན་བསྟན་པས་སོ། །འདི་ནི་སྤྲོས་པ་མེད་པའི་སྤྱོད་པའོ་ཞེས་པ་ལ་སེམས་རྣམ་པར་དག་པའི་རིམ་པ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་ཇི་ལྟར་རྙེད་པའི་སྤྱོད་པའི་དོན་བསྟན་པས་སོ། །མཆོག་ལ་སོགས་པ་ཞེས་པ་ལ་སོགས་

པ་ནི་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དང་གཉིས་ཀའི་ངོ་བོ་ཉིད་དོ། །སྣང་བ་གསུམ་གྱི་ངོ་བོ་ཉིད་དུ་ཡོངས་སུ་ཤེས་པའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རྣམ་པར་སྦྱངས་ནས་འོད་གསལ་བའི་ངོ་བོ་ཉིད་དུ་བྱའོ། །རང་བཞིན་ཤེས་པའོ་ཞེས་པ་ནི་ཆགས་པ་དང་ཆགས་པ་དང་བྲལ་བ་དང་

ཆགས་པ་བར་མའི་བསྒོམ་པའི་སྒོ་ནས་ཆགས་པ་ལ་སོགས་པ་དེ་རྣམས་ཀྱི་འོད་གསལ་མངོན་དུ་བྱེད་པའོ། །འོད་གསལ་བའི་ངོ་བོ་ཉིད་དུ་ཡོངས་སུ་བསྟིམ་པ་སྟེ་ཞེས་པ་ནི་བདེ་བ་ཆེན་པོའི་ངོ་བོ་དང་རོ་གཅིག་པར་བྱའོ། །འདི་ཉིད་ནི་བླ་ན་མེད་པའི་མཆོད་པ་སྟེ་ཞེས་པ་ནི་འོད་གསལ་བ་ལ་འཇུག་པའི་

Vol. 32 · folio 265b

མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ལེའུ་བཅུ་བདུན་པ་ལས། རྡོ་རྗེ་གསུམ་མཆོག་ཕྱག་མི་བྱ། །ཞེས་བྱ་བས་འོད་གསལ་བ་ལ་འཇུག་པའི་དགོངས་པས་ཕྱི་རོལ་གྱི་ཕྱག་དང་མཆོད་པ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་དགག་པར་གསུངས་སོ། །དེ་བཞིན་དུ། སངས་རྒྱས་ཐམས་ཅད་མཉེས་

བྱེད་ལ། །དེ་ནི་མཆོད་པ་ཆེན་པོར་འདོད། །ཅེས་འབྱུང་ངོ་། །དེ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ་ཞེས་པ་ནི། འདི་ནི་རྫོགས་པའི་རྣལ་འབྱོར་ཞེས། །རྡོ་རྗེ་འཆང་ཆེན་དེ་ཉིད་དེ། །རྣམ་པ་ཐམས་ཅད་མཆོག་ལྡན་པ། །དེ་ལས་ཀུན་མཁྱེན་འབྱུང་བར་འགྱུར། །ཞེས་བཤད་པས་སོ། །དེའི་བསྐྱེད་པའི་

རྒྱུར་གྱུར་པའི་ཕྱིར་རོ་ཞེས་པ་ནི་རིམ་པ་བཞི་པ་ལ་ཟུང་དུ་འཇུག་པའི་རིམ་པས་རྡོ་རྗེ་འཆང་ཆེན་པོ་འབྱུང་བའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྒྲ་ལ་སོགས་པ་རྣམས་ཀྱང་འོད་གསལ་བ་ལས་ངེས་པར་སྦྱར་བར་བྱའོ་ཞེས་བསྟན་ཏོ། །ཇི་སྐད་དུ་བཤད་པའི་རྒྱུད་ལས་ཞེས་པ་ནི་

དགོངས་པ་ལུང་བསྟན་པ་ལས་སོ། །ནང་ནི་རང་གི་རྒྱུད་ལ་གནས་པའོ། །ཕྱི་རོལ་ནི་གཞན་གྱི་རྒྱུད་ལ་གནས་པ་དང་། སྣོད་ཀྱི་འཇིག་རྟེན་ལ་གནས་པ་ནི་གཉི་ག་ཞེས་བྱའོ། །དེ་ལྟ་བུའི་རྣམ་པ་གསུམ་གྱི་གཟུགས་ལ་སོགས་པ་མི་དམིགས་པ་སྟེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་

རོ། །དེ་བས་ན་འོད་གསལ་བའི་རང་བཞིན་དུ་བྱ་བ་གང་ཡིན་པ་དེ་ནི་ལྷ་རྣམས་ལ་དབུལ་བ་ཞེས་བྱའོ། །ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྟེ་ཞེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པ་ལ་མངོན་པར་བྱང་ཆུབ་ཀྱི་སྦྱོར་བས་སྤྱོད་པ་བསྟན་པའི་ཕྱིར་རོ། །མཐར་ཐུག་པའོ་ཞེས་ནི་

འོད་གསལ་བ་ལ་འཇུག་པའི་མཚན་ཉིད་ཀྱི་དོན་སྟོན་པས་སོ། །ད་ནི་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དྲན་པ་དྲུག་གི་སྒོ་ནས་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རིམ་པ་གཉིས་ལས་གཅིག་ནི་རིགས་བརྒྱའི་དབྱེ་བའི་བར་དང་། གཉིས་པ་ནི་རིམ་པ་ལྔ་པའི་མཚན་ཉིད་སོ་སོར་བསྟན་པར་བྱ་སྟེ་

གཅིག་གི་རྗེས་སུ་དྲན་པ་གཅིག་གིས་བསྐྱེད་པའི་རིམ་པ་ལྔས་ནི་རིམ་པ་ལྔ་བསྟན་ཏོ། །རིགས་བརྒྱའི་དབྱེ་བས་ཞེས་པ་ནི་སྔར་རྒྱས་པར་བཤད་པས་སོ། །ལུས་རྣམ་པར་དབེན་པས་བྱེད་པ་ཞེས་པ་ནི་ལུས་ཀྱི་ཆ་ཆའི་དབྱེ་བས་རིགས་ལྔའི་དེ་བཞིན་གཤེགས་པ་ཉིད་དུ་རྟོགས་པར་བྱེད་པའོ། །

Vol. 32 · folio 266a

དེ་ཉིད་ཀྱི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་དེ་བཞིན་གཤེགས་པ་ཉིད་དུ་རྗེས་སུ་དྲན་པ་ཞེས་བྱའོ། །དེ་བཞིན་དུ་རྡོ་རྗེ་བཟླས་པ་མཐར་ཐུག་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པ་རྣམ་པ་བཅུ་གཅིག་གི་རྡོ་རྗེ་བཟླས་པ་ཡོངས་སུ་

རྫོགས་ནས་སོ། །ངག་རྣམ་པར་འབྱེད་པ་ནི་ཉོན་མོངས་པའི་ངག་སྦྱང་བས་སོ། །ཆོས་རྗེས་སུ་དྲན་པ་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱི་ཡི་གེ་དང་ཚིག་དང་ངག་དང་ཆེན་པོ་ལ་སོགས་པའི་དབྱེ་བ་དང་ལྡན་པའི་ངག་གི་སྤྲོས་པ་ནི་ཆོས་རྣམས་སོ། །རྗེས་སུ་དྲན་པ་ནི་དེ་རྣམས་ཀྱི་རང་བཞིན་

ཡོངས་སུ་ཤེས་པར་འགྱུར་རོ། །རྡོ་རྗེ་བཟླས་པའི་རིམ་པ་འདིས། །གསུང་གི་རྡོ་རྗེ་སྒྲུབ་བྱེད་པ། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །སེམས་ཙམ་ལ་ནི་ངེས་པར་སྦྱོར། །ཞེས་འབྱུང་བས་སོ། །རང་བཞིན་སྣང་བའི་རིམ་གྱིས་ཞེས་པ་ནི། །སྔགས་དང་ཕྱག་རྒྱའི་རིམ་པས་ཉེ་བར་

བསྡུས་པའི་རྣམ་པར་ཤེས་པ་གསུམ་དང་། །དེའི་རང་བཞིན་གྱི་ཆོས་བསྒོམ་པའི་སྒོ་ནས་སོ། །སེམས་ལ་རྣམ་པར་རྟོག་པ་ནི། །ཞེས་པ་ལ་རྣམ་པར་ཤེས་པ་གསུམ་པོ་འོད་གསལ་བའི་གོ་འཕང་ལ་འཇུག་པར་བྱེད་པས་སོ། །རྡོ་རྗེ་རྗེས་སུ་དྲན་པའོ། །ཞེས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པ་

གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འོད་གསལ་བ་ལས་རྗེས་སུ་དྲན་པའོ། །སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་ཐོབ་ནས་ཕྱི་ནས་འོད་གསལ་བ་མངོན་དུ་འགྱུར་རོ། །ལུས་དང་ངག་དང་ཡིད་དོ་ཞེས་པ་ལ་རྡུལ་ཕྲ་རབ་ཏུ་མ་ཚོགས་པའི་བདག་ཉིད་ཡིན་པས་སོ། །ཡེ་ཤེས་གསུམ་

གྱི་ངོ་བོ་སོ་སོར་ཡོངས་སུ་ཤེས་པའོ་ཞེས་པ་ནི་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་ནི་ལུས་ལ་སོགས་པ་ཡིན་ནོ་ཞེས་ལྷག་པར་མོས་པ་གང་ཡིན་པའོ། །སྦྱོར་བ་ནི་ཕྱིས་གཅིག་ཏུ་བྱས་པ་སྟེ་ཞེས་པ་ནི་འོད་གསལ་བ་རྟོགས་པས་རོ་གཅིག་ཏུ་འགྱུར་བ་སྟེ། ངོ་བོ་ཉིད་མེད་རྫོགས་པའོ། །

དེ་བས་ན་ཞེས་བྱ་བ་ལ་སོགས་པས་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པ་ལས་འབྱུང་བ་ཡེ་ཤེས་ཀྱི་སྐུ་སྟེ་བདག་བྱིན་གྱིས་བརླབ་པའི་རིམ་པའི་མཚན་ཉིད་དོ། །ཁྲོ་བོ་ནི་ཐབས་ཀྱི་ཡེ་ཤེས་སོ་ཞེས་པ་ནི་མ་རིག་པའི་འོག་ཏུ་འབྱུང་བ་ཞེས་བརྗོད་པར་བྱའོ། །དེས་ན་སྣང་བ་ཉེ་བར་ཐོབ་པ་དང་སྣང་བ་

Vol. 32 · folio 266b

མཆེད་པ་དང་སྣང་བ་སྟེ། མཚན་མོ་དང་ཉིན་མོ་དང་ཟླ་བའི་སྣང་བ་དང་འདྲ་བས་རོ་གཅིག་ཏུ་བསྒོམ་པ་ནི་ཁྲོ་བོ་རྗེས་སུ་དྲན་པ་སྟེ། སྒྱུ་མའི་སྐུ་ཡི་རྒྱུར་གྱུར་པ། །ཞེས་བསྟན་ཏོ། །རང་གི་ཟླ་བའི་གཟུགས་བརྙན་འདྲ། །བདག་ཉིད་ཀྱིས་ནི་སེམས་ཉིད་མཐོང་། །གལ་ཏེ་ཟླ་བ་ལ་དམིགས་ནས། །

རྡོ་རྗེ་མཚན་ནི་རབ་ཏུ་བརྟག །དེ་ནི་ཐབས་ཏེ་སྟོན་བྱེད་པ། །རྡོར་སོགས་བསྐྱེད་པའི་རྣལ་འབྱོར་པའི། །ཟླ་བ་རྡོ་རྗེ་སོགས་སྦྱོར་བས། །སེམས་དང་སེམས་བྱུང་ཡང་དག་སྦྱར། །ཤེས་རབ་ཐབས་དང་ཀུན་སྦྱོར་བས། །ལྷ་ཡི་སྐུ་ནི་འབྱུང་བར་འགྱུར། །ཞེས་འབྱུང་ངོ་། །ལྷ་ནི་ཕྱག་རྒྱ་ཆེན་

པོའི་ཚུལ་ལོ་ཞེས་པ་ནི་མ་ལུས་ལུས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྣམས་ཀྱིས་བྱིན་གྱིས་རློབ་པ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྗེས་སུ་དྲན་པ་ནི་དེ་མཐོང་བ་སྟེ་སྒྱུ་མ་ལ་སོགས་པ་དང་འདྲ་བར་ཡོངས་སུ་ཤེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཆུ་

ཟླ་ལ་སོགས་པའི་རྣམ་པས་ཡོངས་སུ་ཤེས་པའོ་ཞེས་པ་ནི་ཆུ་ཟླ་ལ་སོགས་པ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པ་ཞེས་བྱ་བའི་དོན་ཏོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པ་ཡིན་ནོ། །དོན་དམ་པའི་བདེན་པས་གཅིག་ཏུ་བྱས་པའོ་ཞེས་པ་ནི་ཕྱི་དང་ནང་གི་མངོན་

པར་བྱང་ཆུབ་པའི་རིམ་པའམ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གཉིས་ཀྱིས་རིམ་པས་འོད་གསལ་བ་ཉིད་དུ་འགྱུར་བ་མན་ངག་བཞི་པས་མངོན་དུ་བྱ་བ་ཞེས་བྱ་བའི་དོན་ཏོ། །དེས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་བས་ན་རྗེས་སུ་སྦྱོར་བས་ཞེས་པ་ནི་

དོན་དམ་པའི་བདེན་པ་དང་གཅིག་ཏུ་བྱས་པ་སྟེ། ཡེ་ཤེས་ཀྱི་སྐུ་དང་འོད་གསལ་བ་རོ་གཅིག་ཏུ་གྱུར་པའི་མཚན་ཉིད་ཀྱི་མངོན་པར་བྱང་ཆུབ་པའི་རིམ་པ་ལས་སོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ནི་བདེན་པ་གཉིས་ཀྱི་རྣམ་པས་དམིགས་ནས་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ།

རྣམ་པ་དང་བཅས་པ་དང་རྣམ་པ་མེད་པ་དང་ཐབས་དང་ཤེས་རབ་ལ་སོགས་པ་དབྱེར་མེད་པས་ཀྱང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། རྣམ་བཅས་དངོས་པོ་རྟོག་པ་དང་། །རྣམ་པ་མེད་པའི་རྟོག་པ་སྟེ། །གཅིག་ཏུ་བྱས་ནས་གང་དུ་སྤྱོད། །དེ་ནི་ཟུང་དུ་འཇུག་པར་བཤད། །

Vol. 32 · folio 267a

ཅེས་འབྱུང་ངོ་། །ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་མཚན་ཉིད་ནི་བྱང་ཆུབ་པོ། །དེ་ཉིད་བདེ་བ་ཆེན་པོའི་མཚན་ཉིད་གཅིག་པ་ཞེས་པ་ནི་ཆོས་ཀྱི་སྐུ་རོ་གཅིག་པའི་ངོ་བོ་རྟག་ཏུ་བདེ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། དེ་ཉིད་

ཟག་པ་མེད་པའི་དབྱིངས། །བསམ་གྱིས་མི་ཁྱབ་དགེ་བ་རྟག །བདེ་བ་རྣམ་པར་གྲོལ་བའི་སྐུ། །ཐུབ་པ་ཆེན་པོའི་ཆོས་ཞེས་བྱ། །ཞེས་འབྱུང་ངོ་། །རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་བའོ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་སྐུའོ་ཞེས་པའི་དོན་ཏོ། །དེས་ནི་ཟུང་དུ་

འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །དོན་འདི་ཉིད་ཅེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་རྫོགས་པའི་རིམ་པའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་རྡོ་རྗེ་ཕྲེང་བ་ལས་སོ། །ཉམས་དགའ་སངས་རྒྱས་ཀུན་གྱིས་བསྟེན། །ཞེས་པ་ནི་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་རང་བཞིན་སྐུ་རྣམ་པར་དབེན་པའོ། །བྷ་ག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའོ། །ཞི་བ་གཅིག་པུའི་མིང་ཞེས་པ་ནི་འགྲོ་བ་དང་འོང་བ་རྣམ་པར་གྲོལ་བའི་རང་བཞིན་གྱི་རྡོ་རྗེ་བཟླས་པའི་མཐར་ཐུག་པ་མ་ནིང་གི་བཟླས་པའོ། །རང་གི་སྐུ་ལ་སོགས་པའི་དེ་ཁོ་ན་

ཉིད་དེ་སྣང་བ་ལ་སོགས་པའི་ཡེ་ཤེས་རྣམས་སོ། །དེ་ཉིད་གཉིས་མེད་ཅེས་པ་ནི་སྟོང་པ་གསུམ་མོ། །དེ་འབྱུང་བ་ནི་གང་ལས་སྐྱེས་པ་སྟེ་དེ་ནི་རང་གི་ངོ་བོ་ཉིད་གཉིས་མེད་འབྱུང་སྟེ་འོད་གསལ་བའོ། །རྡོ་རྗེ་ནི་སྔར་བཤད་པའི་ལུས་ལ་སོགས་པའོ། །དེ་ཉིད་དུ་སྦྱོར་བ་ཞེས་པ་ནི་འོད་གསལ་བའི་

དེ་ཁོ་ན་ཉིད་བཞི་པ་དེ་ལ་སྔགས་དང་ཕྱག་རྒྱའི་རིམ་པས་མི་སྣང་བར་བྱའོ། །སངས་རྒྱས་རྗེས་དྲན་སྦྱོར་བ་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རོ་གཅིག་པར་བྱེད་པ་འོད་གསལ་བ་རྟོགས་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་བྷ་གར་ནི་འོད་གསལ་བ་ལའོ། །

ལིང་ག་ནི་ཐིམ་པ་ཉིད་ཡིན་པར་གྲགས་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེས་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །བཞུགས་པ་ཞེས་པ་སྒྱུ་མ་ལ་སོགས་པའི་རྣམ་པས་སོ། །གཉིས་མེད་སྦྱོར་བ་སྟེ་ཞེས་པ་ནི་སྦྱོར་བ་ནི་ཐ་མི་དད་དོ། །སངས་རྒྱས་གཟུགས་སུ་བསྒོམ་པའོ། །ཞེས་པ་ནི་

Vol. 32 · folio 267b

དེ་ལྟར་གྱུར་པའི་སངས་རྒྱས་ཀྱི་སྐུ་སྒྱུ་མའི་རྣམ་པའི་ལྷའི་སྐུའོ། །སྒོམ་པའི་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པའམ་ཅིག་ཅར་དུ་སྤྲོ་བར་བྱའོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ལས་ནི་དེ་ལ་དམིགས་ནས་མངོན་པར་བྱང་ཆུབ་པའི་རིམ་པའི་

མཚན་ཉིད་ཀྱི་མན་ངག་གང་ཡིན་པ་དེ་ལས་ནི་མན་ངག་བཞི་པ་མངོན་དུ་བྱེད་པའི་མཚན་ཉིད་འོད་གསལ་བ་ལས་སོ། །བློ་ལྡན་གྱིས་ཞེས་པ་ནི་རྣལ་འབྱོར་པ་ལས་སོ། །སྤྲོ་བ་ནི་ཞི་བ་དང་སྐྱེ་བ་ལ་མི་གནས་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་བསྐྱེད་པར་བྱའོ། །དེའི་ཚེ། །བ་སྤུའི་བུ་གའི་རྩེ་མོར་གནས། །

ཞེས་པ་ནི་བ་སྤུའི་བུ་ག་ལ་སོགས་པ་ལ་གནས་པའོ། །མཉམ་པ་མེད་པ་ཁྱད་པར་དུ། །ཞེས་པ་ནི་བརྗོད་དུ་མི་ནུས་པའོ། །སངས་རྒྱས་སྤྲིན་རྣམས་དེར་སྤྲོའོ། །ཞེས་པ་ནི་གཞན་གྱི་དོན་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་སྤྲོ་བར་བྱའོ་ཞེས་པ་འདིས་ཟུང་དུ་འཇུག་པའི་རིམ་པ་བསྟན་པ་

ཡིན་ནོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྒོ་ནས་རིམ་པ་ལྔའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་དོན་བསྡུ་བའི་ཕྱིར་བཤད་པར་བྱ་སྟེ། ཡོངས་སུ་དག་པའི་ལྷ་ཡི་སྐུ། །ཞེས་པ་ནི་ཟུང་དུ་འཇུག་

པའི་རིམ་པས་ཐོབ་པར་བྱ་བའི་རྡོ་རྗེ་འཆང་ཆེན་པོའི་ཕྱག་རྒྱའི་སྐུ་བསྐྱེད་ནས་སོ། །རྣལ་འབྱོར་པ་ཐམས་ཅད་ཀྱི་ཐུན་མོང་གི་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་གིས་ཐུན་མོང་བའོ། །སྙོམས་པར་འཇུག་པའི་རིམ་པ་ཞེས་པ་ནི་དབང་པོ་གཉིས་ཡང་དག་པར་སྦྱོར་བའི་མཚན་ཉིད་

ཅན་གྱི་རིམ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་ལ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་རྩོམ་ན་ཕྱག་རྒྱ་ལེགས་པར་སྤྱོད་པའི་དུས་སུ་སྙོམས་པར་འཇུག་པའི་རིམ་པ་བསྟན་པ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་རིམ་པ་ལྔ་ཆར་ལ་ཡང་

སྙོམས་པར་འཇུག་པའི་རིམ་པ་བསྟན་ཏོ། །ན་ཚོད་གཞོན་པ་ལ་སོགས་པ་དང་ལྡན་པའི་ཞེས་པ་ནི་གཞོན་པ་ཉིད་དང་མཛེས་པ་ཉིད་དང་དམ་ཚིག་དང་སྡོམ་པ་ལ་སོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། བུད་མེད་ནི་དམ་ཚིག་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་གང་ཡང་རུང་བའོ། །རྙེད་

Vol. 32 · folio 268a

ཅིང་ཞེས་པ་ནི་རྙེད་པ་དང་བསྒོམ་པར་བྱས་ནས་སོ། །དེར་ཇི་ལྟར་རྙེད་པའི་གཟུགས་དང་ཞེས་པ་ནི་ཐམས་ཅད་མ་ཚོགས་ན་ལས་ཀྱི་ཕྱག་རྒྱ་སྟེ། བྱོལ་སོང་ས་ལ་འང་རབ་ཏུ་བརྟག །ཅེས་འབྱུང་བས་སོ། །ཡན་ལག་མ་ཉམས་པ་གཟུགས་དང་ལྡན་ཞིང་ཞེས་པ་ནི་

རིགས་དང་རྗེས་སུ་མཐུན་པ་ཨུཏྤ་ལ་སྔོན་པོའི་ཁ་དོག་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་དབེན་ཞིང་ཡིད་དང་མཐུན་པ་ཞེས་པ་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པའི་རྣལ་འབྱོར་པ་དག་གིས་ལྷ་ཁང་སུམ་བརྩེགས་ལ་སོགས་པའོ། །གཟུགས་ལ་སོགས་པའི་

ཡུལ་གྱི་མཚན་ཉིད་ཀྱི་མཆོད་པ་བརྩམ་པར་བྱའོ་ཞེས་པ་ནི་དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་དྲ་བའི་བདེ་མཆོག་གི་རིམ་པའི་རྒྱུད་ལས་གསུངས་པས་ཆགས་པའི་རོལ་པ་ལ་སོགས་པའི་རྒྱ་ཆེ་བའི་མཚན་ཉིད་ཀྱི་ཡུལ་གྱི་མཆོད་པ་བྱའོ། །གང་གིས་ཤེ་ན་

ཞེས་བྱ་བ་ལ་སོགས་པས་བརྩོན་པའི་དུས་སུ་བྱ་བ་བཤད་པར་བྱ་སྟེ། ཡུལ་དུ་བྱིན་གྱིས་བརླབས་པ་ན། །ཞེས་པ་ནི་ཡུལ་རྣམས་ལེན་པའམ་དམིགས་པའམ་དེ་ལས་གཟུང་བའི་གཙོ་བོའི་སྒོ་ནས་འབྱུང་བའོ། །འདོད་ཆགས་ལ་སོགས་པ་རང་བཞིན་གསུམ་ཞེས་པ་ནི་ཆགས་པ་བྲལ་བ་དང་ཆགས་པ་དང་

ཆགས་པ་བར་མ་ལ་སོགས་པ་སྟེ། ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་དུ་འོང་བའི་ཡུལ་རྣམས་ཞེས་པ་ནི་རྣམ་པ་གསུམ་གྱི་ཡུལ་རྣམས་གཅིག་ཏུ་བྱ་སྟེ་ཡིད་དུ་འོང་བའི་ཡུལ་ཞེས་བྱའོ། །ཡུལ་གསུམ་པོ་དག་གིས་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་

རྒྱུར་གྱུར་པའི་ཡུལ་རྣམས་ཞེས་བྱ་བའི་དོན་ཏོ། །ངག་གི་བདག་ཉིད་མཆོད་པར་བྱའོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་འབྲེལ་པ་དང་ལྡན་པའི་ཡུལ་རྣམས་ཉེ་བར་སྤྱོད་པ་ལ་བརྟེན་ནས་རང་གི་རྒྱུད་ཚིམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྡོ་རྗེ་

འཆང་ཆེན་པོ་ནི་དབུས་ཀྱི་གཙོ་བོ་སྟེ་དཔལ་རྡོ་རྗེ་སེམས་དཔའོ། །རེག་བྱ་རྡོ་རྗེ་ནི་དབུས་ཀྱི་གཙོ་བོ་སྟེ་ཁྱད་པར་དུ་མ་གཟུང་བས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་རིགས་ཀྱི་དབྱེ་བས་གནས་པ་ཞེས་པའི་ཐ་ཚིག་གོ། །འདི་ནི་དེ་བཞིན་གཤེགས་པའི་ཡིན་པས་ན་ཞེས་པ་ནི་

Vol. 32 · folio 268b

རྣམ་པར་སྣང་མཛད་ཀྱི་རིགས་ལས་འབྱུང་བའོ། །རིགས་དེའི་ཕྱག་རྒྱ་གཞན་རྣམས་ཀྱིས་ནི་ཞེས་པ་ལ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པའི་རིགས་ཀྱི་འབྲེལ་པ་དང་ལྡན་པའི་ཕྱག་རྒྱ་གང་ཡིན་པ་དེ་རྣམས་ཀྱི་ནང་ན་གཙོ་བོ་ནི་བཙུན་མོ་ཡིན་པས་སོ། །ཉོན་མོངས་པ་དང་ཤེས་བྱའི་

སྒྲིབ་པ་ལ་སོགས་པ་སྤོང་བའི་ཕྱོགས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་པོ་གཙོ་བོ་ཡིན་པས་སོ། །བཙུན་མོ་ཆེན་མོ་སྟེ་སྔར་བཤད་པ་ཞེས་པ་ནི་སྔ་མ་བཞིན་དུ་མཚན་ཉིད་དང་ལྡན་པ་ཞེས་བྱའོ། །མ་བཤད་པ་རྣམས་ཀྱང་བསྡུས་པའི་དོན་ཏོ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ལ་སོགས་

པའི་དེ་བཞིན་གཤེགས་པའི་རིགས་གཟུང་བར་བྱ་བའི་ཕྱིར་རོ། །དེ་ཉིད་རིན་པོ་ཆེའི་རྣལ་འབྱོར་པས་མཱ་མ་ཀཱིར་བསྒོམ་པར་བྱའོ་ཞེས་པ་ནི་རིགས་ཀྱི་དབང་གིས་བསྒོམ་པར་བྱའོ་ཞེས་དགོངས་པའོ་ཞེས་སྦྱོར་རོ་ཞེས་པ་ནི་བྱ་བའི་ཚིག་མེད་ཀྱང་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ལ་

སོགས་པས་གསུང་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དེ་ཉིད་གོས་དཀར་མོ་དང་སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱ་ཞེས་བསྟན་ཏོ། །སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ཞེས་པ་ནི་རྡོ་རྗེ་དང་པདྨ་གཉིས་ཞེས་བྱ་བའི་དོན་ཏོ། །ཕན་ཚུན་རྗེས་སུ་ཆགས་པས་སྔོན་དུ་འགྲོ་བས་ཞེས་

བྱ་བའི་རིམ་པ་ཡིན་ཏེ། རེ་ཞིག་དང་པོར་རྣལ་འབྱོར་པས་ཇི་ལྟར་བཤད་པའི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་བླངས་ལ། དེའི་ཡན་ལག་དང་ཉིང་ལག་ལ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་ས་བོན་དགོད་ཅིང་མིག་དང་ལྕགས་ཀྱུ་དང་བ་དན་དང་སྡིགས་མཛུབ་གཉིས་ལ་སོགས་

པའི་ལག་པའི་ཕྱག་རྒྱ་དེའི་པདྨའི་ནང་དུ་བཅུག་ལ་བྱང་ཆུབ་སེམས་འཛག་པ་འདོད་པའི་གདུགས་ལ་སོགས་པའི་རྩ་རྣམས་དྲོ་བའི་རེག་པ་རྙེད་པའི་བར་དུ་བསྐུལ་ནས་རང་གི་རྡོ་རྗེའི་རྩེ་མོ་ནས་འོད་ཟེར་གྱི་ཚོགས་སྤྲོ་ཞིང་། ལྷ་མོའི་པདྨའི་སྣར་ཞུགས་པ་དེས་དེའི་ལུས་པོའི་ནང་གསལ་

བར་བྱས་ནས་པདྨ་ལས་ཀྱང་འོད་ཟེར་གྱི་ཚོགས་སྤྲོས་ཏེ། རྡོ་རྗེའི་ལམ་ནས་ཐབས་ཀྱི་ལུས་དེས་གསལ་ཞིང་འདོད་པས་འབྱུང་ན་རང་ཉིད་ཀྱིས་ཐབས་ཀྱི་རྐེ་ལ་འཁྱུད་པའི་འདོད་པ་དང་ལྡན་པའི་ཕྱག་རྒྱ་འགྱུར་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཱུཾ། །ཞེས་བརྗོད་ནས་རྡོ་རྗེ་

Vol. 32 · folio 269a

དང་པདྨ་སྦྱོར་བའི་དུས་སུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་བརྗོད་པས་བསྒོམ་པ་གང་ཡིན་པ་དེ་ནི་ཕན་ཚུན་རྗེས་སུ་ཆགས་པར་རྣལ་འབྱོར་པས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁྱུད་པ་ལ་སོགས་པའི་ལས་རྗེས་སུ་བསྟེན་པ་སྟེ་ཞེས་

པ་ནི་འཁྱུད་པ་དང་འོ་དང་འཇིབ་པ་དང་སོ་དང་སེན་མོ་གདབ་པ་ལ་སོགས་པ་རང་གི་བྱ་བ་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གཅིག་པས་སོ། །མཆོག་ཏུ་དགའ་བའི་མཚན་ཉིད་གཅིག་པ་སྟེ་ཞེས་པ་ནི་བདེ་བ་ཆེན་པོ་

ཞེས་བྱའོ། །འདིར་ཞེས་བྱ་བ་ལ་སོགས་པས་རིམ་པ་གཉིས་སྒོམ་པ་པོའི་ནང་ན་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ལ་ངེས་པར་གཟུང་བར་བྱ་སྟེ་སྔགས་པ་རྗེས་སུ་གཞོལ་བ་རྣམས་ཀྱི་ཞེས་པ་ནི་སྔགས་ལ་མངོན་པར་ཞེན་པ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིའོ། །ཆོ་ག་ནི་

སྔགས་དགོད་པའི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་ནི་ཐུགས་རྡོ་རྗེའི་ས་བོན་ལས་འབྱུང་བ་རྩེ་ལྔ་པའི་རྡོ་རྗེ་བསྒོམ་པར་བྱའོ། །ཨོཾ་གྱིས་ནོར་བུའི་ཆ་བྱིན་གྱིས་བརླབ་པར་བསམ་པ་དང་ཞེས་པ་ནི་སྲ་བ་ཡིན་པས་རྣམ་པར་སྣང་མཛད་ཀྱི་ས་བོན་གྱིས་

བྱིན་གྱིས་བརླབ་པར་བྱའོ། །ཨ་ལས་ཕྱག་རྒྱའི་པདྨ་མངོན་པར་འདུས་བྱས་པ་ཞེས་པ་གསུང་རྡོ་རྗེ་འཆང་གི་ས་བོན་ཤེས་རབ་ཀྱི་རང་བཞིན་གྱིས་དམ་ཚིག་གི་ཕྱག་རྒྱའི་ཆོས་འབྱུང་ས་བོན་དེ་ཉིད་ལས་བསྐྱེད་ཅིང་དེ་ཉིད་དགོད་པར་བྱ་སྟེ། དེ་ཤེས་རབ་ཀྱི་ཡན་ལག་ཡིན་པས་ཤེས་

རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ནི། ནམ་མཁའི་ཁམས་ཀྱི་རང་བཞིན་གྱི་རྒྱ་ཆེ་བའི་སེམས་ཀྱིས་སོ། །ཡི་གེ་ཧཱུྃ་གི་རླུང་དང་དགའ་བ་ཉིད་ཀྱིས་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལས་འབྱུང་བའི་ཡི་གེ་ཧཱུྃ་གི་དབུགས་

བསྒོམས་པས་མཉེས་ནས་ཏེ། རང་གི་ཕྱག་རྒྱ་མཉེས་ནས་མཆོག་གི་བསྙེན་པ་ལ་སོགས་པས་སྣང་བ་ལ་སོགས་པའི་ཡེ་ཤེས་འབྱུང་བ་དང་ཡང་དག་པར་སྦྱར་ནས་སོ། །ཡི་གེ་ཕཊ་ཀྱི་སྒྲས་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་བདེ་བ་ཆེན་པོ་ཉམས་སུ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words