སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ

Sanskrit title (Tibetan script, as in the text) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 32 · folio 216b

སྤྱོད་པ་བཟང་པོ་དེ་རྣམས་ཞེས་པ་ནི་སྐད་ཅིག་ཙམ་གྱིས་བསྐལ་པའི་དངོས་པོ་རྣམས་མཐོང་བ་ལ་གཞོལ་བའོ། །མཉེས་ཤིང་ཞེས་བྱ་བ་ལ་སོགས་པས་འགྲོ་བའི་མིག་ལ་བདེ་བ་སྟེར་བར་འགྱུར་ཏེ་ཆོག་མི་ཤེས་པ་ཡིན་པའི་ཕྱིར་རོ། །དེ་དུས་བརྩམས་ནས་དེ་ནི་རྟོག་མེད་པ། །དེ་ཡི་དབྱིབས་

དང་ཁ་དོག་མཚན་ཅི་བཞིན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །སྡོམ་པ་དེ་ལས་བྱ་བ་བྱས་པས་ཐོབ། །ཅེས་འབྱུང་ངོ་། །དེ་བཞིན་དུ། མི་བསྐྱོད་བསྟེན་པའི་རྣལ་འབྱོར་པ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་བཤད་པའི་རྒྱུད་ལས་གསུངས་སོ། །དྲང་བའི་

དོན་ཏོ་ཞེས་པ་ནི། །བསྐྱེད་པའི་རིམ་པ་གཙོ་བོར་གྱུར་པའི་དཀྱིལ་འཁོར་བསྟན་པའི་ཕྱིར་རོ། །ལུང་གི་བཤད་པ་བརྗོད་པར་བྱ་བ་ཞེས་པས་དཀྱིལ་འཁོར་གྱི་རྣམ་པར་དག་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར་བདག་ཉིད་ཀྱི་ཡེ་ཤེས་ནི་དཀྱིལ་འཁོར་ལྟ་བུར་སྣང་ངོ་ཞེས་བསྟན་

པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། །ཐུགས་ཀྱང་ཡིན་ལ་ཐུགས་ཉིད་དཀྱིལ་འཁོར་ཡིན་པས་ཐུགས་ཀྱི་དཀྱིལ་འཁོར་དེ་ལས་འཛིན་པའོ། །འདིར་རང་བཞིན་གྱིས་སམ་རྣམ་པར་དག་པའི་རིམ་པས་དག་པའི་སེམས་གང་ཡིན་པ་དེ་ཉིད་སྙིང་པོ་ལེན་པས་ན་དཀྱིལ་འཁོར་

ཞེས་བྱའོ། །རྡོ་རྗེ་ཡེ་ཤེས་ནི་ཡེ་ཤེས་ལྔ་སྟེ་དེ་དང་འདྲ་བ་ནི་དེའི་རང་བཞིན་ཏེ་དེའི་བདག་ཉིད་དུ་འཇུག་པ་ཞེས་བྱ་བའི་དོན་ཏོ། །ལུས་ལ་སོགས་པ་ཐ་མལ་པའི་ངོ་བོ་སྤངས་ནས་འོད་གསལ་བའི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ཉིད་ཐུགས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བའི་སྙིང་པོ་ལེན་པས་ན་སྐུ་གསུང་

ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་དགུའི་བདག་ཉིད་ཅེས་པ་ནི་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཉེ་བར་ཐོབ་པ་དང་སྟོང་པ་དང་ཤིན་དུ་སྟོང་པ་དང་སྟོང་པ་ཆེན་པོ་དང་ཤེས་རབ་དང་ཐབས་དང་མ་རིག་པའི་རང་བཞིན་ནོ། །ཡང་ན་གསུང་རབ་ཡན་

ལག་དགུ་པའི་རང་བཞིན་ཞེས་ཁ་ཅིག་ཟེར་རོ། །དེའི་ཕྱིར་མཆོག་ཡིན་ནོ། །སྣ་ཚོགས་ལུང་གི་བརྡར་གྱུར་པ། །ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ལུང་གིས་ཉེ་བར་མཚོན་པའི་སེམས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སེམས་ནི་གཅིག་ཡིན་ཏེ་ཉན་ཐོས་ལ་སོགས་པའི་རིགས་སྣ་ཚོགས་པའི་

Vol. 32 · folio 217a

གདུལ་བྱའི་དབང་གིས་ངོ་བོ་ཐ་དད་པར་སྣང་སྟེ། ངོ་བོ་སྣང་བ་ཐམས་ཅད་སེམས་ཀྱི་མེ་ལོང་ལ་གཟུགས་བརྙན་དུ་སྣང་སྟེ། ཤེལ་གྱི་ནོར་བུ་ལ་སྔོན་པོ་ལ་སོགས་པ་བཞིན་ནོ། །ལྷ་རྣམས་ལ་ནི་དམིགས་པའི་ཕྱིར། །སེམས་ཅན་མོས་པ་སྣ་ཚོགས་པ། །སེམས་རྡོ་རྗེ་ལས་རྣམ་གྲོལ་

བའི། །ལྷ་གཞན་གྲུབ་པ་མ་ཡིན་ནོ། །སེམས་ཀྱི་བྱང་ཆུབ་རྙེད་བྱ་བ། །སེམས་ཀྱིས་འགྲོ་བ་ལྔར་འགྲོ་བ། །སེམས་ལས་མ་གཏོགས་ཁ་ཅིག་ནི། །བདེ་དང་སྡུག་བསྔལ་མཚན་ཉིད་མེད། །ཅེས་འབྱུང་ངོ་། །ཀུན་རྫོབ་ནི་བཏགས་པའི་ཚུལ་དུ་སོ་སོར་སྣང་བ་སྟེ་དངོས་པོའི་ཚོགས་སོ། །དོན་

དམ་པ་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་དེ་སྟོང་པ་ཉིད་དོ། །རྣམ་པར་རྟོག་པ་གཞན་མེད་པ། །རྣམ་པར་རྟོག་པ་ཀུན་རྫོབ་བཤད། །རྣམ་པར་རྟོག་པ་ལྡོག་པ་ཡིན། །དོན་དམ་པ་ནི་དེ་ཉིད་ཡིན། །ཞེས་བཤད་དོ། །ཀུན་རྫོབ་དང་ནི་དོན་དམ་པ་དེ་དག་ཕན་ཚུན་མེད་པར་མི་འབྱུང་

བས་འཇུག་པ་ཡིན་ཏེ། །འཕགས་པ་བརྒྱད་སྟོང་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལས། ཇི་སྐད་དུ། རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་དང་། གཟུགས་ཀྱང་སྟོང་པ་ཉིད་དང་། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་ཐ་དད་པ་མ་ཡིན། སྟོང་པ་ཉིད་

ལས་ཀྱང་གཟུགས་ཐ་དད་པ་མ་ཡིན་ཏེ། །གཉིས་སུ་མེད་པ་རྣམ་པ་གཉིས་མེད་པ་བཅད་དུ་མེད་པ་ཞེས་འབྱུང་ངོ་། །ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཀྱང་། །མེད་པར་མི་འབྱུང་ངེས་པ་ནི། །བྱས་དང་མི་རྟག་པ་བཞིན་ནོ། །ཞེས་འབྱུང་ངོ་། །ཀུན་རྫོབ་དང་དོན་དམ་པ་དེ་དག་སེམས་གང་ལ་དབྱེར་མེད་པར་

སྣང་བ་དེ་གཉིས་པ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོས་མཛེས་པ་ཞེས་བསྟན་ཏེ། རྣམ་པར་རྟོག་པ་གཉིས་ཀྱི་དྲི་མ་དང་བྲལ་བའི་ཕྱིར་རོ། །ཡང་ན་ཀུན་རྫོབ་ནི་ཡེ་ཤེས་ཀྱི་སྐུ་སྟེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སོ། །དོན་དམ་པ་ནི་འོད་གསལ་བ་སྟེ། །མངོན་པར་བྱང་ཆུབ་ཀྱི་རིམ་

པས་སོ། །དེ་དག་གཉིས་སུ་མེད་པའི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བའི་རྡོ་རྗེའི་སྐུ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་མཛེས་པ་ནི་བསྐལ་པའམ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པས་སོ། །ཤེས་རབ་འདི་ནི་ཐིག་

Vol. 32 · folio 217b

ཡིན་ཏེ། །ཞེས་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་སོ་སོར་རྟོག་པར་བྱེད་པའི་བདག་ཉིད་ཅན་གྱི་བློ་ནི་ཤེས་རབ་བོ། །དེ་ཉིད་ཐིག་བཏབ་པ་ཡིན་ཏེ་ཁམས་གསུམ་པ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཉིས་སོ། །དེའི་རང་བཞིན་གྱིས་མཚོན་པས་སོ། །ཆད་པའི་ཕྱོགས་སྤང་བར་བྱ་བའི་

དོན་དུ་ཐབས་ནི་དེའི་རྗེས་སུ་འཇུག་པ་ཞེས་སྨོས་ཏེ། འགྲོ་བ་མ་ལུས་པའི་དོན་བྱེད་པའི་སྙིང་རྗེ་ཆེན་པོ་ནི་ཐབས་སོ། །དེ་ལ་རྗེས་སུ་འཇུག་པ་ནི་ལྡང་བའོ། །ཤེས་རབ་ཅེས་བྱ་བ་ནི་ཐིག་གདབ་པ་ཡིན་ཏེ། ཤེས་རབ་དང་སྙིང་རྗེ་དག་གིས་སེམས་ཅན་གྱི་དོན་འགྲུབ་པའི་ཕྱིར་རོ། །ཆོས་དང་ལོངས་

སྤྱོད་རྫོགས་པ་ཞེས་པ་ནི་སྐུ་གཉིས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་ཏེ་ཐུགས་ཀྱི་དཀྱིལ་འཁོར་རོ། །དེ་ལ་ཟག་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ཉིད་དོ། །དེ་ཉིད་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་མཚན་དང་དཔེ་བྱད་ཀྱིས་མཛེས་

པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཤེས་རབ་ཐབས་ཀྱི་ཐིག་གཅིག་གིས། །ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཙོར་གྱུར་པའི་སེམས་ཀྱི་རྒྱུད་ཀྱིས་སོ། །ཐུགས་ཀྱི་དཀྱིལ་འཁོར་ཐིག་གདབ་བྱ། །ཞེས་པ་ནི་དེའི་བག་ཆགས་དང་ལྡན་པའི་སེམས་ཀྱི་རྒྱུད་བྱ་བ་གང་ཡིན་པ་དེ་ནི་ཐིག་

བཏབ་པ་ཞེས་བྱའོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་པ། །ཞེས་པ་ནི་འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། ཤི་བའོ། །དེ་རྣམས་

ལས་དང་པོ་དང་བརྒྱད་པ་དང་དགུ་པ་ནི་ཉོན་མོངས་པའོ། །གཉིས་པ་དང་བཅུ་པ་ནི་ལས་སོ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །གསུམ་པོ་དེ་དག་གིས་བསྡུས་པའི་ཡན་ལག་བཅུ་གཉིས་ཀྱིས་འགྲོ་བ་འདི་ཉིད་ཡོངས་སུ་འཁོར་ཏེ་འཁྲུལ་འཁོར་བཞིན་ནོ། །དེ་ལ་དབང་ཕྱུག་ལ་སོགས་

པ་བྱེད་པ་པོ་ཁ་ཅིག་ཡོད་པ་མ་ཡིན་ཏེ། གང་གིས་འདི་སྤྲུལ་པར་བྱ་བ་ཡིན། ཡན་ལག་བཅུ་གཉིས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གྱི་སྲིད་པ་འཁོར་ལོ་འདི་མཐོང་བ་དང་། བསྒོམ་པའི་ལམ་གང་གིས་སྦྱང་བར་བྱ་བ་དེ་ནི་སེམས་ཉིད་ཁྲུ་བཅུ་གཉིས་པའི་དཀྱིལ་འཁོར་ཞེས་

Vol. 32 · folio 218a

བྱའོ། །བདེན་པ་ནི་བཞི་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མོ། །དེ་ལ་འཕགས་པ་རྣམས་ཀྱི་བདེན་པ་གཉིས་དང་། འཕགས་པ་རང་གི་བདེན་པ་གཉིས་སོ། །དེ་ལ་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྟེ་འབྲས་བུའོ། །ཀུན་འབྱུང་ནི་མ་

རིག་པ་དང་སྲིད་པ་སྟེ་རྒྱུའོ། །འགོག་པ་ནི་ཉོན་མོངས་པ་དང་བྲལ་བའི་མཚན་ཉིད་དོ། །ལམ་ནི་རྣམ་པ་ལྔ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་སོ། །དེ་རྣམ་པར་དག་པར་བྱེད་པ་སེམས་ཉིད་ནི་བཞི་ཞེས་བྱ་བའི་དོན་ཏོ། །ཚངས་པའི་གནས་བཞི་ཞེས་པ་ནི་བྱམས་པ་དང་སྙིང་

རྗེ་དང་དགའ་བ་དང་བཏང་སྙོམས་སོ། །དེ་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་བསམ་པ་གང་ཡིན་པ་དེ་ནི་བྱམས་པ་སྟེ། རྣམ་པར་སྡང་བ་དང་ཁྲོ་བ་ལ་སོགས་པ་ལྡོག་པར་བྱེད་པའི་ལས་ཅན་ནོ། །སྡུག་བསྔལ་དང་ལྡན་པའི་སེམས་ཅན་རྣམས་སྡུག་བསྔལ་དང་

བྲལ་བར་གྱུར་ཅིག་ཅེས་བསམ་པ་ནི་སྙིང་རྗེའོ། །བསོད་ནམས་ཅན་གྱི་སེམས་ཅན་རྣམས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའི་བསམ་པ་གང་ཡིན་པ་དེ་ནི་དགའ་བའོ། །བསོད་ནམས་མེད་པའི་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་དང་རྗེས་སུ་ཆགས་པ་དང་བྲལ་བའི་བསམ་པ་གང་ཡིན་པ་དེ་ནི་བཏང་

སྙོམས་སོ། །དེ་རྣམ་པར་དག་པའི་རྣལ་འབྱོར་པའི་སེམས་ཉིད་གྲྭ་བཞི་ཡིན་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་བདེ་བ་དང་སྡུག་བསྔལ་བ་དང་བསོད་ནམས་དང་བསོད་ནམས་མེད་པའི་ཡུལ་ཅན་བསྒོམ་པས་སེམས་དག་པར་འགྱུར་རོ་ཞེས་འབྱུང་

བ་དང་། དེ་བཞིན་དུ། བསམ་གཏན་ཚད་མེད་གཟུགས་མེད་པས། །ཚངས་པ་ལ་སོགས་བདེ་ཐོབ་འགྱུར། །ཞེས་འབྱུང་ངོ་། །བསྡུ་བའི་དངོས་པོ་གྲངས་ནི་བཞི་སྟེ། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་དང་། དོན་མཐུན་པའོ། །ཡན་ལག་བཞི་པོ་དེ་དག་གི་རྣལ་འབྱོར་པས་སེམས་ཅན་

རྣམས་བསྡུ་བར་འགྱུར་རོ། །ལོངས་སྤྱོད་འདོད་པ་ལ་ནི་སྦྱིན་པས་བསྡུས་སོ། །ང་རྒྱལ་དང་ལྡན་པ་དང་ཞེ་སྡང་དང་བཅས་པ་ལ་ནི་ཚིག་སྙན་པས་སོ། །གཏི་མུག་དང་ལྡན་པ་ལ་ནི་དོན་སྤྱོད་པས་སོ། །དེ་དག་ཐམས་ཅད་ལ་ནི་དོན་མཐུན་པས་སོ། །རྣམ་པར་དག་པ་དེ་ཉིད་ཀྱིས་རྣལ་འབྱོར་པའི་

Vol. 32 · folio 218b

སེམས་ཉིད་ནི་སྒོ་བཞི་ཡིན་ཏེ། གང་གི་ཕྱིར་སྒོ་ནས་ཇི་ལྟར་སྲོག་ཆགས་རྣམས་ཁང་པ་ལ་སོགས་པ་ལ་འཇུག་པ་དེ་བཞིན་དུ་བསྡུ་བའི་དངོས་པོའི་སྒོ་ནས་ཐར་པའི་གྲོང་ཁྱེར་ལ་སེམས་ཅན་རྣམས་འཇུག་པ་ལ་འཇུག་གོ། །རེ་རེ་ནི་བསྡུ་བའི་དངོས་པོ་རེ་རེའི་གྲངས་ཀྱིས་བཞིའི་མིང་ཅན་ནི་སྒོ་བཞི་པོའི་

མིང་གི་ཐ་སྙད་དུ་བྱའོ། །ཆོས་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་དོན་ནི་དོན་དམ་པའི་བདེན་པའོ། །དེ་དག་དབྱེར་མེད་པ་སྟེ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བརྡ་སྟེ་མིང་ཅན་ནོ། །འཁོར་ལོའི་ནང་གི་དཀྱིལ་འཁོར་རོ་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་ཞེས་པ་སྟེ་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་

དེ་ཁོ་ན་ཉིད་ནི་ནང་གི་དཀྱིལ་འཁོར་གྱི་རྣམ་པ་སོ་སོར་སྣང་བ་སྟེ་སེམས་ཉིད་ཅེས་བྱ་བའི་དོན་ཏོ། །མི་བྱེད་ཡེ་ཤེས་མཚན་མ་སྟེ། །ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །རྡོ་རྗེ་ཨིནྡྲ་ནཱི་ལ་རྒྱ། །ཞེས་པ་ལ་དབུས་སུ་མི་བསྐྱོད་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་སེམས་ཉིད་དོ་ཞེས་བྱ་བའི་དོན་ཏེ། །

མི་ཕྱེད་པའི་རང་བཞིན་ཡེ་ཤེས་དེ་ཉིད་སེམས་ཏེ་དེའི་རྣམ་པ་ལྔ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རྣམ་པ་ལྔ་ཡི་དབྱེ་བར་བཤད། །ཅེས་སྨོས་ཏེ་སེམས་ཉིད་གང་ཡིན་པ་དེ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ཏེ་དྲི་མ་རྣམས་གློ་བུར་བ་ཡིན་པའི་ཕྱིར་རོ། །ཆུ་ཁམས་གསེར་དང་ནམ་

མཁའ་ནི། །དག་པ་བཞིན་དུ་དག་པར་འདོད། །ཅེས་འབྱུང་ངོ་། །ཡེ་ཤེས་ལྔ་ནི་ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་ལྔའི་གཉེན་པོའི་ཕྱོགས་ཡིན་པས་རྩེ་མོ་འཁོར་བ་འཇིགས་བྱེད་པའོ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པའོ། །ཞེས་འབྱུང་ངོ་། །

རྒྱུད་ཕྱི་མ་ལས་ཀྱང་། །སྤང་བྱ་ལྔ་དང་རིག་པ་ལྔ། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །ཞེས་འབྱུང་ངོ་། །ཤར་ནས་ཞེས་བྱ་ལ་སོགས་པས་རྣམ་པར་སྣང་མཛད་ཀྱི་མཚན་མ་འབར་བ་དང་བཅས་པའི་འཁོར་ལོ་གང་ཡིན་པ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱ་སྟེ། དེ་བས་ན་རྣལ་

འབྱོར་པའི་སེམས་ལ་བསྒོམ་པའི་དུས་སུ་ས་དང་པོར་མཐོང་བའི་ལམ་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་འབྱུང་བར་འགྱུར་རོ། །དེ་བས་ན་ཕྱི་རོལ་དུ་ཡང་ཤར་ཕྱོགས་སུ་དེ་ཉིད་རྣམ་པར་དགོད་པར་བྱའོ། །དེ་བཞིན་དུ་ལྷོ་རུ་ཞེས་བྱ་བ་ལ་སོགས་པས་ལྷོ་ཕྱོགས་སུ་ཡིད་བཞིན་ནོར་བུ་རིན་ཆེན་གང་

Vol. 32 · folio 219a

ཡིན་པ་དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་སེམས་ཉིད་དུ་རྟོགས་པར་བྱའོ། །བསྒོམ་པའི་ལམ་གྱི་ས་གཉིས་པ་དང་གསུམ་པ་དང་བཞི་པ་ལ་དེ་ཉིད་ཁམས་གསུམ་པ་དང་དབྱེར་མེད་པའི་སྣང་བས་སོ། །དེ་བས་ན་རིན་ཐང་མེད་པ་དང་། དཀོན་པས་ན་དེ་ཉིད་རིན་པོ་ཆེ་

ཞེས་བྱའོ། །ནུབ་ཏུ་ཞེས་བྱ་བ་ལ་སོགས་པས་ནུབ་ཀྱི་ཕྱོགས་སུ་ངག་གི་དབང་ཕྱུག་གི་མཚན་མ་པདྨ་གང་ཡིན་པ་དེ་ནི་ཀུན་དུ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱ་བ་སྟེ། ས་ལྔ་པ་དང་དྲུག་པ་དང་བདུན་པ་ལ་ཁམས་གསུམ་ཡང་དག་པར་སོ་སོར་རྟོག་པའི་

བདག་ཉིད་དུ་སྐྱེས་པའི་ཕྱིར་རོ། །བྱང་དུ་ཞེས་བྱ་བ་ལ་སོགས་པས་བྱང་ཕྱོགས་སུ་རལ་གྲི་གང་ཡིན་པ་དེ་ནི་ཁམས་གསུམ་གྱི་ཡུལ་གྱི་རྣམ་པར་རྟོག་པ་གཅོད་པར་བྱེད་པས་ན་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱ་སྟེ། ས་བརྒྱད་པ་དང་དགུ་པ་དང་། །བཅུ་པ་ལ་ཀུན་གཞི་

གནས་སུ་གྱུར་པ་དང་། ལས་ཀྱི་དབང་དང་ཡེ་ཤེས་ཀྱི་དབང་གིས་རང་བཞིན་དེ་སྐྱེས་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་གྱི་དོན་མཛད་ཀྱང་། སེམས་ཅན་རྣམས་ནི་མི་དམིགས་ཏེ། །སྐྱེས་བུ་ཡིད་

བཞིན་ནོར་བུ་བཞིན། །དེ་ཡི་ཕྲད་པ་ཙམ་གྱིས་ནི། །རྩིག་པ་ལ་སོགས་རྣམས་ལས་ཀྱང་། །ཇི་བཞིན་བསྟན་པ་རྣམས་འབྱུང་ངོ་། །ཞེས་འབྱུང་ངོ་། །ཤར་ལྷོ་ཞེས་བྱ་བ་ལ་སོགས་པ་ལ་མེའི་མཚམས་སུ་སངས་རྒྱས་སྤྱན་མའི་མཚན་མ་མིག་གང་ཡིན་པ་དེ་ནི་དགའ་བ་དང་སྦྱོར་བའི་འདོད་

པ་མཐོང་བའི་རང་བཞིན་ཚངས་པའི་གནས་བྱམས་པ་ཞེས་བྱ་བའི་ངོ་བོ་རང་གི་སེམས་ཉིད་དུ་ཤེས་པར་བྱའོ། །ལྷོ་ནུབ་ཅེས་བྱ་བ་ལ་སོགས་པ་ནི་བདེན་བྲལ་གྱི་མཚམས་སུ་མཱ་མ་ཀཱིའི་མཚན་མ་རྡོ་རྗེ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་དང་བྲལ་བར་འདོད་པའི་མཚན་ཉིད་ཚངས་པའི་གནས་སྙིང་རྗེ་ཞེས་

བྱ་བའི་རང་བཞིན་རྣལ་འབྱོར་པའི་སེམས་ཉིད་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་གྱི་ངོ་བོ་རྣམས་གཞོམ་པའི་ཕྱིར་རོ། །ནུབ་བྱང་ཞེས་བྱ་བ་ལ་སོགས་པ་ནི་རླུང་གི་མཚམས་སུ་གོས་དཀར་མོའི་མཚན་མ་པདྨ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་སྤྱོད་པ་རྗེས་སུ་ཡི་རང་བའི་མཚན་ཉིད་

Vol. 32 · folio 219b

ཚངས་པའི་གནས་དགའ་བ་ཞེས་བྱ་བའི་ངོ་བོ་སེམས་ཉིད་དུ་ཤེས་པར་བྱ་སྟེ། པདྨ་ཁ་ཕྱེ་བ་ནི་དགའ་བ་དང་ལྡན་པའི་བདེ་བ་རྒྱས་པར་འགྱུར་བའི་ཕྱིར་རོ། །བྱང་ཤར་ཞེས་བྱ་བ་ལ་སོགས་པ་ནི་དབང་ལྡན་གྱི་མཚམས་སུ་བཅོམ་ལྡན་འདས་མ་སྒྲོལ་མའི་མཚན་མ་ཨུཏྤལ་སྔོན་པོ་གང་ཡིན་པ་དེ་ནི་དགེ་བ་དང་མི་

དགེ་བའི་དྲི་མ་གཉིས་དང་བྲལ་བ་བཏང་སྙོམས་ཀྱི་ངོ་བོའི་སེམས་ཉིད་དེ། ཨུཏྤ་ལ་བཞིན་དུ་འདམ་ལས་བྱུང་ན་ཡང་དེའི་སྐྱོན་གྱིས་མི་གོས་པའི་ཕྱིར་རོ། །དེ་བཞིན་དུ་སྦྱིན་པ་ལ་སོགས་པ་བསྡུ་བའི་དངོས་པོ་བཞི་དོན་དང་ལྡན་པའི་མིང་ཅན་སྔར་བཤད་པ་གང་ཡིན་པ་དེ་དག་ཤར་ལ་སོགས་པའི་སྒོ་

བཞི་ལ་གནས་པ་འཕགས་པ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་བཞིའི་མཚན་མ་ཐོ་བ་ལ་སོགས་པ་བཞིའི་རང་བཞིན་གྱི་སེམས་ཉིད་དུ་ཤེས་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་བཞིན་ཤར་སྒོར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ཕྱག་རྒྱ་དགོད་པའི་མཚན་ཉིད་ནི་ཕྱི་རོལ་

གྱི་མཚན་མའི་ཕྱག་རྒྱ་དགོད་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་དོན་ཏོ། །ལེགས་པར་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཉེ་བར་སྡུད་པར་བསྟན་ཏོ། །ལེགས་པར་བཤད་པ་ནི་ཇི་ལྟ་བ་བཞིན་དུ་གསལ་བར་བཤད་པའོ། །ཇི་ལྟ་བའི་དབྱིབས་ཀྱིས་མཆོད་པ་ཞེས་པ་ནི་དེ་དང་

འདྲ་བའི་རང་གི་སེམས་ཉིད་དོ། །རྣམ་གསུམ་བསྒོམས་པས་གྱུར་པ་ཡིན། །ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་མཆོད་པས་མཆོད་པར་བྱེད་དེ་འོད་གསལ་བ་ལ་འཇུག་གོ། །དེ་ཉིད་རྣམ་པ་གསུམ་གྱི་མཆོད་པ་ཡིན་ཏེ། །མཆོད་པའི་འབྲས་བུ་ཡིན་པས་སོ། །དང་པོར་

ཆེན་པོ་ཞེས་པ་ནི་མཆོད་པའི་ཁྱད་པར་རོ། །དེས་ན་སེམས་རྣམ་པར་དག་པའི་མཚན་ཉིད་ཀྱི་མཆོད་པ་ནི་མཆོད་པ་ཆེན་པོ་ཞེས་བྱའོ། །དེ་ཡི་བརྟུལ་ཞུགས་མི་བཤད་དེ། །བགྲང་ཕྲེང་མ་ཡིན་བཟླས་པ་མིན། །འཛིན་པ་དང་ནི་སྦྱིན་སྲེག་ལས། །གཞན་དག་ཀྱང་ནི་འཇུག་པ་མིན། །ཞེས་འབྱུང་

ངོ་། །ཕྱག་རྒྱའི་དཀྱིལ་འཁོར་ཡིན་པར་བཤད། །ཅེས་བྱ་བ་ལས། ཕྱག་རྒྱ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཏེ་ཆོས་ཉིད་ཅེས་བྱའོ། །དེ་ཉིད་སྙིང་པོའི་དོན་ལེན་པས་ན་དཀྱིལ་འཁོར་ཞེས་བཤད་དོ། །ནང་ལ་སོགས་པའི་དབྱེ་བ་ཡིན། །ཞེས་པ་ནི་སྣང་བ་དང་སྣང་བ་མཆེད་བ་དང་

Vol. 32 · folio 220a

སྣང་བ་ཉེ་བར་ཐོབ་པ་དང་ཞི་བ་དང་སྟོང་པ་དང་ཤིན་དུ་སྟོང་པ་དང་ཆེན་པོ་སྟོང་པ་དང་ཐམས་ཅད་སྟོང་པ་དང་ཤེས་རབ་དང་ཐབས་དང་མ་རིག་པ་དང་འོད་གསལ་བ་དང་། ཉིན་མོ་དང་མཚན་མོ་དང་དུས་མཚམས་དང་དེ་དང་ལྡན་པའི་མཚན་ཉིད་དེ་སྐད་ཅིག་མ་བཅུ་དྲུག་གོ། །སྟོང་པ་

ཉིད་བཅུ་དྲུག་ཅེས་ཟེར་རོ། །དེའི་གྲངས་ཀྱིས་ལོ་བཅུ་དྲུག་ལོན་པའི་སེམས་ཉིད་དེ་ཤེས་རབ་བསྟན་ཏོ། །མ་སྐྱེས་པ་ཡི་ཞི་བ་གང་། །ཞེས་པ་ནི་གཟོད་མ་ནས་མ་སྐྱེས་པའི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དོ། །སྤྲོས་པ་ཐམས་ཅད་དང་བྲལ་བས་ན་ཞི་བའོ། །རྐྱེན་གཞན་མེད་པ་ཞི་བ་ནི། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཐ་དད་

མ་ཡིན་དུ་མ་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་སོ། །བུད་མེད་ཅེས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བཤད་དོ། །ཞི་བའི་ཆོས་དང་རྗེས་ལྡན་པ། །ཞེས་པ་ནི་འོད་གསལ་བ་ལ་འཇུག་པའི་སེམས་ཙམ་དེ་ཉིད་ཀྱི་ཞི་བའི་ཆོས་དང་རྗེས་སུ་འགྲོ་བའི་ཡོན་ཏན་གང་ཡིན་པ་དེ་ནི་མདངས་

བཟང་འོད་ཡིན་པར་བཤད་དོ། །རྟེན་འབྲེལ་བག་ཆགས་དྲི་ཡིན་ཏེ། །ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཉིད་རྟེན་ཅིང་འབྲེལ་པ་བཅོམ་པའི་མཚན་ཉིད་ཀྱི་བག་ཆགས་ཏེ་རང་རིག་པའི་ཆོས་གང་ཡིན་པ་དེ་ནི་སེམས་ཀྱི་རྒྱུད་དགའ་བར་བྱེད་པས་ན་དྲི་ཞེས་བྱའོ། །ཉོན་མོངས་པ་

ལས་རྣམ་གྲོལ་བའི། །སྣང་བ་གསུམ་དང་བྲལ་བའོ། །ཞེས་འབྱུང་བས་སོ། །ཡེ་ཤེས་ཁ་ཕྱེ་མེ་ཏོག་གོ། །ཞེས་པ་ནི། དེ་ལྟར་གྱུར་པའི་འོད་གསལ་བའི་ཡེ་ཤེས་ལས་ཁ་ཕྱེ་བ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་ཡེ་ཤེས་ཏེ་སྐུ་བསྐྱེད་པ་གང་ཡིན་པ་དེ་ནི་འགྲོ་

བ་མ་ལུས་པའི་རེ་བ་ཡོངས་སུ་རྫོགས་པར་བྱེད་པས་དགའ་བ་བསྐྱེད་པས་ན་མེ་ཏོག་ཅེས་བྱའོ། །དེ་དང་འདྲ་བའི་དྲི་དང་མེ་ཏོག་དག་གིས་བརྒྱན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བུད་མེད་ཅེས་བྱའོ། །དངོས་པོ་མེད་པ་རིགས་ཡིན་ཏེ། །ཞེས་པ་ནི་དེ་ཉིད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་

མི་ཟད་པ་ཐོག་མ་དང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་རང་བཞིན་མེད་པའི་རིགས་ཞེས་བྱ་བ་སྟེ། ཆོས་ཐམས་ཅད་ནི་འོད་གསལ་བ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་ཆུ་བོ་དང་བ་ལས། །ཉ་དག་མྱུར་བར་ལྡང་བ་ལྟར། །ཐམས་ཅད་སྟོང་པ་དང་བ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་

Vol. 32 · folio 220b

འགྱུར། །ཞེས་འབྱུང་ངོ་། །དེ་བཞིན་དུ། འོད་གསལ་དག་པ་དེ་ཉིད་ལས། །ཡེ་ཤེས་གསུམ་ནི་ཡང་དག་འབྱུང་། །ཞེས་འབྱུང་ངོ་། །ཆོས་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི། །སྔར་བཤད་པའི་མཚན་ཉིད་ཅན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་འོད་གསལ་གྱི་རང་བཞིན་བུད་མེད་དེ། ས་བཅུ་གཉིས་

པ་ལ་ཤེས་རབ་མཉམ་པར་བྱ་བ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་མཉེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ནི་སྔགས་ཀྱི་མཚན་ཉིད་དང་ཕྱག་རྒྱའི་མཚན་ཉིད་དང་ལྡན་པའི་ཤེས་རབ་ཀྱིས་སོ། །སྒྱུ་མ་ཐམས་ཅད་རྣམས་ཀྱིས་ནི། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །དེ་

ལས་གསལ་བར་མཚོན་པར་བྱེད། །ཅེས་འབྱུང་ངོ་། །སེམས་རྣམ་པར་དག་པའི་རིམ་པས་འོད་གསལ་བའི་རང་བཞིན་གྱི་ཤེས་རབ་མཱ་མ་ཀཱིའི་མིང་གིས་ཐ་སྙད་བྱ་བའི་ཕྱིར། ནང་ན་མ་ཡིན་ཕྱི་ན་མིན། །ཞེས་སྨོས་ཏེ། ནང་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །ཕྱི་ནི་གཟུགས་ལ་

སོགས་པའི་ཡུལ་རྣམས་སོ། །གཉིས་ཀ་ནི་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དག་གོ། །རྣམ་པར་རྟོག་པ་དེ་དག་གསུམ་སྤངས་པས་གནས་མེད་པའི་འོད་གསལ་བའོ། །དེ་ལ་གནས་པའི་རྣལ་འབྱོར་ནི་འཇུག་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡིན་པ་དེ་ནི་མཱ་མ་ཀཱི་ཞེས་

བྱའོ། །མཱ་མའི་སྒྲས་ནི་དགག་པ་གཉིས་རྗོད་པར་བྱེད་པ་དང་། ཀཱིའི་སྒྲས་ཀྱང་ཕུར་བུས་གདབ་པ་བཞིན་དུ་དགག་པ་ཉིད་བསྟན་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་གཅིག་པ་ཞེས་པ་ནི་འོད་གསལ་བའི་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །གཅིག་ནི་གཉིས་

སུ་མེད་པ་སྟེ་རྣལ་འབྱོར་ལ་འཇུག་པ་གང་ཡིན་པ་དེ་ནི་བྱིན་གྱིས་བརླབ་པ་ཞེས་བྱའོ། །ནམ་མཁའ་དང་ནི་གཅིག་ཏུ་གནས། །ཞེས་པ་དེ་ནི་ནམ་མཁའི་དབྱིངས་དང་འདྲ་བ་མི་གོས་པ་དེ་ཁོ་ན་ཉིད་དོ། །སྤྲོས་པ་མེད་པས་ནི་ཞི་བའོ། །སངས་རྒྱས་ཐམས་ཅད་སྐྱེད་པའི་རྒྱུར་གྱུར་པས་ན་སངས་རྒྱས་

ཀྱི་གནས་སོ། །འགྱུར་ནི་བསྒོམ་པར་བྱའོ། །གང་གཱའི་བྱེ་མ་དང་མཚུངས་པའི། །འདི་ཉིད་ལས་ནི་སངས་རྒྱས་འགྱུར། །ཞེས་འབྱུང་ངོ་། །དེ་བས་ན་འོད་གསལ་བའི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་རོ། །ཡུལ་དུ་རྣམ་བརྟགས་པ་ཞེས་པ་ནི་མིག་ལ་སོགས་པས་ལོངས་སྤྱོད་པ་གཟུགས་ལ་

Vol. 32 · folio 221a

ལ་སོགས་པ་བསྟན་ཏོ། །སྡུད་པ་དག་ནི་བཤད་པ་ཡིན། །ཞེས་པ་མིག་ལ་སོགས་པའི་དབང་པོ་ལ་འཇུག་པས་ན་དེ་ཁོ་ན་ཞེས་བྱའོ། །ཡེ་ཤེས་དབང་པོ་སྟོང་པ་གཅི། །ཞེས་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དྲུག་དང་། དེ་བཞིན་དུ་མིག་ལ་སོགས་པའི་དབང་པོ་དྲུག་

གང་ཡིན་པ་དེ་རྣམས་ཀྱི་སྟོང་པ་ནི་འོད་གསལ་བའི་ཆོས་ཉིད་གཅི་བ་ཡིན་ཏེ་ཉོན་མོངས་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །རྣམ་དག་ཆོས་ནི་ཞེས་པ་ནི་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་སྤོང་བར་བྱེད་པའི་མཚན་ཉིད་དོ། །དེ་ཉིད་སྲིད་པ་ལ་འཁོར་བའི་མཚན་ཉིད་ཀྱི་མྱ་ངན་གཅོད་པས་ན་ཁུ་བ་ཞེས་

བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འོད་གསལ་བ་ལ་རྟོགས་པའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །སེམས་ཅན་གྱི་དོན་གྱི་བྱ་བ་ལ་རྗེས་སུ་ཆགས་པས་དེ་ཉིད་ཁྲག་ཅེས་བྱའོ། །གང་ཞིག་ཆོས་རྣམས་ཡོངས་བརྟགས་པ། །ཞེས་པ་ནི་ཕྱི་དང་ནང་གི་ཆོས་ཏེ་བདུད་རྩི་ལྔ་ལ་སོགས་པས་བརྡ་

རུ་བྱས་པས་དབང་པོ་ལ་སོགས་པའོ། །དེ་ཉིད་ལྷ་རྣམས་ཞེས་པ་ནི་ཆོས་ཉིད་ལ་འཇུག་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་སེམས་རྣམ་པར་དག་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་སྔར་བཤད་པའི་དེ་རྣམས་དབུལ་བ་ནི་འཇུག་པར་བྱའོ། །དེ་ནི་བདུད་རྩི་ལྔ་འབུལ་བ། །ཞེས་བཤད་དོ། །

དེ་བྱས་ཞེས་བྱ་བ་ལ་སོགས་པ་ནི་འདིར་སངས་རྒྱས་དང་རྒྱལ་སྲས་ནི་ཕུང་པོ་ལ་སོགས་པའོ། །ཁྱད་པར་དུ་ཞེས་པ་ནི་ཐེ་ཚོམ་མེད་པས་སོ། །མཉེས་པར་གྱུར་པ་ཞེས་པ་ནི་འོད་གསལ་བ་ཉིད་དུ་འགྱུར་རོ། །གང་ཡང་ཞེས་བྱ་བ་ལ་སོགས་པས་ཕྱིའི་དཀྱིལ་འཁོར་ལ་མངོན་པར་ཞེན་པའི་ལྟ་བ་

གང་ཡིན་པ་དེ་རྣམས་ཀྱིས་དེ་སྤང་བར་བྱ་བའི་ཕྱིར་དེ་ལྟར་སེམས་ཀྱི་ངོ་བོའི་མཚན་ཉིད་བསྟན་ཏེ། བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་ཚིག་གི་ལྷག་མ་བསྟན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །དེ་ལྟར་བྲི་བའི་དཀྱིལ་འཁོར་ལ་སོགས་པ་བསྟན་པས་ཞེས་

སྨོས་ཏེ། ཕྱིའི་དཀྱིལ་འཁོར་བྲི་བ་དང་མཆོད་པ་ལ་སོགས་པའི་རིམ་པས་སོ། །ཡོངས་སུ་དག་པའི་ལྷའི་ངོ་བོ་ཉིད་རབ་ཏུ་གནས་པ་ཡིན་ཏེ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དག་གིས་ཐོབ་པར་བྱེད་པ་ཡིད་ཀྱི་རང་བཞིན་གྱི་སྐུ་བསྟན་ཏོ། །ངེས་པའི་དོན་ཏོ་ཞེས་

Vol. 32 · folio 221b

པ་ལ་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གཉིས་བསྟན་པའི་ཕྱིར་རོ། །ཐུགས་རྡོ་རྗེ་ཞེས་པ་ནི་ཐུགས་རྡོ་རྗེ་བདག་པོ་ཉིད་དུ་འཇུག་པ་འདྲི་བའི་དཀྱིལ་འཁོར་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་ནི་སྙིང་པོ་སྟེ་ཞེས་པ་ནི་རྟོག་པ་དང་བཅས་པའི་རྡུལ་ཚོན་ལ་སོགས་པ་

ཉིད་དུ་སྣང་བའོ། །ཀུན་རྫོབ་ཀྱི་བདེན་པའོ་ཞེས་པ་ནི་གཞིའི་དཀྱིལ་འཁོར་ཞེས་པའི་དོན་ཏོ། །དེ་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ཏེ་ཞེས་པ་ནི་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་དེ་ནི་ལྷའི་འཁོར་ལོའི་བདག་ཉིད་ཀྱི་རྟེན་པའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་

རྟེན་དང་བརྟེན་པའི་རང་བཞིན་གྱི་དཀྱིལ་འཁོར་སོ་སོར་བསྟན་པས་སོ། །དཀྱིལ་འཁོར་ནི་སྙིང་པོ་དེ་དོན་དམ་པའི་བདེན་པའོ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པ་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བཞི་པའོ། །དེ་ལེན་ཅིང་འཛིན་པ་ན་དཀྱིལ་འཁོར་དེ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་དེ་

ཁོ་ན་ཉིད་དུ་གྱུར་པའི་དོན་དམ་པའི་བདེན་པ་ལེན་པར་བྱེད་པ་ཏིང་ངེ་འཛིན་གྱིས་ཐོབ་པར་བྱེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །ལུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །བཤད་པའི་རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་ཕྲེང་བ་ལས་སོ། །ཡན་ལག་ཀུན་བསྒོམ་

ལས་འདས་ཤིང་། །ཞེས་པ་ནི་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་བ་མཆོག་དང་ལས་ཀྱི་རྒྱལ་བ་མཆོག་སྟེ་བསྒོམ་པའི་ཡན་ལག་ཀུན་ནོ། །དེ་ལས་འདས་པ་ནི་དེ་དང་བྲལ་བ་ཞེས་བྱའོ། །རྟོག་པ་ནི་འཇུག་པ་དང་གནས་པ་དང་ལྡང་བའི་མཚན་ཉིད་ཀྱི་རླུང་གི་སྤྱོད་པའོ། །རྟོག་མིན་ནི་སྣང་

བ་གསུམ་དང་རང་བཞིན་རྣམ་པ་གསུམ་མོ། །དེ་དང་བྲལ་བ་རྣམ་པར་སྤངས་པ་ཞེས་པ་ནི་རང་བཞིན་སྣང་བ་རྣམ་པར་དག་པར་བྱེད་པའི་དེ་ཁོ་ན་ཉིད་ཀྱིས་དེ་རྣམས་སྤངས་པའོ། །གུག་སྐྱེད་ནི་ཨི་ལ་སོགས་པ་དབྱངས་བཅུ་དྲུག་གོ། །ཐིག་ལེ་ནི་སྙིང་ག་ལ་དགོད་པའི་ཡུངས་ཀར་ཕྲ་མོའི་ཚད་

ཙམ་མོ། །འདས་པ་ནི་དེ་དང་བྲལ་བའོ། །འདི་ནི་དཀྱིལ་འཁོར་ཞེས་པ་ནི་སྙིང་པོར་གྱུར་པའི་འོད་གསལ་བའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། ཐམས་ཅད་སྟོང་པ་འོད་གསལ་བ། །ཞེས་བཤད་པའི་ཕྱིར་རོ། །མཆོག་ཡིན་ནོ་ཞེས་པ་ནི་དོན་དམ་པའི་བདེན་པའི་རང་བཞིན་ཡིན་ནོ། །ངེས་པའི་དོན་ཏོ་

Vol. 32 · folio 222a

ཞེས་པ་ནི་སེམས་རྣམ་པར་དག་པས་འོད་གསལ་བའི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་རོ། །སྒྲོན་མ་གསལ་བར་བྱེད་པའི་ཊཱི་ཀཱ་ལས་ལེའུ་བཞི་པའོ།། །།རིམ་པ་གཉིས་ཞེས་བྱ་བ་ལ་སོགས་པས་ལེའུ་ལྔ་པའི་བཤད་པ་བརྩམ་པར་བྱ་སྟེ། དེ་ལ་ལེའུ་དང་པོ་ནས་རྣམ་པ་གཉིས་ཀྱི་ལྷའི་སྐུ་བསྟན་ཏོ། །ལེའུ་

གཉིས་པ་ནས་དོན་དམ་པའི་བདེན་པ་འབའ་ཞིག་ཏུ་བསྟན་ཏོ། །ལེའུ་གསུམ་པ་ནས་ལྷའི་སྐུའི་བདག་ཉིད་ཀུན་རྫོབ་ཀྱི་བདེན་པ་བསྟན་ཏོ། །ལེའུ་བཞི་པ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་བསྟན་ཏོ། །དེ་ལྟར་བསྒོམས་པས་རིམ་པ་གཉིས་ཡོངས་སུ་རྟོགས་པའི་རིམ་པ་གཉིས་

རྟོགས་པའོ། །དབང་བསྐུར་བ་ཐོབ་པས་ཀྱང་ཞེས་པ་ནི་ལེའུ་བཞི་པ་ནས་གསུངས་པའི་རིམ་པས་སོ། །སྤྱོད་པ་དང་བྲལ་བས་ནི་འགྲུབ་པར་མི་འགྱུར་རོ་ཞེས་པ་ནི་སྤྲོས་པ་ལ་སོགས་པའི་རྣམ་པ་གསུམ་གྱི་སྤྱོད་པ་སྤངས་ནས་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་

རིམ་གྱིས་བསྒོམ་པ་དང་གོམས་པས་བླ་ན་མེད་པའི་གོ་འཕང་ཐོབ་པར་འགྱུར་རོ། །སྤྱོད་པ་ནི་རྒྱུ་ཡིན་ཏེ་དེས་འབྲས་བུར་གྱུར་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །གོམས་པས་ཐོབ་པར་བྱ་བ་ཡིན་གྱི་རང་བཞིན་གྱིས་ཐོབ་པར་བྱ་བ་མ་ཡིན་ནོ། །གོམས་པའི་སྦྱོར་བས་ཅི་ཞིག་བྱ། །

གཟོད་ནས་གྲུབ་པའི་ངོ་བོ་ཉིད། །དེ་ཉིད་རང་བཞིན་གྱིས་གྲུབ་ཀྱི། །རྣམ་རྟོག་ལས་སྐྱེས་མ་ཡིན་ནོ། །ཡེ་ཤེས་རིམ་པ་སྤངས་ནས་ནི། །གང་ཞིག་འདི་ལྟར་རྟོག་བྱེད་པ། །དེ་ཡི་དབྱེ་བ་མི་ཤེས་པས། །ཕྱིར་ཡང་དེ་རྣམས་སློབ་བཞིན་འགྱུར། །ལས་དང་པོ་ཡི་འཇིག་རྟེན་འདི། །དོན་དམ་པ་ལས་

འཇུག་པའི་ཕྱིར། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ནི་སྐུ་རྡོ་རྗེ་འཆང་ལ་སོགས་པ་རྣམས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་ཞེས་པ་ཉེ་བར་སྡུད་པར་བྱེད་པ་

དཔལ་རྡོ་རྗེ་སེམས་དཔའོ། །དེ་ལ། རིགས་ནི་རྣམ་པ་བརྒྱར་བསྟན་ཏེ། མདོར་བསྡུས་པ་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་འབྱུང་ངོ་། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ཀྱི་བདག་པོ་ཡིན་པས་ན་རྒྱལ་པོ་སྟེ་ཁམས་གསུམ་གྱི་བདག་པོའོ། །ས་འོག་

Vol. 32 · folio 222b

དང་ས་སྟེང་དང་མཐོ་རིས་རྣམས་སུ་རྗེས་སུ་སྟོན་པར་མཛད་པས་ན་ཞེས་པ་ནི་མཐོ་རིས་དང་ས་བླ་དང་ས་འོག་ལ་གནས་པའི་སེམས་ཅན་གྱི་ཁམས་གདུལ་བ་ལ་བརྩོན་པས་སྟོན་པ་ཞེས་བྱའོ། །ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་ཤེས་པ་ལ་མངོན་པར་ཤེས་པ་ལྔ་

ཐོབ་པའི་ཕྱིར་རོ། །ཉན་ཐོས་ལ་སོགས་པ་ཞེས་པ་ནི། །ཉན་ཐོས་པ་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །འཇིག་རྟེན་ལས་འདས་པ་ཞེས་པ་ནི་མངོན་པར་ཤེས་པ་དྲུག་ཐོབ་པའི་ཕྱིར་རོ། །ཡང་ན་བདག་དང་བཅས་པ་དང་བདག་མེད་པའི་ཕྱོགས་ཀྱི་ལྟ་བ་གཙོ་བོ་ཡིན་པས་

འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཉིད་དོ། །ཡང་ན་རྣམ་པར་འཚེ་བ་དང་བཅས་པ་དང་། རྣམ་པར་འཚེ་བ་མེད་པས་སོ། །རྫུ་འཕྲུལ་ལ་སོགས་པས་ཟིལ་གྱིས་གནོན་པར་མཛད་པས་ན་ཞེས་པ་ནི་འབར་བ་དང་སྣང་བ་ལ་སོགས་པ་ལུས་ཀྱི་རྫུ་འཕྲུལ་དང་། བསྟན་པ་ལ་སོགས་པ་གསུང་

གི་རྫུ་འཕྲུལ་དང་། རྩེ་གཅིག་པ་ལ་སོགས་པ་ཐུགས་ཀྱི་རྫུ་འཕྲུལ་གྱིས་དེ་རྣམས་ཟིལ་གྱིས་གནོན་པར་མཛད་པའི་ཕྱིར་རོ། །ཇི་སྐད་དུ། རྒྱ་མཚོ་ཡི་ནི་གཏིང་མི་རྙེད། །བ་ཡི་རྗེས་དང་འདྲ་བར་འགྱུར། །གང་ཚེ་ཁྱོད་ཀྱི་བློ་ཟབ་པ། །གཏིང་དང་ཕ་རོལ་མེད་མཐོང་ན། ཁྱོད་ཀྱི་བསྟན་པ་

མངོན་གྱུར་པས། །ཆོས་རྣམས་ཀུན་གྱིས་མི་གཡོ་བ། །ས་ཡི་ཁམས་ཀྱི་བརྟན་པ་ཉིད། །ཤིང་གི་འདབ་རྩེ་ལྟར་ཡང་འགྱུར། །ཞེས་འབྱུང་ངོ་། །བདག་དང་གཞན་གྱི་ཚོགས་ཀྱི་ཞེས་པ་ནི་དེ་ལ་བདག་གི་ཚོགས་ནི་སྔར་བཤད་པ་ཉན་ཐོས་ལ་སོགས་པའོ། །གཞན་གྱི་ཚོགས་ནི་གྲངས་ཅན་ལ་

སོགས་པའོ། །དེ་རྣམས་ཀྱི་སྤྱོད་པ་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་སྤྱོད་པ་དང་། སྐྱེས་བུ་ལ་སོགས་པ་ཡོད་པའི་མཚན་ཉིད་ལ་སོགས་པའོ། །མཆོག་གི་ཆོས་ཤེས་པ་ནི་ཡོན་ཏན་མཆོག་དང་ལྡན་པའོ། །དེ་རྣམས་ཀྱིས་དོན་དུ་གཉེར་བར་བྱ་བའི་ཕྱིར་དོན་ཏོ། །དེ་ནས་ལས་འཛིན་པའོ། །དེ་

ལྟར་རང་དང་གཞན་གྱི་ཚོགས་ཀྱིས་མངོན་པར་འདོད་པར་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱི་འཁོར་ལོས་བསྐུལ་བས་མུ་སྟེགས་པ་དང་ཉན་ཐོས་ལ་སོགས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། བསོད་

Vol. 32 · folio 223a

ནམས་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ཐར་པ་འདོད་པ་ཐམས་ཅད་ཀྱིས་ཀྱང་། ཐམས་ཅད་མཁྱེན་པ་ཉིད་གསོལ་བ་གདབ་པར་བྱ་བ་ཡིན་པས་སོ་ཞེས་པ་ནི་མུ་སྟེགས་དང་ཉན་ཐོས་ལ་སོགས་པ་ཐམས་ཅད་

མཁྱེན་པ་ཉིད་འདོད་པས་སོ། །སེམས་ནི་རབ་ཏུ་འཇུག་པ་ལ། །སྤྱོད་པ་ལ་ནི་འཇུག་མི་བྱ། །འཁོར་བ་རབ་ཏུ་བཅོམ་པའི་ཕྱིར། །ཀུན་གྱི་བློ་ནི་མཉམ་པོ་ཡིན། །ཞེས་བཤད་དོ། །སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་ཤིན་དུ་སྤྲོས་པ་མེད་པ་སྟེ་སྤྱོད་པ་རྣམ་པ་གསུམ་པོ་ཞེས་པ་ནི་

རིམ་པ་གཉིས་ལ་བརྟེན་ཏེ། རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་པར་བྱའོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་གཉིས་སྤྱོད་པ་དང་། རྫོགས་པའི་རིམ་པའི་རྣལ་འབྱོར་པས་གཅིག་སྤྱོད་པར་བྱ་སྟེ་ཁྱད་པར་རོ། །སྤྱོད་པས་ནི་ཁྱད་པར་རོ་ཞེས་པ་ནི་བརྟུལ་ཞུགས་ཀྱི་ཁྱད་པར་གང་གིས་སོ། །དེའི་

མཚན་ཉིད་ནི་རང་གི་ངོ་བོ་ཉིད་དེ་ཞེས་པ་ནི་འཆད་པར་འགྱུར་བའི་སྤྱོད་པ་གསུམ་གྱི་དེ་ཁོ་ན་ཉིད་དོ། །བཀའ་སྩལ་པ་སྟེ་ཞེས་པ་ནི་རིག་བྱེད་ཀྱི་ཚུལ་དུ་དུས་ལོག་པར་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས་ཞེས་བསྟན་པའི་ཕྱིར་རོ། །གང་ལ་བརྟེན་ནས་སྤྱོད་པ་

རྡོ་རྗེ་ཐེག་པ་དེ་ཉིད་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། །དོན་དམ་པའི་བདེན་པ་སྟེ་ཟབ་པའི་མཚན་ཉིད་དོ་ཞེས་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་མཚན་ཉིད་འོད་གསལ་བའི་རིམ་པ་གཉིས་པ་དང་བཞི་པ་ཐོབ་པར་བྱ་བ་མན་ངག་བཞི་པ་དེ་ཁོ་ན་ཉིད་ཅེས་

བྱའོ། །ཀུན་རྫོབ་ཀྱི་བདེན་པ་སྟེ་ཞེས་པ་ནི་དོན་ཐམས་ཅད་བྱེད་པ་ལ་གཞོལ་བ། རིམ་པ་གསུམ་པ་དང་བཞི་པ་ཐོབ་པར་བྱ་བ་ཡེ་ཤེས་ཀྱི་སྐུ་འམ་རྡོ་རྗེའི་སྐུའི་མཚན་ཉིད་དེ་ལྷ་རྣམ་པ་གཉིས་ཀྱི་རྣལ་འབྱོར་གྱི་མཚན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རྒྱ་ཆེ་བའི་མཚན་ཉིད་དེ་ཞེས་བྱ་བ་འགྲོ་བའི་དོན་

བྱེད་པ་ལ་བརྩོན་པ། །སར་ཞིང་སར་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་ནམ་མཁའི་ཁམས་མ་ལུས་པ་རྫོགས་པར་བྱེད་པའི་རང་བཞིན་ནོ། །གཉིས་པོ་དེ་དག་ཅེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་སོ། །གཉིས་སུ་མེད་པའི་རྣམ་པ་ཞེས་པ་ནི་མི་གནས་པའི་མྱ་

Vol. 32 · folio 223b

ངན་ལས་འདས་པའི་དབྱིངས་ཀྱི་རྣམ་པའོ། །ཡང་དག་པར་ནི་ཇི་ལྟར་བསྟན་པ་དེ་བཞིན་དུ་བསྒོམ་པའོ། །རྣལ་འབྱོར་པ་དེ་ཞེས་པ་ནི་དེ་ལྟ་བུའི་སྒྲུབ་པ་པོ་རྣམས་སོ། །འདོད་ཆགས་ལ་སོགས་པས་འཁྲུགས་ཀྱང་ཞེས་པ་ནི་འདོད་ཆགས་ཀྱི་སྤྱོད་པ་སྤྲོས་པ་དང་བཅས་པ་ཞེས་བྱ་བ་དང་ལྡན་པ་

ཡང་ངོ་། །ཐེག་པ་མཆོག་ནི་རྡོ་རྗེ་ཐེག་པ་ཞེས་པ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་ཞེས་བྱའོ། །གཏན་ཚིགས་བཤད་པར་བྱ་བའི་ཕྱིར་ཐེག་པ་ཐམས་ཅད་ཀྱི་བླ་མར་གྱུར་པ་ཞེས་སྨོས་སོ། །དེ་ལ་ཉན་ཐོས་པའི་ཐེག་པ་ནི་ཐེག་པ་ཆུང་ངུ་ཞེས་བྱ་སྟེ། རང་གི་དོན་ཙམ་འགྲུབ་པ་དང་ཐབས་དང་ཐབས་

ལས་བྱུང་བའི་ལམ་དང་འབྲས་བུ་མ་དག་པའི་ཕྱིར་རོ། །དེ་ལ་རེ་ཞིག་མི་སྡུག་པའི་བསྒོམ་པ་ནི་ཀེང་རུས་བསྒོམ་པའི་བདག་ཉིད་ཡང་དག་པའི་ལམ་མ་ཡིན་ཏེ། དེ་དག་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །འབྲས་བུ་ཡང་འགོག་པའི་སྙོམས་པར་འཇུག་པའི་མཚན་ཉིད་ནི་ཡང་དག་པ་མ་

ཡིན་ཏེ་བག་ཆགས་དང་བཅས་པའི་ཕྱིར་དང་སླར་ཡང་དེ་རྣམས་བྱུང་ནས་འཁོར་བའི་རྒྱ་མཚོར་ལྷུང་བའི་ཕྱིར་རང་སངས་རྒྱས་ཀྱི་ཐེག་པ་ཡང་གཞན་གྱིས་དོན་དང་བྲལ་བས་ཆུང་བ་ཉིད་དེ། དེ་རྣམས་ཀྱི་ཐར་པས་ཀྱང་འདུད་པར་གྱུར་པ་རྣམ་པར་རིག་པ་ཙམ་ཡོད་པའི་མཚན་ཉིད་ཀྱིས་རྣམ་

པར་མི་རྟོག་པ་ཉིད་ཐོབ་པར་མི་འགྱུར་བས་མ་དག་པའོ། །བྱང་ཆུབ་སེམས་དཔའི་ལམ་ཡང་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པའི་ཕྱིར་ཐབས་ཉིད་ཁོ་ན་མ་ཡིན་ནོ། །རྡོ་རྗེ་ཐེག་པ་ནི་ཐབས་དང་འབྲས་བུ་དག་ལ་མ་འཁྲུལ་བ་ཡིན་ཏེ་གང་གི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་

བར་སྤྱོད་པ་དང་ཕྱག་རྒྱ་བསྟེན་པ་ལ་སོགས་པའི་བདེ་བའི་ཐབས་ཀྱིས་འབའ་ཞིག་དྲི་མ་མེད་པ་མཐའ་ཡས་པ་ནམ་མཁའ་དང་འདྲ་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲགས་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རང་དང་གཞན་གྱི་དོན་གྲུབ་པ་ལ་བརྩོན་པ། སྐད་ཅིག་མ་གཅིག་གིས་སྣ་ཚོགས་སྤྲུལ་པ་

དང་བསྡུ་བར་མཛད་པ་འགྲོ་བ་མ་ལུས་པའི་རང་བཞིན་མངོན་དུ་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དེ་ཁོ་ན་ཉིད་སྐད་ཅིག་མ་གཅིག་གིས་ཐོབ་པར་འགྱུར་ཏེ་རྒྱུ་དང་འབྲས་བུ་ལ་མ་འཁྲུལ་པའི་ཕྱིར་རོ། །ཐེ་ཚོམ་གྱི་བདག་ཉིད་ཀྱི་འཁྲུལ་པས་དེ་མངོན་དུ་བྱེད་པ་དང་ཡུན་ཡང་

Vol. 32 · folio 224a

རིང་བར་འགྱུར་རོ་ཞེས་བྱ་བ་དེ་ཡོད་ན་དག་པར་མི་འགྱུར་རོ། །སྦྱོང་བ་ནི་གང་དང་གང་འཁྲུལ་བའི་ངོ་བོ་སྣང་བ་གཏན་ཚིགས་ལ་སོགས་པ་དེ་དག་མ་འཁྲུལ་བའི་འབྲས་བུ་ལ་འབྲེལ་པ་མེད་དེ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་ལས་བྱུང་བའི་དུ་བ་ལ་སོགས་པས་མེ་ལ་སོགས་པ་

བཞིན་ནོ། །ཉན་ཐོས་ཀྱི་ལམ་ལ་སོགས་པ་འཁྲུལ་པའི་རང་བཞིན་དུ་སྣང་བས་མི་འཁྲུལ་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འབྲས་བུར་གྱུར་པའི་སྒྱུ་མ་ཡིན་ནོ་ཞེས་རྒྱུ་མི་དམིགས་པའོ། །མ་འཁྲུལ་བའི་ངོ་བོ་སྣང་བའི་ལམ་གྱིས་ཐོབ་པར་བྱ་བ་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཞེས་

ཉེ་བར་བསྡུ་བའོ། །དེ་བས་ན་ཐེག་པ་ཐམས་ཅད་ཀྱི་མཆོག་རྡོ་རྗེ་ཐེག་པ་ཞེས་བྱའོ། །གཅིག་ལ་གཅིག་ཅེས་ཞེས་པ་ནི་ཕན་ཚུན་ལ་ལྟོས་པས་སོ། །ཚིག་ལྷག་མ་ཞེས་པ་ནི་ཚིག་རྫོགས་པར་བྱེད་པའོ། །ཕུལ་དུ་ཕྱུང་བའི་དངོས་གྲུབ་སྟེ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྡོ་རྗེ་འཆང་

ཆེན་པོའི་སྐུའོ། །སྐྱེད་པར་བྱེད་པ་ནི་མངོན་དུ་བྱེད་པ་སྟེ་སྤྲོས་པ་དང་བཅས་པའི་སྤྱོད་པས་རྡོ་རྗེ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །རང་བཞིན་ཡོངས་སུ་ཞེས་བྱ་བ་ལ་སོགས་པས་རིགས་ལ་སོགས་

པ་བཀག་པར་བསྟན་ཏོ། །རྡོ་རྗེ་ཐེག་པ་ལ་བརྟེན་ནས་བླ་མའི་མན་ངག་བསྒོམ་པ་གང་ཡིན་པ་དེ་རྣམས་རིགས་ལ་སོགས་པ་དམན་པས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་ཏེ། སྐྱེ་བ་སྣ་ཚོགས་རིགས་དང་ནི། །ཡུལ་དང་དུས་ལ་མ་ལྟོས་པ། །བཅོམ་ལྡན་ཁྱོད་ཀྱིས་བསྟན་བཅོས་ནི། །ཐམས་ཅད་

ལ་ནི་བསྟན་པ་ལགས། །ཞེས་བཤད་པའི་ཕྱིར་རོ། །སྐྱེ་གནས་ཀྱིས་སྨད་པ་ཉིད་དུ་བསྟན་པའོ་ཞེས་པས་ནི་རིགས་དམན་པ་བསྟན་ཏོ། །ལས་ཀྱིས་སོ་ཞེས་པ་ནི་བ་ལང་གི་པགས་པ་དང་གཞུ་ལ་སོགས་པ་བྱེད་པ་དང་མི་གཙང་བ་ལ་སོགས་པ་གདོན་པས་སོ། །སྒྱུ་ནི་ཡི་གེ་པ་རྣམས་ཀྱིས་གཞན་

གྱི་ཞིང་ལ་སོགས་པ་འཕྲོག་པས་ལོག་པར་འཚོ་བའོ། །འཁྲུལ་འཁོར་དང་ཞེས་པ་ནི། །བཙོན་རའི་ཁང་པ་ལ་ལག་པ་དང་རྐང་པ་ལ་སོགས་པ་འཆིང་བའི་ཤིང་ལ་སོགས་པའོ། །མཚོན་ནི་རལ་གྲི་ལ་སོགས་པའོ། །རྒྱ་ནི་རི་དགས་ལ་སོགས་པ་བཤོར་བའི་དོན་དུ་སྲད་བུའི་སྦྱོར་བའོ། །

Vol. 32 · folio 224b

སོགས་པའི་སྒྲས་ནི་རྩིག་པ་ཕུག་ནས་ནོར་རྐུ་བ་དང་ཆང་གི་ནང་དུ་དྷ་དུ་རའི་ཁུ་བ་བཏབ་ནས་བརྒྱལ་བར་བྱེད་པ་དང་། ལྕགས་ཀྱུས་ཉ་བཟུང་བ་དང་། གྲོང་ལ་སོགས་པ་ལ་མེ་གཏོང་བ་ཞེས་བྱའོ། །དགང་བར་ཞེས་པ་ནི་རང་གི་ལྟོ་བ་རྒྱས་པ་ཙམ་མོ། །སེམས་པས་ནི་བསམ་པར་བྱེད་པའོ། །ཐེག་

པ་ཆེན་པོ་བླ་ན་མེད་པའོ་ཞེས་པ་ནི་ཀུན་གྱི་མཆོག་ཅེས་བྱ་བའི་དོན་ཏོ། །བླ་ན་མེད་པའོ་ཞེས་པ་ནི་རྡོ་རྗེ་ཐེག་པ་སྟེ་བླ་ན་མེད་པའི་སྒྲ་དང་བྲལ་བས་སོ། །སྤྱི་བོའི་སྒྲ་ནི་ཁྱད་པར་དུ་འཇུག་པ་སྟེ་དོན་ལ་སོགས་པའི་འབྲེལ་པ་ཞེས་སྔར་བཤད་ཟིན་ཏོ། །རིན་པོ་ཆེའི་གང་ཟག་ཅེས་པ་ནི་ཙནྡན་ལ་སོགས་

པ་ལ་ལྟོས་པས་དམ་པ་ཆེན་པོ་ཡིན་པས་སོ། །དེ་ཉིད་ཀྱིས་འགྲོ་བས་ན་ཞེས་པ་ནི་ཉེ་བར་མཚོན་པའི་ཚིག་ཡིན་ཏེ་ཙནྡན་ལ་སོགས་པ་རྡོ་རྗེ་ཐེག་པས་མི་འགྲོ་བ་མ་ཡིན་ཏེ་དེས་ཐམས་ཅད་རྗེས་སུ་བཟུང་བས་སོ། །གཙོ་བོས་ཀྱང་ཐ་སྙད་མཐོང་བས་ཏེ་གང་འགྲོ་བ་རྒྱལ་པོ་ཞེས་པ་བཞིན་ནོ། །ཕ་

ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་ཕ་གསོད་པ་ནི་རྒྱལ་བུ་ཁྱབ་འཇུག་བཞིན་དུ་སྟེ། དེས་ཕ་དང་དེའི་བློན་པོ་བསད་པས་སོ། །མ་གསོད་པ་ནི་སོར་འཕྲེང་ཅན་ནོ། །དགྲ་བཅོམ་པ་གསོད་པ་ནི་མྱ་ངན་མེད་པའི་རྒྱལ་པོ་གཏུམ་པོའོ། །སངས་རྒྱས་ཀྱི་སྐུ་འཇིག་ཅེས་པ་ནི་སྟག་གཟིག་རྣམས་སོ། །དམ་

པའི་ཆོས་སྤོང་བ་ཞེས་པ་ནི་གྲངས་ཅན་ལ་སོགས་པའོ། །མཚམས་མེད་པའི་དོན་བཤད་པའི་ཕྱིར། འཆི་བའི་དུས་བྱས་མ་ཐག་ཏུ་དམྱལ་བར་ལྷུང་བར་འགྱུར་བས་ན་ཞེས་པ་ནི་དམྱལ་བར་སྐྱེས་མ་ཐག་ཏུ་ལས་ཀྱི་འབྲས་བུ་མྱོང་བས་སོ། །ཉེ་བར་མཚོན་པ་ཞེས་བྱ་བ་ནི་དབྱེར་མེད་པའི་ཉེ་

བར་བརྟགས་པའི་མཚན་ཉིད་ཀྱི་ཆོས་ལས་སོ། །དེ་བྱེད་པ་ལ་འཇུག་གོ་ཞེས་པ་ནི་ལས་དང་བྱེད་པ་པོ་ལ་དབྱེར་མེད་པས་སོ། །མཚམས་མེད་པ་དང་ཉེ་བ་རྣམས་བཟུང་བ་ནི་མ་དང་དགྲ་བཅོམ་པ་མ་ཡིན་པ་ལ་བགྲོད་པ་དང་བྱང་ཆུབ་སེམས་དཔའ་དེས་གནས་དང་། སློབ་པ་གསོད་པ་དང་། དགེ་

སློང་གི་ནོར་འཕྲོག་པ་དང་། དགེ་སློང་འབྱེད་པ་དང་། མཆོད་རྟེན་བཤིག་པ་སྟེ། དེ་བྱེད་པའོ། །རྩ་བ་བཞིའི་ལྟུང་བ་ཞེས་པ་ནི་སྲོག་གཅོད་པ་དང་རྐུ་བ་དང་། གཞན་གྱི་བུད་མེད་ལ་བགྲོད་པ་དང་། བརྫུན་སྨྲ་བས་སོ། །ཏཱ་ལ་མགོ་བཅད་པ་ལྟར་ཞེས་པ་ནི་མགོ་བཅད་པའི་ཏཱ་ལའི་ཤིང་དྲུང་བཞིན་ནོ། །

Vol. 32 · folio 225a

སངས་རྒྱས་ཀྱི་བསྟན་པ་ལས་ཉམས་ནས་ཞེས་པ་ནི་དེ་བཞིན་གཤེགས་པའི་ཐེག་པ་ཆེན་པོ་ལས་ལྟུང་བ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ལས་ཉམས་པ་ནི་སྡིག་པ་ཆེན་པོའི་རྒྱུ་ཡིན་ཏེ། ཚུལ་ཁྲིམས་ལས་ཀྱང་ཉམས་པ་རུ། །ལྟ་བ་ལས་ནི་མ་ཡིན་ཏེ། །ཚུལ་ཁྲིམས་ཀྱི་ནི་

མཐོ་རིས་འགྲོ། །ལྟ་བས་གནས་ནི་དམ་པ་ཐོབ། །ཅེས་འབྱུང་ངོ་། །དམྱལ་བ་ལས་གཞོལ་བ་ཞེས་པས་ནི་སངས་རྒྱས་ཀྱི་བསྟན་པ་ལས་ཉམས་པའི་འབྲས་བུ་བསྟན་ཏོ། །དེ་རྣམས་ཀྱང་འདིར་ཞེས་པ་ནི་སྡིག་པ་ཆེན་པོ་བྱེད་པས་ཀྱང་ཞེས་བསྟན་ཏོ། །བླ་མའི་དྲིན་གྱིས་ཞེས་པ་ནི། །རྡོ་རྗེ་

སློབ་དཔོན་གྱི་ཞབས་རྗེས་སུ་བཟུང་བས་སོ། །རྫོགས་པའི་རིམ་པ་ཐོབ་ན་ཞེས་པ་ལ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ཐོབ་ནས་སོ། །འགྲུབ་པར་འགྱུར་ཞིང་ཞེས་པ་ནི་འབྲས་བུའི་གཙོ་བོའི་སྒོ་ནས་བསྟན་ཏེ་བསྐྱེད་པའི་རིམ་པ་ལ་སོགས་པ་ཡང་འབྲས་བུ་ལ་མངོན་དུ་གྱུར་པའི་ཕྱིར་རོ། །སངས་

རྒྱས་ཐོབ་པར་གྱུར་ན་ཞེས་པ་ལ་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཉིད། །དེ་བཞིན་ཀུན་གྱི་དབང་ཕྱུག་ཉིད། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །དེ་ནི་གཉིས་མེད་བསྟན་པའོ། །ཞེས་འབྱུང་བས་སོ། །རིགས་ངན་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་

པ་ནི་གང་དེ་རྣམས་ཀྱི་སྐྱེ་གནས་ལ་སོགས་པ་ངན་པ་ཙམ་ཡོད་པའོ། །དེ་ལ་སྐྱེ་གནས་ཀྱི་སྐྱོན་ཙམ་གྱིས་སྐལ་བ་མེད་པ་མ་ཡིན་ཏེ། བསྟན་པ་ལ་མི་དམིགས་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །དད་པ་ལ་སོགས་པའི་ཡོན་ཏན་རྣམས་ནི་བསྟན་པ་ལ་བརྟེན་པའི་རྗེས་སུ་མཐུན་པ་

ཡིན་གྱི་སྐྱེ་གནས་ལ་སོགས་པ་མ་ཡིན་ཏེ། ལྷ་སྦྱིན་དང་ཀོ་ཀ་ལི་ཀ་དག་གིས་དམྱལ་བར་འགྲོ་བ་དང་འཁོར་ལོས་སྒྱུར་བའི་གནས་ཐོབ་པ་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུས་པ་བསྟན་ཏོ། །སྣོད་དང་སྣོད་མ་ཡིན་པ་ལ་ལྟོས་པ་མེད་པར་དོན་མཛད་པས་ན་ཞེས་པ་

ནི་སྐལ་བ་དང་སྐལ་བ་མེད་པའི་སློབ་མའི་རྗེས་སུ་གཟུང་བར་བྱེད་པས་ཞེས་པའི་དོན་ཏོ། །ཐེག་པའི་ཆེ་བའི་བདག་ཉིད་གསལ་བར་སྟོན་པ་ཡིན་ནོ་ཞེས་པ་ནི་རྡོ་རྗེ་ཐེག་པའི་ཕུལ་དུ་བྱུང་བ་རབ་ཏུ་གསལ་བར་བསྟན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བས་ལྡོག་པ་བསྟན་ཏོ། །

Vol. 32 · folio 225b

སྐྱེ་བོ་སྡིག་ཅན་མ་ལུས་པ། །ཞེས་པ་ནི་སྔར་བཤད་པའི་མཚམས་མེད་པ་བྱེད་པ་ལ་སོགས་པའོ། །རྣམ་པར་སྦྱོང་བ་ཞེས་པ་ནི་དེ་རྣམས་གྲོལ་བར་བྱེད་པའོ། །རྡོ་རྗེ་ཐེག་པ་ཞེས་བྱ་བ་ལ་སོགས་པས་བླ་མ་ལ་སྨོད་པ་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་ཏོ། །དང་པོར་སློབ་དཔོན་ལ་བསྙེན་

བཀུར་བྱས་ཏེ་ཞེས་པ་ནི་སྔོན་གྱི་བསྙེན་པའི་རིམ་པ་དང་ཟླ་བ་ལ་སོགས་པའི་དུས་ཀྱི་དབྱེ་བས་དེ་ལ་བསྙེན་བཀུར་བྱས་ཏེ། མགུ་བར་འགྱུར་བ་དེ་ལས་རིགས་པའི་དབང་བསྐུར་བ་ལ་སོགས་པ་རྙེད་ནས་ཐོས་པ་ལ་སོགས་པའི་རིམ་གྱིས་མན་ངག་མངོན་དུ་བྱས་ལ་ལྷན་ཅིག་སྐྱེས་པའི་ཤེས་རབ་

དང་ལྡན་པའི་ཕྱིར་ངའི་བློའི་ཁྱད་པར་འདི་ཡིན་གྱིས་སློབ་དཔོན་གྱིས་ཅུང་ཟད་ཀྱང་ཕན་པ་མ་བྱས་སོ་ཞེས་བསམས་པས་དེ་ལ་སྨོད་པ་གང་ཡིན་པ་དེ་ནི་བླ་མ་ལ་བརྙས་པར་བྱེད་པའོ། །ཚོགས་ལ་མཐོང་ནས་རྒྱབ་ཀྱིས་ཕྱོགས་སུ་འགྲོ། །དབེན་པ་ལ་གནས་དེ་ལ་ཕྱག་བྱེད་པ། །དེ་ལྟར་བདག་

ཉིད་ངན་པའི་སློབ་མ་ནི། །རང་གི་བུ་འམ་འཕགས་པས་བཟུང་བ་སྟེ། །བྲམ་ཟེ་འམ་ནི་རྒྱལ་རིགས་རྗེའུ་རིགས་ལ། །བསྟན་པ་ཡི་ནི་གམ་དུ་མི་བྱའོ། །ཞེས་བཤད་པའི་ཕྱིར་རོ། །དེ་དང་ལྷན་ཅིག་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཞེས་པ་ནི་བཟའ་བ་ལ་སོགས་པའི་སྤྱོད་པས་སོ། །ཀུན་དུ་དགའ་

བར་བྱེད་པ་ནི་རོལ་པར་བྱེད་པའོ། །གང་ཡིན་པ་ཡང་ཞེས་བྱ་བ་ལ་སོགས་པའི་དེ་དག་ཀྱང་འགྲུབ་པར་མི་འགྱུར་ཏེ་སྡིག་པ་ཅན་དང་འབྲེལ་པའི་ཕྱིར་རོ། །སློབ་དཔོན་ཞེས་བྱ་བ་ལ་སོགས་པས་རང་སྡིག་པ་ཅན་བླ་མ་ལ་ཉེས་པར་བྱེད་པ་བཟུང་བར་བསྟན་ཏོ། །ངེས་པར་མཛད་པའོ་

ཞེས་པ་ནི་ངེས་པར་གཟུང་བར་མཛད་པའོ། །དེས་ནི་མངོན་སྤྱོད་ཀྱི་སྣོད་དུ་རུང་བ་ལ་སངས་རྒྱས་ཀྱིས་ཕྱོགས་མཛད་ན་ཡང་དངོས་གྲུབ་ཐོབ་པར་མི་འགྱུར་ཞེས་བསྟན་ཏོ། །སྲུང་བ་སོགས་དང་སྔགས་རྣམས་དང་། །ལྷ་རྣམས་ལ་ཡང་ཕུར་བུས་གདབ། །ཅེས་གསུངས་པའི་ཕྱིར་

རོ། །འགྲུབ་པར་མི་འགྱུར་བ་ཞེས་པ་ནི། །གདོལ་པ་ལ་སོགས་པས་འགྲུབ་པར་བྱེད་པ་ནི་འགྲུབ་པ་སྟེར་བས་འགྲུབ་པ་ནི་མ་ལུས་པ་ཉིད་དོ། །སྒྲུབ་པ་དེ་ལ་ཡང་འགྲུབ་པར་མི་འགྱུར་ན་ཞེས་པ་འདིས་བླ་མ་ལ་ཉེས་པ་བྱེད་པ་ལ་འགྲུབ་པ་ནི་མ་ཡིན་ནོ། །ཞེས་བསྟན་ཏོ། །གཞན་

Vol. 32 · folio 226a

དག་ཏུ་ཞེས་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་སྨོས་ཅི་དགོས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ལུང་གི་ཚད་མ་ཉིད་བསྟན་ཏོ། །སློབ་དཔོན་ལ་སྨོད་པར་བྱེད་པའི་མི་རྣམས་ལ་གཉིད་ལོག་པའི་དུས་སུ་ཡང་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་ཏེ། གང་གི་

ཕྱིར་དང་པོ་དེ་རྣམས་ཀྱིས་སློབ་དཔོན་ལ་སྨོད་པར་མི་བྱ་བ་དང་། དེ་བཞིན་དུ་དེ་རིང་ནས་བརྩམས་ཏེ། ལག་ན་རྡོ་རྗེ་བདག་གིས་ཁྱོད་ལ་སྨྲས་པ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་སྟེ་གཞན་དུ་ན་དུས་བྱས་ཏེ་དམྱལ་བར་ལྟུང་བར་འགྱུར་རོ། །ཞེས་མནས་བསྐྱལ་བ་སྔོན་དུ་འགྲོ་བར་ཁས་བླངས་ནས་ཡང་

རྡོ་རྗེ་འཆང་དང་འདྲ་བའི་བླ་མ་དེ་ཉིད་ལ་སྨོད་པ་ཞེས་རང་གི་ཚིག་གིས་དེའི་དམ་ཚིག་ཉམས་པ་དང་དེའི་འབྲས་བུ་དེ་བཞིན་གཤེགས་པ་ལ་སོགས་པས་བྱིན་གྱིས་མ་བརླབས་པར་འགྱུར་རོ་ཞེས་སྟོན་ཏོ། །མཐོང་བའི་ཆོས་ལ་མྱོང་བའི་ལས་ཀྱི་རྣམ་པར་སྨིན་པ་བཤད་པའི་ཕྱིར། སློབ་

དཔོན་སྨོད་པ་གང་ཡིན་དེ། །ཞེས་པ་ནི་བླ་མ་ལ་སྨོད་པར་བྱེད་པའོ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང་། །ཞེས་པ་ནི། ཚོགས་བདག་ལ་སོགས་པ་དང་། སྲིན་པོ་ལ་སོགས་པས་བཟུང་བར་འགྱུར་རོ། །ངན་པ་ནི་སྡིག་པའི་བསམ་པ་ཅན་ནོ། །གཏུམ་པོའི་ལས་ཅན་ཞེས་པ་

ནི་དྲག་པོའི་སྤྱོད་པ་དང་ལྡན་པའོ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་པ་ནི་བླ་མ་དམ་པས་གམ་དུ་མི་བྱའོ་ཞེས་བྱ་བའི་དོན་ཏོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་སོགས་པའི་སྒྲ་ཞེས་ཚིག་ལྷག་མའོ། །རྒྱུད་ཀྱི་རྒྱལ་པོ་ཁྱད་པར་དུ་གྱུར་པ་བསྟན་ནས་ཞེས་པ་ནི་སྤྱོད་པ་གསུམ་གྱི་གཞིར་

གྱུར་པའི་རྒྱུད་ཀྱི་རྒྱལ་པོ་བསྟོད་ནས་སོ། །སློབ་དཔོན་མེད་པར་འཇུག་པར་མ་གྱུར་ཅིག །ཅེས་པ་ནི་བླ་མའི་ཞལ་གྱི་མན་ངག་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །བླ་མའི་ཞལ་གྱི་མན་ངག་མེད་པས་ཡང་དག་པར་གྱུར་པའི་དེ་ཁོ་ན་ཉིད་ཀྱི་མན་ངག་རྟོགས་པར་མི་འགྱུར་རོ། །སྤྱོད་པའི་

ཁྱད་པར་བསྟན་པའི་ཕྱིར་ཞེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པའི་ཁྱད་པར་རོ། །བཤད་པའི་རྒྱུད་ནི་དགོངས་པ་ལུང་བསྟན་པའི་བཤད་པའི་རྒྱུད་ལས་སོ། །ཕུང་པོ་ལ་སོགས་པ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་དངོས་མེད་པ་ནི་འོད་གསལ་བའི་གོ་འཕང་ཐམས་ཅད་སྟོང་པའི་གནས་

Vol. 32 · folio 226b

ལ་འཇུག་པའོ། །ཞི་གནས་ལས་བྱུང་ཞེས་པ་ནི། །ཞི་གནས་ཀྱི་བསྒོམ་པས་བྱས་པ་གང་ཡིན་པ་དེ་རྣམས་ནི་སྲོག་གཅོད་པར་བྱེད་པ་སྟེ་སྲོག་ནི་རླུང་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཕུང་པོ་ལྔ་ལ་སོགས་པ་སྤོང་བའི་ཕྱིར་རོ། །དེས་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །ནང་ཞེས་བྱ་བ་

ལ་སོགས་པས་ནང་དང་ཕྱི་དང་གཉིས་ཀའི་རང་བཞིན་གྱིས་ཆོས་ཐམས་ཅད་སྟོང་པ་ཡིན་ནོ་ཞེས་ལྷག་པར་མོས་པས་ཡེ་ཤེས་ཀྱི་སྐུ་གཟུང་བ་སྔོན་དུ་འགྲོ་བར་བསྟན་པ་གང་ཡིན་པ་དེ་ལ་དགའ་བ་ནི་བརྫུན་སྨྲ་བ་ལ་དགའ་བ་ཞེས་བཤད་པར་བྱ་སྟེ། ལྷའི་བུ་ཆོས་ཐམས་ཅད་བརྫུན་དང་སྒྱུ་མ་ཡིན་

པ་དེ་སྐད་བདག་སྨྲ་བས་ན། དེས་ན་དེ་ནི་བརྫུན་སྨྲ་བ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གནས་མེད་ལ་གནས་རྣལ་འབྱོར་པའོ། །ཞེས་པ་ནི། སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །དེས་ནི་བདག་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །རྫོགས་

སངས་རྒྱས་ཀྱི་ཡེ་ཤེས་གང་། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་དེ་ཁོ་ན་ཉིད་རིམ་པ་ལྔ་པས་ཐོབ་པར་བྱ་བའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པས་ན་རྫས་ཞེས་བྱ་བ་སྟེ། བརྟན་པ་སྙིང་པོ་ཁོང་སྟོང་མེད། །ཅེས་པའི་ཕྱིར་རོ། །

དེ་འཕྲོག་ངང་ཚུལ་གང་ཡིན་པ། །ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་སྒོམ་པར་བྱེད་པ་གང་ཡིན་པ་དེ་རྣམས་གཞན་གྱི་ནོར་ལ་ཆགས་པར་འདོད་པའི་རྣལ་འབྱོར་པས་བཤད་དོ། །དེས་ནི་ཟུང་དུ་འཇུག་པའི་རིམ་པ་གསལ་བར་བསྟན་པ་ཡིན་ནོ། །དེ་ཉིད་ཅེས་པ་ནི་སྔགས་དང་རླུང་གི་དེ་

ཁོ་ན་ཉིད་རྟོགས་པ་སྔོན་དུ་འགྲོ་བར་མ་ནིང་གི་བཟླས་པའི་དུས་སུ་བྱུང་བའི་འོད་གསལ་བའོ། །དེ་ལ་དངོས་ཅིག་ནི་བསྒོམ་པ་གང་ལ་ཡོད་པ་དེ་ནི་དེ་ཉིད་དངོས་ཅིག་སྟེ་རྡོ་རྗེ་བཟླས་པའི་རྣལ་འབྱོར་པ་ཞེས་བསྟན་ཏོ། །དེ་བཞིན་ཉིད་ནི་ཕྱག་རྒྱ་དང་། །ཏིང་ངེ་འཛིན་གྱི་རིམ་པས་ཐོབ་པའི་འོད་

གསལ་བའི་གནས་སོ། །དེ་ལ་རྟག་ཏུ་སྦྱོར་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་དེ་དེ་འདོད་པ་ལ་དགའ་ཞེས་པ་ནི་རིམ་པ་དང་པོ་དང་བཞི་པས་ཉེ་བར་བསྟན་པའི་དེ་ཁོ་ན་ཉིད་ལ་འདོད་པའི་རྣལ་འབྱོར་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲུབ་པ་མཆོག་ལ་

Vol. 32 · folio 227a

དམ་པར་འགྱུར། །ཞེས་པ་ནི་རྣལ་འབྱོར་པ་ལྔ་པོ་དེ་དག་སྔགས་ཀྱི་ཐེག་པ་ཆེན་པོ་ལ་སྣོད་དུ་གྱུར་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྟོང་པ་ཉིད་གཏི་མུག་ལ་ཞེས་པ་ནི་སྟོང་པ་ཉིད་ཀྱི་གཏི་མུག་སྟེ་མི་ཤེས་པ་སྟེ་མ་རིག་པའོ། །

རྒྱུ་དེ་ལས་སྐྲག་པ་ནི་འཇིགས་པ་གང་ཡིན་པ་དེ་དག་གཅིན་གྱི་སྒྲས་ནི་དབང་པོ་རྣམས་བཤད་དོ། །ཡུལ་རྣམས་ལ་འཇུག་པའི་རང་བཞིན་ཡིན་པས་བཤད་པའི་སྒྲས་ནི་ཡུལ་རྣམས་བསྟན་ཏོ། །དེ་དག་ཞི་བ་ཟབ་པ་ཡིན། །ཞེས་པ་ནི་དབང་པོ་དང་ཡུལ་དག་ཡན་ལག་དྲུག་པའི་ཕྱོགས་གཅིག་པ་

སོ་སོར་སྡུད་པའི་རིམ་པས་སྦྱོར་བར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐེག་པ་ཆེན་པོའི་ཆོས་མཆོག་འདིར། །ཞེས་པ་ནི་སྒྲུབ་པར་བྱེད་པ་དཔལ་གསང་བ་འདུས་པ་ཞེས་པ་ཐེག་པ་ཐམས་ཅད་ཀྱི་མཆོག་ལ། །སྣོད་དུ་གྱུར་པ་ནི་སྐལ་བ་དང་ལྡན་པར་འགྱུར་རོ། །དགོངས་པས་བཤད་པ་ཞེས་

པ་ནི་སྲོག་གཅོད་པ་ལ་སོགས་པའི་སྒྲའི་འགལ་བའི་སྒོ་ནས་རིམ་པ་ལྔའི་མཚན་ཉིད་དང་། སོ་སོར་སྡུད་པ་ཞེས་བྱ་བས་དེའི་རང་བཞིན་བསྟན་པའི་ཕྱིར་རོ། །དེ་ནི་རིམ་པ་ལྔ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། ཤིན་ཏུ་སྤྲོས་པ་

མེད་པའི་སྤྱོད་པ་བསྟན་ཏོ། །སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་པར་བྱ་བའི་ཕྱིར། མ་དང་འདྲ་བར་རྗེས་སུ་མཐུན་པའི་ཞེས་པ་ལ་སོགས་པ་སྨོས་སོ། །རིགས་དང་རྗེས་སུ་མཐུན་པས་རྣལ་འབྱོར་པ་ལ་ཆགས་པ་ཉིད་དུ་བསྟན་ཏོ། །འདི་རྣམས་ལས་གང་ཡང་རུང་བ་ཞེས་པ་ནི་མི་བསྐྱོད་

པ་ལ་སོགས་པའི་རིགས་དང་རྗེས་སུ་མཐུན་པའོ། །རང་གི་རིགས་ཀྱི་བུད་མེད་ཅེས་པ་ལ། སྨེ་ཤ་ཅན་དང་། གར་མཁན་དང་ཁྲུས་མཁན་དང་བྲམ་ཟེ་མོ་ལ་སོགས་པའོ། །སྒྲུབ་པའི་ཐབས་ལས་བཤད་པའི་རིམ་པས་ཞེས་པ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་

ཕྱག་རྒྱ་ལེགས་པར་སྦྱང་བས་སོ། །རིགས་ལྔ་བཀོད་པ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་གསལ་བར་བསྟན་ཏོ། །མཉེས་པར་བྱས་པ་ནི་རིགས་དང་རྗེས་སུ་མཐུན་པ་ཤིང་གི་སྡོང་པོ་ལ་ཕྱག་ལ་སོགས་པ་བྱས་ནས་མཚལ་ལ་སོགས་པས་བྲིས་པ་ཇི་ལྟར་འདོད་པའི་བཟའ་བ་དང་བཅས་པ་རང་གི་

Vol. 32 · folio 227b

བརྟུལ་ཞུགས་དང་རྗེས་སུ་མཐུན་པའི་ཕྱག་རྒྱ་དང་བཅས་པའི་རྣལ་འབྱོར་པས་སྙོམས་པར་འཇུག་པར་བྱའོ། །དེ་དངོས་གྲུབ་རྒྱ་ཆེན་པོ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གི་མཚན་ཉིད་ཐོབ་པར་འགྱུར་རོ། །མཆོག་གི་ཆོས་ཞེས་པ་ནི་རྣམ་པར་མི་རྟོག་པའི་མཚན་ཉིད་གང་ལ་ཡོད་

པ་དེ་དག །ཐེག་ཆེན་མཆོག་གི་ཆོས་ཉིད་ཅེས་པ་ནི། །ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་སོ་སོར་རིག་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ། །དེ་ཡི་ནང་དུ་དངོས་གྲུབ་རྒྱ་ཆེ་ཞིང་། །ཞེས་པ་ལ་རྡོ་རྗེ་འཆང་ཆེན་པོའི་དངོས་གྲུབ་སྟེ་རང་དང་གཞན་གྱི་དོན་སྒྲུབ་

པར་བྱེད་པའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་རྒྱ་ཆེ་བ་མ་ཡིན་ཏེ། དུས་མང་པོས་ཐོབ་པའི་ཕྱིར་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆུང་བའི་ཕྱིར་རོ། །རྡོ་རྗེ་ཐེག་པ་ལས་དེ་ལས་ལྡོག་པ་ཐམས་ཅད་ཡིན་

ནོ་ཞེས་སྔར་བཤད་ཟིན་ཏོ། །ལྡོག་པ་བསྟན་པར་བྱ་བའི་ཕྱིར་རྗེས་སུ་མི་མཐུན་པའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི་མི་མཐུན་པའི་ཤེས་རབ་དང་འབྲེལ་བས་སོ། །རྗེས་སུ་མཐུན་པ་ནི་རིགས་དང་མཐུན་པ་ཉིད་གལ་ཏེ་རྟག་པར་བྱེད་ན་དེའི་ཚེ་དངོས་གྲུབ་རྟེན་པར་འགྱུར་ཏེ། གཞན་

དུ་ནི་མ་ཡིན་ནོ། །འཇིགས་ཤིང་འཁྲུལ་པའི་སེམས་ལྡན་གཡོ་སྒྱུ་ཅན་དང་གཞན་དབང་འགྱུར། །ཞེས་འབྱུང་ངོ་། །སེམས་གཡེང་བ་སྐྱེ་བར་འགྱུར་རོ་ཞེས་པ་ནི་རྩེ་གཅིག་པ་ཉིད་འཆད་པར་འགྱུར་བ་སྟེ་ཡིད་བདེ་བར་འགྱུར་བའི་ཕྱིར་རོ། །རྗེས་སུ་མཐུན་པ་དེ་ཡང་སྐྱེ་བ་གཞན་དག་ཏུའང་

ཡིད་གཅུགས་པར་འགྱུར་བ་ཞེས་པ་ནི་སྨོན་ལམ་གྱི་དབང་གིས་སོ། །སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཐུས་ལུང་བསྟན་དེ་དང་འདྲ་བའི་ཤེས་རབ་དང་ཕྲད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་སྤྲོས་པ་དང་བཅས་པའི་སྤྱོད་པ་བསྟན་ཏོ། །སྔགས་དང་རྒྱུད་ལ་སོགས་པ་ལ། །

ཞེས་པས་སྤྲོས་པ་མེད་པའི་སྤྱོད་པ་བསྟན་པར་བྱ་སྟེ། སྔགས་དང་རྒྱུད་ལ་སོགས་པ་ལ་ལེགས་པར་བསླབས་པའོ་ཞེས་པ་ནི་དབང་ཐོབ་པ་དང་སྔགས་ལ་སོགས་པའི་སྦྱོར་བ་ལ་མཁས་པའོ། །སྒྲུབ་པ་པོ་དང་རྗེས་སུ་མཐུན་པར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་

Vol. 32 · folio 228a

དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ། །མ་རྙེད་ན་ཞེས་པ་ནི་དཀོན་པའམ་སྒྲུབ་པ་པོ་དགེ་སློང་ཡིན་པས་སོ། །སངས་རྒྱས་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་པ་ནི། གང་ལས་སངས་རྒྱས་ཐམས་ཅད་འབྱུང་བ་དེ་ནི་སངས་རྒྱས་ཀྱི་ཡུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་

ཀྱི་ཡུམ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཀུན་མཁྱེན་ཉིད་ཀྱིས་ཞི་བར་འདོད་པའི་ཉན་ཐོས་པ་རྣམས་ཉེ་བར་ཞི་མཛད་པ། །གང་ཞིག་ལམ་མཁྱེན་ཉིད་ཀྱིས་འགྲོ་ལ་ཕན་འདོགས་མཛད་པས་སེམས་ཅན་དོན་རྫོགས་པ། །གང་དང་འབྲེལ་པས་རྣམ་པ་ཐམས་ཅད་སྣ་ཚོགས་འདི་ཉིད་ཐོབ་པ་རྣམས་

ཀྱི་རིགས། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ་དེ་ལ་འདུད། །ཅེས་འབྱུང་ངོ་། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རང་གི་སྙིང་ལ་གནས་པ་ཞེས་སྨོས་ཏེ། བསྒོམ་པར་བྱ་བའི་ཐ་ཚིག་གོ། །ཕྱུང་ལ་ནི་ཡིད་ཀྱི་རང་བཞིན་ཉིད་དུ་རྫོགས་པར་བྱའོ་ཞེས་བྱ་བའི་

ཐ་ཚིག་གོ། །དེ་དང་ལྷན་ཅིག་སྙོམས་པར་འཇུག་པར་བྱ་སྟེ་ཞེས་པ་ནི་ནགས་ཚལ་དུ་སློང་མོ་ཟ་བའི་མཚན་ཉིད་ཅན་གྱི་རྫུ་འཕྲུལ་ཤུགས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་ཏུ་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ལུང་གི་ཚད་མ་ཉིད་བསྟན་པར་བྱ་བའི་ཕྱིར་སྙིང་ལ་

གནས་པ་ཞེས་སྨོས་ཏེ། ཡིད་ཀྱི་ངོ་བོ་ཉིད་དུ་བསྒོམ་པའོ། །ལྷ་མོ་ཆེ་ཞེས་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །རྣལ་འབྱོར་པའི་ཞེས་པ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་སྦྱོར་བ་དང་ལྡན་པའོ། །རྣལ་འབྱོར་སྐྱེད་ཅེས་པ་ནི། །ཏིང་ངེ་འཛིན་གྱི་བདེ་བ་སྟེར་

བར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་ཡུམ་དུ་གྱུར་པ་ནི་སྔར་གྲུབ་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་སྟེ་སེམས་ཙམ་མོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཡེ་ཤེས་ཀྱི་ཕྱག་རྒྱ་བླངས་ནས་བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱིས་དངོས་གྲུབ་ཐོབ་པར་གྱུར་

ཏོ། །རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད། །ཅེས་པ་ནི། རྡོ་རྗེ་ལྟར་མི་ཕྱེད་པའི་དབྱིངས་ནི་རྡོ་རྗེ་དབྱིངས་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལ་དབང་མོ་ནི་ཆོས་ཉིད་ཀྱི་ངོ་བོས་བདག་པོ་ཉིད་དུ་གནས་པ་ཞེས་བྱའོ། །མཉེས་པར་བྱས་ཀྱང་ཞེས་བྱ་བ་ལ་སོགས་པས་དམ་ཚིག་དང་ཡེ་ཤེས་

Vol. 32 · folio 228b

ཀྱི་ཕྱག་རྒྱ་དག་ཉེ་བར་བསྡུས་པ་དག་བསྟན་ཏོ། །མཆོག་ཏུ་དགའ་བའི་བདེ་བ་ཉམས་སུ་མྱོང་བར་བྱས་པས་ནི་ཞེས་པ་ལ་བདེ་བ་ཆེན་པོས་ཡང་དག་པར་རིགས་པས་སོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་གོས་པར་མི་འགྱུར་བའོ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་སྦྱང་

བར་བྱ་བའི་ཕྱིར་ཕྱག་རྒྱ་རྣམས་བླང་བར་བྱའོ། །ཇི་སྐད་དུ། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བས་ནི། །གསལ་བར་འདི་ལས་མཚོན་པས་སོ། །རྡོ་རྗེ་པདྨ་ཡང་དག་སྦྱར། །ཀུན་རྫོབ་ཏུ་ནི་གང་ལའང་མེད། །ལན་ཅིག་ཏུ་ནི་

ཉམས་མྱོང་བས། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཡེ་ཤེས་འཇུག་པའི་རང་བཞིན་ནི། །ཇི་ལྟར་དབྱེ་བ་ཤེས་ནས་ནི། །སླར་ཡང་རང་བཞིན་དེ་ཉིད་དེ། །རྣལ་འབྱོར་པས་ནི་རྟག་ཏུ་མཚོན། །འདོད་ཆགས་ལ་སོགས་ཞེས་བྱ་བ་ལ་སོགས་པས་འདོད་ཆགས་ལ་སོགས་པ་རྣམ་པར་

སྦྱོང་བ་འབའ་ཞིག་ཏུ་མི་འགྱུར་གྱི་འོན་ཀྱང་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ལེགས་པར་བསླབས་པའི་ཕྱག་རྒྱ་ཞེས་པ་ནི། །ཤེས་རབ་ཀྱི་རྣམ་གྲངས་ཡིན་པས་སོ། །ངོ་བོ་ཉིད་ཤེས་པས་ཞེས་པ་ནི་གང་གི་དོན་དུ་འཇུག་པ་དེ་ཉིད་མངོན་དུ་བྱས་པས་སོ། །དེ་ཡི་

རང་བཞིན་མི་ཤེས་པས། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །དགེ་དང་མི་དགེའི་ལས་བྱས་ནས། །འགྲོ་བ་ལྔར་ནི་འཁོར་བར་འགྱུར། །ཞེས་འབྱུང་ངོ་། །བདག་ཉིད་རྫོགས་པར་འགྱུར་བ་སྟེ། །ཞེས་པ་ནི་འབད་པ་མེད་པར་འགྲུབ་པར་འགྱུར་རོ། །དངོས་པོའི་ཆོས་ནི་འདི་ཉིད་

ཡིན་ཏེ་དམ་ཚིག་གི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་འབྲེལ་པས་དེ་ཁོ་ན་ཉིད་སྣང་ངོ་། །དྲང་བའི་དོན་ནི་སྤྲོས་པ་མེད་པའི་སྤྱོད་པ་བཤད་པས་སོ། །ཡང་ལུང་གིས་བརྗོད་པར་བྱ་སྟེ་ཞེས་པ་འདིས་ཤིན་དུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་པར་བྱ་སྟེ། ཆོས་སྐུར་མཚན་ཉིད་གཅིག་པའོ་ཞེས་པ་ནི་

ཆོས་ཀྱི་སྐུའི་རང་བཞིན་ཉིད་དེ་དེ་བཞིན་ཉིད་ཅེས་བྱ་བ་ཡུམ་མོ། །ཇི་སྐད་དུ། གཅིག་མིན་དུ་མ་མ་ཡིན་རང་གཞན་ཕན་འདོགས་ཕུན་སུམ་ཚོགས་ཆེན་གཞིར་གྱུར་པ། །དངོས་མིན་དངོས་མེད་མ་ཡིན་མཁའ་བཞིན་རོ་གཅིག་ངོ་བོ་རྟོགས་པར་དཀའ། །གོས་མེད་འགྱུར་མེད་ཞི་བ་

Vol. 32 · folio 229a

མི་མཉམ་དང་མཚུངས་ཁྱབ་བྱེད་སྤྲོས་པ་མེད། །རང་གིས་རིག་པ་དཔེ་མེད་རྒྱལ་བའི་ཆོས་ཀྱི་སྐུ་ལ་རྟག་ཏུ་འདུད། །ཅེས་འབྱུང་ངོ་། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱེད་པའི་ཐབས་སྟོང་པའོ། །དེ་ཉིད་ཡུམ་

སྟེ་བསྒོམས་པའི་རང་བཞིན་གྱི་འབྲས་བུར་གྱུར་པ་དང་དེ་ལས་ཆོས་ཐམས་ཅད་འབྱུང་བའི་ཕྱིར་རོ། །དབྱིབས་དང་ཁ་དོག་སྣ་ཚོགས་པའི། །ཇི་ལྟར་སྤྲིན་རྣམས་དུ་མ་སྟེ། །ནམ་མཁའི་ཁམས་ནས་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་

གྱི་རྒྱུར་གྱུར་པ། །ཡུལ་ནི་མ་ལུས་ལ་འཇུག་ནས། །འོད་གསལ་བར་ནི་ཞུགས་པར་འགྱུར། །ཇི་ལྟར་ཆུ་བོ་དང་བ་ལས། །ཉ་ནི་མྱུར་དུ་ལྡང་བར་འགྱུར། །ཐམས་ཅད་སྟོང་པ་དམ་པ་ལས། །དེ་བཞིན་སྒྱུ་འཕྲུལ་དྲ་བ་འབྱུང་། །ཞེས་བཤད་པས་སོ། །གཉིས་མེད་དེ་བཞིན་ཉིད་སྦྱོར་བས། །ཞེས་

པ་ནི་སེམས་རྣམ་པར་དག་པའི་རིམ་པས་སོ། །དངོས་མེད་ཅེས་བྱ་དོན་སྤྱོད་པའོ་ཞེས་པ་ནི་མངོན་དུ་བྱའོ། །དེས་ནི་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །ལོངས་སྤྱོད་རྫོགས་དང་མཉམ་གང་ཡིན། །ཞེས་པ་ནི་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་

སྤྲོས་པའི་སྐུའོ། །དེ་ཉིད་སྲིང་མོ་ནི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཉེ་བར་མཚོན་པའོ། །རང་ལྷའི་རྣལ་འབྱོར་ལྡན་པ་ཡིས། །ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པའི་མོས་པ་དང་ལྡན་པས་སོ། །གསང་སྔགས་ལུགས་ཀྱིས་མཉེས་པར་ཞེས་

པ་ནི་ཡེ་ཤེས་ཀྱི་སྐུ་བསྒོམ་པར་བྱའོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །སྤྲུལ་སྐུའི་གཟུགས་ཅན་བུ་མོ་ཞེས་པ་ནི་མིག་ཡོར་དང་སྒྱུ་མ་དང་འདྲ་བའི་རྡོ་རྗེའི་སྐུའི་མཚན་ཉིད་ཀྱི་ཟུང་དུ་འཇུག་པའི་རིམ་པས་ཐོབ་པར་བྱ་བའི་སྐུ་ཞེས་པའི་དོན་ཏོ། །སྒྲུབ་པ་པོས་ནི་བསྒོམ་པ་

ཞེས་པ་ཉེ་བར་བསྡུས་པའོ། །མ་དང་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་དུ་ཕན་ཡོན་བསྟན་ཏོ། །དེས་ནི་ཟུང་དུ་འཇུག་པའི་རིམ་པ་བསྟན་པ་ཡིན་ནོ། །ངེས་པའི་དོན་ཏོ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་ཟུང་དུ་འཇུག་པའི་རིམ་པ་བསྟེན་པས་སོ། །དེས་ནི་

Vol. 32 · folio 229b

སེམས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བསྟན་ཏོ། །ཆོས་འབྱུང་མངོན་པར་བྱང་ཆུབ་པ། །ཆགས་སོགས་རོལ་མོ་རྒྱ་ཆེ་བས། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །ཇི་ལྟར་རྙེད་པའི་སྤྱོད་པ་ཡིས། །བླ་མེད་མངོན་པར་བྱང་ཆུབ་པ། །མངོན་པར་བྱང་ཆུབ་སྦྱོར་བ་ཡིས། །སྤྲོ་བ་ལ་

སོགས་སྤྱོད་པ་ནི། །རྣལ་འབྱོར་པ་རྣམས་སློབ་པར་བྱེད། །ཅེས་འབྱུང་ངོ་། །རིགས་ངན་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་སྣོད་དུ་མ་གྱུར་པ་རྣམས་ཀྱིས་ཀྱང་འབད་པ་ཆེན་པོས་བསྒྲུབ་པར་བྱ་བ་སངས་རྒྱས་ཀྱི་གོ་འཕང་སྣོད་མ་ཡིན་པའི་སྐྱེ་བོས་ཐོབ་པ་ཐོས་ན་ངོ་མཚར་ལ་སོགས་པ་འགྱུར་

བ་བསྟན་ཏོ། །སྒྲིབ་པ་རྣམ་པར་སེལ་བ་ལ་སོགས་པ་ཞེས་པ་ནི་ལས་ཀྱི་རིགས་ཅན་གྱི་བྱང་ཆུབ་སེམས་དཔའ་གཟུང་བ་སྟེ་སྤྱོད་པ་དང་མཐུན་པའི་ཕྱིར་རོ། །སྤྱད་པ་ནི་སྤྱོད་པའི་མཚན་ཉིད་དེ་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་དང་རླུང་གི་ཁམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་

སོ། །གཞན་དུ་ན་འཇམ་དཔལ་ལ་སོགས་པ་ཅི་སྟེ་མ་བླངས་སོ་ཞེས་ཚིག་གི་དོན་ཏོ། །པདྨ་དཀར་པོ་ལྟ་བུའི་གང་ཟག་ལ་སོགས་པ་དབང་པོ་རྟུལ་པོ་ཞེས་པ་ནི་མ་འོངས་པའི་སེམས་ཅན་དང་མཐུན་པའི་རོལ་མོ་རབ་ཏུ་བསྟན་པར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་དག་རྗེས་སུ་གཟུང་

བར་བྱ་བའི་དོན་དུ་དེ་ལྟ་བུའི་སྤྱད་པ་སྤྱོད་དེ། གཞན་དུ་ན་འཁྲུལ་པ་དང་ཉོན་མོངས་པ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྔར་མེད་པའི་ཐོབ་པར་བྱ་བ་ཅི་ཡོད་དོ། །གང་ཐོས་པས་དེ་རྣམས་ངོ་མཚར་བ་དང་རྨད་དུ་བྱུང་བ་ཐོབ་པར་འགྱུར་རོ། །བདེ་བ་ཆེན་པོ་ཞེས་བྱ་གཙོ་བོས་ནི། །རྣམ་

པ་སྣ་ཚོགས་རོལ་མོའི་མཆོག་ལ་འཇུག །གང་དུ་སྤྲོས་པ་ཐམས་ཅད་དང་བྲལ་བས། །གཅིག་ཀྱང་དུ་མའི་རོ་ཡིས་གར་མཛད་པའོ། །ཞེས་འབྱུང་ངོ་། །རྡོ་རྗེའི་ཚིག་རྣམས་ཤེས་པ་ནི། །དོན་ཟབ་པ་ཡི་ཚིག་རྣམས་སོ། །དགོངས་པས་བཤད་པ་ལ་ཞེས་པ་ནི་འཇིག་རྟེན་དང་འགལ་བའི་ཚིག་གིས་དེ་

ཁོ་ན་ཉིད་སོ་སོར་སྟོན་པར་བྱེད་པའོ། །སྒྲ་ཇི་བཞིན་པའི་དོན་ལ་ཞེས་པ་ནི་བརྗོད་པར་བྱ་བའི་ཚུལ་དུ་དོན་གཟུང་བར་བྱ་བ་ཡིན་གྱི་གསལ་བར་བྱ་བའི་ཚུལ་དུ་མ་ཡིན་ནོ། །བརྗོད་པར་བྱ་བ་དང་གསལ་བར་བྱ་བ་ནི་སྒྲའི་དོན་གཉིས་ཏེ་སྔར་གཏན་ལ་ཕབ་པའོ། །ཅི་ཞེས་པ་ནི་སྨོད་པའི་དོན་ལ་སྦྱོར་བས་

Vol. 32 · folio 230a

སྨད་པར་བྱ་བ་བསྟན་པ་ཞེས་དགོངས་པའོ། །བཅོམ་ལྡན་འདས་ནི་ཚོགས་གཉིས་དང་ལྡན་པ་ཞེས་པ་ནི་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཀྱི་རྒྱུ་དང་འབྲས་བུ་མངོན་དུ་མཛད་པ་དང་སེམས་ཅན་རྣམས་ལ་དེ་སྟོན་པར་མཛད་པའོ། །འཕགས་པར་གྱུར་པ་ཞེས་པ་ནི་མི་བསྐྱོད་པ་ལ་

སོགས་པ་དེ་བཞིན་གཤེགས་པའི་ནང་ནས་གཙོ་བོར་གྱུར་པ་དེ་ཇི་ལྟར་དེ་བཞིན་དུ་བསྟན་པའོ་ཞེས་པས་སྨོད་དོ། །ཚིག་འདི་ཉིད་ཀྱིས་ནི་ཞེས་པ་ནི། །སྔར་བཤད་པས་སོ། །རང་མཐོང་བཞིན་དུ་གཞན་རྣམས་ལ། །ངེས་པར་བསྐྱེད་པར་བྱ་བའི་ཕྱིར། །དམ་པ་རྣམས་ཀྱིས་འཇུག་པ་སྟེ། །

རྟག་ཏུ་སླུ་བ་མེད་པས་སོ། །ཞེས་བྱང་ཆུབ་སེམས་ཀྱི་རྣམ་འགྲེལ་ལས་འབྱུང་ངོ་། །དེ་བཞིན་དུ། སྐྱོབ་པ་རང་མཐོང་ལམ་སྟོན་པའོ། །ཞེས་འབྱུང་ངོ་། །དེ་ལྟར་གྱུར་པ་གང་ཡིན་པ་དེས་ནི་ཚིག་ངན་པ་སྟོན་པ་མི་རིགས་སོ་ཞེས་བྱ་བས་ཚིག་ངན་པ་གསུངས་པའི་གནས་མ་ཡིན་པར་བསྟན་ཏོ་ཞེས་

བཤད་དོ། །རྫོགས་པ་དང་མ་རྫོགས་པ་ཞེས་པ་ནི་ཙནྡན་ལ་སོགས་པ་དང་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་སོ། །དེའི་ཚུལ་རྗེས་སུ་བྱེད་པ་བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ་ས་བཅུ་པ་དང་བཅུ་གཅིག་པ་ཐོབ་པའི་ཕྱིར་རོ། །དེར་ཡང་ཞེས་བྱ་བ་ལ་སོགས་པ་འདིས་

གསུང་བ་ནི་མི་རིགས་སོ་ཞེས་བསྟན་ཏོ། །འཕགས་པ་མ་ཡིན་པ་རབ་ཏུ་འཇུག་པའི་ལས་ཀྱི་མཚན་ཉིད་དོ། །ཞེས་པ་ནི་མི་དགེ་བའི་ལས་ཏེ་ལུས་ལ་སོགས་པའི་རྣམ་པ་བཅུ་མི་དགེ་བའི་ལས་རྣམ་པ་བཅུ་ཞེས་བྱ་བའི་དོན་ཏོ། །དེ་གསུང་བས་ན་གསུངས་པ་སྟེ། །ཞེས་པ་ནི་བཅོམ་ལྡན་འདས་

ཀྱི་བཀའ་ལུང་ངོ་། །ཚིག་ངན་པ་ཞེས་བྱ་བ་ལ་སོགས་པ་ནི་ལས་འཛིན་པའི་བསྡུ་བའོ། །མི་བསྐྱོད་པ་ལ་སོགས་པས་ཞེས་པ་ནི་ཐུགས་རྡོ་རྗེ་ལ་སོགས་པས་སོ། །དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་ལན་སྟོན་ཏེ་རྡོ་རྗེ་འཆང་ཆེན་པོ་དང་དེ་བཞིན་

གཤེགས་པ་ལ་སོགས་པ་རྣམས་ཀྱང་དབྱེར་མེད་པའི་ཕྱིར་རོ། །གཞན་དུ་ན་རྡོ་རྗེ་འཆང་ཆེན་པོ་གསུང་བ་པོ་ཡིན་ན། དེ་ཉིད་ཀྱིས་ཐེ་ཚོམ་སེལ་བར་བྱ་བའི་རིགས་པ་ཡིན་ནོ་ཞེས་པ་ཅིའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ལན་བཏབ་པར་འགྱུར་རོ། །བཟློག་པ་སྟེ་ཞེས་པ་ནི་ཡོངས་སུ་རྫོགས་

Vol. 32 · folio 230b

པས་བཟློག་པ་ཞེས་བྱའོ། །ཁྱེད་རྣམས་ཀྱི་བསམ་པ་ཤེས་ཀྱིས་ཞེས་བྱ་བ་ལ་སོགས་པས་དོན་དེ་ཉིད་བསྟན་ཏོ། །དགོངས་པ་དེ་ཉིད་བསྟན་པའི་ཕྱིར། །བཅོམ་ལྡན་འདས་ཀྱི་དགོངས་པས་བཤད་པའི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་དོན་སྟོན་པར་བྱེད་པའི་དགོངས་པས་བཤད་པས་བརྗོད་པར་

བྱ་བའི་ཚིག་རྣམས་ནི་ཟབ་པ་མ་ཡིན་པའི་དོན་དང་ལྡན་པའི་སྒྲ་ཇི་བཞིན་པས་དབྱེ་བར་མི་འགྱུར་ཏེ། གང་གི་ཕྱིར་པདྨའི་རྩ་བའི་སྣལ་མས་ལྕགས་ཀྱི་ལུ་གུ་རྒྱུད་མི་ཕྱེད་པ་བཞིན་ནོ། །དེ་བས་ན་ལོག་པའི་དོན་བཟུང་བས་སྨོད་པའི་ཡིད་ལ་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོངས་པ་ཡིན་ནོ་

ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་སྒྲ་ཇི་བཞིན་པའི་དོན་མེད་པ་དགོངས་པས་བཤད་པའི་དེ་ཁོ་ན་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་བཤད་དོ་ཞེས་བསྟན་ཏོ། །ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཞེས་པ་ལ་ཆོས་ཐམས་ཅད་ཀྱི་ནང་དུ་ཁྱབ་པ་སྟོང་པ་ཉིད་ཅེས་བྱ་བའི་ཐ་

ཚིག་གོ། །བློ་མཆོག་ཏུ་གྱུར་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་པ་ནི་རྫོགས་པའི་རིམ་པ་འབའ་ཞིག་ལ་སྣོད་དུ་རུང་བའི་སློབ་མ་རྣམས་སོ། །མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་པ་ནི་ཟུང་དུ་འཇུག་པའི་མན་ངག་གོ། །དེ་ལ་ཡེ་ཤེས་ནི་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་དེའི་བདག་ཉིད་དུ་འཇུག་

པ་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་ཞེས་བྱ་བ་ལ་སོགས་པས་གཉིས་སུ་མེད་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་རྟོགས་པར་བྱེད་པའོ། །རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ལ་ཆོས་ཉིད་བསྟན་པར་བྱའོ་ཞེས་སྟོན་ཏོ། །གཞན་ལ་ནི་མ་ཡིན་ཏེ་ཞེས་བྱ་བས་ཙནྡན་ལ་སོགས་པ་ལ་དགག་

པར་བསྟན་ཏོ། །དེ་བས་ཞེས་བྱ་བ་ལ་སོགས་པས་ཉེ་བར་བསྡུ་བ་བསྟན་ཏོ། །བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། །སྤྲོས་པ་དང་བཅས་པ་ལ་སོགས་པའི་སྤྱོད་པ་གསུམ་མོ། །གནས་ནི་དེའི་འབྲས་བུར་གྱུར་པའི་བྱང་ཆུབ་སྤྱོད་པའི་གནས་ཏེ་རྡོ་རྗེ་འཆང་ཉིད་དུ་བསྟན་ཏོ། །

འདི་ནི་འདི་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ཐེ་ཚོམ་མེད་པར་སྤྱོད་པ་དེས་རྡོ་རྗེ་འཆང་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་སྤྱོད་པ་ཇི་ལྟར་གསུངས་ཞེས་བཤད་པས་སོ། །བཤད་ཟིན་ཏོ་ཞེས་པ་ནི་ལེའུ་དང་པོ་ལས་སོ། །དེའི་རྣམ་པར་སྨིན་པ་ཚ་བའི་ཕྱིར་ཞེས་པ་

Vol. 32 · folio 231a

ནི་མནར་མེད་པ་ལ་སོགས་པ་ལ་ལྟུང་བའི་རྒྱུ་མཐུན་པའི་འབྲས་བུ་ཡིན་པས་སོ། །བྱ་བ་མ་ཡིན་པས་ཞེས་པ་ནི་སྲོག་གཅོད་ལ་སོགས་པ་མི་བྱེད་པས་སོ། །བཅོམ་ལྡན་འདས་ཀྱི་བཀའ་ལས་འདས་པའི་ཞེས་བྱ་བ་ལ་སོགས་པ་ནི་བདེ་བར་གཤེགས་པའི་བཀའ་ལས་

འདས་པའི་མཚན་ཉིད་ཀྱི་རྩ་བའི་ལྟུང་བ་ཐོས་པས་སོ། །རྩ་བའི་ལྟུང་བའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར་དམྱལ་བའི་འཇིགས་པ་ཞེས་བྱ་བ་སྨོས་ཏེ། དཀའ་བ་མ་སྤངས་པས་དུས་བྱས་ཏེ་ཁྱོད་དམྱལ་བར་ལྟུང་བར་འགྱུར་ཞེས་བཤད་པའི་ཕྱིར་རོ། །བྱ་བ་ལ་རྨོངས་པས་ཀུན་དུ་འཁོར་བར་

འགྱུར་ཏེ་ཞེས་པ་ནི་བསམ་པ་འདི་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཁ་ན་མ་ཐོ་བ་དང་བཅས་པ་བྱེད་པའམ་ཡང་ན་སྲོག་གཅོད་པ་ལ་སོགས་པ་མི་བྱེད་དོ་ཞེས་ཕྱོགས་གཅིག་ལ་བརྟེན་པ་དང་། ཕྱོགས་གཉིས་པ་ཡོངས་སུ་སྤོང་བའམ་ཡང་ན་དེ་ལས་ལྡོག་པ་ཞེས་རྣམ་པ་ཐམས་ཅད་

དུ་བཅོམ་ལྡན་འདས་ཀྱིས་བཀའ་ལུང་བླང་བར་བྱ་བ་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་དང་ལྡན་པའི་བློས་གཉིས་པའང་མི་བྱའོ་ཞེས་ཡིད་མི་བདེ་བར་འགྱུར་རོ། །ཕྱི་ནས་ཞེས་བྱ་བ་ལ་སོགས་པས་ངེས་པའི་གསུང་ཐོས་པའི་དགའ་བ་ལས་འབྱུང་བའམ་རྒྱལ་བ་ཐོབ་པ་ཉིད་དུ་བསྟན་ཏོ། །ངེས་པའི་

དོན་ཞེས་པ་ནི་རྡོ་རྗེའི་ཚིག་གི་ཁྱད་པར་ཏེ་སྔར་ཁོང་དུ་ཆུད་པའི་དོན་ཇི་ལྟ་བ་བཞིན་དུ་རིགས་པའི་ཕྱིར་རོ། །སྔོན་ཆད་མ་རྟོགས་པའི་ཆོས་ཉིད་རྟོགས་པས་ཞེས་པ་ནི་དགོངས་པས་བཤད་པའི་དོན་ཐོས་པས་སོ། །དེ་ཡིད་རྩེ་གཅིག་ཏུ་གྱུར་པས་ཞེས་པ་ནི་དགོངས་པས་བཤད་པའི་ཆོས་

ཉིད་ཀྱི་མཚན་ཉིད་བརྗོད་པར་བྱ་བ་ལ་བསམ་པ་དང་བསྒོམ་པ་ལ་ཞེན་པའི་ཡིད་དང་ལྡན་པའི་ཕྱིར་རོ། །དྲང་བའི་དོན་ཏོ་ཞེས་པ་ནི་ཐོས་པ་ལ་སོགས་པའི་རང་བཞིན་གྱིས་ཤེས་རབ་ཀྱི་འབྲེལ་པ་བསྟན་པའི་ཕྱིར་རོ། །ཡང་ལུང་གིས་བཤད་པ་ཞེས་བྱ་བ་ལ་སོགས་པས་ངེས་པའི་དོན་བསྟན་

པར་བྱ་སྟེ། མི་གཡོ་བ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་སྟོང་པ་ཆེན་པོའོ། །དེ་ལས་ཀྱང་གསང་བ་ནི་ཐམས་ཅད་སྟོང་པའོ། །ཞི་བ་ནི་རྣམ་པར་ཤེས་པ་དང་སྣང་བ་མེད་པའོ། །གཅིག་ནི་གཉིས་སུ་མེད་པའོ། །བདེ་བ་ཞེས་པ་ནི་བདེ་བ་ཆེན་པོའོ། །རང་བཞིན་

Vol. 32 · folio 231b

ཐམས་ཅད་སྤངས་པས་ན་མཆོག་གོ། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་པ། །ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའོ། །འདི་ནི་དགོངས་པས་གསུངས་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ཡང་རྣལ་འབྱོར་པས་མངོན་དུ་བྱའོ་ཞེས་བྱ་བ་འདིས་སེམས་རྣམ་པར་དག་པའི་

རིམ་པ་བསྟན་ཏོ། །ནམ་མཁའ་མཐའ་ཡས་སྦྱོར་བ་ཡིས། །ཞེས་པ་ལ་ནམ་མཁའ་བཞིན་དུ་མཐའ་ཡས་པའི་སྒྱུ་མ་ལྟ་བུའི་སྦྱོར་བ་ཡིས་སོ། །དེའི་འབྲེལ་པས་གཟུགས་ལ་སོགས་པ་ནི་སྒྱུ་མའི་རྣམ་པས་མཚོན་པའི་ཡེ་ཤེས་ཀྱི་སྐུ་ཡང་མཐའ་ཡས་པ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་

མཚོན་པའོ། །དེ་ཉིད་དེ་བཞིན་གཤེགས་པ་དང་། །དེ་བཞིན་བྱང་ཆུབ་སེམས་དཔར་བཤད། །ཅེས་པ་ནི་སྒྱུ་མ་ཉིད་ཀྱིས་ཉེ་བར་མཚོན་པའི་ལྷའི་སྐུའི་འབྲེལ་པ་དང་ལྡན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཁམས་གསུམ་པ་ཐམས་ཅད་བསྟན་པ་ལ་

སོགས་པས་བསྡུ་བ་ནི་འདུལ་བར་མཛད་པ་རྣལ་འབྱོར་པས་ཡེ་ཤེས་ཀྱི་སྐུ་གཟུང་བ་གང་ཡིན་པ་དེ་ཉིད་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ་དཀྱིལ་འཁོར་པ་ཐམས་ཅད་དེ་ཉིད་དུ་བསྡུས་པས་སོ། །ལུས་རྟོག་ལ་ཞེས་པ་ནི་སྒྱུ་མའི་ལུས་དེ་ལས་སར་ཞིང་སར་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པས་

སྤྲོ་བར་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྒྱལ་བར་གྱུར་ཞེས་བསྟན་ཏོ། །དེས་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རང་བཞིན་གྱི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པ་ཡིན་ནོ། །དེ་ལྟར་བདེ་བ་ནི་དེ་དང་འདྲ་བའི་བདེ་བ་ཆེན་པོ་བསྐྱེད་པས་སོ། །བསྐུལ་བ་ནི་ཁྱབ་པའི་རྣལ་

འབྱོར་པ་རྣམས་ཀྱིས་མི་ཤེས་པ་ནི་འདོད་ཆགས་ལ་སོགས་པ་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་གཅོད་པས་རྣམ་པར་མི་རྟོག་པར་གྱུར་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་སེམས་དཔའ་རྒྱལ་བར་འགྱུར་རོ་ཞེས་བསྟན་ཏོ། །དེས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པ་ཡིན་ནོ། །ངེས་པའི་དོན་

ཏོ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་གསུམ་གྱི་མཚན་ཉིད་ཅན་གྱི་རྫོགས་པའི་རིམ་པ་བསྟན་པའི་ཕྱིར་རོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི། རྡོ་རྗེ་འཆང་ཆེན་པོའི་གསོལ་བ་འདེབས་པ་བསྟན་པའི་ཕྱིར་ཏེ།

Vol. 32 · folio 232a

སོགས་པའི་སྒྲས་ཤེས་པར་བྱའོ། །དེ་དང་འདྲ་བའི་ཞེས་པ་ནི་སྤྲོས་པ་ཐམས་ཅད་ལས་ངེས་པར་གྲོལ་བའོ། །གཉིས་སུ་མེད་པས་ནི་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ལ་ཞུགས་པའོ། །དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་

ཐོབ་པའི་རྡོ་རྗེའི་སྐུའོ། །འོད་ཟེར་ཡང་དག་པར་བསྡུས་པ་ཞེས་པ་ནི་རང་གི་སྐུ་ལས་བྱུང་བའོ། །རེག་པར་གྱུར་པ་ཙམ་གྱིས་ཞེས་པ་ནི་ཟླ་བའི་འོད་ཟེར་དང་འདྲ་བར་བསིལ་བ་བྱང་ཆུབ་སེམས་དཔའི་ལུས་ལས་ཕབ་པས་སོ། །རང་རང་གི་སྟན་ལ་ཡང་གནས་པར་གྱུར་ཏོ་ཞེས་པ་ནི་པདྨ་དང་ཟླ་བ་

དང་ཉི་མ་ལ་སོགས་པའི་གདན་ལ་བཞུགས་པ་སྟེ། བསྒོམས་པ་ལས་བྱུང་བའི་བརྒྱལ་བ་སངས་ནས་དྲན་པ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དྲན་པ་སླར་ཡང་སོ་སོར་རྙེད་པར་གྱུར་ཏོ་ཞེས་བསྟན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་སྤྲོ་བ་ཙམ་སྟོན་པར་བྱེད་པའི་

སོགས་པའི་སྒྲས་སོ། །སྟོང་པ་ཉིད་གསུམ་ནི་སྟོང་པ་དང་ཤིན་དུ་སྟོང་པ་དང་ཆེན་པོ་སྟོང་པ་སྟེ་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པར་བྱའོ། །འོད་གསལ་བ་ཞེས་པ་ནི་སྟོང་པ་གསུམ་གྱི་རྒྱུ་ཅན་འབྲས་བུར་གྱུར་པ་སྟེ་ཐམས་ཅད་སྟོང་པའོ། །སྟོང་པ་ཤིན་ཏུ་སྟོང་པ་དང་། །སྟོང་པ་ཆེན་པོ་གསུམ་

པ་སྟེ། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་དབྱེ་བས་སོ། །ཞེས་འབྱུང་ངོ་། །ཟུང་དུ་འཇུག་པ་ནི་གང་གི་ཕྱིར་ཟུང་དུ་འཇུག་པའི་རིམ་པ་ལས་རྒྱུ་དང་འབྲས་བུའི་དབྱེ་བས་བསྒོམ་པ་ནི་མེད་དོ། །རྒྱུ་དང་འབྲས་བུའི་བདག་ཉིད་ནི། །རང་བཞིན་མེད་པར་བྱས་ནས་སོ། །རྣལ་འབྱོར་

པ་ནི་གང་གནས་པ། །ཟུང་འཇུག་སངས་རྒྱས་ཀྱིས་གསུངས་སོ། །མི་ཕྱེད་པས་ན་རྡོ་རྗེ་སྟེ། །ཞེས་པ་ནི་ཟུང་དུ་འཇུག་པ་ཏིང་ངེ་འཛིན་ལ་རྣམ་པ་དང་བཅས་པ་ལ་སོགས་པའི་རྣམ་པར་རྟོག་པ་དང་མི་གཙང་བ་དང་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་འབྱུང་བར་མི་འགྱུར་རོ། །རྣམ་

བཅས་དངོས་པོའི་རྟོག་པ་དང་། རྣམ་པ་མེད་པའི་རྟོག་པ་སྟེ། །གཅིག་ཏུ་བྱས་ནས་སྤྱོད་པ་ནི། །ཟུང་འཇུག་རིམ་པ་དེ་བཞིན་ནོ། །ཇི་ལྟར་དྲི་བཟང་ག་བུར་དང་། །དེ་ལྟར་མི་གཙང་དྲི་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་། །དེ་སྐད་ཅེས་བྱ་བ་ལ་སོགས་པ་ནི་དེ་འདྲ་བའི་ཏིང་ངེ་འཛིན་ལ་

Vol. 32 · folio 232b

བཅོམ་ལྡན་འདས་བཞུགས་པར་གྱུར་ཏོ། །མི་གཡོ་བ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཆེན་པོ་ལ་སོགས་པ་ལ་གནས་པ་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་གཉིས་དབྱེར་མེད་པས་གནས་པ་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཐོབ་པར་གྱུར་པའོ་ཞེས་པ་རང་གི་

ཏིང་ངེ་འཛིན་དང་མཚུངས་པར་གྱུར་ཏོ། །དེ་ལྟར་བྱིན་གྱིས་བརླབས་པ་ཙམ་གྱིས་ཞེས་པ་ནི་རིམ་པ་ལྔའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་སོ། །སྣང་བའི་འོད་ཀྱི་ཚོགས་ཀྱིས་ཞེས་པ་ནི་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་ཀྱིས་སོ། །རླུང་ནི་རེག་པའོ་ཞེས་པ་ནི་རེག་པའི་ཡོན་ཏན་དང་ལྡན་པས་སོ། །དེས་

རེག་པ་ཙམ་གྱིས་ཞེས་པ་ནི་འབྲུ་མང་པོ་ལ་འོད་ནི་མཆོག་ཏུ་གཟུང་བའོ། །ཙམ་ཞེས་བྱ་བ་ནི་རླུང་གི་དེ་ཁོ་ན་ཉིད་དེ་འོད་གསལ་བའོ། །དེས་ན་འོད་དེ་ཁམས་ཕྲ་བ་ལ་རྗེས་སུ་ཞུགས་པའི་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་ཞེས་སྨོས་པ་ལ་བསམ་པ་ནི་འདི་ཡིན་ཏེ། ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་

ཞུགས་པའི་རྡོ་རྗེ་འཆང་ཆེན་པོས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ། བྱང་ཆུབ་སེམས་དཔའ་རྣམས་འོད་གསལ་བའི་གོ་འཕང་ལ་འཇུག་པའི་སེམས་ཀྱི་རྒྱུད་ལ་འཇུག་སྟེ། ཅིག་ཅར་རམ་སྣང་བ་མཆེད་པ་ལ་སོགས་པའི་རིམ་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བ་ཡིད་ཀྱི་

རང་བཞིན་གྱི་ཡེ་ཤེས་ཀྱི་སྐུ་བླངས་ལ་རང་རང་གི་གདན་གྱི་བརྡར་བསྟན་པའི་འཇིག་རྟེན་གྱི་ཁམས་ལ་སེམས་ཅན་གྱི་དོན་བྱ་བ་ལ་ནུས་པ་དང་ལྡན་པར་མཛད་དོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འོད་གསལ་བ་ལས་ལྡང་བར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །ངེས་པའི་

དོན་ཏེ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་བདག་ལ་བྱིན་གྱིས་བརླབ་པ་དང་ཟུང་དུ་འཇུག་པའི་རིམ་པ་བསྟན་པའི་ཕྱིར་རོ། །ཟབ་པའི་ཆོས་སྟོན་པ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་སྤྱོད་པ་གསུམ་གྱིས་ཐོབ་པར་བྱ་བའི་དེ་ཁོ་ན་ཉིད་བསྟན་པའོ། །དེ་ལ་མཁས་པ་ནི་འཇིག་རྟེན་ལས་འགལ་

བའི་སྒྲའི་སྒོ་ནས་གསུངས་པའོ། །སྔོན་མ་བྱུང་བ་ཞེས་པ་ནི་སྒྲ་ཇི་བཞིན་པ་ཙམ་གྱིས་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པའོ། །གྱུར་པ་ནི་དགོངས་པས་བཤད་པས་དེའི་དོན་ཡོངས་སུ་སྤངས་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའོ། །རྨད་དུ་གྱུར་པ་ནི་གཞན་ཐོས་པ་དང་རྣམ་པ་གཞན་སྒྲུབ་

Vol. 32 · folio 233a

པའོ། །རངས་ཏེ་ཞེས་པ་ནི་རྨད་དུ་བྱུང་བ་ཉིད་ཀྱི་འབྲས་བུར་གྱུར་པའི་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་རོ། །བཀའ་སྩལ་པ་ཞེས་པ་ནི་འགལ་བའི་སྒྲས་གཙོ་བོར་གྱུར་པའི་ཚིག་བསྟན་པས་སོ། །རྟོགས་ཤིང་ཞེས་པ་ནི་མངོན་དུ་བྱས་པའོ། །ཏིང་ངེ་འཛིན་ཁྱད་པར་ཞེས་བྱ་བ་ནི་སེམས་

རྣམ་པར་དག་པ་ལ་སོགས་པའི་མཚན་ཉིད་ཀྱི་རྫོགས་པའི་རིམ་པའོ། །དེས་བསྐྱེད་པ་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པས་སེམས་ཅན་གྱི་ཚོགས་ཞེས་པ་ནི་ཁམས་གསུམ་ལ་གནས་པའི་རིན་པོ་ཆེ་ལྟ་བུའི་གང་ཟག་གང་ཡིན་པའོ། །དེ་རྣམས་གཟིགས་པ་ནི་གཟིགས་པས་དགེས་པས་ཁྱབ་པར་

གྱུར་པའོ། །རྣམ་པ་དེ་ལྟ་བུ་ཞེས་པ་ནི་འཆད་པར་འགྱུར་བའོ། །ཆོས་དང་ཡང་དག་པར་ལྡན་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་མ་ངེས་པ་མེད་པ་ཡོན་ཏན་གྱི་ཚོགས་ལ་བསྟོད་པ་དང་ཡང་དག་པར་ལྡན་པའོ། །ཆོས་བསྟན་པས་དགེས་པས་ཞེས་པ་ནི་རྫོགས་པའི་རིམ་པའི་རྒྱུར་གྱུར་པ་སྤྱོད་པ་

གསུམ་གྱི་མཚན་ཉིད་ཅན་གྱི་ཆོས་བསྟན་པས་མགུ་བ་ཞེས་བྱ་བའི་དོན་ཏོ། །ཆོས་བསྟན་པའི་སྒོ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེས་གསུངས་པའི་ཆོས་དང་གསུང་བ་པོ་ལ་དབྱེར་མེད་པའི་ཕྱིར་རོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བའི་བདག་ཉིད་ཅན་རྡོ་རྗེ་འཆང་ཆེན་པོ་ཞེས་ལེའུ་དང་པོ་

ནས་བསྟན་པས་སོ། །བསྟན་པའི་མཚན་ཉིད་ཅན་གྱི་ཆོས་སོ། །ཞེས་པ་ལ་རྗོད་པར་བྱེད་པའི་ངོ་བོའོ། །དེས་བསྟན་པའི་དོན་ཞེས་པ་ནི་བརྗོད་པར་བྱ་བའི་ངོ་བོའོ། །མཚོན་པ་ཞེས་པ་ནི་འཆད་པ་པོའི་འདོད་པས་སྒྲ་རྣམས་ཀྱི་སྦྱོར་བ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ། །རྗོད་པར་བྱེད་པ་གང་དང་གང་། །

འཆད་པ་པོས་ནི་ངེས་སྦྱོར་བ། །ཕྱི་ཡི་དོན་ལ་མ་རྟོགས་པ། །ཚིག་དེ་ད་བཞིན་རྗོད་བྱེད་པའོ། །ཞེས་འབྱུང་ངོ་། །ཆོས་ནི་བརྗོད་པའི་མཚན་ཉིད་དོ། །ཞེས་བྱ་བ་ལ་སོགས་པ་ལ་རྗེས་སུ་སྨྲ་བ་ཙམ་ཡིན་ནོ། །གང་ཡིན་ཞེས་བྱ་འདྲི་བ་ལ། །ཆོས་ནི་ཐོས་པའི་རང་བཞིན་ནོ། །ཞེས་བྱ་བ་ལ་སོགས་

པས་ལན་བཏབ་པ་བསྟན་ཏེ། ཆོས་ནི་སྒྲ་ཡིན་པས་རྣ་བས་གཟུང་བྱ་ཡིན་པའི་ཕྱིར་རོ། །དོན་དག་པ་ནི་བསམ་པའི་རང་བཞིན་ནོ་ཞེས་པ་ལ་རིགས་པ་བཞིའི་སྒོ་ནས་ཆོས་དེ་ཉིད་རྣམ་པར་དཔྱད་ན་དག་པའི་དོན་དུ་འགྱུར་ཏེ་དོན་ངེས་པར་རྟོགས་པ་དང་ཐེ་ཚོམ་བྲལ་བས་སོ། །དེ་དག་མངོན་སུམ་

Vol. 32 · folio 233b

བྱས་པ་ནི་ཐོས་པ་དང་བསམ་པ་རྫོགས་ན་ཆོས་ཀྱི་དོན་བསྒོམ་པར་བྱ་བར་རིགས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །རྡོ་རྗེ་འཆང་ཆེན་པོ་ཞེས་བསྟན་ཏོ། །དེ་ལྟ་བུ་ཁྱོད་ལ་ཕྱག་འཚལ་འདུད། །ཅེས་བྱ་བ་འདིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་དེའི་གཞི་ཅན་གྱི་ཐོས་པ་དང་བསམ་པ་དང་དེའི་

བསྒོམ་པ་དང་དེའི་འབྲས་བུར་གྱུར་པ་དེ་ཁོ་ན་ཉིད་ཀྱི་སྐུ་གཅིག་པ་རྡོ་རྗེ་འཆང་ལ་བསྟོད་པ་བསྟན་ཏོ། །རྡོ་རྗེ་འཆང་ཡང་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་ངོ་བོ་ཡིན་པས་ཕྱག་འཚལ་བའི་སྒྲ་གཉིས་པ་བསྟན་ཏོ། །དེ་བཞིན་དུ་འོག་ཏུ་ཡང་སྦྱར་རོ། །སྐུ་ལ་སོགས་པ་ཕན་ཚུན་ཐ་དད་པ་མ་ཡིན་ནོ།

ཞེས་པ་ནི་སེམས་ནི་ལུས་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །འོད་གསལ་བ་སྟེ་ཞེས་པ་ནི་གློ་བུར་གྱི་དྲི་མས་མི་གོས་པའི་ཕྱིར་རོ། །དེའི་གནས་ཞེས་བྱ་བ་ལ་སོགས་པས་སྔགས་དང་ཕྱག་རྒྱའི་རིམ་པས་ཐོབ་པར་བྱ་ཞེས་བྱའོ། །སྐྱེ་དང་འགག་པ་དང་བྲལ་བ་ཞེས་པ་ནི་འོད་

གསལ་བ་སྟེ་འདུས་མ་བྱས་པའི་ཕྱིར་རོ། །སྣང་བ་རྣམ་པར་དག་པ་ཞེས་པ་ནི། སྣང་བ་ལ་སོགས་པ་གསུམ་སྤོང་བས་སོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པའི་སྒོ་ནས་བསྟོད་པའོ། །འཇའ་ཚོན་ལྟར་ཞེས་བྱ་བ་ལ་སོགས་པས་འོད་གསལ་བ་ལས་སྤྲོས་པའི་ཡེ་ཤེས་ཀྱི་སྐུའི་བདག་

ཉིད་གཟུང་བར་བསྟན་ཏོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ཞེས་པ་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་སོ། །ཐུགས་ཉིད་ཡིན་པས་ན་ཞེས་པ་ནི་དེ་རྣམས་ཀྱིས་བསགས་པས་ན་ཐུགས་ཏེ་རྣམ་པ་ཐམས་

ཅད་མཆོག་དང་ལྡན་པའི་རྡོ་རྗེའི་སྐུའི་རང་བཞིན་ཁྱོད་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཐོག་མར་གྱུར་པས་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་ཡིན་པས་སོ། །གཙོ་བོ་ནི་མི་སློབ་པས་སོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་འདས་པ་ལ་སོགས་པའི་དུས་ལ་གནས་པའི་དངོས་པོ་རྣམས་

ཞེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་གཉིས་ཀའི་དངོས་པོ་རྣམས་སོ། །ཉིད་ཡིན་ཞེས་པས་དངོས་པོ་ཐམས་ཅད་ཁྱབ་པར་བྱེད་པ་བཅོམ་ལྡན་འདས་བསྟན་ཏོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་སོ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཆོས་ཉིད་ཀྱི་ངོ་བོ་ཡིན་

Vol. 32 · folio 234a

པས་སོ། །འོད་གསལ་བ་ཞེས་པ་ནི་འོད་གསལ་བའི་འབྲས་བུར་གྱུར་པའི་རྡོ་རྗེའི་སྐུ་ཁྱོད་ཡིན་ནོ། །ཁྱེད་ཉིད་ཁམས་གསུམ་པ་ཡང་ཡིན་ཏེ་ཞེས་པ་ནི་ཁམས་གསུམ་གྱི་བདག་ཉིད་ཡིན་པས་སོ། །སྒྱུ་འཕྲུལ་གྱི་དབང་བརྙེས་པས་ཞེས་པ་ནི་སྐུ་ལ་སོགས་པའི་དབང་ཕྱུག་བརྒྱད་ཐོབ་

པས་སོ། །བདེན་པ་གཉིས་ཀྱི་བདག་ཉིད་ཅན་ཡིན་པས་ཞེས་པ་ནི་ཟུང་དུ་འཇུག་པའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ནི་ཟུང་དུ་འཇུག་པའི་རིམ་པའི་སྒོ་ནས་བཅོམ་ལྡན་འདས་ལ་བསྟོད་པའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་སྤྲིན་གྱིས་

མ་བསྒྲིབས་པའི་ཕྱིར་རོ། །དེ་ལས་ཡང་དག་པར་བྱུང་བ་ནི་རྣམ་པར་སྣང་མཛད་དེ་ཞེས་པ་ནི་མ་འབྲེལ་པ་རྣམ་པར་གཅོད་པས་ལྷ་སྦྱིན་ནི་གཞུ་འཛིན་པ་བཞིན་ནོ། །དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་པ་ནི་གཏན་ཚིགས་ཀྱང་དེ་བཞིན་ནོ། །དེ་བཞིན་གཤེགས་པ་གཞན་རྣམས་ཀྱི་ནི་མེ་ལོང་

ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །ནམ་མཁའ་ནི་རེ་ཞིག་འོད་གསལ་བ་སྟེ་དེའི་ལམ་ནི་དེ་ཐོབ་པར་བྱེད་པའི་ཡེ་ཤེས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལས་བྱུང་བས་གནས་པར་མཛད་ཅིང་ཞེས་པ་ནི་སྐད་ཀྱི་བྱིངས་དོན་དུ་མ་ཡིན་པའི་ཕྱིར་གནས་པ་འབྱུང་བ་ལ་འཇུག་གོ། །

ནམ་མཁའ་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་ཐུགས་གང་ལ་ཡོད་པ་དེ་ནི་མི་བསྐྱོད་པ་སྟེ་ཡེ་ཤེས་དང་རྗེས་སུ་མཐུན་པར་བསྟན་ཏོ། །པདྨའི་རིགས་སོ་ཞེས་པ་ནི་ཡན་ལག་བཅུ་གཉིས་པའི་གསུང་རབ་ལ་འཇུག་པ་ལ་དེ་ཉིད་ཀྱིས་དབང་བྱེད་པས་སོ། །དེ་རྣམས་ཀྱི་

མཆོག་ཅེས་པ་ནི་དེ་རྣམས་སྤྲུལ་པའི་ངོ་བོ་ཉིད་དོ། །འགྲོ་བ་མ་ལུས་པའི་དོན་ནི་ཞེས་པ་ལ་བསྟན་པ་དང་སྨིན་པ་དང་གྲོལ་བ་ལ་སོགས་པ་སྟོབས་ཀྱི་རྣལ་འབྱོར་གྱི་མཚན་ཉིད་ཀྱི་རང་བཞིན་རླུང་གི་ཁམས་ཀྱི་ངོ་བོ་སྟེ། དེ་རྣམས་བྱ་བ་ནན་ཏན་གྲུབ་པའི་ཡེ་ཤེས་ཀྱིས་རྫོགས་པར་འགྱུར་བས་དེའི་བདག་ཉིད་དོན་

ཡོད་གྲུབ་པ་འདིར་བསྟན་ཏོ། །རིགས་ལྔའི་བདག་ཉིད་ཀྱི་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་བདག་ཉིད་དུ་གྱུར་པས་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ། རིགས་ནི་རྣམ་པ་བརྒྱར་བསྟན་པ། མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་

Vol. 32 · folio 234b

འགྱུར། །དེ་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཉིད་དེ་ལྷག་པའི་ལྷ། །ཞེས་འབྱུང་ངོ་། །བདག་དང་གཞན་གྱི་དོན་སྒྲུབ་པ། །ཞེས་བྱ་བའི་སྤྱོད་པ་ནི་ཞེས་པ་ལ་སྔར་བཤད་པའི་རྣམ་པ་གསུམ་གྱི་སྤྱོད་པའི་རིགས་པས་རང་དང་གཞན་གྱི་དོན་འགྲུབ་པར་འགྱུར་རོ། །དེ་ཉིད་ཁྱད་པར་དུ་གྱུར་པས་ན་ཞེས་

པ་ནི་ཐེག་པ་དམན་པ་ལ་སོགས་པ་ལ་ལྟོས་པ་དང་། བྱ་བའི་རྒྱུད་ལ་སོགས་པ་ལ་ལྟོས་པས་ཞེས་ཚིག་ལྷག་མའོ། །གང་གི་ཕྱིར་བདེ་བའི་ངོ་བོ་དང་ཡུན་རིང་བ་མ་ཡིན་པས་བསྒྲུབ་པར་བྱ་བའི་སྤྱོད་པ་ནི་ལམ་གཞན་དང་རྒྱུད་གཞན་ལས་མ་བསྟན་ཏེ། བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་

སོགས་པས་ལུས་ངལ་བར་བྱེད་པའི་ཕྱིར་དང་ལན་གསུམ་བཀྲུས་པ་ལ་སོགས་པས་ལུས་གཟིར་བར་བྱེད་པའི་ཕྱིར་རོ། །དེའི་དོན་སྟོན་པའི་ཞེས་པ་ནི་སྤྱོད་པ་གསུམ་རྗོད་པར་བྱེད་པའི་གཞུང་གི་ཚོགས་ལ་ལེའུ་ཞེས་བྱའོ། །དགོངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡོངས་སུ་གསལ་བའི་དེ་ཁོ་ན་

ཉིད་བསྟན་པའི་ཕྱིར་རོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་ལྔ་པའི་རྒྱ་ཆེར་བཤད་པའོ།། །།བདག་ལ་བྱིན་གྱིས་བརླབ་པའི་ང་རྒྱལ་ཞེས་བྱ་བ་ལ་སོགས་པས་ལེའུ་དྲུག་པའི་བཤད་པ་རྩོམ་པར་བྱེད་དེ། །བདག་ནི་ལྷའི་སྐུ་ལའོ། །བྱིན་གྱིས་བརླབ་པ་ནི་

སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །སྔོན་དུ་འགྲོ་བའི་སྤྱོད་པ་བྱ་བ་ནི་རྣལ་འབྱོར་ཆེན་པོའི་མཐའི་བར་དུ་དང་པོར་སྦྱོར་བ་བསྒོམས་ནས་ལྷའི་རྣམ་པ་ཐོབ་པས་སྤྱོད་པ་བྱའོ། །གཞན་དུ་ན་ཁྱི་དང་སྤྱང་ཀི་ལ་སོགས་པ་དང་། །སོ་སོའི་སྐྱེ་བོའི་བཞིན་དུ་སྤྱད་པ་ཐལ་བར་འགྱུར་རོ། །སྐུ་ལ་སོགས་པ་

བྱིན་གྱིས་བརླབ་པའི་རིམ་པ་ཞེས་པ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྫོགས་ནས་རྣལ་འབྱོར་ཆེན་པོའི་མཚན་ཉིད་ཅན་གྱི་དང་པོའི་སྦྱོར་བའི་ཡན་ལག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་སྟོན་ཏོ་ཞེས་པ་ནི་རབ་ཏུ་ཕྱེ་ནས་བཤད་པར་བྱ་བའི་དོན་ཏོ། །མི་བསྐྱོད་པ་ཞེས་བྱ་བ་ནི་སྐུ་ལ་

སོགས་པ་དེའི་རང་བཞིན་ཡིན་པས་སོ། །དེ་བྱིན་གྱིས་རློབ་པའི་གསང་སྔགས་ཏེ་ཞེས་པ་ནི་གང་བརྗོད་པས་ཐུགས་རྡོ་རྗེས་སྒྲུབ་པ་པོ་བྱིན་གྱིས་བརླབ་པར་འགྱུར་རོ། །གང་ལ་མིང་དེ་སྐད་ཅེས་བྱ་བའི་ཐུགས་རྩེ་གཅིག་ཏུ་མཛད་དེ་ཞེས་པ་ནི་ཐུགས་བྱིན་གྱིས་རློབ་པར་བྱེད་པའི་སྔགས་རྗེས་

Vol. 32 · folio 235a

སུ་དྲན་པའི་མཚན་ཉིད་ཀྱི་བློ་ཞེས་བྱ་བའི་དོན་ཏོ། །ཐུགས་བྱིན་གྱིས་བརླབ་པ་གང་ཡིན་པ་ཞེས་པ་ནི་རྟོག་པ་དང་བཅས་པའི་ཐ་མལ་པའི་ངོ་བོ་བྲལ་ནས་སྟོན་ཀའི་ཟླ་བའི་དཀྱིལ་འཁོར་རྫོགས་པ་དང་འདྲ་བ་གང་གིས་བྱེད་པ་དེ་ལ་དེ་སྐད་ཅེས་བཤད་དོ། །ཡིད་སྐྱོབ་པས་ན་ཞེས་

པ་ལ་དེ་ལ་གཅིག་ཏུ་གཞོལ་བས་རྣམ་པར་རྟོག་པ་གཞན་ལས་སྐྱོབ་པས་སོ། །དབང་པོ་དང་ནི་ཡུལ་དག་ལ། །བརྟེན་ནས་གང་ཞིག་ཡིད་བྱུང་བ། །ཡིད་དེ་མན་ཞེས་བཤད་པ་སྟེ། །ཏྲ་ནི་སྐྱོབ་པའི་དོན་ཡིན་ནོ། །ཞེས་འབྱུང་ངོ་། །བཀའ་སྩལ་པར་གྱུར་ཏོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་ཏེ་

ཚིག་ལྷག་མའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ལ་བྱིན་གྱིས་བརླབ་པའི་སྔགས་སོ། །དེ་བརྗོད་པ་ཙམ་གྱིས་ཐུགས་བྱིན་གྱིས་བརླབ་པར་འགྱུར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཞེས་པ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྡུལ་རྣམས་མེད་པ་དང་མི་ཕྱེད་པའི་

ཕྱིར་རོ། །དེ་བྱིན་གྱིས་རློབ་པའི་སྔགས་ཏེ། ཞེས་པ་ནི་སྐད་ཀྱི་བྱིངས་དོན་དུ་མ་ཡིན་པས་གནས་ཀྱི་སྒྲ་ནི་བྱིན་གྱིས་བརླབ་པའི་རྣམ་གྲངས་སོ། །སྐུ་བྱིན་གྱིས་བརླབ་པའི་སྔགས་གསུངས་པ་ནི་ཞེས་པ་ལ་གང་གི་ལུས་ཀྱི་ཐ་མལ་པའི་ངོ་བོ་སྤངས་ནས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་

བརྒྱད་ཅུས་རྣམ་པར་སྤྲས་པ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ལུས་བྱིན་གྱིས་བརླབ་པའི་སྔགས་སོ། །དེ་བརྗོད་པས་ལུས་བྱིན་གྱིས་བརླབ་པར་འགྱུར་རོ། །ཚད་མེད་གང་ལས་བརྙེས་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་

ལ་སྤྱོད་པའི་རྣལ་འབྱོར་པ་རྣམས་ཡུན་རིང་དུ་འཚོ་བར་འགྱུར་རོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཕོ་བའི་ཆགས་པ་བྲལ་བར་བྱ། །ཞེས་འབྱུང་ངོ་། །རགྟ་གྱེན་དུ་འདྲེན་པའི་བཅོམ་ལྡན་འདས་སངས་རྒྱས་རྣམས་ནི་བསྐལ་པའི་བར་དུ་ཐུབ་པར་འགྱུར་ཏེ་བྱང་ཆུབ་ཀྱི་སེམས་མི་འཕོ་བས་སོ། །

དེ་དུས་བརྩམས་ནས་དེ་ནི་རྟོག་པ་མེད། །དེ་ཡི་དབྱིབས་དང་ཁ་དོག་ཇི་ལྟར་མཚན། །བསམ་གྱིས་མི་ཁྱབ་རྣམ་པར་སྨིན་པའི་སྐུ། །སྡོམ་པ་དེ་ལ་བྱ་བ་བྱས་པས་ཐོབ། །ཅེས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལས་འབྱུང་ངོ་། །དེའི་ངོ་བོ་ནི་ཚེ་དཔག་ཏུ་མེད་པར་བསྟན་ཏོ། །སོ་སོར་རྟོག་པའི་ཡེ་

Vol. 32 · folio 235b

ཤེས་ཀྱི་བདག་ཉིད་ཅན་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ཐ་མི་དད་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་དཔྱད་པར་བྱས་ན་མཉམ་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དེ་མེད་པས་དངོས་པོ་ཐམས་ཅད་སོ་སོར་རྟོག་པར་མི་འགྱུར་རོ། །དེའི་རང་བཞིན་འོད་

དཔག་ཏུ་མེད་པ་སྟེ་ཆོས་རྣམས་སོ་སོར་རྟོག་པར་མཛད་པས་སོ། །དེ་བྱིན་གྱིས་རློབ་པར་བྱེད་པ་ཞེས་པ་ནི་དེ་མངོན་དུ་འགྱུར་བ་དང་བརྟན་པ་ཉིད་སྒྲུབ་པའི་ཕྱིར་རོ། །མི་ཕྱེད་པའི་ངོ་བོ་ཉིད་ཀྱི་སྔགས་ཏེ་ཞེས་པ་ནི་གསུང་གི་དབང་ཕྱུག་ལ་སོགས་པའི་དངོས་གྲུབ་དང་དུག་དང་དབྲལ་བ་ལ་སོགས་པ་

ལ་ནུས་པ་མ་ཉམས་པའོ། །ཐ་མལ་པའི་ངག་སྤངས་ནས་ཡན་ལག་དྲུག་ཅུ་དང་ལྡན་པ་གཡས་སུ་འཁྱིལ་བའི་དུང་དང་འདྲ་བའི་མགྲིན་པ་ལ་གནས་པའི་གདོང་གི་དཀྱིལ་འཁོར་ཁྱབ་པར་བྱེད་པའི་ལྗགས་དང་བཅས་པ་གང་གིས་བྱེད་པ་དེ་ནི་གསུང་བྱིན་གྱིས་བརླབ་པའི་སྔགས་གསུངས་

པ་སྟེ་སྔ་མ་བཞིན་ནོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་སྔགས་ཏེ་དེ་བརྗོད་པས་གསུང་བྱིན་གྱིས་བརླབ་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་སྔགས་རྣམས་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་ཡིན་ཏེ། རིམ་པ་གང་གིས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་ཞེས་བསྟན་

ཏོ། །མི་བསྐྱོད་པ་ལ་སོགས་པའི་ངོ་བོ་ཉིད་ནི་ཤིན་དུ་རྣལ་འབྱོར་གྱི་རིམ་པས་ཤེས་པར་བྱའོ། །ཉན་ཐོས་ལ་སོགས་པས་ཡོངས་སུ་མི་ཤེས་པས་ན་ཞེས་པ་ནི་ཉན་ཐོས་ནས་བརྩམས་ཏེ་རྣལ་འབྱོར་གྱི་རྒྱུད་ཀྱི་རྣལ་འབྱོར་པའི་བར་དུ་ཞེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་

རྡོ་རྗེ་གང་ཡིན་པ་ཞེས་པ་ནི་བསྐྱེད་པའི་རིམ་པས་སེམས་དཔའ་གསུམ་གྱི་བདག་ཉིད་ཡིན་པས་སོ། །དེ་ལ་དམ་ཚིག་སེམས་དཔའ་ནི་སྐུའི་རང་བཞིན་ཏེ་ཕྱིའི་གཟུགས་སུ་སྣང་བས་སོ། །ཡེ་ཤེས་སེམས་དཔའ་ནི་གསུང་གི་ངོ་བོ་སྟེ་བར་ན་གནས་པས་སོ། །ཏིང་ངེ་འཛིན་སེམས་དཔའ་ནི་ཐུགས་

ཀྱི་རང་བཞིན་ཏེ་ཕྲ་བའི་ངོ་བོ་ཡིན་པས་སོ། །ཡང་ན་ལྷའི་སྐུ་དམ་ཚིག་སེམས་དཔའ་ཞེས་བྱ་བ་སྐུ་ལ་སོགས་པའི་རང་བཞིན་ཞེས་བྱ་བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་ལུས་ཞེས་སྨོས་ཏེ། རྣལ་འབྱོར་གསུམ་གྱིས་རྫོགས་པའི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྐུའོ། །ལྷ་རྣམས་

Vol. 32 · folio 236a

ཀྱི་འཁོར་ལོའི་གཞིར་གྱུར་པའི་ཕྱིར་རོ་ཞེས་པ་ནི་རྗེས་སུ་རྣལ་འབྱོར་དང་། །ཤིན་དུ་རྣལ་འབྱོར་གྱི་རིམ་པས་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་སོ། །སྤྱན་ལ་སོགས་པ་བཀོད་པ་གསུམ་པ་ཞེས་པ་ནི་འཁོར་དང་བཅས་པའི་

སྤྱན་མ་ལ་སོགས་པའི་ལྷ་མོ་གསུམ་ཞེས་བྱ་བའི་དོན་ཏོ། །བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ་ཞེས་པ་ནི་སྤྱན་མ་ལ་སོགས་པ་གསུམ་པོ་སྤྲོས་ནས་ཞི་བ་ལ་སོགས་པའི་ཕྲིན་ལས་གྲུབ་པས་ན་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། དེས་འགུགས་པའི་རྣམ་པར་སྣང་མཛད་

ལ་སོགས་པས་རང་གི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་རང་གི་དོན་ཕུན་སུམ་ཚོགས་པ་ཡང་འགྲུབ་པར་འགྱུར་རོ། །སྐུ་རྡོ་རྗེ་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པས་རང་གི་ལུས་ལ་སོགས་པ་དེའི་རང་བཞིན་དུ་བྱ་བའི་ཕྱིར་རོ། །སྤྲོས་

པ་ནི་ཡི་གེ་ཨོཾ་ལ་སོགས་པ་ལས་འོད་ཟེར་གྱི་སྒོ་ནས་ཕྱུང་བ་ཞེས་བྱ་བའི་དོན་ཏོ། །མི་བསྐྱོད་པ་ལ་སོགས་པ་སྟེ་ཞེས་པ་ལ་ཡིད་ཀྱི་རྣམ་པར་རྟོག་པའི་འཇིག་པ་ལས་སྐྱོབ་པའི་ཕྱིར་རོ། །དེ་རྣམས་ཀྱིས་མཚོན་པ་གང་ཡིན་པ་ཞེས་པ་ནི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་མི་ཕྱེད་པའི་ཕྱིར་

དང་། །རྒྱུ་དང་འབྲས་བུའི་དབྱེ་བས་འཆད་པར་འདོད་པ་མ་ཡིན་པའི་ཕྱིར་རོ། །དེས་ནི་ཡི་གེ་གསུམ་གྱིས་སོ། །མགོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་ཞེས་བྱ་བ་ནི་ཟླ་བ་དང་པདྨ་དང་རྡོ་རྗེ་རྣམས་ཀྱིས་མཚོན་པའོ། །རྣམ་པར་བཀོད་པ་ཞེས་པ་ནི་དེ་རྣམས་བཀོད་ནས་སོ། །དེས་ཤིན་དུ་

མཚན་པ་ཞེས་པ་ནི་ལྷའི་སྐུ་གང་ཡིན་པ་དེ་ཉིད་སྔར་བཤད་མ་ཐག་པ་ཞེས་པ་ལ། སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་སྔགས་སྔར་བཤད་པ་གསུམ་གྱིས་དམ་པར་གྱུར་པ་ཞེས་པ་ནི་དེ་བཞིན་གཤེགས་པ་མངོན་དུ་བྱེད་པ་རྣམས་ཀྱིས་བྱིན་གྱིས་བརླབ་པོ་ཞེས་བསྟན་པ་བསྐྱེད་པར་

བྱའོ། །འདིར་བསྡུས་པའི་དོན་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་དུ་རྣལ་འབྱོར་བྱས་ལ། །རང་གི་མགོ་བོ་དང་ལྐོག་མ་དང་སྙིང་གར་ཟླ་བ་དང་པདྨ་དང་། ཉི་མའི་དཀྱིལ་འཁོར་བཀོད་ལ་དེ་རྣམས་སུ་དཀར་པོ་དང་དམར་པོ་དང་ནག་པོ་ཡི་གེ་གསུམ་བཀོད་ནས། །ཨོཾ་ལ་

Vol. 32 · folio 236b

སོགས་པའི་ཡི་གེ་གསུམ་པོའི་ཐིག་ལེའི་ནང་ནས་སྤྱན་མ་དང་གོས་དཀར་མོ་དང་། མཱ་མ་ཀཱི་རང་དང་འདྲ་བའི་མཐའ་ཡས་པའི་སྤྱན་མ་ལ་སོགས་པའི་འཁོར་གྱིས་བསྐོར་བར་སྤྲོས་ཏེ། དེས་ནམ་མཁའི་ཁམས་གང་བར་བྱས་ནས་འོག་མིན་དང་བདེ་བ་ཅན་དང་མངོན་པར་དགའ་བའི་སངས་

རྒྱས་ཀྱི་ཞིང་ལ་བཞུགས་པའི་རྣམ་པར་སྣང་མཛད་དང་། འོད་དཔག་མེད་དང་མི་བསྐྱོད་པ་གསུམ་སྤྱན་མ་ལ་སོགས་པའི་ཚོགས་དེས་ཚིག་སྙན་པ་དང་། སྒེག་པས་མགུ་བ་བྱས་ལ་དཔུང་པའི་ཞགས་པས་འཁྱུད་ཅིང་བཀུག་ལ་ཤར་ཕྱོགས་ཀྱི་སྒོ་རུ་པདྨ་དང་། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་

བཞུགས་པར་མཐོང་ནས། དཔལ་ལྡན་སྐུ་ཡི་རྡོ་རྗེ་འཆང་། །ཞེས་བྱ་བ་ལ་སོགས་པ་གསུམ་གྱིས་གསོལ་བ་བཏབ་ནས་མཆོད་པ་རྣམ་པ་ལྔས་མཆོད་ལ་སྤྱན་མ་ལ་སོགས་པའི་ཚོགས་དེ་ཉིད་དང་བཅས་པ་ཡི་གེ་གསུམ་དེ་དག་ལ་འཇུག་ཅིང་། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཞེས་བྱ་བ་

ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་ང་རྒྱལ་བྱས་ལ་སྐུ་གསུང་ཐུགས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་སོགས་པས་མཚན་པ་མཐོང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །ཞེས་བྱ་བ་ལ་སོགས་པའི་སྔགས་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ་

ཞེས་པ་འདི་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་བདག་ཉིད་ཅན་གྱི་རྣལ་འབྱོར་ཆེན་པོ་བསྟན་པ་སྟེ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དྲང་བའི་དོན་ཏོ་ཞེས་པ་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་གྱུར་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་ཕྱོགས་གཅིག་པ་རྣལ་འབྱོར་ཆེན་པོ་སོ་སོར་

བསྟན་པས་སོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པ་ནི། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་པོ་བསྒོམ་པས་སོ། །བཤད་པའི་རྒྱུད་ལས་ཞེས་པ་ནི་རྡོ་རྗེ་ཕྲེང་བའི་རྒྱུད་ཅེས་བྱ་བ་ལས་སོ། །དེ་ནས་དཔལ་ཆེན་ཞེས་བྱ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་དོན་སྔར་བཤད་ཟིན་

ཏོ། །ཨོཾ་ཞེས་བྱ་བ་དང་པོ་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །སརྦ་ནི་རིན་ཆེན་འབྱུང་ལྡན་ཏེ་ནམ་མཁའི་ཁམས་ནི་ཐམས་ཅད་ཀྱི་བདག་ཉིད་ཡིན་ནོ། །ཏ་ཐཱ་ག་ཏ་ནི་འོད་དཔག་ཏུ་མེད་པ་སྟེ་བྱང་ཆུབ་ཀྱི་སེམས་དེ་བཞིན་གཤེགས་པའི་བདག་ཉིད་ཡིན་པས་སོ། །ཡོན་ཏན་ཡིན་པས་ཞེས་

Vol. 32 · folio 237a

པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་ཡོན་ཏན་གསུམ་མོ། །དེས་ན་རྣམ་པར་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་སྟེ་དེ་བཞིན་གཤེགས་པ་གསུམ་ཞེས་བྱ་བའི་དོན་ཏོ། །ཙིཏྟ་བཛྲ་ཞེས་བྱ་བ་ནི་ཚིག་གཉིས་ཏེ་ལྡན་པ་ནི་གཅིག་ཏུ་གྱུར་ནས་ཚིག་གཅིག་གོ། །

དེས་ན་མི་བསྐྱོད་པ་ཡིན་ཏེ་ཐུགས་རྡོ་རྗེའི་རང་བཞིན་ཡིན་པས་སོ། །སྭ་བྷཱ་ཝ་ཨཱཏྨ་ཀོ་ཞེས་པ་ནི་རླུང་གི་ཁམས་ཀྱི་རང་བཞིན་དོན་ཡོད་གྲུབ་པ་སྟེ་ལྔ་པའོ། །ཨ་ཧཾ་ཞེས་པ་ནི་སྣ་ཚོགས་ཀྱི་ང་རྒྱལ་གྱི་རང་བཞིན་དུ་གནས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ་དེ་ཉིད་དུ་དྲུག་པའོ། །སྐུ་དྲུག་ཅེས་

བྱ་བ་ལ་སོགས་པས་དེ་དག་དང་དེ་བཞིན་གཤེགས་པ་དྲུག་སྐུ་གསུམ་གྱི་ངོ་བོ་ཡིན་ཏེ། དེའི་རང་བཞིན་ང་ཡིན་ནོ་ཞེས་ལྷག་པར་མོས་པ་ཉིད་དུ་ཐུགས་བྱིན་གྱིས་བརླབ་པ་བསྟན་ཏོ། །དེ་བཞིན་དུ་འོག་མ་ལ་ཡང་སྦྱར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ། །ཨོཾ་ཚངས་པར་

བཤད་ཅེས་པ་ནི་དང་པོ་ཡིན་པ་དང་། གཅིག་ཡིན་པས་ཚངས་པ་ནི་རྣམ་པར་སྣང་མཛད་དེ་དང་པོའོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་རྒྱལ་སྲིད་ལ་མངའ་མཛད་པའི་ཕྱིར་རོ། །ཆགས་གཏོགས་དབང་ཕྱུག་ཅེས་པ་ནི་འདོད་

ཆགས་རྣམ་པར་དག་པའི་རང་བཞིན་ཏེ་འོད་དཔག་ཏུ་མེད་པའོ། །ཀཱ་ཡ་ཞེས་པ་ནི་ཀཱ་ནི་སྒྲ་སྟེ་དེས་ན་གསུང་གི་རང་བཞིན་གསུམ་པའོ། །བཛྲ་ནི་ཐུགས་རྡོ་རྗེ་སྟེ་བཞི་པའོ། །སྙན་ངག་གི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྲིད་སྲུང་བའི་རིག་བྱེད་དང་མང་དུ་བརྗོད་པའི་རིག་བྱེད་དེ་བཞི་

པའོ། །སྭ་བྷཱ་ཝ་ཨཱཏྨ་ཀོ་ཞེས་པ་ནི་སྔ་མ་བཞིན་དུ་དོན་ཡོད་གྲུབ་པའོ། །འདོད་ལྷ་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་སྟེ་དེས་ན་ལྔའོ། །ཨ་ཧཾ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའོ། །སྨིན་དྲུག་ནི་སྨིན་དྲུག་གི་བུ་ཀར་ཏི་ཀ་སྟེ་གདོང་དྲུག་པ་ཡིན་པའི་ཕྱིར་རོ། །དེས་ན་དེ་བཞིན་གཤེགས་

པ་དྲུག་གི་རང་བཞིན་ནི་ངའི་སྐུ་ཡིན་ནོ་ཞེས་ལྷག་པར་མོས་པ་གང་ཡིན་པ་དེ་ནི་སྐུ་བྱིན་གྱིས་བརླབ་པ་ཞེས་བྱའོ། །དགོངས་པ་ཡིས་ནི་ཡང་དག་བརྟགས། །ཞེས་པ་ནི་ཚིག་གི་ཚོགས་དེ་དག་དགོངས་པས་བཤད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་རབ་དབྱེ་བས་དབྱེ་བར་བྱ། །ཞེས་པ་ནི་རྡོ་རྗེ་

Vol. 32 · folio 237b

སློབ་དཔོན་བསྟེན་པ་ལས་ཐོབ་པའི་ཤེས་རབ་ཀྱི་ཁྱད་པར་གྱིས་ངེས་པར་རྟོགས་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ། །ཨོཾ་ནི་དང་པོ་སྟེ་རྣམ་པར་སྣང་མཛད་སྔ་མ་བཞིན་ནོ། །སརྦ་ཏ་ཐཱ་ག་ཏ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ་གཉིས་པའོ། །ཝཱཀ་ནི་ངག་གི་རང་བཞིན་

ཏེ་འོད་དཔག་ཏུ་མེད་པ་གསུམ་པའོ། །བཛྲ་ནི་ཐུགས་ཀྱི་རྡོ་རྗེའོ། །རྫོགས་ལྡན་དང་། སུམ་ལྡན་དང་། ཉིས་ལྡན་དང་། རྩོད་པ་སྟེ་དུས་བཞིའོ། །དེ་བས་ན་བཞི་པ་ཞེས་བྱ་བའི་དོན་ཏོ། །སྭ་བྷཱ་ཝ་ཨཱཏྨ་ཀོ་ཞེས་པ་ནི་དོན་ཡོད་གྲུབ་པའོ། །འདོད་ལྷ་ནི་འདོད་པའི་ལྷའི་སྨྱོ་བྱེད་དང་། ཉམས་བྱེད་དང་། རྨོངས་

བྱེད་དང་། གདུང་བྱེད་དང་། སྐེམ་བྱེད་དེ་མདའ་ལྔའོ། །དེས་ན་ལྔ་པ་ཞེས་བྱ་བའི་དོན་ཏོ། །ཨ་ཧཾ་ཞེས་པ་ནི་རྡོ་རྗེ་འཆང་ངོ་། །དུས་ནི་དགུན་སྟོད་དང་། དགུན་སྨད་དང་། དཔྱིད་ཀ་དང་སོས་ཀ་དང་། དབྱར་ཀ་དང་སྟོན་ཏེ་དྲུག་གོ། །དེས་ན་དྲུག་པ་ཞེས་པའི་དོན་ཏོ། །དེས་ན་དོན་འདི་ཡིན་ཏེ་དེ་བཞིན་

གཤེགས་པ་དྲུག་གི་རང་བཞིན་ནི་ངའི་ངག་ཡིན་ནོ་ཞེས་ལྷག་པར་མོས་པ་གང་ཡིན་པ་དེ་ནི་གསུང་བྱིན་གྱིས་བརླབ་པའོ་ཞེས་བྱའོ། །ཉེ་བར་བསྡུས་པ་བསྟན་པའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསུམ་ནི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་གསུམ་མོ། །ཇི་ལྟ་བུ་ཡིན་ཞེ་ན།

རེ་རེ་ནི་སྐུ་བྱིན་གྱིས་བརླབ་པ་དང་། གསུང་བྱིན་གྱིས་བརླབ་པ་དང་། ཐུགས་བྱིན་གྱིས་བརླབ་པ་ལའོ། །དྲུག་གསུམ་དུ་བཤད་པ་ཞེས་པ་ནི། དེ་བཞིན་གཤེགས་པ་དྲུག་སྐུ་གསུམ་གྱི་རང་བཞིན་དུ་བཤད་པའོ། །ཐུགས་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་གསུང་སྐུ་ཞེས་བརྗོད་པར་བྱ་

བར་རིགས་ན་ཐུགས་སྐུ་གསུང་ཞེས་ཅིའི་ཕྱིར་གོ་རིམས་ལོག་ཅེ་ན། སྨྲས་པ། དེ་ལྟར་བཤད་མོད་ཀྱི། འོན་ཀྱང་གོ་བཟློག་པ་བསྟན་ཏེ། རང་གི་གླེགས་བམ་མཐོང་བ་རྣམས་ཀྱིས་འཁྲུལ་པ་སྐྱེད་པའི་ཕྱིར་རོ། །གཞན་དུ་ན་སློབ་དཔོན་དང་སློབ་མའི་འབྲེལ་པ་དང་། བསྙེན་བཀུར་བྱ་བ་དང་། བསྙེན་

བཀུར་བྱེད་པའི་འབྲེལ་པ་ཡང་ཆད་པར་འགྱུར་རོ། །དེས་ན་དངོས་གྲུབ་ཀྱང་ཐོབ་པར་མི་འགྱུར་རོ། །རྡོ་རྗེ་གསུམ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ནི་ལུས་ལ་སོགས་པ་ཡིན་ནོ་ཞེས་འདུ་ཤེས་དང་ཡིད་ལ་བྱེད་པ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་གསུམ་ཞེས་བྱ་བ་སྟེ་རྫོགས་པའི་རིམ་པའི་

Vol. 32 · folio 238a

རྣལ་འབྱོར་པ་རྣམས་སོ། །བདག་པོའི་ཆོས་ཅན་གཅིག་ཏུ་བྱུང་། །ཞེས་པ་ནི་ཁམས་གསུམ་པ་འདུལ་བར་བྱ་བའི་དབང་བྱེད་པ་བྱིན་གྱིས་བརླབས་པས་འབྱུང་ངོ་ཞེས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ལྡན་པས་རྣལ་འབྱོར་པ་རྣམས་ལ་ཕན་ཡོན་བསྟན་ཏོ། །རྫོགས་པའི་རིམ་པའི་

ཏིང་ངེ་འཛིན་གསུམ་བསྒོམ་པའི་དོན་དུ་ཡེ་ཤེས་གསུམ་ཞེས་བྱ་བ་སྨོས་ཏེ། སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་སྟེ་ཐ་མལ་པ་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ལས་བྱུང་བ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་འབྲེལ་པ་དྲུག་གི་སྒོ་ནས་བྱུང་བའོ། །

ཡང་ན་དེ་བཞིན་གཤེགས་པ་ནི་འོད་གསལ་བའོ། །དེ་ལས་བྱུང་བ་ནི་སྤྲོས་པའོ། །ཇི་ལྟར་ཆུ་བོ་དང་བ་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །ཞེས་བཤད་པའི་ཕྱིར་རོ། །བསྐྱེད་པའི་རིམ་པ་ལ་གནས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་པ་ལ་གང་གི་ཕྱིར་བསྐྱེད་པའི་རིམ་

པའི་རྣལ་འབྱོར་པ་རྣམས་ནི་ཡེ་ཤེས་གསུམ་རྣམས་འབྱེད་པ་ལས་སྣོད་མ་ཡིན་ཏེ། དེ་ནི་རྫོགས་པའི་རིམ་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དོན་དམ་པའི་བདེན་པ་སྟེ་ཞེས་པ་ནི་སེམས་རྣམ་པར་དག་པའི་རིམ་པས་ཐོབ་པར་བྱ་བའི་འོད་གསལ་བའོ། །རྣམ་པར་ཤེས་པ་གསུམ་གྱི་

གནས་སུ་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་པ་ནི་དེ་ཉིད་ལས་དེ་བསྐྱེད་པའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་སྟེ་ཞེས་པ་ནི་སྣང་བ་ལ་སོགས་པའི་རང་བཞིན་གྱི་ཚོགས་ཀྱི་མཚན་ཉིད་ནི་རྟོག་པ་དང་བཅས་པའི་ཕྱིར་རོ། །བསྐྱེད་པར་གྱུར་པ་ཞེས་པ་ནི་འོད་གསལ་བ་ཉིད་ལས་ཀུན་ནས་ཉོན་མོངས་པ་དང་

རྣམ་པར་བྱང་བའི་ཆོས་ཐམས་ཅད་འབྱུང་བས་སོ། །གལ་ཏེ་དེ་ལྟར་ཡིན་ན་གཉིས་སུ་མེད་པའི་རང་བཞིན་ནི་ཇི་ལྟར་ཐ་དད་པར་འགྱུར་བ་དང་། དེ་ཡོད་ན་ཐ་མི་དད་པ་ཇི་ལྟར་ཡིན་ཞེ་ན། སྨྲས་པ། རེ་ཞིག་འོད་གསལ་བ་ནི་ཐ་མི་དད་པའི་རང་བཞིན་ཡིན་ཏེ། བརྟེན་པར་གྱུར་པ་སྙིང་པོ་མེད་པའི་

ཆོས་ཀྱི་དབྱེ་བས་དེའི་དབྱེ་བ་སོ་སོར་སྣང་སྟེ་ནམ་མཁའ་དང་ཆར་བཞིན་ནོ། །གང་གི་ཕྱིར་ནམ་མཁའ་ནི་ངོ་བོ་གཅིག་ཡིན་ན་ཡང་དངོས་པོའི་དབྱེ་བས་དབྱེ་བར་འགྱུར་ཏེ། བུམ་པའི་ནམ་མཁའ་དང་སྣམ་བུའི་ནམ་མཁའི་ཐ་སྙད་བཞིན་ནོ། །ཆར་ངོ་བོ་གཅིག་ཡིན་ན་ཡང་བུ་རམ་གྱི་ཤིང་ལ་

Vol. 32 · folio 238b

སོགས་པའི་འབྲེལ་པས་མངར་བ་ལ་སོགས་པའི་རོ་དང་ལྡན་པ་ཉིད་དུ་ཐ་སྙད་དུ་བྱའོ། །དེ་བཞིན་དུ་འོད་གསལ་བ་ཡང་དངོས་པོའི་ཚོགས་དེ་དང་དེ་བསྐྱེད་པ་དང་འཇིག་པའི་འབྲེལ་པས་དབྱེ་བས་ཐ་སྙད་དུ་བྱ་བ་ཡིན་གྱི་འོད་གསལ་བ་ལ་ནི་དབྱེ་བ་གང་ཡང་མེད་དོ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་

ཕྱིར། །རིགས་ཀྱི་དབྱེ་བ་རིགས་མ་ཡིན། །བརྟེན་པའི་ཆོས་ཀྱི་དབྱེ་བ་ཡིས། །དེ་ཡི་དབྱེ་བ་རབ་ཏུ་བརྗོད། །ཅེས་འབྱུང་ངོ་། །སྐྱེ་བོ་བྱིས་པས་དོན་དམ་པའི་བདེན་པ་ངོ་བོ་གཅིག་ཡིན་ན་ཡང་ཐ་དད་པར་སྣང་སྟེ་རྟོག་པ་དང་བཅས་པའི་ཕྱིར་རོ། །དངོས་པོའི་ངོ་བོ་མཐོང་བའི་རྣལ་འབྱོར་པ་རྣམས་

ཀྱིས་མ་ཡིན་ཏེ། རྟོག་པ་མེད་པའི་ཕྱིར་རོ། །རྩངས་པ་ཡིས་ནི་བདག་ཉིད་ལུས། །སྔོ་དང་སེར་པོར་སྣང་བ་བཞིན། །བྱིས་པ་རྣམས་ལ་གཞན་སྟོན་དང་། །མཁས་པ་རྣམས་ལ་གཞན་སྟོན་ཏོ། །དེ་ཡི་ངོ་བོ་དང་བ་ནི། །རྣམ་མེད་གོས་པ་མེད་པར་འདོད། །ནམ་ཡང་སངས་རྒྱས་མ་ཡིན་པས། །

དེ་ནི་ཤེས་པར་བྱ་མི་ནུས། །ཇི་ལྟར་སྐྱེ་བོ་གཞན་དག་གིས། །དེ་བཞིན་སངས་རྒྱས་ཀྱིས་མི་རིག །དེ་ཡི་རང་བཞིན་གང་ཡིན་པ། །དེ་ཉིད་ཀྱིས་ནི་མཁྱེན་པ་ཡིན། །དམ་ཆོས་ལུང་སོགས་ལ་མཐོང་ནས། །ཁོ་བོ་ཅག་ནི་འབའ་ཞིག་སྨྲ། །མིག་དང་བཅས་པའི་སྤྱོད་ཡུལ་ནི། །དམུས་ལོང་རྣམས་ཀྱི་

གཟུགས་བཞིན་ནོ། །ཞེས་འབྱུང་ངོ་། །དོན་དམ་པའི་བདེན་པ་དེ་ཉིད་ཀྱི་ཁྱད་པར་རོ་ཞེས་པ་ནི་སྔར་བཤད་པའི་མཚན་ཉིད་དང་འབྲེལ་པས་སོ། །སྟོང་པ་ཉིད་བཞི་ཞེས་པ་ནི་འོད་གསལ་བ་དང་བཅས་པའི་ཡེ་ཤེས་གསུམ་མོ། །དེ་བཞིན་གཤེགས་པ་རྣམས་སོ་ཞེས་པ་ནི། །སྔགས་ཀྱི་སྐུ་

ཡིན་པས་སོ། །འོད་ཟེར་ལྔ་སྟེ་ཞེས་པ་ནི་དེ་རྣམས་ཀྱི་དེ་བཞིན་གཤེགས་པའི་རང་བཞིན་མཚོན་པར་འགྱུར་གྱི་གཞན་དུ་མ་ཡིན་ནོ། །ཡུལ་དུ་གྱུར་པའི་ཞེས་པ་ནི་འོད་ཟེར་ལྔས་མཛད་པའོ། །རྡོ་རྗེ་སྐུ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་འབྱུང་བ་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བའི་

ཐ་ཚིག་གོ། །བསྐྱེད་པར་བྱའོ་ཞེས་པ་ནི་སྤྲོ་བར་བྱའོ། །ངེས་པའི་དོན་ཏོ་ཞེས་པ་ནི་སེམས་རྣམ་པར་དག་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གཉིས་འཆད་པར་འདོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དང་པོར་སྦྱོར་བའི་འོག་ཏུ་དཀྱིལ་འཁོར་རྒྱལ་བ་མཆོག་ལ་འཇུག་པའི་ཕྱིར་

Vol. 32 · folio 239a

རོ། །ཕྱག་རྒྱ་སྦྱང་བའི་ཆོ་ག་བསྟན་པར་བྱ་སྟེ། །སྐུ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། །ཞེས་པ་ནི་རྣལ་འབྱོར་ཆེན་པོའི་མཐའི་བར་དུ་ཞེས་ཚིག་ལྷག་མའོ། །རང་གི་རིགས་ཀྱི་ཡུམ་ལ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་རིགས་དང་མཐུན་པ་སྨེ་ཤ་ཅན་ལ་སོགས་པའི་བུ་མོ་

ལའོ། །རིགས་ལྔ་དགོད་པར་བྱས་ལ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཡིག་འབྲུ་རྣམས་ཀྱི་ཡན་ལག་བྱིན་གྱིས་བརླབ་པ་བྱས་ནས་སོ། །གཉིས་ཀའི་འཁོར་ལོ་རྗེས་སུ་མཉེས་པའི་གསང་སྔགས་བསྟན་པའི་ཕྱིར་ཞེས་པ་ནི་ཐབས་དང་ཤེས་རབ་དག་གི་བརྡར་བྱས་པ། སྐྱེས་པ་དང་བུད་

མེད་གཉིས་ཀྱི་ཡན་ལག་ལ་གནས་པ་དཀྱིལ་འཁོར་པ་རྣམས་མཉེས་པ་ལ་འཇུག་པའི་ཕྱིར་རོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་དང་པོ་ནས་སོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་སོ། །འདིས་འཁྱུད་པར་བྱའོ་ཞེས་པ་ནི་སོར་མོ་གཞུག་པ་ལ་སོགས་པ་བྱས་ནས་རྡོ་རྗེ་དང་པདྨ་དག་སྙོམས་

པར་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་སྙོམས་པར་ཞུགས་པའི་འོག་ཏུ་ཞེས་པ་སྨོས་ཏེ། འཁོར་ལོ་གཉི་ག་ལ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ། །མཆོད་པའི་སྔགས་བསྟན་པའི་ཕྱིར་ཞེས་པ་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་ལས་

འབྱུང་བ་རང་རིག་པའི་བདེ་བ་མྱོང་བའི་ཕྱིར་རོ། །ཨོཾ་ཞེས་པ་ནི་མཆོད་པའི་སྔགས་སོ། །འདིས་བདག་ཉིད་ཀྱི་སྣང་བ་ལ་སོགས་པའི་ཡེ་ཤེས་ལས་འབྱུང་བའི་བདེ་བ་མྱོང་ནས་དེ་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཤད་མ་ཐག་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པས་བསྟན་

ཏོ། །དེ་ཉིད་ལ་བསྟན་པར་བྱ་བ་བསྐྱེད་པའི་ཕྱིར་ཞེས་པ་ནི་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལའོ། །དེས་ནི་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པར་བྱ་བའི་ཕྱིར། དང་པོ་ཕྱག་རྒྱ་སྦྱོང་བའི་མཚན་ཉིད་ཀྱི་དོན་བསྟན་ཏེ། དེ་ཡང་སྒྲུབ་པའི་ཐབས་ལས་སྔར་བཤད་ཟིན་ཏོ། །རྫོགས་པའི་རིམ་པ་ལ་གནས་པའི་རྣལ་

འབྱོར་པ་རྣམས་ཀྱི་ཡང་ཞེས་པ་ནི་རིན་པོ་ཆེ་ལྟ་བུའི་སྤྱོད་ཡུལ་གྱི་མཆོད་པ་བསྟན་ཏོ། །ཉེ་བར་འཕྲོག་ཅིང་ཞེས་པ་ནི་ཉེ་བར་བསྒྱུར་བ་དང་བཅས་པའི་འཕྲོག་པའི་སྐད་ཀྱི་བྱིངས་ནི་ཞུ་བའི་དོན་ལ་འཇུག་སྟེ་ཉེ་བར་གྱུར་པའི་དབང་གིས་ནི། སྐད་ཀྱི་བྱིངས་ལས་དོན་གཞན་འགྱུར། །གང་གཱའི་

Vol. 32 · folio 239b

ཆུ་ནི་མངར་མོད་ཀྱང་། །རྒྱ་མཚོའི་ཆུ་ཡིས་ཇི་བཞིན་ནོ། །ཞེས་བཤད་པས་སོ། །ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དྲུག་པ་ནི་དེ་བཞིན་གཤེགས་པའ་ཞེས་པ་ནི་ཡེ་ཤེས་ལྔའི་འོད་གསལ་བ་ལ་ཐིམ་པས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་མེ་ལོང་ལྟ་བུ་ལ་སོགས་པ་

ཡེ་ཤེས་ལྔ་ནི་རྒྱུའོ། །འོད་གསལ་བ་ཁོང་དུ་ཆུད་པ་ནི་འབྲས་བུའོ། །དེ་ཡང་རིམ་པ་ལྔ་དང་སྦྱར་རོ། །གང་གི་ཕྱིར་རྡོ་རྗེ་བཟླས་པའི་རིམ་པ་ལ་སྐུ་ལ་སོགས་པའི་བཟླས་པ་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་གྱིས་མ་ནིང་གི་བཟླས་པའི་དུས་སུ་འོད་གསལ་བ་རྟོགས་པར་

འགྱུར་རོ། །སེམས་ལ་དམིགས་པའི་རིམ་པ་ལ་ཡང་ཕྱག་རྒྱའི་རིམ་པས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་མེ་ལོང་ལྟ་བུ་ལ་སོགས་པ་ནི་ཡེ་ཤེས་ལྔའི་རང་བཞིན་ཉམས་སུ་མྱོང་བས་འབྲས་བུར་གྱུར་པའི་འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་

པ་ལ་ཡང་དེ་བཞིན་གཤེགས་པ་ལྔའི་སྐུ་བླངས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་འོད་གསལ་བ་ཉིད་མྱོང་བར་འགྱུར་རོ། །མངོན་པར་བྱང་ཆུབ་པའི་རིམ་པ་ཡང་ཡེ་ཤེས་ལྔའི་རང་བཞིན་གྱི་རྟགས་ལྔས་འོད་གསལ་བ་ཉིད་རྟོགས་པར་འགྱུར་རོ། །ཟུང་དུ་འཇུག་པའི་རིམ་པ་ལ་ཡང་

རྡོ་རྗེ་བཟླས་པ་ལ་སོགས་པས་སྔར་བཤད་པའི་རིམ་པས་ཡེ་ཤེས་ལྔའི་རང་བཞིན་གྱི་རྒྱུས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །ཡན་ལག་དྲུག་པའི་རིམ་པས་ཀྱང་འདི་ལྟ་སྟེ། ཡུལ་དང་དབང་པོ་གཅིག་ཏུ་གྱུར་

པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་གྱིས་སོ་སོར་སྡུད་པས་བདེ་བ་ཆེན་པོའི་ངོ་བོ་འོད་གསལ་བ་རྟོགས་པར་འགྱུར་རོ། །དེ་རྣམ་པར་དག་པར་བྱེད་པ་ཡེ་ཤེས་ལྔའི་ངོ་བོ་དབྱེ་བ་ལྔས་ཕྱེ་བའི་བསམ་གཏན་གྱི་ཡན་ལག་གི་རྒྱུས་སེམས་རྩེ་གཅིག་

པའི་མཚན་ཉིད་ཅན་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་སོ། །སྟེང་དང་འོག་ཏུ་འདྲེན་པ་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡེ་ཤེས་ལྔའི་རང་བཞིན་གྱི་སྲོག་གི་རླུང་གི་རྒྱུས་འོད་གསལ་བ་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །ཡེ་ཤེས་ལྔའི་རང་བཞིན་གྱི་ཐིག་ལེ་སྣ་གསུམ་གྱི་རྩེ་མོར་འཛིན་

Vol. 32 · folio 240a

པས་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་སོ། །ཡེ་ཤེས་ལྔའི་རང་བཞིན་གྱི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པས་འབྲས་བུར་གྱུར་པའི་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་དག་ཉེ་བར་སྡུད་པར་བྱེད་པ་བདེན་པ་གཉིས་དབྱེར་མེད་པའི་

བདག་ཉིད་ཅན་གྱི་ཏིང་ངེ་འཛིན་གྱི་རྒྱུས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་མཚན་ཉིད་ཅན་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །རྩའི་རིམ་པས་ཀྱང་འདི་ལྟ་སྟེ་འདོད་པའི་གཟུགས་ལ་སོགས་པའི་རྩ་ལྔ་པོ་ལ་ཀུན་དུ་སྤྱོད་པ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་

སེམས་ཀྱི་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་འོད་གསལ་བའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་རོ། །དེ་བཞིན་དུ་རླུང་གི་དེ་ཁོ་ན་ཉིད་དང་སྔགས་ཀྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡང་ཤེས་པར་བྱའོ། །དེ་ཡང་འོག་ཏུ་ལེའུ་བཅུ་གཉིས་པ་ལས་འཆད་པར་འགྱུར་རོ། །མཆོད་པ་དེ་རྣམས་ཀྱིས་ཞེས་པ་ལ་

རྡོ་རྗེ་བཟླས་པ་ལ་སོགས་པ་རྫོགས་པའི་རིམ་པའི་སྒོམ་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས་པས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐོབ་པར་བྱ་བའི་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་ལས་ལྡོག་པ་བསྟན་ཏོ། །མཆོད་པ་རྣམ་པ་གཉིས་སྨོས་

པས། །ཞེས་པ་ནི་རིམ་པ་གཉིས་ཀྱི་དབྱེ་བས་སོ། །རྡོ་རྗེ་འཆང་ཆེན་པོས་ཞེས་པ་ནི་བཀའ་སྩལ་ཏོ་ཞེས་སྡུད་པ་པོའི་ཚིག་གོ། །མཆོད་པའི་ཆོ་ག་ཞེས་བྱ་བ་ལ་སོགས་པས་ལུང་གི་ཚད་མ་ཉིད་དུ་བསྟན་པར་བྱ་སྟེ། གཟུགས་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་དྲུག་

གོ། །དེ་དག་དངོས་པོ་མེད་བྱས་པ། །ཞེས་པ་ནི་སོ་སོར་སྡུད་པ་དང་བསམ་གཏན་གྱི་ཡན་ལག་དག་གི་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ལ་མཆོད་པ་བླ་ན་མེད་པ་བསྟན་ཏོ། །དེས་ནི་སོ་སོར་སྡུད་པ་དང་བསམ་གཏན་དག་གིས་བསྡུས་པའི་སེམས་རྣམ་པར་དག་པའི་རིམ་པ་བསྟན་ཏོ། །མིག་ལ་

སོགས་པ་ཞེས་བྱ་བ་ལ་སོགས་པས་ཐ་མལ་པའི་མིག་ལ་སོགས་པ་དང་དེའི་རྣམ་པར་ཤེས་པ་དང་དེ་དག་འོད་གསལ་བ་ལས་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་པས་སོ། །ཡེ་ཤེས་ལས་བྱུང་བ་ནི་སྤྲོས་ཏེ་མངོན་པར་ཤེས་པ་ལྔས་ཉེ་བར་མཛེས་པར་བྱས་ལ་རྣལ་འབྱོར་པས་

Vol. 32 · folio 240b

སྒོམ་པ་གང་ཡིན་པ་དེ་ནི་མྱུར་དུ་བྱང་ཆུབ་ཉིད་ཐོབ་པར་འགྱུར་ཏེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདིས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་ཚིག་གི་སྒོ་ནས་འོད་གསལ་བའི་དེ་ཁོ་

ན་ཉིད་དང་ཡེ་ཤེས་ཀྱི་སྐུ་བསྟན་པའོ། །དེ་ལྟར་ཕྱི་དང་ནང་གི་མཆོད་པ་བསྟན་ནས་ཞེས་པ་ནི་བརྟགས་པ་དང་རྫོགས་པའི་རིམ་པ་གཉིས་ཀྱི་མཆོད་པ་ཞེས་པའི་ཐ་ཚིག་གོ། །རྫོགས་པའི་རིམ་པ་དང་བྲལ་བས་ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་མེད་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རིམ་པ་ལྔ་

ལས་མ་གཏོགས་པར་རྫོགས་པའི་རིམ་པ་གཞན་ནི་མེད་དོ། །ཡོད་ན་ཡང་དེའི་ནང་དུ་བསྡུས་པར་འགྱུར་ཏེ་དེ་ཡང་འོག་ནས་བཤད་པར་བྱའོ། །རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྔགས་བསྟན་ཏོ། །སྔགས་ལ་དམིགས་པ་

ཞེས་བྱ་བ་ལ་སོགས་པས་རིམ་པ་ལྔ་གསལ་པོར་བསྟན་ཏོ། །སྔགས་ཞེས་པ་ནི་བསམ་པ་དང་བག་ལ་ཉལ་དང་རིགས་དང་བག་ཆགས་ཀྱི་དབྱེ་བས་བཅོམ་ལྡན་འདས་ཀྱིས་དབྱེ་བ་བདུན་ཅུ་རྩ་གཉིས་གསུངས་སོ། །དེ་དག་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་ངོ་བོ་ཡི་གེ་བཞི་བཅུ་རྩ་དགུའི་བདག་ཉིད་

ཅན་གྱི་ཡི་གེ་ཕྱི་མོས་བྱུང་བ་ནི་བསྐྱེད་པའོ། །ནམ་མཁའ་ལས་རླུང་རབ་ཏུ་བྱུང་། །ཞེས་བྱ་བ་ལ་སོགས་པའི་རིམ་པས་སོ། །སྒྲ་ལ་སོགས་པའི་ངོ་བོ་ཡིན་ལ་ཞེས་པ་ནི་ལྟེ་བའི་ཕྱོགས་ནས་དང་པོ་ཡིད་ཀྱིས་བསྐུལ་བ་མི་གསལ་བའི་སྒྲའི་ངོ་བོ་འབྱུང་ངོ་། །དེ་ནས་གནས་དང་བྱེད་པ་དང་འབད་རྩོལ་

གྱི་དབང་གིས་གནས་བརྒྱད་ལ་རེག་ཅིང་གསལ་བར་འགྱུར་བ་གང་ཡིན་པ་དེ་ནི་སྒྲའོ། །དེ་བས་ན་ཡི་གེ་དང་ཚིག་དང་ངག་དང་ངག་ཆེན་པོའི་རིམ་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྱུང་ངོ་། །ཡང་ན། ཡི་གེ་དབྱངས་དང་སྒྲ་དང་ནི། །མཐའ་སྒྲ་ཀུ་ཅོ་འབྲུག་སྒྲ་གླུ། །ཕུག་ནས་འབྱུང་འདོད་ཆེག་

དྲག་དང་། །སྒྲ་ཡི་མཚན་ཉིད་བཅུ་ཡིན་ནོ། །ཞེས་རྡོ་རྗེ་ས་འོག་གི་རྒྱུད་ལས་འབྱུང་ངོ་། །སྒྲ་ལ་སོགས་པའི་རང་བཞིན་དེ་དག་བསྟན་ཏོ། །དེ་རྣམས་ནི་ཞེས་པ་ནི་སྔགས་རྣམས་ཀྱིའོ། །བུད་མེད་དང་སྐྱེས་པ་དང་མ་ནིང་ཉིད་ཀྱིས་ཞེས་པ་ནི་བུད་མེད་ཀྱི་རང་བཞིན་ནི་ཡི་གེ་ཨཱ་སྟེ་ཤེས་རབ་

Vol. 32 · folio 241a

ཀྱི་རང་བཞིན་ཡིན་པས་སོ། །སྐྱེས་པའི་རང་བཞིན་ནི་ཡི་གེ་ཧཱུཾ་སྟེ་ཐབས་ཀྱི་རང་བཞིན་ཡིན་པས་སོ། །མ་ནིང་གི་རང་བཞིན་ནི་ཨོཾ་སྟེ། གཉི་ག་དང་སྙོམས་པར་ཞུགས་པའི་ངོ་བོ་ཡིན་པས་སོ། །དེ་ལ་སྡེ་ཚན་བརྒྱད་ནི་དང་པོའི་ཡི་གེ་བརྒྱད་ལ་བསྡུས་ནས་བཞིར་འགྱུར་རོ། །བཞི་པོ་

ཨ་ཀ་ཡ་ཞེས་བྱ་བའི་གསུམ་ལ་བསྡུའོ། །དེ་རྣམས་ཀྱང་ཡི་གེ་ཕྱི་མོ་མ་ལུས་པ་ཉེ་བར་བསྡུས་པའི་སྒོ་ནས་ཡོངས་སུ་འགྱུར་ཞིང་སྦྱར་ལ། ཨོཾ་ཨཱཿཧཱུཾ་གསུམ་ཞེས་ཡི་གེ་གསུམ་དུ་འགྱུར་རོ། །ཡི་གེ་གསུམ་གྱིས་གཞིར་གྱུར་པས། །ཞེས་པ་ནི་ཡི་གེ་གསུམ་གྱིས་བསྡུས་པས་སྔགས་ཀྱི་སྒྲས་ནི་

ཡི་གེ་གསུམ་བཤད་དོ། །དེ་ཉིད་བསྟན་པའི་ཕྱིར། སྔགས་ནི་ཡི་གེ་གསུམ་ཞེས་བྱའོ། །དེ་རྣམས་ཀྱི་ཞེས་པ་ནི་ཡི་གེ་གསུམ་གྱིའོ། །འཇུག་པ་ལ་སོགས་པ་ནི་འགྲོ་བ་དང་འོང་བ་དང་བར་དུ་གནས་པའི་རིམ་པས་སོ། །ཡོངས་སུ་ཤེས་པ་ཞེས་པ་ནི་ཡན་ལག་མ་ཉམས་པའི་ལྷའི་རྣལ་འབྱོར་

གྱི་རིམ་པས་བཟླས་པའོ། །དེ་ལ་སྲོག་ལ་སོགས་པ་རླུང་གསུམ་དང་། །དེ་བཞིན་གཤེགས་པ་གསུམ་དང་། ཁམས་གསུམ་དང་། ཡེ་ཤེས་གསུམ་དང་། སྲིད་པ་གསུམ་དང་། སྐུ་གསུམ་དང་། སྐུ་དང་གསུང་དང་ཐུགས་དང་། ཏིང་ངེ་འཛིན་གསུམ་དང་རྩ་གསུམ་དང་། ཡེ་ཤེས་སེམས་

དཔའ་གསུམ་ལ་དབྱེར་མེད་པར་ལྷག་པར་མོས་ནས་འཇུག་པ་ལ་སོགས་པའི་རིམ་པས་ཡི་གེ་གསུམ་བཟླས་པ་གང་ཡིན་པ་དེ་ནི་སྔགས་ལ་དམིགས་པ་སྟེ་ཡན་ལག་མ་ཉམས་པའི་རིམ་པས་རྡོ་རྗེ་བཟླས་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། དོན་རྟོགས་པ་ཡི་བཟླས་པ་ནི། །ངོ་བོ་ཉིད་

མེད་བཟང་པོ་སྟེ། །དུས་གསུམ་སངས་རྒྱས་རྣམས་སྤྱོད་པས། །དེ་ནི་རྡོ་རྗེ་བཟླས་པར་བཤད། །ཅེས་འབྱུང་ངོ་། །དེ་ལས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་བཟླས་པ་ལ་ལུས་ངག་ཡིད་ནི་ལྷན་ཅིག་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །སྤྲུལ་པའི་ལུས་དང་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་

པས་སྤྲོས་པའི་ལུས་ཀྱིས་སོ། །དེས་ནི་རྫོགས་པའི་རིམ་པ་བསྒོམ་པས་ཡེ་ཤེས་ཀྱི་སྐུ་གཟུང་བ་ཡིན་གྱི་སྔགས་ཀྱི་སྐུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །རྡོ་རྗེ་བཟླས་པ་ཉེ་བར་མཚོན་པས་ཞེས་པ་ནི་དེ་ལྟར་གྱུར་པའི་མཚོན་པའི་དོན་དུ་བྱེད་ཚིག་གསུམ་པ་བསྟན་ཏོ། །སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་ཞེས་པ་

Vol. 32 · folio 241b

ནི་རྡོ་རྗེ་བཟླས་པའི་དུས་སུ་རྡོ་རྗེ་སེམས་དཔའི་མོས་པས་སོ། །ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཡུལ་དུ་བྱས་པའོ་ཞེས་པ་ནི། ཤེས་པ་དང་ཤེས་བྱ་དང་བྲལ་བའི་འོད་གསལ་བའི་དེ་ཁོ་ན་ཉིད་ལྷག་པར་རྟོགས་པ་མངོན་དུ་བྱས་པའོ། །ཕྱག་རྒྱ་ཆེན་པོ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་ཕྱག་རྒྱ་དང་

ཏིང་ངེ་འཛིན་གྱི་རིམ་པས་སྒྱུ་མའི་སྐུ་ལ་མངོན་པར་ཞེན་པ་བཅོམ་པའི་ཕྱིར་རོ། །དོན་དམ་པའི་བདེན་པའོ། །ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱ་བ་འོད་གསལ་བ་ཞེས་བྱ་བའི་དོན་ཏོ། །སྲིད་པ་དང་ཞི་བའི་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དང་།རྟག་པ་དང་ཆད་པ་

ལ་སོགས་པ་ལྟ་བ་གཞན་རྣམས་ཀྱི་གཅིག་གི་མཚན་ཉིད་ཅན་ཞེས་པ་ནི་གཉིས་སུ་མེད་པ་ཉིད་དུ་སྣང་བ། ཡིད་དུ་འོང་བའི་ཞེས་པ་ནི་འབྲས་བུར་གྱུར་པ་ཉིད་ཀྱིས་མངོན་པར་འདོད་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོའི་ཕྱག་

རྒྱ་ཆེན་པོའོ་སྐུ་བསྐྱེད་པར་གྱུར་པའོ་ཞེས་པ་འདིས་ཟུང་དུ་འཇུག་པའི་རིམ་པའི་མདོར་བསྟན་ཏོ། །དངོས་གྲུབ་ནི་བདག་ལ་བྱིན་གྱིས་བརླབ་པའི་མཚན་ཉིད་ཅན་ཕྱག་རྒྱ་ཆེན་པོའོ་ཞེས་པ་ལ་འོད་གསལ་བ་ལས་ཅིག་ཅར་དུ་བྱུང་བ་སྒྱུ་མའི་དཔེས་ཉེ་བར་མཚོན་པ་རྡོ་རྗེ་འཆང་ལ་སོགས་པའི་སྐུ་ཞེས་བྱ་བའི་

དོན་ཏེ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་མདོར་བསྟན་ཏོ། །ཕུལ་དུ་བྱུང་བ་ཞེས་པ་ནི་རང་བཞིན་དང་སྣང་བའི་དྲི་མ་བྲལ་བར་བྱེད་པས་མཆོག་གོ། །སེམས་རྣམ་པར་དབེན་པའི་མཚན་ཉིད་ཅན་ཞེས་པ་ནི་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སེམས་སྔགས་དང་ཕྱག་རྒྱའི་རིམ་

པས་རྣམ་པར་སྦྱོང་བའི་ཕྱིར་རོ། །རྡོ་རྗེ་བཟླས་པ་ལས་ལྷག་པ་ཡིན་པའི་ཕྱིར་རོ་ཞེས་པ་ནི་ངག་དབེན་པ་ལས་སེམས་རྣམ་པར་དབེན་པ་ནི་བསྒོམ་པར་དཀའ་བའོ་ཞེས་བྱ་བས་སོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པ་མདོར་བསྟན་ཏོ། །རྣལ་འབྱོར་པའི་རྒྱུད་ལས་ཞེས་པ་ནི་སྒྲུབ་པ་པོའི་སེམས་ལའོ། །

འོག་ནས་བཤད་པའི་གནས་སྐབས་བཞི་པོ་ཞེས་པ་ནི་སེམས་རྣམ་པར་དག་པ་ལ་སོགས་པའོ། །བསྐྱེད་པར་བྱ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞེས་ཚིག་ལྷག་མའོ། །འདི་སྐད་བཤད་པ་ཡིན་ཏེ་རྡོ་རྗེ་བཟླས་པའི་རིམ་པ་བསྒོམས་ནས་དེའི་འོག་ཏུ་སེམས་ལ་སོགས་པ་རྣམ་པར་དག་པའི་ཕྱིར་

Vol. 32 · folio 242a

སེམས་ལ་དམིགས་པ་ལ་སོགས་པ་རིམ་པ་བཞི་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་ཞེས་པ་ནི་རིམ་པ་བཞི་བསྒོམ་པའི་སྒོ་ནས་སོ། །རྡོ་རྗེ་བཟླས་པ་ཞེས་པ་ནི་རིམ་པ་དང་པོའི་ཕན་ཡོན་གསུངས་པ་ནི་བསྟོད་པ་བསྟན་ཏོ། །གང་གི་ཕྱིར་རྡོ་རྗེ་བཟླས་པ་སློབ་པའི་རྣལ་

འབྱོར་པས་རིམ་པ་བཞིར་ཐོབ་པར་འགྱུར་རོ། །དེ་བས་ན་རྫོགས་པའི་རིམ་པའི་ཡན་ལག་གཙོ་བོ་དེ་ཉིད་ཡིན་ནོ། །སྔགས་དང་སེམས་དང་དེ་ནས་ལུས། །རྣམ་པར་དག་དང་ཟུང་འཇུག་སྟེ། །རིམ་པ་ལྔ་ཡིས་བསྡུས་པའི་དོན། །ཤེས་པས་མཐའ་དྲུག་ལ་ནི་འཇུག །ཅེས་འབྱུང་ངོ་། །མདོར་

བསྟན་པའི་ཚིག་བཞི་ཞེས་པ་ནི་རིམ་པ་བཞི་སྟོན་པར་བྱེད་པའི་ཚིག་རྣམས་སོ། །བཤད་པར་བསྟན་པའི་ཕྱིར་ཞེས་པ་ནི་རྒྱས་པར་བཤད་པའི་ཕྱིར་རོ། །རིམ་པ་གཉིས་པས་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའོ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་རང་བཞིན་དང་ཡེ་ཤེས་ཀྱི་

ཚོགས་སྤངས་ནས་ཐམས་ཅད་སྟོང་པ་མངོན་དུ་བྱས་པའོ། །དེ་ཉིད་སེམས་ནི་བདག་མེད་པ་སྟེ་སེམས་གནས་འགྱུར་བའི་ཕྱིར་རོ། །ངག་དང་ལུས་དག་ཀྱང་ཞེས་པ་ནི་རྡོ་རྗེ་བཟླས་པའི་རིམ་པའི་མཚན་ཉིད་ཀྱི་ངག་དང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་ཀྱི་ལུས་གང་ཡིན་པ་དེ་དག་ཀྱང་སེམས་རྣམ་པར་

དག་པའི་རིམ་པས་བདག་མེད་པ་ཉིད་དུ་བསྒོམ་པར་བྱའོ། །གང་གི་ཕྱིར་ལུས་དང་ངག་དག་གི་རྒྱུ་ནི་སེམས་ཡིན་ནོ་ཞེས་སྤངས་པས་འབྲས་བུར་གྱུར་པའི་ལུས་དང་ངག་ཀྱང་སྤོང་བར་འགྱུར་རོ་ཞེས་རྒྱུ་མི་དམིགས་པའོ། །སེམས་སོ་སོར་རྟོག་པར་བསྒྲུབ་པར་བྱའོ་ཞེས་པ་ནི་ཡེ་ཤེས་གསུམ་གྱི་

རང་བཞིན་ཅན་གྱི་སེམས་ནི་འོད་གསལ་བའི་ངོ་བོར་བྱའོ། །འདིས་ནི་ཞེས་པ་ནི་འདས་མ་ཐག་ཏུ་བཤད་པའི་སྒོམ་པའི་རིམ་པས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་ཅེས་པ་ནི་ལུས་ལ་སོགས་པ་རྣམ་པར་དག་པར་བྱེད་པ་ལས་ནུས་པ་ཅན་ནོ། །ཤེས་རབ་དང་ཐབས་དང་ཉེ་བར་ཐོབ་པ་གསུམ་ཞེས་

པ་ནི་ཤེས་རབ་ཀྱི་རང་བཞིན་སུམ་ཅུ་རྩ་གསུམ་དང་། དེའི་རྒྱུར་གྱུར་པ་འཇུག་པའི་རྣམ་པར་ཤེས་པ་དང་ཐབས་ཀྱི་རང་བཞིན་བཞི་བཅུ་དང་། དེའི་རྒྱུར་གྱུར་པའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། མ་རིག་པའི་རང་བཞིན་བདུན་དང་། དེའི་རྒྱུར་གྱུར་པ་ཀུན་གཞི་རྣམ་

Vol. 32 · folio 242b

པར་ཤེས་པ་ཉེ་བར་སྡུད་པར་བྱེད་པ་སྟོན་པར་གྱུར་པ་ཡིན་ནོ་ཞེས་པ་ནི་འོད་གསལ་བ་བསྟན་ཏོ། །དེ་ནི་སེམས་རྣམ་པར་དག་པའི་རིམ་པ་རྒྱས་པར་བཤད་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རིམ་པ་གསུམ་པ་བཤད་པར་བྱ་སྟེ། དོན་དམ་པའི་བདེན་པ་སྟེ་ཞེས་བྱ་བ་ལ་སོགས་པས་འོད་གསལ་

བ་ལས་ཅིག་ཅར་དུ་སྤྲོ་བར་བསྟན་ཏོ། །བསྐྱེད་པར་བྱའོ་ཞེས་པ་ནི་འོད་གསལ་བ་ལས་སྤྲོ་བར་བྱའོ། །སྦྱོར་བ་གསུམ་པོ་གཅིག་ཏུ་གྱུར་པ་དེ་ནི་ཞེས་པ་ནི་གོ་བཟློག་པས་སྣང་བ་ཉེ་བར་ཐོབ་པ་དང་སྣང་བ་མཆེད་པ་དང་སྣང་བ་རྣམས་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེ་འཆང་ལ་སོགས་

པའི་སྐུའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། །ཡིད་ཀྱི་རང་བཞིན་གྱི་ལྷའི་གཟུགས་ཞེས་བསྟན་ཏོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྒྱས་པར་བཤད་པ་བསྟན་ཏོ། །ལུས་ཞེས་བྱ་བ་ལ་སོགས་པས་རིམ་པ་བཞི་པ་བསྟན་པར་བྱ་སྟེ། །ལུས་དང་ངག་དང་སེམས་ཀྱི་དམིགས་པ་

ཉེ་བར་རྟོགས་པ་ཞེས་པ་ནི། །ལུས་ལ་སོགས་པའི་སྒྱུ་མ་ལྟ་བུ་ཡོངས་སུ་ཤེས་པའོ། །གང་ཐོབ་པའི་ཀུན་རྫོབ་ཀྱི་བདེན་པ་ངོ་བོ་ཉིད་དེ་ཞེས་པ་ནི་འཇའ་ཚོན་ལྟར་སོ་སོར་སྣང་བ་རྡོ་རྗེ་འཆང་ལ་སོགས་པའི་སྐུའོ། །དེ་ནི་དམིགས་སུ་མེད་པ་སྟེ། །ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་འོད་

གསལ་བ་ལ་ཐིམ་པས་སོ། །གཏན་ཚིགས་བསྟན་པར་བྱ་བའི་ཕྱིར། །ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། །ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཉིད་ཀྱིས་མཚན་པ་རྡོ་རྗེ་འཆང་ལ་སོགས་པའི་ཡེ་ཤེས་ཀྱི་སྐུའོ། །དོན་དམ་པའི་བདེན་པ་ཉིད་རྟོགས་པས་སོ་ཞེས་པ་ནི་ཡང་དག་པའི་མཐའ་ལ་

འཇུག་པའི་ཕྱིར་རོ། །འདིས་ནི་མངོན་པར་བྱང་ཆུབ་པའི་རིམ་པ་གསལ་བར་བྱེད་དོ་ཞེས་པ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་རྒྱས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ད་ནི་བརྟགས་པའི་རྣལ་འབྱོར་གྱིས་ཐར་པ་ཐོབ་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

འདིར་ནི་རིམ་པ་བཞི་བསྒོམ་པར་བྱས་ནས་ཡང་ངོ་། །ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ལ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཐོབ་པར་བྱ་བ་ལའོ། །རབ་ཏུ་གནས་པ་མི་དམིགས་ཀྱང་། །ཞེས་པ་ནི་དབང་པོ་དམན་པས་གནས་པར་མི་འགྱུར་རོ། །ཀྱང་གི་སྒྲས་འོད་གསལ་བ་ལ་ཡང་ངོ་། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words