སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ

Sanskrit title (Tibetan script, as in the text) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 83a

འགྱུར་བས་སྡིག་པར་ཇི་ལྟར་འགྱུར་ཞེས་ཤིན་ཏུ་ཕལ་ཆེར་ཐལ་བས་ཆོག་གོ། །གསད་པར་བྱ་བ་དེ་རྣམས་ཀྱི་ཞེས་བྱ་བ་ནི་འཚེ་བར་བྱེད་པ་རྣམས་ཀྱིའོ། །ཁ་སྦྱར་དབྱེ་བ་ནི་སྙིང་གའི་པདྨ་དབྱེ་བའོ། །ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པས་གདུག་པའི་བདག་ཉིད་ཀྱི་

སེམས་ཅན་གྱི་ཁམས་བསྒོམ་པས་གསོད་པར་བྱའོ་ཞེས་བསྟན་ཏོ། །སྦྱོར་བ་བསྟན་པ་ཞེས་བྱ་བ་ནས་གསལ་བར་བྱ་ཞེས་བྱ་བའི་བར་དུ་ནི་བདུད་རྩི་ལྔས་དགྲའི་གཟུགས་བརྙན་བྱས་ལ་དེའི་སྙིང་གར་མིང་སྤེལ་ཏེ་མངོན་སྤྱོད་ཀྱི་རྫས་ཀྱི་བསྐུལ་ཞིང་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྣ་

ཚོགས་རྡོ་རྗེས་མཚན་པའི་རྐང་པ་གཡས་པས་མནན་ཞིང་སྔོན་གྱི་བསྙེན་པ་བྱས་པའི་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་ན་བསྒྲུབ་བྱ་འཆི་བར་འགྱུར་རོ། །འདིར་ཐུགས་རྡོ་རྗེའི་རྣལ་འབྱོར་པ་བདུད་རྩི་ལྔས་བྱུགས་པའི་གོས་དང་ལྡན་པ་ལས་བྱ་བ་དང་

རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་ཆུ་དྲོན་གྱིས་གཤེར་བའི་གོས་གོན་པ་དང་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་བཤང་གཅིས་གཤེར་བའི་གོས་གོན་པ་དང་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པ་ཐལ་བའི་ཆུས་གཤེར་བའི་གོས་གོན་པ་དང་། དོན་ཡོད་གྲུབ་པའི་རྣལ་འབྱོར་པ་

ཡང་བཤང་གཅིས་གཤེར་བའི་གོས་གོན་པ་དང་། རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པ་ཡང་ཐལ་བའི་ཆུས་གཤེར་བའི་གོས་གོན་པས་ལས་བྱའོ། །དེ་བཞིན་དུ་རྣལ་འབྱོར་པ་དེ་རྣམས་ཀྱིས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་ང་རྒྱལ་ལ་དམིགས་ཏེ། སྔ་མ་བཞིན་དུ་

གཟུགས་བརྙན་མནན་ཞིང་གདུག་པ་རྣམས་གསད་པར་བྱའོ་ཞེས་བསྟན་ཏོ། །གཟུགས་ཅན་མ་ཡིན་པའི་ནམ་མཁའ་ཡང་ཞེས་པ་ནི་གལ་ཏེ་གདུག་པ་ཡིན་ན་དེའི་ཚེ་དེ་ཡང་གསོད་པར་འགྱུར་རོ། །གཟུགས་ཅན་ལྟ་སྨོས་ཀྱང་ཅི་དགོས་ཞེས་པ་ནི་དེ་ཉིད་ཕུལ་དུ་བྱུང་བ་སྟེ་ཁྱད་པར་

དང་ལྡན་པའི་ཚིག་གོ། །བསམ་གཏན་གྱི་ཆེ་བ་ཉིད་ནི་ཏིང་ངེ་འཛིན་གྱི་མཐུ་གསལ་བར་བྱས་སོ། །ཚངས་མ་མོ་ཞེས་བྱ་བ་ལ་སོགས་པ་ནི་འཇིག་རྟེན་གྱི་མ་མོ་བདུན་ནོ། །དེ་རྣམས་ཀྱི་ཁང་པ་ནི་ལྷ་ཁང་སྟེ་མ་མོ་ནི་དྲག་པོའི་ལས་ལ་མཐུན་པས་སོ། །དུར་ཁྲོད་ནི་ཐམས་ཅད་སྡུད་

Vol. 33 · folio 83b

པར་བྱེད་པས་ན་མཐུན་པའོ། །ཁོང་སྟོང་ནི་སྐྱེ་བོས་དབེན་པ་ཡིན་པས་རིགས་པ་ཁོ་ནའོ། །བཞི་མདོ་ནི་རབ་ཏུ་གྲགས་པ་ཡིན་པས་སོ། །དེ་བཞིན་དུ་མཚན་མ་གཅིག་ཀྱང་དེ་བཞིན་ནོ། །གནས་དེ་རྣམས་ལ་བརྟེན་ཏེ་དྲག་པོའི་ལས་བྱའོ། །རྗེ་ངར་གྱི་ཕྱོགས་ཞེས་བྱ་བ་ལ་སོགས་

པས་དེ་ཉིད་བསྟན་ཏོ། །དགོངས་པ་ནི་འདི་ཡིན་ཏེ་དུར་ཁྲོད་ཀྱི་རས་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་སྣ་ཚོགས་རྡོ་རྗེ་བྲིས་ལ་དེའི་ལྟེ་བར་བསྒྲུབ་བྱའི་མིང་ཕཊ་གཉིས་ཀྱིས་སྤེལ་བ་བྲིས་ལ། སྣ་ཚོགས་རྡོ་རྗེ་ཕྱི་རོལ་ཡི་གེ་ཕཊ་ཀྱིས་བསྐོར་ཞིང་འཁོར་ལོ་དེ་སོར་བརྒྱད་པའི་མིའི་རྗེ་ངར་གྱི་ཁོང་

སྟོང་ལ་བཅུག་ནས་བསྒྲུབ་བྱའི་རྐང་པའི་རྡུལ་གྱི་འདམ་གྱིས་བསྐུས་ལ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོའི་སྔགས་བརྒྱ་རྩ་བརྒྱད་བཟླས་པས་དགྲ་བོའི་སྒོ་རུ་བརྐོས་ནས་སྦས་ན་དེའི་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱིས་དགྲ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །

སེམས་ཅན་ཤེས་རབ་ལྡན་པ་དང་། །ཞེས་བྱ་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ལ་བསམ་པ་ཐམས་ཅད་རྫོགས་པར་བྱེད་པ་ཆགས་པ་དང་སྡང་བ་མེད་པ། སངས་རྒྱས་གལ་ཏེ་སློབ་དཔོན་ལ་སྨོད་པར་བྱེད་པ་ཡིན་ན་དེ་ཡང་འཇིག་པར་འགྱུར་བའམ་གནས་ལས་སྤོང་བར་

འགྱུར་རོ་ཞེས་བསྟན་ཏོ། །ཐོད་པ་ཞེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གི་བར་དུ་ནི་མ་ཉམས་པའི་ཐོད་པ་འམ་གྲོག་ལ་སོགས་པ་ལ་མངོན་སྤྱོད་ཀྱི་རྫས་ཀྱིས་ཁྲོ་བོའི་སྔགས་མིང་དང་བཅས་པར་བསྒྲུབ་བྱའི་མིང་བྲིས་ཏེ། ཁྲོ་བོའི་ཚིག་གིས་གཤིན་རྗེ་གཤེད་ལ་སོགས་

པའི་སྔགས་བཟླ་ཞིང་དགྲ་བོའི་སྒོ་རུ་བརྐོས་ནས་སྦས་ན་དེའི་ཚེ་གནས་ལས་སྤོ་བ་འམ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་རྣམ་པར་འཇིག་པར་འགྱུར་རོ་ཞེས་པའི་བར་དུ་ནི། གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་པས་ཕུར་བུས་གདབ་པའི་སྒོ་ནས་

མངོན་སྤྱོད་བསྟན་ཏོ། །ཇི་ལྟ་བ་ཇི་ལྟར་ཞེས་པ་ནི་དྲག་ཤུལ་ལ་སོགས་པས་སོ། །གདུག་པའི་དངོས་པོར་གྱུར་ཅིང་བདག་ཉིད་ངན་པར་སོན་པའོ། །དེ་ལྟ་དེ་ལྟར་ཞེས་པ་ནི་རྣམ་པ་དེ་དང་དེས་སོ། །དགག་པར་བྱ་བ་ཞེས་པ་ནི་གསོད་པར་བྱ་བ་ཉིད་ཐོབ་པའོ། །བསྒྲུབ་པར་

Vol. 33 · folio 84a

བྱ་བ་ཞེས་པ་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའོ། །དེ་རྣམས་ཀྱི་ནི་བསྒྲུབ་བྱ་རྣམས་ཀྱིའོ། །ལུས་ལ་སོགས་པ་མི་གཡོ་བར་བྱས་པ་ཞེས་པ་ནི་ལུས་དང་ངག་དང་སེམས་ཕུར་བུས་འདེབས་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་མི་ཕྱེད་པའི་ངོ་བོར་

གྱུར་པ་ཞེས་པ་ནི་ཕ་རོལ་གྱི་འཁྲུལ་འཁོར་དང་སྔགས་ལ་སོགས་པས་གྲོལ་བར་མ་གྱུར་པའོ། །དེ་སྐད་ཅེས་བྱ་བ་ལ་སོགས་པས་མཆོག་དང་འབྲིང་དང་ཐ་མའི་བསྒྲུབ་བྱའི་ལུས་ལ་སོགས་པ་ཕུར་བུས་གདབ་པར་བྱེད་པའི་ཏིང་ངེ་འཛིན་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་སྔགས་

ཀྱི་དོན་བཤད་པ་ནི་གོ་སླའོ། །ཕུར་བུའི་སྔགས་འདི་ཞེས་བྱ་བ་ལ་སོགས་པས་སོ། །སྔགས་ཐོས་པས་མཐུ་ཆེ་བའི་བརྒྱ་བྱིན་ལ་སོགས་པ་འཇིགས་པ་དང་བརྒྱལ་བ་དང་རྡོ་རྗེ་འཆང་ལ་སྐྱབས་སུ་འགྲོ་བར་འགྱུར་རོ་ཞེས་བསྟན་ཏོ། །འདིར་ཆོ་ག་ཞེས་བྱ་བ་ལ་སོགས་པས་ཕུར་བུས་

གདབ་པའི་སྦྱོར་བ་ནི་དོན་གསལ་བའོ། །སེང་ལྡེང་གི་སྙིང་པོ་ལ་སོགས་པ་གང་རུང་བ་ཞེས་པ་ནི་སེང་ལྡེང་དང་ཤིང་ཤ་པ་དང་ཨ་ག་རུ་དང་ཤ་མི་དང་ལྕང་མ་སྟེ་འབྲས་བུ་མེད་པའི་ཤིང་ལྔ་དྲག་ཤུལ་ཅན་གྱི་ལས་དང་མཐུན་པ་གཟུང་བར་བྱའོ། །བསམ་གཏན་ཞེས་བྱ་བ་ལ་སོགས་པས་

བསྒོམ་པའི་དུས་སུ་རྣལ་འབྱོར་གྱི་ཕྱོགས་གཅིག་ཏུ་གྱུར་པ་བགེགས་བསྐྲད་པའི་ཆོ་ག་བསྟན་ཏོ། །འོད་འཕྲོ་བ་ཞེས་བྱ་བ་ནས་འཆི་བར་འགྱུར་རོ་ཞེས་པའི་བར་དུ་ནི་རེ་ཞིག་དང་རྣལ་འབྱོར་པས་ཞེ་སྡང་རྡོ་རྗེའི་ཏིང་ངེ་འཛིན་མངོན་དུ་བྱས་ལ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་དུ་སྣ་ཚོགས་རྡོ་

རྗེ་དང་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོ་བོ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བས་རྡོ་རྗེའི་ལམ་ནས་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་དྲག་པོའི་རྡོ་རྗེ་ལས་སྐྱེས་པ་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་རིགས་ཀྱི་ཀླུ་བརྒྱད་ཀྱིས་རྒྱན་བྱས་ལ་ཁ་དོག་སྔོན་པོ་དང་། དཀར་པོ་དང་དམར་པོའི་

ཞལ་མངའ་བ། མི་གཡོ་བ་གཡས་བརྐྱང་བ་ལ་གནས་པ་རྡོ་རྗེ་དང་དྲིལ་བུ་རྩ་བའི་ཕྱག་གཉིས་ཀྱིས་བསྣམས་པ། ཞགས་པ་དང་ལྕགས་ཀྱུ་དང་རལ་གྲི་དང་ཐོ་བ་བསྣམས་པ་ཞེ་སྡང་རྡོ་རྗེའི་ཅོད་པན་ཅན་སྨིན་མ་ཁམ་པ་ཧ་ཧ་ཧི་ཧིའི་སྒྲ་སྒྲོགས་པ་གནོད་མཛེས་ཀྱི་རྒྱལ་པོ་བསྒོམས་ལ།

Vol. 33 · folio 84b

རྡོ་རྗེ་དང་པདྨའི་ནང་ནས་ཕྱི་རོལ་དུ་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་གནས་ནས་བཀའ་ཉན་པར་བསམས་ཏེ། སྔ་མ་བཞིན་དུ་རེག་བྱ་རྡོ་རྗེ་མའི་ཆོས་འབྱུང་གི་ནང་ན། གཤིན་རྗེ་གཤེད་པོ་ལ་སོགས་པ་ཁྲོ་བོ་བཅུ་སྔར་བཤད་པའི་དབྱིབས་དང་ཁ་དོག་དང་ཕྱག་མཚན་འཛིན་པ་བསམས་ལ་

རིམ་པ་ཇི་ལྟ་བ་བཞིན་དུ་ཕྱོགས་དང་མཚམས་རྣམས་སུ་དགོད་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱང་སྟེང་ཞལ་གསུམ་པ་སྨད་ཕུར་བུ་རྩེ་གཅིག་པ་བདུད་རྩི་འཁྱིལ་པ་དང་འདྲ་བར་བསམ་པར་བྱའོ། །དེའི་འོག་ཏུ་དབུས་ཀྱི་གཙོ་བོའི་ངོ་བོའི་བདག་ཉིད་ཀྱིས་གནོད་མཛེས་ལ་སྔགས་འདིས་བཀའ་སྦྱིན་པར་བྱ་སྟེ།

ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞཱ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུྃ་ཧཱུྃ་ཕཊ། ཅེས་བྱ་བ་འདིས་ཕྱོགས་བཅུ་ལ་གནས་པའི་བརྒྱ་བྱིན་ལ་སོགས་པ་དགུག་པར་བྱ་བའི་ཕྱིར་བཀའ་སྦྱིན་པར་བྱའོ། །དེ་ཐོས་མ་ཐག་ཏུ་གནོད་མཛེས་ཀྱི་

རྒྱལ་པོས་ཞགས་པ་དང་ལྕགས་ཀྱུས་ཕྱོགས་བཅུར་སྤྲོས་ཏེ། ལྷའི་དབང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་མགུལ་ནས་བཅིངས་ལ་སྤྱི་བོར་བརྡེགས་ལ། ཤར་ལ་སོགས་པའི་ཕྱོགས་སུ་འགོད་པར་བྱེད་པར་བསམ་པར་བྱའོ། །དེ་ནས་གནོད་མཛེས་ཀྱི་རྒྱལ་པོས་རྡོ་རྗེ་ཕུར་

བུ་དེ་རྣམས་མགོ་བོ་ནས་བརྩམས་ཏེ་རྐང་པའི་དཀྱིལ་གྱི་བར་དུ་གདབ་པར་བྱེད་པར་བསམ་པར་བྱའོ། །ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཕུར་བུས་གདབ་པ་དང་བརྡུང་བ་བྱས་ཏེ། ས་འོག་བདུན་གྱི་བར་དུ་སོན་པར་བསམ་པར་བྱའོ། །ཁྲོ་བོའི་རྒྱལ་པོའི་ལུས་ལས་

བྱུང་བའི་འབར་བའི་ཚོགས་ཀྱིས་ཀྱང་དེའི་འཁོར་མཐའ་ཡས་པ་བསྲེགས་ཤིང་ཐལ་བར་གྱུར་པར་བསམ་པར་བྱའོ་ཞེས་བསྟན་པར་བྱའོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་དང་ཞེས་བྱ་བ་ནས་བརྩམས་ནས་ལྡང་བར་འགྱུར་རོ་ཞེས་པའི་བར་དུ་ནི་ཞེ་སྡང་རྡོ་རྗེའི་རྣལ་འབྱོར་པས་མཱ་མ་

ཀཱིའི་རང་བཞིན་གྱི་ཡེ་ཤེས་ཀྱི་ཕྱག་རྒྱ་མདུན་དུ་བསྒོམས་ལ་རྗེས་སུ་ཆགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་འཁྱུད་པར་བྱས་ཏེ། ཕྱག་རྒྱའི་ཆོས་འབྱུང་གི་ནང་ན་ཉི་མའི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སྙིང་ག་ནས་བྱུང་བའི་འོད་ཟེར་གྱི་ལྕགས་ཀྱུས་

Vol. 33 · folio 85a

བསྒྲུབ་བྱ་བཀུག་ལ་འཇུག་སྟེ། རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པར་བྱས་ཏེ། རྩེ་ལྔ་པའི་རྡོ་རྗེའི་རྣམ་པའི་གསང་བའི་རྡོ་རྗེས་མགོ་བོ་ནས་རྐང་པའི་མཐའི་བར་དུ་ཕུར་བུས་གདབ་པར་བསྒོམས་ནས་དེའི་ཚེ་ལུས་ཕུར་བུས་གདབ་པར་གནས་ནས་སྤོ་བའམ་འཆི་བར་

འགྱུར་རོ། །དེ་བཞིན་དུ་ཐམས་ཅད་བྱས་ལ་འོན་ཀྱང་ལྕེ་ལ་གསང་བའི་རྡོ་རྗེས་དེ་ལ་བརྡེགས་ན་ངག་རེངས་པའམ་ལྐུགས་པར་འགྱུར་བའམ་འཆི་བར་འགྱུར་བའོ། །དེ་བཞིན་དུ་ཐམས་ཅད་བྱས་པ་ལས་བསྒྲུབ་བྱའི་སྙིང་གའི་པདྨ་འབར་བའི་གསང་བའི་རྡོ་རྗེས་བརྡེགས་ལ་དེའི་ཚེ་སྨྱོ་

བའམ་འཆི་བར་འགྱུར་རོ། །འདིར་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པའི་དུས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་ཚིནྡྷ་ཚིནྡྷ་ཞེས་བྱ་བ་ལ་སོགས་པ་སྔགས་གསུམ་བརྗོད་པར་བྱའོ། །འདིར་ཡེ་ཤེས་གསུམ་ནི་སྣང་བ་ལ་སོགས་པ་སྐྱེད་པར་བྱེད་པ་ནི་འབྱུང་བར་བྱེད་པའི་པདྨ་ཞེས་བྱ་

སྟེ། ཇི་སྐད་དུ། །སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །གསལ་བར་འདི་ལས་མཚོན་པར་འགྱུར། །ཞེས་འབྱུང་བས་སོ། །བསྒྲུབ་བྱའི་ངག་གི་སྤྲོས་པའོ་ཞེས་པ་ནི་བསྒྲུབ་བྱའི་ངག་མཁས་པ་ཉིད་དོ། །ནམ་

མཁའ་ལས་བྱུང་བ་ཞེས་པ་ནི་ལྟེ་བའི་ནམ་མཁའ་ལས་སྒྲ་འབྱུང་བའི་ཕྱིར་རོ། །དེའི་ངོ་བོ་ཉིད་ནི་སེམས་སོ་ཞེས་པ་ནི་འོད་གསལ་བའི་རང་བཞིན་སེམས་ཏེ་དེའི་ངོ་བོ་ཡིན་པ་དང་དྲི་མ་རྣམས་གློ་བུར་བ་ཡིན་པས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པའི་དེ་མ་ཐག་ཏུ་བཤད་པའི་

སྔགས་རྣམས་དང་དེའི་སྒོ་ནས་བྱས་པའི་ལས་ཀྱི་ཚོགས་ཐོབ་པས་བྱང་ཆུབ་སེམས་དཔའ་རྨད་དུ་གྱུར་པས་ཇི་ལྟར་ཆེད་དུ་བརྗོད་པ་དེ་སྐད་བསྟན་ཏོ། །རྫོགས་པའི་རིམ་པ་ལ་གནས་པ། །ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའི་སྙིང་པོར་གྱུར་པ་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་བྱམས་པ་ལ་

སོགས་པའོ། །ཐེག་པ་གསར་ལ་གནས་པ་ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་མཆོག་གོ་ཞེས་པ་ནི་རྫོགས་པ་བསྒོམ་པའོ། །དེ་བས་ན་དེ་ཁོ་ན་ཉིད་ཐོབ་པའི་ཕྱིར་སེམས་ཅན་གྱི་དོན་བྱེད་པར་ནུས་པའོ། །དེ་དག་ཐོས་པ་དང་རྟོགས་པས་དགའ་བ་

Vol. 33 · folio 85b

དང་མགུ་བར་ལྡན་པར་འགྱུར་རོ། །རང་གི་རྗེས་སུ་མྱོང་བའི་གསུང་། །ཞེས་པ་ནི་ཆོས་ཐོས་པས་སོ་སོ་རང་རིག་པའི་མངོན་གསུམ་གྱིས་མྱོང་བའི་དགའ་བའི་ཁྱད་པར་གང་ཡིན་པ་དེ་ཉིད་རྡོ་རྗེ་འཆང་གིས་ལེགས་པར་སྨྲ་བས། ཕྱི་རོལ་དུ་བྱུང་བའི་བསྟོད་པའི་ཚིག་གི་ཚོགས་ནི་གསུང་ཞེས་བྱའོ། །

སྔགས་ཀྱི་གནས་ཏེ་ཞེས་པ་ནི་སྤྱན་མ་ལ་སོགས་པའི་ཕྲེང་བའི་སྔགས་རྣམས་སོ། །སྔགས་རྣམས་ཀྱི་རབ་ཏུ་སྦྱོར་བའི་བྱེ་བྲག་ཅེས་པ་ནི་སྲུང་བའི་འཁོར་ལོ་དང་འཁྲུལ་འཁོར་ལ་སོགས་པའི་མཚན་ཉིད་དོ། །སྦྱོར་བ་དེ་ཉིད་བསམ་གཏན་གྱིས་རྫོགས་པར་བྱས་པའོ་ཞེས་པ་ནི་རྡོ་རྗེ་ལྕགས་ཀྱུས་

མཚན་པའི་རྐང་པ་གཡོན་པས་མནན་ཞིང་ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་དོ། །གདུག་པ་རྣམས་ཚར་གཅོད་པའོ་ཞེས་པ་ནི་ཕྲེང་བའི་སྔགས་རྣམས་སོ། །མངོན་སྤྱོད་ཀྱི་སྒོ་ནས་བླ་མ་སྨོད་པར་བྱེད་པ་ལ་སོགས་པ་གསོད་པའོ། །དེ་བཞིན་དུ་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་ཞེས་

པ་ནི་མུ་སྟེགས་པའི་རྣལ་འབྱོར་པ་རྣམས་ལ་ཕུར་བུས་གདབ་པའོ། །སྐྱེ་བོ་ཐ་མལ་པ་ཞེས་པ་ནི་རྒྱལ་པོ་ལ་སོགས་པའོ། །ཕྱོགས་སྐྱོང་བ་རྣམས་ནི་བརྒྱ་བྱིན་ལ་སོགས་པའོ། །བསམ་གཏན་གྱིས་སོ་སོར་གསུངས་པ་ཞེས་པ་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་བསྒྲུབ་བྱའི་ལུས་

དང་ངག་དང་སེམས་ཕུར་བུས་གདབ་པའོ། །དེ་ནི་ངོ་མཚར་ཆེའོ་ཞེས་པ་ནི་སྟོན་པ་པོ་ལ་བསྟོད་པ་དང་། ཉེ་བར་བསྡུ་བ་ཡང་རབ་ཏུ་བསྟན་ཏོ། །སྒྲུབ་པ་པོ་རྣམ་པ་གཉིས་དང་ཞེས་པ་ནི་རིམ་པ་གཉིས་སྒོམ་པར་བྱེད་པ་དང་ཉེ་བར་མཚོན་པའོ་ཞེས་བྱ་བ་སྟེ་རྫོགས་པའི་རིམ་པས་ཀྱང་

གསོད་པའི་ལས་སྔར་བཤད་པའོ། །རྡོ་རྗེ་འཆང་ཆེན་པོས་རབ་ཏུ་བསྟན་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་ཡིད་ཆེས་པ་ཉིད་བསྟན་ཏོ། །དེ་བཞིན་དུ་སྒྲུབ་པ་པོ་ནི་རྣལ་འབྱོར་པ་རྣམས་སོ། །དེ་རྣམས་ཀྱི་འདོད་པའི་དོན་སྟེར་བའོ་ཞེས་པ་ནི་ཞི་བ་ལ་སོགས་པ་སྒྲུབ་

པར་བྱེད་པའོ། །སྦྲུལ་ལ་སོགས་པ་ནི་སྔར་བཤད་པའི་མཚན་ཉིད་དོ། །དེ་རྣམས་ཀྱི་དོན་ལ་སོགས་པ་ཡོངས་སུ་ཤེས་པ་ནི་སོགས་པའི་སྒྲས་བཏུ་བ་དང་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པའོ། །བཏུས་ནས་བསྟན་པའོ་ཞེས་པ་ནི་དཔལ་རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ལས་བསྡུས་

Vol. 33 · folio 86a

ཏེ་བསྟན་པའོ། །དེ་ཡན་ཆད་ཀྱིས་སྡུད་པ་པོས་བདག་ཉིད་ཀྱི་ཆེ་བ་དང་ལེའུའི་བརྗོད་པར་བྱ་བའི་དོན་མན་ངག་དང་བཅས་པར་བསྟན་ཏོ། །སྐུ་གསུང་ཐུགས་གཅིག་ཏུ་གྱུར་པས་ཀྱང་ཞེས་པ་ནི་དོན་དམ་པར་དངོས་པོ་ཐམས་ཅད་རྣམ་པར་དཔྱད་ན་ཐ་དད་པར་མི་དམིགས་

ཏེ། གང་ཞིག་རང་གི་རྒྱུད་ལ་གནས་པ་དེ་ཉིད་གཞན་གྱི་རྒྱུད་ལ་གནས་པ་ཡིན་ནོ། །འོན་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་བྱེ་བྲག་ལ་དམིགས་ཏེ་གློ་བུར་གྱི་དྲི་མ་ལྡོག་པའི་དོན་དུ་ཚར་གཅོད་པ་ཞེས་བྱ་བ་ནི་སྒྲུབ་པ་པོས་བསྒྲུབ་བྱ་ལ་ཚར་གཅོད་པར་བྱེད་པའོ། །དེ་ཡང་ཉེ་བར་

མཚོན་པའི་ཚིག་ཡིན་ཏེ་ཞི་བ་ལ་སོགས་པས་ཀྱང་རྗེས་སུ་གཟུང་བར་མཛད་པའོ། །ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པས་དེ་ལྟར་གྱུར་པ་སྐུ་ལ་སོགས་པའི་རང་བཞིན་སྔགས་ཐམས་ཅད་བསྡུ་བར་བྱེད་པའི་ཡི་གེ་གསུམ་གྱིས་སྤེལ་བའི་སྔགས་ཀྱིས་ཞི་བ་ལ་སོགས་པའི་ལས་ཀྱི་

ཚོགས་གྲུབ་པ་རྫོགས་པས་མཛེས་པ་ཏིང་ངེ་འཛིན་གང་ཡིན་པ་དེ་བསྟན་ཏོ། །དེ་སྟོན་པར་བྱེད་པའི་ཞེས་པ་ནི་དེ་ལྟར་གྱུར་པའི་གསལ་བར་བྱེད་པའི་སྒྲའི་ཚོགས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་

པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་བཞི་པའི་རྒྱ་ཆེར་བཤད་པའོ།། །།བཤད་པ་དང་མ་བཤད་པ་ཞེས་བྱ་བ་ལ་སོགས་པས་ལེའུ་བཅོ་ལྔ་པའི་བཤད་པ་བརྩམ་པར་བྱ་སྟེ། བསམ་པ་ནི་འདི་ཡིན་ཏེ་བཤད་པ་ནི་ལེའུ་བཅུ་གསུམ་པ་དང་བཅུ་བཞི་པ་

ལས་བཤད་པའོ། །མ་བཤད་པ་ནི་ལེའུ་བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་ལས་འཆད་པར་འགྱུར་བའི་ལས་ཀྱི་ཚོགས་དེ་རྣམས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མེད་པས་འགྲུབ་པར་མི་འགྱུར་བས་ན་ལེའུ་བཅོ་ལྔ་པ་བསྟན་ཏོ། །སྟོང་པ་བཞིའི་བདག་ཉིད་ཅན་ནོ་ཞེས་པ་ནི་སྟོང་པ་

དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་དང་། ཐམས་ཅད་སྟོང་པའོ། །ཡང་ན་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེ་བར་ཐོབ་པ་དང་། འོད་གསལ་བའོ། །ཡང་ན་པདྨའི་ནང་ན་རྩ་བཞིའོ། །བདག་ཉིད་ནི་དབུས་ཀྱི་རྩ་སྟེ། འདོད་པའི་གདུགས་སོ། །ཇི་སྐད་དུ།

Vol. 33 · folio 86b

བྷ་གའི་དབུས་ན་ནམ་མཁའ་གང་། །ནམ་མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བ་གེ་སར་དང་ལྡན་པའི། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །ཞེས་འབྱུང་ངོ་། །རྣམ་པར་མི་འཇིག་པའོ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའི་ངོ་བོ་ཡིན་པས་སོ། །དབང་བསྐུར་བ་ཐམས་ཅད་ཅེས་པ་ནི་སློབ་དཔོན་དང་

གསང་བ་དང་ཤེས་རབ་ཅེས་བྱའོ། །དེ་རྣམས་ཀྱི་ཡང་དབང་བསྐུར་བ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཏེ། བཞི་པ་ཡང་ནི་དེ་བཞིན་ནོ། །ཞེས་བྱ་བའི་མཚན་ཉིད་དོ། །དེའི་ངོ་བོ་ཡིན་པས་རྡོ་རྗེ་འཆང་ནི་ཐམས་ཅད་དབང་བསྐུར་བ་ཞེས་བྱའོ། །སེམས་ཅན་གྱི་བསམ་པའི་དབྱེ་བས་རིགས་ཐམས་ཅད་

ནི་རིགས་བརྒྱའམ་ལྔ་འམ་གསུམ་མོ། །ཇི་སྐད་དུ། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་བསྡུས་པས་ན་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཞེས་འབྱུང་ངོ་། །དེའི་བདག་ཉིད་བཅོམ་ལྡན་འདས་ནི་དེ་རྣམས་སྤྲུལ་པར་མཛད་པས་

སོ། །དེ་བས་ན་མཁྱེན་པའི་སྒྲ་སྤྲུལ་པའི་དོན་ཏོ། །མི་ཕྱེད་པའི་གསུང་ངོ་ཞེས་པ་ནི། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་མཚན་ཉིད་ཀྱི་གསུང་ངོ་། །དགོངས་པ་མ་ཡིན་པས་བཤད་པ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་བསྟན་པས་སོ། །སྤྲོས་པ་མེད་པའི་སྤྱོད་པ་ནི་ཇི་སྙེད་

པའི་སྤྱོད་པའི་སྒོ་ནས་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་མཚན་ཉིད་དོ། །སྨེ་ཤ་ཅན་ཞེས་བྱ་བ་ནས། རྟོག་པའི་རྣལ་འབྱོར་ཡིན་པའི་ཕྱིར་རོ་ཞེས་པའི་བར་དུ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་དང་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པ་རྣམས་ཀྱིས་སྐྱེ་

བོས་དབེན་པའི་ས་ཕྱོགས་སུ་བའི་ལྕི་བ་ལ་སོགས་པས་བྱུགས་པ་ལ། རྟེན་དང་བརྟེན་པའི་རང་བཞིན་གྱིས་འཁོར་ལོ་བྲིས་པའམ་ཡིད་ཀྱིས་བསྒོམས་ལ་དེའི་དབུས་སུ་རང་གི་རིགས་དང་མཐུན་པའི་ལེགས་པར་བསླབས་པ་གཟུགས་བཟང་བ་ལེགས་པར་བརྒྱན་པ་སྨེ་ཤ་ཅན་དང་

ཁྲུས་མཁན་དང་གར་མཁན་གྱི་བུ་མོ་ལོ་བཅུ་གཉིས་པ་དང་ཉི་ཤུ་པ་དང་བཅུ་དྲུག་ལོན་པ། ཨུཏྤལ་སྔོན་པོ་དང་དམར་པོ་དང་ཁ་དོག་དཀར་བ། རིགས་ལྔས་ཁྱབ་པ་སླར་བཞག་ཅིང་རྗེས་སུ་ཆགས་པ་དང་མཆོད་པ་སྔོན་དུ་འགྲོ་བས་སོ་སོར་སྡུད་པའི་རིམ་པས་ཉེ་བར་སྤྱོད་པ་བྱས་

Vol. 33 · folio 87a

ཏེ་གནས་པར་བྱའོ་ཞེས་བྱ་བ་དང་། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་གིས་ཀྱང་གཏི་མུག་གི་རིགས་དང་ཞེ་སྡང་གི་རིགས་ལས་བསྡུས་པས་ཁྲུས་མཁན་དང་སྨེ་ཤ་ཅན་གྱི་བུ་མོ་དག་བསྒྲུབས་ནས་གནས་པར་བྱའོ། །དེ་ལྟར་

ཞུགས་པའི་སྒྲུབ་པ་པོས་ཞེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པ་ལ་རྩོལ་བ་བྱས་པའོ། །འོད་དཔག་ཏུ་མེད་པའི་རང་བཞིན་ཞེས་པ་ནི་གང་ཞིག་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་དེ་ནི་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་གཞུང་གིས་བསྟན་ཏོ། །ཉེ་བར་མཚོན་པ་ཡིན་པས་མི་

བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱང་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ས་བཅུ་ལ་གནས་པར་འགྱུར་རོ་ཞེས་པ་ནི་ས་བཅུའི་དབང་ཕྱུག་གི་བདག་པོའོ། །ངག་གི་དབང་ཕྱུག་དེ་འཛིན་པའོ་ཞེས་པ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པའི་ཕན་ཡོན་བསྟན་ཏོ། །

ཐུགས་ཀྱི་དབང་ཕྱུག་དང་སྐུའི་དབང་ཕྱུག་ཀྱང་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་དག་ལ་རྟོགས་པར་བྱ་བ་དང་། དེ་བཞིན་དུ་ནམ་མཁའ་མཛོད་ཉིད་དང་ལས་ཐམས་ཅད་བྱེད་པ་ཉིད་རིན་པོ་ཆེ་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་དག་ལ་བཤད་པར་བྱའོ། །དེ་ཡང་

དེའི་རྣལ་འབྱོར་དང་ལྡན་པས་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་གཞུང་གིས་བསྟན་ཏོ། །དབང་ཕྱུག་དམ་པ་དང་ལྡན་པ། །ཞེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པ་དང་ལྡན་པའོ། །སེམས་ཅན་ཐམས་ཅད་ནི་རང་གི་སྡེ་པ་དང་གཞན་གྱི་སྡེ་པའི་ནང་ན་མཆོག་ཡིན་པས་ན་སེམས་

ཅན་ཐམས་ཅད་ལས་ཁྱད་པར་དུ་གྱུར་པའོ། །འཁོར་ལོས་སྒྱུར་བར་གྱུར་པ་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་འགྱུར་རོ། །རྟོག་པའི་རྣལ་འབྱོར་པ་ཡིན་པའི་ཕྱིར་རོ་ཞེས་པ་ནི་བསྐྱེད་པའི་རིམ་པ་སྒོམ་པར་བྱེད་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་

པའི་རྣལ་འབྱོར་པའི་ཕྱག་རྒྱའི་དབྱེ་བ་བསྟན་པའི་འོག་ཏུ། རྫོགས་པའི་རིམ་པ་ལ་གནས་པ་རྣམས་ལ་ཡང་བསྟན་པར་བྱའོ་ཞེས་བསྟན་ཏོ། །རིགས་བཞི་པོ་ཞེས་བྱ་བ་ནས་རིང་པོར་མི་ཐོགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བྲམ་

Vol. 33 · folio 87b

ཟེ་ལ་སོགས་པ་གང་ཡང་རུང་བའི་བུ་མོ་བླངས་ལ་སྙོམས་པར་ཞུགས་པའི་རིམ་པས་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་རྒྱུ་དང་རྐྱེན་ལས་འབྱུང་བའི་འོད་གསལ་བ་ཕྱི་དང་ནང་གི་བདག་ཉིད་ཀྱི་མངོན་པར་བྱང་ཆུབ་པའི་རིམ་པས་མྱོང་ཞིང་། དེ་ལས་བྱུང་བའི་མི་གནས་

པའི་མྱ་ངན་ལས་འདས་པའི་བདག་ཉིད་ཀྱི་ཟུང་དུ་འཇུག་པའི་རྡོ་རྗེའི་སྐུ་དམིགས་ནས་གནས་པར་བྱའོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་རིགས་བཞི་པོ་རྣམས་ལས་གང་ཡང་རུང་བ་ཞེས་པ་ནི་རྫོགས་པའི་རིམ་པ་ལ་གནས་པ་ལ་རྟོག་པ་མེད་པའི་ཕྱིར་རོ། །བླངས་ནས་ཞེས་བྱ་བ་ནི་

ལྷན་ཅིག་སྤྱོད་པ་བཞིན་དུ་བླངས་ནས་སོ། །དེ་རྟོགས་པ་དང་ལྡན་པའི་ཞེས་པ་ནི་རྫོགས་པའི་རིམ་པས་ལྷའི་སྐུ་ཐོབ་པའོ། །རྡོ་རྗེ་འཆང་སྟེ་ཞེས་པ་ནི་ཐམས་ཅད་ཀྱི་འབྲས་བུར་གྱུར་པས་སོ། །དེ་རྫོགས་པར་བྱེད་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་སྐྱེད་པར་བྱེད་པའོ། །མངོན་པར་བྱང་

ཆུབ་པའི་རིམ་པས་རྫོགས་པར་བྱས་ཏེ་ཞེས་པ་ནི་རིམ་པ་གཉིས་ཀྱིས་སོ། །དེའི་ཐབས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུའོ། །དམར་ཐག་ཆད་ཅིང་འདས་པར་གྱུར་ཏེ་ཞེས་པ་ནི་དགོངས་ཀ་སྟེ་དེའི་ཚེ་ཉི་མ་ནུབ་པའི་ཕྱིར་རོ། །དེས་ན་མཚན་མོ་བྱུང་བའི་དུས་སུ་ཚོགས་ཀྱི་འཁོར་

ལོའི་ཆོ་གས་དཀྱིལ་འཁོར་གྱི་དབུས་ན་གནས་པའི་བླ་མས་མཆོད་པ་རྣམ་པ་ལྔ་ལ་སོགས་པས་དེ་ཁོ་ན་ཉིད་ཐོབ་པའི་དོན་དུ་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་མཆོད་པར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་འོག་ཏུ་མཚན་ཕྱེད་ཀྱི་དུས་སུ་དང་བར་གྱུར་པའི་བླ་

མས་ཇི་ལྟ་བ་བཞིན་དུ་གསང་བའི་འོག་ཏུ་ཤེས་རབ་ཀྱི་དབང་བསྐུར་བ་ཐོབ་ནས་རང་རིགས་པ་བསྟན་ཏོ། །བདེ་བ་བྱུང་བས་དབང་བསྐུར་ཐོབ་པའོ། །རོ་དེ་ཉིད་ཀྱི་ནམ་ལངས་ནས་སྐྱ་རེངས་འཆར་བའི་དུས་སུ་ནི་ཉི་མའི་ཁ་ལོས་སྒྱུར་བ་བླ་ན་མེད་པ་འཆར་བའི་དུས་སུ་ནི་མཚན་མོའི་ཆ་

འདས་པའོ། །དེ་ཉིད་བསྟན་པའི་ཕྱིར་ཉི་མ་འཆར་བའི་སྟོན་དུ་ཞེས་པ་ནི་དང་པོ་ནི་ཉི་མའི་ཁ་ལོས་སྒྱུར་བ་སྐྱ་རེངས་འཆར་བ་དང་ཕྱི་ནས་ཉི་མ་འཆར་བའོ། །དེའི་དུས་སུ་མངོན་པར་བྱང་ཆུབ་པའི་རིམ་པའི་མན་ངག་གིས་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱིའི་མངོན་པར་བྱང་ཆུབ་པའི་

Vol. 33 · folio 88a

རིམ་པ་ཞེས་པ་ནི་ཕྱིའི་དུས་ལ་ལྟོས་པས་དེ་ཁོ་ན་ཉིད་རྟོགས་པའི་མཚན་ཉིད་ཀྱི་མན་ངག་གོ། །ནང་གི་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནང་གི་བདག་ཉིད་ཀྱི་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན་པར་བྱ་སྟེ། ཐབས་ཀྱི་ཡེ་ཤེས་ཞེས་པ་ནི་སྣང་བ་

མཆེད་པའི་ཡེ་ཤེས་ཏེ་འདོད་ཆགས་ཀྱི་མིང་ཅན་ནོ། །སྙོམས་པར་ཞུགས་པས་མཚོན་པས་ན་སྙོམས་པར་ཞུགས་པའི་མཚན་ཉིད་དོ། །བྱུང་བར་གྱུར་ནས་ཞེས་པ་ནི་དེ་བསྐྱེད་ནས་སོ། །ནུབ་ཅིང་ནི་འདས་ནས་སོ། །ཤེས་རབ་ཀྱི་ངོ་བོ་ཉིད་དུ་གྱུར་པས་ཞེས་པ་ནི་སྣང་བའི་ཡེ་ཤེས་ཀྱི་ཕྱི་

ནས་འབྱུང་ཞིང་ཐིམ་པའོ། །དེ་ནས་འོད་གསལ་བ་སྔོན་དུ་འགྲོ་བས་ཞེས་པ་ནི། འོད་གསལ་བ་ལས་སྔོན་དུ་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་འབྱུང་བ་ནི་མྱོང་བར་འགྱུར་རོ། །མ་རིག་པ་སྟེ་ཞེས་པ་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་སོ། །དེས་སོང་བར་གྱུར་པའི་དུས་སུ་ཞེས་པ་ནི་དེའི་

བག་ཆགས་ཀྱི་ལྷག་མ་མེད་པའི་ཚེའོ། །སྟོང་པ་དང་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོ་ནི་སྣང་བ་ལ་སོགས་པའི་རང་བཞིན་གསུམ་མོ། །རྒྱུ་དང་རྐྱེན་གྱིས་ཞེས་པ་ནི་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུར་གྱུར་པ་སྟེ་གཅིག་རྒྱུ་དང་གཞན་དག་ཀྱང་ལྷན་ཅིག་བྱེད་པ་ཡིན་

པས་སོ། །དེ་རྣམས་ཀྱི་འོད་གསལ་བ་ནི་འབྲས་བུར་གྱུར་པའི་དེ་ཁོ་ན་ཉིད་མངོན་དུ་བྱེད་པས་སོ། །ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ་ཞེས་པ་ནི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་རྡོ་རྗེའི་སྐུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ། སྐྱ་རེངས་ཤར་བའི་དུས་

སུ་ནི། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བྱང་ཆུབ་ཤིང་དྲུང་བཞུགས་ནས་ནི། །དེས་ནི་བདུད་རྣམས་འཇོམས་པར་མཛད། །སྟོང་པ་ཤིན་ཏུ་སྟོང་པ་དང་། །གསུམ་པ་སྟོང་པ་ཆེན་པོ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། །ཞེས་འབྱུང་

བས་སོ། །མཚན་མོ་སྣང་བའི་ཆ་སྟེ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་དང་རྟག་ཏུ་བཅས། །མཚན་མིན་མཚམས་མེད་ཉིན་མེད་གང་ཞིག་རང་བཞིན་གྱིས་དག་པ། །དེ་ནི་བྱང་ཆུབ་སྐད་ཅིག་བླ་མ་མཆོག་བཤད་

Vol. 33 · folio 88b

རྣལ་འབྱོར་པ་ཉིད་ཡུལ། །ཞེས་འབྱུང་ངོ་། །དེ་ལྟར་ཕྱི་ནང་གི་མངོན་པར་བྱང་ཆུབ་ཀྱི་རིམ་པས་འོད་གསལ་བ་མྱོང་ཞིང་དེ་ལས་བྱུང་བའི་རྡོ་རྗེའི་སྐུ་སྤྲོ་བར་བསྟན་ཏོ། །མཚན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །ཞེས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའོ། །སྟོབས་བཅུ་ནི་གནས་དང་

གནས་མ་ཡིན་པ་ལ་སོགས་པའོ། །མི་འཇིགས་པ་ནི་བཞི་སྟེ་དེ་བཞིན་དུ་ལ་སོགས་པའི་སྒྲས་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་ཡན་ལག་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དེ་དང་ལྡན་པ་ནི་ལྡན་པའོ། །དེའི་ཁྱད་པར་ནི་ཕྱག་རྒྱ་ཆེན་པོ་རྫོགས་པ་སྟེ་

རྡོ་རྗེ་སེམས་དཔའི་སྐུའི་བདག་ཉིད་ཅན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་ཐོབ་པའི་ཕན་ཡོན་བསྟན་ཏོ། །ཁམས་གསུམ་ཞེས་པ་ནི་འཇིག་རྟེན་གསུམ་པའི་སངས་རྒྱས་ཉིད་ཐོབ་པས་ན་མངོན་པར་འདོད་པའི་དོན་གྱིས་འབྲས་བུ་སྟེར་བའོ། །དེ་བཞིན་དུ་རབ་ཏུ་

གྲགས་པའི་མཚན་རྣམས་ནི་ཐུན་མོང་མ་ཡིན་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དེ་དང་ལྡན་པའོ། །དཔག་ཚད་བརྒྱ་ཞེས་བྱ་བ་ལ་སོགས་པས་རང་གི་སྣང་བ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པར་འགྱུར་རོ་ཞེས་བསྟན་པ་དང་། དེ་བཞིན་དུ་ཀུན་རྫོབ་དང་དོན་དམ་

པར་དབྱེར་མེད་པའི་ངོ་བོ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་འགྲོ་བའི་དོན་ཞི་བ་ལ་སོགས་པ་འདི་བྱེད་དོ་ཞེས་བསྟན་ཏོ། །བཤད་མ་ཐག་པ་ཞེས་པ་ལ་སོགས་པས་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་མི་འདའ་བ་ཉིད་དུ་བསྟན་ཏོ། །སྒྲུབ་པ་པོ་ཞེས་བྱ་བ་ལ་སོགས་པའི་གང་ཞིག་རྣལ་

འབྱོར་པ་དབང་པོ་དང་། །ཡུལ་ཉེ་བར་སྤྱོད་པའི་སྒོ་ནས་སོ་སོར་སྡུད་པའི་ཏིང་ངེ་འཛིན་གྱིས་འོད་གསལ་བར་ཉེ་བར་མཚོན་པས་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་པ་ནི་ཟུང་དུ་འཇུག་པའི་བདག་ཉིད་དེ་ཁོ་ན་ཉིད་ཞི་བ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ། གཞན་གྱི་དོན་ཕུན་སུམ་

ཚོགས་པ་གཙོར་གྱུར་པས་ན་དགེ་བ་བླང་བར་བྱ་བས་ན་དེ་ཁོ་ན་ཉིད་མ་འཁྲུལ་པས་ན་མི་སླུ་བ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་གཙོ་བོར་གྱུར་པས་ན་ཕུལ་དུ་བྱུང་བ་ཐོབ་པར་འགྱུར་རོ་ཞེས་སྡུད་པ་པོས་བསྟན་ཏོ། །འདོད་པ་ཞེས་བྱ་བ་ལ་སོགས་པས་བདེན་

Vol. 33 · folio 89a

པ་གཉིས་ཀྱི་དབྱེར་མེད་པར་གྱུར་པའི་མཚན་ཉིད་ཀྱི་རྡོ་རྗེ་འཆང་གིས་གསུངས་སོ་ཞེས་ཉེ་བར་བསྡུས་པ་བསྟན་ཏོ། །དགོངས་པ་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྦྱོར་བས་དེ་ཁོ་ན་ཉིད་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ཕྲན་ཚེགས་ཀྱི་དངོས་གྲུབ་

བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པས་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ལ་ཞུགས་པ་ཉིད་དུ་བསྟན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་གདུག་པ་སྐྲག་པར་བྱེད་པ་གཤིན་རྗེ་གཤེད་ཀྱི་སྔགས་བརྗོད་པ་བསྟན་ཏོ། །ཨོཾ་ཞེས་བྱ་བ་ལ་སོགས་པ་སྔགས་

ཀྱི་དོན་བཤད་པ་ནི་གོ་སླའོ། །གཤིན་རྗེ་གཤེད་ཀྱི་སྔགས་སྤེལ་བ་ནི་སྦྱོར་བ་སྟེ་བསྟན་པར་བྱ་བ་ཞེས་པའི་སྒྲའོ། །དེ་ནས་དོན་འདི་ཡིན་ཏེ་བསྟན་པར་བྱས་ནས་དགྲ་ཐམས་ཅད་གསོད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གཞན་དག་གིས་ནི་ཧཱུྃ་གི སྔགས་སྤེལ་བ་ཞེས་བསྟན་ཏེ། ཧཱུྃ་ཕཊ་

མཐའ་ཡིས་གསོད་པའོ། །ཞེས་བཤད་པའི་ཕྱིར་རོ། །སྡོང་བུ་ཞེས་བྱ་བ་ལ་སོགས་པས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་རྣམ་པ་ལ་དམིགས་ཏེ་ཚེར་མ་ལས་བྱུང་བའི་མེ་དང་ལྡན་པའི་གྲུ་གསུམ་གྱི་མེའི་ཐབ་ཏུ་སྔགས་བརྗོད་པ་སྔོན་དུ་འགྲོ་བ་དུག་དང་ཁྲག་དང་ལན་ཚྭ་དང་

སྐེ་ཚེ་དང་། འབྲུ་མར་དང་འདྲེས་ནས་བུ་མོ་འམ་ཕ་རོལ་གྱི་དཔུང་གང་ཡང་རུང་བ་ལ་དམིགས་ནས་མཚན་ཕྱེད་དམ་ཉིན་ཕྱེད་ཀྱི་དུས་སུ་བསྲེགས་ན། དེ་ཞག་གསུམ་གྱིས་རེངས་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། བུ་མོ་དག་དང་འབྲེལ་པའི་ལོངས་སྤྱོད་

ཀྱི་རྒྱུར་ཞེས་བྱ་བ་སྨོས་ཏེ། བུ་མོའི་ལུས་ལ་ལོངས་སྤྱོད་པའི་ཕྱིར་དང་དེའི་ཕའི་སྦྱོར་བ་ལ་ལོངས་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་སྒྲུབ་པ་པོ་གཞན་ལས་ཞེས་པ་ནི་དེ་མ་གཏོགས་པ་གཞན་ལ་འགྲོ་བར་མི་འགྱུར་རོ། །དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་སྲིད་བྱིས་པ་དང་ལང་ཚོ་དང་རྒན་

པའི་གནས་སྐབས་སུ་ཡང་དེ་མེད་པས་དགའ་བར་མི་འགྱུར་གྱི་དེ་ལ་ཆགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པའོ་ཞེས་བྱ་བ་ལ་སོགས་པས་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་སུམ་ཅུ་རྩ་གཉིས་ཀྱིས་གལ་ཏེ་སྦྱོར་བ་འདི་མི་བརྩི་ན།

Vol. 33 · folio 89b

དེའི་ཚེ་དེ་རྣམས་ཀྱི་ལས་དེ་རྩོམ་པ་དོན་མེད་པ་ཞེས་བསྟན་ཏོ། །སྦྱོར་བ་གཞན་བསྟན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པར་འབྱུང་པོའི་ཞག་ལ་དུར་ཁྲོད་ཀྱི་གོས་ལ་དུར་ཁྲོད་ཀྱི་སོལ་བས་ཁ་སྦྱོར་གྱི་ནང་དུ་བརྒྱ་རྩ་བརྒྱད་བཟླས་པས་གཤིན་རྗེ་མཐར་བྱེད་ཀྱི་གཟུགས་བྲིས་ལ་དེའི་སྙིང་གར་མིང་སྤེལ་ཏེ་

སྔགས་བརྗོད་པ་སྔོན་དུ་འགྲོ་བར་ཆེ་གེ་མོ་ལ་ཨི་དཾ་ད་པ་ཡ་ཧྲི་སྭཱ་ཧཱ་ཞེས་པའི་སྔགས་སྤེལ་བ་བྱས་པ་བརྗོད་ཅིང་བརྒྱ་རྩ་བརྒྱད་བཟླས་པའི་རྣལ་འབྱོར་པ་སྒྲུབ་པ་པོས་ཕ་རོལ་རྣམས་ལ་མངོན་པར་འདོད་པའི་འབྲས་བུ་སྟེར་བར་འགྱུར་རོ་ཞེས་བསྟན་ཏོ། །སྔགས་འདི་ཉིད་ཅེས་

བྱ་བ་ལ་སོགས་པར་དུར་ཁྲོད་ཀྱི་གོས་ལ་སོལ་བས་དགྲ་བོའི་གཟུགས་བརྙན་བྲིས་ལ་དེའི་སྙིང་གར་མིང་སྤེལ་ཞིང་ཉིན་ཕྱེད་དམ་མཚན་ཕྱེད་ཀྱི་དུས་སུ་འབྱུང་པོའི་ཞག་ལ། ཁྲོ་བོའི་རྣམ་པ་དང་ཁྲོ་བོའི་བསམ་པས། མཚོན་ཆ་རྣོ་བའི་བསམ་པས་གསོལ་བས་མགོ་

བོ་ནས་བརྩམས་ཏེ། རྐང་པའི་དཀྱིལ་འཁོར་གྱི་བར་དུ་དབུས་སུ་རེག་བཏབ་ནས། དགྲ་བོ་འགགས་པར་འགྱུར་རོ་ཞེས་བསྟན་ཏོ། །ཐོ་བ་ཞེས་བྱ་བ་ལ་སོགས་པས་དགྲ་བོའི་རྐང་པའི་རྡུལ་དང་གཙང་པོའི་འགྲམ་གཉིས་ཀྱི་སས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ།

སྔར་བཤད་པའི་དུས་སུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་དང་ལྡན་པས་ཁྲོས་ནས་ཡི་གེ་ཕཊ་བཟླས་པས་དེའི་མགོ་བོར་ཐོ་བ་ཕབ་ན་དེའི་ཚེ་མངོན་གསུམ་དུ་དེའི་མགོ་བོར་ཐོ་བ་ཕབ་པ་གང་གིས་སྲོག་དང་བྲལ་བར་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་བསམ་གཏན་གྱིས་ཀྱང་འདི་དག་ཐམས་

ཅད་བྱའོ་ཞེས་པ་ནི་ཏིང་ངེ་འཛིན་གྱིས་ཀྱང་རྣམ་པར་བྱས་ཏེ། གང་གིས་ཕྱི་རོལ་གྱི་ཟས་ལ་ལྟོས་པར་མི་འགྱུར་རོ། །ཧཱུྃ་ཞེས་བྱ་བ་ལ་སོགས་པས་ཐུགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བདག་ཉིད་གནོད་མཛེས་ཀྱི་རྒྱལ་པོར་བསམས་ལ། རང་གི་ལག་པར་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་

ལས་དྲག་པོའི་རྡོ་རྗེ་ཡི་གེ་ཧཱུྃ་གིས་འབར་བའི་ཕྲེང་བ་དང་ལྡན་པ་བསམས་ལ། སྔ་མ་བཞིན་དུ་བསྒྲུབ་བྱའི་གཟུགས་བརྙན་མགོ་བོར་ཕབ་པར་བྱའོ་ཞེས་བྱ་བ་འདིས་ཕྱིའི་རྫས་ལ་ལྟོས་པ་མེད་པ་ཉིད་དུ་བསྟན་ཏོ། །རྡོ་རྗེ་རྒྱུད་ཅེས་བྱ་བ་ལ་སོགས་པ་ནས་གདོན་མི་ཟའོ་ཞེས་པའི་བར་དུ་ནི་དུར་

Vol. 33 · folio 90a

ཁྲོད་ཀྱི་གོས་ལ་སོགས་པ་ལ་ཁམས་ཀྱི་རྫས་ཀྱིས་སྐྱེས་པའམ་བུད་མེད་གང་ཡང་རུང་བའི་གཟུགས་བརྙན་བྲིས་ལ། ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་དགྲ་སྟ་རྣོ་བ་རང་གི་ལག་པ་ན་ཡོད་པར་བསམས་ཏེ། དེས་བསྒྲུབ་བྱའི་སྐེ་བ་ཡི་གེ་ཕཊ་བརྗོད་པས་བཅད་ལ་དེའི་

ཚེ་དགྲ་བོའི་སྐེ་བ་གཅོད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཉིད་དུ་ཤེས་པ་དང་ཞེས་སྨོས་ཏེ་རྒྱལ་པོ་ལ་སོགས་པའོ། །ཁྱད་པར་ཅན་གྱི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་ཞེས་པ་ནི་ཤིན་ཏུ་མཛེས་པའི་ལུས་དང་ལྡན་པའོ། །མཆོག་དང་འབྲིང་དང་ཐ་མ་ཞེས་པ་

ནི་བྲམ་ཟེ་དང་རྒྱལ་རིགས་དང་རྗེ་རིགས་དང་དམངས་རིགས་སོ། །དེ་རྣམས་ལ་མི་རིགས་པས་ཕན་འདོགས་པར་མི་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ཤིན་ཏུ་བག་མེད་པ་ལ་གནས་པ་ནི་དྲག་པོའི་ལས་བྱེད་པའོ། །སྦྱོར་བ་འདིས་ནི་དགྲ་སྟའི་སྦྱོར་བས་ལྔ་པ་ཉིད་དུ་འགྱུར་རོ་ཞེས་གདོན་མི་

ཟའོ། །བདུད་རྩི་ཐབ་སྦྱོར་ཞེས་བྱ་བ་ལ་སོགས་པས་ཤིན་ཏུ་ཆར་འབབ་པའི་དུས་སུ་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་ལ་གནས་པས་གྲོང་ངམ་གྲོང་ཁྱེར་ལ་སོགས་པའི་ནམ་མཁའི་ཕྱོགས་སུ་ཡི་གེ་ཧཱུྃ་ལས་སྐྱེས་པ་ཁ་དོག་སེར་པོ་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་དབུས་སུ་ཡི་གེ་ཧཱུྃ་

ལས་བྱུང་བའི་འབར་བའི་རྡོ་རྗེ་བསམས་ལ། དེ་ལས་བྱུང་བའི་འབར་བའི་ཚོགས་ཀྱིས་ཆར་སྐམས་པར་འགྱུར་བར་བསྒོམས་ན་ཆར་རེངས་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཆེན་པོ་བྲི་བའི་དུས་

སུ་རླུང་དང་ཆར་དང་ཐོག་ལ་སོགས་པ་ནམ་མཁའ་ལས་འབྱུང་བ་དང་། དཀྱིལ་འཁོར་གྱི་འོག་ནས་ཀྱང་ཆུ་དང་སྦྲུལ་ལ་སོགས་པ་འབྱུང་བ་དང་། སོགས་པའི་སྒྲས་ས་འགུལ་བ་དང་ཤ་ཟ་ལ་སོགས་པ་འབྱུང་བས་སོ་ཞེས་གཟུང་ངོ་། །གཞན་གྱིས་རབ་ཏུ་སྦྱར་བ་ཞེས་པ་ནི་

ཚོགས་ཀྱི་བདག་པོ་ལ་སོགས་པ་མུ་སྟེགས་པས་སྐྱོན་བྱས་པའོ། །གང་གི་ཚེ་འབྱུང་བར་འགྱུར་ན་དེའི་ཚེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ཕྱག་དྲུག་པ་སྤྱན་གསུམ་པ་གཡོན་བརྐྱང་པ་ལ་གནས་པ་འཕགས་པ་རྟ་མགྲིན་དུ་

Vol. 33 · folio 90b

བདག་ཉིད་བསམས་ལ། དེའི་ཕྱག་མཚན་ལས་བྱུང་བའི་འབར་བའི་ཚོགས་ཀྱིས་ཕྱོགས་བཅུ་ལ་གནས་པའི་བགེགས་ཀྱི་ཚོགས་བསྲེག་ཅིང་ཐལ་བར་གྱུར་པར་བསམ་པར་བྱེད་ན་དེའི་ཚེ་རླུང་ལ་སོགས་པ་ཞི་བར་འགྱུར་རོ་ཞེས་བསྟན་ཏོ། །གལ་ཏེ་རང་བཞིན་དེ་ལྟར་མི་ཕྱེད་ན་ཞེས་བྱ་བ་

ལ་སོགས་པས་དེ་མ་བསྒོམས་པས་དཀྱིལ་འཁོར་བྲི་བའི་བདག་ཉིད་ཅན་གྱི་རྣལ་འབྱོར་མའི་བྱ་བ་འགྲུབ་པར་མི་འགྱུར་རོ། །འདིར་ཡང་དྲག་པོའི་ལས་ལ་རང་གི་སྡེ་པ་དང་གཞན་གྱི་སྡེ་པའི་བགེགས་གསོད་པར་བྱེད་པའི་ཡི་གེ་ཕཊ་ཀྱིས་ས་བོན་གསོད་པ་ནི་དགྲ་བོ་འཚེ་བའི་

དུས་སུ་སྦྱོར་བར་བྱའོ་ཞེས་བསྟན་ཏོ། །ད་ནི་ཞེས་པ་ལ་སོགས་པས་སྤྲོས་པ་དང་བཅས་པའི་རྣལ་འབྱོར་པས་ལྷའི་ཁང་པ་སུམ་བརྩེགས་ལ་གནས་ཏེ། བདག་ལ་བྱིན་གྱིས་བརླབས་པ་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བ་ཡེ་ཤེས་ཀྱི་སྐུ་དམིགས་ཏེ། ཕྱོགས་

བཞི་ལ་གཟུགས་བཟང་བ་ཤིན་ཏུ་ལེགས་པར་བརྒྱན་པའི་དམ་ཚིག་གི་ཕྱག་རྒྱ་བཞི་བཞག་ནས་དེ་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་ཉེ་བར་སྤྱོད་པ་དང་སྙོམས་པར་ཞུགས་པ་དང་། སོ་སོར་སྡུད་པ་དང་བསམ་གཏན་གྱི་རིམ་པས་བདེ་བ་ཆེན་པོ་མྱོང་བར་འགྱུར་རོ་

ཞེས་བསྟན་ཏོ། །ཡེ་ཤེས་ཀྱི་རིམ་པས་བསྐྱེད་པ་ཞེས་པ་ནི་བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་སྤྲོས་པའོ། །དེའི་སྦྱོར་བ་ནི་ཞེས་པ་ནི་མདོར་བསྟེན་པའོ། །སྐད་ཅིག་གིས་དམིགས་པ་ཞེས་པ་ནི་རྒྱས་པར་བཤད་པའོ། །དེས་ན་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་

རིམ་པ་བཀག་གོ། །གདན་རྣམ་པ་བཞིའི་དབུས་སུ་ཞེས་པ་ནི་ལྷ་མོ་བཞིའི་གདན་གྱི་དབུས་སུའོ། །རྡོ་རྗེ་འཆང་ཆེན་པོའི་སྐུ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་ཡང་སྐུ་བསྒོམ་པར་བྱའོ། །ལྷའི་དེ་ཁོ་ན་ཉིད་ཤེས་པས་སོ་ཞེས་པ་ནི་

བདག་ཉིད་དང་ལྷན་ཅིག་ལྷ་མོ་བཞི་ཡེ་ཤེས་ལྔའི་ངོ་བོ་ཤེས་པའོ། །སྤྱན་མ་ལ་སོགས་པའི་གནས་རྣམས་སུ་ཞེས་པ་ནི་ཤར་ཕྱོགས་ལ་སོགས་པ་ལའོ། །རྣམ་པར་དག་པའི་རིམ་པ་དེས་ཕྱིའི་མངོན་པར་ཞེན་པ་སྤོང་བ་དང་། སོ་སོའི་སྐྱེ་བོ་བཞིན་དུ་སྤྱོད་པའང་བཀག་པར་བྱས་པ་

Vol. 33 · folio 91a

ཡིན་ནོ། །སྔགས་དང་ཕྱག་རྒྱ་ལེགས་པར་སློབ་པ་ཞེས་པ་ནི་སྔགས་གཙོ་བོར་གྱུར་པའི་ཕྱག་རྒྱ་ནི་སྔགས་ཀྱི་ཕྱག་རྒྱ་སྟེ་སྔགས་ཀྱི་ཐེག་པ་ཆེན་པོའོ། །དེ་ལ་ལེགས་པར་བསླབ་པ་ནི་ཐོས་པ་ལ་སོགས་པའི་རིམ་གྱིས་མཐར་ཕྱིན་པ་དང་ཕ་རོལ་ལ་ཉེ་བར་སྟོན་པའོ། །

སྤྱན་མ་ལ་སོགས་པའི་དངོས་པོ་ཡོངས་སུ་བརྟགས་པ་ཞེས་པ་ནི་རིགས་ཀྱི་ཡུམ་བཞི་པོའི་གཟུགས་སུ་བསྒོམ་པའོ། །བུད་མེད་བཞི་ནི་བཞི་ཁོ་ནའོ། །ཉིན་མཚན་ནི་རྟག་ཏུའོ། །རྒྱན་རྣམས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པས་ལྷན་ཅིག་སྐྱེས་པ་དང་། ཆ་ལུགས་ཀྱི་ཡོན་ཏན་

རྣམས་ཀྱིས་བརྒྱན་པ་ཉིད་དུ་བསྟན་ཏོ། །རང་གི་སྙིང་གའི་པདྨ་ཞེས་པ་ནི་རང་གི་སེམས་སོ། །ཁའི་པདྨ་ནི་ཞལ་གྱི་པདྨའོ། །རྒྱས་པ་ནི་དེ་ལྟ་བས་དགའ་བ་བསྐྱེད་པར་བྱས་ལ་དེའི་འོག་ཏུ་འཁོར་ལོ་ལྔའི་བདག་ཉིད་གང་ཡིན་པ་དེ་ཉིད་སེམས་ཙམ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་

བསམ་པར་བྱའོ། །འོད་ཟེར་ལྔ་ནི་ཞེས་བྱ་བ་ལ་སོགས་པས་དབང་པོ་དང་ཡུལ་ཉེ་བར་སྤྱོད་པའི་མཚན་ཉིད་ཀྱི་སོ་སོར་སྡུད་པའི་རིམ་པས་བདེ་བ་ཆེན་པོ་དེ་དང་ལྷན་ཅིག་ཏུ་མྱང་བར་བྱའོ་ཞེས་བསྟན་ཏེ། །དེ་ལྟར་སྤྱོད་པ་ཞེས་བྱ་བ་ལ་སོགས་པས་རྣམ་པར་སྣང་མཛད་ལ་སོགས་པར་

དེ་བཞིན་གཤེགས་པ་ལྔ་དང་མཚུངས་པར་འགྱུར་རོ་ཞེས་བསྟན་ཏོ། །ཕྱག་རྒྱ་གཅིག་དང་ཡང་ལྷན་ཅིག་སྤྱོད་པ་ཞེས་པ་ནི་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པའི་འོ། །དགོངས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པས་བྲམ་ཟེ་ལ་སོགས་པ་གང་

ཡང་རུང་བའི་ཕྱག་རྒྱ་བླངས་ཏེ། བདག་ཉིད་དང་དེས་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པའི་རྣམ་པ་བསྐྱེད་ལ་ཡུལ་ནས་ཡུལ་དུ་འགྲོ་བར་ཇི་ལྟར་རྙེད་པའི་ཁ་ཟས་ཅན་ནགས་ཚལ་ལ་སོགས་པ་སྐྱེ་བོས་དབེན་པ་ལ་སྙོམས་པར་ཞུགས་པའི་སྒོ་ནས་ཡེ་ཤེས་གསུམ་རྣམ་པར་

དག་པའི་ངོ་བོ་འོད་གསལ་བ་ལ་སློབ་པར་བྱེད་དེ་དེའི་ཚེ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །ཐ་མལ་པའི་བདག་ཉིད་རང་བཞིན་ཡོངས་སུ་སྤངས་ནས་ཞེས་པ་ནི་ཡེ་ཤེས་ཀྱི་རིམ་པས་བསྒྲུབ་པའི་སྔགས་ཀྱི་སྐུའོ། །དེའི་འོག་ཏུ་ནི་རྒྱུ་དེ་ལས་སོ། །བདག་པོ་ནི་

Vol. 33 · folio 91b

ཁམས་གསུམ་གྱི་བདག་པོའོ། །ཕྱག་རྒྱ་དང་བཅས་པར་དངོས་གྲུབ་ཐོབ་པས་ན་ཞེས་པ་ནི་དེ་ཡང་དེ་བཞིན་དུ་གྲུབ་པར་འགྱུར་རོ། །ནམ་མཁའ་མཛོད་ཀྱི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པས་སེམས་ཅན་གྱི་དོན་མཛད་པ་བསྟན་ཏོ། །དེ་ནི་སྤྲོས་པ་མེད་

པའི་སྤྱོད་པའོ། །ད་ནི་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པའི་ཇི་སྙེད་པའི་ཟས་ལེགས་པར་སྦྱངས་ནས་སྤྱོད་པས་གནས་པ་བསྟན་པར་བྱ་སྟེ། ཐུན་མོང་དུ་གྱུར་པ་ནི་རབ་ཏུ་གྲགས་པའོ། །བ་ལང་གི་ལྕི་བ་ལ་སོགས་པ་ཞེས་པ་ནི་དེ་ཁོ་ན་ཉིད་ཐོབ་པ་ལ་ཞིམ་དང་མི་ཞིམ་གྱི་རྣམ་

པར་རྟོག་པ་མེད་པའི་ཕྱིར་རོ། །ཤ་ནི་ཇི་རྙེད་པ་དང་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པ་རྙེད་པ་སྨོད་པའམ་མ་སྨད་པའོ། །གཞན་དག་གང་ཅིའང་རུང་བ་ཞེས་པ་ནི་བཏུང་བ་ལ་སོགས་པའོ། །བཟའ་བ་དང་བཏུང་བ་ལ་སོགས་པ་དེ་དག་སྦྱངས་པ་ལ་སོགས་པའི་རིམ་གྱིས་སྦྱངས་ལ་

སྙིང་ག་དང་ལག་པ་དང་ལྐོག་མ་སྦྱངས་ནས་ཇི་ལྟར་སོ་སོའི་སྐྱེ་བོས་མ་མཐོང་བ་དེ་སྲིད་བཟའ་བར་བྱའོ་ཞེས་བསྟན་ཏོ། །འོག་ནས་བཤད་པ་ལ་ལྟོས་པ་ཡིན་ནོ་ཞེས་པ་ནི་རི་ལུ་ལ་སོགས་པའི་གྲུབ་པ་རྣམས་ཀྱང་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་སོ་ཞེས་སྦྱར་རོ། །བཤད་པ་

ཞེས་བྱ་བ་ལ་སོགས་པས། །ཉིན་ཞག་དེ་ལ་སྐྱེས་པའི་བུ་ཆུང་གི་ཚན་བུ་ས་ལ་མ་ལྷུང་བ་ཁམ་ཕོར་ཁ་སྦྱར་ལ་བཞག་ཅིང་གཤིན་རྗེ་གཤེད་ཀྱི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླ་ཞིང་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་ལྕགས་གསུམ་གྱིས་བསྐོར་བའི་རི་ལུ་ཁར་

བཅུག་ན་རིག་པ་འཛིན་པ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་ན། མི་རྣམས་ཀྱིས་སྨོས་ཀྱང་ཅི་དགོས་ཏེ་མི་སྣང་བའི་སྦྱོར་བ་བསྟན་པ་དང་། དེ་བཞིན་དུ་ཁྱི་ལ་སོགས་པའི་མངལ་གྱི་རི་ལུ་ཐོད་པ་ཁ་སྦྱར་ལ་བཞག་ཅིང་། སྔ་མ་བཞིན་དུ་མངོན་པར་བཟླས་ལ་ཁར་བཅུག་

སྟེ་འགྲུབ་པ་ལ་སོགས་པས་མཐོང་བར་མི་འགྱུར་རོ་ཞེས་བསྟན་ཏོ། །དེ་ནི་མི་སྣང་བའི་སྦྱོར་བ་ཁོ་ནའོ། །བཤང་བ་དང་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལྔའི་རི་ལུ་ལྕགས་གསུམ་གྱིས་བསྐོར་བ་བྱས་ལ་ཟླ་བ་གཟས་ཟིན་པའི་དུས་སུ་ཕྱག་རྒྱའི་བྷ་གར་བཅུག་ལ་སྙོམས་པར་

Vol. 33 · folio 92a

ཞུགས་པ་སྔོན་དུ་འགྲོ་བར་ཟླ་བ་གཟས་གྲོལ་བར་གྱུར་ན་དེ་ནས་བཏོན་ཏེ་དུ་བ་ལ་སོགས་པའི་རྟགས་ཉེ་བར་མཚོན་ཞིང་ཁར་བཅུག་ན་སངས་རྒྱས་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་རོ་ཞེས་བསྟན་ཏོ། །དེ་ཡང་མི་སྣང་བའི་སྦྱོར་བ་ཁོ་ནའོ། །དེ་བཞིན་དུ་ཞེས་བྱ་བ་

ལ་སོགས་པས་སྔ་མ་བཞིན་དུ་མི་སྣང་བ་ཉིད་བསྟན་ཏེ། འོན་ཀྱང་ཤ་ཆེན་འདིར་གཙོ་བོ་ཡིན་ནོ། །བ་ལང་ཤ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་བཤད་པར་བྱ་སྟེ་མི་སྣང་བ་ཉིད་ཁོ་ན་བསྟན་ཏོ། །སྲོག་ཆགས་ཞེས་བྱ་བ་ནས་གསུངས་སོ་ཞེས་པའི་བར་དུ་ནི་བཤང་བ་ལས་འབྱུང་བའི་

སྲོག་ཆགས་ཀྱི་རི་ལུ་དང་ག་པུར་ཙནྡན་གྱི་རི་ལུ་དང་། གི་ཝང་ཨ་ག་རུ་ནག་པོའི་རི་ལུ་དང་བདུད་རྩི་ལྔའི་རི་ལུ་དང་ག་པུར་དང་གུར་གུམ་གྱིས་སྦྱར་བའི་བདུད་རྩི་ལྔའི་རི་ལུ་སྟེ་རིགས་ལྔའི་དབྱེ་བས་སྦྱངས་ལ་ལྕགས་གསུམ་གྱིས་བསྐོར་བ་བྱས་ཏེ་ཁར་བཅུག་ལ། དེའི་ཚེ་སྟོབས་མི་

ཉམས་པ་དང་ལྷ་ལ་སོགས་པ་རྣམས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནི་མི་སྣང་བའི་སྦྱར་བ་ཁོ་ནའོ། །དེ་ནི་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་པའི་དངོས་གྲུབ་ཀྱི་སྒོ་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །

དཀྱིལ་འཁོར་པའི་ཞེས་བྱ་བ་ལ་སོགས་པས་སྔར་བཤད་པའི་ཞི་བ་ལ་སོགས་པ་བསྒྲུབ་པའི་དོན་དུ་ཞི་བའམ་དྲག་པོའི་ངོ་བོའི་སྐུ་བསྒོམ་པའི་རྣལ་འབྱོར་པས་ཞི་བ་ལ་སོགས་པ་སྒྲུབ་པར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོན་ཀྱང་དེའི་ཕྱག་རྒྱ་ཆེན་པོས་ཞི་བའི་ངོ་བོ་རྡོ་རྗེ་འཆང་

ཆེན་པོའི་སྐུའི་དབང་ཕྱུག་ལ་སོགས་པ་དང་། སྟོབས་ཆེན་པོ་ལ་སོགས་པ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །གཞན་ཡང་སྐད་ཅིག་མ་གཅིག་གིས་ཞེས་བྱ་བ་ལ་སོགས་པས་མཁའ་སྤྱོད་དང་ས་སྤྱོད་དང་ཕྱོགས་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །

ཕྱག་རྒྱའི་ཚོགས་དཔག་ཏུ་མེད་པ་ཞེས་པ་ནི་ལྷའི་བཞོན་པ་ལ་གནས་པ་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་སྤྱན་མ་ལ་སོགས་པ་དེ་དང་ལྷན་ཅིག་སྤྱོད་པས་ན་དཔལ་ལྡན་ནོ། །སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དུ་བསྟན་ཏོ། །

Vol. 33 · folio 92b

ཇི་ལྟར་དགའ་བར་འགྲོ་བའི་ཕྱིར། །ཞེས་པ་ནི་ཐོགས་པ་མེད་པའི་འགྲོ་བ་དང་ལྡན་པས་སོ། །རྒྱལ་ཆེན་རིས་བཞི་ཞེས་བྱ་བ་ལ་སོགས་པས་ལྷའི་རིགས་དྲུག་དང་ལྡན་པའི་འདོད་པའི་ཁམས་ལ་བདེ་བ་ལ་སོགས་པ་ལྷའི་བཙུན་མོ་ཇི་སྲིད་དང་དེ་བཞིན་དུ་རམ་པ་ཏིལ་མཆོག་ལ་

སོགས་དང་ལྷའི་སྨད་འཚོང་མ་དང་ལྷའི་ལོངས་སྤྱོད་དང་མཚུངས་པ་གླིང་བཞིའི་བདག་པོ་འཁོར་ལོས་སྒྱུར་བ་རྣམས་ཀྱི་བུ་མོ་དང་། དེ་བཞིན་དུ་དབྱིག་དམིགས་དང་རྣམ་པར་འཇིག་པ་ལ་སོགས་པ་ལྷ་མ་ཡིན་གྱི་བུ་མོ་དང་། འཇོག་པོ་དང་དུང་སྐྱོང་དང་རིགས་ལྡན་དང་པདྨ་

དང་པདྨ་ཆེན་པོ་ལ་སོགས་པའི་ཀླུ་རྣམས་ཀྱི་བུ་མོ་སྟོབས་ཀྱིས་མནན་ནས་ཉེ་བར་སྤྱོད་པར་འགྱུར་རོ་ཞེས་བསྟན་ཏོ། །གཟུགས་ཀྱི་ཁམས་པ་སྒོམ་ཆེན་འདོད་ཆགས་དང་བྲལ་བར་གནས་པ་གལ་ཏེ་དེ་ལ་བུད་མེད་ཡོད་ན་ཞེས་བྱ་བ་འདི། སྲིད་ན་ཞེས་ཕུལ་དུ་བྱུང་བའི་ཚིག་ཏུ་

བསྟན་ཏོ། །ཐ་མལ་པའི་ལུས་ཞེས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་ནོ། །དེ་ཏིང་ངེ་འཛིན་ཁྱད་པར་ཅན་གང་གིས་མི་སྣང་བར་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེ་ལྟ་བུའི་གང་ཟག་བྱང་ཆུབ་སེམས་དཔའ་སྔར་བཤད་པའི་

ཏིང་ངེ་འཛིན་གྱི་ཁྱད་པར་ཐོས་པ་དང་བསམ་པ་དང་། བསྒོམ་པས་འཁྲུལ་པ་ལས་བྱུང་བའི་ཐེ་ཚོམ་དང་བྲལ་བར་འགྱུར་བ་ནང་ན་མྱོང་བའི་མན་ངག་གི་ཚིག་བཅོམ་ལྡན་འདས་ལ་བསྟོད་པའི་སྒོ་ནས་བསྟན་ཏོ། །སྔགས་གཅིག་པུ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྔགས་

གཅིག་པུ་ལས་ཀྱི་རབ་འབྱམ་བསྒྲུབ་པ་ནི་ཕུར་བུས་གདབ་པ་དང་། གནས་སྤོང་བ་དང་རེངས་པ་དང་མངོན་སྤྱོད་ལ་སོགས་པ་བསྒྲུབ་པའོ། །དེ་བཞིན་དུ་བུད་མེད་དང་ལྷན་ཅིག་ཏུ་རོལ་པས་ཀྱང་ཞེས་པ་ནི་སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དག་གིས་སྤྱོད་པའི་གསང་བ་

ལྔའི་དཀྱིལ་འཁོར་ཆེན་པོའི་རིམ་པས་ཕྱག་རྒྱ་བཞི་དང་ལྷན་ཅིག་སྤྱོད་པའམ་ཕྱག་རྒྱ་གཅིག་དང་སྤྱོད་པས་འདོད་ཆགས་རོལ་པ་ལ་སོགས་པའི་རྒྱ་ཆེ་བས་འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་གང་ཡིན་པའོ། །དེ་བཞིན་དུ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ནི་དམ་

Vol. 33 · folio 93a

ཚིག་དང་ལྕགས་ཀྱུ་རྣམས་སོ། །དེས་བྱས་པའི་རི་ལུ་རྣམས་ཀྱིས་དངོས་གྲུབ་ཀྱི་ཕུན་སུམ་ཚོགས་པ་སྟེ་མཁའ་ལ་སྤྱོད་པ་དང་མི་སྣང་བའི་མཚན་ཉིད་ཅན་ནོ། །ཆོས་སྟོང་པ་ཉིད་ལ་སོགས་པའི་རང་བཞིན་གྱིས་དག་པ་སྟེ། ཁ་ན་མ་ཐོ་བ་མེད་པའི་ཕྱིར་རོ། །དེ་

བཞིན་དུ་གང་ཡང་རུང་བའི་ཕྱག་རྒྱ་ཆེན་པོ་ཞེས་པ་ནི་ལྷ་སུམ་ཅུ་རྩ་གཉིས་ཀྱི་ནང་ན་གང་ཡང་རུང་བའི་དམིགས་པ་ལ་བརྟེན་ནས་རྡོ་རྗེ་འཆང་ཉིད་དུ་འགྱུར་བ་དང་དེ་ལ་ཡང་མ་ཆགས་པ་ཞེས་བྱ་བ་གང་གསུངས་པ་དེ་དག་ཐམས་ཅད་ནི་ངོ་མཚར་བ་སྟེ་རྨད་དུ་གྱུར་པ་བཅོམ་ལྡན་འདས་

ཀྱིས་བསྟན་ཏོ། །སྔར་མ་ཐོས་མ་བཤད་པ་ཞེས་བྱ་བའི་ཐ་ཚིག་གོ། །དགོངས་པས་བཤད་པའོ་ཞེས་པ་ནི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པས་སོ། །ད་ནི་ཞེས་བྱ་བ་ལ་སོགས་པས་ཕྱིར་མི་ལྡོག་པའི་དབང་བསྐུར་ཐོབ་ནས་རྒྱས་བཏབ་པ་བསྟན་པར་བྱ་སྟེ། གདུག་པ་ཐམས་ཅད་

འདུལ་བས་ན་ཞེས་པ་ནི་མཚམས་མེད་པ་ལྔ་ལ་སོགས་པ་བྱེད་པ་འདུལ་བར་མཛད་པས་སོ། །རྣམ་པར་སྣང་མཛད་ལ་སོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ལྔའོ། །འབྱིན་པས་ནི་སྐྱེད་པར་བྱེད་པ་སྟེ་རྡོ་རྗེ་འཆང་ཆེན་པོའི་རིགས་ལས་རྣམ་པར་སྣང་

མཛད་ལ་སོགས་པ་དེ་རྣམས་མེ་སྟག་ལྟ་བུར་འབྱུང་བས་སོ། །འཇིག་རྟེན་པ་ནི་ཞི་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་འཇིག་རྟེན་ལས་འདས་པ་མཁའ་སྤྱོད་ལ་སོགས་པའོ། །སྐྱེས་པར་མཛད་པ་ན་ཞེས་པ་ནི་དེ་སྤྲུལ་པར་མཛད་པས་སོ། །གཞན་ཡང་ནི་དེ་

བཞིན་ཡང་ངོ་། །དྲུག་པའི་ངོ་བོ་ཉིད་དུ་གྱུར་པས་ཞེས་པ་ནི་ལྔ་པོ་བསྡུ་བར་མཛད་པས་སོ། །དེ་ལྟར་སྤྲོ་བ་དང་བསྡུ་བའི་བདག་ཉིད་ཅན་གྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ཆེ་བ་བསྟན་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་མི་བསྐྱོད་པ་ལ་སོགས་

པ་གསུམ་པོའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བསྟན་ཏོ། །སེམས་དཔའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་མི་བསྐྱོད་པའི་རིགས་ཅན་མཱ་མ་ཀཱི་དང་ལག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་རྣམས་ལ་མི་བསྐྱོད་པས་

Vol. 33 · folio 93b

རྒྱས་གདབ་པར་བྱའོ་ཞེས་བསྟན་ཏོ། །རྣམ་པར་སྣང་མཛད་དོ་ཞེས་བྱ་བ་ནས་ཉེ་བར་བསལ་བར་བྱའོ་ཞེས་པའི་བར་དུ་ནི་རྣམ་པར་སྣང་མཛད་ཀྱི་རིགས་ཅན་སྤྱན་མ་དང་སའི་སྙིང་པོ་དང་བྱམས་པ་དང་། གཟུགས་རྡོ་རྗེ་མ་དང་གཤིན་རྗེ་མཐར་བྱེད་རྣམས་ལ་རྣམ་པར་སྣང་མཛད་

ཀྱིས་རྒྱས་གདབ་པར་བྱའོ་ཞེས་བསྟན་ཏོ། །མཱ་མ་ཀཱི་ཞེས་བྱ་བ་ནས་དཀོན་མཆོག་དཔལ་གྱི་དབང་བསྐུར་བྱའོ་ཞེས་བྱ་བའི་བར་དུ་ནི་མཱ་མ་ཀཱི་ལ་སོགས་པ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པར་བྱའོ་ཞེས་བསྟན་ཏོ། །མཱ་མ་ཀཱི་ལ་སོགས་པ་གཉིས་ཀའི་རིགས་དང་ལྡན་

པའི་ཕྱིར་རོ། །རིགས་པའི་རྒྱལ་མོ་ནི་གོས་དཀར་མོ་སྟེ་ཞེས་པ་ནི་ངག་གི་སྤྲོས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །འབྲེལ་པས་འབྲེལ་པ་གང་ཡིན་པ་ཞེས་པ་ནི་རེ་ཞིག་འོད་དཔག་ཏུ་མེད་པ་དང་གོས་དཀར་མོ་འབྲེལ་ཏོ། །དེའི་འབྲེལ་པས་ཀྱང་པདྨའི་རིགས་ཅན་རྣམས་ལ་དེ་

སྐད་ཅེས་བྱའོ། །དེའི་ཕྱིར་པདྨའི་རིགས་ཞེས་པ་ནི་གོས་དཀར་མོ་དང་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་འཇམ་དཔལ་དང་དྲི་རྡོ་རྗེ་དང་པདྨ་མཐར་བྱེད་རྣམས་ལ་འོད་དཔག་ཏུ་མེད་པས་རྒྱས་གདབ་པར་བྱའོ་ཞེས་བསྟན་ཏོ། །ལས་ཀྱི་རིགས་རྣམས་ཞེས་བྱ་བ་ལ་སོགས་པས་དོན་

ཡོད་གྲུབ་པའི་རིགས་ཅན་སྒྲོལ་མ་དང་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་དང་རོ་རྡོ་རྗེ་མ་དང་བདུད་རྩི་འཁྱིལ་པ་རྣམས་ལ་དོན་ཡོད་གྲུབ་པས་རྒྱས་གདབ་པར་བསྟན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པ་ལ་ཞེས་པ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་

དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པ་རྣམས་ཀྱི་མི་བསྐྱོད་པ་སྟེ་རིགས་ཀྱི་བདག་པོས་རྒྱས་གདབ་པ་ཞེས་བསྟན་ཏོ། །མི་བསྐྱོད་པ་ལ་རྡོ་རྗེ་འཆང་གིས་རྒྱས་གདབ་པ་དང་རྡོ་རྗེ་སེམས་དཔའ་ལ་མི་བསྐྱོད་པས་རྒྱས་གདབ་པར་བྱའོ་ཞེས་མན་ངག་གོ། །རྡོ་རྗེ་རོ་ལངས་མ་ལ་སོགས་པ་

ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རོ་ལངས་མ་དང་གཞན་གྱིས་མི་ཐུབ་མ་དང་ཁྲོ་གཉེར་མ་དང་སྣ་ཚོགས་རྡོ་རྗེ་མ་དང་རིན་ཆེན་སྣ་ཚོགས་མ་དང་སྣ་ཚོགས་པདྨ་དང་ལས་སྣ་ཚོགས་མ་དང་། ས་འཛིན་མ་དང་ནམ་མཁའ་སྒྱུར་མ་སྟེ་ཁྲོ་བོའི་རྒྱལ་པོའི་བཙུན་མོ་རྣམས་ལ་གཤིན་རྗེ་མཐར་

Vol. 33 · folio 94a

བྱེད་ཀྱིས་རྒྱས་གདབ་པར་བྱའོ་ཞེས་བསྟན་ཏོ། །གལ་ཏེ་དེ་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོ་དང་རྗེས་སུ་མཐུན་པ་རྣམ་པར་སྣང་མཛད་ལ་སོགས་པས་རྒྱས་གདབ་པ་ཐོབ་པར་འགྱུར་ན་དེ་བཞིན་དུ་ཡང་གཤིན་རྗེ་མཐར་བྱེད་ཀྱིས་རྒྱས་གདབ་པ་ལ་ནུས་པ་ཡོད་དོ་

ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པས་སྤྱི་བོར་བཞུགས་པ་དེ་བཞིན་གཤེགས་པ་རྣམས་གང་ཡིན་པ་དེ་རྣམས་རང་རང་གི་ཕྱག་རྒྱ་དང་བཅས་པར་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྫས་ཀྱིས་རྒྱུན་གྱི་རྟེན་དུ་

གྱུར་པ་རྒྱས་གདབ་པར་བྱ་བ་དབང་བསྐུར་བར་བྱ་བ་བསམ་པར་བྱའོ་ཞེས་བསྟན་ཏོ། །རྒྱས་གདབ་པ་ཞེས་བྱ་བ་ལ་སོགས་པས་རྒྱས་གདབ་པའི་སྒོ་ནས་རང་གི་ཕྱག་རྒྱ་ཆེན་པོ་མཉེས་པར་འགྱུར་རོ་ཞེས་བསྟན་ཏོ། །ཇི་སྐད་དུ། རྒྱས་བཏབ་པས་ན་ལྷར་གྲུབ་དང་། །རིགས་

ལའང་བྱིན་གྱིས་རློབ་པ་སྟེ། །རིགས་འཆོལ་བ་ཡི་སྦྱོར་བ་ཡིས། །དངོས་གྲུབ་མེད་ཅིང་བསྒྲུབ་པའང་མེད། །ཅེས་འབྱུང་ངོ་། །སློབ་པ་རྣམས་ལ་ཕན་པ་སྟེ། །ཞེས་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་རང་གི་ལྷ་རྗེས་སུ་དྲན་པར་བྱེད་པའོ། །ཕྱག་རྒྱ་ཆེན་པོ་

སྟེ་ཞེས་པ་ནི་རང་རང་གི་ཕྱག་རྒྱ་ཆེན་པོའི་སྐུའོ། །དེ་སྐྱེད་པར་བྱེད་པ་ཞེས་པ་ནི་རྫོགས་པར་བྱེད་པ་སྟེ་དེས་ནི་ལྷ་གྲུབ་པའི་བདག་ཉིད་ཀྱིས་རྒྱས་གདབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་སྣོད་ལ་གདབ་པའི་ཆོ་ག་བསྟན་

པར་བྱ་སྟེ། བགེགས་ཐམས་ཅད་ཅེས་པ་ནི་བརྒྱ་བྱིན་ལ་སོགས་པའོ། །དེ་རྣམས་ཉེ་བར་ཞི་བར་མཛད་པས་ཞེས་པ་ནི་ལྡོག་པར་མཛད་པས་ན་སྟོན་པ་ཞེས་བྱའོ། །གཟུགས་ལ་སོགས་པ་ཕུང་པོ་ལྔ་སྦྱོར་བར་བྱེད་པས་ན་ཆོས་ཀུན་གྱི་དབང་ཕྱུག་གོ། །ཁམས་གསུམ་གྱིས་ཕྱག་

བཙལ་བར་བྱ་སྟེ་ཉན་ཐོས་ལ་སོགས་པ་གང་ཡིན་པ་དེ་རྣམས་རྗེས་སུ་སྟོན་པར་མཛད་པ་གཙོ་བོ་ཡིན་པས་ན་བདག་པོའོ། །རྡོ་རྗེ་གསུམ་ཞེས་པ་ནི་སྐུ་རྡོ་རྗེ་འཆང་ལ་སོགས་པའོ། །དེ་རྣམས་སྤྲོ་བ་དང་བསྡུ་བར་མཛད་པས་ན་རྡོ་རྗེ་གསུམ་གྱི་མི་ཕྱེད་པའི་ངོ་བོའི་བདག་ཉིད་ཅན་ནོ། །

Vol. 33 · folio 94b

འདས་པ་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཆོ་ག་ཞེས་པ་ནི་སྣོད་ལ་བབ་པ་འདས་པ་ལ་སོགས་པ་ཡོངས་སུ་མཁྱེན་པའི་རྒྱུ་ཡིན་པས་སོ། །བཀའ་སྩལ་པའོ་ཞེས་པ་ནི་སྡུད་པ་པོའི་ཚིག་གོ། །རི་བོ་དང་འདྲ་བས་ན་རི་སྟེ་ཞེས་པ་ནི་ཤིན་ཏུ་མཐོ་བ་ནམ་མཁར་སླེབ་པ་ཁང་པ་བརྩེགས་

མ་ཆེན་པོ་ནི་ཁང་པ་བཟང་པོ་སུམ་བརྩེགས་ལ་སོགས་པའོ། །སྟེང་གིས་ཕྱོགས་ཞེས་པ་ནི་བྱ་ཚང་གིས་ཉེ་བར་མཚོན་པའི་ཁང་ཐོགས་རྣམས་ལའོ། །གནས་གཞན་དང་ཞེས་པ་ནི་མ་མོའི་ཁང་པ་ལ་སོགས་པ་ལའོ། །དེ་རྣམས་ཀྱི་ཁྱད་པར་ནི་སྐྱེ་བོའི་འདུ་འཛི་དང་བྲལ་

བ་རྣམས་ཏེ་ཞེས་པ་ནི་ཤིན་ཏུ་དབེན་པ་ལའོ། །སྐྱེད་མོས་ཚལ་ལ་སོགས་པ་ཞེས་པ་ནི་རྫིང་བུའི་འགྲམ་དང་ཆུ་འགྲམ་དང་དུར་ཁྲོད་དང་ཁོང་སྟོང་དང་། རྟགས་གཅིག་དང་ཤིང་གཅིག་དང་སུམ་མདོ་དང་བཞི་མདོ་ལ་སོགས་པ་དངོས་གྲུབ་ཀྱི་གནས་རྣམས་ལའོ། །གནས་

གཞན་གང་ཡང་རུང་བ་ཞེས་པ་ནི་ཇི་ལྟར་མངོན་པར་འདོད་པའི་གནས་ལའོ། །ཡིད་དང་རྗེས་སུ་མཐུན་པ་ཞེས་པ་ནི་ཡིད་དུ་འོང་བ་ལའོ། །སྒྲུབ་པ་པོས་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱིས་སོ། །ཕྱག་རྒྱ་ཆེན་པོ་རྣམ་པ་གཉིས། །ཞེས་པ་ནི་རིམ་པ་གཉིས་ཀྱི་སྔགས་ཀྱི་སྐུའི་མཚན་ཉིད་

དང་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་དོ། །དེ་ལ་དམིགས་པར་བྱའོ་ཞེས་པ་ནི་བསྐྱེད་པར་བྱ་བ་དང་སྤྲོ་བར་བྱ་བ་སྟེ། དབང་པོ་དམན་པ་དང་རྣོ་བའི་དབྱེ་བས་དམིགས་པར་བྱའོ། །དེའི་འོག་ཏུ་རྣམ་པ་གཉིས་ཀྱི་རྣལ་འབྱོར་པས་ངག་གི་བཟླས་པ་དང་། རྡོ་རྗེ་བཟླས་པ་གཉིས་ཀྱི་དབྱེ་བས་

བཟླས་པར་བྱའོ། །ཅིའི་ཕྱིར་བྱ་ཞེ་ན། སྨྲས་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་རང་རང་གི་ཕྱག་རྒྱ་ཆེན་པོ་དམིགས་པ་དང་། རང་རང་གི་སྔགས་བཟླས་པས་བསྐུལ་བ་ཐུགས་རྡོ་རྗེ་ལ་སོགས་པ་རྣམ་པ་སྣ་ཚོགས་པའི་ལས་སྟེར་བར་འགྱུར་རོ་ཞེས་བསྟན་ཏོ། །དོན་དེ་

ལ་མི་སླུ་བ་ཉིད་རྟོགས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་གསུང་གི་བདེན་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་རབ་ཏུ་འགྲུབ་པར་ཉེ་བར་འགྱུར་རོ་ཞེས་པའི་བར་དུ་རིམ་པ་གཉིས་བསྒོམས་པའི་མི་བསྐྱོད་པའི་རྣལ་འབྱོར་པས་དང་པོ་སྦྱོར་བའི་རིམ་

Vol. 33 · folio 95a

པས་སྣོད་ནི་རྡོ་རྗེ་ཆོས་སུ་བྱས་ལ་རྣལ་འབྱོར་ཆེན་པོའི་རིམ་གྱིས་མགོ་བོ་ལ་སོགས་པ་ལ་ཡི་གེ་གསུམ་དགོད་ཅིང་དེ་རྣམས་ལ་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པའི་ཚོགས་འཇུག་ལ་དེ་ནས་འཆད་པར་འགྱུར་བའི་འབབ་པའི་ཆོ་ག་བྱའོ། །དེ་ལྟར་

གྱུར་ནས་རྣལ་འབྱོར་པ་རབ་ཏུ་ཉེ་བར་འགྱུར་བ་ནི་འཇིག་རྟེན་པ་ལས་གྲགས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །འགུལ་བ་ནི་ས་ལ་ཁྲུ་གཅིག་གམ་ཁྲུ་གཉིས་ལ་སོགས་པ་འཕར་བའོ། །གཡོ་བ་ནི་ཡན་ལག་དང་ཉིང་ལག་ཐམས་ཅད་གཡོ་བའོ། །འཁོར་བ་ནི་

ཕྱོགས་བཅུ་རུ་འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་ལོའོ། །དེ་ལྟར་རྣམ་པ་གསུམ་གྱི་བདག་ཉིད་ནི་བསྒུལ་བ་ཡིན་ནོ། །དེ་རྣམས་ཀྱི་ནང་ན་གང་ཡང་རུང་བ་བསྒུལ་བ་ཞེས་བྱ་སྟེ་དེའི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྣོད་དེ་ཉིད་ལ་རྡོ་རྗེ་འཆང་ལ་སོགས་པ་མི་འཇུག་ན་ཐ་

མལ་པའི་ལུས་པོའི་ང་རྒྱལ་མེད་པས་དྲི་མ་མེད་ཅིང་རླུང་མེད་པ་དབའ་རླབས་མེད་པའི་རྒྱ་མཚོ་དང་འདྲ་བ། ཉེ་བར་ཞི་བ་ལ་འཇུག་པར་གནས་པ་གང་ཡིན་པ་དེ་ནི་རེངས་པའོ། །ཤིང་ལྟར་ནི་ཤིང་ལས་བྱས་པའི་གཟུགས་བརྙན་དང་འདྲ་བའོ། །དེ་བཞིན་དུ་བཅོམ་

ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྣོད་ཀྱི་ལུས་ལ་ཞུགས་ནས་རེངས་པ་དང་རྔུལ་དང་བ་སྤུ་ལྡང་བ་དང་སྐད་འགྱུར་བ་དང་འདར་བ་དང་ཁ་དོག་ལོག་པ་དང་མཆི་མ་འཛགས་པ་དང་ཐིམ་པར་འགྱུར་བ་སྐྱེས་པ་གང་ཡིན་པ་དེ་ནི་ལྷ་ཆེན་པོའོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་

གྱིས་བྲིས་པའི་སྣོད་ཀྱིས་འདས་པ་ལ་སོགས་པ་སྟོན་པ་གང་ཡིན་པ་དེ་ནི་འཕགས་པའི་ལམ་མོ། །དབབ་པ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་སྐུ་གྲུབ་པ་དང་ཡུན་རིང་དུ་དཀའ་ཐུབ་སྤྱོད་པའི་སྒྲུབ་པ་པོས་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སྣོད་ཀྱི་མཚན་

ཉིད་ཅེས་བྱ་བ་ནས་སྨད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ལོ་བཅུ་གཉིས་ལོན་པ་ཁྱེའུ་དང་བུ་མོ་གྲོང་གི་ཆོས་ཀྱིས་མ་མྱོང་བ་མཚན་ཉིད་ཐམས་ཅད་དང་ལྡན་པ་བླངས་ཏེ་སྔར་བཤད་པའི་རྣམ་པ་བཞིའི་འབབ་པ་དང་སྔར་བཤད་པའི་བསྐྱེད་པའི་རིམ་པས་རྡོ་རྗེ་ཆོས་ཀྱི་

Vol. 33 · folio 95b

གཟུགས་སུ་བསྐྱེད་ལ་དབབ་པར་བྱའོ། །གཞན་དུ་ན་མཆོག་ལ་སོགས་པའི་དབྱེ་བས་ཕྱེ་བའི་སེམས་ཅན་གྱི་ཁམས་ཀྱི་རྣལ་འབྱོར་པ་ནི་བཞད་གད་དུ་འགྱུར་ཞེས་བསྟན་ཏོ། །ཐུགས་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའི་ཐུགས་ལས་བྱུང་བའོ། །གསང་བ་ཡིན་པས་ཞེས་པ་

ནི་དབྱེ་བ་ལ་སོགས་པའི་ཚུལ་བརྟེན་པ་ལ་མི་བརྟེན་པའི་ཕྱིར་རོ། །ཡི་གེ་ནི་ཧཱུྃ་ལ་སོགས་པ་ཞེས་པ་ནི་ཧཱུྃ་ཨཱཿཧཱ་ཛྷཻཾ་ཞེས་བྱ་བའོ། །བཞིའོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་རང་བཞིན་དང་ལས་ཐམས་ཅད་པ་ཡིན་པས་སོ། །དབབ་པའི་གཞིར་གྱུར་པས་སོ་ཞེས་པ་

ནི་དབབ་པའི་ཆོ་གའི་རྒྱུ་ཡིན་པས་སོ། །རིམ་པ་འདིས་ཞེས་བྱ་བ་ལ་སོགས་པས་ནམ་མཁའི་ཁམས་དང་འདྲ་བ་སྟོང་པའི་ལུས་དང་རྣམ་པར་མི་རྟོག་པའི་ངོ་བོ་རྡོ་རྗེ་འཆང་གི་སྐུ་ཡང་འབབ་པར་འགྱུར་རོ་ཞེས་འབབ་པའི་ཆོ་ག་ལ་མཐུ་བསྟན་པ་ཡིན་ནོ་ཞེས་པའོ། །དགོས་པ་

བསྟན་པ་ཞེས་བྱ་བ་ནས་འབེབས་པར་བྱེད་པའོ་ཞེས་པའི་བར་དུ་ནི་ཡི་གེ་ཧཱུྃ་ལ་སོགས་པ་གསུམ་ཐུགས་རྡོ་རྗེ་འཆང་ལ་སོགས་པའི་རང་བཞིན་ཡི་གེ་ཛྷཻཾ་ནི་འགུལ་བ་ལ་སོགས་པ་བཞི་པོ་བྱེད་པ་དང་དེ་བཞིན་དུ་སྔགས་འདི་ཉིད་ཀྱིས་ཡང་དག་པར་བསྐུལ་བའི་སྣོད་རྣམས་ནམ་

མཁའ་ལ་འཕུར་བར་འགྱུར་བ་དེ་བཞིན་དུ་ཡི་གེ་ཛྷཻཾ་གིས་འགུལ་བ་ལ་སོགས་པ་བྱེད་པ་དེ་བཞིན་དུ། ཡི་གེ་ཧཱུྃ་ལ་སོགས་པ་བཞི་པོས་ཀྱང་བྱེད་དོ་ཞེས་བསྟན་ཏོ། །འདིར་མདོ་བསྡུས་པ་ཞེས་བྱ་བ་ནས་གོ་ཆ་ལ་སོགས་པས་བསྲུང་བར་བྱའོ་ཞེས་བྱ་བའི་བར་དུ་ནི་སྣོད་ལ་དབབ་པའི་ཆོ་གའི་

བསྒོམ་པའི་གོ་རིམས་བསྟན་ཏོ། །དེ་ཡང་གོ་སླ་སྟེ་འགྲེལ་པ་མཁན་གྱིས་བཤད་པའི་ཕྱིར་རོ། །རང་གི་བྱ་བ་ཞེས་པ་ནི་དཀྱིལ་འཁོར་བྲི་བའོ། །གཞན་གྱི་བྱ་བ་ཞེས་པ་ནི་དེ་བསྟན་པའི་འདས་པ་ལ་སོགས་པ་ཡོངས་སུ་ཤེས་ནས་སེམས་ཅན་གྱི་དོན་གྲུབ་པའོ། །ངེས་པར་བྱས་

ནས་ཞེས་པ་ནི་རྣམ་པར་བཞག་ནས་སོ། །གདུག་པ་འདུལ་བ་ལ་ཞུགས་པའི་ཞེས་པ་ནི་དྲག་པོའི་ལས་ཀྱིས་གདུག་པ་འདུལ་བར་བྱེད་པའི་རྣལ་འབྱོར་པའི་འོ། །སྒྲུབ་པ་བསྟན་པ་ཞེས་པ་ནི་ནན་ཏན་བསྟན་པར་བྱ་བའི་ཕྱིར་རོ། །སྐུ་གསུང་ཐུགས་ནི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་

Vol. 33 · folio 96a

མོ། །དེ་ལ་གནས་ནི་གཞིར་གྱུར་པའོ། །འོད་གསལ་བ་ནི་ཐམས་ཅད་སྟོང་པའོ། །དེ་ཡོངས་སུ་དག་པས་ནི་རྡོ་རྗེ་འཆང་ཆེན་པོའོ། །འདི་སྐད་བཀའ་སྩལ་པ་ནི་དྲག་པོའི་ལས་འཆད་པར་འགྱུར་བ་བཀའ་སྩལ་པའོ། །ཞིང་དང་ཚོང་ཞེས་བྱ་བ་ལ་སོགས་པ་ནས་བར་

དུའོ་ཞེས་པའི་བར་དུ་རྣམ་པ་སྣ་ཚོགས་པའི་ཞིང་དང་ཚོང་ལ་སོགས་པ་ལ་འབྲེལ་པས་ཀྱང་ལྷ་སུམ་ཅུ་རྩ་གཉིས་ཀྱི་ངོ་བོ་མི་བསྐྱོད་པའི་སྐུ་ལ་དམིགས་ནས་བསྒོམས་ན་དེའི་ཚེ་གདུག་པ་རྣམས་གསད་པར་བྱའོ་ཞེས་བསྟན་ཏོ། །དགྲ་བོའི་གཟུགས་བརྙན་ཞེས་བྱ་བ་ནས་སྔགས་བཏོན་ཏོ་

ཞེས་བྱ་བའི་བར་དུ་ནི་མངོན་སྤྱོད་ཀྱི་རྫས་ཀྱིས་དགྲའི་གཟུགས་བརྙན་བྱས་ལ་དུར་ཁྲོད་ཀྱི་གོས་ལ་དེའི་མིང་བྲིས་ནས་དེའི་སྙིང་གར་བཅུག་སྟེ་གཅེར་བུ་སྐྲ་གྲོལ་བ་ཁྲོ་བོའི་སྔགས་བརྗོད་པ་དེའི་གཟུགས་ཅན་ལྷོ་ཕྱོགས་སུ་ཁ་བལྟས་པ་གཡས་བརྐྱང་བ་རྡོ་རྗེ་ལྕགས་ཀྱུས་མཚན་

པའི་རྐང་པ་གཡོན་པས་མནན་ཞིང་ཇི་སྲིད་དགྲ་བོ་འཆི་བ་དེ་སྲིད་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །བསྲེགས་པའི་ཞེས་བྱ་བ་ནས་ངེས་པར་འཆི་བར་འགྱུར་རོ་ཞེས་པའི་བར་དུ་ནི་དུར་ཁྲོད་ཀྱི་ཐལ་བ་དང་འབྲུ་མར་དང་བཅས་པས་དགྲ་བོའི་གཟུགས་བརྙན་བྱས་ལ་ཞེ་སྡང་རྡོ་རྗེ་ཏིང་

ངེ་འཛིན་གྱིས་སྔ་མ་བཞིན་དུ་མནན་ཞིང་གསད་པར་བྱའོ་ཞེས་བསྟན་ཏོ། །རོ་བསྲེགས་པའི་ཐལ་བ་ཞེས་བྱ་བ་ནས་ལས་ཀྱི་ཆེ་བའི་བདག་ཉིད་བསྟན་པར་བྱའོ་ཞེས་པའི་བར་དུ་ནི་དུར་ཁྲོད་དེའི་ཐལ་བས་གྲུ་གསུམ་མེའི་དཀྱིལ་འཁོར་བྲིས་ལ་ཚེར་མ་ཅན་གྱི་མེ་སྤར་ཞིང་ཤ་ལ་

སོགས་པ་ལས་བྱས་པའི་དགྲའི་གཟུགས་བརྙན་གྲི་གུག་གིས་གཅོད་ཅིང་བཅད་ནས་བསྲེགས་ན་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །ཤ་ཆེན་ཞེས་བྱ་བ་ལ་སོགས་པས་ཤ་ཆེན་པོ་ལས་བྱས་པའི་གཟུགས་བརྙན་བསྲེགས་ན་ཐམས་ཅད་ཀྱི་ཕུལ་དུ་བྱུང་བའི་དྲག་པོའི་ལས་ཡིན་

ནོ་ཞེས་བསྟན་ཏོ། །དགྲའི་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བའི་བར་དུ་ནི་སྨེ་ཤ་ཅན་ལ་སོགས་པའི་བཤང་བ་དང་གཅི་བས་དགྲ་བོའི་གཟུགས་བརྙན་བྱས་ལ་སྔ་མ་བཞིན་དུ་གྲུ་གསུམ་གྱི་མེ་ཐབ་ལ་བསྲེགས་པར་བྱས་ན་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །ཆུ་བོ་འབབ་པ་ཞེས་

Vol. 33 · folio 96b

བྱ་བ་ནས་བསྐྱེད་པའི་རིམ་པ་དང་ལྡན་པ་རྣམས་ཀྱིས་གསུངས་པ་ཡིན་ནོ་ཞེས་པའི་བར་དུ་ནི་ནུབ་ཀྱི་རྒྱ་མཚོ་ལ་རྒྱུ་བའི་ཆུ་བོ་འགྲམ་གཉིས་ཀྱིས་བླངས་ལ་དེས་དགྲ་བོའི་གཟུགས་བརྙན་བྱས་ཏེ་དུག་དང་ཤིང་མ་ད་ནའི་ཚེར་མ་དང་སྦྲུལ་ལ་སོགས་པའི་གྲ་མས་བཀང་བར་བྱས་ཏེ། བསྲེག་

པ་དང་མངོན་སྤྱོད་ཀྱི་རྫས་ཀྱིས་བྱས་པའི་གཟུགས་བརྙན་ལ་ཡང་དེ་བཞིན་དུ་བྱས་ནས་བསྲེགས་པས་དགྲ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །འདིར་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་རྣམས་དགག་པར་བྱ་བའི་ཕྱིར་ཞེས་བྱ་བ་འདིས་དྲག་པོའི་ལས་ཀྱི་ཡུལ་བསྟན་ཏོ། །

གཞན་དུ་ཇི་ལྟ་ཇི་བཞིན་དུ་མངོན་སྤྱོད་ཀྱི་ལས་བྱེད་ན་སྡིག་པ་ཆེན་པོ་བསྐྱེད་པར་འགྱུར་ཏེ། སྙིང་རྗེ་མེད་པས་འགྲུབ་པར་མི་འགྱུར་ཞེས་གསུངས་པས་སོ། །རྫོགས་པའི་རིམ་པ་ལ་གནས་པ། །ཞེས་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལ་གནས་པ་རྣམས་སོ། །གསོད་

པའི་ལས་ཞེས་པ་ནི་རྣམ་པར་འཚེ་བའོ། །ལེའུ་དགུ་པ་ལས་གསུངས་པའི་ཚུལ་དུ་ཞེས་པ་ནི་དེ་ལས་གསུངས་པའི་ཏིང་ངེ་འཛིན་གྱིས་རྟོགས་པར་བྱའོ། །དཔེར་ན་དགོངས་པའི་ཆོས་གཅིག་པུ་ཞེས་པ་ནས་ངེས་པའི་དོན་ཞེས་བྱ་བའི་བར་དུ་བཤད་པའི་རྒྱུད་ཀྱི་ཚིགས་སུ་བཅད་པས་

བསྟན་ཏོ། །སོལ་ཁུས་ཞེས་བྱ་བ་ནས་བསྒྲུབ་བྱའི་རིམས་དང་ཚ་བ་བསྐྱེད་པར་བྱའོ་ཞེས་པའི་བར་དུ་ནི་སྐེ་ཚེ་ལ་སོགས་པའི་རྫས་ཀྱིས་བྱས་པའི་གཟུགས་བརྙན་བྱས་ལ་དུར་ཁྲོད་ཀྱི་སོལ་ཆུས་གཤེར་བའི་གོས་གོན་པའི་རྣལ་འབྱོར་པ་ཆེ་གེ་མོ་རཱཀྵ་ས་ཀྲི་ཎ་ཏོ་ཞེས་བྱ་བ་ལ་སོགས་

པའི་སྔགས་བརྗོད་ལ་ཇི་སྲིད་དེ་སྲིན་པོ་རྣམས་ཀྱིས་གཟུང་བ་དེ་སྲིད་དུ་བཟླ་བར་བྱ་བ་དང་དེ་བཞིན་དུ་དུག་དང་ཁྲག་དང་མི་རུས་ཀྱི་ཕྱེ་མས་དགྲ་བོའི་གཟུགས་བརྙན་བྱས་ལ་སྔ་མ་བཞིན་དུ་སྔགས་སྤེལ་ཞིང་སྲིན་པོ་རྣམས་ཀྱིས་གཟུང་བ་དང་དེ་བཞིན་དུ་སྐེ་ཚེ་དང་བཤང་གཅིས་

གཟུགས་བརྙན་བྱས་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ཆེ་གེ་མོ་ཛྷ་རུ་གྲེ་ཎ་ཏོ་ཞེས་བྱ་བའི་སྔགས་བརྗོད་ལ་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་པས་སྔ་མ་བཞིན་དུ་མནན་ཞིང་དགྲ་བོ་རྣམས་རིམས་ཀྱིས་གཟུང་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་

Vol. 33 · folio 97a

པས་དྲག་པོའི་ལས་ལ་བདུད་རྩི་འཁྱིལ་པའི་སྔགས་བསྟན་ཏོ། །སྔགས་ཀྱི་དོན་ཡང་སྔར་བཤད་པ་སྟེ་གོ་སླའོ། །སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པས་སྔར་བཤད་པའི་སྦྱིན་སྲེག་དང་འཆད་པར་འགྱུར་བའི་ཏིང་ངེ་འཛིན་གྱིས་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་

གྱིས་ཕྲིན་ལས་གྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནས་འུག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ་ཞེས་བྱ་བའི་བར་དུ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་དང་ལྡན་པས་གདུག་པའི་སེམས་ཅན་མཆེ་བ་རྣམ་པར་གཙིགས་

པ་ཁྲོ་གཉེར་དང་ལྡན་པ་དགྲ་སྟ་དང་ཐོ་བ་ལག་ན་ཐོགས་པས་ཁམས་གསུམ་ལ་གནས་པའི་སེམས་ཅན་ཐམས་ཅད་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དགྲ་སྟ་དེས་བཅད་ཅིང་ཐོ་བས་ཕྱེ་མར་བཏགས་པར་བསམ་པར་བྱེད་པ་

དེའི་ཚེ་སྡིག་པ་བསགས་པའི་བསྒྲུབ་བྱ་གཅེར་བུ་སྐྲ་གྲོལ་ཞིང་ལུས་ཏིལ་མར་གྱིས་བྱུགས་པ་སྐྱབས་མེད་པ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་འཇིགས་པས་གདུང་བ་བསྒོམས་ཏེ་ནམ་མཁའི་ཁམས་ན་རྣམ་པ་སྣ་ཚོགས་པའི་མཚོན་ཆ་འཛིན་པ། གཟུགས་འཇིགས་པའི་སྲིན་

པོ་དང་ཀང་ཀ་དང་ཁྭ་དང་བྱ་རྒོད་དང་འུག་པ་མཆུ་རྣོ་བ་དང་། ཤིན་ཏུ་རྒྱགས་པའི་ཁྱི་དང་། སྤྱང་ཀི་དང་དྲེད་དེ་རལ་པའི་ཚོགས་ཀྱིས་འཇིགས་པ་རྡོ་རྗེ་ལྟར་མཆེ་བ་རྣོ་བ་རྣམ་པར་བསམས་ལ་དེ་དག་ཐམས་ཅད་ཀྱིས་སྐྲག་པར་བྱ་བ་དུམ་བུ་དུམ་བུར་ཟ་བ་སྲོག་དང་བྲལ་བ་བསྒོམ་པར་བྱའོ་

ཞེས་བསྟན་ཏོ། །སྦྲུལ་ནག་ཅེས་བྱ་བ་ནས་སྡིག་པ་ལ་སོགས་པའི་ཆོ་ག་འདི་ཉིད་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་གང་ཡང་རུང་བའི་ཁམས་ཀྱི་རྫས་ཀྱིས་གདེངས་ཀ་ལྔ་པ་ལྕེ་གཉིས་པ་འཇིགས་པར་བྱེད་པ་སྦྲུལ་ནག་པོ་བྲིས་ལ་དེའི་སྙིང་གར་བཀོད་པའི་ཡི་གེ་ཧྲྀཾ་གི་འོད་ཟེར་གྱིས་བརྟན་པ་དང་

གཡོ་བ་ལ་སོགས་པའི་དུག་བཀུག་ལ་ཁའི་ནང་དུ་བཀོད་པའི་ཡི་གེ་ཁཾ་གི་ནང་དུ་འཇུག་ཅིང་དེའི་ཚེ་སྲོག་དང་ལྡན་པ་བཞིན་དུ་འགུལ་བར་འགྱུར་བ་ཨ་མུ་ཀཾ་བ་ཤ་ཡ་ཞེས་བྱ་བ་དེས་བསྐུལ་ཞིང་དེས་ཟོས་པའི་བསྒྲུབ་བྱ་འཆི་བར་འགྱུར་རོ། །དེ་བཞིན་དུ་སྡིག་པ་ལ་སོགས་པ་

Vol. 33 · folio 97b

ཡང་བསྐུལ་བར་བྱའོ་ཞེས་བསྟན་ཏོ། །དེ་བཞིན་དུ་ཕྱོགས་བཅུའི་ཞེས་བྱ་བ་ནས་ལས་གཞན་ལ་ལྟོས་པས་སོ་ཞེས་བྱ་བའི་བར་དུ་ནི་ཁམས་གསུམ་གྱི་ནང་ན་གནས་པའི་ནད་ཇི་སྲིད་དང་དུག་གི་བུང་དང་བཅས་པའི་སྦྲུལ་གྱི་འབར་བ་དང་འཇིགས་པ་རྣམས་དང་ཁམས་གནོད་པ་ལས་འབྱུང་བའི་

ལུས་ལ་སོགས་པའི་འགྱུར་བ་དེ་སྲིད་ཡིད་ཀྱིས་བསྡུས་ཏེ་ཁ་དོག་ནག་པོ་འབྱུང་པོའི་གཟུགས་ཀྱིས་བསྒྲུབ་བྱའི་ལུས་ལ་སོགས་པར་འཇུག་པར་བྱའོ། །དེའི་ཚེ་དེ་འཇུག་པའི་མཐུས་གདུལ་བར་དཀའ་བ་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །བསྐུལ་བའི་ལས་གཞན་ལ་ཞེས་པ་ནི་སྔར་བཤད་པའི་

དྲག་པོའི་ལས་རྣམས་སོ། །དེ་ལ་ལྟོས་པས་མཆོག་ནི་ཕུལ་དུ་བྱུང་བ་ཡིན་པ་སྟེ་གནོད་པ་ཐམས་ཅད་བསྡུ་བའི་ངོ་བོ་ཡིན་པས་སོ། །དེ་ལྟ་བུ་ཞེས་བྱ་བ་ནས་བཀའ་བཞིན་དུ་ཞེས་པའི་བར་དུ་ནི་གཤིན་རྗེ་གཤེད་བསྒོམས་པས་བསྒྲུབ་བྱའི་བྲང་ལ་ཐོ་བས་བརྡེག་པར་བྱའོ། །དེའི་ཚེ་

འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །བསྒྲུབ་པར་བྱ་བ་དེ་ཉིད་ལ་ཞེས་བྱ་བ་ནས་འཆི་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཐག་མདུང་ལ་སོགས་པས་ཀྱང་གསད་པར་བྱའོ་ཞེས་བསྟན་ཏོ། །བསྲུང་བར་ཞེས་བྱ་བ་ནས་རྡོ་རྗེ་འཆང་ཆེན་པོས་གསུངས་པའོ་ཞེས་པའི་བར་དུ་ནི་གདུག་པའི་

བསྒྲུབ་བྱ་དེ་ཉིད་ལ་ཕ་རོལ་གྱིས་བྱས་པའི་བསྲུང་བའི་འཁོར་ལོ་དང་དེ་རྣམས་ཀྱིས་བཟླས་པར་བྱ་བའི་སྔགས་དང་དེ་རྣམས་ཀྱིས་བརྟན་པའི་ཡི་དམ་གྱི་ལྷ་དང་ཕྲེང་བའི་སྔགས་ལ་སོགས་པ་གཞན་དག་གང་ཡིན་པ་དེ་རྣམས་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་སྔར་བཤད་པའི་

ཆོ་གས་ཕུར་བུས་གདབ་པར་བསྟན་པར་བྱའོ་ཞེས་སོ། །གསོད་པའི་ཡུལ་ཞེས་བྱ་བ་ནས་མི་འགྱུར་རོ་ཞེས་པའི་བར་དུ་ནི་བསམ་གཏན་གྱི་རིམ་པས་གསད་པར་བྱ་བ་དང་། སྐྱེ་བ་བཞིའི་དབྱེ་བས་ཕྱེ་བའི་སྔར་བཤད་པའི་ཏིང་ངེ་འཛིན་གྱིས་སྲོག་མེད་པར་བྱས་ནས་དེ་རྣམས་ཀྱི་

རྣམ་པར་ཤེས་པ་དྲི་མ་མེད་པ་རླུང་མེད་པའི་ཕྱོགས་སུ་མར་མེ་གསལ་བ་དང་འདྲ་བར་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུྃ་ལས་འབྱུང་བའི་རྡོ་རྗེ་ལས་བསྐྱེད་པའི་མི་བསྐྱོད་པའི་གཟུགས་བསྐྱེད་ལ། རང་གི་སྙིང་ག་ལས་འཇུག་ཅིང་དེ་ནས་སྤྲོས་ཏེ་མངོན་པར་

Vol. 33 · folio 98a

དགའ་བའི་སངས་རྒྱས་ཀྱི་ཞིང་དུ་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་སྟོན་པ་དེ་བཞིན་གཤེགས་པས་ཡོངས་སུ་བསྐོར་བ་བསམ་པར་བྱའོ་ཞེས་གསོད་པའི་སྒོ་ནས་རྣམ་པར་དག་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཅེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གོ་ཞེས་བྱ་བའི་བར་

དུ་ནི་རྩིབས་བརྒྱད་པའི་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོའི་ནང་དུ་ཡི་གེ་ར་འབར་བའི་མགོ་བོ་ནས་རྐང་པའི་མཐིལ་གྱི་བར་དང་རྐང་པའི་མཐིལ་ནས་ཀྱང་རང་གི་སྙིང་གའི་བར་དུ་མི་སྣང་བར་བྱའོ་ཞེས་རིལ་པོར་འཛིན་པའི་ཏིང་ངེ་འཛིན་དང་དེ་བཞིན་དུ་དང་པོ་ཁམས་གསུམ་པོ་རཾ་ཡིག་འབར་བས་མི་སྣང་བར་

བྱས་ནས་ཕྱི་ནས་བདག་ཀྱང་དེ་བཞིན་དུ་བྱའོ་ཞེས་རྗེས་སུ་འཇིག་པའི་ཏིང་ངེ་འཛིན་བྱའོ། །ཏིང་ངེ་འཛིན་དེ་དག་གིས་རང་དང་གཞན་གྱི་རྒྱུད་ལ་གནས་པ་ལུས་ལ་སོགས་པ་མི་སྣང་བར་བྱེད་པ་གང་ཡིན་པ་དེ་ནི་རྫོགས་པའི་རྣལ་འབྱོར་པའི་གསོད་པའི་ལས་ཡིན་ཏེ། ཐ་མལ་པའི་ཕུང་

པོ་ལ་སོགས་པ་མ་དམིགས་པའི་ཕྱིར་རོ། །ཞེ་སྡང་རྡོ་རྗེ་དང་དེའི་བདག་ཉིད་དུ་ཞུགས་པ་རྡོ་རྗེ་འཆང་ནི་རྡོ་རྗེ་ཁྲོ་བོ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས་གསུངས་སོ་ཞེས་བྱ་བའི་བར་དུ་ཐོག་མ་ནས་མ་སྐྱེས་པའི་རང་བཞིན་གྱི་དངོས་པོ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་གདུལ་བར་བྱ་

བའི་ཕྱིར་སྔར་བཤད་པའི་ཞི་བ་ལ་སོགས་པ་བསྟན་ཏོ་ཞེས་བྱ་བ་ངོ་མཚར་བ་སྟེ་སངས་རྒྱས་ཀྱི་རོལ་མོ་རྣམ་པ་སྣ་ཚོགས་པ་ཡིན་ནོ་ཞེས་བསྟན་ཏོ། །འདིར་ཡིད་བཞིན་ནོར་བུ་དང་འདྲ་བ་ཞེས་བྱ་བ་ནི་གདུག་པ་རྣམས་ཚར་གཅད་པའི་དོན་དུ་མངོན་པར་འདོད་པའི་འབྲས་བུ་སྟེར་བར་མཛད་

པས་སོ། །ཆོས་བདག་མེད་པ་ཞེས་བྱ་བ་ནས་དེའི་མཚན་ཉིད་ལ་མཁས་པའོ་ཞེས་པའི་བར་དུ་ནི་རྡོ་རྒྱུས་སམ་སོ་བ་ལ་སོགས་པའི་རྫས་ཀྱི་ཁྱད་པར་གྱིས་ས་ཕྱོགས་སུ་གདེངས་ཀ་གཉིས་པའམ་གདེངས་ཀ་གཅིག་པ་འཇིགས་པ་ཆེན་པོའི་དུས་ཀྱི་དུ་བ་ལྟར་སྔོ་བ་མཆེ་བ་རྣམ་པར་གཙིགས་པའི་སྦྲུལ་ནག་པོ་བྲིས་ནས་

དེའི་ཁར་ཡི་གེ་ཁཾ་བཀོད་ཅིང་དེ་ཡོངས་སུ་གྱུར་པ་ལས་ཀ་ལ་ཀུ་ཏ་དང་ཧ་ལ་ཧ་ལའི་དུག་ཁ་ལ་གནས་པ་བསྒོམས་ཏེ། སྙིང་ག་ལ་བཀོད་པའི་ཡི་གེ་ཧྲིའི་འོད་ཟེར་གྱིས་ནོར་རྒྱས་ཀྱི་བུ་ལ་སོགས་པ་རིགས་ཀྱི་ཀླུ་བརྒྱད་ཀྱི་རྣམ་པར་ཤེས་པ་བཀུག་ཅིང་དེ་ལ་འཇུག་སྟེ་ཡང་རིམ་པ་དེ་

Vol. 33 · folio 98b

ཉིད་ཀྱིས་བརྟན་པ་དང་གཡོ་བ་ལ་སོགས་པའི་དུག་བཀུག་ཅིང་དེ་ལ་འཇུག་པས། སྦྲུལ་གཡོ་བར་འགྱུར་བར་བསམ་པར་བྱའོ། །དེའི་ཚེ་གཡོ་བར་འགྱུར་བ་དེས་ཆེ་གེ་མོ་བ་ཤ་མ་ཞེས་བསྐུལ་བ་དེས་ཟོས་པར་འགྱུར་བས་དགྲ་རྣམས་འཆི་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་བཞིན་དུ་བྲིས་

པའི་སྦལ་པ་ལ་སོགས་པ་མངོན་པར་བྱས་ལ་སྔ་མ་བཞིན་དུ་བྱའོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནས་རྡོ་རྗེ་འཆང་ཆེན་པོའོ་ཞེས་བྱ་བའི་བར་དུ་ནི་དུག་འཕོ་བ་བསྟན་ཏོ། །དེའི་སྦྱོར་བ་འདི་ཡིན་ཏེ་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པས་ལྟ་བའི་དུག་ལ་སོགས་པའི་སྤྱི་

བོར་ཁ་དོག་དཀར་པོ་ཡི་གེ་ཨོཾ་བཀོད་ལ། དེའི་འོད་ཟེར་གྱིས་དུག་ཐུར་དུ་དྲངས་ལ་རྐང་པའི་དཀྱིལ་ལ་ཕྱིན་པ་བསྒོམས་ཏེ། དེ་ནས་བསྒྲུབ་བྱའི་སྙིང་གར་ཡི་གེ་ཁཾ་གི་སྟེང་དུ་ཡི་གེ་ཧྲིཾ་གི་འོད་ཟེར་གྱིས་བཀུག་ལ་ཡི་གེ་ཁཾ་དེ་ཉིད་ལ་རིལ་པོའི་ཚུལ་དུ་འཇུག་ཅིང་ཡི་

གེ་ལཾ་ཡོངས་སུ་གྱུར་པའི་དབང་ཆེན་གྱི་དཀྱིལ་འཁོར་གྱིས་བསྐོར་བར་བྱའོ། །དེའི་ཚེ་བསྒྲུབ་བྱ་ལ་དུག་འཕོ་བར་འགྱུར་རོ་ཞེས་བསྟན་ཏོ། །འདིར་ལྟ་བའི་དུག་ནི་གང་གིས་མཐོང་བ་ཙམ་གྱིས་དུག་འཕོ་བར་འགྱུར་རོ། །མཆེ་བའི་དུག་ཅེས་པ་ནི་གང་གི་མཆེ་བ་ལ་དུག་

ཡོད་པའོ། །གང་རེག་པ་ཙམ་གྱིས་དུག་འཕོ་བ་དེ་ནི་རེག་པའི་དུག་གོ། །གང་དྲན་ནས་ཉིན་ཞག་གཅིག་གམ་ཟླ་བ་ཕྱེད་དམ་ཟླ་གཅིག་གམ་ལོ་སྐོར་གྱིས་དུག་འཕྲོ་བ་དེ་ནི་དྲན་པའི་དུག་གོ། །མི་ཟད་པའི་དུག་ཅེས་པ་ནི་ཨ་ཛ་ཀ་ར་དང་བ་སྣ་དང་། དོ་འོད་པ་ལ་སོགས་པའི་སྦྲུལ་

རྣམས་སོ། །གང་མཐོང་བ་ཙམ་གྱིས་འདིར་རི་བོ་འམ་ནགས་ཚལ་ཡོད་དོ་ཞེས་བློ་སྐྱེའོ། །གང་ཁྲོས་པས་གྲོང་དང་གྲོང་རྡལ་དང་གྲོང་ཁྱེར་དང་། སྐྱེ་བོའི་གནས་དང་ཡུལ་འཁོར་དང་རྒྱལ་ས་དང་། སྐྱེ་བོ་དང་ནོར་དང་འབྲུ་དང་བཅས་པར་བསྲེགས་པར་འགྱུར་རོ། །དེ་

རྣམས་ཀྱི་ཡང་དུག་འཕོ་བར་འགྱུར་ཞེས་སྦྱོར་བའི་ཁྱད་པར་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བའི་བར་དུ་བསྒྲུབ་བྱའི་རྐང་པའི་དཀྱིལ་དུ་ཡི་གེ་ཧཱུྃ་ཟླ་བའི་ཁ་དོག་དང་འདྲ་བ་བཀོད་ལ་དེའི་འོད་ཟེར་གྱི་ཚོགས་ཀྱིས་ཁོང་སྟོང་གི་ཆ་བཤང་བའི་སྒོར་

Vol. 33 · folio 99a

ཕྱིན་པར་བསྒོམས་ལ། དེ་ལས་ལྟེ་བའི་ཕྱོགས་སུ་ཕྱིན་པ་དང་དེ་ལས་སྙིང་ག་དང་དེ་ལས་མགྲིན་པར་ཕྱིན་པར་དུག་བསམས་ཏེ། ཁ་དོག་ནག་པོ་དེ་ཁའི་སྒོ་ནས་སྐྱུག་པ་བསམ་པར་བྱའོ། །དེ་བཞིན་དུ་ཚངས་པའི་སྒོ་ནས་བརྩམས་ཏེ་གནས་བཞིར་བསྡུ་བའི་

རིམ་པས་བཤང་སྒོའི་ལམ་ནས་དུག་བཤལ་བར་གྱུར་པར་བསམ་པར་བྱའོ། །དེའི་ཚེ་སྐྱུགས་པ་དང་ཁྲུས་དག་གིས་དུག་བྲལ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནས་ཕྱག་ན་རྡོ་རྗེ་བཀའ་བསྟན་པ་ཇི་ལྟ་བ་བཞིན་དུ་ཞེས་པའི་བར་དུ་ནི་ཉེ་བའི་དུག་རྣམས་སེལ་

བ་ཉིད་དུ་མདོར་བསྟན་པའོ། །ཉེ་བའི་དུག་ནི་ལོང་ཏང་དང་ལང་ཀ་ལི་དང་རྩི་གུ་དང་དེ་རྣམས་ལྷན་ཅིག་སྐྱེས་པའོ། །སྦྱོར་བའི་དུག་ཅེས་པ་ནི་རྫས་སྦྱར་བ་ལས་བྱུང་བའོ། །དཔེར་ན་མར་དང་སྦྲང་རྩི་ཚད་མཉམ་པ་དང་ཞོ་མ་ལངས་པ་སྦྲང་རྩི་དང་ལྡན་པའོ། །སྦལ་པའི་ཚིལ་དང་སྦྲུལ་གྱི་

ཚིལ་དང་། སྦྱར་བའི་གཤའ་མ་ཀའི་རྩ་བསྐོལ་བའི་སྦྱར་བའི་དུག་གོ། །བྱི་ལ་ནི་སྦྲུལ་ཁྲ་བོ་དང་གར་ད་བ་ནི་བོང་བུའོ། །སོགས་པའི་སྒྲས་དུག་གི་བྱི་བ་དང་ཁྱི་སྨྱོན་པ་དང་ཞེས་བྱ་བ་ལ་སོགས་པ་སྲོག་ཆགས་རྣམས་སོ། །རིམས་དང་དབུགས་མི་བདེ་བ་དང་སྨྱོ་བྱེད་དང་སྐེམས་

བྱེད་དང་མཛེ་དང་རྡོ་དང་རྒན་རྒོན་དང་མཆིན་པ་ན་བ་དང་ལྷོག་པ་ལ་སོགས་པ་དང་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་ལས་བྱུང་བ་ལུས་ཀྱི་ནད་རྣམས་སོ། །པདྨ་ཆེན་པོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནས་འོད་གསལ་བ་ཡོངས་སུ་སྦྱངས་པའི་ཕྱིར་དང་ཞེས་པའི་བར་དུ་

ནི་ཉེ་བའི་དུག་དང་བྲལ་བར་བྱ་བའི་ཕྱིར་བསམ་གཏན་གྱི་ཁྱད་པར་བསྟན་ཏོ། །འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་ལག་པ་གཡས་པ་ལ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་བསྒོམས་ལ་དེའི་དབུས་ཀྱི་ལྟེ་བ་ལ་ཁ་དོག་དཀར་པོ་ཡི་གེ་ཨ་དགོད་པ་དང་འདབ་

མ་རྣམས་ལ་ཁ་དོག་དཀར་པོ་ཡི་གེ་ཧྲི་བརྒྱད་བཀོད་ལ་དེ་ལས་བྱུང་བའི་ཁ་དོག་དཀར་པོ་འོད་ཟེར་རྣམས་ཀྱིས་བསྒྲུབ་བྱའི་ལུས་ལས་དུག་བཀུག་ལ་ཡི་གེ་ཨ་ལ་འཇུག་ཅིང་ཁུ་ཚུར་གྱིས་སྡུད་པའི་རིམ་གྱིས་ས་ལ་བསྐུལ་བར་བསམ་པར་བྱའོ། །དེའི་དགུག་པ་ལ་ཁ་དོག་

Vol. 33 · folio 99b

དཀར་པོ་དང་དུག་རེངས་པ་ལ་ནག་པོ་བསྒོམ་པར་བྱའོ་ཞེས་བསྟན་ཏོ། །ཉི་མའི་དུག་ཅེས་བྱ་བ་ནས་ནང་ལས་ཐར་བར་འགྱུར་རོ་ཞེས་པའི་བར་དུ་ནི་ཕྱི་དང་ནང་གི་ནད་རྣམས་སོས་པ་ཉིད་དུ་བསྟན་ཏོ། །མཚོན་ཆ་ལ་སོགས་པ་གློ་བུར་གྱི་རྒྱུ་ལས་བྱུང་བ་དང་ཞེས་པ་ནི་མཚོན་ཆ་བརྒྱབ་

པ་ལས་བྱུང་བ་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པས་བྱས་པའི་ནད་རྣམས་སོ། །མངོན་སྤྱོད་ཀྱི་རྒྱུ་ལས་བྱུང་བ་ནི་ཞེས་པ་ལ། དེ་བཞིན་དུ་སྔགས་ལ་མཁས་པའི་ཕ་རོལ་པོའི་དྲག་པོའི་ལས་ལས་བྱུང་བ་གང་ཡིན་པ་དེ་རྣམས་ཕྱིའོ། །ཁམས་དང་དྲི་མ་དང་ཁ་ཟས་མི་

མཐུན་པའི་རྒྱུ་ལས་བྱུང་བ་ནི་ནང་གིའོ་ཞེས་པ་ནི་ཁམས་ཀྱི་སྐྱོན་ནི་རླུང་དང་མཁྲིས་པ་དང་བད་ཀན་དང་འདུས་པ་རྣམས་ཀྱིས་བྱས་པའོ། །དྲི་མ་ནི་དྲི་མ་བསྡུ་བ་ལས་བྱུང་བ་སྐྲན་ལ་སོགས་པའོ། །ཁ་ཟས་མི་མཐུན་པ་ནི་ཉུང་བའམ་ལྷག་པ་སྟེ་དེ་ལ་ཉུང་བ་ལས་སྐེམ་ནད་ལ་སོགས་པ་དང་།

ལྷག་པ་ལས་མ་ཞུ་བ་ལ་སོགས་པ་དེ་རྣམས་ནང་གིའོ། །དེ་རྣམས་གཞོམ་པའི་ཕྱིར་རེ་ཞིག་དང་པོ་རྣམ་པར་སྣང་མཛད་ལ་སོགས་པ་གསུམ་གྱི་ནད་པའི་ལྟེ་བར་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གནོད་སྦྱིན་མཆེ་བ་རྣམ་པར་གཙིགས་པ་དྲག་ཅིང་རྣོ་བ་གཡས་བརྐྱང་པ་ལས་

གནས་པ། སྡིགས་མཛུབ་དང་རྡོ་རྗེ་གསོར་བར་བྱེད་པ་བསམས་ཏེ། དེས་ཡི་གེ་ཀཾ་ལས་བྱུང་བ་བསྒྲུབ་བྱའི་སྙིང་གའི་ཕྱོགས་སུ་སྤྲོ་བ་ལ་སོགས་པའི་རྣམ་པ་གང་ཡང་རུང་བའི་ནད་དྲངས་པའི་ཁ་ནས་བྱུང་བ་མདུན་དུ་རྡོ་རྗེ་གནོད་སྦྱིན་དེ་ཉིད་ཀྱིས་རྡོ་རྗེ་བརྒྱབ་པས་ཕྱེ་མར་

བཏགས་ལ་རང་གི་ལག་པ་ལ་གནས་པའི་འབར་བའི་རྡོ་རྗེ་ལ་སོགས་པའི་མེའི་འོད་ཀྱིས་བསྲེགས་པར་འགྱུར་ཞིང་ཐལ་བར་གྱུར་པར་བྱའོ། །དེའི་ཚེ་ནད་རྣམས་འཇོམས་པར་འགྱུར་རོ། །དེའི་འོག་ཏུ་ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་ཚོགས་ཀྱི་གཟུགས་ཅན་རྣམ་པར་སྣང་མཛད་

དང་སྤྱན་མ་ལ་སོགས་པའི་ཚོགས་སྤྲོས་ལ། སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་སེམས་ཀྱི་རྒྱུན་གྱིས་དེ་རྣམས་ལ་དབང་བསྐུར་ཞིང་བསྒྲུབ་བྱའི་ལུས་པོར་འོད་ཟེར་གྱི་སྒོ་ནས་མར་ལ་མར་བཞིན་ཐིམ་པར་གྱུར་པར་བསམ་པར་བྱའོ། །དེའི་ཚེ་དེ་བཞིན་གཤེགས་པ་

Vol. 33 · folio 100a

ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་བསྒྲུབ་བྱ་རྡོ་རྗེའི་སྐུ་ལྟ་བུར་འགྱུར་རོ་ཞེས་བསྟན་ཏོ། །རྫོགས་པའི་རིམ་པ་ལ་གནས་པ། །ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔའ་གསུངས་པའོ། །ཞེས་པའི་བར་དུ་ནི་ཕྱི་དང་ནང་གི་ནད་རྣམས་ཀྱིས་དཀྲུགས་པའི་དབང་པོ་དང་ཕུང་པོ་དང་ཁམས་དང་སྐྱེ་

མཆེད་རྣམས་མདུན་དུ་དམིགས་ལ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་གང་ཡང་རུང་བའི་རྣལ་འབྱོར་པས་སེམས་རྣམ་པར་དག་པས་ཐོབ་པར་བྱ་བའི་འོད་གསལ་བར་བསྒོམས་པས་དཀྱིལ་འཁོར་རྣམས་ལས་གཡས་པ་དང་གཡོན་པ་གཉིས་དང་དལ་བུས་དམན་པར་རྒྱུ་བ་དམར་པོ་ལ་

སོགས་པའི་འོད་ཟེར་གྱི་ཚོགས་སྤྲོས་ལ་དཀྱིལ་འཁོར་རེ་རེ་ལ་དགུ་བརྒྱ་དགུ་བརྒྱ་བཟླས་པས་ཉིན་མོ་དང་མཚན་མོར་ཉི་ཁྲི་ཆིག་སྟོང་དག་གིས་དྲུག་བརྒྱ་བཟླས་ནས་གདོང་གི་སྣའི་རྩེ་མོར་འོད་ཟེར་གྱི་ཐིག་ལེ་འཛིན་ན་དེའི་ཚེ་ནད་པའི་ནད་གྲོལ་བར་འགྱུར་རོ། །ཇི་སྐད་དུ། ཡ་ཡི་

དོན་གྱི་གང་ཅི་འང་རུང་། །དངོས་གྲུབ་འདོད་པས་བྱ་བ་སྟེ། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་རབ་ཏུ་འཇུག །མེ་དང་རླུང་དང་དབང་ཆེན་དང་། །ཆུ་ཡི་དཀྱིལ་འཁོར་རེ་རེ་ལ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་བྱེད་པར་འགྱུར། །ཞེས་

འབྱུང་ངོ་། །དེ་ནི་རྡོ་རྗེ་བཟླས་པའི་རིམ་པས་ནད་ལས་ཐར་པའོ། །དེ་བཞིན་འོད་གསལ་བ་ལས་ཅིག་ཅར་དུ་ཡེ་ཤེས་ཀྱི་སྐུ་འམ་རྡོ་རྗེའི་སྐུ་སྤྲོས་ལ། བ་སྤུའི་བུ་ག་ཐམས་ཅད་ལས་འོད་ཟེར་གྱི་འཁོར་ལོ་སྤྲོས་ལ་དེ་བཞིན་གཤེགས་པའི་རྣམ་པ་ཅན་གྱི་འོད་དེས་ནད་པའི་ལུས་ནད་

མེད་པར་བྱས་ནས་དེ་ཉིད་དུ་འཇུག་པར་བསམ་པར་བྱའོ། །དེའི་ཚེ་བསྒྲུབ་བྱ་ནི་ནད་མེད་པར་འགྱུར་རོ། །དེས་ནི་བདག་ལ་བྱིན་གྱིས་བརླབ་པ་དང་ཟུང་དུ་འཇུག་པ་དག་གིས་ནད་མེད་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་རྫོགས་པའི་རིམ་པའི་སྤྱོད་པ་དང་ལྡན་པས་ཕ་རོལ་རྣམས་

ཀྱི་ནད་འཇོམས་པར་བྱེད་དེ། དེ་ལྟར་ཞེས་བྱ་བ་ནས་དགོངས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གི་སྒྱུ་མ་ལྟ་བུའི་དངོས་པོ་རྨི་ལམ་གྱི་དཔེའི་སྒོ་ནས་སོ་སོར་སྣང་བ་ཙམ་གྱི་སྙིང་པོར་གྱུར་པ་ལ་རྟག་པ་དང་ཆད་པའི་འཁྲུལ་པ་ཡོད་དོ་ཞེས་

Vol. 33 · folio 100b

གསུངས་སོ། །སྒྲུབ་པ་པོ་རྣམ་པ་གཉིས་ཀྱིས་ཞེས་པ་ནི་རྫོགས་པ་དང་མ་རྫོགས་པ་རྣམས་སོ། །མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་དབྱེ་བས་ཞེས་པ་ནི་རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའི་རྒྱུས་རྨི་ལམ་མཐོང་བའོ། །རྣམ་པ་གཉིས་ཀྱིས་དེ་ཉིད་ཀྱི་འབྲས་བུ་དང་

འབྲེལ་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནས་མངོན་གསུམ་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སེམས་རྣམ་པར་དག་པའི་རིམ་པར་འོད་གསལ་བ་ཐོབ་ནས་དེ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་དང་དེ་བཞིན་དུ་མངོན་པར་བྱང་ཆུབ་པའི་རིམ་པས་འོད་གསལ་བ་ལ་འཇུག་པས་རྡོ་རྗེའི་སྐུ་

བརྒྱ་བྱིན་ལ་སོགས་པའི་འཇིག་རྟེན་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པས་མཆོད་པར་འགྱུར་བ་བདག་ཉིད་རྨི་ལམ་དུ་མཐོང་ན་དེའི་ཚེ་མྱུར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །སེམས་ཅན་ཆེན་པོ་ཞེས་བྱ་བ་ནས་རྨི་ལམ་གྱི་འབྲས་

བུའོ་ཞེས་པའི་བར་དུ་ནི་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་རྣམ་པ་ཅན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པས་མཆོད་པར་གྱུར་པ་དེའི་ཚེ་ཕ་རོལ་རྣམས་ལ་ཡང་དེའི་རྣམ་པ་སྟེར་བ་ལ་ནུས་པ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །རྒྱན་

རྣམས་ཐམས་ཅད་ཅེས་བྱ་བ་ནས་རིག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ལྷའི་བུ་མོ་གཟུགས་བཟང་བ་ལེགས་པར་བརྒྱན་པ་དང་དེ་བཞིན་དུ་མི་ལ་སོགས་པའི་བུ་མོ་དང་ཁྱེའུ་རྣལ་འབྱོར་པ་ལ་མཆོད་པ་བྱེད་པ་མཐོང་ན་དེ་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་

བསྟན་ཏོ། །ཁྱེའུ་དང་བུ་མོ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཡིན་པས་སོ། །ཕྱོགས་བཅུ་ཞེས་བྱ་བ་ནས་རྨི་ལམ་མཐོང་བའི་འབྲས་བུ་ཞེས་པའི་བར་དུ་ནི་རྣལ་འབྱོར་པ་གང་ཞིག་སངས་རྒྱས་ཀྱི་ཞིང་ལ་གནས་པ་དེ་བཞིན་གཤེགས་པའི་ཚོགས་མཐོང་བ་དང་། དེ་བཞིན་

དུ་གང་ལ་བཅོམ་ལྡན་འདས་མ་ལ་སོགས་པའི་ཤེས་རབ་ཀྱི་གླེགས་བམ་དེ་བཞིན་གཤེགས་པས་ལག་ཏུ་སྩོལ་བ་དང་། གང་ཞིག་སེང་གེའི་ཁྲི་ལ་བཞུགས་པ་ཆོས་སྟོན་པ་ལ་རྩོལ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་བར་བདག་ཉིད་མཐོང་ན་དེས་

Vol. 33 · folio 101a

ཕྱག་རྒྱ་ཆེན་པོའི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཀུན་དགའ་ར་བ་ནས་རྨི་ལམ་གྱི་འབྲས་བུ་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུངས་སོ་ཞེས་པའི་བར་དུ་ནི་ལྷའི་བུ་དང་བུ་མོས་བརྒྱན་པ་ཀུན་དགའ་ར་བ་དང་ནགས་ཚལ་ལ་སོགས་པ་བསྐྱེད་པའི་རིམ་

པ་ནི། རྣལ་འབྱོར་པ་གང་ཞིག་མཐོང་བ་དེས་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་བསྐུར་བ་གང་ཞིག་མཐོང་བ་དེ་ནི་རིག་པ་འཛིན་པའི་གཙོ་བོར་འགྱུར་རོ་ཞེས་བསྟན་ཏོ། །མངོན་པར་འདོད་

པའི་རྨི་ལམ་ཞེས་བྱ་བ་ནས་གྲུབ་ཅིང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་སྔར་བཤད་པའི་དགེ་བའི་རྨི་ལམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཉིད་དུ་བསྟན་ཏོ། །གདོལ་པ་ཞེས་བྱ་བ་ནས་བར་དུའོ་ཞེས་པའི་བར་དུ་ནི་རྣལ་འབྱོར་པ་གང་ཞིག་གདོལ་པ་ལ་སོགས་པའི་རིགས་ངན་དང་དེ་བཞིན་དུ་

གཟུགས་འཇིགས་པ་སྤྲེ་དང་ཡི་དགས་ལ་སོགས་པ་རྨི་ལམ་དུ་མཐོང་ན་དེས་ངེས་པར་དམ་ཚིག་ཉམས་པ་ཡིན་ནོ་ཞེས་བསྟན་ཏོ། །དམ་ཚིག་སྟོང་པའི་རྒྱུ་དེས་དངོས་གྲུབ་སྒྲུབ་པ་ལ་འཇུག་པར་འགྱུར་ན་ནད་ལ་སོགས་པས་ལུས་ཟིལ་གྱིས་མནན་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་དེ་

ཁོ་ན་ཉིད་བསྒྲུབ་པ་ཞེས་བྱ་བ་ནས་ཆོས་ཉིད་མེད་པའོ་ཞེས་པའི་བར་དུ་ནི་བརྟན་པ་དང་། གཡོ་བའི་རང་བཞིན་གྱི་དངོས་པོ་རྣམས་རང་གི་སེམས་ཀྱི་སྣང་བ་ཙམ་ལས་ལྡོག་པ་ནི་མེད་དེ། རྨི་ལམ་དང་འདྲ་བས་སོ། །སེམས་ཀྱང་རྣམ་པར་དཔྱད་ན་འོད་གསལ་བའི་རང་བཞིན་ཡིན་པས་

སོ། །འོད་གསལ་བ་ཡང་རྣམ་པར་མི་རྟོག་པའི་གནས་སྐབས་སུ་འདི་ཉིད་དང་བདག་ཉིད་དུ་མི་དམིགས་ཏེ་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ལྟར་ཆོས་ཅན་དང་ཆོས་ཉིད་གཉི་ག་ཡང་རྣལ་འབྱོར་པའི་མངོན་སུམ་གྱི་ཚད་མས་མི་དམིགས་ཏེ། འབའ་ཞིག་དྲི་མ་མེད་པས་བྱང་ཆུབ་ཙམ་ལ།

གནས་པའི་རྒྱུ་དང་ལྡན་པའི་རྣལ་འབྱོར་པ་རྣམ་གཉིས་མི་དམིགས་པའི་ཕྱིར་རོ། །རྣམ་བཅས་དངོས་པོའི་རྟོག་པ་དང་། །རྣམ་པ་མེད་པའི་རྟོག་པ་སྟེ། །གཅིག་ཏུ་བྱས་ནས་གང་སྤྱོད་པ། །དེ་ནི་ཟུང་འཇུག་བཤད་པ་ཡིན། །ཞེས་འབྱུང་ངོ་། །དེ་བཞིན་ཁམས་དང་ཞེས་བྱ་བ་

Vol. 33 · folio 101b

ལ་སོགས་པ་ལ་དབང་པོ་དང་རྣམ་པར་ཤེས་པ་ཉེ་བར་བསྡུས་པའི་བདག་ཉིད་ཅན་གྱི་ཤེས་པ་གཉིས་པོ་ནི་སྣང་བ་དང་སྣང་བ་མཆེད་པ་ཞེས་བྱ་བའོ། །ལེགས་འདུས་པ་ནི་རྟག་ཏུ་སོ་སོར་སྣང་བར་འགྱུར་བའོ། །སྟོང་ཆེན་ཉིད་འགྱུར་ནི་སྣང་བ་ཉེ་བར་ཐོབ་པའི་ཡེ་ཤེས་ཡོད་ནའོ། །རླུང་

ལ་བརྟེན་པ་ནི་རླུང་གི་ཚོགས་ཀྱི་དབང་གིས་སོ། །ངེས་པར་རྨི་ལམ་མཐོང་བ་ཞེས་པ་ནི་སད་པའི་གནས་སྐབས་སུ་མཐོང་བ་གང་ཡིན་པ་དེ་རྨི་ལམ་དུ་མཐོང་བར་འགྱུར་ཏེ། རྟོག་པ་དང་བཅས་པའི་ཕྱིར་རོ། །གང་ཞིག་རྨི་ལམ་དང་མཚུངས་པའི་ཆོས་རྣམས་ཡོངས་སུ་ཤེས་པས་

འབྲས་བུ་འདོད་པའི་འོད་གསལ་བའི་གོ་འཕང་མངོན་དུ་བྱེད་པའི་རྣལ་འབྱོར་པ་དེས་ཀུན་བརྟགས་པ་ནི་རྨི་ལམ་དང་སད་པ་ལ་བྱེ་བྲག་མི་རྟོག་པའོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་དེ་ཉིད་ཀྱིས་བརྫུན་དང་བདེན་པ་ལས་གྲོལ་བ་དངོས་པོ་རྨི་ལམ་དང་མཚུངས་པ་

སྣང་བར་འགྱུར་རོ། །ཇི་སྐད་དུ། གཉིད་ལོག་པ་དང་སད་པ་ཞེས། །དེ་དག་རྟོགས་ནི་གཉིས་སྤངས་པའི། །སྟོན་པས་ཟུང་འཇུག་གསུངས་པ་སྟེ། །གཉིད་ལོག་སད་དང་རྣམ་བྲལ་བའོ། །ཞེས་འབྱུང་ངོ་། །དེ་ལྟར་ཡི་གེ་གསུམ་ཙམ་ལ་གནས་པའི་རྣལ་འབྱོར་པ་རྟོག་

པ་དང་བཅས་པར་འགྱུར་བས་རྨི་ལམ་མཐོང་བ་དང་འོད་གསལ་བ་ལ་འཇུག་པས་ཅུང་ཟད་མཐོང་ངོ་། །འོན་ཀྱང་གཉིད་ལོག་པ་དང་སད་པ་དང་འདྲ་བར་དངོས་པོའི་ངོ་བོ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་སྒྱུ་མ་ལྟ་བུར་

ཤེས་ནས་ངོ་བོ་མེད་པར་འགྱུར་ན། རྨི་ལམ་དང་རྨི་ལམ་གྱི་འབྲས་བུ་དེ་རྣམས་གང་ལས་འགྱུར་ཞེས་བཅོམ་ལྡན་འདས་ལ་ཞུས་པ་དང་། ངོ་མཚར་བ་དང་རྨད་དུ་བྱུང་བ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པའི་དགོངས་པ་ཞེས་བྱ་བ་ལ་སོགས་པ་

ནས་འོད་གསལ་བའི་ངོ་བོ་ཉིད་དོ་ཞེས་བྱ་བའི་བར་དུ་ནི་དངོས་པོ་རྣམས་ཀྱི་ངོ་བོ་མེད་པ་ཉིད་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་བོད་པའོ། །བུམ་པ་དང་སྣམ་བུ་ལ་སོགས་པ་ཞེས་བྱ་བ་ནི་སེམས་དང་ལྡན་པ་དང་སེམས་དང་མི་

Vol. 33 · folio 102a

ལྡན་པའི་བདག་ཉིད་ཀྱི་དངོས་པོས་སོ། །མི་ལྡན་པ་ནི་གཅིག་གི་ངོ་བོ་མ་ཡིན་ཏེ་ཐ་དད་པ་ཉིད་དུ་སྣང་བའི་ཕྱིར་རོ། །དེ་ལ་བུམ་པ་ལ་སོགས་པ་དངོས་པོ་རྣམས་ནི་འདུས་བྱས་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ། །ནམ་མཁའ་ནི་འདུས་མ་བྱས་པ་སྟེ། རྒྱུ་

མེད་པའི་ཕྱིར་རོ། །གཟུགས་དང་ལྡན་པ་དང་གཟུགས་མེད་པ་ཉིད་ཀྱིས་བུམ་པ་ལ་སོགས་པ་དང་ནམ་མཁའ་ནི་ཐ་དད་པ་ཡིན་ནོ། །མི་ལྡན་པ་ཡང་མ་ཡིན་ཏེ་ལྡན་པ་ཁོ་ནའོ། །དངོས་པོ་ཐམས་ཅད་ཅེས་པ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་བདག་ཉིད་ཀྱི་དེའི་ངོ་བོ་ཡིན་པའི་ཕྱིར་

རོ་ཞེས་པ་ནི་ནམ་མཁའ་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་ཆུད་པའི་ཕྱིར་རོ། །ཁྱབ་པ་ནི་ནམ་མཁའ་ཁྱབ་པར་བྱེད་པ་སྟེ། མེ་དྲོ་བའི་རེག་པ་བཞིན་ནོ། །ངོ་བོ་ཉིད་ལ་གནས་པ་ཞེས་པ་ནི་དངོས་པོ་རྣམས་ལ་མེད་པར་མི་འབྱུང་བས་གནས་པ་སྟེ། དངོས་པོ་ནི་འབྱུང་བ་ཆེན་པོ་ལྔའི་

རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པོ་དེ་དག་ནི་ཁྱབ་པར་བྱེད་པ་དང་མཐོང་བ་མེད་པ་ཉིད་དོ། །མངོན་པའི་ང་རྒྱལ་ཡང་ཞེས་པ་ནི་སེམས་པ་མེད་དེ། དེ་བེམས་པོ་ཡིན་པའི་ཕྱིར་རོ། །ནམ་མཁའ་དེ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་བསྡུ་བར་བྱེད་དེ། དེ་ལྟར་ཞེས་བྱ་བ་ལ་

སོགས་པས་དཔེ་བསྟན་ནས་དཔེ་ལས་བྱུང་བ་བསྟན་པར་བྱ་སྟེ། ཇི་ལྟར་ནམ་མཁའ་ལ་བུམ་པ་ལ་སོགས་པས་ལྡན་པ་དང་མི་ལྡན་པ་མེད་པ་དེ་བཞིན་དུ་རྨི་ལམ་དང་དེའི་འབྲས་བུ་དག་ལ་ཡང་ལྡན་པ་དང་མི་ལྡན་པ་དག་མེད་དོ་ཞེས་བསྟན་ཏོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཞིག་

རྨི་ལམ་ནི་དོན་མེད་པ་རང་གི་རྣམ་པར་རྟོག་པའི་བག་ཆགས་ལས་འབྱུང་བར་འགྱུར་ཏེ། དེའི་འབྲས་བུ་དང་འབྲེལ་པས་ག་ལས་འགྱུར་ཞེས་བྱ་བ་ནས་རྨི་ལམ་དང་འབྲས་བུ་དག་མི་ལྡན་པའོ། །འོན་ཀྱང་རྣམ་པར་མི་རྟོག་པ་ཉིད་རྨི་ལམ་ལྟར་སོ་སོར་སྣང་བའི་འབྲས་བུའི་

རྣམ་པར་སྣང་བར་འགྱུར་རོ་ཞེས་དེ་དག་དང་ལྡན་པའོ། །དེ་ཉིད་ཀྱི་རྣམ་པར་དག་པ་ཞེས་པ་ནི་ནམ་མཁའི་དེ་ཁོ་ན་ཉིད་བསྟན་ཏོ། །ཇི་ལྟ་ཇི་ལྟར་ནམ་མཁའ་ལ་མཐོང་བ་མེད་པ་དང་ཐོས་པ་མེད་པ་ཉིད་ཡོད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་སོ་སོར་སྣང་བ་སྟེ། རང་བཞིན་མེད་

Vol. 33 · folio 102b

པའོ། །ཅི་དགོས་ཞེས་བྱ་བ་ལ་སོགས་པས་རྨི་ལམ་དེའི་འབྲས་བུ་དག་ངོ་བོ་མེད་པ་ཡང་མ་ཡིན་ནོ་ཞེས་བསྟན་ཏོ། །བརྟགས་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དང་ཁམས་གསུམ་ལ་གནས་པའི་

ངག་གི་སྤྲོས་པ་དེ་དག་ཐམས་ཅད་སེམས་ཀྱི་རང་བཞིན་ཁོ་ན་དང་དེ་བཞིན་དུ་སེམས་ཀྱི་རྣམ་པ་སོ་སོར་སྣང་བ་ལུས་དང་ངག་དང་སེམས་དང་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་གང་ཡིན་པ་དེ་རྣམས་ལ་ཁྱབ་པར་བྱེད་པ་ནམ་མཁའ་དང་ཁྱབ་པར་བྱ་བའི་

སེམས་ཅན་གྱི་རིགས་བཞིའི་དབྱེ་བས་གནས་པ་དེ་དག་ཐམས་ཅད་ཇི་ལྟར་སྔར་བཤད་པའི་རིགས་པས། ནམ་མཁའ་དང་འདྲ་བ་བཞིན་དུ་ཆོས་ཐམས་ཅད་བསྐྱེད་པ་དང་། གནས་པ་དང་འཇིག་པ་མེད་པས་འོད་གསལ་བའི་རང་བཞིན་ཡིན་ནོ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྒྱུ་མའི་སྐུས་དངོས་པོ་རྣམས་སྒྱུ་མ་ལྟ་བུ་ཉིད་དུ་བསྟན་ཏོ། །དུས་གསུམ་དུ་གཤེགས་པ་ཞེས་པ་ནི་འདས་པ་ལ་སོགས་པའི་དུས་གསུམ་ལ་བཞུགས་པའོ། །དེ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུའོ་ཞེས་པ་ནི་འོད་གསལ་བ་ལས་ཅིག་ཅར་དུ་

འབྱུང་བའོ། །དེ་འབྱུང་བར་བྱེད་པ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་སྐྱེད་པར་བྱེད་པ་རྡོ་རྗེའི་གནས་ལྟ་བུ་ནི་མི་ཕྱེད་པའི་གཞིའི་རང་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དང་། ཐམས་ཅད་སྟོང་པའི་བདག་ཉིད་འོད་གསལ་བའོ། །སྟོང་ཉིད་སྙིང་རྗེ་དབྱེར་

མེད་ནི། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་འབྱུང་ངོ་། །བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་འོད་གསལ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དེ་ཡང་འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་ཏེ། སོ་སོར་ངེས་པ་གནས་པ་མེད་པས་ཁྱབ་པར་

བྱེད་པ་དེ་ཉིད་ཀྱི་ཕྱིར་དེ་ལ་དོན་དམ་པར་སྐྱེ་བ་དང་འཇིག་པ་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ལ་ཡང་སྐྱེ་བ་དང་འཇིག་པ་མེད་པ་སྟེ། འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་རྨི་ལམ་གྱི་དཔེས་དངོས་པོ་རྣམས་ངོ་བོ་མེད་པ་

Vol. 33 · folio 103a

ཡིན་ནོ་ཞེས་ཉེ་བར་བསྡུས་པ་བསྟན་ཏོ། །གཞན་ཡང་ཞེས་བྱ་བ་ནས་ཁོང་དུ་ཆུད་པར་བྱའོ་ཞེས་པའི་བར་དུ་ནི་ཇི་ལྟར་རྨི་ལམ་དང་སྐྱེས་བུ་དག་ལ་མཐོང་བར་བྱ་བ་དང་། མཐོང་བ་པོའི་མངོན་པའི་ང་རྒྱལ་མེད་པ་འོན་ཀྱང་ཕན་ཚུན་སྣང་བར་བྱ་བ་དང་སྣང་བ་པོའི་

བརྫུན་པའི་སོ་སོར་སྣང་བ་ཡོད་པ་དང་། དེ་བཞིན་དུ་སད་པའི་སྐབས་སུ་ཡང་དགེ་བ་དང་མི་དགེ་བ་ལ་སོགས་པའི་བྱ་བ་རྨི་ལམ་དང་འདྲ་བ་ཇི་ལྟར་འགྱུར་བ་དེ་བཞིན་དུ་རྫོགས་པ་དང་མ་རྫོགས་པའི་རྣལ་འབྱོར་པའི་སྒྱུ་མ་ལྟ་བུའི་སྐུ་དང་འདྲ་བར་དངོས་པོ་ཐམས་ཅད་རྟོགས་པར་

བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་ཡིད་བཞིན་གྱི་ནོར་བུ་སེམས་ཅན་ཐམས་ཅད་ལ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་མངོན་པའི་ང་རྒྱལ་མེད་པས། སྦྱིན་པ་པོ་དང་སྦྱིན་པར་བྱ་བ་དང་། ལེན་པ་མི་ལྟོས་པས་སེམས་ཅན་ཐམས་ཅད་ལ་འདོད་

པའི་འབྲས་བུ་སྟེར་བ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་སྐུ་དང་ཞི་བ་ལ་སོགས་པའི་ཕྲིན་ལས་གང་ཡིན་པ་དེ་དག་འོད་གསལ་བའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ལས་འབྱུང་བ་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་རྨད་དུ་བྱུང་བའོ་ཞེས་པའི་བར་དུ་ནི་ཤིན་ཏུ་ཟབ་པའི་ཆོས་ཐོས་པས་མི་བསྐྱོད་

པ་ལ་སོགས་པ་རྣམས་ཀྱིས་ངོ་མཚར་གྱི་སྤྱན་རྒྱས་པ་དང་འོད་གསལ་བ་ལས་བྱུང་བའི་སྒྱུ་མའི་སྐུ་ལ་ཆེད་དུ་བརྗོད་པ་ཉིད་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཞུས་པའོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བར་རུ་རུ་ཕུ་རུ་ཞེས་བྱ་ལ་སོགས་

པ་སྔར་གསུངས་པའི་སྔགས་དེ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་དང་སྔགས་དང་ཏིང་ངེ་འཛིན་དག་གིས་བསྒྲུབ་པར་བྱ་བ་ལ་སོགས་པ་ལས་ཀྱི་ཁྱད་པར་གང་ཡིན་པ་དེ་དག་ལས་བྱུང་ཞེས་ཞུས་པ་བསྟན་ཏོ། །ལན་དེ་ཞེས་བྱ་བ་ནས་ངོ་བོ་ཉིད་མེད་པར་གྲུབ་པའོ་ཞེས་པའི་བར་དུ་

ནི་དོན་དམ་པའི་ཕྱོགས་ལ་བརྟེན་ཏེ། སྔགས་དང་ཏིང་ངེ་འཛིན་དང་ལས་ཀྱི་ཚོགས་རྣམས་གང་དུ་ཡང་མི་གནས་གང་ལས་ཀྱང་མ་བྱུང་ཞེས་བསྟན་ཏོ། །འོན་ཀྱང་ཞེས་བྱ་བ་ནས། དམིགས་སུ་ཡོད་དོ་ཞེ་ན་ཞེས་པའི་བར་དུ་ནི་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཅན་སྐུ་ལ་

Vol. 33 · folio 103b

སོགས་པ་དང་དེ་ལ་དམིགས་པའི་སྔགས་དང་ཏིང་ངེ་འཛིན་དང་ལས་རྣམས་ཀུན་རྫོབ་ཏུ་ཡོད་དེ་ཞེས་བསྟན་ཏོ། །འདི་སྐད་བཤད་པ་ཡིན་ཏེ་རིམ་པ་གཉིས་ཀྱི་སྐུ་ལ་དམིགས་ནས་དེ་དག་ཐམས་ཅད་བསྒྲུབ་པར་བྱའོ། །དོན་དམ་པར་སྐུ་ནི་སྐུ་མ་ཡིན་ནོ། །དེ་བཟློག་པར་བྱ་བ་ཞེས་པ་

ནས་རྟེན་དང་བརྟེན་པ་དགག་པའོ་ཞེས་བྱ་བའི་བར་དུ་ནི་དོན་དམ་པའི་ཕྱོགས་ལ་བརྟེན་ཏེ། ལུས་ལ་སོགས་པ་ཡོད་པ་མ་ཡིན་པ་དང་། འདོད་པའི་ཁམས་ལ་སོགས་པ་ལ་མི་གནས་པ་དང་། སེམས་ནི་ལུས་ལ་མི་གནས་སོ་ཞེས་པ་ལ་སོགས་པ་ཕན་ཚུན་རྟེན་དང་བརྟེན་པ་ཉིད་མེད་པ་

སྟེ། ངོ་བོ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་བདག་ཉིད་ལ་གནས་སོ་ཞེས་བྱ་བའི་བར་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཆང་གང་དུ་གནས་ཞེས་ཞུས་པ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ལ་གནས་སོ་ཞེས་ལན་ནོ། །

ཡང་ལུས་ལ་སོགས་པ་སོ་སོར་སྣང་བའི་སེམས་གང་དུ་གནས་ཞེས་ཞུས་པ་ལ། ནམ་མཁའ་ལྟ་བུ་འོད་གསལ་བ་ལ་གནས་པ་ཞེས་ལན་བསྟན་པ་དང་། འོད་གསལ་བ་ནི་གང་དུ་གནས་ཞེས་ཞུས་པ་ལ་གང་དུའང་མི་གནས་བདག་ཉིད་ལ་གནས་ཏེ་ཆོས་ཉིད་ཡིན་པས་ན་

འོད་གསལ་བ་ནི་ཐམས་ཅད་ལ་གནས་སོ་ཞེས་བསྟན་ཏོ། །ཇི་སྐད་དུ། བུ་རམ་མངར་བ་མེ་དྲོ་བ། །ཇི་ལྟར་རང་བཞིན་ཡིན་པ་སྟེ། །ཆོས་ཀུན་ལ་ནི་སྟོང་པ་ཉིད། །དེ་ལྟ་བུ་ནི་རང་བཞིན་འདོད། །རྣམ་པ་དུ་མས་ཐ་དད་པ། དངོས་པོ་རྣམས་ནི་གོས་དང་འདྲ། སྟོང་པ་ཉིད་མེས་

བསྲེགས་གྱུར་ན། །ཐལ་བའི་དབྱེ་བ་གང་ཡང་མེད། །ལྟ་བ་ཀུན་གྱིས་བྱས་པ་རྣམས། །སྟོང་པ་ཉིད་ནི་མཐའ་ཕྱིར་བསྟན། །ཞེས་འབྱུང་བས་སོ། །དེ་ནས་ཞེས་བྱ་བ་ནས་མི་སྨྲ་བར་གྱུར་པའོ་ཞེས་པའི་བར་དུ་ནི་ཤིན་ཏུ་ཟབ་པའི་དོན་ཐོས་ནས་རྒྱུ་དང་འབྲས་བུ་དག་ལ་ངོ་མཚར་

བ་རྨད་དུ་གྱུར་པ་ཉིད་ཐོབ་ནས་དེ་བསམ་པ་དང་བསྒོམ་པའི་ནུས་པ་རྩེ་གཅིག་པ་ཉིད་ཀྱིས་དོན་དེ་ཉིད་དམིགས་པས་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བསྟན་ཏོ། །རྒྱུ་བ་དང་ཞེས་བྱ་བ་ལ་སོགས་པས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་རྡོ་རྗེ་འཆང་དང་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་

Vol. 33 · folio 104a

དང་། དེ་སྟོན་པར་བྱེད་པའི་གཞུང་གི་ཚོགས་ཀྱི་ལེའུ་ཡིན་ནོ་ཞེས་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་ཤིན་ཏུ་གསལ་བའི་དེ་ཁོ་ན་ཉིད་འགལ་བའི་ཚིག་གི་སྒོ་ནས་སོ་སོར་བསྟན་པས་སོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅྭ་

ལྔ་པའི་རྒྱ་ཆེར་བཤད་པའོ།། །།སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་དྲུག་པའི་བཤད་པ་བརྩམ་པར་བྱ་སྟེ། སྔར་བཤད་པའི་མཚན་ཉིད་ནི་ལེའུ་བཅུ་གསུམ་པ་ལས་གསུངས་པའོ། །དངོས་གྲུབ་ཐམས་ཅད་ཅེས་པ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ་ཞི་བ་

ལ་སོགས་པ་དང་། ཁམས་ལ་སྤྱོད་པ་ལ་སོགས་པའོ། །དེ་རྣམས་དཀྱིལ་འཁོར་དུ་དབང་བསྐུར་བ་ཉིད་ལ་ཞེས་པ་ནི་སྐུ་དང་གསུང་གི་དཀྱིལ་འཁོར་དག་གི་དབུས་སུ་རྡོ་རྗེ་སློབ་དཔོན་གྱིས་ཡང་དག་པར་དབང་བསྐུར་བ་ཉིད་ལ་འགྲུབ་པར་འགྱུར་རོ་ཞེས་བྱ་བའོ་ཞེས་བསྟན་པར་བྱ་

བའི་ཕྱིར་ཞེས་པ་ནི་བསྟན་པའི་ཕྱིར་རོ། །སློབ་མ་སྣོད་དུ་བྱ་བའི་དོན་དུ་ཞེས་པ་ནི་སྣོད་དུ་གྱུར་པ་བསྐྱེད་པའི་ཕྱིར་རོ། །དཀྱིལ་འཁོར་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བསྒྲུབ་པ་ནི་དེ་ལས་ཉེ་བར་དགོངས་པ་སྟེ་དེའི་ཐབས་སུ་གྱུར་པ་ལ་ལེའུ་བཅུ་དྲུག་པ་བརྩམ་པར་

བྱའོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཞིག་ལེའུ་བཞི་པ་ལས་ཐུགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བསྟན་ཏོ། །འདིར་ནི་སྐུ་དང་གསུང་གི་དཀྱིལ་འཁོར་དག་བསྟན་པར་བྱའོ། །དེ་ནས་གང་ཞིག་དབུས་ཀྱི་བདག་པོར་གྱུར་པ་དེས་ཡང་དེའི་དཀྱིལ་འཁོར་ཡིན་ནོ་ཞེས་རིན་ཆེན་

འབྱུང་ལྡན་དང་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རྟོགས་པར་བྱའོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་རྟོགས་པར་བྱའོ། །དགོངས་པ་གཅིག་ཏུ་གྱུར་ནས་ཞེས་པ་ནི་བསམ་པ་གཅིག་ཏུ་གྱུར་ནས་སོ། །

རྡོ་རྗེ་འཆང་ཆེན་པོ་ལ་ཞེས་བྱ་བ་ནས་ལྷག་མའོ་ཞེས་བྱ་བའི་བར་དུ་ནི་དཀྱིལ་འཁོར་གྱི་ཆོ་ག་ཐོས་པའི་དོན་དུ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པས་གསོལ་བ་འདེབས་པ་དང་། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པས་

Vol. 33 · folio 104b

བསྟོད་ཅིང་ཕྱིའི་མེ་ཏོག་ལ་སོགས་པ་དང་། ནང་གི་བདུད་རྩི་ལྔ་ལ་སོགས་པ་དང་། གསང་བ་ནི་ཡུམ་རེག་བྱ་རྡོ་རྗེ་མ་ལ་སོགས་པ་དང་སྙོམས་པར་ཞུགས་པའི་བདེ་བས་མཆོད་པར་འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནས་ཕྱུང་བའོ་ཞེས་པའི་བར་དུ་ནི་སྐུའི་དཀྱིལ་

འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུའི་དཀྱིལ་འཁོར་གྱི་ཆོ་ག་བསྟན་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནས་དངོས་གྲུབ་ཐམས་ཅད་སྩོལ་བའོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་བསྟན་པ་རྩོལ་བ་བསྟན་ཏོ། །རྣམ་པར་སྣང་མཛད་ཀྱི་

དཀྱིལ་འཁོར་ནི་སྐུ་རྡོ་རྗེའི་དཀྱིལ་འཁོར་རོ། །དངོས་གྲུབ་ཐམས་ཅད་སྩོལ་བ་ཞེས་པ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་སྟེར་བའོ། །མི་བསྐྱོད་པའི་དཀྱིལ་འཁོར་དང་འདྲ་བའོ་ཞེས་པ་ནི་ལེའུ་བཞི་པ་ལས་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་དང་འདྲ་བའོ་ཞེས་བྱའོ། །

དེ་ཉིད་བསྟན་པར་བྱ་བའི་ཕྱིར། གྲུ་བཞི་ལ་སོགས་པའི་ཡོན་ཏན་གྱིས་ཞེས་སྨོས་སོ། །སོགས་པའི་སྒྲས་ནི་སྒོ་བཞི་དང་རྟ་བབས་བཞི་ལ་སོགས་པ་དང་བཅས་པའི་མཆོག་ཏུ་གྱུར་པས་ཞེས་པ་ནི་བྱ་བ་ལ་སོགས་པའི་རྒྱུད་ཀྱི་དཀྱིལ་འཁོར་ལ་ལྟོས་པས་སོ། །ཁྲུ་ནི་བཅུ་དྲུག་ཅེས་

པ་ནི་སའི་ཁམས་ནི་ཁམས་བཞིའི་ངོ་བོའི་ཆ་ཤས་ལ་ལྟོས་པས་གྲངས་བཅུ་དྲུག་ཡིན་པས་སོ། །ཟུར་བཞི་ལ་ལྟོས་པ་སྟེ་ཞེས་པ་ནི་ཁ་ཅིག་ན་རེ་ཀུན་དུ་ངོས་རེ་རེ་ཁྲུ་བཅུ་དྲུག་པ་བྱའོ་ཞེས་ཟེར་རོ། །དེ་ཡང་ཕུན་སུམ་ཚོགས་པ་དང་ལྡན་པའི་རྒྱལ་པོ་དང་བློན་པོ་དང་ཁྱིམ་བདག་རྣམས་

ལ་བྱའོ། །ཐ་མལ་པ་རྣམས་ལ་ཕྱོགས་བཞི་ལ་ལྟོས་པས་སོ། །ཟླུམ་པོ་མ་ཡིན་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་བཀག་པའོ། །ནང་གི་དཀྱིལ་འཁོར་ནི་ཟླུམ་པོ་ཁོ་ན་ཞེས་དགོངས་པའོ། །དྲི་མ་མེད་པའི་ཚོན་ཞེས་པ་ནི་ཚོན་དག་པས་སོ། །སངས་རྒྱས་ཀུན་གྱིས་ཞེས་པ་

ནི་སྤྲུལ་པར་འགྱུར་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་འཆང་གིས་སོ། །རབ་ཏུ་བསྔགས་པ་ཞེས་པ་ནི་བསྟན་པའོ། །བདག་པོ་ཉིད་ཀྱིས་མཛེས་པར་གྱུར་པ་ཞེས་པ་ནི་གཙོ་བོས་བརྒྱན་པ་སྟེ། སྐུ་རྡོ་རྗེའི་

Vol. 33 · folio 105a

གཙོ་བོ་དཀྱིལ་འཁོར་ཡིན་པས་སོ། །ནང་དུ་ནི་ཕྱིའི་དཀྱིལ་འཁོར་བཀག་པའོ། །ཆོ་ག་ནི་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་འདུས་པ་ལས་གསུངས་པའི་ཇི་ལྟར་དཀྱིལ་འཁོར་གྱི་ཆོ་ག་དེ་གཟུང་བ་ལ་རྩོལ་བའི་བློས། སྐུའི་དཀྱིལ་འཁོར་དང་འཆད་

པར་འགྱུར་བའི་གསུང་གི་དཀྱིལ་འཁོར་ཡང་བྲི་བར་བྱའོ་ཞེས་བསྟན་ཏོ། །དེ་ཡང་ལེའུ་བཞི་པ་ལས་རྒྱས་པར་བསྟན་པས་ན་འདིར་མ་བཤད་དོ། །ཞར་ལ་འོག་ཏུ་ཡང་ཅུང་ཟད་བཤད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྲིས་ནས་ཞེས་བྱ་བ་ལ་སོགས་པས་གཞིའི་དཀྱིལ་འཁོར་

བྲིས་ཏེ། གཞི་ཅན་གྱི་དཀྱིལ་འཁོར་རྣམ་པར་སྣང་མཛད་ཀྱི་བདག་པོ་ལྷ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བ་བྲི་བར་བྱའོ་ཞེས་བསྟན་ཏོ། །སློབ་དཔོན་ཏེ་ཞེས་པ་ནི་དེ་ཁོ་ན་ཉིད་བཅུ་མཁྱེན་པས་སོ། །དེ་ཁོ་ན་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་ངེ་འཛིན་དང་ཕྱག་རྒྱ་དང་། །སྔགས་དང་

བྱེད་དང་འདུག་སྟངས་སྦྱིན་སྲེག་དང་། །སྔགས་དང་ཕྱག་རྒྱ་དེས་བྱ་འདུས་པ་ནི། །སྔགས་ཀྱི་ཚུལ་ལ་དེ་ཉིད་བཅུ་བསྟན་ཏོ། །ཞེས་འབྱུང་ངོ་། །རྡོ་རྗེ་དང་པདྨ་ཡང་དག་པར་འདུས་པར་ཞེས་བྱ་བ་ནས་སྐུའི་དཀྱིལ་འཁོར་འདི་ཡིན་ནོ་ཞེས་པའི་བར་དུ་ནི་རབ་ཏུ་གནས་པའི་ཆོ་ག་དང་མཆོད་

པའི་ཆོ་ག་དང་སློབ་མ་འཇུག་པ་དང་། ལྷག་པར་གནས་པ་དང་དབང་བསྐུར་བ་ལ་སོགས་པ་བྱས་ནས་པདྨ་དང་རྡོ་རྗེ་སྙོམས་པར་ཞུགས་པའི་མཚན་ཉིད་ཀྱི་གསང་བའི་མཆོད་པས་མཆོད་ལ་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔས་སྐུའི་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་བསྟན་

ཏོ། །དེ་ནས་ཞེས་བྱ་བ་ནས་དེ་སྟོན་པའོ་ཞེས་པའི་བར་དུ་ནི་གསུང་གི་དཀྱིལ་འཁོར་བསྟན་པའི་ཕྱིར་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར་རོ། །ཁྲུ་ཉི་ཤུ་ཞེས་པ་ནི་རྣམ་པ་བཞིའི་ངག་རེ་རེ་རྣམ་པར་ཤེས་པ་

ལྔ་ལས་བྱུང་བའི་རྣམ་པར་དག་པའི་ངོ་བོ་ཡིན་པས་སོ། །ངོས་རེ་རེ་ཞིང་ཁྲུ་ལྔ་ལྔ་ཞེས་པ་ནི་ཐ་མལ་པ་རྣམས་ཀྱིའོ། །འབྱོར་པ་ཚོགས་ན་ཕྱོགས་རེ་རེར་ཁྲུ་ཉི་ཤུ་རྒྱལ་པོ་ལ་སོགས་པ་ལ་བྱའོ། །དེ་བཞིན་གཤེགས་པ་ལྔའི་ཁ་དོག་གིས་ཞེས་བྱ་བ་ལ་སོགས་པས་སྔར་བཤད་

Vol. 33 · folio 105b

པའི་མཚན་ཉིད་ཀྱི་ཐིག་སྐུད་ཀྱིས་དབུས་ཀྱི་དཀྱིལ་འཁོར་ཟླུམ་པོ་པདྨའི་ཕྲེང་བས་བསྐོར་བ། རིགས་དང་རྗེས་སུ་མཐུན་པ་བྲི་བར་བྱའོ་ཞེས་བསྟན་ཏོ། །དཀྱིལ་འཁོར་དེར་ཞེས་བྱ་བ་ནས་དགྱེས་པར་འགྱུར་ཞེས་པའི་བར་དུ་ནི་གཞིའི་དཀྱིལ་འཁོར་རྫོགས་ན་གཞི་ཅན་གྱི་དཀྱིལ་

འཁོར་འོད་དཔག་ཏུ་མེད་པ་བདག་པོ་ལྷ་སུམ་ཅུ་རྩ་གཉིས་ཀྱིས་བསྐོར་བར་བྱའོ། །དེའི་ཚེ་དེ་བཞིན་གཤེགས་པ་རྣམས་མཉེས་པར་འགྱུར་བ་དང་། དཀྱིལ་འཁོར་ལ་བྱིན་གྱིས་བརླབ་པར་འགྱུར་རོ་ཞེས་བསྟན་ཏོ། །བཤང་གཅི་ཞེས་བྱ་བ་ནས་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་

རོ་ཞེས་པའི་བར་དུ་ནི་སྔ་མ་བཞིན་དུ་རབ་ཏུ་གནས་པ་ལ་སོགས་པ་བྱས་ནས་བདུད་རྩི་ལྔ་དང་ལྕགས་ཀྱུ་ལ་སོགས་པས་བདག་ཉིད་དང་སློབ་མ་དང་དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་ཚུལ་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བའི་བར་དུ་ནི་

ལེའུ་བཞི་པ་ལ་གསུངས་པའི་ཐུགས་ཀྱི་དཀྱིལ་འཁོར་དང་བཅས་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྟན་པ་དང་དེའི་འོག་ཏུ་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པ་དང་། དཀྱིལ་འཁོར་པ་སུམ་ཅུ་རྩ་གཉིས་ཀྱི་ནང་ན་གང་ཡང་རུང་བའི་དབུས་ཀྱི་གཙོ་བོ་ཡིན་ན་དེའི་དཀྱིལ་

འཁོར་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ལྷ་སུམ་ཅུ་རྩ་གཉིས་བདག་ཉིད་ཅན་གྱི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་གཅིག་ཏུ་བསྡུས་ནས་ལྷ་སྟོང་ཕྲག་གཅིག་དང་ཉི་ཤུ་རྩ་བཞིར་འགྱུར་རོ། །དེ་ནས་ཞེས་བྱ་བ་ནས། སྐུ་ལ་སོགས་པ་ཕྱུང་ངོ་ཞེས་པའི་བར་དུ་ནི་རྣམ་པ་སྣ་ཚོགས་པའི་

དཀྱིལ་འཁོར་པ་རྣམས་སྤྲོས་པས་འགྲོ་བའི་དོན་བྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་གསུངས་སོ་ཞེས་བསྟན་ཏོ། །རྡོ་རྗེ་འཛིན་པ་ཞེས་བྱ་བ་ནས་དེའི་ནང་དུ་འདུས་པ་ཡིན་ནོ་ཞེས་པའི་བར་དུ་ནི་རེ་ཞིག་སྐུ་ལ་སོགས་པ་རྣམ་པར་དག་

པས་གཙོ་བོར་གྱུར་བའི་དཀྱིལ་འཁོར་གསུམ་བྱས་ཏེ། འོན་ཀྱང་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི་རིགས་དེའི་ནང་དུ་འདུས་པར་འགྱུར་རོ། །དེ་ལ་གལ་ཏེ་ང་རྒྱལ་གཏི་མུག་ལས་བྱུང་བ་ཡིན་ན་དེའི་ཚེ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ནང་དུ་བསྡུས་སོ། །གལ་ཏེ་དེ་ཉིད་

Vol. 33 · folio 106a

ཞེ་སྡང་ལས་བྱུང་ན་དེའི་ཚེ་མི་བསྐྱོད་པའི་རིགས་ཀྱི་ནང་དུ་བསྡུས་སོ། །ཕྲག་དོག་ནི་ཞེ་སྡང་ལས་བྱུང་བས་ན་ཐུགས་རྡོ་རྗེའི་རིགས་ཀྱི་ནང་དུ་དོན་ཡོད་གྲུབ་པས་བསྡུས་སོ། །དེ་ལྟར་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིགས་གསུམ་ལ་བརྟེན་ནས་དཀྱིལ་འཁོར་སུམ་ཅུ་རྩ་

གཉིས་དེའི་རང་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་སྐུ་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་གསུམ་ཉེ་བར་བསྡུས་པ་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་ཕྱུང་ཞིང་གསུངས་སོ་ཞེས་བྱ་བའི་བར་དུ་ནི་

གཞིའི་དཀྱིལ་འཁོར་རྫོགས་པར་བྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏོ། །སྐུ་ལ་སོགས་པའི་གསང་བ་ནི་རྣམ་པ་གསུམ་གྱི་དཀྱིལ་འཁོར་ལའོ། །དེ་བཞིན་གཤེགས་པའི་འཁོར་ལོ་ཞེས་པ་ནི་བདག་པོ་དང་བཅས་པའི་དཀྱིལ་འཁོར་པའི་ཚོགས་སོ། །

སེམས་དགའ་བར་བྱེད་པ་ཞེས་པ་ནི་དེ་རྣམས་མངོན་དུ་བྱེད་པའོ། །དེ་ཉིད་ལྷ་ཡིན་པས་ཞེས་པ་ནི་བརྗོད་པར་བྱ་བ་དང་རྗོད་པ་དག་དབྱེར་མེད་པའི་ཕྱིར་རོ། །དཀྱིལ་འཁོར་གསུམ་པོ་ཐིག་གདབ་པ་ནི་དབྱེ་བ་བསྐྱེད་པ་ལ་ཉེ་བར་དགོངས་པས་ཐིག་ཅེས་བྱའོ། །མི་འཇིགས་པ་ཞེས་པ་ནི་ནུས་

པ་མ་ཉམས་པ་སྟེ། རང་གི་ནུས་པ་ལས་མི་འགྱུར་བའི་ཕྱིར་རོ། །སྔགས་ཐམས་ཅད་ཀྱི་ཞེས་པ་ནི་སྙིང་པོ་དང་ཉེ་བའི་སྙིང་པོ་བསྐུལ་བ་དང་རིགས་སྔགས་དང་གཟུངས་སྔགས་དང་། ཕྲེང་བའི་སྔགས་དང་ས་བོན་དང་ཆོས་ཀྱི་ཡི་གེ་དང་སྦྲུལ་དང་མགོ་མེད་དང་མཐའ་མེད་དང་བསྡུ་བ་ལ་

སོགས་པ་རྣམས་སོ། །གནས་སུ་གྱུར་པ་ནི་བསྡུ་བར་གྱུར་པས་ན་ཐ་ཚིག་གོ། །དེ་ཡང་སྔར་བཤད་ཟིན་ཏོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ནི་དཔེ་བསྟན་པའོ། །རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནས་དགོངས་སོ་ཞེས་བྱ་བའི་བར་དུ་ནི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་སྲད་བུས་ཨ་ནུ་ག་ཏ་

དང་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བསྒྲིལ་ལ་ནམ་མཁའ་ལ་ཞུགས་པའི་དེ་བཞིན་གཤེགས་པ་དང་གཅིག་ཏུ་བྱས་ཏེ། དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་ཐིག་སྐུད་ཀྱིས་དཀྱིལ་འཁོར་ལ་ཐིག་གདབ་པ་དང་། དེ་བཞིན་དུ་ཁ་དོག་ལྔ་དང་ལྡན་པའི་རྡུལ་ཚོན་དགྱེ་བར་བྱའོ། །

Vol. 33 · folio 106b

འདུས་པ་ལས་གསུངས་པའི་ཆོ་ག་བྱ་བ་ཡིན་གྱི་གཞན་དུ་ན་དངོས་གྲུབ་མི་འགྱུར་རོ་ཞེས་བསྟན་ཏོ། །དེ་བས་ཞེས་བྱ་བ་ནས་བསྒྲུབ་པར་བྱའོ་ཞེས་པའི་བར་དུ་ནི་རྡོ་རྗེ་སློབ་དཔོན་གྱིས་ལྷན་ཅིག་སྤྱོད་པ་དམ་ཚིག་གི་ཕྱག་རྒྱ་ལྷ་མོའི་གཟུགས་སུ་བསྐྱེད་དེ་རིགས་ལྔས་ཁྱབ་པར་བྱས་ལ་དེ་

དང་ལྷན་ཅིག་ཏུ་དཀྱིལ་འཁོར་ལ་ཐིག་གདབ་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཐུན་མོང་གི་ཞེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གོ་ཞེས་པའི་བར་དུ་ནི་སྐུ་ལ་སོགས་པའི་དཀྱིལ་འཁོར་གསུམ་བྲི་བར་འདོད་པའི་སྔགས་པ་རྣམས་ཀྱིས་བསྐྱེད་པའི་རིམ་པས་རྣམ་པར་སྣང་མཛད་

དང་མི་བསྐྱོད་པ་དང་འོད་དཔག་ཏུ་མེད་པའི་གཟུགས་སུ་བདག་ཉིད་བསྐྱེད་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱང་སྤྱན་མ་དང་གོས་དཀར་མོ་དང་མཱ་མ་ཀཱིའི་གཟུགས་ཅན་སྔ་མ་བཞིན་དུ་རིགས་ལྔས་བྱིན་གྱིས་བརླབས་པར་བྱས་ལ། སྔ་མ་བཞིན་དུ་ཐིག་གདབ་པར་བྱའོ། །དེ་ལྟར་

གྱུར་པའི་ཐུགས་རྡོ་རྗེ་ལ་སོགས་པས་སྒྲུབ་པ་པོ་དང་ཕྱག་རྒྱ་དག་གིས་ལུས་ལ་འཇུག་ཅིང་། དེའི་གཟུགས་ཀྱིས་དཀྱིལ་འཁོར་བྲི་བར་བསྟན་ཏོ། །སྔགས་ཀྱི་དངོས་གྲུབ་ཅེས་བྱ་བ་ནས་རྫོགས་པར་བྱེད་པའོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་བྲི་བ་རྫོགས་པར་གྱུར་ན། རང་གི་སྙིང་

ག་ནས་གནོད་མཛེས་ཀྱི་རྒྱལ་པོ་སྤྲོས་ལ། དེ་ལ་གསོལ་བ་གདབ་པ་སྔོན་དུ་འགྲོ་བར་དེ་བཞིན་གཤེགས་པ་རྣམས་དགུག་ཅིང་དཀྱིལ་འཁོར་པ་དང་གཅིག་ཏུ་བྱས་ཏེ། སྒོ་བཞི་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བར་ཁྲུས་ལ་སོགས་པ་རྫོགས་ནས། མཆོད་པ་རྣམ་པ་ལྔ་ཡིས་དུས་

གསུམ་གྱི་དེ་བཞིན་གཤེགས་པ་དང་དབྱེར་མེད་པས་མཆོད་པར་བྱའོ། །དེའི་ཚེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །སྔགས་ཐམས་ཅད་ཅེས་བྱ་བ་ནས་བྱ་བར་དགོངས་སོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་དེ་ཉིད་ལ་མཆོད་པའི་དུས་སུ་

རྡོ་རྗེ་སློབ་དཔོན་དང་རྡོ་རྗེའི་སྤུན་དང་། དགེ་སློང་དང་དགེ་ཚུལ་དང་དགེ་བསྙེན་དང་རྣལ་འབྱོར་པ་དམ་ཚིག་ཅན་དེ་ལ་གནས་པ་གང་ཡིན་པ་དེ་རྣམས་བཤང་བ་ལ་སོགས་པའི་སྒྲས་བརྡར་བྱས་པའི་འདོད་པའི་ཡོན་ཏན་ལྔས་མཆོད་པར་བྱའོ། །དེ་མེད་ན་དགག་པའི་མྱ་ངན་གཅོད་པའི་

Vol. 33 · folio 107a

ཆང་གིས་ཚིམ་པར་བྱའོ། །ད་ནི་ནང་གི་སྦྱིན་སྲེག་དང་འདའ་བར་དཀའ་བའི་དམ་ཚིག་དང་སྡོམ་པ་དེ་ཉིད་ཡིན་ནོ། །དེས་ནི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བསྒྲུབ་པར་བྱའོ་ཞེས་བསྟན་ཏེ་དེ་ཡང་སྔར་བཤད་ཟིན་པའོ། །དེ་ལྟར་ལེགས་པར་བསླབས་པའི་ཕྱག་རྒྱ་ཞེས་བྱ་བ་

ནས་ཤེས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་གང་གི་ཚེ་དཀྱིལ་འཁོར་གསུམ་འདྲི་བར་འདོད་པའི་རྣལ་འབྱོར་པས་ཕྱག་རྒྱ་མེད་ན་དེའི་ཚེ་བདག་ཉིད་སྐུའི་དཀྱིལ་འཁོར་བྲི་བའི་དུས་སུ་རྣམ་པར་སྣང་མཛད་བསྒོམས་ལ། སློབ་མ་རྡོ་རྗེ་སེམས་དཔའ་འམ་བདུད་རྩི་འཁྱིལ་པར་བསམ་པར་བྱའོ། །དེ་

བཞིན་དུ་གསུང་གི་དཀྱིལ་འཁོར་འདྲི་བར་འདོད་པས་བདག་ཉིད་འོད་དཔག་ཏུ་མེད་པར་བསྒོམས་ནས་སློབ་མས་རྣམ་པར་སྣང་མཛད་དམ་བདུད་རྩི་འཁྱིལ་པར་བསམ་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་དཀྱིལ་འཁོར་བྲི་བར་འདོད་པས་བདག་ཉིད་མི་བསྐྱོད་པར་བསམས་ལ། སློབ་མ་འོད་

དཔག་ཏུ་མེད་པའམ་བདུད་རྩི་འཁྱིལ་པར་བསམ་པར་བྱའོ་ཞེས་བསྟན་ཏོ། །སངས་རྒྱས་རྒྱལ་པོ་ཞེས་བྱ་བ་ནས་བགྲོད་པ་དམ་པའོ་ཞེས་བྱ་བའི་བར་དུ་ནི་ཁ་དོག་ལྔ་དང་ལྡན་པའི་ཐིག་སྐུད་རེ་རེ་སྣལ་མ་ལྔ་དང་ལྡན་པ། དེ་བཞིན་དུ་རྡུལ་ཚོན་རྣམས་ཀྱང་དེ་བཞིན་དུ་བྱས་ལ་དཀྱིལ་འཁོར་

ལ་ཐིག་བཏབ་པ་དང་བྲི་བར་བྱའོ་ཞེས་བསྟན་ཏོ། །འདིར་གཙོ་བོ་དང་ཡོན་ཏན་པའི་ཚུལ་གྱིས་ཞེས་པ་ནི་དེ་ལ་ཐུགས་ཀྱི་རྡོ་རྗེ་འཆང་གཅིག་པུ་ཡང་རྣམ་པར་སྣང་མཛད་ལ་སོགས་པ་གཞན་རྣམ་པ་བཞི་དང་དབྱེར་མེད་པའི་ངོ་བོ་ཉིད་ཡིན་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་ནི་གཞན་

གྱི་ཆ་དང་ལྡན་པའི་ཕྱིར་རོ། །དེ་ལ་གཙོ་བོ་ནི་ལས་ཁ་ཅིག་ཉོན་མོངས་པ་ལ་སོགས་པ་རྣམ་པར་དག་པ་ལ་བདག་པོ་ཉིད་དོ། །ཡོན་ཏན་པ་ནི་ཕྲིན་ལས་གཞན་མ་ལ་སོགས་པ་ལའོ། །དེའི་ནུས་པ་དེ་མེད་པ་མ་ཡིན་པ་སྟེ། ཡེ་ཤེས་ལྔ་ནི་ནུས་པ་ཐམས་ཅད་

དང་ལྡན་པའི་ཕྱིར་རོ། །ཇི་སྐད་དུ། གདུལ་བྱའི་བསམ་པའི་དབྱེ་བ་ཡིས། །ཡོན་ཏན་པ་དང་གཙོ་བོར་བརྟགས། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལྔ། །ནུས་པ་ཀུན་དང་ལྡན་པ་ཡིན། །ཞེས་འབྱུང་ངོ་། །དཀྱིལ་འཁོར་བྲི་བའི་དུས་སུ་ཞེས་བྱ་བ་ནས་བགེགས་བྱེད་པར་མི་ནུས་སོ་ཞེས་

Vol. 33 · folio 107b

བྱ་བའི་བར་དུ་ནི་གང་གི་ཚེ་དཀྱིལ་འཁོར་བྲི་བར་འདོད་པར་བརྩམས་ནས་ས་དང་ཆུ་དང་རླུང་དང་མེ་དང་ནམ་མཁས་བྱས་པའི་བགེགས་འབྱུང་བར་འགྱུར་ན་དེའི་ཚེ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ནག་པོ་སྤྱན་གསུམ་པ་གཡས་པ་དང་གཡོན་པའི་ཞལ་དཀར་པོ་

དང་དམར་པོ་མངའ་བ། རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་དང་། ནོར་བུ་དང་རལ་གྲི་བསྣམས་པ་གཡོན་བརྐྱང་བ་མཆེ་བ་རྣམ་པར་གཙིགས་པ་བསྒོམས་ཏེ། རྡོ་རྗེ་ལྕགས་ཀྱུ་འགོད་པའི་རྐང་པ་དག་གིས་དཀྱིལ་འཁོར་གྱི་ས་གཞིའི་ཕྱོགས་ཀུན་དུ་འཁོར་བས་སྔགས་བརྗོད་ཅིང་ཡིད་

ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ལ། རང་གི་ཕྱག་མཚན་ལས་འབྱུང་བའི་ར་བར་བའི་ཚོགས་ཀྱིས་བགེགས་དེ་རྣམས་བསྲེགས་ཤིང་ཐལ་བར་གྱུར་པར་བསམས་ལ་ཐལ་བ་ཡང་རླུང་དྲག་པོས་ཁྱེར་བར་གྱུར་པར་བསམ་པར་བྱའོ། །དེའི་ཚེ་བདེ་བས་དཀྱིལ་འཁོར་རྫོགས་པར་

འགྱུར་རོ་ཞེས་བསྟན་ཏོ། །རྡོ་རྗེ་བུམ་པ་བཞག་པ་ཞེས་བྱ་བ་ནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱའོ་ཞེས་པའི་བར་དུ་ནི་དེ་ཁོ་ན་ཉིད་འདུས་པའི་རྒྱུད་ལ་མངོན་པར་བརྩོན་པའི་སྒྲུབ་པ་པོས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་དཀྱིལ་འཁོར་པའི་གྲངས་ཀྱིས་སུམ་ཅུ་རྩ་གཉིས་དང་།

ལས་ཐམས་ཅད་པའི་བུམ་པ་དེ་མ་འཚོགས་ན་དེ་བཞིན་གཤེགས་པ་དང་ལྷ་མོའི་བུམ་པ་སྟེ་དགུ་དང་། ལས་ཐམས་ཅད་ཀྱི་བུམ་པ་སྟེ་བཅུ་ལས་ཉུང་བར་མི་བྱའོ་ཞེས་བྱ་བ་གསུངས་པས་བསྡུས་པ་དེ་རྣམས་ཀྱང་མགྲིན་པ་རིང་བ་ལྟོ་བ་རྒྱས་པ། ནག་པོ་དང་རྩ་བ་མེད་པའི་ཤིང་གི་ཡལ་ག་

དང་། རས་ཀྱིས་མགྲིན་པར་བརྒྱན་པ། ཧ་ས་དེ་བ་དང་། ཀཎྜ་ཀ་རི་དང་། བྲྀ་ཧ་ཏི་དང་། བྷ་ལ་མུ་ཏ་དང་། དཎྜོཏྤ་ལ་སྟེ་སྨན་ལྔའི་སྙིང་པོ་ཅན་དང་། དེ་བཞིན་དུ་ཨིནྡྲ་ནཱི་ལ་དང་། མར་གད་དང་། པདྨ་རཱ་ག་དང་། བཻ་ཌཱུརྱ་དང་། ཤེལ་ཏེ་རིན་པོ་ཆེ་ལྔ་དང་ལྡན་པ། ནས་དང་། ཏིལ་དང་

མ་ཤ་དང་། སོ་བ་དང་། གྲོ་སྟེ་འབྲུ་ལྔ་དང་ལྡན་པ་དྲི་བཟངས་ཀྱི་ཆུས་ཡོངས་སུ་གང་བ། འོག་ཏུ་འབྲས་དང་གླ་གོར་ཞོ་ཤ་དང་བིལ་བ་དང་། ཛཱ་ཏི་ཕ་ལ་དང་། ཏརྐ་ཀ་དང་། པ་ནི་དང་བཅས་པའི་སྣོད་གང་བས་བརྒྱན་པ་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམ་པ་ལྔས་མཆོད་པར་

Vol. 33 · folio 108a

བྱས་པ་མེ་ཏོག་གི་ཕྲེང་བ་དང་དར་དཔྱངས་ཀྱིས་བརྒྱན་པ་ལེགས་པར་བདུགས་པས་རང་རང་གི་རིགས་ཀྱི་ཆོས་ཀྱི་ཡི་གེས་མཚན་པ་ཤར་ལ་སོགས་པ་ཕྱོགས་དང་མཚམས་དང་མདུན་དང་གཡས་ཕྱོགས་སུ་གཞག་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་དཀྱིལ་འཁོར་

ཡོངས་སུ་རྫོགས་ནས་ཞེས་བྱ་བ་འདིས་རྒྱུད་ཀྱི་ཚིག་རྣམས་མདོ་སྤྲོས་བྱས་ནས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྫོགས་ལ། དེ་ནས་སྦྱིན་སྲེག་བྱའོ་ཞེས་བྱ་བ་འདིས་སྔགས་ཀྱི་ལྷ་རྣམས་ཚིམ་པར་བྱ་བའི་ཕྱིར་དང་། དེ་བཞིན་དུ་བགེགས་རྣམས་ཞི་བར་བྱ་བའི་ཕྱིར་དང་། སློབ་མའི་

ཚོགས་དང་རྒྱལ་པོ་ལ་སོགས་པ་དང་། སྐྱེ་དགུ་རྣམས་ལ་ཞི་བའི་ཕྱིར་སྦྱིན་སྲེག་བྱ་སྟེ། དམ་ཚིག་གི་མེ་ལྷའི་ཞལ་ནས་ཡེ་ཤེས་ཀྱི་མེ་ལྷ་དང་དཀྱིལ་འཁོར་པ་རྣམས་ཚིམ་པར་བྱའོ་ཞེས་དགོངས་པའོ། །ཇི་སྐད་དུ། མ་བཟླས་པས་ནི་སྔགས་མི་འགྲུབ། །སྦྱིན་སྲེག་མ་བྱས་འབྲས་མི་

འབྱིན། །དེ་ཕྱིར་ལས་རྣམས་ཐམས་ཅད་ལ། །སྦྱིན་སྲེག་ལས་ནི་རབ་ཏུ་འདོད། །ཆར་དཀོན་དུས་སུ་ཇི་ལྟར་འབྲུ། །སྐམས་པ་ཆར་གྱིས་ཚིམ་གྱུར་པ། །དེ་བཞིན་སྐྱེ་དགུ་ཐམས་ཅད་ནི། །སྦྱིན་སྲེག་གིས་ནི་ཚིམ་པར་འགྱུར། །ཞེས་འབྱུང་ངོ་། །དེ་ལ་མེ་ཐབ་ནི། གདུལ་བྱའི་དབང་གིས་

མཐའ་ཡས་པ། །རིགས་ཀྱི་དབྱེ་བ་རྣམ་པ་ལྔ། །ལས་ཀྱི་དབྱེ་བས་བཞི་ཡིན་ཏེ། །མེ་ཐབ་དེ་ལྟར་གཏན་ལ་དབབ། །ཞི་བ་ལ་ནི་ཟླུམ་པོ་དཀར། །རྒྱས་པར་སེར་པོ་གྲུ་བཞི་པ། །དབང་ལ་དམར་པོ་གྲུ་གསུམ་པ། །གསོད་ལ་ནག་པོ་གཞུ་བཞིན་ནོ། །དེ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་

དུ་དཀྱུས་དང་དཔངས་སུ་ཁྲུ་གཅིག་དང་ཁྲུ་ཕྱེད་དང་ཁྲུ་གཉིས་དང་ཁྲུ་བཞི་དང་ལྷག་མ་རྣམས་དེ་དང་འདྲ་བ། ཁྲུ་བཞི་པ་དང་། ཁྲུ་གཉིས་པ་དང་། ཁྲུ་བརྒྱད་པ་དང་། ཁྲུ་བཞི་པ་ཞེས་བྱའོ། །ཁྲུ་གང་གི་ཚད་ཙམ་གྱིས་མེ་ཐབ་ལས་སོར་བཞི་དཔངས་ཏེ། དཔངས་དང་དཀྱུས་སུ་ཁ་

ཁྱེར་སོར་བཞི་པ་དེ་འདྲ་བར་བྱའོ། །དེ་བཞིན་དུ་བརྒྱད་དང་བཅུ་དྲུག་ཅེས་བྱའོ། །མེ་ཐབ་ཐམས་ཅད་ཀྱི་རང་རང་དང་འདྲ་བའི་ཁ་ཁྱེར་བྱའོ། །མེ་ཐབ་ཐམས་ཅད་ཀྱི་ཕྱི་རོལ་དུ་གྲུ་བཞི་པ་དང་སྒོ་བཞིའི་དཀྱིལ་འཁོར་དུ་ཐིག་བཏབ་ནས་ཤར་གྱི་སྒོ་ལ་སོགས་པ་ལ་ལྕགས་ཀྱུ་དང་ཞགས་པ་

Vol. 33 · folio 108b

དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་ཀྱི་ཕྱག་མཚན་བྲི་བར་བྱའོ། །དེའི་ཤར་གྱི་སྣམ་བུ་ལ་པདྨ་དང་ནགས་ཀྱི་ལྕུག་མ་དང་བགྲང་ཕྲེང་དང་གུནྡྷེ་དང་། ཀྲྀཥྞ་ས་རའི་པགས་པ་བྲིའོ། །ལྷོའི་སྣམ་བུ་ལ་རྩེ་གསུམ་དང་། ཟླ་བ་ཕྱེད་པ་དང་། རྒྱལ་མཚན་དང་། རལ་པའི་ཐོར་ཚུགས་དང་། མིག་

ཅེས་པ་ལྔའོ། །ནུབ་ཀྱི་སྣམ་བུ་ལ་འཁོར་ལོ་དང་། རལ་གྲི་དང་། ཕུབ་དང་། མདུང་དང་། བེ་ཅོན་ཏེ་ལྔའོ། །བྱང་གི་སྣམ་བུ་ལ་མདུང་རྩེ་དང་། དྲིལ་བུ་དང་། བ་དན་དང་། རྨ་བྱ་དང་། ར་སྐྱེས་ཏེ་ལྔ་བྲི་བར་བྱའོ། །དེ་ལྟ་བུའི་མེའི་ཐབ་ཀྱི་དབུས་སུ། འཁོར་ལོ་དང་། རྡོ་རྗེ་དང་། རིན་

པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་སྟེ་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་མཚན་མས་བརྒྱན་པར་བྱས་ལ་ལས་ཐམས་ཅད་པ་ནི་རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་པར་བྱའོ། །ཡང་ན་ལས་ཐམས་ཅད་པ་ནི་ཟླུམ་པོ་ཁོ་ན་སྟེ། འོན་ཀྱང་ནང་གི་པདྨའི་ལྟེ་བར་སྣ་ཚོགས་རྡོ་རྗེ་

དང་། འདབ་མ་རྣམས་ལ་རྡོ་རྗེ་བརྒྱད་བྲིས་ལ། ལྷག་མ་ནི་སྔ་མ་བཞིན་ནོ། །དཀྱིལ་འཁོར་རམ་ལྷའི་ཁང་པར་ཤར་ཕྱོགས་སུ་ཞི་བའི་མེ་ཐབ་དང་། དེ་བཞིན་དུ་ལྷོ་དང་། ནུབ་དང་བྱང་ཕྱོགས་སུ་རྒྱས་པ་དང་དབང་དང་དྲག་པོའི་མེ་ཐབ་བྱའོ། །ཡང་ན་ལས་དང་རྗེས་སུ་མཐུན། །

རྡུལ་ཚོན་གྱིས་ནི་མེ་ཐབ་བྲི། །དེ་ཕྱིར་བརྐོས་དང་རྡུལ་ཚོན་གྱིས། །མེ་ཐབ་རྣམ་པ་གཉིས་སུ་འདོད། །ཅེས་འབྱུང་ངོ་། །དེ་ནི་མེ་ཐབ་ཀྱི་མཚན་ཉིད་དོ། །ཡམ་ཤིང་རྣམས་ཀྱི་མཚན་ཉིད་ནི། །བླང་དོར་དབྱེ་བས་བཤད་པར་བྱ། །བ་ལ་ཤ་དུ་མ་ཨ་མྲ་དང་། ཀ་དམ་པ་དང་ཀས་མི་རྒྱ། །ཨ་

ཤྭང་པླག་ཤ་ལས་འབྱུང་བ། །ཤ་མི་ཁ་དང་འོ་མ་ཅན། །འོ་མ་དང་བཅས་རློན་པ་སྟེ། །མཉམ་པོར་བཅད་པར་འདོད་པ་ཡིན། །མཐོ་གང་ཙམ་གྱི་ཚད་དང་ལྡན། །སྦྲང་རྩི་འོ་མ་མར་གྱིས་བྱུགས། །དཀར་པོའི་དྲི་ཆུས་བསྐུས་པ་ཡི། །འོ་མ་དང་བཅས་ཡམ་ཤིང་འདོད། །ཇི་སྐད་དུ།

རྒྱས་པར་སོར་ནི་བཅུ་བཞི་པ། །ཞི་བར་སོར་ནི་བཅུ་གཉིས་ཏེ། །དབང་ལ་སོར་ནི་བཅུ་པ་དང་། །སྡང་དང་དགར་བ་སོར་བརྒྱད་པའོ། །རྙིང་ཞིང་ཆག་པ་འབུས་ཟོས་པ། །འབད་དེ་རྣམ་པར་སྤང་བར་བྱ། །མཆོད་སྦྱིན་པ་ཡི་ཤིང་རྣམས་ཀྱི། །སྲོག་ཆགས་མེད་པའི་བུད་ཤིང་གང་། །མེ་

Vol. 33 · folio 109a

ཐབ་ལས་ནི་ཅུང་ཉུང་བའི། །ཚད་དང་ལྡན་པ་ངེས་པར་བྱ། །ཡང་ན་དགོན་པའི་ལྕི་བ་སྟེ། །བློ་དང་ལྡན་པས་བླང་བར་བྱ། །ཞེས་བྱ་བ་ལ་ནི་ཡམ་ཤིང་དང་བུད་ཤིང་གི་མཚན་ཉིད་དོ། །གསེར་རམ་ཟངས་ཀྱི་རང་བཞིན་ཏེ། །ནིམ་པའམ་ནི་སེང་ལྡེང་ངམ། །འོ་མ་ཅན་གྱི་ཤིང་

སོགས་ཀྱི། །སྦྱོར་བ་འདི་ནི་རབ་ཏུ་གྲགས། །སོར་ནི་ཉི་ཤུ་རྩ་བཞི་ཡི། །དེ་ཉིད་ཀྱིས་ནི་ཚད་བྱས་ཏེ། །སྣོད་དང་དབྱིག་པ་གཉིས་བྱས་ནས། །དེ་ཡི་ཁ་ནི་སོར་དྲུག་པ། །ད་ནི་ཀུན་དུ་སོར་བཞི་པ། །རྡོ་རྗེ་ཕྲེང་བ་སོར་གཉིས་ཏེ། །དེ་ལས་གཞན་ནི་དབུས་ཡིན་ཏེ། །སོར་ནི་བཞི་ཡི་ཚད་

ཙམ་བྱ། །དེ་ཡང་འོག་ཏུ་བརྐོས་ནས་ནི། །བརྐོ་སའི་ཚད་ནི་སོར་གཉིས་པ། །དེ་ཡི་དབུས་སུ་པདྨ་སྟེ། །ལྟེ་བ་རྡོ་རྗེས་མཚན་པར་བྱ། །སོར་མོ་མཐེ་ཆུང་ཚད་ཙམ་གྱི། །ཁུ་བཅུད་འཛག་པར་རབ་ཏུ་གྲགས། །རྩེ་མོའི་ཆ་རུ་རིན་པོ་ཆེ། །སོར་དགུ་ཀུན་དུ་མཐོ་བར་བྱ། །པདྨའི་འདབ་

མ་དང་འདྲ་བ། །མཐར་ནི་རྒྱལ་བས་གསུངས་པ་ཡིན། །དེ་དབུས་རྡོ་རྗེ་རྩེ་གསུམ་པ། །དབྱིག་པའི་མཐར་ནི་སོར་དྲུག་སྟེ། །ཟླ་བ་རིན་ཆེན་དེ་ཡི་མཐར། །གང་གིས་དབྱིག་པ་ཉེས་མི་འགྱུར། །དེ་ཉིད་ཀྱི་ནི་ཚད་ཀྱིས་ཏེ། །བླུགས་གཟར་གྱི་ནི་ཆོ་ག་བྱ། །མཐར་ནི་སོར་གཉིས་

རྒྱ་ཆེ་བས། །ཁ་ནི་པདྨ་འདབ་དང་མཚུངས། །དེ་ཡི་ཕྱེད་ཙམ་བརྐོས་པ་སྟེ། །དེ་ཡི་དབུས་ནི་རྡོ་རྗེས་མཚན། །དེ་ལྟར་དགང་གཟར་བླུགས་གཟར་གྱི། །མཚན་ཉིད་ཆེན་པོ་གསུངས་པ་ཡིན། །ཞེས་དེ་ནི་སྦྱིན་སྲེག་གི་སྣོད་ཀྱི་མཚན་ཉིད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། །ཁྲུས་ཤིང་

གཙང་སྦྲ་དྲིས་བྱུགས་པ། །ཇི་ལྟར་གསུངས་པའི་རྒྱན་དང་ལྡན། །ཞི་བ་རྒྱས་དང་དབང་དགུག་དང་། །སྡང་བ་དགར་བ་གསོད་པ་སྟེ། །སྦྱིན་སྲེག་ལས་ལ་བརྩོན་བདག་ཉིད། །རང་ལྷག་ལྷ་ཡི་རྣལ་འབྱོར་ལྡན། །སེམས་ཅན་ཀུན་ལ་ཕན་ལ་བརྩོན། །ཇི་ལྟར་གསུངས་པ་

ཐམས་ཅད་བྱ། །དེ་ལ་ཞི་བ་ལ་ནི་གོས་དཀར་པོ་དང་ཅོད་པན་ཐོགས་པ་དག་བྱེད་པ་དང་གདུ་བུ་དང་ཇི་ལྟར་གསུངས་པའི་བསྲུང་བའི་འཁོར་ལོ་བཟླས་པ། བྱམས་པ་ཆེན་པོའི་སེམས་དང་ལྡན་པ་མི་སྨྲ་བས་སྦྱིན་སྲེག་གི་ས་རུ་འཇུག་སྟེ་འཇམ་པའི་གདན་ལ་པདྨའི་སྐྱིལ་མོ་ཀྲུང་གིས་

Vol. 33 · folio 109b

འདུག་སྟེ། ལག་པ་གཉིས་མཁྲིག་མའི་བར་དུ་དྲི་བཟང་གིས་བྱུགས་ལ་སྲོད་ལ་ཤར་དུ་ཁ་བལྟས་པས་བསྒྲུབ་བྱ་བླངས་ནས་ཉའམ་ཚེས་གཅིག་ལ་བརྟེན་ཏེ་ཞག་གསུམ་མམ་བདུན་གྱི་བར་དུ་གཞན་གྱི་དོན་དུ་ཞི་བའི་ལས་བྱའོ། །དེ་བཞིན་དུ་གོས་སེར་པོ་ལ་སོགས་པའི་རྒྱན་དང་ལྡན་

པའམ། རྣམ་པ་སྣ་ཚོགས་པའི་གོས་དང་ལྡན་པ་ཡིད་དགའ་བ་བྱང་དུ་ཁ་བལྟས་པ་བཟང་པོའི་འདུག་སྟངས་ཀྱིས་གནས་པ་རྐང་པ་གཡོན་པས་རྐང་པ་གཡས་པ་མནན་ཞིང་མིག་མི་གཡོ་བ། སོ་རྣམས་གཙིགས་པ་ཉ་ནས་བརྩམས་ཏེ་ཕྱི་མའི་བར་དུ་རྒྱས་པའི་ལས་བྱའོ། །དེ་བཞིན་དུ་

ཁྲོས་པས་གོས་སྔོན་པོ་ལ་སོགས་པའི་རྒྱན་དང་ལྡན་པ་ཁྲག་དང་ཆུས་གཤེར་བའི་གོས་དང་ལྡན་པ་རོའི་སྟེང་དུ་ཙོག་པུའི་འདུག་སྟངས་ཀྱིས་གནས་པ་རྐང་པ་གཡོན་པས་རྐང་པ་གཡས་པ་མནན་ཞིང་མིག་མི་གཡོ་བར་སོ་རྣམས་གཙིགས་པ་སྙིང་རྗེས་དཀོན་མཆོག་གསུམ་ལ་གནོད་

པར་བྱེད་པ་ལ་འཇིགས་པར་བྱེད་པའི་ཕྱིར་མངོན་སྤྱོད་ཀྱི་ལས་བྱའོ། །དེ་ནི་སྒྲུབ་པ་པོའི་ཚོགས་པའོ། །དེ་ནས་རང་གི་འདོད་པའི་ལྷའི་རྣལ་འབྱོར་ཇི་ལྟར་གསུངས་པ་ལས་དང་རྗེས་སུ་མཐུན་པ་བྱས་ཏེ། བགེགས་ཀྱི་ཚོགས་ལ་ཕུར་བུས་གདབ་པ་དང་རྡོ་རྗེ་དྲ་བ་ལ་སོགས་པ་བྱས་ཏེ། ཡི་

གེ་ཧཱུཾ་ངམ་རང་གི་ཆོས་ཀྱི་ཡི་གེ་ལས་མེ་ཐབ་བསྐྱེད་ལ། དེའི་དབུས་ཀྱི་ལྟེ་བར་ཡི་གེ་རཾ་འབར་བ་ཡོངས་སུ་གྱུར་པ་ལས་གྲུ་གསུམ་བསམས་ལ། དེའི་ཟུར་གསུམ་ཤར་ལ་སོགས་པ་ལ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་ལས། འདོད་པ་དང་གཟུགས་དང་གཟུགས་མེད་པའི་

ཁམས་གསུམ་གྱི་ངོ་བོ་འཁོར་ལོ་དང་པདྨ་དང་རྡོ་རྗེ་གསུམ་ས་བོན་དང་བཅས་པར་བསྐྱེད་ལ་དབུས་སུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་འབར་བ་དང་བཅས་པར་ལྟ་སྟེ། ཕྱག་མཚན་གསུམ་དང་ཡི་གེ་རཾ་དེ་དག་ཡོངས་སུ་གྱུར་པ་ལས་འབར་བའི་དབུས་སུ་ཆུའི་དཀྱིལ་འཁོར་ལ་

གནས་པ་དག་བྱེད་ཀྱི་མེ་ལྷ་ཁམས་གསུམ་གྱི་བདག་ཉིད་ཞི་བའི་དོན་ཏུ་བསྒོམ་པར་བྱའོ། །ཞི་བ་ལ་དཀར་པོ་ཞལ་གཅིག་པ་སྤྱན་གསུམ་པ་ཕྱག་བཞི་པ་རལ་པའི་ཐོར་གཙུག་ཅན། ཕྱག་གཡས་པ་དག་ལ་དབྱིག་པ་དང་མི་འཇིགས་པ་གཡོན་པ་དག་ལ་ཕྲེང་བ་དང་གུནྡྷེ་འཛིན་པ་ན་བཟའ་

Vol. 33 · folio 110a

དཀར་པོ་དང་རྒྱན་དང་ལྡན་པ། མཆོད་ཕྱིར་ཐོགས་པ་ཡན་ལག་ཐམས་ཅད་ལས་བདུད་རྩི་དཀར་པོ་སྤྲོ་བར་བྱེད་པ་བལྟ་བར་བྱའོ། །རྒྱས་པ་ལ་ཡང་དེ་བཞིན་ནོ། །འོན་ཀྱང་ཁ་དོག་སེར་པོ་གོས་དང་རྒྱན་ལ་སོགས་པ་སེར་པོས་བརྒྱན་པ། དབང་ཆེན་གྱི་དཀྱིལ་འཁོར་

ལ་གནས་པ་ཡེ་ཤེས་ཀྱི་མེ་ལྷ་མཆོག་སྦྱིན་གྱི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་སྟོབས་དང་ཁ་དོག་དང་དཔལ་གྱིས་ཕུན་སུམ་ཚོགས་པ་འཕེལ་བར་བྱེད་པ་བསྒོམ་པར་བྱའོ། །དེ་བཞིན་དུ་དབང་དང་དགུག་པ་དག་ལ་ཁ་དོག་དམར་པོ་འདོད་པའི་མེ་ལྷ་མེའི་དཀྱིལ་འཁོར་ལ་གནས་པ་ན་བཟའ་

དང་རྒྱན་དམར་པོ་ལ་སོགས་པས་བརྒྱན་པ། ཕྱག་གཡས་པ་དང་གཡོན་པ་དག་ལ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་བསྒོམས་ཏེ་ལྷག་མ་ནི་སྔ་མ་བཞིན་ནོ། །གསོད་པ་ལ་རླུང་གི་དཀྱིལ་འཁོར་ལ་གནས་པ་ཁ་དོག་ནག་པོ་མཆེ་བ་རྣམ་པར་གཙིགས་པ་མིག་གཡོ་བ། ཡི་གེ་ཧཱུཾ་

ལས་བྱུང་བ་ཁ་དོག་ནག་པོ་ན་བཟའ་ལ་སོགས་པས་བརྒྱན་པ། ཕྱག་གཡས་པ་རལ་གྲི་དང་གཡོན་པ་ལ་སྡིགས་མཛུབ་འཆང་བ། སྐྲ་འབར་བ་གྱེན་དུ་བརྫེས་པ། འཇིགས་བྱེད་ཆེན་པོའི་འབར་བ་ནག་པོས་ཁམས་གསུམ་ཁྱབ་པ་རླུང་གི་མེ་ལྷ་བསྒོམ་པར་བྱའོ་ཞེས་མེ་ལྷ་མདོར་

བསྟན་པའོ། །དེ་ལ་འོ་མ་ཅན་གྱི་ཤིང་ལས་བྱུང་བའམ་དགོན་པ་ལས་བྱུང་བའམ། རྒྱུན་ཆགས་ཀྱི་མེའམ་ཐ་མལ་པའི་བྲམ་ཟེའི་མེ་ཞི་བའི་ལས་ལ་བླང་བར་བྱའོ། །རྒྱལ་པོའམ་བློན་པོའམ་ནགས་ཚལ་ལམ་ཚང་བང་གི་མེ་རྒྱས་པ་ལའོ། །རྗེ་རིགས་སམ་སྨད་འཚོང་མའི་མེ་ནི་

དབང་ལའོ། །གར་མཁན་དང་མཚན་མཁན་དང་འགྲོན་པོའི་མེ་ནི་དགུག་པ་ལའོ། །དུར་ཁྲོད་ཀྱི་མེའམ་རྡོ་ལས་བྱུང་བའི་མེ་མངོན་སྤྱོད་ལ་གཟུང་བར་བྱའོ་ཞེས་མེའི་ངོ་བོ་མདོར་བསྟན་པའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་གསེར་ལ་སོགས་པའི་སྣོད་གཉིས་ཏེ། ཨརྒྷའི་

སྣོད་དང་ལས་ཐམས་ཅད་པའི་སྣོད་དོ། །གཉི་ག་ཡང་དྲི་བཟང་གི་ཆུས་གང་བ་དེ་ལ་ཡང་ཨརྒྷའི་སྣོད་ནི་ཞོ་དང་ཀུ་ཤ་དང་འབྲུ་ལ་སོགས་པ་དང་ལྡན་པ་བྱས་ལ་གཉི་ག་ལ་ཡང་མེ་ཏོག་དགྲམ་ཞིང་། ཨརྒྷའི་སྣོད་ནི་གཡོན་ཕྱོགས་སུ་རང་གི་རིགས་ཀྱི་ལྷའི་སྔགས་ཀྱིས་མངོན་པར་བཟླས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words