སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱི་ཀཱ

Sanskrit title (Tibetan script, as in the text) པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 33 · folio 110b

ནས་གཞག་པར་བྱའོ། །རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་རྩེ་མོའི་སྔགས་དག་གིས་ལས་ཐམས་ཅད་པའི་སྣོད་ལན་ཉི་ཤུ་རྩ་གཅིག་མངོན་པར་བཟླས་ནས་གཞག་པར་བྱའོ། །ཨོཾ་བཛྲ་ཤེ་ཁ་རེ་རུ་དྲ་མ་ཊ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་ཆུང་གཉིས་མཆེ་བའི་ཚུལ་དུ་བསྟན་པ་ནི་རྡོ་རྗེ་གནོད་

སྦྱིན་གྱི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་རི་བོའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ། ཨརྒྷའི་སྣོད་ཀྱི་ཆོ་གའོ། །དེ་ནས་ཡོ་བྱད་ཐམས་ཅད་གཡས་ཕྱོགས་སུ་བཞག་ལ་མར་དང་དགང་གཟར་དང་བླུགས་གཟར་མདུན་དུའོ། །གཡོན་ཕྱོགས་སུ་དྲིལ་བུ་དང་གཡས་ཕྱོགས་སུ་རྡོ་

རྗེ་གཞག་གོ། །དེ་ནས་སྦྱིན་སྲེག་གི་ཡོ་བྱད་ལ་སོགས་པ་ཐམས་ཅད་ལ་ལས་ཐམས་ཅད་པའི་ཆུས་ལན་གསུམ་བསང་གཏོར་བྱའོ། །དེ་ནི་རྫས་གཞག་པའི་རིམ་པའོ། །རྫས་ནི་ཡམ་ཤིང་མར་དང་ནི། །ཏིལ་དང་འབྲས་དང་དེ་བཞིན་ནས། །གྲོ་དང་མ་ཤ་འབྲས་སོ་བ། །ཡོས་དང་སྟརྒ་བིལ་བ་དང་། །

གླ་གོར་ཞོ་ཤ་འོ་མ་ཞོ། །དཱུར་བ་དང་ནི་ཀུ་ཤ་དང་། །འབྲས་བུ་གསུམ་དང་སླེ་ཏྲེས་དང་། །ཁ་ར་ཕྱེ་མ་ཁར་ལོ་མ། །གེ་སར་དང་ནི་ཙནྡན་དང་། སྤྲི་ཡང་ཀུ་དང་གུར་ཀུམ་དང་། །སྤོས་གཉིས་དང་ནི་སྨན་ཀུན་དང་། །ཛཱ་ཏི་ཕ་ལ་རིན་པོ་ཆེ། །དར་དཔྱངས་སོ་རྩི་མེ་ཏོག་ཕྲེང་། །དེ་བཞིན་

མཆོད་པ་རྣམ་པ་ལྔ། །དེ་ལྟར་རྣལ་འབྱོར་རྒྱུད་རྣམས་ལས། །གོ་རིམས་ཀྱིས་ནི་རྫས་གསུངས་སོ། །དེ་ནི་རྫས་ཀྱི་གྲངས་ཀྱི་གོ་རིམས་སོམོ། །དེ་ནས་ཕྱི་རོལ་གྱི་མེ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་དང་ཕྱག་རྒྱས་མངོན་པར་བསྔགས་ལ། ཀུ་ཤའི་རྩེ་མོས་བླངས་པའི་ཆུས་དེ་ལ་ལན་

གསུམ་བསངས་ཏེ། གཙང་མས་བསྒོས་པའི་རྩ་དང་བཅས་པ་མེ་ཐབ་ལ་བཅུག་ནས། ཨོཾ་ཛྭ་ལ་ཧཱུཾ་ཞེས་བྱ་བ་སྔགས་དང་བཅས་པ་རླུང་གཡབ་ཀྱི་རླུང་གིས་འབར་དུ་བཅུག་སྟེ། །དམ་ཚིག་སེམས་དཔའི་མེ་ལྷ་སྔར་བཤད་པ་དེའི་དབུས་སུ་བསམས་ཏེ། ཡེ་ཤེས་སེམས་དཔའི་མེ་

ལྷ་སྔགས་དང་ཕྱག་རྒྱ་འདིས་དགུག་པར་བྱས་ཏེ། ལག་པ་གཡས་པ་མི་འཇིགས་པར་བྱས་ནས་མཐེ་བོང་གི་རྩེ་མོ་སྲིན་ལག་གི་རྩ་བའི་ཚིགས་ལ་བརྡབ་པ་ནི་དགུག་པའི་ཕྱག་རྒྱའོ། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་

Vol. 33 · folio 111a

བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །ཞེས་བྱ་བ་དང་། ཨོཾ་བ་བ་ཀཱགྣ་ཡེ་སྭཱ་ཧཱ་ཞི་བ་ལའོ། །ཨོཾ་མ་ཧེ་དེ་བཱགྣ་ཡེ་སྭཱ་ཧཱ་རྒྱས་པ་ལའོ། །ཨོཾ་ཀཱ་མཱགྣ་ཡེ་སྭཱ་ཧཱ་དབང་དང་དགུག་པ་ལའོ། །ཨོཾ་ཀྲོ་དྷཱགྣ་ཡེ་ཛ་ཧེ་ཀྲོ་ཊ་ཡ་ཨ་མུ་ཀཾ་མཱ་

ར་ཡ་ཧཱུཾ་ཕཊ་མངོན་སྤྱོད་ལའོ། །མེ་ལྷ་བྱོན་པ་ལ་བསང་གཏོར་ལ་སོགས་པ་བྱས་ནས་དགུག་པ་ལ་སོགས་པས་དམ་ཚིག་གི་མེ་ལྷ་ལ་འཇུག་པར་བྱའོ། །དེ་ནས་ཨརྒྷའི་སྣོད་བླངས་ལ་ཡིད་ཀྱིས་ཞབས་ལ་ཞབས་བསིལ་དབུལ་བར་བྱ་སྟེ། ཨོཾ་པྲ་བ་ར་ས་ཏྐཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་

ཨརྒྷཾ་མ་མ་ཡ་ད་ཏ་མཱགྣ་ཧ་ན་སིདྡྷིམྨེ་པྲ་ཡཙྪ་སྭཱ་ཧཱ། སྔགས་འདིས་ལན་གསུམ་ཨརྒྷ་དབུལ་བར་བྱ་སྟེ་སྤྱན་དྲང་བའི་ཆོ་གའོ། །དེ་ནས་ཨོཾ་ཨཱཿཧཱུྃ་ནི་མགོ་བོ་དང་ལྐོག་མ་དང་སྙིང་གའི་ཕྱོགས་སུ་དཀར་པོ་དང་དམར་པོ་དང་ནག་པོ་སྟེ་ས་བོན་གསུམ་ཟླ་བ་ལ་གནས་པའི་འཁོར་ལོ་དང་པདྨ་དང་རྡོ་རྗེའི་

ཆང་གཟུངས་ལ་གནས་པ་ཁམས་གསུམ་བྱིན་གྱིས་བརླབས་ནས་སེམས་མ་རྡོ་རྗེ་མ་ལ་སོགས་པས་ཡིད་ཀྱིས་དབང་བསྐུར་ལ་ལཱ་སྱ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་ཀྱིས་མཆོད་ལ། དར་དཔྱངས་དང་མེ་ཏོག་ཕྲེང་བ་བཅིངས་ནས་གོ་ཆ་བགོས་ཏེ། མེ་ལོང་ལྟ་བུ་སྨན་ཐམས་

ཅད་ལ་སོགས་པའི་སྐུ་ཁྲུས་ཀྱི་ཡོ་བྱད་ཀྱིས་སྤོས་གཏུལ་བ་དང་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་རྗེ་བཙུན་མའི་ཡི་གེ་བརྒྱ་པ་ལན་ཅིག་བརྗོད་ནས་སྐུ་ཁྲུས་བྱའོ། །དེ་ནས་རིགས་ཀྱི་ཡུམ་བཞིའི་མངོན་པར་སྔགས་བཟླས་པའི་བུམ་པ་བཞི་ཡིས། རང་རང་གི་སྔགས་དང་བཅས་

པས་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ནས་ཞི་བ་ལ་རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པ་མེ་ལྷ་བསམ་པར་བྱ་བ་དང་། རྒྱས་པ་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པ་དང་། དབང་ལ་འོད་དཔག་ཏུ་མེད་པའི་ཅོད་པན་ཅན་དང་། གསོད་པ་ལ་མི་བསྐྱོད་པའི་ཅོད་པན་

ཅན་བསྒོམ་མོ། །དེ་ནས་མེ་ལྷའི་བདག་པོའི་ས་བོན་བགོད་པ་དང་དགང་གཟར་བླུགས་གཟར་གྱི་རྩེ་མོར་ཡང་དགོད་དོ། །དེ་ནས་ཨོཾ་ཛི་ན་ཛིཀ་སྭཱ་ཧཱ་ཞེས་བྱ་བས་ཞི་བ་ལ་མར་ལ་མངོན་པར་སྔགས་བཏབ་པའོ། །དེ་བཞིན་དུ་རྒྱས་པ་ལ་སོགས་པར་རིན་ཆེན་འབྱུང་ལྡན་ལ་སོགས་

Vol. 33 · folio 111b

པའི་སྔགས་རྣམས་ཀྱིས་མངོན་པར་སྔགས་བཏབ་པའོ། །དེ་ནས་དང་པོ་སྦར་བའི་དོན་དུ་བླུགས་གཟར་གྱིས་དགང་བླུགས་གསུམ་ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཞེས་དབུལ་ལོ། །དེ་ནས་འབར་བ་དང་ཁ་དོག་དང་སྒྲ་ལ་སོགས་པས་མེ་ལ་བགེགས་མེད་པར་ཤེས་ནས་བགེགས་ཐམས་ཅད་

བཅིང་བའི་དོན་དུ་དང་། ལས་རྫོགས་པའི་དོན་དུ་ཕྱོགས་བཞི་ལ་ཀུ་ཤ་དགྲམ་མོ། །ཀུ་ཤ་འདི་ནི་དགེ་བའི་མཆོག །གཙང་མ་གཙང་མའི་རྒྱུ་ལས་བྱུང་། །དཀོན་མཆོག་གསུམ་དགའ་ཡིད་འཕྲོག་པ། །སའི་སྙིང་པོ་ལས་སྐྱེས་པའོ། །ཞེས་བྱ་བ་དང་། ཨ་བིགྷྣཱཾ་མ་མ་ཤཱནྟིཾ་

ཀུརྦནྟུ་སྭཱ་ཧཱ་ཞེས་བྱ་བའི་རིམ་པ་འདིས་རྩ་བ་ལས་བཏོན་པ་མཚན་ཉིད་དང་ལྡན་པ་སྔོན་པོའི་ཀུ་ཤ་ནི་ཞི་བ་དང་རྒྱས་པ་ལའོ། །གཞན་དུ་ནི་མཉམ་པར་བཅད་པ་ཡོན་པོ་མ་ཡིན་པའི་རིམ་པ་འདིས་མེའི་ཤར་ཕྱོགས་སུ་ཤར་དུ་བལྟས་པ་དང་། ལྷོ་རུ་ལྷོའི་རྩེ་མོ་དང་ལྡན་པ་དང་། ནུབ་ཏུ་ནུབ་ཀྱི་

རྩེ་མོ་དང་ལྡན་པ་དང་། །བྱང་དུ་བྱང་གི་རྩེ་མོ་དང་ལྡན་པ་བྱའོ། །མེ་ཐབ་ཀྱིས་གཞི་ཀུན་དུ་ལས་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་ལ། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་རྩེ་མོས་མངོན་པར་བསྔགས་ལ་ཚོན་སྐུད་ལྔའི་སྐུད་པ་དང་མདའ་བཞི་འམ་བརྒྱད་མངོན་པར་བསྔགས་ལ་ཕྱོགས་དང་

མཚམས་སུ་བཀོད་ལ་ཚོན་སྐུད་ལྔའི་སྲད་བུས་བསྐོར་ལ་རྡོ་རྗེ་བཅིངས་པར་བྱས་པར་འགྱུར་ཏེ་ཀུ་ཤ་དགྲམ་པའི་ཆོ་གའོ། །དེ་ནས་མེ་ལྷའི་ལས་དང་རྗེས་སུ་མཐུན་པ་དངུལ་ལ་སོགས་པའི་སྣོད་མདུན་དུ་བསམས་ལ། ཡང་ཨརྒྷ་དང་འཐོར་འཐུང་དང་ཞབས་བསིལ་བྱིན་ནས་དགང་

བླུགས་དབུལ་ལོ། །དེའི་རིམ་པ་ནི་པུས་མོའི་ནང་དུ་ལག་པ་གཉིས་བཞག་ལ་ལག་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དགང་གཟར་བླངས་ཏེ། མཐེ་བོ་དང་མཐེ་ཆུང་གིས་བརྟན་པོར་བཟུང་ལ་སོར་མོ་ལྷག་མ་དབྱིག་པའི་སྟེང་དུ་བརྐྱང་ལ་མར་གྱིས་དགང་བར་བྱས་ལ་དགང་

བླུགས་བདུན་ནམ་གསུམ་མམ་གཅིག་མེའི་ལྷའི་སྔགས་ཀྱིས་མེ་ལྷའི་ཞལ་ལ་དབུལ་ལོ། །ཨོཾ་ཨགྣ་ཡེ་ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་དེ་བཞིན་དུ་ཐམས་ཅད་ལའོ། །དེ་ནས་སྲེག་རྫས་ཀྱི་རིམ་པ་བསྟན་པར་བྱ་སྟེ། དགང་བླུགས་ཀྱི་འོག་ཏུ་ཡམ་ཤིང་འོད་ཀྱི་དཀྱིལ་

Vol. 33 · folio 112a

འཁོར་ལའོ། །མར་ནི་ཞལ་ལའོ། །དེ་ནས་ཏིལ་དང་ཞོ་དང་བཅས་པའི་འབྲས་ཆན་ནི་ཕྱག་ཏུའོ། །ཀུ་ཤ་དང་དཱུར་བའི་མྱུ་གུ་ནི་གཙུག་ཕུད་ལའོ། །ནས་དང་གྲོ་དང་འབྲས་སོ་བ་དང་མ་ཤ་ལ་སོགས་པ་ནི་ཞལ་དུའོ། །ཞུ་བའི་རྫས་ཐམས་ཅད་ཀྱང་དེ་བཞིན་ནོ། །དྲི་ནི་

སྙིང་གར་རོ། །མེ་ཏོག་ནི་དབུ་ལ་ལོ། །སྤོས་ནི་འབར་བ་ལའོ། །ཞབས་བསིལ་ནི་ཞབས་ལའོ། །ཨརྒྷ་དང་འཐོར་འཐུང་ནི་ཕྱག་ལའོ། །མར་མེ་ནི་མདུན་དུའོ་ཞེས་རིམ་པའོ། །དེ་ནས་སྡིག་པ་བསྲེག་པའི་ཕྱིར་དང་པོར་ཏིལ་བསྲེག་པར་བྱ་སྟེ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ་

ཏིལ་རྣམས་ཀྱིའོ། །ཡང་ན་རྫས་ཐམས་ཅད་སྔགས་གཅིག་གིས་བསྲེག་པར་བྱ་སྟེ། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་སརྦ་བྷ་སྨིན་ཀུ་རུ་སརྦ་བིགྷྣཱཾ་ཧཱུཾ་ཕཊ། ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡང་ན་ཐ་དད་པའི་སྔགས་ཡིན་ཏེ། ཨོཾ་བཛྲ་ཡ་ཛྙཱ་སྭཱ་ཧཱ་ཡམ་ཤིང་གིའོ། །ཨོཾ་ཨགྣ་ཡེ་སྭཱ་

ཧཱ་མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཨ་མོ་ཀ་སྱ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་དང་ཡུངས་ཀར་གྱིའོ། །སརྦ་སཾ་པ་དེ་སྭཱ་ཧཱ་ཞོ་དང་འབྲས་ཆན་གྱིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ་ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྲ་ཨཱ་ཡུཥེ་སྭཱ་ཧཱ་དཱུར་བའི་མྱུ་གུའིའོ། །ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ནས་

རྣམས་ཀྱིའོ། །ཨོཾ་བཛྲ་གྷསྨ་ར་ཡེ་སྭཱ་ཧཱ་གྲོའིའོ། །ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ་འབྲས་སོ་བའིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ་མ་ཤའིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་མ་ཧཱ་ཤྲི་ཡེ་ཝ་ཏི་སྭཱ་ཧཱ་བིལ་བ་དང་སྟརྒ་དང་ཛཱ་ཏི་ཕ་ལའིའོ། །ལྷག་མ་ནི་ཞུ་བའི་རྫས་ཐམས་ཅད་

མེ་ལྷ་ལ་རང་གི་སྔགས་ཀྱིས་དབུལ་ལོ། །ཨུ་དུམྦཱ་ར་ལ་སོགས་པའི་ཤིང་གི་ཡལ་ག་རྣམས་ནི་དང་པོར་ཨོཾ་དང་རང་རང་གི་མིང་དང་སྭཱ་ཧཱའི་མཐའ་ཅན་གྱི་སྔགས་ཀྱིས་དབུལ་བར་བྱའོ་ཞེས་རིམ་པའོ། །དེ་ནས་མེ་ལྷ་ལ་འཐོར་འཐུང་དང་བསང་གཏོར་ལ་སོགས་པ་ཕུལ་ནས། མེ་

ཐབ་ཏུ་མེ་ལྷ་འབར་བའི་གཟུགས་སུ་ཐིམ་པར་བྱའོ་ཞེས་ཁ་ཅིག་ཟེར་རོ། །རང་གི་གཟུགས་སུ་མེ་ལྷ་མེའི་མཚམས་སུ་གཞག་པར་བྱའོ་ཞེས་ཁ་ཅིག་ཟེར་རོ། །ཁ་ཅིག་ན་རེ་གཤེགས་སུ་གསོལ་ཞེས་ཟེར་རོ། །ཁ་ཅིག་ན་རེ་མེ་ཐབ་ཀྱི་ནང་དུ་མེའི་མཚམས་སུ་གཞག་

Vol. 33 · folio 112b

པར་བྱའོ་ཞེས་ཟེར་རོ། །དེ་ལྟར་མང་པོ་སྨྲས་ཏེ་འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེ་ལྷའི་གཙོ་བོ་ལྷ་རྣམས་ནི། །སྦྱིན་སྲེག་དེ་ཉིད་ལ་ནི་གནས། །སྦྱིན་སྲེག་གིས་ནི་ཚིམ་བྱས་ཏེ། །ཚིམ་པས་དངོས་གྲུབ་སྟེར་བར་འགྱུར། །མེ་ལྷ་སྟོང་པའི་སྦྱིན་སྲེག་ནི། །རོ་ཁར་བསྲེགས་

བཞིན་འབྲས་མེད་འགྱུར། །ཞེས་འབྱུང་ངོ་། །གཞན་ལས་བཅོམ་ལྡན་འདས་ཀྱིས། མེ་ཡི་གནས་ནི་མི་ཤེས་པས། །གང་ཞིག་སྦྱིན་སྲེག་བྱེད་པ་ན། །དེ་ཉིད་མ་ཡིན་སྦྱང་བ་མིན། །ལས་ཀྱི་འབྲས་བུར་མི་འགྱུར་རོ། །ཞེས་འབྱུང་ངོ་། །ཁོ་བོ་ཅག་གི་བླ་མའི་ཞལ་གྱི་མན་ངག་ནི་

ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ལས་མ་ལུས་པའི་གཞིར་གྱུར་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མེ་ལྷ་དེའི་སྙིང་གའི་པདྨའི་སྟེང་དུ་རང་གི་ལྷའི་ས་བོན་ཡོངས་སུ་གྱུར་པ་ལས་ཕྱག་མཚན་ལས་བྱུང་བའི་ལས་དང་རྗེས་སུ་

མཐུན་པ། ཁ་དོག་དང་རྒྱན་ལ་སོགས་པ་དང་ལྡན་པ་རྣམ་པར་སྣང་མཛད་ལ་སོགས་པ་དམིགས་ལ་རང་གི་སྙིང་གའི་ཡེ་ཤེས་སེམས་དཔའི་ས་བོན་གྱི་འོད་ཟེར་དང་རང་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་བཀུག་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ།

ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་ནེ་ཧ་བཱཀྟེ་ཛ་ས་མ་ཡེ་ན་ཙ་ཨརྒྷཾ་ཏོ། །སཾ་པྲ་ཏཱིཙྪ་སྭ་པཱུ་ཛཾ་ཙ་པེ་པྲ་སིདྡྷ་མི་འདིས་ལྷོ་ཕྱོགས་སུ་བལྟས་ཏེ། བཛྲ་དྷཱ་ཏུ་སྭཱ་ཧཱ་ཞེས་བྱ་བས། ཞབས་བསིལ་དང་། ཨརྒྷ་ཕུལ་ནས་ལཱ་སྱེ་ལ་སོགས་པས་མཆོད་ཅིང་རྡོ་རྗེ་བསྡམས་པས་ལྕགས་ཀྱུ་དང་ཞགས་པ་དང་

ལྕགས་སྒྲོག་དང་དྲིལ་བུ་རྣམས་ཀྱིས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ། །ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧོཿཞེས་བྱ་བས་མེ་ལྷའི་ཞལ་ནས་དམ་ཚིག་སེམས་དཔའ་ལ་རྣམ་པ་ཐམས་ཅད་དུ་འཇུག་པར་བྱའོ། །དེ་ནས་ཨོཾ་ཧྲི་ཧཱུཾ་ཞེས་བྱ་བ་ཡི་གེ་གསུམ་གྱིས་དཀར་པོ་

དང་སེར་པོ་དང་ནག་པོས་མགོ་བོ་ལ་སོགས་པ་བྱིན་གྱིས་བརླབས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཕྱག་རྒྱས་དབང་བསྐུར་ལ་སྔ་མ་བཞིན་དུ་ཁྲུས་བྱས་ནས་དར་དཔྱངས་དང་མེ་ཏོག་གི་ཕྲེང་བ་བཅིངས་ལ། ཡེ་ཤེས་སེམས་དཔའི་སྙིང་གར་རང་གི་ཕྱག་མཚན་རྡོ་རྗེའི་

Vol. 33 · folio 113a

ཆང་གཟུངས་ལ་རང་གི་ཆོས་ཀྱི་ཡི་གེ་དཀྱིལ་འཁོར་པའི་ལྷ་མ་ལུས་པའི་ངོ་བོར་བལྟས་ལ། ཡང་ཨརྒྷ་དབུལ་ཞིང་སྔ་མ་བཞིན་དུ་སྦྱིན་སྲེག་གི་ཡོ་བྱད་ཐམས་ཅད་བསང་གཏོར་བྱས་ལ། དེ་བཞིན་དུ་དགང་གཟར་བླངས་ལ་ཇི་སྙེད་པའི་དགང་བླུགས་མེ་ལྷ་དེའི་ཞལ་དུ་དབུལ་

ལོ། །དེ་ནས་བླུགས་གཟར་གྱིས་བརྒྱ་རྩ་བརྒྱད་དམ་དེའི་ཕྱེད་དམ། སྦྱིན་སྲེག་བྱས་ནས་དགང་བླུགས་དབུལ་ཏེ། སྤོས་གཏུལ་བ་དང་དྲིལ་བུའི་སྒྲ་དང་ལྷན་ཅིག་ཡི་གེ་བརྒྱ་པ་ལན་གསུམ་མམ་ལན་ཅིག་བརྗོད་ལ་ལྷག་མ་སྦྱིན་སྲེག་གི་ཡོ་བྱད་སྔ་མ་བཞིན་དུ་སྔགས་འདིས་དབུལ་

བར་བྱའོ། །ཨོཾ་བཛྲ་དྷཱ་ཏུ་ར་ཨ་མོ་ཀ་སྱ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཡང་ན་ཛི་ན་ཛིཀ་ཅེས་བྱ་བས་སོ། །དེ་བཞིན་དུ་རྒྱས་པ་ལ་སོགས་པ་ལ་ཡང་ངོ་། །དྲི་བཟང་གི་མེ་ཏོག་ནི་ཚོགས་གང་ཡང་རུང་བ་དེ་དག་ཐམས་ཅད་དང་དེ་བཞིན་དུ་བདག་ཉིད་ཀྱི་ཁ་ཟས་ལ་སོགས་པ་ཕུན་སུམ་ཚོགས་པའི་

ཕྱིར་བསྲེག་པར་བྱའོ། །ཇི་ལྟར་མངོན་པར་འདོད་པའི་སྦྱིན་སྲེག་བྱས་ལ་མཐར་ཨོཾ་ཨཱཿཧཱུཾ་ཧྲཱིཿཞེས་བྱ་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་མར་གྱི་དགང་བླུགས་ཀྱིས་སྦར་དུ་བཅུག་ལ་ཞབས་བསིལ་དང་ཨརྒྷ་དང་འཐོར་

འཐུང་དང་དྲིལ་བུ་དཀྲོལ་བ་སྔོན་དུ་འགྲོ་བས་བྱིན་ཏེ་མཐར་དགང་བླུགས་ཕུལ་ནས། ཡང་ཨརྒྷཾ་ལ་སོགས་པ་ཕུལ་ནས་མཆོད་ཅིང་བསྟོད་ལ་མངོན་པར་འདོད་པའི་དོན་བསྒྲུབ་པའི་ཕྱིར་ཞུས་ལ་བཟོད་པར་གསོལ་ཏེ། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས་མུ་ཞེས་བྱ་བས་

གྱེན་དུ་དཀྲོལ་བར་བྱའོ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་སེམས་ཅན་དོན་ལ་གཤེགས། །ཞེས་བྱ་བས། ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་བ་སྤྲུལ་པ་ནི་མེའི་

ནང་དུ་ཆོས་ཀྱི་དབྱིངས་སུ་གྱུར་པ་ལ་ཐིམ་ནས་སླར་ཡང་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་ལྷག་མ་སྦྱིན་སྲེག་གི་ཡོ་བྱད་དབུལ་ལོ། །སྦྱིན་སྲེག་གི་མཐར་སློབ་མ་ལ་བརྟེན་ཏེ་དགང་བླུགས་ཕུལ་ནས། ཞབས་བསིལ་དང་ཨརྒྷ་དང་མཆོད་ཡོན་བྱིན་ཏེ། སློབ་མའི་མངོན་པར་འདོད་

Vol. 33 · folio 113b

པའི་དངོས་གྲུབ་ལ་གསོལ་བ་གདབ་པར་བྱའོ། །མེ་ལྷ་ཁྱོད་ནི་གཤེགས་པར་མཛོད། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱོད་ཀྱིས་བསྒྲུབས་ཏེ་གཤེགས། །སྤྱན་འདྲེན་པའི་ཕྱག་རྒྱའི་མཐེ་བོང་འགྲོལ་བའི་ཚུལ་གྱིས་མེ་ལྷ་གཤེགས་

སུ་གསོལ་ནས་འབར་བའི་ངོ་བོར་བལྟས་ཏེ། རང་གི་ཡི་དམ་གྱི་ལྷའི་ང་རྒྱལ་གྱིས་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པར་བྱ་སྟེ། རང་གི་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་ལྷའི་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་ཁ་དོག་དང་དབྱིབས་ཇི་ལྟར་བཤད་པ་དང་ལྡན་པ། ཕྱོགས་བཅུ་ལ་འཁོར་

དང་བཅས་པ་བསམས་ཏེ། སྣོད་བཅུད་བཟའ་བ་དང་ཆང་དང་ཤ་ལ་སོགས་པས་བཀང་བ། ཆུའི་མཎྜལ་ལ་བཞག་ནས་མཆོད་པ་རྣམ་པ་ལྔ་ཡིས་མཆོད་ཅིང་སྤོས་གཏུལ་བ་དང་དྲིལ་བུ་དཀྲོལ་བས་དེ་རྣམས་བཀུག་ལ་སྔོན་དུ་བྱས་ཏེ། གཡས་བརྐྱང་བས་འཇིགས་པ་མེད་པའི་སེམས་

དང་ལྡན་པས་སྔགས་འདི་རྣམས་ཀྱིས་གཏོར་མ་གཏང་ངོ་། །ཨོཾ་ཨིནྡྲཱ་ཡ་སྭཱ་ཧཱ་ལྷའི་དབང་པོའི་འོ། ཨོཾ་ཝེ་ཝཱ་སཏྭཱ་ཡ་སྭཱ་ཧཱ་གཤིན་རྗེའོ། །ཨོཾ་ཨ་བཾ་པ་ཏ་ཡེ་སྭཱ་ཧཱ་ཆུ་ལྷའིའོ། །ཨོཾ་དཀྵ་ཎ་ཝེརྱ་དཱ་རེ་སྭཱ་ཧཱ་རྣམ་ཐོས་སྲས་ཀྱིའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ་མེ་ལྷ་འིའོ། །ཨོཾ་རཱ་ཀྵ་པ་ཏ་ཡེ་སྭཱ་ཧཱ་

བདེན་བྲལ་གྱིའོ། །ཨོཾ་ཝཱ་ཡ་ཝེ་སྭཱ་ཧཱ་རླུང་ལྷ་འིའོ། །ཨོཾ་རུ་དྲཱ་ཡ་སྭཱ་ཧཱ་དབང་ལྡན་གྱིའོ། །ཨོཾ་བྲཧྨ་ཎི་སྭཱ་ཧཱ། ཨོཾ་སཱུརྱ་གྲ་ཧཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ན་ཀྵ་ཏྲ་དེ་བི་ཏ་ཡེ་སྭཱ་ཧཱ་སྟེང་དུའོ། །ཨོཾ་པྲྀ་ཐྭཱི་སྭཱ་ཧཱ། ཨོཾ་སྭ་རེ་བྷྱཿསྭཱ་ཧཱ། ཨོཾ་ནཱ་གི་ནི་བྷྱཿསྭཱ་ཧཱ་འོག་ཏུའོ། །དེའི་འོག་ཏུ་སྔགས་འདི་རྣམས་ཀྱིས་

རང་རང་གི་ཕྱོགས་དང་མཚམས་སུ་ཉེ་བའི་སྒྲུབ་པ་པོ་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་སྒྲུབ་པ་པོས་གཏོར་མའི་སྣོད་ཤིང་གཅིག་ལ་སོགས་པ་ལ་གཏོར་བར་བྱའོ། །བློ་ལྡན་གང་ཞིག་གཏོར་མ་གཏང་། །བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ནི། །དེ་ལ་བསང་གཏོར་བྱ་བ་སྟེ། །

གཞན་དུ་ན་དེ་དེ་སྤྱོད་འགྱུར། །ཞེས་འབྱུང་ངོ་། །དེའི་འོག་ཏུ་ལྷ་ཁང་ལ་སོགས་པའི་བསྲུང་བ་ནག་པོ་ཆེན་པོ་གདོང་བཞི་ལག་པ་བརྒྱད་པ་ཁ་དོག་དམར་པོ་དང་ནག་པོ་དང་དཀར་པོ་དང་ལྗང་གུའི་གདོང་ཡོད་པ། ཐོད་པ་དང་ཁ་ཊྭཱཾ་ག་དང་རྒྱུད་མངས་དང་མདུང་དང་། རལ་གྲི་དང་དབྱིག་

Vol. 33 · folio 114a

པ་དང་གླང་པོའི་ལགས་པ་བསྣམས་པ། གཡོན་བརྐྱང་བས་མི་མགོ་གཉིས་ལ་གནས་པ་ཀུ་ཅོ་ཆེན་པོ་དང་བཅས་པའི་མཁའ་འགྲོ་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཆེ་བ་རྣམ་པར་གཙིགས་པ་བསྒོམས་ཏེ་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ཡེ་ཤེས་སེམས་

དཔའ་ཏིང་ངེ་འཛིན་སེམས་དཔའ་བྱིན་གྱིས་བརླབ་པ་མངོན་དུ་བྱས་ཏེ་ཚད་ཆེན་པོ་བུམ་པ་གཅིག་ཆུས་བཀང་བ། ཨོཾ་ལོ་པི་ལ་ལ་སོགས་པ་བཟའ་བ་དང་བཏུང་བ་དང་མྱང་བ་དང་འཇིབ་པ་དང་ཐུབ་པ་དང་། བྱིས་པའི་རྩེད་མོ་དང་། མྱོས་པ་དང་ཆང་དང་། པེ་ནེ་དང་དར་ནག་པོ་དང་སྒོག་སྐྱའི་དབྱེ་བ་

དང་ཙམ་པོ་ལི་དང་ཤ་ཀོ་ལི་ལ་སོགས་པས་བཀང་བར་བྱ་སྟེ། དྲིལ་བུའི་སྒྲ་དང་སྤོས་གཏུལ་བས་བཀུག་ལ་སྔགས་འདིས་དབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལཀྵེ་ཏྲ་པཱ་ལ་སརྦ་དུཥྚཱཾ་ཌཱ་ཀི་ནཱཾ་བ་ལིཾ་པྲ་ཏཱིཙྪ་ས་མ་ཡ་མ་ནུ་སྨ་ར་ཡ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་བྱ་བ་འདིས་དུར་ཁྲོད་ལ་གཏོར་བར་བྱའོ། །དེ་བཞིན་དུ་མེ་གཙོ་

བོར་གྱུར་པ་གནོད་སྦྱིན་དང་སྲིན་པོ་དང་འབྱུང་པོ་དང་ཡི་དགས་དང་། ཤ་ཟ་དང་སྨྱོ་བྱེད་དང་བརྗེད་བྱེད་དང་། མཁའ་འགྲོ་ལ་སོགས་པ་རང་རང་གི་ཆོས་ཀྱི་ཡི་གེ་ཡོངས་སུ་གྱུར་པ་ལས་བྱུང་བ་དབྱིབས་འགྱུར་བ་རྣམ་པ་སྣ་ཚོགས་པའི་མཚོན་ཆ་འཛིན་པ་བསམས་ཏེ། དེ་བཞིན་དུ་བཀུག་ལ་མངོན་དུ་

བྱས་ཏེ། སྔ་མ་བཞིན་དུ་སྣོད་གཅིག་རྫས་ཐམས་ཅད་ཀྱིས་བཀང་བར་བྱས་ལ། མཆོད་པ་རྣམ་པ་ལྔ་ཡིས་མཆོད་ཅིང་དྲིལ་བུའི་སྒྲ་དང་སྤོས་ཀྱིས་བཀུག་ལ་སྔགས་འདིས་གཏོར་མ་གཏང་ངོ་། །ཨོཾ་ཨགྣ་ཡེ་སརྦ་བྷཱུ་ཏཱ་དྷི་པ་ཏ་ཡེ་སྭཱ་ཧཱ་ཞེས་བྱ་བ་བརྗོད་ནས། གཞི་མདོ་ལ་སོགས་པར་གཏོར་མ་

གཏང་ངོ་། །དེ་ནས་གྲེ་དུ་ཝ་ཞེས་བྱ་བ་ལ་སོགས་པས་གཤེགས་སུ་གསོལ་ཏེ། རྗེ་བཙུན་མའི་ཡི་གེ་བརྒྱ་པ་ལན་བདུན་བརྗོད་ནས་ལངས་ཏེ། ཨོཾ་བཛྲ་ཀཱི་ལ་ཡ་ཞེས་བྱ་བས་ཕུར་བུ་དང་མདའ་རྣམས་བཏོན་ཏེ། ལས་ཐམས་ཅད་པའི་ཆུ་འོ་མ་དང་བཅས་པས་སྤྱན་མའི་སྔགས་བཟླས་བཞིན་

པས་མདའ་རྣམས་བཙུགས་ལ་བསྐོར་བ་གསུམ་བྱས་ཏེ། གར་དང་གླུ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་ལྟར་བདེ་བར་གནས་པར་བྱའོ། །གལ་ཏེ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་དང་རལ་གྲི་དང་རྡོ་རྗེ་དང་རྐང་མགྱོགས་དང་མིག་སྨན་དང་ཚངས་པའི་སྐུད་པ་དང་

Vol. 33 · folio 114b

ཁམས་སྦྱར་བ་དང་བཅུད་ཀྱིས་ལེན་པ་ལ་སོགས་པའི་དངོས་གྲུབ་ཆེན་པོ་བསྒྲུབ་པའི་ཕྱིར་སྔགས་ལ་ཚིམ་པ་དང་སྦར་བ་དང་གསོལ་བ་ནི་ཆོ་ག་འདིས་བྱས་ནས་ཕྱི་ནས་ཐམས་ཅད་བསྒྲུབ་པར་བྱའོ། །དེའི་རིམ་པ་ནི་རྒྱ་མཚོ་ལ་རྒྱུ་བའི་གཙང་པོའི་གམ་དུ་ཕྱིན་ནས། དེའི་འགྲམ་གཉིས་ཀྱིས་

བླངས་ནས་མ་འདྲེས་པར་བརྡུངས་ཏེ་ཨ་ཀ་རུ་དང་ཙནྡན་དང་པདྨ་གེ་སར་གྱི་ཕྱེ་མ་དང་འདྲེས་པས་གོང་བུ་བྱས་ཏེ་པདྨའི་སྣལ་མས་བཅིངས་ལ་ག་པུར་དང་སྤོས་ཀྱིས་བདུགས་ལ་ཉིན་ཞག་གཅིག་ཏུ་མར་དང་སྦྲང་རྩིས་བཀང་བའི་སྣོད་ལ་གཞག་སྟེ་ཕྱི་ནས་ཞག་གསུམ་གྱི་བར་དུ་དྲི་ཆུ་དཀར་པོའི་འཇམ་གྱི་

རྒྱུན་གྱིས་སྔགས་འདིས་དབང་བསྐུར་བར་བྱའོ། །ཨོཾ་སརྦ་དེ་བ་དེ་བྱ་མུཏྟ་རེ་སྭཱ་ཧཱ། ཨོཾ་ཧཱུཾ་ཕཊ་ནེ་སྭཱ་ཧཱ་རིམ་པ་ཇི་ལྟར་བཞུ་བ་དེ་བཞིན་དུ་དེའི་ཚེ་རྒྱ་མཚོ་ལ་རྒྱུ་བའི་གཙང་པོར་ཕྱིན་ནས་བསྐྱལ་བར་བྱའོ། །དེ་ལྟར་སྔགས་ཀྱིས་ལྷ་ཚིམ་པས་མྱུར་དུ་དངོས་གྲུབ་སྟེར་བར་འགྱུར་རོ། །བླུགས་གཟར་

གྱིས་ཀྱང་མར་གྱི་དགང་བླུགས་སྟོང་གིས་སྦར་བ་དང་གསལ་བ་ཨོཾ་ཧྲི་ཞེས་སྔགས་ཀྱིས་བྱའོ། །དེ་ལྟར་ཚིམ་པ་དང་དབུལ་བའི་རིམ་གྱིས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཕྱིའི་སྦྱིན་སྲེག་གི་ཆོ་ག་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་སྦྱིན་སྲེག་བྱ་ཞེས་པ་ནི་ཕྱིའི་སྦྱིན་སྲེག་བྱ་བའོ། །

འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་འདོད་པ་ནི་ཞི་བ་ལ་སོགས་པ་དང་སངས་རྒྱས་ཉིད་འདོད་པའོ། །སྔགས་པའོ་ཞེས་པ་ནི་སྦྱིན་སྲེག་གི་ཆོ་ག་ལ་མཁས་པའི་རྡོ་རྗེ་སློབ་དཔོན་ནོ། །གཉི་གའི་རྒྱུད་ནི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་དོ། །དེ་ལས་གསུངས་པའི་ཆོ་

ག་ནི་རིམ་པ་ཇི་ལྟར་སྔར་བཤད་པའོ། །དེ་ཡན་ཆད་ཀྱིས་ཕྱིའི་སྦྱིན་སྲེག་བཤད་དོ། །ནང་གི་ཞེས་བྱ་བ་ནས་གོ་སླ་སྟེ་ཞེས་པའི་བར་དུ་ནི་ཇི་ལྟར་བཏུང་བ་དང་བཟའ་བ་ཇི་ལྟར་རྙེད་པ་བདུད་རྩི་ལྔའི་ཚོགས་ལེགས་པར་སྦྱངས་ལ་ལག་པ་དང་མགྲིན་པ་སྦྱངས་ཤིང་ཡེ་ཤེས་སེམས་དཔའི་མེ་ལྷ་

བསྲེག་པར་བྱ་བ་དང་། དེ་བཞིན་དུ་ཚོགས་ཀྱི་འཁོར་ལོའི་མཐར་ལྷག་མ་ཐམས་ཅད་བསྡུས་ལ། དབང་པོ་གཉིས་དང་སྙོམས་པར་ཞུགས་པ་སྔོན་དུ་འགྲོ་བའི་ལས་ཀྱི་དབྱེ་བས། དཀར་པོ་ལ་སོགས་པའི་ཁ་དོག་གི་རྣམ་པ་ཅན་གྱི་མེ་ཐབ་ཀྱི་ནང་དུ་ཤིན་ཏུ་སྦར་བའི་མེའི་ལྷའི་ཞལ་ནས་ཡེ་ཤེས་

Vol. 33 · folio 115a

ཀྱི་མེ་ལྷ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །དེ་ནི་ནང་གི་སྦྱིན་སྲེག་གོ། །གཞན་ཡང་དངོས་པོ་མེད་པའི་ནང་གི་མཚན་ཉིད་ཀྱི་སྦྱིན་སྲེག་ཡིན་ཏེ། ཇི་སྐད་དུ། ནང་གི་སྦྱིན་སྲེག་ལས་ནི་རྣམ་པར་རྟོག་པའི་ཚོགས། །སྲེག་པར་བྱེད་དེ་ཐུབ་དབང་ཟླ་བས་གསུངས། །

བགེགས་དང་དངོས་གྲུབ་རྣམ་པར་རྟོག་པ་ཙམ། །གཉིས་མེད་དེ་ཉིད་རྣམ་པར་རྟོག་པས་སྟོང་། །ཐམས་ཅད་སྟོང་པའི་བདག་ཉིད་དེ་ཐབ་ཅེས་བྱ་བ། །པདྨ་རྡོ་རྗེ་དང་ལྡན་དངོས་པོ་ཐམས་ཅད་བུད་ཤིང་གིས་ཕྱུག་པ། །ནམ་མཁའི་དཀྱིལ་བཞིན་དྲི་མེད་རྒྱ་ཆེན་རྟོག་པ་ཙམ་ནི་འབྲུ་དང་ལྡན། །

ཤེས་རབ་མེ་ཡིས་ཤིན་ཏུ་འབར་ཞིང་ཉོན་མོངས་སྡིག་པ་རབ་ཏུ་ཞི། །སྲས་བཅས་བདེ་གཤེགས་ཡུམ་གྱི་གཟི་བརྗིད་འབར་བས་རབ་ཏུ་ཁྱབ། །ཁམས་གསུམ་སྲིད་པའི་ཐབ་ལ་འདུ་བྱེད་ཐམས་ཅད་བསྲེག་བྱ་ཡིན། །ངན་སོང་ལམ་ལ་ངེས་སྦྱར་ཕུང་པོ་ཁམས་སོགས་བུད་ཤིང་རྣམས་

ཀྱིས་ནི། །རྟོག་པ་ཐམས་ཅད་ལས་གྲོལ་ཞི་བའི་ལས་ནི་གྱིས། །དེ་བཞིན་དུ་དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཀྱང་། ཕྱི་ཡི་སྦྱིན་སྲེག་ཆོ་ག་རྟོགས་བྱ་བ། །ཡིད་ཀྱིས་བྱས་པ་ནང་གི་བདག་ཉིད་དེ། །ཕུང་པོ་ལ་སོགས་བུད་ཤིང་སྲེག་བྱེད་པ། །ཡེ་ཤེས་འབར་བ་བླ་ན་མེད་པར་

བཤད། །ཅེས་འབྱུང་ངོ་། །སྒྲ་ཇི་བཞིན་མ་ཡིན་པར་བཤད་པའོ་ཞེས་པ་ནི་འཇིག་རྟེན་དང་བསྟན་བཅོས་ལས་ཕྱི་རོལ་དུ་བྱས་པའི་སྒྲའི་སྒོ་ནས་ནང་གི་སྦྱིན་སྲེག་གི་བརྡ་བསྟན་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཅེས་བྱ་བ་ནས་དེར་འཇུག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་འཆང་ཆེན་པོ་

ཡོངས་སུ་གྱུར་པ་ལས་བདག་ཞེ་སྡང་རྡོ་རྗེ་ཉིད་བསྒོམས་ལ་མདུན་དུ་ཡི་གེ་གསུམ་ཡོངས་སུ་གྱུར་པ་ལས་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ཁ་དོག་དམར་པོ་སློབ་མས་བསྒོམས་ལ། དེའི་ཡན་ལག་ཐམས་ཅད་ལ་ཡི་གེ་ཨ་བཀོད་ནས་མགོ་བོ་དང་ལྐོག་མ་དང་སྙིང་ག་དང་རྐང་པའི་འོག་

ཏུ་ཡི་གེ་ཧཱུཾ་ཛྷཻཾ་བཀོད་ལ། ཡང་ཡི་གེ་ཛྷཻཾ་ལས་འོད་ཟེར་གྱི་ཚོགས་རྐང་པའི་ཁོང་སྟོང་ནས་ཞུགས་པས་ཡི་གེ་ཧཱུཾ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་མི་བསྐྱོད་པ་ལ་སོགས་པ་བསྐུལ་ཞིང་མགུལ་བ་ལ་སོགས་པ་གསུམ་པོ་ཉེ་བར་མཚོན་ནས། དེའི་ལྕེ་ལ་ཨ་བཀོད་པ་ལས་

Vol. 33 · folio 115b

བྱུང་བའི་འོད་དཔག་ཏུ་མེད་པ་བསྒོམས་ཏེ། རྡོ་རྗེ་སྨྲོས་ཤིག་ཅེས་དྲིས་ནས་དེའི་ངག་ནས་འདས་པ་ལ་སོགས་པ་ཤེས་ནས་མི་བསྐྱོད་པ་ལ་སོགས་པ་ལ་གཤེགས་སུ་གསོལ་བར་བྱས་ཏེ་སྲུང་བའི་འཁོར་ལོས་སྣོད་བསྲུང་བར་བྱའོ་ཞེས་བསྟན་ཏོ། །འདི་ནི་ཞེས་བྱ་བ་ནས་སྔགས་ཀྱི་རྡོ་རྗེ་ནི་འདི་ཡིན་

ནོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་དུ་འཇུག་པ་ལས་སྔོན་དུ་དཀྱིལ་འཁོར་གྱི་སྒོ་ལ་གནས་པ་གོས་དམར་པོས་མིག་ལ་བཀབ་པའི་སློབ་མ་ཡི་གེ་ལྔ་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་གཞུག་སྟེ། དེ་ནས་སྔར་བཤད་པའི་རྡོ་རྗེ་དབབ་པར་བྱའོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་

ནས་བསྟིམ་པར་བྱའོ་ཞེས་པའི་བར་དུ་ནི་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་དབང་བསྐུར་བའི་དོན་དུ་དཀྱིལ་འཁོར་བྲིས་ལ་ནམ་མཁའ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་གཟུགས་རྡོ་རྗེ་མ་ལ་སོགས་པས་མཆོད་ཅིང་དེ་རྣམས་བཀུག་ནས་དཀྱིལ་འཁོར་ལ་བསྟིམ་པར་

བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་སྐུ་གསུམ་ཞེས་བྱ་བ་ནས་དགོད་པར་བྱའོ་ཞེས་བྱ་བའི་བར་དུ་ནི་རིག་པའི་དབང་བསྐུར་བའི་དུས་སུ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་འོད་ཟེར་གྱི་ཚོགས་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་

དང་། དེ་བཞིན་དུ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་བསྣམས་པ་སྤྱན་ལ་སོགས་པ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས་བསྒོམས་ལ། དེ་རྣམས་ཀྱིས་སློབ་མ་དབང་བསྐུར་ཏེ་དེའི་བ་སྤུའི་བུ་གའི་སྒོ་ནས་དེ་རྣམས་བཅུག་ལ་དེ་བཞིན་གཤེགས་པ་

ཐམས་ཅད་ཀྱི་ངོ་བོར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་སློབ་མས་དབུགས་དབྱུང་བར་བྱའོ་ཞེས་པའི་བར་དུ་ནི་རིག་པའི་དབང་བསྐུར་སྦྱིན་པའི་ཕྱིར་རམ། ཕྱིར་མི་ལྡོག་པའི་དབང་སྦྱིན་པའི་དོན་དུ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ལ་རབ་ཏུ་གཞག་པར་བྱེད་པ། མི་

ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་དབང་བསྐུར་ཁྱོད་ལ་སྦྱིན་ན་དེ་ནས་ཁྱོད་ཀྱིས་ཇི་ལྟ་བ་བཞིན་དུ་ནན་ཏན་བྱའོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནས་བླ་མས་དབང་བསྐུར་སྦྱིན་པར་བྱའོ་ཞེས་པའི་བར་དུ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མི་བསྐྱོད་པ་ལ་སོགས་པ་

Vol. 33 · folio 116a

ལ་དབང་བསྐུར་བ་དེ་བཞིན་དུ་ཤིན་ཏུ་བསྒྲལ་བར་དཀའ་བའི་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་བླ་མ་དེ་བཞིན་དུ་བདག་ལ་ཡང་སྩོལ་ལོ་ཞེས་རྡོ་རྗེ་སློབ་མས་བླ་མ་ལ་གསོལ་བ་གདབ་པར་བྱ་བ་དང་དེ་བཞིན་དུ་དེ་དང་འདྲ་བའི་ཞུ་བས་

མགུ་བའི་རྡོ་རྗེ་སློབ་དཔོན་གྱིས། ཕྱིར་མི་ལྡོག་པའི་དབང་དེ་ལ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །ལྷའི་གཟུགས་ཞེས་བྱ་བ་ནས་དགོད་པར་བྱའོ་ཞེས་པའི་བར་དུ་ནི་ཕྱིར་མི་ལྡོག་པའི་དབང་བསྐུར་གྱི་མཐར་ནམ་མཁའི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་

གང་གིས་སློབ་མ་དབང་བསྐུར་བ་དེ་རྣམས་གཅིག་ཏུ་བསྡུས་ཏེ་འོད་ཟེར་གྱི་ཚོགས་ཀྱི་ཚུལ་དུ་ཚངས་པའི་སྒོ་ནས་འཇུག་ཅིང་སྐུའི་དཀྱིལ་འཁོར་ཁྱབ་ནས་གནས་པ་བསྒོམས་ལ། དེའི་སྙིང་གའི་པདྨར་ལྷག་པར་མོས་པའི་དབང་གིས་ཡི་དམ་གྱི་ལྷ་དགོད་པར་བྱའོ་ཞེས་བསྟན་

ཏོ། །དེ་ལྟར་ཞེས་བྱ་བ་ནས་ཞེས་ཀྱང་གསུངས་ཞེས་པའི་བར་དུ་ནི་སྣང་བར་གྱུར་པའི་ཤེས་རབ་དང་ལྡན་པའི་སློབ་མ་ལ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དང་། །ལྷའི་དེ་ཁོ་ན་ཉིད་དང་། ལེའུ་ལྔ་པ་ལས་གསུངས་པའི་དམ་ཚིག་ལྔ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །སྔགས་ཀྱིས་

ཞེས་བྱ་བ་ནས་ལྷའི་རྣལ་འབྱོར་བྱིན་ལ་ཞེས་པའི་བར་དུ་ནི་སློབ་མས་ཞུས་པའི་བླ་མས། དེའི་མོས་པ་སྤྱད་ཅིང་དྲིས་ལ་དེ་དང་རྗེས་སུ་མཐུན་པའི་སྔགས་དང་དེའི་བརྗོད་པར་བྱ་བར་འགྱུར་བའི་ལྷའི་ཏིང་ངེ་འཛིན་ལ་སྦྱིན་པར་བྱའོ་ཞེས་བསྟན་ཏོ། །གསང་བ་ཞེས་བྱ་བ་ནས་རྙེད་པར་མི་

དཀའ་བའོ་ཞེས་བྱ་བའི་བར་དུ་ནི་མཆོད་པ་སྔོན་དུ་འགྲོ་བར་གསོལ་བ་གདབ་སྟེ། སློབ་མས་བླ་མ་ལ་ཕྱག་རྒྱ་དབུལ་བར་བྱ་བ་དང་། དེས་ཀྱང་སྙོམས་པར་ཞུགས་པའི་རིམ་གྱིས་སངས་རྒྱས་ཐམས་ཅད་བཀུག་ལ། ངག་གི་ལམ་ནས་ཞུགས་ཏེ་སྣང་བ་ལ་སོགས་པའི་རིམ་གྱིས་དེ་

ཁོ་ན་ཉིད་མྱོང་ཞིང་ཕྱག་རྒྱའི་པདྨར་བྱང་ཆུབ་ཀྱི་སེམས་སྤྲོ་ཞིང་དེ་ལས་ས་ལ་མ་ལྷུང་བ་དུང་ཕོར་གྱིས་བླངས་ལ་ལྷག་མ་བདུད་རྩི་བཞི་དང་སྦྱར་ཏེ་ཡི་གེ་གསུམ་གྱིས་སྦྱངས་པ་ལ་སོགས་པ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུས་པའི་བློས་ཀྱེ་མ་ཧོ་བདེ་བ་ཆེན་པོ་ཞེས་ཚིག་

Vol. 33 · folio 116b

བརྗོད་པའི་སློབ་མ་སྤྱོད་དུ་གཞུག་གོ་ཞེས་བསྟན་ཏོ། །རྙེད་པར་མི་དཀའ་བ་ནི་རྡོ་རྗེ་སེམས་དཔའི་གོ་འཕང་རྙེད་པར་དཀའ་བ་མ་ཡིན་ཏེ་དེའི་དུས་ནས་བརྩམས་ཏེ་ཞེས་བྱ་བ་ནས་འབྱུང་བས་སོ། །དེ་ལྟར་ཞེས་བྱ་བ་ནས་བར་དུའོ་ཞེས་བྱ་བའི་བར་དུ་ནི་རིག་པའི་དབང་བསྐུར་བའི་འོག་ཏུ་སློབ་མ་ལ་

ལྷའི་དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། དེ་ལ་སོགས་པ་ཁམས་བཞིའི་རང་བཞིན་གྱི་སྤྱན་མ་ལ་སོགས་པ་དཀྱིལ་འཁོར་དུ་སྣང་བ་ཡིན་པ་དེ་རྣམས་འདོད་ཆགས་ཀྱི་རིགས་ཅན་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཡོངས་སུ་གྱུར་པ་ལས་བྱུང་བ་ཡིན་གྱི་ཞི་བ་

ལ་སོགས་པའི་ལས་ཀྱི་ཚོགས་བཞི་སྒྲུབ་པར་བྱེད་པའི་ཕྱིར་ཡིན་པར་བསྟན་ཏེ། དེ་ཁོ་ན་ཉིད་ལ་སྐྱེས་པ་དང་བུད་མེད་ཀྱི་དབྱེ་བ་ནི་མེད་དེ་ཐ་མི་དད་པའི་ཕྱིར་རོ། །དེ་ཡང་ཉེ་བར་མཚོན་པ་ཙམ་ཡིན་ཏེ་གཞན་ཡང་ཞི་བ་དང་དྲག་པོ་དང་བར་མའི་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་དང་

བྱང་ཆུབ་སེམས་དཔའ་དང་ལྷ་མོ་དང་ཁྲོ་བོ་རྣམས་ནི་དེ་དང་དེ་རྣམ་པར་དག་པ་དང་ལྡན་པ་རྟོགས་པར་བྱའོ། །དེ་ལས་ཞེས་བྱ་བ་ནས་མཉེས་པར་འགྱུར་རོ་ཞེས་པའི་བར་དུ་ནི་མཆོད་པའི་དུས་དང་སྦྱིན་སྲེག་གི་དུས་སུ་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཁ་ན་མ་

ཐོ་བ་མེད་པ་གླང་པོ་ལ་སོགས་པའི་ཤ་སྦྱང་བ་ལ་སོགས་པའི་རིམ་གྱིས་སྦྱངས་པས་དཀྱིལ་འཁོར་པ་རྣམས་ཚིམ་པ་དང་དམ་ཚིག་གི་མེ་ལྷའི་ཞལ་ནས་ཡེ་ཤེས་ཀྱི་མེ་ལྷ་ཚིམ་པ་དང་། དེ་ཚིམ་པས་མགུ་བར་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བསྟན་ཏོ། །

ཉིན་རེ་ཞེས་བྱ་བ་ནས་ཞེས་བྱ་བར་དགོངས་སོ་ཞེས་པའི་བར་དུ་ནི་གསང་བའི་དབང་བསྐུར་ཐམས་ཅད་ཀྱི་མཐར་རམ། ཕྱི་དང་ནང་དང་གསང་བའི་མཆོད་པས་ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་བསྟན་ཏོ། །དེ་ཡང་ལེའུ་དང་པོ་ནས་རྒྱས་པར་བསྟན་པས་འདིར་མ་བཤད་དོ། །བདུད་རྩི་ལྔ་

ཞེས་བྱ་བ་ནས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་བདུད་རྩི་ལྔའི་སྤྱོད་པའི་དུས་སུ་དེ་ཉིད་སྦྱང་བ་ལ་སོགས་པའི་རིམ་པས་སྦྱངས་ནས་འབར་བར་འགྱུར་རོ། །དེའི་མཐུས་ཀྱང་ལས་དང་བ་པོ་རྣམས་ཀྱིས་སྨོད་པའི་སེམས་བཟློག་ནས་རྟོག་པ་མེད་པའི་སེམས་ཀྱིས་སྤྱོད་པ་ལ་རྩོལ་བར་

Vol. 33 · folio 117a

འགྱུར་རོ་ཞེས་བསྟན་ཏོ། །རྫོགས་པའི་རིམ་པ་ལ་གནས་པའི་རང་བཞིན་གྱིས་དག་པའི་ཆོས་ཐམས་ཅད་ཡོངས་སུ་ཤེས་པས་སྨོད་པའི་སེམས་མི་འབྱུང་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པས་ཀྱང་རང་བཞིན་གྱིས་དག་པའོ་ཞེས་བཤད་པའི་

ཕྱིར་རོ། །དེ་ཡང་རིགས་པ་དང་ལུང་དག་གིས་སྔར་བཤད་ཟིན་ཏོ། །འདི་ལྟར་ཞེས་བྱ་བ་ནས་གོ་སླའོ་ཞེས་པའི་བར་དུ་ནི་སྔགས་ཀྱི་ལམ་གྱིས་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་དང་རྣམ་པར་སྡང་བ་དང་། གནས་སྤོང་བ་དང་རེངས་པ་ཞེས་བྱ་བ་འཇིག་རྟེན་པའི་དངོས་གྲུབ་བརྒྱད་དང་

འཁོར་ལོ་དང་རྡོ་རྗེ་དང་རིན་ཆེན་དང་པདྨ་དང་རལ་གྲི་དང་རི་ལུ་དང་མིག་སྨན་དང་རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་དང་། འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཕ་རོལ་ཕྱིན་པའི་ཚུལ་གྱིས་

ནི། །ཤིན་ཏུ་འབད་པས་བསྒྲུབ་པར་བྱའོ། །ཞེས་བྱ་བ་ནི། ཕ་རོལ་ཕྱིན་པའི་རྣལ་འབྱོར་པས་མཐོང་བ་དང་བསྒོམ་པའི་ལམ་གྱི་རིམ་གྱིས་བསྐལ་པ་གྲངས་མེད་པ་གསུམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་རོ། །འདིར་ནི་འབད་རྩོལ་མེད་པས་སོ། །བཤང་གཅིས་ཞེས་བྱ་བ་ནས་

དེ་སྐད་ཅེས་གསུངས་ཏེ་ཞེས་པའི་བར་དུ་ནི་མར་ཝེ་ཤོ་མུ་དང་ཀུ་གོ་ད་ཧ་ན་ཆ་མཉམ་པར་བྱས་ནས་བཏགས་ཏེ་ཐོད་པ་ཁ་སྦྱར་དུ་བཞག་ནས་ཡི་གེ་དགུ་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་སྦྱང་བ་ལ་སོགས་པའི་རིམ་གྱིས་སྦྱངས་ལ་ཚེས་བརྒྱད་པའམ་བཅུ་བཞི་པའི་

གང་ཡང་རུང་བའི་ཞག་ལ་ཡུངས་ཀར་གྱི་འབྲུའི་ཚད་ཙམ་གྱི་རི་ལུ་སུམ་བརྒྱ་དྲུག་ཅུ་གྲིབ་མ་ལ་བསྐམ་པར་བྱས་ནས། ཉིན་རེ་རི་ལུ་གཅིག་ཅིག་ཁར་བཅུག་ནས་སྒོམ་པར་བྱེད་ན་དེའི་ཚེ་རིག་པ་འཛིན་པ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནས་བཀའ་བསྒོ་བའི་ཚིག་

གོ་ཞེས་པའི་བར་དུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཁ་དོག་དམར་པོའི་འོད་ཟེར་ལྔའི་ཚོགས་དང་བཅས་པའི་ཡི་གེ་ཧྲི་ནམ་མཁའ་ལ་བསམས་ཏེ། ནམ་མཁའི་ཁམས་དེ་ཡང་ཐུགས་རྡོ་རྗེ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་དང་

Vol. 33 · folio 117b

བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་རྣམས་ཀྱིས་ཡོངས་སུ་གང་བར་བསྒོམས་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ས་བོན་ཨ་ཁཾ་དྷི་ཞེས་བྱ་བ་ཡི་གེ་ཧྲི་ལ་ཞུགས་ཏེ། དེ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོ་བསམས་ལ། དེ་ལ་ཨོཾ་ཞེས་

བྱ་བའི་སྔགས་ཀྱིས་བཀའ་སྦྱིན་ཏེ། དེ་སོང་ཞིང་ལོག་ན་སྒྲུབ་པ་པོ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་བསྟན་པ་དང་། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཟླ་བ་དང་ཉི་མ་ལ་གནས་པའི་གཤིན་རྗེ་མཐར་བྱེད་དང་། འོད་

དཔག་ཏུ་མེད་པའི་རྣལ་འབྱོར་པས་པདྨ་དང་ཉི་མ་ལ་གནས་པའི་རྟ་མགྲིན་དང་། མི་བསྐྱོད་པའི་རྣལ་འབྱོར་པས་པདྨ་དང་ཉི་མ་ལ་གནས་པའི་གནོད་མཛེས་ཀྱི་རྒྱལ་པོ་འམ་གཞན་གྱིས་མི་ཐུབ་པའི་བཀའ་ཉན་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །དེ་ལྟར་བདག་པོ་ཞེས་བྱ་བ་ནས་གསུངས་སོ་

ཞེས་པའི་བར་དུ་ནི་རིགས་ཀྱི་དབྱེ་བས་འདོད་པའི་རྒྱལ་པོ་ལ་སོགས་པ་ཁྲོ་བོ་དྲུག་ལག་ན་ལྕགས་ཀྱུ་ལ་སོགས་པ་ཐོགས་པ་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །ལྕགས་ཀྱུ་དབྱིག་པ་རྩེ་གསུམ་དང་། །རལ་གྲི་གྲྭ་རུ་དགོད་པར་བྱ། འདོད་པ་དབྱིག་པ་མི་གཡོ་སྟོབས། །གནོད་

མཛེས་གཙུག་ཏོར་སྟེང་འོག་གོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ནི་ཁྲོ་བོ་བཅུའི་བཀའ་ཉན་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །འོ་ན་དེ་བཞིན་གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའི་བཀའ་ཉན་ཅིའི་ཕྱིར་མ་གསུངས་ཤེ་ན་སྨྲས་པ། འདིར་དངོས་གྲུབ་འདོད་པའི་སྒྲུབ་པ་

པོས་ལོ་སྐོར་གཅིག་གམ་ཟླ་བ་དྲུག་གམ་བཞི་འམ་གསུམ་མམ་གཅིག་གམ་ཟླ་ཕྱེད་ཀྱིས་རྩོམ་པས་ཀྱང་དངོས་གྲུབ་ཐོབ་པར་མི་འགྱུར་ན། དེའི་ཚེ་ཞག་བདུན་གྱིས་དངོས་གྲུབ་ཐོབ་པའི་ཕྱིར་ཁྲོ་བོའི་གཟུགས་ཅན་བཀའ་ཉན་ཁོ་ན་སྒྲུབ་པར་བྱེད་དེ། དེའི་ཚེ་དེའི་མཐུས། བཟང་དང་།

སྦྱིན་པ་དང་། དབྱེ་བ་དང་། འཆད་པ་ཞེས་བྱ་བའི་ཐབས་བཞི་པོས་དེ་བཞིན་གཤེགས་པ་རྣམས་ལ་བརྟེན་ཏེ། སྟོབས་ཀྱིས་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་ལེའུ་བཅུ་པ་ནས་རྒྱས་པར་བཤད་པས་འདིར་མ་བསྟན་ཏོ། །དོན་ནི་བཤད་ཟིན་ཏོ་ཞེས་པ་ནི་ལེའུ་བཅུ་གཉིས་པ་

Vol. 33 · folio 118a

ནས་དྲང་བ་དང་ངེས་པའི་དོན་གྱི་དབྱེ་བས་བཤད་དོ། །འདིར་ཞེས་པ་ནི་གནས་ལའོ། །སངས་རྒྱས་ནི་རྡོ་རྗེ་འཆང་ཉིད་དོ། །བསྒྲུབ་པར་བརྩམ་པ་ཉིད་དོ་ཞེས་པ་ནི་འཆད་པར་འགྱུར་བ་བསྒྲུབ་པར་བྱའོ་ཞེས་ཚིག་ལྷག་མ་སྟེ། བཀའ་ཉན་བསྐུལ་བ་ཞེས་བྱ་བའི་ཐ་ཚིག་

གོ། །རི་རབ་ཅེས་བྱ་བ་ནས་རྡོ་རྗེ་འཆང་ཆེན་པོའོ་ཞེས་པའི་བར་དུ་ནི་བཀའ་ཉན་སྒྲུབ་པའི་སྒྲུབ་པ་པོའི་གྲངས་མེད་ཅིང་ཚད་མེད་པ་བྲན་དང་བྲན་མོ་དང་ཕོ་ཉ་དང་ཕོ་ཉ་མོ་དང་བཀའ་ཉན་དང་བཀའ་ཉན་མོ་ལ་སོགས་པ་འཁོར་རྣམས་དབང་དུ་འགྱུར་བ་དང་། དེ་བཞིན་དུ་གྲངས་མེད་ཅིང་

ཚད་མེད་པ་བཅོམ་ལྡན་འདས་སངས་རྒྱས་ཀྱིས་བཞུགས་པར་གྱུར་པའི་ཞིང་གང་ཡིན་པ་དེ་རྣམས་སྐད་ཅིག་ཙམ་གྱི་ཕྱིན་ནས་ལོག་པ་དང་། དེ་བཞིན་དུ་མངོན་པར་དགའ་བ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ལ་བཞུགས་པའི་དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་ནས་དེའི་མན་

ངག་ཐོས་པའི་ནུས་པས་མཐར་བདེན་པ་གཉིས་དབྱེར་མེད་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ལ་འདི་ནི་ཞེས་བྱ་བ་ནས་བྱིན་གྱིས་བརླབ་པར་བྱའོ་ཞེས་པའི་བར་དུ་ནི་འཇིག་རྟེན་པའི་གནོད་སྦྱིན་ལ་སོགས་པའི་བཀའ་ཉན་དང་། འཇིག་རྟེན་ལས་འདས་པའི་

གཤིན་རྗེ་མཐར་བྱེད་ལ་སོགས་པའི་བཀའ་ཉན་དེ་དག་ཐམས་ཅད་སྔགས་ཀྱི་རྒྱལ་པོ་ཡི་གེ་གསུམ་གྱིས་བསྐུལ་བར་བྱས་ཏེ། ལས་ལ་ངེས་པར་བྱའོ་ཞེས་བསྟན་ཏོ། །དེ་ཡང་ལེའུ་བཅུ་པ་ནས་གསུངས་སོ། །དེ་ལ་ཞེས་བྱ་བ་ནས་གནས་སྐབས་ཤེས་པའི་བར་དུ་ནི་བཀའ་ཉན་

བསྐུལ་བ་མདོར་བསྟན་པ་བཤད་དོ། །དེ་ཡང་ཞེས་བྱ་བ་ནས་ངེས་པར་སྦྱོར་བའོ་ཞེས་པའི་བར་དུ་བཟང་བ་དང་སྦྱིན་པ་དང་དབྱེ་བ་དང་འཆད་པའི་དབྱེ་བས་བཀའ་ཉན་ལ་བསྐུལ་བ་བསྟན་ཏོ། །དེ་ཉིད་བསྟན་པའི་རྡོ་རྗེ་འཆང་ཆེན་པོའི་བཀའ་ཞེས་སྨོས་ཏེ། རྡོ་རྗེ་འཆང་ཆེན་པོའི་

གཟུགས་ཅན་གྱི་སྒྲུབ་པ་པོའི་བཀའོ། །གསོལ་བ་བཏབ་པའོ་ཞེས་པ་ནི་བདག་པོའི་བཀའ་ཉན་ནས་དེ་བཞིན་གཤེགས་པའི་སྤྱན་སྔར་ཕྱིན་ཏེ། མཆོད་པ་སྔོན་དུ་འགྲོ་བའི་ཚིག་སྙན་པའི་ཞུ་བས་དེ་རྣམས་མཉེས་པར་བྱས་ནས། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་དོན་དུ་བཀའ་ཉན་

Vol. 33 · folio 118b

གྱིས་གསོལ་བ་གདབ་པར་བྱའོ་ཞེས་བྱ་བའི་བར་དུའོ། །དེས་ནི་བཟང་པོ་ཞེས་བྱ་བ་ཐབས་དང་པོ་བསྟན་ཏོ། །དམ་ཚིག་སྟོང་པ་ཞེས་བྱ་བས་སྦྱིན་པ་ཞེས་བྱ་བ་ཐབས་གཉིས་པ་བསྟན་པར་བྱ་སྟེ། དམ་ཚིག་དེ་ཉིད་ཀྱིས་ཞེས་པ་ནི་རྡོ་རྗེ་འཆང་གིས་བཀའ་བསྒོ་བའི་བཀའ་ཉན་གྱིས་སོ། །

བྱ་བ་རྣམས་ལ་སྦྱར་ནས་ཞེས་པ་ནི་མེ་ཏོག་རྡོ་རྗེ་མ་ལ་སོགས་པའི་ཕྱིའི་མཆོད་པ་དང་བདུད་རྩི་དང་ལྕགས་ཀྱུ་ལ་སོགས་པ་ནང་གི་མཆོད་པ་དང་སྙོམས་པར་ཞུགས་པའི་མཚན་ཉིད་ཀྱིས་གསང་བའི་མཆོད་པས་མཉེས་པར་བྱའོ་ཞེས་སྦྱིན་པ་ཞེས་བྱ་བའི་ཐབས་གཉིས་པ་བསྟན་ཏོ། །དམ་

ཚིག་ནི་བསྒྲུབ་པར་བྱ་བའི་དོན་ཏོ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་ཀྱི་དོན་ཞེས་བྱ་བའི་དོན་ཏོ། །དེ་ལས་བོད་ཅིང་མིང་དང་སྦྱར་ནས་ཞེས་པ་ནི་བཀའ་ཉན་སོང་ནས་དེ་བཞིན་གཤེགས་པའི་དྲུང་དུ་ཕྱིན་ནས་བསམ་གཏན་ལ་ཆགས་པའི་ཐུགས་དང་ལྡན་པ་དེ་རྣམས་

ཀྱིས་རྡོ་རྗེ་ཐོ་བས་ཐུགས་ལ་བརྡེག་ཅིང་ཆེ་གེ་མོ་ཞེས་བྱ་བས་སྒྲུབ་པ་པོས་ཁྱེད་རྣམས་ཀྱི་བསྟན་པ་ལ་དགའ་བ་ཞེས་བྱ་བའི་ཞུ་བས་རབ་ཏུ་སད་ལ་སླར་ཡང་བཟློག་ནས་སྒྲུབ་པ་པོ་ལ་དབུགས་དབྱུང་བར་བྱ་བའོ། །དེ་ནི་དབྱེ་བས་ཞེས་བྱ་བའི་ཐབས་བསྟན་པ་ཡིན་ནོ། །དམ་ཚིག་ཏུ་བྱེད་

པའོ་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་མཚན་ཉིད་དེ་འགྲོ་བའི་དོན་བྱེད་པའི་ཕྱིར་རོ། །དེ་ལ་འཆིང་ཞིང་ངེས་པར་སྦྱར་བ་ཞེས་པ་ནི་ཐབས་གསུམ་གྱིས་ཀྱང་མ་གྲུབ་ན་བཀའ་ཉན་གྱི་ལྕགས་ཀྱུ་དང་ཞགས་པས་རླུང་གི་དཀྱིལ་འཁོར་གྱི་སྦྱོར་བས་བཀུག་ལ་

ཕྱག་རྒྱའི་པདྨ་ལ་གནས་པའི་གྲུ་གསུམ་གྱི་མེ་ཡིས་བསྲེག་ཅིང་། དེའི་རྣམ་པར་ཤེས་པ་ཡང་དེ་བཞིན་གཤེགས་པའི་གཟུགས་སུ་བསྐྱེད་ལ་རང་གི་བདག་ཉིད་ལ་འཇུག་ཅིང་རོ་གཅིག་པར་བྱའོ་ཞེས་པ་འདིས་འཆད་པ་ཞེས་ཐབས་བཞི་པ་བསྟན་པ་ཡིན་ནོ། །ཐབས་

བཞི་པོ་དེ་རྣམས་ཀྱིས་ཞག་བདུན་གྱི་རྣལ་འབྱོར་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་བཀའ་སྩལ་པར་ཞེས་བྱ་བའི་བར་དུ་ནི་སྒྲུབ་པ་པོས་བསྐུལ་བའི་བཀའ་ཉན་གྱིས་ནམ་མཁའི་ཁམས་གཟུགས་མེད་པ་ཡང་གཟུགས་དང་ལྡན་

Vol. 33 · folio 119a

པར་བྱེད་དོ་ཞེས་བྱ་བས་ཕུལ་དུ་ཕྱུང་བའི་ཚིག་གིས་མ་བསྒྲུབས་པ་ཡང་གྲུབ་པ་ཉིད་དུ་བསྟན་ཏོ། །དེ་ནི་ཞེས་བྱ་བ་ནས་བཤད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི། རེ་ཞིག་དང་པོའི་རྣལ་འབྱོར་པས་སྟོང་པ་ཉིད་ལ་ཏིང་ངེ་འཛིན་མངོན་དུ་བྱས་པ་སྔོན་དུ་འགྲོ་བ་སྣ་ཚོགས་

པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མཾ་ལས་བསྐྱེད་པའི་ཡི་གེ་འབྲུ་དང་བཅས་པའི་རལ་གྲི་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ཞལ་གསུམ་པ་ཕྱག་དྲུག་པ་ཁ་དོག་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་གསུམ་མངའ་བ། རྩ་བའི་ཕྱག་གཉིས་ཀྱིས་ཡི་གེ་

གསུམ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་གཞུ་དང་མདའ་ལྔ་འཛིན་པ་དེ་ལ་གཞུའི་ཆང་གཟུངས་ནི་ཡི་གེ་ཧཱུཾ་ལས་བྱུང་བ་དང་། མཆོག་མ་གཉིས་པོ་ཡང་ཡི་གེ་ཨོཾ་དང་ཨཱཿལས་བྱུང་བ་གཞུ་རྒྱུད་ཀྱང་དེ་བཞིན་དུ་བསྒོམས་ཏེ་མདའ་རྣམས་ཀྱང་མདེའུ་ཨོཾ་ལས་བསྐྱེད་པ་དང་། སྨྱུག་མ་དང་

ལྟོང་ཨཱཿདང་ཧཱུཾ་གིས་བསྐྱེད་པར་བསམས་ལ། བདག་ཉིད་ཀྱང་རྡོ་རྗེ་སྐྱིལ་ཀྲུང་ལ་གནས་པར་བལྟས་ནས་ཉི་མའི་དཀྱིལ་འཁོར་དང་མེའི་དཀྱིལ་འཁོར་གྱི་སྟེང་དུ། རྒྱལ་པོ་ལ་སོགས་པའི་བསྒྲུབ་བྱ་མདུན་དུ་བཞག་ནས་དེའི་སྙིང་ག་དང་སྤྱི་བོ་དང་ལྟེ་བ་དང་གསང་བ་དང་རྐང་པ་གཉིས་

ལ་མདའ་དེ་རྣམས་ཅིག་ཅར་དུ་འཕངས་པར་བསྒོམས་ཏེ། དེ་རྣམས་ཀྱིས་མི་གཡོ་བ་བརྒྱལ་བར་འགྱུར་བ་སྐྱབས་མེད་པ་སྒྲུབ་པ་པོ་ལ་ཞལ་བལྟས་པ་དེའི་ཞབས་ལ་ལྷུང་བར་བསམ་པར་བྱའོ། །དེའི་ཚེ་རྒྱལ་པོ་ལ་སོགས་པ་བདག་ཉིད་དང་ནོར་གྱིས་དབང་དུ་འགྱུར་རོ་ཞེས་བསྟན་ཏོ། །སྨྱོ་

བྱེད་སྨྱོས་བྱེད་པ་དང་རྨོངས་བྱེད་དང་། །གདུང་བྱེད་པ་དང་སྐེམ་བྱེད་ཞེས་བྱའི་མདའ། །འདོད་པའི་ལྷ་ཡི་མཚོན་ཆ་དམ་པ་ནི། །དོན་དང་ལྡན་པའི་ལྔ་པོ་མངོན་པར་འདོད། །ཅེས་འབྱུང་ངོ་། །དེ་ལ་མདའ་དང་པོས་བསྒྲུབ་བྱའི་དབང་པོ་སྨྱོ་བར་བྱེད་པས་སྨྱོ་བྱེད་ཅེས་བྱའོ། །དེ་ནས་དེའི་

དབང་པོ་ཐམས་ཅད་དགའ་བར་བྱེད་པས་ན་སྨྱོས་པར་བྱེད་པ་ནི་གཉིས་པའོ། །དེ་དག་རྣམ་པར་ཤེས་པའི་དྲན་པ་མེད་པར་རང་གིས་བྱེད་པ་དེ་ནི་རྨོངས་པར་བྱེད་པ་སྟེ་གསུམ་པའོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་ཉམས་པས་གང་གིས་ཤིང་བཞིན་དུ་ས་ལ་ལྷུང་བར་བྱེད་པ་དེ་ནི་

Vol. 33 · folio 119b

བརྒྱལ་བར་བྱེད་པའི་གྲགས་པ་ཅན་ཏེ་བཞི་པའོ། །རོ་བཞིན་དུ་ཡན་ལག་དང་ཉིང་ལག་གང་སྐུལ་བར་བྱེད་པ་དེ་ནི་མི་གཡོ་བར་བྱེད་པ་དེ་སྐེམ་བྱེད་པ་ནི་ལྔ་པའོ། །མདའ་ལྔ་པོ་དེ་དག་གཞུ་ལས་ཅིག་ཅར་དུ་འཕང་བར་བྱའོ་ཞེས་ཁ་ཅིག་ཟེར་རོ། །གཞན་དག་ན་རེ་རིམ་གྱིས་འཕང་བར་

བྱའོ་ཞེས་ཟེར་རོ། །དེ་ནི་འཇམ་པའི་རྡོ་རྗེ་བསྒོམས་པའི་སྒོ་ནས་རྡོ་རྗེ་ཡན་ལག་མེད་པའི་ཏིང་ངེ་འཛིན་རབ་ཏུ་བསྟན་ཏོ། །གདུལ་བའི་དོན་གྱི་ཞེས་བྱ་བ་ནས་སྒྲུབ་པ་པོས་མཐོང་བར་འགྱུར་བའོ་ཞེས་པའི་བར་དུ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀྱི་དཀྱིལ་འཁོར་ནམ་

མཁའི་བར་སྣང་ལ་བསྒོམས་ཏེ། བསྒྲུབ་པར་དཀའ་བའི་བསྒྲུབ་བྱ་རྣམས་ཀྱི་མིག་འབྲས་ལ་ཡི་གེ་ཨོཾ་དགོད་ཅིང་ཁྱེད་རྣམས་ཀྱིས་ནམ་མཁའ་མཐོང་བར་གྱིས་ཤིག་ཅེས་བསྐུལ་བས་དེ་རྣམས་ཀྱིས་མངོན་སུམ་དུ་སངས་རྒྱས་ཀྱི་འཁོར་ལོ་མཐོང་བར་འགྱུར་རོ། །དེ་ལྟར་གྱུར་ན་དེ་

རྣམས་གདུལ་བར་འགྱུར་རོ་ཞེས་བསྟན་ཏོ། །དཀྱིལ་འཁོར་ལ་འཇུག་པའི་དུས་སུ་ཏིང་ངེ་འཛིན་འདི་ཡིན་ནམ་ཡང་ན་མིག་འཕྲུལ་གྱི་སྦྱོར་བ་ཡིན་ནོ། །བཀྲེས་སྐོམ་ཞེས་བྱ་བ་ནས་རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་བའི་བར་དུ་ནི་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་ལ་གནས་པའི་

རྣལ་འབྱོར་པའི་ཏིང་ངེ་འཛིན་ལས་དུབ་ན་བཀྲེས་སྐོམ་བཟློག་པས་ཚེ་དང་ནད་མེད་པ་དང་ལང་ཚོ་དང་ལྡན་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་ནམ་མཁའི་ཁམས་སུ་ཡི་གེ་དྷི་བསྒོམས་ལ། དེ་

ཡོངས་སུ་གྱུར་པ་ལས་ཁ་དོག་སེར་པོའི་རྡོ་རྗེ་བསྒོམས་ལ་དེ་ལས་སྤྲོ་བ་དང་བསྡུ་བའི་རིམ་གྱིས་བཅོམ་ལྡན་འདས་ཁ་དོག་སེར་པོ་ཞལ་གསུམ་པ་ལ་སོགས་པ་ལྟ་བུ་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ་ཞི་བ་དང་སྒེག་པའི་ཉམས་དང་ལྡན་པར་བདག་གིས་བསྒོམས་ཏེ།

རང་གི་བ་སྤུའི་བུ་གའི་ཁོང་སྟོང་ནས་འབྱུང་བའི་འོད་ཟེར་སེར་པོ་ལ་སོགས་པའི་ཚོགས་ཀྱིས་འགྲོ་བ་ཚིམ་ཞིང་རྒྱས་པར་བྱས་ནས་གནས་པར་བྱའོ་ཞེས་བྱ་བའི་ཏིང་ངེ་འཛིན་འདིས་ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་

Vol. 33 · folio 120a

ནས། དེ་ནི་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་རེ་ཞིག་དང་པོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བས་སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བཀོད་པ་ལས་བསྐྱེད་པའི་རྡོ་རྗེ་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་

ཞལ་གསུམ་ཕྱག་དྲུག་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཁ་དོག་སེར་པོ་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དེའི་བདག་ཉིད་དཀྱིལ་འཁོར་མ་ལུས་པས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་མ་སྐུལ་བྱེད་མའི་གཟུགས་བསྒོམས་ཏེ། འོད་ཟེར་ཀྱི་ཚོགས་སྤྲོས་

པས་གདུག་པ་ཐམས་ཅད་འཇོམས་ཤིང་རང་གི་ཏིང་ངེ་འཛིན་ལ་གནས་པར་བྱའོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་དེ་ལ་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་སྟོང་པ་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བས་སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་

དོག་སེར་པོ་ཛཾ་བཀོད་ནས་དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཚོགས་འཇུག་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཞལ་གསུམ་པ་ཕྱག་དྲུག་པ་ཁ་དོག་སེར་པོ་ཕྱག་གཡས་པ་ན་མ་དུ་ལུང་ག་དང་ལྕགས་ཀྱུ་དང་མདའ་འཛིན་པ།

གཡོན་པ་ན་ཞགས་པ་དང་ནེའུ་ལེའི་གཏེར་དང་གཞུ་འཛིན་པ། དེའི་གཟུགས་དང་འདྲ་བས་བཅོམ་ལྡན་འདས་མ་ནོར་རྒྱུན་མ་དང་སྙོམས་པར་ཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་མགོ་བོ་ལ་སོགས་པ་ལ། སངས་རྒྱས་ལྔའི་ཡིག་འབྲུ་ཨོཾ་ལ་སོགས་

པ་ལྔ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔས་བརྒྱན་པ། བདག་ཉིད་འཕགས་པ་ཛཾ་བྷ་ལར་བསྒོམས་ནས་རང་གི་སྙིང་ག་ལས་དེ་འདྲ་བ་སྤྲུལ་ཞིང་དེའི་མདུན་དུ་པདྨ་དང་ཟླ་བ་ལ་གནས་པའི་སྤྱི་བོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་མ་དང་སྙོམས་པར་ཞུགས་

པར་བསམས་ཏེ། དེ་སྙོམས་པར་ཞུགས་པ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ཨོཾ་ཛཾ་བྷ་ལ་ཛ་ལནྡྲཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་ཚངས་པའི་སྒོ་ནས་བདུད་རྩིའི་རྒྱུན་སྦྱིན་པར་བྱའོ། །དེའི་ཚེ་ནོར་དང་འབྲུ་ལ་སོགས་པ་འཕེལ་བར་འགྱུར་རོ་ཞེས་བསྟན་ཏོ། །

Vol. 33 · folio 120b

དེ་ནས་ཞེས་བྱ་བ་ནས་དེ་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་བར་དུ་ནི་རེ་ཞིག་དང་པོ་རྣལ་འབྱོར་པས་སྟོང་པ་ཉིད་ལ་དམིགས་པ་སྔོན་དུ་འགྲོ་བས་བདག་ཉིད་འཇམ་པའི་རྡོ་རྗེ་གཞོན་ནུའི་དབྱིབས་ཅན་བསྒོམས་ལ། མདུན་དུ་ནམ་མཁར་རྣམ་པ་སྣ་ཚོགས་ཀྱི་རིན་པོ་ཆེའི་གཞལ་ཡས་ཁང་པ་

རྣམ་པ་སྣ་ཚོགས་ཀྱི་ཀུན་དུ་དགའ་བས་བསྐོར་བ་དཔག་བསམ་གྱི་ཤིང་ལ་སོགས་པའི་མེ་ཏོག་གི་དྲིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁྱབ་པ་དེའི་ནང་དུ་རིན་པོ་ཆེ་མ་ར་ག་ཏའི་གདན་གྱི་སྟེང་དུ་ཡི་གེ་ཀྵེཾ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མོའི་ཚོགས་བསྒོམས་ལ། ཐམས་ཅད་

ཡོངས་སུ་གྱུར་པ་ལས་གནོད་སྦྱིན་མོ་གཅིག་ལོ་བཅུ་དྲུག་ལོན་པ་ནུ་མ་དང་སྨད་རྒྱས་པས་མཛེས་པ་ཁ་དོག་སྔོན་པོ་སྐྲ་ཕྱེད་བཀྲོལ་བ་ཆགས་པ་ཆེན་པོའི་མེས་ཡན་ལག་ཐམས་ཅད་གདུང་བ་ལག་པ་གཅིག་གིས་གདན་མནན་པ་དང་། གཉིས་པས་ཨུཏྤལ་སྔོན་པོ་རྩེ་གཅིག་པའི་

དོན་དུ་བསྣམས་པ་བསམས་ཏེ། དེའི་སྙིང་གར་པདྨའི་ལྟེ་བར་ཡི་གེ་ཀྵེཾ་བཀོད་ནས། དེ་བཞིན་གཤེགས་པ་ལྔའི་ས་བོན་གྱིས་བྱིན་གྱིས་བརླབས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེའི་སྟེང་དུ་སྨིན་མ་སྡུད་པས་འཇིགས་པའི་འཕགས་པ་བདུད་རྩི་འཁྱིལ་པ་བཀོད་ཅིང་དེས་མནན་པ་

སྡིགས་མཛུབ་བྱེད་པ་བསྒོམས་ཏེ། དེ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་རིམ་གྱིས་མཆོད་པར་བྱའོ། །དེ་ལྟར་བྱས་ནས་གནོད་སྦྱིན་མོ་རྣམས་དབང་དུ་འགྱུར་རོ་ཞེས་བསྟན་ཏོ། །དངོས་གྲུབ་ཅེས་བྱ་བ་ནས། །གནས་པའོ་ཞེས་བྱ་བའི་བར་དུ་ནི་འཇིག་རྟེན་པའི་མཁའ་

འགྲོ་མ་ལ་བསྒྲུབ་པ་བསྟན་ཏོ། །དེ་རྣམས་ནི་འཇིག་རྟེན་པའི་མཁའ་འགྲོ་མ་ལུས་ཀྱི་མིག་འཕྲུལ་དང་ལྡན་པ་ཡིན་ཏེ། གཟུགས་སྣ་ཚོགས་ལེན་པས་ཞེས་པ་ནི་ཕྱུགས་དང་རི་དགས་དང་བྱ་དང་སྦྲུལ་གྱི་གཟུགས་བསྟན་པས་སོ། །སྒྲ་སྣ་ཚོགས་ཀྱིས་ཞེས་པ་ནི་གསལ་

བ་དང་མི་གསལ་བའི་ཚིག་གི་བྱེ་བྲག་གི་རྒྱུན་གྱིས་སོ། །ཇི་ལྟར་མངོན་པར་འདོད་པའི་དོན་ཐོབ་པས་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལྷ་དང་མིའི་འབྲེལ་པ་ཅན་འདོད་པ་ཙམ་གྱིས་ཐོབ་པས་སོ། །དེ་རྣམས་ཀྱི་གཟུགས་འཛིན་པ་ནི་དེ་དང་འདྲའོ་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མ་

Vol. 33 · folio 121a

དང་འདྲ་བའི་གཟུགས་ཡིན་གྱིས་མཐུ་ནི་མི་འདྲའོ། །ཉེ་བར་མཚོན་པའི་མཚན་ཉིད་ཀྱིས་ཞེས་པ་ནི་རིགས་ཀྱི་དབྱེ་བས་ཁ་དོག་ལྔའོ། །རང་གི་ངོ་བོ་ཡོངས་སུ་འགྱུར་བ་ཞེས་པ་ནི་གཟུགས་བསྒྱུར་བ་དང་ཕྲ་མོ་དང་ཆེན་པོའི་གཟུགས་བསྟན་པ་དང་། འབར་བ་

དང་སྣང་བ་དང་འོད་སྤྲོ་བ་ལ་སོགས་པ་དང་། ཆོ་འཕྲུལ་སྟོན་པར་བྱེད་པ་དེ་ལྟར་གྱུར་པ་བསྒྲུབ་པར་བྱའོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། མི་བསྐྱོད་པའི་རྣལ་འབྱོར་དང་ལྡན་པ་སྔར་བཤད་པའི་གཞལ་ཡས་ཁང་པའི་ནང་དུ་ཁ་དོག་ནག་པོའི་གནོད་སྦྱིན་མོ་བསྐྱེད་ལ། དེའི་སྤྱི་བོར་

གནོད་མཛེས་ཀྱི་རྒྱལ་པོ་བཀོད་ནས་བསྒྲུབ་པར་བྱའོ། །དེ་བཞིན་དུ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་དོན་ཡོད་གྲུབ་པའི་རྣལ་འབྱོར་པ་རྣམས་ཀྱིས། སྔ་མ་བཞིན་དུ་གཞལ་ཡས་ཁང་པའི་ནང་ན་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་

གུའི་གནོད་སྦྱིན་མོ་རབ་ཏུ་བསྐྱེད་ནས། དེ་རྣམས་ཀྱི་སྤྱི་བོར་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་བཀོད་ནས་སྙོམས་པར་ཞུགས་པའི་རིམ་པས་བསྒྲུབ་པར་བྱའོ། །དེའི་ཚེ་འབྲས་བུ་ཇི་ལྟ་བུ་ཡིན་ཞེ་ན་སྨྲས་པ། རྡོ་རྗེ་

མཁའ་འགྲོ་ཞེས་བྱ་བ་ནས་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་མཁའ་འགྲོ་མ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་གསུངས་པའི་གཽ་རཱི་ལ་སོགས་པའམ། འདིར་གསུངས་པའི་སྤྱན་མ་ལ་སོགས་པ་གང་ཡིན་པ་དེ་རྣམས་སྔར་བཤད་པའི་ཆོ་གས་

བསྐྱེད་ལ་སྙོམས་པར་ཞུགས་པའི་རིམ་པས་སྤྱོད་ཅིང་རྡོ་རྗེ་འཆང་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །གནོད་སྦྱིན་ཞེས་བྱ་བ་ནས་ཁྱད་པར་རོ་ཞེས་བྱ་བའི་བར་དུ་ནི་ཟླ་བའི་འོད་ལ་སོགས་པ་འཇིག་རྟེན་པའི་གནོད་སྦྱིན་མོ་བསྒྲུབས་ནས་གླིང་ཐམས་ཅད་ཀྱི་བདག་པོའམ། འདོད་

པའི་ཁམས་ཀྱི་བདག་པོའམ། རིག་པ་འཛིན་པའི་བདག་པོར་འགྱུར་རོ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ནས་རྡོ་རྗེས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་དང་འཇིག་རྟེན་ལས་འདས་པ་གང་ཡིན་པ་དེ་རྣམས་ཐམས་ཅད་གཙུག་ཏོར་

Vol. 33 · folio 121b

འཁོར་ལོས་སྒྱུར་བ་ལ་སོགས་པའི་རྣལ་འབྱོར་པས་བསྒྲུབས་ལ་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་བསྒྲུབ་པར་བྱ་སྟེ། ལྷན་ཅིག་སྤྱོད་པའི་ཕྱིར་དང་ཐ་མལ་པ་མ་ཡིན་པའི་གཟུགས་འཛིན་པའི་ཕྱིར་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་སྙོམས་པར་འཇུག་པར་བྱའོ་ཞེས་པའི་བར་

དུ་ནི་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་པ་རྣམས་ཀྱིས། རང་གི་ཤིང་ལ་སོགས་པ་ལས་བྱས་པའི་གདོང་དང་ཕྱག་དང་ཕྱག་མཚན་ལ་སོགས་པ་བྱས་ལ་དེ་དང་འདྲ་བ་ཡང་ཁ་དོག་སྦྱར་ཏེ། བཅུ་གཉིས་པ་དང་བཅུ་དྲུག་པ་དང་། ལོ་ཉི་ཤུ་པ་སྨེ་

ཤ་ཅན་དང་གར་མཁན་དང་ཁྲུས་མཁན་གྱི་བུ་མོ་ལེགས་པར་བསླབས་པ་དམ་ཚིག་གི་ཕྱག་རྒྱ་སྤྱན་མ་ལ་སོགས་པའི་གཟུགས་སུ་སྦྱར་བ་བླངས་ཏེ་དུས་བཞིན་ཡུལ་ནས་ཡུལ་དུ་འགྲོ་ཞིང་སྙོམས་པར་ཞུགས་པར་བྱས་ཏེ། ཇི་སྲིད་དེ་དང་ལྷན་ཅིག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་

ཐོབ་པ་དེ་སྲིད་གནས་པར་བྱའོ། །སྡོང་བུ་ཞེས་བྱ་བ་ནས་བསྔགས་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པའི་རྣལ་འབྱོར་པས་དམན་པའི་འཚོ་བ་སྤངས་ཏེ་ཇི་སྙེད་པའི་ཁ་ཟས་ཙམ་གྱིས་ལུས་འཚོ་བར་བྱའོ་ཞེས་བསྟན་ཏོ། །ཆོས་དབྱིངས་མངོན་པར་བྱང་ཆུབ་པ། །

ཇི་སྙེད་པ་ཡི་སྦྱོར་བ་ཡིས། །ཞེས་བསྟན་པའི་ཕྱིར་རོ། །དེ་རྣམས་ཀྱི་ལེའུ་དགུ་པ་ནས་གསུངས་པའི་དམ་ཚིག་ལྔ་སྤྱད་པར་བྱའོ་ཞེས་བསྟན་ཏོ། །བསམ་གཏན་ཞེས་པ་ནས་སྒྲ་ཇི་བཞིན་པའོ་ཞེས་པའི་བར་དུ་ནི་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པས་ཡེ་ཤེས་

ཀྱི་ཕྱག་རྒྱ་རང་གི་སྣང་བའི་རང་བཞིན་སྙིང་ག་ནས་སྤྲོས་ཏེ། དེ་དང་ལྷན་ཅིག་བདེ་བ་ཆེན་པོ་མྱོང་ཞིང་ནགས་ཀྱི་ལྷ་མོས་བྱིན་པའི་ཁ་ཟས་སྤྱོད་པའམ་བསམ་གཏན་གྱི་ཁ་ཟས་ཅན་གྱིས་ཇི་སྲིད་དངོས་གྲུབ་ཐོབ་པ་དེ་སྲིད་གོམས་པར་བྱའོ་ཞེས་བསྟན་ཏོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་

སྤྱོད་པ་གཉིས་བསྟན་པ་སྟེ། སྤྱོད་པ་ཇི་ལྟ་ཇི་ལྟར་གསུངས། །ཞེས་བསྟན་པས་སོ། །རྡོ་རྗེ་ཞེས་བྱ་བ་ནས་དགོངས་པས་བཤད་པའོ་ཞེས་པའི་བར་དུ་ནི་ཕྱག་རྒྱ་དང་ལྷན་ཅིག་སྙོམས་པར་ཞུགས་ཏེ་ཐ་མལ་པའི་ལུས་སྤངས་ནས་རྡོ་རྗེ་སྐུ་ཞེས་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པའི་

Vol. 33 · folio 122a

འབྲས་བུ་བསྟན་ཏོ། །དགོངས་པས་བཤད་པའོ་ཞེས་པ་ནི་འཇིགས་པ་ལ་སོགས་པའི་འགལ་བའི་སྒྲའི་སྒོ་ནས་དེ་ཁོ་ན་ཉིད་བསྟན་པས་སོ། །སྔར་བཤད་པའི་ལྷན་ཅིག་སྤྱོད་མ་རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་པའི་དབང་དང་དགུག་པ་ལ་སོགས་པའི་ཆོ་གས་དགུག་

ཅིང་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་དང་གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་བུ་མོ་རྡོ་རྗེ་འཇིགས་བྱེད་དང་འབྱུང་པོ་འདུལ་བའི་རྒྱུད་ལས་གསུངས་པའི་རིམ་པས་བསྒྲུབ་པར་བྱ་བ་དང་། ལྷ་མ་ཡིན་གྱི་བུ་མོ་དང་ཀླུའི་བུ་མོ་རྡོ་རྗེ་ས་འོག་གི་

རྒྱུད་ལས་གསུངས་པའི་རིམ་པས་བསྒྲུབ་པར་བྱའོ་ཞེས་བསྟན་ཏོ། །རྣལ་འབྱོར་པ་རྣམས་ཏེ་ཞེས་པ་ནི་སྔོན་གྱི་སངས་རྒྱས་སོ། །དེས་བསྟེན་པ་ནི་དེ་རྣམས་ཀྱི་སྤྱོད་པའོ། །རིག་པའི་བརྟུལ་ཞུགས་ཞེས་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་ལྷན་ཅིག་སྤྱོད་པའི་མཚན་ཉིད་དོ། །ཐུན་

མོང་གི་ཆོ་གའོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་ལ་ཐུན་མོང་ངོ་། །སྒྲུབ་པ་པོ་ཐམས་ཅད་ཀྱི་ཞེས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཤིན་ཏུ་གསང་བ་ཞེས་པ་ནི་བྱ་བའི་རྒྱུད་ལ་སོགས་པ་ལ་བརྟེན་པ་ལ་སྦ་བར་བྱའོ། །དོན་ཆེན་

པོ་ཐོབ་པར་བྱེད་པ་ཞེས་པ་ནི་ཐམས་ཅད་ཀྱི་ཕུལ་དུ་བྱུང་བའི་འབྲས་བུ་ཐོབ་པར་བྱེད་པའོ། །སྐུ་རྡོ་རྗེ་ལ་སོགས་པ་ཞེས་པ་ནི་ལུས་ལ་སོགས་པའི་རྣམ་པར་དག་པའི་ངོ་བོ་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པའི་རྒྱུས་སོ། །རྡོ་རྗེ་སྐུ་ལ་སོགས་པ་སྐྱེད་པར་བྱེད་

པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འཇུག་པར་བྱེད་པའོ། །དེ་ཉིད་བསྟན་པའི་ཕྱིར། དོན་དམ་པའི་བདེན་པ་ཞེས་སྨོས་ཏེ། མངོན་པར་བྱང་ཆུབ་པའི་རིམ་པས་ཐོབ་པར་བྱེད་པའི་འོད་གསལ་བའོ། །ཐོས་པས་ཏེ་ཞེས་

པ་ནི་འོད་གསལ་བ་ལས་ཅིག་ཅར་དུ་བྱུང་བའི་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱི་ངོ་བོ་རྡོ་རྗེ་འཆང་གི་སྐུ་སྐྱེད་པར་བྱེད་པའོ། །དེ་ཉིད་བསྟན་པའི་ཕྱིར། འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོད་གསལ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པས་རྣམ་པར་དག་པ་ནི་སྤྲོས་པའོ། །

Vol. 33 · folio 122b

ཡེ་ཤེས་ཀྱི་སྐུ་ནི་རྡོ་རྗེའི་སྐུ་སྟེ་ཟུང་དུ་འཇུག་པ་ཞེས་བྱ་བའོ། །ཐོབ་པར་བྱེད་པ་ཞེས་པ་ནི་དེ་རྫོགས་པར་བྱེད་པའོ། །བར་དུའོ་ཞེས་པ་ནི་རྫོགས་པ་རྗོད་པར་བྱེད་པ་ནི་ཚིག་ཕྲད་དོ། །བསྡུ་བར་བྱེད་པ་ཞེས་བྱ་བ་ལ་སོགས་པས་ལེའུ་ཉེ་བར་བསྡུ་བར་བསྟན་ཏོ། །དངོས་གྲུབ་ཐམས་

ཅད་ཅེས་པ་ནི་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་རྒྱུར་གྱུར་པ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །དཀྱིལ་འཁོར་ནི་མཐའ་ཡས་པའི་དཀྱིལ་འཁོར་པས་ཡོངས་སུ་བསྐོར་བའོ། །དེ་ནི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་དེ་ལ་བརྟེན་ནས། །སྒྲུབ་པ་པོ་རྣལ་འབྱོར་པ་རྣམས་ཀྱི་མངོན་

པར་བྱང་ཆུབ་པའི་ཡེ་ཤེས་བསྐྱེད་པ་ནི་དབང་བསྐུར་བ་ལ་སོགས་པའི་རིམ་གྱིས་ཡེ་ཤེས་ཀྱི་སྐུ་ཐོབ་པ་གང་ཡིན་པའོ། །དེའི་དོན་གྱི་གཞུང་གི་ཚོགས་ཞེས་པ་ནི་དེ་སྟོན་པར་བྱེད་པའི་ཚིག་གི་ཚོགས་སོ། །ལེའུ་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །སྒྲ་ཇི་བཞིན་པ་ཞེས་པ་ནི་ལེའུའི་དོན་ཙམ་

སོ་སོར་བསྟན་པས་སོ། །དེ་ཡང་སོགས་པའི་སྒྲས་ཤེས་པར་བྱའོ། །སྒྲོན་མ་གསལ་བར་བྱེད་པའི་འགྲེལ་པའི་ཊཱི་ཀཱ་ལས་ལེའུ་བཅུ་དྲུག་པའི་རྒྱ་ཆེར་བཤད་པའོ།། །།རིམ་པ་གཉིས་ཁོང་དུ་ཆུད་པ་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བདུན་པའི་བཤད་པ་བརྩམ་པར་བྱ་སྟེ། རིམ་པ་གཉིས་

ཁོང་དུ་ཆུད་པ་ཞེས་པ་ནི་ལེའུ་བཅུ་དྲུག་གི་རིམ་པ་གཉིས་མངོན་དུ་བྱས་པའོ། །འཇིག་རྟེན་པ་ནི་མི་དགེ་བ་བཅུ་ལས་ལྡོག་པའི་མཚན་ཉིད་དོ། །འཇིག་རྟེན་ལས་འདས་པ་ནི་དམ་ཚིག་དང་སྡོམ་པའི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་དབྱེ་བས་ཕྱེ་བ་དེ་བཞིན་གཤེགས་པ་ལྔའི་དམ་ཚིག་དང་བདུད་རྩི་ལྔ་

དང་ལྕགས་ཀྱུ་ལྔ་ལ་སོགས་པའི་སྤྱོད་པའོ། །ཉམས་སུ་མ་བླངས་ན་ཞེས་པ་ནི་དེ་དག་ཐམས་ཅད་མི་སྲུང་ཞིང་སྤོང་བས་སོ། །དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། །རིང་བར་འགྱུར་བ་ནི་འགྲུབ་པར་མི་འགྱུར་བའོ། །དེ་ནི་ལེའུ་བཅུ་བདུན་པ་དམ་ཚིག་དང་སྡོམ་པ་སྟོན་པར་བྱེད་པ་སྡུད་པ་པོས་བསྟན་ཏོ། །

དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་འདེབས་པ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་ལ་མི་བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔ་པོས་བསྟོད་པའོ། །མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་ཐུགས་རྡོ་རྗེ་འཆང་གི་སྒོ་ནས་བསྟོད་པ་བསྟན་ཏེ། ཉོན་མོངས་པའི་ཚོགས་ཐམས་ཅད་ནི་ཆགས་པ་དང་བྲལ་བ་ལ་སོགས་པའོ། །

Vol. 33 · folio 123a

ད་རྣམས་ཀྱི་ཚོགས་ནི་ཉིན་མོ་དང་མཚན་མོ་དང་བརྒྱ་དྲུག་ཅུའི་དབྱེ་བས་འཇུག་པའོ། །མི་གཡོ་བ་ཞེས་པ་ནི་སྔགས་དང་ཕྱག་རྒྱའི་རིམ་པས་དེ་རྣམས་སྤོང་བའི་ཕྱིར་རོ། །དེ་ལྟར་གྱུར་པ་ནི་རྡོ་རྗེ་ཐུགས་དང་ལྡན་པའོ། །དེ་བཞིན་དུ་སྟོང་པ་ནི་བཞི་སྟེ་རྒྱུ་དང་འབྲས་བུའི་དབྱེ་

བས་གནས་པ་དེའི་བདག་ཉིད་ཅན་ཡང་བཅོམ་ལྡན་འདས་ཡིན་ཏེ། ཁྱབ་བྱེད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དོན་དམ་པའི་བདེན་པ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པར་རྟོག་པ་ཁྱབ་པར་བྱེད་པ་ཉིད་ཀྱིས་འདྲ་བ་སྟེ། དེ་ལ་སྤང་བྱ་དང་དོར་བྱའི་བག་ཆགས་ཀྱིས་

གོས་པ་མི་སྲིད་དེ། རྟག་ཏུ་དག་པའི་ཕྱིར་དང་། གློ་བུར་གྱི་དྲི་མ་རྣམས་རྣམ་པར་བྱང་བའི་ཕྱིར་རོ། །མི་བསྐྱོད་པ་ལ་སོགས་པ་སྟེ། །ཞེས་པ་ནི་དེ་བཞིན་གཤེགས་པ་ལྔའོ། །དེ་འཛིན་པར་བྱེད་པས་ན་ཞེས་པ་ནི་དེ་རྣམས་བསྐྱེད་པའམ་སྤྲོ་བར་བྱེད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལས་རིགས་

ཐམས་ཅད་བྱུང་བའི་ཕྱིར་རོ། །ཇི་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དེ་ཡི་ཁམས་གསུམ་མ་ལུས་པ། །ཐམས་ཅད་དུ་ནི་ལོངས་སྤྱོད་ཅིང་། །ཞེས་འབྱུང་བས་སོ། །བདེན་པ་གཉིས་ནི་ཀུན་རྫོབ་དང་དོན་དམ་པའོ། །

དེའི་དབྱེ་བས་ནི་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་པ་ཁོ་ན་ཉིད་རྟོགས་པའོ། །དེ་ཡོངས་སུ་མཁྱེན་པས་ཞེས་པ་ནི་དེའི་སྔོན་དུ་མཛད་པས་སོ། །དེ་ལ་སེམས་རྣམ་པར་དག་པའི་རིམ་པས་རང་བཞིན་དང་སྣང་བ་ཀུན་རྫོབ་པ་ཡོངས་སུ་སྤངས་ནས་འོད་གསལ་བའི་མཚན་ཉིད་

ཅན་གྱི་དོན་དམ་པའི་བདེན་པ་སྔོན་དུ་མཛད་པ་དང་། བདག་ལ་བྱིན་གྱིས་བརླབས་པའི་རིམ་པས་ཆད་པའི་ཕྱོགས་ཡོངས་སུ་སྤང་བའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ཡོངས་སུ་བཟུང་བས་ཀུན་རྫོབ་ཀྱི་བདེན་པའི་དབྱེ་བས་སྔོན་དུ་མཛད་པ་དང་། མངོན་པར་བྱང་ཆུབ་ཀྱི་རིམ་པས་ཀྱང་དེ་ཡོངས་

སུ་སྦྱངས་ནས་དེ་ཁོ་ན་ཉིད་བཞི་པ་དོན་དམ་པའི་བདེན་པ་མངོན་དུ་མཛད་པ་དང་། རྟག་པ་དང་ཆད་པ་ལ་སོགས་པ་དང་བྲལ་བའི་ཟུང་དུ་འཇུག་པའི་རིམ་པས་བདེན་པ་གཉིས་དབྱེར་མེད་པས་མངོན་དུ་མཛད་པའོ་ཞེས་དགོངས་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ནི་དེ་དག་

Vol. 33 · folio 123b

ཐམས་ཅད་མངོན་པར་རྟོགས་པར་མཛད་དོ། །རྡོ་རྗེ་ལ་སོགས་པ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ནང་ན་གཙོ་བོར་གྱུར་པས་ན་བདག་པོར་གྱུར་པས་སོ། །དོན་དམ་པའི་དཀྱིལ་འཁོར་དང་ཞེས་པ་ནི་གཟུགས་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་འོད་

གསལ་བ་ལ་འཇུག་པའི་མཚན་ཉིད་དོན་དམ་པའི་དཀྱིལ་འཁོར་ཏེ་སྙིང་པོ་ལེན་པས་སོ། །དེ་ནི་རིམ་པ་གཉིས་པོ་ལ་ཡང་ཡོད་དེ། དང་པོ་སྦྱོར་བའི་ཡན་ལག་ཏུ་གྱུར་པ་རྣལ་འབྱོར་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར་དང་། སེམས་རྣམ་པར་དག་པ་དང་མངོན་པར་བྱང་ཆུབ་པའི་རིམ་

པས་ཐོབ་པའི་ཕྱིར་རོ། །བསྐྱེད་པའི་རིམ་པ་ལ་སྐུ་ཉིད་དཀྱིལ་འཁོར་ཏེ་ལྷ་སུམ་ཅུ་རྩ་གཉིས་དགོད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོས་དེ་རྫོགས་པས་ན་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །དཀྱིལ་འཁོར་རྒྱལ་བ་

མཆོག་ལ་ཕྱག་རྒྱ་འདུས་བྱས་པ་སྔོན་དུ་འགྲོ་བས་ཕྱི་རོལ་དུ་ལྷ་སུམ་ཅུ་རྩ་གཉིས་སྤྲོ་བ་ནི་ཕྱུང་བའི་དཀྱིལ་འཁོར་ཏེ། དེ་འགྲོ་བའི་དོན་བྱེད་པའི་ཕྱིར་ཏེ་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །གལ་ཏེ་དེ་ལྟ་ཡིན་ན་འདུས་པའི་ཕྱི་མའི་རྒྱུད་ཀྱི་ཚད་མས་ཇི་ལྟར་འགལ་བ་

མ་ཡིན་ཞེ་ན། དེ་ལ་བྱང་ཆུབ་སེམས་ནི་དཀྱིལ་འཁོར་ཏེ། །བྷ་གའི་དཀྱིལ་འཁོར་ཉིད་དང་ནི། །སྐུ་ཡི་དཀྱིལ་འཁོར་ཞེས་བྱ་བ། །དཀྱིལ་འཁོར་གསུམ་ནི་བརྟགས་པ་ཡིན། །ཞེས་པས་མི་འགལ་ཏེ། དེའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་ཀྱི་སེམས་ནི་དོན་དམ་

པའི་དཀྱིལ་འཁོར་ཡིན་ཏེ། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་སུ་དེ་བཤད་དོ། །ཞེས་དེ་ཉིད་ལས་གསུངས་པའི་ཕྱིར་རོ། །འོན་ཀྱང་བྱང་ཆུབ་ཀྱི་སེམས་ལ་ཆ་གཉིས་ཏེ། རྫས་ཀྱི་ཆ་དང་བདེ་བ་ཆེན་པོའི་ཆའོ། །དེའང་བདེ་བ་ཆེན་པོའི་ཆ་ལ་བརྟེན་ནས་བྱང་ཆུབ་

སེམས་ཉིད་ནི་དོན་དམ་པའི་དཀྱིལ་འཁོར་ཞེས་བྱའོ། །སྐུའི་དཀྱིལ་འཁོར་ནི་འདྲ་བ་ཉིད་དོ། །བྷ་གའི་དཀྱིལ་འཁོར་ནི་ཕྱུང་བའི་དཀྱིལ་འཁོར་ཉིད་ཡིན་ཏེ། བྷ་ག་ལས་ཕྱུང་བའི་དཀྱིལ་འཁོར་འབྱུང་བས་སོ། །རྒྱུ་དང་འབྲས་བུ་དབྱེར་མེད་པས་འདི་སྐད་བསྟན་ཏེ། ཉེ་བར་

Vol. 33 · folio 124a

བརྟགས་པས་སོ། །གཞན་དག་ན་རེ་སྐུའི་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །གསུང་གི་དཀྱིལ་འཁོར་ནི་དབྱངས་དང་གསལ་བྱའི་བདག་ཉིད་ཅན་གྱི་ཡི་གེ་ཕྱི་མོ་ཞེས་ཟེར་རོ། །ཨ་ཨཱ་ནི་རྣམ་པར་སྣང་མཛད་དང་སྤྱན་མའོ། །ཨི་ཨཱི་ནི་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱིའོ། །ཨུ་ཨཱུ་ནི་

འོད་དཔག་ཏུ་མེད་པ་དང་གོས་དཀར་མོའོ། །རྀ་རཱྀ་ནི་དོན་ཡོད་གྲུབ་པ་དང་སྒྲོལ་མའོ། །ལྀ་ལཱྀ་ནི་མི་བསྐྱོད་པ་དང་རེག་བྱ་རྡོ་རྗེ་མའོ། །ཨེ་ཨཻ་ཨོ་ཨཽ་ནི་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞིའོ། །ཀ་ཁ་ག་གྷ་ང་ནི་ལྷ་མོ་བཞིས་བསྐོར་བའི་རྣམ་པར་མཛད་དོ། །ཙ་ཚ་ཛ་ཛྷ་ཉ་ནི་ལྷ་མོ་བཞིས་ཡོངས་

སུ་བསྐོར་བའི་རིན་ཆེན་འབྱུང་ལྡན་ནོ། །ཊ་ཋ་ཌ་ཌྷ་ཎ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་འོད་དཔག་ཏུ་མེད་པའོ། །ཏ་ཐ་ད་དྷ་ན་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་དོན་ཡོད་གྲུབ་པའོ། །པ་ཕ་བ་བྷ་མ་ཞེས་པ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་མི་བསྐྱོད་པའོ། །དེ་དག་ལྔ་ལྔའི་

བདག་ཉིད་ནི་དཀྱིལ་འཁོར་ལྔའོ། །ཡ་ར་ལ་ཝ་ཤ་ཥ་ས་ཧ་ཨཾ་ཨཿཞེས་བྱ་བ་ནི་ཁྲོ་བོ་བཅུ་སྟེ་གསུང་གི་དཀྱིལ་འཁོར་རོ། །དེ་བཞིན་དུ་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་རྣམ་པར་དག་པའི་རང་བཞིན་ནི་འོད་དཔག་ཏུ་མེད་པ་ལ་སོགས་པའོ། །

བདག་ཏུ་ལྟ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་ཆགས་པ་རྣམ་པར་དག་པས་སྤྱན་ལ་སོགས་པའོ། །ཀུན་གཞི་ལ་སོགས་པ་རྣམ་པར་ཤེས་པ་བརྒྱད་རྣམ་པར་དག་པས་བྱམས་པ་ལ་སོགས་པའོ། །ཆུ་བོ་བཞི་རྣམ་པར་དག་པས་གཟུགས་རྡོ་རྗེ་

མ་ལ་སོགས་པའོ། །ངོ་ཚ་མེད་ཅིང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒྱགས་པ་དང་། །འགྱོད་པ་བྱིང་བ་རྒོད་པ་དང་། །ཁྲོ་བ་དང་ནི་འཆབ་པ་སྟེ། །ཀུན་དུ་སྦྱོར་བ་བཅུ་རྣམ་པར་དག་པས་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་ཞེས་ཐུགས་ཀྱི་དཀྱིལ་འཁོར་ཏེ། ཀུན་

ནས་ཉོན་མོངས་པའི་སེམས་སྦྱོང་བར་བྱེད་པས་སོ། །ཡང་དག་མ་ཡིན་ཀུན་རྟོག་མིན། །སེམས་དང་སེམས་བྱུང་ཁམས་གསུམ་པའོ། །ཞེས་འབྱུང་ངོ་། །དཀྱིལ་འཁོར་གསུམ་པོ་དེའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ། །ཇི་ལྟར་

Vol. 33 · folio 124b

བདེན་པའི་དཀྱིལ་འཁོར་ནི། །གང་གིས་རབ་ཏུ་བརྟག་པར་ནུས། །རང་ལྷག་ལྷ་ཡི་སྦྱོར་བ་ཡིས། །དཀྱིལ་འཁོར་བརྟག་པ་འགྲུབ་པ་ཡིན། །ཞེས་འབྱུང་ངོ་། །དམ་ཚིག་དེ་ཁོ་ན་ཉིད་ཅེས་བྱ་བ་ནི་བཟའ་བ་ལ་སོགས་པའོ། །བཤད་དུ་གསོལ་ཞེས་པ་ནི་སྟོན་པར་མཛད་དུ་གསོལ་ཞེས་

པའོ། །མི་བསྐྱོད་པའི་སྒོ་ནས་བསྟོད་པའོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་པས་སོ། །འོད་གསལ་བའི་མེས་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མེས་སོ། །འབར་བར་གྱུར་པས་ན་ཞེས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་མཛེས་པར་འགྱུར་

བའོ། །དེ་ཉིད་ཀྱི་ཕྱིར་དགའ་བ་ཆེའོ་ཞེས་པ་ནི་འབྲས་བུར་གྱུར་པ་ཉིད་དུ་བསྟན་ཏོ། །དེ་རྣམས་རྣམ་པར་དག་པའི་ངོ་བོ་ཉིད་ཀྱིས་ཞེས་པ་ནི་ཉེ་བར་སྡུད་པར་བྱེད་པས་སོ། །དྲུག་པར་འགྱུར་བས་ན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡིན་པས་སོ། །མཆོག་ཏུ་དགའ་བའི་བདག་ཉིད་

ཡིན་པས་ན་ཞེས་པ་ནི་སྤྱན་མ་དང་སྙོམས་པར་ཞུགས་པས་བདེ་བ་ཆེན་པོའི་ངོ་བོ་ཡིན་པས་སོ། །ངོ་བོ་ཉིད་ཀྱིས་དག་པ་ཞེས་པ་ནི་གཙང་བ་དང་མི་གཙང་བ་ལ་སོགས་པ་བརྟགས་པ་ཡིན་པས་ན་མི་བཟའ་བ་དང་མི་བཏུང་བ་ལ་སོགས་པ་རྟག་ཏུ་དྲི་མ་མེད་པའོ། །བསྟོད་ཅིང་ཞེས་བྱ་བ་ལ་སོགས་པས་རྣམ་པར་

སྣང་མཛད་ཀྱི་སྒོ་ནས་བསྟོད་པའོ། །རིན་པོ་ཆེའི་རིགས་དང་ལྡན་པའོ་ཞེས་བྱ་བ་ནི་མཱ་མ་ཀཱི་ལ་སོགས་པའོ། །གསལ་བར་མཛད་པ་ནི་སྤྲོ་བར་མཛད་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པས་ན་ཞེས་པ་ནི་ནམ་མཁའ་མཛོད་ཉིད་ཀྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་

ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ལ་སོགས་པས་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །གསུངས་ཤིག་པ་ཞེས་བྱ་བས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པའོ། །པདྨའི་རིགས་དང་ལྡན་པ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཡིན་པས་སོ། །དེ་

རྣམས་ཀྱི་བདག་པོར་གྱུར་པས་ཞེས་པ་ནི་དེ་རྣམས་སྐྱེད་པར་བྱེད་པས་སོ། །སོ་སོར་རྟོག་པའི་ཡེ་ཤེས་པས་ན་ཞེས་པ་ནི་ཆོས་རབ་ཏུ་འབྱེད་པའི་བདག་ཉིད་ཅན་གྱིས་སོ་སོར་རྟོག་པའི་ངོ་བོ་ཡིན་པས་སོ། །དེ་ཉིད་ཀྱིས་ན་ཞེས་པས་འབྲས་བུ་བསྟན་ཏོ། །འཁོར་བ་ལ་ཞེན་པའི་མཚན་ཉིད་ཅན་

Vol. 33 · folio 125a

ཞེས་པ་ནི་བདེ་བ་དང་བདེ་བའི་རྒྱུ་ལས་མངོན་པར་འདོད་པ་སྔོན་དུ་འགྲོ་བས་གཟུང་བའི་མཚན་ཉིད་དོ། །དེ་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ཡིན་ནོ་ཞེས་བྱ་བ་འདིས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་བསྟོད་པའོ། །

དོན་ཡོད་གྲུབ་པའི་ཡེ་ཤེས་ནི་འཁོར་བའི་བཙོན་ར་ལས་གྲོལ་བའི་མཚན་ཉིད་དོ། །རབ་ཏུ་རྩོལ་བ་ན་ཞེས་པ་ནི་དེ་སྟེར་བས་སོ། །དོན་ཡོད་པར་གྲུབ་པའི་རིགས་སོ་ཞེས་པ་ནི་སྒྲོལ་མ་ལ་སོགས་པའོ། །དེས་དག་ཅིང་གཙོ་བོར་བྱས་པས་ན་ཞེས་པ་ནི་མཆོད་པར་བྱ་བ་སྟེ། དེ་རྣམས་ཀྱི་

བདག་པོ་ཡིན་པའི་ཕྱིར་རོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་ཞེས་པ་ནི། ཞི་བ་དང་རྒྱས་པ་དང་། དབང་དང་། དགུག་པ་དང་། མངོན་སྤྱོད་ཀྱིས་ཏེ། ལས་ལྔས་སོ། །སྒྲུབ་པ་པོའི་འགྲོ་བ་རྣམས་ཀྱི་ཞེས་པ་ནི་ཕ་རོལ་ལ་ཕན་པ་ལ་བརྩོན་པ་སྔགས་པ་རྣམས་ཀྱིས་སོ། །འདོད་པ་

ཐམས་ཅད་སྐྱེད་པ་ཞེས་པ་ནི་ནད་པ་དང་དབུལ་པོ་དང་གདུལ་དཀའ་བ་དང་། མཚམས་མེད་པ་བྱེད་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་ཞི་བ་ལ་སོགས་པའི་ལས་མཛད་པ་སྟེ། དོན་ཡོད་གྲུབ་པ་ནི་ལས་ཐམས་ཅད་པ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བས་ན་ཞེས་པ་ནི་རིམ་པ་གསུམ་པ་

དང་ལྔ་པ་ལས་འབྱུང་བའི་ཕྱིར་རོ། །དེ་ལྟ་བུ་ཞེས་པ་ནི་ལྔའི་བདག་ཉིད་དོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་དྲུག་པའོ། །ཁྱེད་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཁྱེད་ལ་ལུས་ལ་སོགས་པས་འདུད་དེ་བསྟོད་པ་ཉེ་བར་སྡུད་ཅེས་པ་ནི་བསྟོད་པའི་མཆོད་པའོ། །དགོངས་པ་མ་ཡིན་པས་བཤད་པའོ་ཞེས་པ་

ནི་ཤིན་ཏུ་གསལ་བའི་བདག་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་དེ་ཁོ་ན་ཉིད་བསྟན་པས་སོ། །དུས་གསུམ་ཞེས་བྱ་བ་ནས་སྒྲ་ཇི་བཞིན་པའོ་ཞེས་པའི་བར་དུ་ནི་ཚིགས་སུ་བཅད་པ་ལྔས་གང་ཞིག་རྣལ་འབྱོར་པ་རྡོ་རྗེ་འཆང་ལ་བསྟོད་པ་སྟེ་ཡང་དེ་དང་འདྲ་བར་འགྱུར་རོ་ཞེས་ཕན་ཡོན་བསྟན་

ཏེ། བསྟོད་པའི་སྒོ་ལས་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་མངོན་དུ་གྱུར་པས་སོ། །སྒྲ་ཇི་བཞིན་པའོ་ཞེས་པ་ནི་རྟོག་གི་སྒྲས་ཕན་ཡོན་བསྟན་པའོ། །དགྱེས་ནས་མངོན་དུ་ཕྱོགས་པ་བསྟན་ཏོ་ཞེས་པ་ནི་བསྟོད་པའི་ཚིག་ལས་བྱུང་བའི་དགའ་བ་ཉིད་དོ། །ཉོན་མོངས་པ་ནི་དྲུག་གོ། །ཉེ་བའི་ཉོན་མོངས་པ་ནི་ཉི་ཤུ་རྩ་

Vol. 33 · folio 125b

བཞིའོ། །དེ་རྣམས་དབྱེ་བ་དགུ་བཅུ་རྩ་བརྒྱད་ཡིན་པས་ན་ཐམས་ཅད་དོ། །ཉེ་བར་ཞི་བར་མཛད་པ་ན་ཞེས་པ་ནི་དེ་རྣམས་མཐོང་བ་དང་བསྒོམ་པའི་རིམ་གྱིས་སྤོང་བས་སོ། །ཡང་ན་ཉོན་མོངས་པ་ནི་རྣམ་གསུམ་དང་ཉེ་བའི་ཉོན་མོངས་པ་ནི་དེ་ལས་བྱུང་བའི་རང་བཞིན་རྣམས་སོ། །དེ་དག་ཐམས་ཅད་

སྔགས་དང་ཕྱག་རྒྱའི་རིམ་པས་འོད་གསལ་བར་མཛད་པས་ན་བསྟན་པས་སོ། །ཕུང་པོ་ལྔའི་བདག་ཉིད་ནི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཕུང་པོའི་ངོ་བོའི་བདག་ཉིད་དོ། །སེམས་ཅན་ཐམས་ཅད་ཅེས་པས་ནི་འགྲོ་བ་རིགས་དྲུག་པའོ། །ཅི་རིགས་པར་ཞེས་པ་ནི་བསམ་པ་དང་བག་ལ་ཉལ་

བ་དང་ཁམས་དང་བག་ཆགས་ཀྱིས་དབྱེ་བས་སོ། །མཐོ་རིས་དང་ཐར་པ་ཞེས་པ་ནི་བདེ་འགྲོ་དང་མྱ་ངན་ལས་འདས་པའོ། །ཐོབ་པར་མཛད་པས་ན་ཞེས་བྱ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པས་རིམ་པ་ཇི་ལྟ་བ་བཞིན་སྟེར་བས་སོ། །དམ་ཚིག་བཞིའི་ཞེས་པ་ནི་སྲོག་གཅོད་པ་ལ་སོགས་པ་ལེའུ་ལྔ་པ་

ལས་དགོངས་པས་བཤད་པས་སོ། །གཞིར་གྱུར་པའོ་ཞེས་པ་ནི་རྟེན་དུ་གྱུར་པའོ། །རྙོག་པ་མེད་པ་ཞེས་པ་ནི་ཁ་ན་མ་ཐོ་བ་མེད་པས་ཏེ་ལེའུ་ལྔ་པ་ནས་གསུངས་པའི་ངེས་པར་རོ། །ཨེ་མ་ཧོ་ཞེས་བྱ་བ་ནས་དགོངས་པ་མ་ཡིན་པས་བཤད་པའོ་ཞེས་བྱ་བའི་བར་དུ་ནི་མི་བསྐྱོད་པ་ལ་སོགས་པའི་ཞུ་

བ་རྡོ་རྗེ་འཆང་གིས་ངོ་མཚར་བར་དགོངས་སོ་ཞེས་བསྟན་ཏོ། །དགོངས་པ་མ་ཡིན་པའོ་ཞེས་པ་ནི་དམ་ཚིག་བཞི་པའི་དེ་ཁོ་ན་ཉིད་བསྟན་པས་སོ། །དེ་ལྟར་ཞེས་བྱ་བ་ནས་འདི་ནི་གོ་སླའོ་ཞེས་པའི་བར་དུ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་ལ་དགོངས་པས་བཤད་པས་སྲོག་གཅོད་པ་ལ་སོགས་

པ་སྲུང་བའི་དམ་ཚིག་བཞི་དང་བཤད་པ་ལ་སོགས་པ་བཟའ་བའི་དམ་ཚིག་ལྔ་བསྟན་ཏེ། དེ་རྣམས་རྒྱ་ཆེ་བའི་མོས་པ་ཡིན་པས་སྐུ་རྡོ་རྗེ་ལ་སོགས་པའི་རྣལ་འབྱོར་པ་དྲུག་གི་དམ་ཚིག་འདི་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནས་སྡོམ་པའོ་ཞེས་པའི་བར་དུ་ནི་རང་སངས་རྒྱས་ཀྱི་རིགས་ཅན་གྱི་སྡོམ་པ་

བསྟན་ཏོ། །དེ་ལ་བསྟན་པ་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱིའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོ་འཕྲུལ་བསྟན་པའི་མཚན་ཉིད་ནི་སྐུའི་བསྟན་པ་དང་། ཆོས་བསྟན་པ་ལ་འཇུག་པའི་མཚན་ཉིད་ནི་གསུང་གི་བསྟན་པ་དང་།

Vol. 33 · folio 126a

ཏིང་ངེ་འཛིན་གྱི་དབང་གི་མཚན་ཉིད་ནི་ཡིད་ཀྱི་བསྟན་པ་སྟེ་བསྟན་པ་རྣམ་པ་གསུམ་པོ་དེ་རྣམས་ལ་ཡོད་དེ། གཞན་གྱི་དོན་མཛད་པའི་ཕྱིར་རོ། །རང་སངས་རྒྱས་ལ་སྐུའི་བསྟན་པ་ཡོད་དེ། ཆོ་འཕྲུལ་ལ་སོགས་པ་བསྟན་པས་འགྲོ་བའི་དོན་མཛད་པས་སོ། །ངག་གི་

བསྟན་པ་ནི་མེད་དེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསུང་མི་འབྱུང་བས་སོ། །སེམས་ཅན་རྣམས་ཀྱང་དེའི་ཆོ་འཕྲུལ་མཐོང་བས་དད་པ་སྐྱེ་ཞིང་བདག་ཅག་རྣམས་དེ་དང་འདྲ་བར་འགྱུར་རོ་ཞེས་སེམས་བསྐྱེད་ལ་སྐྱབས་སུ་འགྲོ་བ་ལ་སོགས་པས་ཆོས་ཐོས་ཤིང་བསམ་པ་དང་བསྒོམ་པས་

དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་གསུང་གི་བྱ་བ་གང་ཡིན་པ་དེ་ནི་ལུས་ཀྱིས་མཛད་དེ་སྐྱོན་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུ་དང་གསུང་གི་བསྟན་པ་ཡོད་དོ། །ཉན་ཐོས་པ་རྣམས་ལ་གསུམ་པར་ཡང་མེད་དེ། གཞན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་པས་སོ་ཞེས་བསྟན་

ཏོ། །ཉན་ཐོས་པ་ཞེས་བྱ་བ་ནས་རྨད་དུ་བྱུང་བ་ཆེན་པོའོ་ཞེས་པའི་བར་གྱི་ནི་ཉན་ཐོས་ཀྱི་རིགས་ཅན་གྱི་སྒྲུབ་པ་པོ་རྣམས་ལ། དཀྱིལ་འཁོར་ལ་འཇུག་པའི་དུས་སུ་མི་དགེ་བ་བཅུ་བཟློག་པའི་མཚན་ཉིད་ཀྱི་དམ་ཚིག་སྦྱིན་པར་བྱ་སྟེ། གང་གིས་དེ་རྣམས་རང་གི་ལམ་དང་མཐུན་པའི་སློབ་མ་

ཐོས་པས་འཇུག་ཅིང་ཕྱི་ནས་བསྒོམ་པའི་ལམ་ལ་བརྟེན་ཏེ་འགྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །ཚངས་པ་ཞེས་པ་ནས་སྐུ་རྡོ་རྗེ་ཉིད་དུ་འགྱུར་རོ་ཞེས་པའི་བར་དུ་ནི་ཚངས་པའི་ལྟ་བ་ལ་མོས་པའི་སྒྲུབ་པ་པོ་རྣམས་ལ་དཀྱིལ་འཁོར་ལ་འཇུག་པ་སྔར་ལན་གསུམ་ཁྲུས་དང་གོས་གསུམ་བརྗེ་བ་དང་།

སྦྱིན་སྲེག་དང་བསྙེན་གནས་ལ་སོགས་པ་ལུས་ངལ་བའི་མཚན་ཉིད་ཀྱི་སྡོམ་པ་བསྟན་ནས། ངག་གི་ལམ་དང་རྗེས་སུ་མཐུན་པའི་བརྟུལ་ཞུགས་ཐོས་པས་འཇུག་ཅིང་ཕྱིན་ནས་བསྒོམ་པའི་ལམ་ལ་བསྟན་ཏོ། །རིམ་གྱིས་སྐུ་རྡོ་རྗེ་དང་འདྲ་བར་འགྱུར་རོ་ཞེས་བསྟན་ཏོ། །དབང་ཕྱུག་ཆེན་པོ་ཞེས་

བྱ་བ་ནས་འདི་ནི་གོ་སླའོ་ཞེས་པའི་བར་དུ་ནི་གསུང་རྡོ་རྗེའི་རང་བཞིན་གྱིས་དྲག་པོའི་གཟུགས་བླངས་ལ་ཁམས་གསུམ་པ་ཐམས་ཅད་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པའི་སྦྱོར་བས་དགུག་ཅིང་དབང་དུ་བྱའོ། །དེ་ནི་གསུང་རྡོ་རྗེ་དང་འདྲ་བར་འགྱུར་ཏེ། དབང་ཕྱུག་ཆེན་པོ་ནི་ཆགས་པའི་རང་

Vol. 33 · folio 126b

བཞིན་ཡིན་པས་སོ། །ཁྱབ་འཇུག་གི་དམ་ཚིག་ཅེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་ཐུགས་རྡོ་རྗེའི་རང་བཞིན་གྱི་ཁྱབ་འཇུག་གི་གཟུགས་ལ་དམིགས་ཏེ་སྔར་བཤད་པ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་དང་རང་གི་བདག་ཉིད་

ཀྱང་མི་སྣང་བར་བྱའོ། །དེས་ན་ཐུགས་རྡོ་རྗེ་དང་འདྲ་བར་འགྱུར་རོ། །དེ་ལྟར་ཚངས་པ་ཞེས་བྱ་བ་ནས་གོ་སླའོ་ཞེས་པའི་བར་དུ་ནི་ཚངས་པ་ལ་སོགས་པའི་དམ་ཚིག་རྗེས་སུ་གྲུབ་པས་སྐུ་རྡོ་རྗེ་ལ་སོགས་པ་ཐོབ་པའི་མཚན་ཉིད་ཀྱི་འབྲས་བུ་བསྟན་ཏོ། །གཏི་མུག་གི་རང་བཞིན་ཡིན་པས་ན། ཚངས་

པ་ནི་སྐུའི་རྡོ་རྗེ་དང་། འདོད་ཆགས་ཀྱི་རང་བཞིན་ཡིན་པས་ན། །དབང་ཕྱུག་ཆེན་པོ་ནི་གསུང་གི་རྡོ་རྗེ་དང་། །ཞེ་སྡང་གི་རང་བཞིན་ཡིན་པས་ན་ཁྱབ་འཇུག་ནི་ཐུགས་རྡོ་རྗེ་ཉིད་དེ། དེའི་སྤྲུལ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བའི་བར་དུ་ནི་དཔལ་འབྱུང་པོ་འདུལ་བའི་

རྒྱུད་ཀྱི་རིམ་པས། རྡོ་རྗེ་ཧཱུཾ་མཛད་པ་ལ་སོགས་པའི་གཟུགས་བླངས་ཏེ་ཀླུའི་མཚོ་ལ་སོགས་པའི་འགྲམ་དུ་འདུག་ནས་སྔོན་གྱི་བསྙེན་པ་སྔོན་དུ་འགྲོ་བར་འོ་མ་ལ་སོགས་པའི་ལྷ་བཤོས་དབུལ་ཏེ། སྔགས་བརྗོད་ཅིང་ཀླུའི་མཚོ་ལས་འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོའི་

བུ་མོ་གཟུགས་བཟང་ལ་སོགས་པ་བཀུག་ནས་དེ་དང་ལྷན་ཅིག་ཏུ་ཚིག་ཕྲ་མོ་ལ་སོགས་པས་སྤྱོད་པར་བྱའོ་ཞེས་བསྟན་ཏེ། དེ་རྣམས་ལ་དེ་གཙོ་བོ་ཡིན་པའི་ཕྱིར་རོ། །གཞན་དུ་ན་རང་དབང་དུ་མི་འགྱུར་ཞེས་པ་ནི་ཞི་བའི་ཚིག་གིས་དབང་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལྷ་མ་

ཡིན་ཞེས་བྱ་བ་ནས་གསུངས་སོ་ཞེས་པའི་བར་དུ་ནི་རྡོ་རྗེ་ས་འོག་གི་རྒྱུད་ལས་གསུང་བའི་ཆོ་གས་ཁ་ཆེའི་ཡུལ་ལ་སོགས་པའི་ས་ཕུག་གི་སྒོ་ཕྱེ་ནས་གཟའ་དང་སྐར་མའི་སྦྱོར་བས་ལྷ་མ་ཡིན་གྱི་བུ་མོ་འབྱུང་བར་འགྱུར་རོ། །གལ་ཏེ་དེ་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་ན་དེའི་

ཚེ་ས་ཕུག་ལ་འཇུག་པར་མི་བྱའོ། །གལ་ཏེ་ལོངས་སྤྱོད་འདོད་པ་ཡིན་ན་དེའི་ཚེ་འཇུག་པར་བྱའོ། །འཇུག་པའི་དུས་སུ་གཡང་ས་དང་བྲག་དང་། ཆུ་བོ་དང་། རྡོ་རྗེ་བྱུག་པ་ལ་སོགས་པ་བཟློག་པར་བྱས་ནས་འཇུག་པར་བྱའོ། །དེ་ནས་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རང་བཞིན་རྒྱན་

Vol. 33 · folio 127a

ཐམས་ཅད་ཀྱིས་བརྒྱན་པ་ལྷ་མ་ཡིན་གྱི་བུ་མོས་བསྐོར་བ་རང་སྣང་ཟླ་བ་དང་ཉི་མ་དང་མེ་དང་། རྒྱུ་སྐར་གྱི་སྣང་བ་ལས་ལྷག་པ་ལྷ་མ་ཡིན་གྱི་གནས་ལ་འཇུག་སྟེ། བདུད་རྩི་ལ་སོགས་པའི་ཁ་ཟས་སྤྱོད་ཅིང་དེ་དང་ལྷན་ཅིག་ཏུ་ཡུལ་གྱི་བདེ་བ་མྱོང་བས་བསྐལ་པའམ་བསྐལ་

པ་སྟོང་གི་བར་དུ་གནས་པར་བྱའོ་ཞེས་བསྟན་ཏོ། །སྲིན་མོ་ཞེས་བྱ་བ་ནས་དོན་བསྒྲུབ་པའི་ཕྱིར་རོ་ཞེས་པའི་བར་དུ་ནི་རྒྱ་མཚོའི་གླིང་ལ་གནས་པ་ལ་སོགས་པ་གཞོང་རེང་གི་སེན་མོ་ཅན་དང་འཕྲོག་མ་ལ་སོགས་པ་སྲིན་མོ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་ཁྲོ་

བོའི་རྒྱལ་པོ་བསྒོམས་པས་དགུག་ལ། མི་རུས་ཀྱི་ཕྱེ་མས་སྤོས་གཏུལ་བ་དང་། ཏིལ་མར་དང་རྐང་དག་གིས་མར་མེ་བྱིན་ནས། ཁྲག་གི་ཨརྒྷ་དང་ཞབས་བསིལ་ཕུལ་བས་མགུ་བར་བྱས་ཏེ། སྤྱི་བོར་བཀོད་པའི་སྣ་ཚོགས་རྡོ་རྗེ་ལ་སོགས་པ་བསྒོམས་པས་མི་གཡོ་བར་བྱས་ཏེ།

རིག་པའི་བརྟུལ་ཞུགས་སྤྱོད་པས་ཇི་སྲིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་སྤྱད་པར་བྱའོ་ཞེས་བསྟན་ཏོ། །ཤ་ཟ་ལ་སོགས་པའི་ཡང་དམ་ཚིག་དེ་ཉིད་དོ་ཞེས་པ་ནི་ཤ་ཟ་མོ་དང་གནོད་སྦྱིན་མོ་དང་། མི་འམ་ཅི་མོ་དང་། འབྱུང་པོ་མོ་དང་། ཡི་དགས་མོ་དང་། གྲུལ་བུམ་མོ་

ལ་སོགས་པའི་ཆོ་ག་འདི་ཉིད་ནི་སྤྱོད་པ་འདི་ཉིད་ཤེས་པར་བྱའོ། །དེ་ཡང་རྡོ་རྗེ་ས་འོག་དང་རྡོ་རྗེ་མཁའ་འགྲོ་དང་འབྱུང་པོ་འདུལ་བའི་རྒྱུད་ལས་གསུངས་ཏེ། དེ་ཉིད་ལས་རྟོགས་པར་བྱའོ། །རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་དཔལ་སངས་རྒྱས་ཐམས་ཅད་

དང་མཉམ་པར་སྦྱོར་བའི་རྒྱུད་ལས་གསུངས་པའི་གཽ་རཱི་ལ་སོགས་པ་རྡོ་རྗེ་མཁའ་འགྲོ་མ། དཔལ་ཧེ་རུ་ཀའི་གཟུགས་ཀྱི་བདག་ཉིད་ཀྱིས་བཀུག་ལ་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བྱིན་ནས་དེ་རྣམས་དང་བདག་ཉིད་ཚིམ་ཞིང་དེ་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས་པར་བྱེད་པས་སྤྲོས་པ་མེད་

པའི་སྤྱོད་པས་ཇི་སྲིད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་གནས་པར་བྱའོ། །དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་ཁྲག་དགུག་པ་ལ་སོགས་པའི་སྦྱོར་བས་མངོན་སྤྱོད་བྱས་ཏེ། མི་བསྐྱོད་པའི་གོ་འཕང་ཐོབ་པར་བྱའོ་ཞེས་བསྟན་ཏོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་

Vol. 33 · folio 127b

གདུག་པ་ཅན་ཚར་གཅོད་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནས་དེ་ལའང་དེ་སྐད་ཅེས་བྱའོ་ཞེས་པའི་བར་དུ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཐོག་མ་ནས་གྲུབ་པ་དེ་བཞིན་དུ་དེའི་སྤྲུལ་པའི་སྐུའི་རང་བཞིན་གྱི་ཚངས་པ་ལ་སོགས་པ་ཁམས་གསུམ་གྱི་བདག་པོ་ཆོ་འཕྲུལ་ཆེ་བ་ཐོག་མ་

ནས་གྲུབ་པ་ཡིན་ནོ། །དེ་བས་ན་སེམས་ཅན་རྗེས་སུ་གཟུང་བའི་དོན་དུ་བཏུས་པའི་རྣལ་འབྱོར་པས་དེ་རྣམས་ཀྱི་དམ་ཚིག་སྤྱོད་པར་བྱེད་དེ། ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །རང་བཞིན་གྱིས་ནི་འདུལ་གྱུར་པ། །དེ་དང་དེ་ལྟར་སེམས་ཅན་དོན། །ཆགས་པ་སོགས་ཀྱིས་རྟག་ཏུ་བྱ། །ཞེས་

འབྱུང་བ་དང་། དེ་ལྟར་སྤྱོད་པའི་དམ་ཚིག་ལ། །དོན་མེད་མ་ཡིན་བསོད་ནམས་མིན། །ཞེས་འབྱུང་བས་སོ། །དེ་བས་ན་ཚངས་པ་ལ་སོགས་པ་དེ་རྣམས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པས་ན་སྨད་པར་མི་བྱའོ་ཞེས་འདིར་ཚད་མས་བསྟན་པར་བྱ་བའི་ཕྱིར། འདིར་ཡང་ཕ་རོལ་རྒོལ་བ་

གང་ཡང་རུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕ་རོལ་རྒོལ་བ་ནི་གྲངས་ཅན་པ་དང་། མཆོད་འོས་པ་དང་། རིགས་པ་པ་དང་། བྱེ་བྲག་པ་དང་། རྒྱང་འཕེན་པ་དང་། དཔྱོད་པ་པ་ལ་སོགས་པའོ། །མི་མཐུན་པའི་ལྟ་བ་དང་ལྡན་པས་ཕ་རོལ་པ་ཡང་ཡིན་ལ། དེ་བཞིན་

གཤེགས་པའི་བསྟན་པ་ལ་སྨོད་པར་བྱེད་པས་རྒོལ་བ་པོ་ཡང་ཡིན་ཏེ་ཕ་རོལ་རྒོལ་བའོ། །མཚན་མའི་དབྱེ་བས་ཞེས་པ་ནི་བརྟུལ་ཞུགས་ཀྱི་དབྱེ་བ་སྟེ་རལ་པའི་ཚོགས་དང་མགོ་རེག་པ་དང་། ཐིག་ལེ་གསུམ་དང་། དབྱིག་པ་གསུམ་དང་། གཙུག་ཕུད་འཛིན་པ་དང་། ཆོས་གོས་

གྱོན་པ་དང་། ཐལ་བས་བྱུགས་པ་དང་། མཆོད་ཕྱིར་ཐོགས་པ་དང་། ཕྱོགས་ཀྱི་གོས་ཅན་ལ་སོགས་པའོ། །དེའི་དབྱེ་བས་གནས་པ་རྣམས་ནི་རྣམ་པར་དཔྱོད་པའི་མུ་སྟེགས་པ་རྣམས་སོ། །དེ་འདིར་བརྙས་པར་མི་བྱ་སྟེ། ཞེས་པ་ནི་སྨོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་

དཔའ་ནི་དཔལ་རྡོ་རྗེ་འཆང་ཆེན་པོའོ། །རྣམ་འཕྲུལ་ནི་དེས་སྤྲུལ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་བཅོམ་ལྡན་འདས་སྣ་ཚོགས་སྤྲུལ་པའི་འཁོར་ལོ་ལ་བཞུགས་པའི་ཁྱུད་མོ་ལྕགས་རི་ཕྱི་རོལ་དུ་བརྒྱ་བྱིན་ལ་སོགས་པ་ཕྱོགས་སྐྱོང་ཐམས་

Vol. 33 · folio 128a

ཅད་དགོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ཐམས་ཅད་ཁྱབ་པས་སོ། །ཁྱབ་པར་བྱེད་པ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་ཆུད་པའི་དེ་བཞིན་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། རྣལ་འབྱོར་ཐམས་ཅད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །

ཁམས་གསུམ་པོ་ནི་མ་ལུས་པ། །དེ་ཡི་ཐམས་ཅད་ལོངས་སྤྱོད་ཡིན། །ཞེས་འབྱུང་ངོ་། །དེ་ནི་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་སྲོག་གཅོད་པ་ལ་སོགས་པ་ལུས་ཀྱི་ལས་གསུམ་དང་། བརྫུན་སྨྲ་བ་ལ་སོགས་པ་ངག་

གི་ལས་བཞི་དང་། བརྣབ་སེམས་ལ་སོགས་པ་ཡིད་ཀྱི་ལས་གསུམ་སྟེ། འོད་གསལ་བ་ཐམས་ཅད་སྟོང་པའི་ངོ་བོར་ཤེས་པར་བྱ་སྟེ། དེའི་ཚེ་གྲོལ་བར་འགྱུར་རོ། །གང་གི་ཕྱིར་དོན་དམ་པར་སྲོག་ཆགས་པ་མེད་ཅིང་མི་དམིགས་པས་དེ་རྣམས་ག་ལ་གཅོད་པར་འགྱུར་ཞེས་དེ་

ལྟར་གཞན་ལ་ཡང་སྦྱར་རོ། །གང་ཞིག་རྟོག་པ་དང་བཅས་པ་དེས་མི་དགེ་བའི་ལས་ཀྱི་ལམ་སྤྱོད་པས་ངན་སོང་དུ་འགྲོ་བ་དང་ལོག་པས་བདེ་འགྲོར་འགྱུར་རོ། །རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པས་དགེ་བ་དང་མི་དགེ་བ་ཐམས་ཅད་དོན་དམ་པའི་ངོ་བོར་རྣམ་པར་རྟོག་

པས་དེ་གྲོལ་བར་འགྱུར་རོ། །ཇི་སྐད་དུ། འགྲོ་བ་རྣམས་ཀྱང་བཤད་པ་སྟེ། །ལྷ་རྣམས་འབྲས་བུ་དང་བཅས་པ། །དེ་ཡི་རང་བཞིན་ཡོངས་ཤེས་པས། །མ་སྐྱེས་པ་ཡང་བསྟན་པ་ཡིན། །ཞེས་འབྱུང་ངོ་། །རབ་ཏུ་བྱེད་པ་ལས་ཀྱང་། སྦྱིན་སོགས་དགེ་བ་བྱས་ན་ནི། །མཐོ་རིས་སོགས་

ལ་མཆོད་པར་འགྱུར། །མཚམས་མེད་ལ་སོགས་བྱས་ན་ནི། །དམྱལ་བར་རྣམ་པར་འཚེད་པར་འགྱུར། །མཐའ་ཡས་སྐྱེ་བ་སྟོང་ཕྲག་ནི། །རྙེད་ནས་རྣམ་པར་རྨུགས་པར་འགྱུར། །སྔོན་གྱི་ལས་ཀྱི་རྣམ་སྨིན་འདི། །རྨོངས་པས་དེ་ལྟར་མྱ་ངན་འགྱུར། །ཞེས་འབྱུང་ངོ་། །གལ་

ཏེ་དེ་ལྟ་མ་ཡིན་ན་རྫོགས་པའི་རིམ་པའི་བརྟུལ་ཞུགས་དང་ལྡན་པས་གལ་ཏེ་དེ་རྣམས་བྱེད་དམ་མི་བྱེད། གལ་ཏེ་བྱེད་ན་དེའི་ཚེ་མི་འགལ་ལོ། །གལ་ཏེ་མི་བྱེད་ན་དེའི་ཚེ་དམ་ཚིག་ཇི་ལྟ་བཞིན་ཞེ་ན། སྨྲས་པ། དོན་དམ་པའི་བདེན་པ་ལ་མོས་པའི་རྣལ་འབྱོར་པས་དགེ་

Vol. 33 · folio 128b

བ་དང་མི་དགེ་བ་ལ་སོགས་པ་ཐམས་ཅད་འདི། དེ་ཁོ་ན་ཉིད་དུ་ཡང་དག་པར་མཐོང་བ་ཡིན་གྱི་ཀུན་རྫོབ་ཏུ་ནི་མ་ཡིན་ནོ། །དེ་བས་ན་དེ་ཁོ་ན་ཉིད་མཐོང་བ་ཉིད་དེའི་དམ་ཚིག་ཡིན་གྱི་བྱེད་པའམ་མི་བྱེད་པ་ནི་མ་ཡིན་ནོ། །དེ་ཁོ་ན་ཉིད་མཐོང་བ་ཉིད་ནི་དམ་ཚིག་སྟེ་མི་འདའ་བའི་ཕྱིར་ཞེས་སྐྱོན་ནི་

ཅུང་ཟད་ཀྱང་མེད་དོ། །ད་ནི་ཞེས་བྱ་བ་ནས་འདོད་པའི་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ལ་གནས་པས་ཕྱིའི་ཤིང་དང་རྡོ་དང་འབག་གི་སྐུ་ལ་སོགས་པ་ལ་ཕྱག་མི་བྱ་སྟེ། གལ་ཏེ་

ཕྱག་བྱེད་ན་དེའི་ཚེ་དེའི་གཡེང་བའི་སེམས་ཀྱིས་ཏིང་ངེ་འཛིན་ཉམས་པར་འགྱུར་རོ། །གང་གི་ཚེ་དཀྱིལ་འཁོར་འདྲི་བ་དང་མཆོད་པ་དང་རབ་ཏུ་གནས་པ་འབྱུང་ན་དེའི་ཚེ། ཡིད་ནི་ཏིང་ངེ་འཛིན་ལ་བཞག་ནས་ལུས་དང་ངག་གིས་ཕྱག་དང་བསྟོད་པ་བྱེད་ན་སྐྱོན་མེད་དེ། སེམས་མཉམ་

པར་གཞག་པ་དང་ལྡན་པས་སོ། །གལ་ཏེ་ལུས་དང་ངག་དང་ཡིད་ཀྱིས་ཕྱག་བྱེད་ན་དེའི་ཚེ་ཏིང་ངེ་འཛིན་ཉམས་པས་གཡེང་བར་འགྱུར་རོ། །དེའི་ཚེ་ཕྱག་སྟེ་ཚངས་པར་འགྱུར་བ་ཡང་འབྲས་བུ་དང་བཅས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་དང་བྲལ་བས་སོ། །བྱ་བ་ཐམས་ཅད་

ཀྱི་རྩ་བ་ནི་སེམས་ཡིན་པས་གལ་ཏེ་དེ་གཡེང་ན་ཐམས་ཅད་དོན་མེད་པར་འགྱུར་ཏེ། ཇི་སྐད་དུ། བཟླས་པ་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུ་ནི་བྱས་པས་ཀྱང་། །གཞན་གྱི་སེམས་ཀྱིས་དེ་བྱས་ན། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་འབྱུང་ངོ་། །བསྐྱེད་པའི་རིམ་པ་

ལ་གནས་པ། །ཞེས་བྱ་བ་ནས་སྤྱོད་པ་ཞེས་བྱ་བའི་བར་དུའོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་འབྱོར་པས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་ཡེ་ཤེས་ཀྱི་སྐུ་བླངས་ལ་དེ་ཡང་སྐུ་རྡོ་རྗེ་ལ་སོགས་པ་གསུམ་དང་དབྱེར་མེད་པར་བསམས་ཏེ། འཇུག་པ་ལ་སོགས་པའི་རིམ་

གྱིས་ཉིན་མོ་དང་། མཚན་མོར་འཁྲུལ་འཁོར་བཞིན་དུ་རྡོ་རྗེ་བཟླས་པའོ། །ཡང་དེ་ཉིད་སེམས་རྣམ་པར་དག་པ་ལ་སོགས་པའི་རིམ་གྱིས་ཟུང་དུ་འཇུག་པ་ཐོབ་ནས་སོ་སོ་སྐྱེ་བོ་དང་འཕགས་པའི་དབྱེ་བས་ཕྱེ་བའི་འགྲོ་བ་ཐམས་ཅད་འདི་རྡོ་རྗེ་གསུམ་དབྱེར་མེད་པའི་རྡོ་རྗེ་འཆང་

Vol. 33 · folio 129a

ཆེན་པོའི་རང་བཞིན་དུ་བལྟ་བར་བྱའོ་ཞེས་བསྟན་ཏོ། །རྫོགས་པའི་རིམ་པའི་ཁོང་དུ་ཆུད་པའི་ཕྱག་གི་རྣམ་པ་དེ་ཉིད་ཡིན་ཏེ། ཕྱག་གི་འབྲས་བུ་ཡིན་པའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་ནོ། །ཇི་སྐད་དུ། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་

ལ་མར་བཞིན་དུ། །རང་གིས་རང་གི་ཡེ་ཤེས་ནི། ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་འབྱུང་ངོ་། །བསྙེན་པ་ལ་སོགས་པ་ཞེས་བྱ་བ་ནས། ཐོག་མ་མེད་པའི་དུས་ཅན་ནོ། །ཞེས་པའི་བར་དུ་ནི་བསྙེན་པ་ལ་སོགས་པ་རྣལ་འབྱོར་བཞིས་བསྡུས་པའི་ཏིང་ངེ་འཛིན་གསུམ་

བསྒོམ་པ་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་ཐབས་དང་བཅས་པའི་གཟུགས་རྡོ་རྗེ་མ་ལ་སོགས་པའི་རྣལ་འབྱོར་ནམ་མཁའ་གང་བར་བསྒོམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ་ཁྱད་པར་གྱི་གནས་བཟུང་བ་དང་ཐུགས་རྗེ་

ཆེན་པོ་སྔོན་དུ་འགྲོ་བས་ནམ་མཁའ་ལ་བཞུགས་པ་དེ་བཞིན་གཤེགས་པ་དང་བླ་མ་ལ་སོགས་པ་མཆོད་པ་དང་། རྣལ་འབྱོར་ཆེན་པོའི་དུས་སུ་སྤྱན་མ་ལ་སོགས་པའི་ཚོགས་ཀྱིས་བཀུག་ལ། ཐུགས་རྡོ་རྗེ་ལ་སོགས་པ་མཆོད་པར་བྱའོ་ཞེས་དང་པོ་སྦྱོར་བའི་ཏིང་ངེ་འཛིན་

ཏོ། །ཕྱག་རྒྱ་ལེགས་པར་སྦྱང་བ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་སྔོན་དུ་འགྲོ་བ། མཆོད་པའི་ལྷ་མོ་སྤྲོ་ཞིང་དཀྱིལ་འཁོར་མཆོད་པར་བྱའོ་ཞེས་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཏོ། །ཕྲ་མོའི་རྣལ་འབྱོར་དང་བཟླས་པ་འོད་དུ་ཞུ་བ་

དང་། བསྐུལ་བ་དང་དེ་ལས་ལངས་པར་བྱས་ནས་དེ་བཞིན་གཤེགས་པ་ལྔས་བསྟོད་པའི་མཆོད་པ་དང་། མཐར་ཡང་མཆོད་པའི་ཆོ་ག་ཞེས་བྱ་སྟེ་ལས་ཀྱི་རྒྱལ་བ་མཆོག་གི་ཏིང་ངེ་འཛིན་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་དམ་ཚིག་གོ་ཞེས་པའི་བར་དུ་ནི་རྫོགས་པའི་

རིམ་པའི་རྣལ་འབྱོར་པས་སེམས་རྣམ་པར་དག་པའི་རིམ་པས་སྟོང་པ་བཞི་བསྒོམས་ཏེ། འོད་གསལ་བ་སྔོན་དུ་བྱས་ནས་ཡང་ཅིག་ཅར་རམ་སྣང་བ་ཉེ་བར་ཐོབ་པ་ལ་སོགས་པའི་རིམ་གྱིས་ཡེ་ཤེས་ཀྱི་སྐུ་བླངས་ལ། འཇུག་པ་དང་ལྡང་བ་ནི་མངོན་པར་བྱང་ཆུབ་པའི་རིམ་

Vol. 33 · folio 129b

པས་ཡེ་ཤེས་ཀྱི་སྐུ་སྦྱངས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་གྱིས་ལྡང་བ་ནི་རྡོ་རྗེའི་སྐུ་བླང་བར་བྱའོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་དམ་ཚིག་ཡིན་ཏེ་རྫོགས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་བསྟན་

ཏོ། །དེ་ཁོ་ན་ཉིད་རྟོགས་པ་ལ། །ཞེས་བྱ་བ་ནས་མཉམ་པར་གཞག་པར་འགྱུར་ཞེས་བྱ་བའི་བར་དུ་ནི་དེ་ཁོ་ན་ཉིད་ཐོབ་པའི་རྣལ་འབྱོར་པས་གང་གི་ཚེ་རྒྱུན་མ་ཆད་པར་སེམས་ཅན་གྱི་དོན་བྱ་བར་འདོད་ན་དེའི་ཚེ་ཡུན་རིང་དུ་ལུས་གནས་པའི་ཕྱིར་རང་གི་སྤྱི་བོར་ཆ་བཅུ་དྲུག་ཡོངས་

སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་བདུད་རྩི་འཛག་པ་བསྒོམས་ལ་དེ་ཉིད་གྱེན་དུ་བཟློག་པའི་ལྕེས་དགུག་ཅིང་ལུས་ཐམས་ཅད་ཚིམ་པར་བྱའོ། །དེའི་ཚེ་རླུང་དང་མཁྲིས་པ་དང་བད་ཀན་ལས་བྱུང་བའི་ནད་འབྱུང་བར་མི་འགྱུར་རོ་ཞེས་བསྟན་ཏོ། །ཇི་སྐད་དུ། བཅོམ་ལྡན་

འདས་ཞེས་བྱ་བ་ལ་སོགས་པའི་ལུང་ཚད་མ་ཉིད་དུ་བསྟན་ཏོ། །གང་ཞིག་བདུད་རྩིའི་རང་བཞིན་རྒྱུན། །ཞེས་པ་ནི་བདུད་རྩི་འཛག་པའི་དཀྱིལ་འཁོར་གྱི་རྣམ་པ་ཅན་ནོ། །སྤྱི་བོར་རྟག་ཏུ་ངེས་འབབ་པ། །ཞེས་པ་ནི་ཚངས་པའི་སྒོར་གནས་ཤིང་བདུད་རྩིའི་དབའ་རླབས་འཛག་པར་

བྱེད་པའོ། །རྣལ་འབྱོར་དབང་པོས་དེ་འཐུངས་ན། །ཞེས་པ་ནི་འདུས་པའི་རྣལ་འབྱོར་པས་རྒོད་མ་བྱེད་པའི་སྦྱོར་བས་མྱང་བར་བྱས་ནས་སོ། །རྒ་དང་འཆི་བ་རྣམ་པར་འཇིག །ཅེས་བྱ་བ་ནི་ཡུན་རིང་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དཔེ་བསྟན་པར་བྱ་བའི་ཕྱིར། ཇི་

ལྟར་པདྨའི་སྡོང་བུ་ལ། །ཞེས་སྨོས་ཏེ། པདྨའི་སྡོང་བུ་ནི་མཚོ་སྐྱེས་ཀྱི་རྩ་བའོ། །མི་ཡི་ཆུ་ནི་འདྲེན་པར་བྱེད། །ཅེས་པ་ནི་སྐྱེས་བུ་ཁ་ཅིག་གིས་ཆུ་འཐུངས་པར་བྱེད་པ་སྟེ། །ནང་ཁོང་སྟོང་ཡིན་པའི་ཕྱིར་རོ། །དེ་བཞིན་ནི་དེ་ལྟ་བུའོ། །ཉེ་བར་འཐུངས་པ་ཞེས་བྱ་བ་ནི་སྤྱི་བོ་ལ་

གནས་པའི་བདུད་རྩིའི་དབའ་རླབས་དགུག་པར་བྱེད་པའོ། །རྣལ་འབྱོར་པ་ནི་སྒྲུབ་པ་པོས་སོ། །སྟོབས་ཆེན་འཚོ་ཞེས་པ་ནི་ཡུན་རིང་འཚོ་བ་དང་རྒ་བ་དང་འཆི་བ་དང་བྲལ་བར་འགྱུར་རོ། །རྩ་བའི་རྒྱུད་ལས་ཞེས་པ་ནི་དཔལ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ། །རྣལ་འབྱོར་

Vol. 33 · folio 130a

རྒྱུད་ཐམས་ཅད་ཀྱི་དཔལ་དེ་ཁོ་ན་ཉིད་བསྡུས་པ་ནི་རྩ་བ་ཡིན་ནོ། །ལྕེ་ནི་རྐན་ལ་སྦྱར་བྱ་ཞིང་། །ཞེས་པ་ནི་རྐན་གྱི་ཕྱོགས་སུ་བཟློག་ནས་ལྕེས་རེག་པར་བྱས་ནས་སོ། །སྣའི་རྩེ་མོར་བསམ་པར་བྱ། །ཞེས་པ་ནི་སྣའི་རྩེ་མོར་ལྟ་བར་དགོད་པར་བྱའོ། །དེ་ནས་རྡོ་རྗེ་ཕྲ་མོ་ནི་

ལྕེ་ལ་དགོད་པར་ནས་ཀྱི་འབྲུའི་ཚད་ཙམ་གྱི་རྡོ་རྗེའོ། །དེས་བདེ་བ་ནི་བདེ་བའི་རྒྱུ་སྟེ། བདུད་རྩི་རེག་པའི་མྱང་བས་རྣལ་འབྱོར་པ་ནི་སྒྲུབ་པ་པོའི་སེམས་མཉམ་པར་གཞག་པར་འགྱུར་བའི་རྩེ་གཅིག་པའམ། ཚིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནས་དེ་

སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི། ལས་དང་པོ་པ་རྣམ་པར་སྣང་མཛད་ཀྱི་སློབ་པ་པོས་བཟའ་བ་དང་བཅའ་བ་ལ་སོགས་པ་སྤྱོད་པའི་དུས་སུ་སྐུ་རྡོ་རྗེར་བདག་ཉིད་བསྒོམ་པར་བྱ་སྟེ། བཟའ་བ་ལ་སོགས་པ་ནི་གཟུགས་ཀྱི་རང་བཞིན་དང་སྐུ་ཚིམ་པར་བྱེད་པའི་ཕྱིར་རོ། །

དེ་བཞིན་དུ་བཟའ་བ་དང་བཅའ་བ་ལ་སོགས་པའི་ཡུལ་ནས་གཞན་དགའ་བའི་ཆོ་ག་དང་མཆོད་པ་ལ་སོགས་པའི་ཆོ་གའི་དུས་སུ་བདག་ཉིད་ཐུགས་རྡོ་རྗེ་འཆང་བསྒོམ་པར་བྱ་སྟེ། དགའ་བ་ལ་སོགས་པའི་སྤྱོད་པས་ནི་སེམས་མགུ་བར་བྱེད་པས་སོ། །དེ་བཞིན་དུ་གསུང་

རབ་ཡན་ལག་དགུའི་མདོ་སྡེ་ལ་སོགས་པ་ཀློག་པའི་དུས་སུ་བདག་ཉིད་གསུང་རྡོ་རྗེར་བསྒོམ་པར་བྱ་སྟེ། གསུང་རྡོ་རྗེ་འོད་དཔག་ཏུ་མེད་པ་གསུང་གི་རང་བཞིན་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་དག་པ་ཞེས་པ་ནི་ཐམས་ཅད་ཀྱི་སྟོང་པའི་རང་བཞིན་ཡིན་པས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོ་

ཡིན་པ་སྟེ། ངོ་བོ་ཉིད་དག་པའི་རྡོ་རྗེ་སྟེ། རྡོ་རྗེ་འཆང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་སྡུད་པ་པོའི་ཚིག་གོ། །གང་འདས་པ་ཞེས་བྱ་བ་ནས་དོན་ཏོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རྒྱུད་མ་ལུས་པ་དོན་དང་གཞུང་གིས་སྟོན་ཏེ། འཕགས་པ་

དང་སོ་སོ་སྐྱེ་བོ་རྣམས་ཀྱི་སེམས་ནི་འོད་གསལ་བའི་རང་བཞིན་མཉམ་པ་ཉིད་ཀྱི་ངོ་བོ་ཡིན་ནོ་ཞེས་དགོངས་ནས་དེ་ཉིད་ལ་འཇུག་སྟེ་མི་གསུང་བར་འགྱུར་རོ། །འཁོར་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས། དོན་དེ་ཉིད་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་

Vol. 33 · folio 130b

གསུངས་སོ་ཞེས་བསྟན་ཏོ། །དོན་དེ་ཉིད་ཅེས་བྱ་བ་ནས་འདི་དག་གོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་མི་སྨྲ་བས་འཁྲུལ་པར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ལ་སོགས་པ་གང་ཡིན་པ་དེ་ནི་འདས་པ་ལ་སོགས་པའི་དུས་སུ་མི་

དམིགས་པ་ནམ་མཁའི་རང་བཞིན་དེ་བཞིན་ཉིད་དང་འདྲ་བ་ཡིན་ན་ཡང་། སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་སྒོ་ནས་འོད་གསལ་བ་ལས་ཅིག་ཅར་དུ་སྤྲོ་བའི་ཡེ་ཤེས་ཀྱི་སྐུ་ལ་དམིགས་ནས་གནས་པར་བྱའོ་ཞེས་ཐེ་ཚོམ་བསལ་ཏོ་ཞེས་བསྟན་ཏོ། །རྣལ་

འབྱོར་ཐམས་ཅད་ཅེས་པ་ནི་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་ལྡན་པའི་ཉོན་མོངས་པ་བཅོམ་པས་ན་བཅོམ་ལྡན་འདས་སོ། །རྡོ་རྗེ་སེམས་དཔའ་ཞེས་པ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཐོབ་པའོ། །དེ་བཞིན་ཉིད་ལ་གཤེགས་པའམ་དེ་ལས་ཀྱང་གཤེགས་པས་ན་དེ་བཞིན་གཤེགས་

པའོ། །དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །ཉེ་བར་ལོངས་སྤྱོད་ནི་ཞེས་པ་ལ་རང་དབང་དུ་གྱུར་པས་ཏེ་རང་ལ་རག་ལུས་པའོ། །ཁམས་གསུམ་མ་ལུས་པ་ནི་འཇིག་རྟེན་གསུམ་མོ། །དེས་ནི་རྡོ་རྗེ་སེམས་དཔའ་ཁྱབ་པ་ཉིད་དུ་བསྟན་ཏོ། །ལོག་པར་གཟུང་བ་ཞེས་བྱ་བ་ནས་

ཕྱིན་ཅི་ལོག་ཏུ་མ་རྟོགས་ཤིག་ཅེས་པའི་བར་དུ་ནི་ལོག་པར་གཟུང་བའི་ཚིག་གི་དོན་རྟོགས་པའི་བྱང་ཆུབ་སེམས་དཔའ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོས་འོད་གསལ་བའི་དེ་ཁོ་ན་ཉིད་ལ་འཇུག་པ་དང་། དེ་ལས་སེམས་རྣམ་པར་དག་པའི་རིམ་པས་ལྡང་བར་

འགྱུར་རོ་ཞེས་བསྟན་ཏོ། །དེ་བས་ན་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལོག་པར་མ་བཟུང་ཤིག་ཅེས་བསྟན་པ་ཡིན་ནོ། །གང་བཤད་མ་ཐག་པ་ཞེས་བྱ་བ་ནས་སྦྱར་རོ་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རིམ་པ་གཉིས་པ་དང་བཞི་པ་དག་གི་འོད་གསལ་བ་ཁོང་དུ་ཆུད་

པའི་མཚན་ཉིད་ཀྱི་ཟབ་པ་ཉིད་དང་། རིམ་པ་གསུམ་པ་དང་ལྔ་པ་དག་གིས་ཡེ་ཤེས་ཀྱི་སྐུ་དང་རྡོ་རྗེའི་སྐུ་རྒྱ་ཆེ་བ་གཟུང་བ་གང་ཡིན་པ་དེ་ནི་ཀུན་རྫོབ་དང་དོན་དམ་པ་བདེན་པ་གཉིས་ཀྱི་མཚན་ཉིད་དབྱེ་བས་ཆོས་ཐམས་ཅད་མངོན་པར་ཤེས་པ་ཐོབ་པ་དང་སྐུའི་དབང་ཕྱུག་ལ་སོགས་པ་དང་ལྡན་

Vol. 33 · folio 131a

པའི་ཚངས་པ་ལ་སོགས་པས་མི་ཤེས་ཏེ་རྡོ་རྗེ་སེམས་དཔའི་ཆོས་ཉིད་ནི་ཤིན་ཏུ་ཟབ་པའི་ཕྱིར་རོ། །དེ་བས་ན་རྡོ་རྗེ་སེམས་དཔའི་ཆོས་ཉིད་མི་རྟོགས་པའམ་རྟོགས་ནས་རྡོ་རྗེ་འཆང་འདིས་ཟབ་པའི་ཆོས་སྟོན་ཏེ་ཞེས་ཐེ་ཚོམ་དང་ལྡན་པ་དེ་རྣམས་ཀྱིས་ཐེ་ཚོམ་བསལ་བ་དང་བདག་ཉིད་

ཀྱི་དབྱེ་བ་སྔོན་དུ་བྱ་བའི་ཕྱིར། བཅོམ་ལྡན་འདས་འོད་གསལ་བ་ལ་ཞུགས་ནས་ལྡང་བ་བསྟན་ཏོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ལན་བཏབ་པོ། །དེས་ཤིན་ཏུ་ཟབ་པ་དེ་ཁོ་ན་ཉིད་ཀྱི་རང་བཞིན་རྡོ་རྗེ་འཆང་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་

སྦྱར་རོ་ཞེས་པའི་བར་དུ་ནི་ཡང་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགོངས་པས་བཤད་པས། བྱང་ཆུབ་སེམས་དཔའ་ནི་ཚངས་པ་ལ་སོགས་པ་འཇིག་རྟེན་གྱི་ལྷ་

རྣམས་སོ། །དེ་རྣམས་ཀྱིས་ཇི་ལྟར་ཤིན་ཏུ་ཟབ་པའི་རྡོ་རྗེ་འཆང་གི་དེ་ཁོ་ན་ཉིད་ཇི་ལྟར་རྟོགས་པར་འགྱུར་ཏེ། ཇི་སྲིད་བདག་ཅག་ཀྱང་ཡེ་ཤེས་ལྔ་མངོན་དུ་བྱེད་པས་མི་ཤེས་ཏེ། རྟོག་པ་ཐམས་ཅད་ཀྱི་ངོ་བོ་ལས་ཞེས་པ་ནི་ཐམས་ཅད་སྟོང་པའི་ངོ་བོ་ཡིན་པས་སོ། །དགོངས་པ་འདི་

ཡིན་ཏེ། ཇི་སྲིད་ཤེས་པ་དང་ཤེས་བྱའི་རྟོག་པ་ཡོད་པ་དེ་སྲིད་དེ་ཁོ་ན་ཉིད་ག་ལས་རྟོགས་པར་འགྱུར། བག་ཆགས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བས་འབའ་ཞིག་དྲི་མ་མེད་པའི་ནམ་མཁའ་དང་འདྲ་བ་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། ཇི་སྲིད་སྒོམ་པའི་སྦྱོར་བ་ལྡན། །དེ་སྲིད་དང་

པོའི་ལས་ཅན་ཡིན། །ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི། །ད་ནི་བསྟན་པར་བྱ་བ་ཡིན། །ཞེས་འབྱུང་བས་སོ། །དེ་བཞིན་དུ། །རྐྱེན་གཞན་མེད་པ་ཞི་བ་སྟེ། །སྤྲོས་པ་ཡིས་ནི་མ་སྤྲོས་པ། །དུ་མ་མ་ཡིན་གཅིག་མིན་ཏེ། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་འབྱུང་བས་

སོ། །དེ་བས་ན་ཤེས་པ་དང་ཤེས་བྱའི་དབྱེ་བ་དང་བྲལ་བ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དྲུག་པ་ཡིན་ནོ། །ཞེས་གྲངས་སུ་འགྱུར་རོ། །དེ་ནི་དེ་ཁོ་ན་ཉིད་རྙེད་པར་དཀའ་བ་ཉིད་དུ་བསྟན་ཏོ། །གལ་ཏེ་དེ་ལྟ་མ་ཡིན་ན་སྔ་མ་ནི་ཇི་ལྟར་གྲུབ་པ་དང་། འགྲུབ་པར་འགྱུར་བ་

Vol. 33 · folio 131b

དང་། །ཕྱིས་གྲུབ་པ་ཇི་ལྟར་ཞེ་ན། སྨྲས་པ། སྐྱེ་གནས་བཞིས་བསྡུས་པ་རིགས་དྲུག་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཉིད་ཐོབ་པ་སྟེ། དེ་ཆོས་ཉིད་ལ་གནས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཐམས་ཅད་གྲོལ་བར་མི་འགྱུར་ཞེ་ན། སྨྲས་པ། གོམས་པ་

བླང་བའི་ཕྱིར་རོ། །གློ་བུར་གྱི་དྲི་མ་ལྡོག་པའི་དོན་དུ་ཐོས་པ་ལ་སོགས་པའི་རིམ་པས་གོམས་པར་བྱས་ན་དེ་ཁོ་ན་ཉིད་སྣང་བར་འགྱུར་ཏེ། མར་མེ་ཡོད་པ་བུམ་པ་ལ་སོགས་པ་བཞིན་ནོ། །དེས་ནི་དེ་ཁོ་ན་ཉིད་རྙེད་པར་དཀའ་བས་སློབ་པས་ཅི་དགོས་ཤེ་ན་ལེ་ལོ་ཅན་སྨྲས་པ་གང་ཡིན་པ་

དེ་རྣམས་ལ། དེ་བསལ་བར་བྱ་བའི་དོན་དུ་དེ་ཁོ་ན་ཉིད་རྙེད་པར་སླ་བ་ཡིན་ནོ་ཞེས་གསལ་བར་བསྟན་ཏོ། །ཇི་སྐད་དུ། ཆོས་ཀུན་ནང་དུ་ཆུད་པའི་ཕྱིར། །རིང་པོ་མ་ཡིན་གང་དུ་མིན། །དེ་ཉིད་རྟོགས་པར་དཀའ་བའི་ཕྱིར། །དེ་ཡི་ངོ་བོ་རྟོགས་མི་འགྱུར། །ཕྲ་བར་གཟིགས་

པའི་སངས་རྒྱས་ཀྱིས། །དེ་ཉིད་རང་གིས་རིག་པ་ཡིན། །རང་གནས་ལ་ཡང་དག་འདྲ་བའི། །བློ་རགས་པས་ནི་མཐོང་མི་འགྱུར། །རྣལ་འབྱོར་རིག་པས་ནམ་ཡང་ནི། །ཐར་པའི་འདུ་ཤེས་རིང་མི་བྱ། །རང་གི་བདག་ཉིད་བརྟགས་པ་ནི། །སྟོང་པར་མཐོང་ནས་མྱ་ངན་

འདས། །ཞེས་འབྱུང་ངོ་། །དེ་བཞིན་དུ། གོམས་པའི་སྦྱོར་བ་ཅི་ཞིག་བྱ། །ཐོག་མར་གྲུབ་པའི་ངོ་བོ་ཉིད། །རང་བཞིན་གྱིས་ནི་དེ་འགྲུབ་པ། །དེ་བཞིན་རྟོག་པ་ལས་སྐྱེས་མིན། །ཡེ་ཤེས་གསུམ་རིག་སྤངས་ནས་ནི། །གང་ཞིག་དེ་ལྟར་རྟོག་བྱེད་པས། །དེ་ཡི་དབྱེ་བ་མི་

ཤེས་པས། །སླར་ཡང་དེ་རྣམས་སློབ་བཞིན་འགྱུར། །ཞེས་འབྱུང་ངོ་། །དེ་ལྟར་ཞེས་བྱ་བ་ནས་བརྟགས་ནི་མི་རྙེད་པའི་ཕྱིར་རོ་ཞེས་པའི་བར་དུ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་འདྲི་བ་དང་ལན་གདབ་པའི་ངོ་བོ་ཕུལ་དུ་བྱུང་བ་གསན་ནས་མགུ་བར་གྱུར་པའི་

རྡོ་རྗེ་འཆང་གིས་དོན་འདི་ཉིད་བསྟན་པས་ཏེ་ཆོས་ཉིད་ཀྱི་ངོ་བོ་སེམས་ཅན་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ཡང་དེ་བཞིན་འཇའ་ཚོན་ལ་སོགས་པ་དང་འདྲ་བར་བདག་ལ་བྱིན་གྱིས་བརླབ་པའི་རིམ་པས་སེམས་ཅན་གྱི་དོན་རྣམ་པ་སྣ་ཚོགས་ཀྱིས་སངས་རྒྱས་ཀྱི་བྱ་བ་

Vol. 33 · folio 132a

བྱེད་དེ། འོན་ཀྱང་མངོན་པར་བྱང་ཆུབ་ཀྱི་རིམ་པས་ཐམས་ཅད་སྟོང་པ་ཐོབ་ན། དེ་རྣམས་གང་ཡང་དམིགས་པར་མི་འགྱུར་ཏེ། ཆོས་ཐམས་ཅད་འོད་གསལ་བའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་ལན་གསུངས་པའོ་ཞེས་པའི་བར་དུ་ནི་

སངས་རྒྱས་ཀྱི་དངོས་གྲུབ་གང་ལས་འབྱུང་བ་དང་གང་ལས་གནས་པར་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་དྲི་བ་དང་བཅོམ་ལྡན་འདས་ཀྱིས་ཀྱང་སློབ་པའི་དུས་ནས་དེ་ཁོ་ན་ཉིད་ཐོབ་པའི་བར་དུ་སྐུ་གསུམ་གྱི་བདག་ཉིད་དེ་ཁོ་ཉིད་གང་ཡིན་པ་

དེ་ཉིད་ལས་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་ལས་འདས་པ་དང་། ཞི་བ་ལ་སོགས་པའི་འཇིག་རྟེན་པའི་དངོས་གྲུབ་འབྱུང་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ཏེ། སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཞེས་ལན་བསྟན་ཏོ། །ཇི་ལྟར་ཆུ་ནི་དངས་པ་ལས། །ཞེས་བྱ་བ་ལ་སོགས་པ་

འབྱུང་བས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནས་ཅི་ལ་ཡང་མ་ཡིན་ཞེས་གསུངས་པ་ནི་ལན་ནོ་ཞེས་པའི་བར་དུ་ནི། འཇིག་རྟེན་པ་ལ་སོགས་པའི་དངོས་གྲུབ་ཀྱི་ཐབས་དང་གང་གིས་དམིགས་ཤིང་སྒྲུབ་པ་སྐུ་ལ་སོགས་པ་དེ་དག་དང་། དེའི་རང་བཞིན་གྱིས་ཁམས་གསུམ་པ་དང་།

སྣོད་ཀྱི་འཇིག་རྟེན་གྱི་ངོ་བོ་ས་ལ་སོགས་པ་གང་དུ་གནས་ཞེས་མི་བསྐྱོད་པ་ལ་སོགས་པས་ཞུས་པས་བཅོམ་ལྡན་འདས་ཀྱིས་འོད་གསལ་བ་གནས་སོ་ཞེས་ལན་བསྟན་ན་འོད་གསལ་བ་ཡང་གང་དུ་གནས་ཞེས་ཞུས་པས། གང་དུ་མི་གནས་སོ་ཞེས་སོ་སོར་ངེས་པའི་གནས་མེད་པའི་ཕྱིར་

ཐམས་ཅད་དུ་ནི་དེ་ཁོ་ན་ཉིད་གནས་སོ་ཞེས་ལན་གསུངས་སོ། །རིང་པོར་མ་ཡིན་གམ་དུ་མིན། །ནམ་མཁའ་མ་ཡིན་ས་ལ་མིན། །འཁོར་བར་མ་ཡིན་མྱང་འདས་མིན། །གནས་མིན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་དང་། །ཀུན་དུ་ཀུན་ནས་ཐམས་ཅད་ནི། །རྣམ་པ་

ཐམས་ཅད་ཀུན་རང་བཞིན། །སངས་རྒྱས་ཀུན་དངོས་གྲུབ་པ་ནི། །དེས་ནི་རང་གི་བདག་ཉིད་མཐོང་། །ཞེས་འབྱུང་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས་ངོ་མཚར་གྱི་རྒྱུའོ་ཞེས་པའི་བར་དུ་ནི་ངོ་མཚར་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་

Vol. 33 · folio 132b

བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རྗེས་སུ་ཡི་རང་བས་སེམས་རྣམ་པར་དག་པའི་རིམ་པས་རྣམ་པ་མེད་པའི་འོད་གསལ་བ་ཐོབ་པ་གང་ཡིན་པ་དེ་ལས་ཅིག་ཅར་དུ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་ལྷའི་སྐུ་གཟུགས་པ་དང་། དེས་ཀྱང་འགྲོ་བའི་དོན་བྱ་བ་ཞེས་ངོ་མཚར་བ་ཡིན་

ནོ་ཞེས་བསྟན་ཏོ། །མཚན་མ་མེད་པ་ཞེས་པ་ནི་འོད་གསལ་བ་རྟོགས་པའི་མཚན་ཉིད་དོ། །དེའི་ཐབས་ཞེས་པ་འོད་གསལ་བ་དེ་ཐོབ་པའི་རྒྱུའོ། །ལྷའི་སྐུ་ཞེས་པ་ནི་བསྐྱེད་པའི་རིམ་པས་བསྒྲུབ་པར་བྱ་བའོ། །ལྷའི་སྐུ་གྲུབ་ན་རྫོགས་པའི་རིམ་པ་ལ་དབང་བྱེད་པའི་ཕྱིར་རོ། །ཇི་སྐད་

དུ། །བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་འབྱུང་ངོ་། །རྡོ་རྗེ་གསུམ་ནི་སེམས་ཅན་ཐམས་ཅད་དོ་ཞེས་པ་ནི་སྐུ་ལ་སོགས་པའི་བདག་ཉིད་ཡིན་

པས་སོ། །དེ་རྣམས་ཀྱི་མཆོག་ནི་ཞེས་པ་ནི་འཇིག་རྟེན་སྐྱོང་བ་ཡིན་པས་ན་མཆོག་གོ། །ལྷ་ཆེན་པོ་ལ་སོགས་པ་ནི་འདོད་པའི་ཁམས་ཀྱི་བདག་པོའོ། །དེ་རྣམས་ཀྱི་མཆོག་ནི་ཉན་ཐོས་པ་དང་རང་རྒྱལ་བ་རྣམས་སོ་ཞེས་པ་ནི་འདོད་ཆགས་དང་བྲལ་བ་ཡིན་པས་སོ། །དེ་རྣམས་ཀྱི་མཆོག་ནི་

རྡོ་རྗེ་འཆང་ཆེན་པོ་ཞེས་པ་ནི་ཐམས་ཅད་ལ་རྗེས་སུ་སྟོན་པར་མཛད་པས་སོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ལའོ། །ཁྱད་པར་དུ་དབང་བསྐུར་བས་ན་ཞེས་པ་ལ་འོག་ནས་འཆད་པའི་དབང་ཕྱུག་ཉིད་ཀྱིས་སོ། །སྐུའི་དབང་ཕྱུག་

ཅེས་པ་ནི་ཕྲ་བ་ལ་སོགས་པ་ལའོ། །གསུང་གི་དབང་ཕྱུག་ཅེས་པ་ནི་གཟུགས་བཞིའི་བདག་ཉིད་དོ། །ཐུགས་ཀྱི་དབང་ཕྱུག་ནི་ལྷ་ལ་སོགས་པའི་ཉེ་བར་འཕོ་བ་ལ་སོགས་པ་ལའོ། །རྫུ་འཕྲུལ་ཞེས་པ་ནི་འབར་བ་དང་སྣང་བ་ལ་སོགས་པ་ལའོ། །ཀུན་འགྲོ་བའི་དབང་ཕྱུག་

ཅེས་པ་ནི་གཟུགས་གཅིག་གིས་ཐམས་ཅད་ཁྱབ་པའོ། །ཅི་འདོད་ནི་ཇི་ལྟར་མངོན་པར་འདོད་པའི་དོན་བསྐྱེད་པ་སྟེ། དཔག་བསམ་གྱི་ཤིང་བཞིན་ནོ། །བསྐྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་གཟུགས་སྣ་ཚོགས་པས་སྤྲུལ་པ་ཉིད་དེ། རི་བོང་སྟག་དང་སེང་གེ་རྣམས། །

Vol. 33 · folio 133a

གླང་པོ་རྣམས་ཀྱི་སྐྱེ་གནས་སོ། །ཕྱག་རྒྱ་དྲུག་ཀྱང་སྐྱེ་བ་སྟེ། །རྡོ་རྗེའི་ཐུགས་དང་ལྡན་པས་སོ། །ཞེས་འབྱུང་ངོ་། །ཡོན་ཏན་ནི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའོ། །དེ་དག་དབང་ཕྱུག་བརྒྱད་ཡིན་ནོ། །དེ་དང་ལྡན་པས་ན་དབང་ཕྱུག་དམ་པའོ། །འཇིག་

རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་པ་ནི་ཞི་བ་ལ་སོགས་པ་དང་འཁོར་ལོའི་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་རྣམས་སོ། །སྒྲུབ་པར་གྱུར་པ་ཞེས་པ་ནི་རྫོགས་པར་བྱེད་པ་ཉིད་དུ་ཐོབ་པའོ། །རིག་པའི་རང་བཞིན་ཞེས་པ་ནི་སྔགས་ཀྱི་རང་བཞིན་ནོ། །སྐྱེས་བུ་ནི་ལྷའི་

རྣམ་པ་ཅན་ནོ། །བསྐྱེད་པའི་རིམ་པའོ་ཞེས་པ་ནི་བསྐྱེད་པའི་གོ་རིམས་གསུངས་སོ། །ནམ་མཁའ་རྡོ་རྗེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའི་བར་དུ་ནི་ཁྱད་པར་གྱི་གནས་ལ་དམིགས་པ་སྔོན་དུ་འགྲོ་བར་དོན་དམ་པའི་དཀྱིལ་འཁོར་གྱི་རིམ་པས་སེམས་

ཅན་གྱི་ཁམས་སྟོང་པར་བྱས་ནས། པདྨ་ལ་སོགས་པ་རྗེས་སུ་འཇུག་པས་ཟླ་བའི་དཀྱིལ་འཁོར་འབའ་ཞིག་བསམས་ལ། དེའི་སྟེང་དུ་དགོད་པའི་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་རིན་ཆེན་དང་། སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བསྐྱེད་པའི་མི་བསྐྱོད་པ་དང་། རྣམ་པར་སྣང་མཛད་

དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་སྐུ་བསམས་ལ། རྣལ་འབྱོར་གསུམ་གྱི་རིམ་གྱིས་དང་པོ་སྦྱོར་བ་རྫོགས་ཏེ་ཕྱག་རྒྱ་ལེགས་པར་སྦྱོང་བ་སྔོན་དུ་འགྲོ་བར་དཀྱིལ་འཁོར་སྤྲོས་ལ་དེས་འགྲོ་བའི་དོན་བྱས་ཏེ། འཁོར་གྱི་ཚུལ་དུ་བཞག་ཅིང་ལས་ཀྱི་

རྒྱལ་བ་མཆོག་ལ་གནས་པར་བྱའོ་ཞེས་བསྟན་ཏོ། །རྣམ་པ་གཞན་གྱིས་བསྒོམས་ན་ཞེས་པ་ནི་ལོག་པའམ་མཚན་མ་གཅིག་ཡོངས་སུ་གྱུར་པ་ལས་སོ། །དངོས་གྲུབ་ཀྱི་རྒྱུར་མི་འགྱུར་རོ་ཞེས་པ་ནི་མངོན་པར་འདོད་པའི་ལྷའི་སྒྲུབ་པའི་རྒྱུར་མི་འགྱུར་ཏེ་མི་མཐུན་པའི་ཕྱིར་རོ། །འབྲས་ནི་

ས་བོན་ལ་ནས་ཀྱི་མྱུ་གུ་བཞིན་ནོ། །དེས་ནི་བསྐྱེད་པའི་རིམ་པའི་མཚན་མའི་ངེས་པ་བསྟན་ཏེ་རྒྱས་བཏབ་པ་བཞིན་ནོ། །དེ་ལྟར་ཞེས་བྱ་བ་ནས་བལྟ་བར་བྱའོ་ཞེས་པའི་བར་དུ་ནི་དང་པོ་སྦྱོར་བའི་འོག་ཏུ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ཉིད་དུ་བསྟན་ཏེ། གང་ལ་དམིགས་ནས་

Vol. 33 · folio 133b

སྔར་བཤད་པའི་དཀྱིལ་འཁོར་སྤྲོ་བར་བྱའོ་ཞེས་བསྟན་ཏོ། །ཇི་ལྟར་འགྱུར་ཞེ་ན་ཞེས་བྱ་བ་ནས་བརྩོན་འགྲུས་ཀྱི་བརྟུལ་བ་ཅན་ཞེས་པའི་བར་དུ་ནི་བསྐྱེད་པའི་རིམ་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་བསྒོམ་པས་ཆགས་པ་ལ་སོགས་པ་གསུམ་རྣམ་པར་སྦྱོང་བ་འོད་

གསལ་བ་རྟོགས་པར་འགྱུར་བས། གོ་རིམས་ཀྱིས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་གནས་པར་འགྱུར་རོ་ཞེས་བསྟན་ཏོ། །ཞག་བདུན་ཞེས་བྱ་བ་ནས་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་གང་ཞིག་རྣལ་འབྱོར་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བསྒོམ་པར་མི་ནུས་པ་དེས་ལེགས་

པར་སྦྱངས་པའི་ཤིན་ཏུ་བསླབས་པ། དམ་ཚིག་གི་ཕྱག་རྒྱ་བླངས་ལ་དེ་དང་ལྷན་ཅིག་ཏུ་ཆགས་པ་ལ་སོགས་པའི་དབྱེ་བ་མཚོན་ཞིང་འོད་གསལ་བ་རྟོགས་ན་ཇི་སྲིད་ཞག་བདུན་གྱི་བར་དུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེ་སྲིད་དུ་གནས་པར་བྱའོ། །དབང་པོ་རྣོ་བ་དང་འདོད་ཆགས་

ཀྱི་ཤས་ཆེ་བའི་དབང་པོ་རྣོ་བའི་སྒོམ་པ་འདི་ཡིན་ནོ། །ཞེས་བླ་མའི་བཀའ་ལུང་ངོ་། །དང་པོ་སྦྱོར་བའི་འོག་ཏུ་ཕྱག་རྒྱ་ལེགས་པར་སྦྱང་བ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཕྱོགས་གཅིག་ཡིན་ནོ། །དེ་ནས་ཞེས་བྱ་བ་ནས་འདའ་བར་མི་མཛད་དོ་ཞེས་པའི་བར་དུ་ནི་རྫོགས་པའི་རིམ་པའི་རྣལ་

འབྱོར་པས་ལག་པའི་ཕྱག་རྒྱ་བཅིང་བར་མི་བྱ་སྟེ། དེ་གཡེང་བར་བྱེད་པ་ཡིན་པས་སོ། །ཕྱག་རྒྱ་ནི་བཅོམ་ལྡན་འདས་ཀྱི་ངོ་བོ་མངོན་དུ་གྱུར་པའི་ཕྱིར་བཅིང་བར་བྱ་སྟེ། དེ་ཉིད་མངོན་སུ་བྱས་ནས་ཕྱག་རྒྱས་ཅི་ཞིག་བྱ། དེའི་དོན་དུ་གླང་པོ་རྙེད་པ་ཞེས་བྱ་བ་ནི་དཔེ་ཡིན་ཏེ་སྐྱེས་པ་དང་

གླང་པོ་སྟོར་བ་གལ་ཏེ་དེ་ཚོལ་བས་མདུན་དུ་དེ་འཕྲལ་དུ་རྙེད་ན། དེ་ཅིའི་ཕྱིར་གླང་པོ་དེའི་རྗེས་ཚོལ་བ་དེ་མི་ཚོལ་ཏེ་དེ་རྙེད་པའི་ཕྱིར་རོ། །དེ་བཞིན་དུ་གང་ཞིག་རྣལ་འབྱོར་པ་རང་ཉིད་རྡོ་རྗེ་སེམས་དཔའ་ཡིན་ན་དེས་ལག་པའི་ཕྱག་རྒྱ་ལ་སོགས་པ། ཅིའི་ཕྱིར་ཚོལ་ཏེ་དེ་གྲུབ་པ་ཡིན་པས་

སོ། །སྤྲོས་པ་རྣམས་དོན་མེད་པའོ། །གསང་བ་འདུས་པ་ནི་རྣམ་པ་གཉིས་ལ་གནས་པའོ། །རྟོག་པའི་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་ནི་བསྐྱེད་པའི་རིམ་པ་ལ་གནས་པ་རྣམས་ཀྱིའོ། །སྐུ་རྡོ་རྗེའི་རིགས་དང་ལྡན་པ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་དང་ལྡན་པའོ། །

Vol. 33 · folio 134a

ཉམས་སུ་བླངས་པ་ཞེས་པ་ནི་སྐུ་རྡོ་རྗེའི་དམ་ཚིག་གསུངས་པའོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པས་བདུད་རྩི་ལ་སྦྱང་བ་ལ་སོགས་པའི་རིམ་གྱིས་སྦྱངས་ནས་བཟའ་བར་བྱ་བ་དང་། དེ་བཞིན་དུ་ཤེས་རབ་ལ་འཁྱུད་པ་ལ་སོགས་པས་འབྱུང་བའི་བྱང་ཆུབ་ཀྱི་

སེམས་ཀྱི་བདུད་རྩིས་ལུས་ཚིམ་པར་བྱེད་པ་སྤྱད་པར་བྱའོ་ཞེས་སྐུའི་རིགས་ཀྱི་དམ་ཚིག་གོ། །བཤང་བས་ཉེ་བར་མཚོན་པའི་བདུད་རྩིའི་རང་བཞིན་ནི་རྣམ་པར་སྣང་མཛད་ལ་སོགས་པའོ་ཞེས་བསྟན་ཏོ། །མཆོག་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །འབྲིང་ནི་དམ་ཚིག་གི་ཕྱག་རྒྱའོ། །ཐ་མ་ནི་ལས་ཀྱི་ཕྱག་

རྒྱའོ། །ཡང་ན་མཆོག་ནི་བྲམ་ཟེ་མོ། །འབྲིང་ནི་རྒྱལ་རིགས་དང་རྗེ་རིགས་མའོ། །ཐ་མ་ནི་དམངས་རིགས་མའོ། །ཡང་ན་མཆོག་ནི་སྨེ་ཤ་ཅན་གྱི་བུ་མོ་སྟེ་མི་བསྐྱོད་པའི་རིགས་ཡིན་པའི་ཕྱིར་རོ། །བར་མ་ནི་གར་མཁན་མོ་སྟེ་འོད་དཔག་ཏུ་མེད་པའི་རིགས་དང་ལྡན་པའི་ཕྱིར་རོ། །ཐ་མ་ནི་

ཁྲུས་མཁན་མ་སྟེ་རྣམ་པར་སྣང་མཛད་ཀྱི་རིགས་ཡིན་པས་སོ། །དེ་དག་ཐུགས་དང་གསུང་དང་སྐུའི་ངོ་བོ་ཡིན་ནོ། །ཁམས་གསུམ་ནི་སེམས་ཅན་རྣམས་སོ་ཞེས་པ་ནི་ཁམས་གསུམ་ལས་བསྐྱེད་པའི་ཕྱིར་རོ། །སྙོམས་པར་ཞུགས་པའི་ལམ་ཞེས་པ་ནི་སྐྱེ་བ་བྱུང་བའི་སྒོའོ། །

པདྨའོ་ཞེས་པ་གྲུ་གསུམ་པ་མོའི་དབང་པོའོ། །འགྲོ་བ་ཐམས་ཅད་ཚིམ་པར་བྱེད་པའོ་ཞེས་པ་ནི་སེམས་ཅན་གྱི་རིགས་རྣམས་ལ་བཞི་དགའ་བར་བྱེད་པ་སྟེ། འདོད་པའི་ཁམས་དེའི་རང་བཞིན་ཡིན་པའི་ཕྱིར་རོ། །དྲེགས་པའི་གདུགས་ནི་རྩ་དབུས་མའོ། །ཟླ་བ་རྫོགས་པ་ནི་རྩ་

གཡོན་པའོ། །རུས་སྦལ་ནི་གཡས་པའོ། །སོགས་པ་ནི་མདུན་དུ་ལྷ་སྦྱིན་མ་དང་རྒྱབ་ཏུ་ནོར་རྒྱས་མའོ། །དེ་དག་གལ་ཏེ་མི་བསྐྱོད་པ་ལ་སོགས་པ་བདུད་རྩི་ལྔ་རྒྱུ་བ་ཡིན་ན་ཡང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འཛག་པ་ཡིན་ནོ། །བྷ་གའི་དབུས་ན་ནམ་མཁའ་གང་། །ནམ་

མཁའ་ལྔ་ཡིས་བརྒྱན་པ་སྟེ། །ལྟེ་བར་གེ་སར་དང་ལྡན་པའི། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །དེ་ལ་རྟག་ཏུ་གནས་པ་ནི། །ཁུ་བའི་གཟུགས་སུ་བདུད་རྩི་འཛག །ཅེས་འབྱུང་ངོ་། །རྩ་ལྔ་པོ་དེ་དག་སྙོམས་པར་ཞུགས་པའི་སྔོན་དུ་ལག་པའི་ཕྱག་རྒྱས་བསྐུལ་

Vol. 33 · folio 134b

ཞིང་གཤེར་བར་བྱས་ཏེ་ལྕེ་བཅུག་ལ། དེ་ལས་འཛག་པའི་བདུད་རྩི་མྱང་བ་གང་ཡིན་པ་དེ་ནི་གསུང་གི་རྡོ་རྗེའི་དམ་ཚིག་སྟེ། ངག་གི་རང་བཞིན་ལྕེའི་བྱ་བ་ཡིན་པས་སོ། །དེ་ནི་དཀྱིལ་འཁོར་རྒྱལ་བ་མཆོག་གི་ཕྱོགས་གཅིག་དང་ཤེས་རབ་ཀྱི་དབང་བསྐུར་གྱི་ཕྱོགས་གཅིག་དང་། གསང་

བའི་དབང་བསྐུར་ཡང་ཡིན་ནོ་ཞེས་བསྟན་ཏོ། །དེ་ནས་ཞེས་བྱ་བ་ནས་སྡུད་པར་བྱེད་པའི་ཚིག་གོ་ཞེས་པ་ནི་ཐུགས་རྡོ་རྗེའི་རྣལ་འབྱོར་པས་པདྨ་ཅན་ལ་སོགས་པའི་ཕྱག་རྒྱ་དང་ལྷན་ཅིག་ཏུ་རོལ་པས་དེ་རྣམས་ཀྱི་སེམས་མཉེས་པར་མི་བྱ་བའོ། །འོན་ཀྱང་ཕྱིའི་ཁ་ཟས་དང་བཏུང་བ་དང་ཚིག་

སྙན་པ་ལ་སོགས་པས་མགུ་བར་བྱས་ཏེ། དེ་ནས་དགའ་བར་འགྱུར་བའི་སེམས་དང་ལྡན་པས། བདེ་བའི་ལུས་དང་ལྡན་པ་དེ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་སྟེར་བར་འགྱུར་རོ། །གང་གི་དབང་གིས་བདེ་བ་ཆེན་པོ་མྱོང་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་ནི་ཐུགས་ཀྱི་དམ་ཚིག་སྟེ་

ཐུགས་མཉེས་པར་བྱེད་པའི་ཕྱིར་རོ། །སྤྱོད་པ་གསུམ་ལ་གནས་པའི་རྣལ་འབྱོར་པ་ཞེས་པ་ནི་སྤྲོས་པ་དང་བཅས་པ་ལ་སོགས་པ་སྤྱོད་པ་གསུམ་སྤྱོད་པའོ། །སྤྱིའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མངོན་པར་ཞེན་པ་ཞེས་པ་ནི་དེ་རྣམས་ལ་ཀུན་དུ་ཆགས་པའོ། །བརྩལ་

བར་བྱ་བའི་ཕྱིར་ནི་དེ་ལྡོག་པར་བྱ་བའི་ཕྱིར་རོ། །ལྷག་མའི་ལྷ་བསྟན་པའི་ལྷའི་ངོ་བོ་ཉིད་བསྟན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནས་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་པའི་བར་དུ་ནི་གང་ཞིག་སོ་སོར་ངེས་པའི་རང་བཞིན་ལ་དམིགས་ནས་སོ་སོར་སྣང་བའི་ཕུང་པོ་ལྔ་དང་། མིག་

ལ་སོགས་པའི་སྐྱེ་མཆེད་དྲུག་དང་། ས་ལ་སོགས་པ་འབྱུང་བ་ཆེན་པོ་གང་ཡིན་པ་དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང་། སྤྱན་མ་ལ་སོགས་པ་དང་རྡོ་རྗེ་འཆང་ཆེན་པོ་དང་སའི་སྙིང་པོ་ལ་སོགས་པ་དྲུག་གི་རང་བཞིན་དུ་ཤེས་པར་བྱའོ་ཞེས་

བསྟན་ཏོ། །དེ་ཉེ་བར་མཚོན་པ་ཙམ་ཡིན་ཏེ་ཡེ་ཤེས་ལྔ་དང་ཡུལ་དྲུག་གི་ངོ་བོ་ཡང་ཡིན་པར་ཤེས་པར་བྱའོ། །དེ་ཡང་རིགས་བརྒྱའི་དབྱེ་བས་སྔར་གཏན་ལ་ཕབ་པའོ། །ཇི་སྐད་དུ། བདག་ཉིད་སངས་རྒྱས་ཀུན་ཉིད་དེ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་

Vol. 33 · folio 135a

ཕྱིར་འབད་པ་ཐམས་ཅད་ཀྱིས། །རང་གི་བདག་ཉིད་མཆོད་པར་བྱ། །ཞེས་འབྱུང་ངོ་། །ལེའུ་དང་པོ་ནས་རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་ཚད་མས། སྐུའི་དཀྱིལ་འཁོར་དེ་ཉིད་བསྟན་ཏོ། །རྒྱུད་ཕྱི་མ་ལས་ཀྱང་། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། །སྐུ་ཡི་དཀྱིལ་

འཁོར་ཉིད་དང་ནི། །བྷ་གའི་དཀྱིལ་འཁོར་ཞེས་བྱ་བའི། །དཀྱིལ་འཁོར་གསུམ་པོ་དེ་དག་བརྟགས། །དེ་ཡང་བསྐྱེད་པའི་རིམ་པའི་དང་པོ་སྦྱོར་བའི་ཕྱོགས་གཅིག་ཤིན་ཏུ་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །དཀྱིལ་འཁོར་རྒྱལ་བ་མཆོག་ལ་ཡང་སྐུའི་དཀྱིལ་འཁོར་ལ་ལྷག་པར་

མོས་པ་སྔོན་དུ་འགྲོ་བར་ཕྱི་རོལ་ཏུ་དཀྱིལ་འཁོར་སྤྲོ་བའོ། །དེ་ལྟར་ཞེས་བྱ་བ་ནས་བཞུགས་པར་གྱུར་ཏོ་ཞེས་པའི་བར་དུ་ནི། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས། རང་གི་ཕུང་པོ་ལ་སོགས་པ་དང་མཚུངས་པར་ཤེས་ནས་

ཁམས་གསུམ་པ་ཡང་དེའི་ངོ་བོར་ཤེས་པར་བྱ་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་པའི་དཀྱིལ་འཁོར་པ་རྣམས་གཟིགས་ནས་སེམས་རྣམ་པར་དག་པའི་རིམ་པའམ་མངོན་པར་བྱང་ཆུབ་པའི་རིམ་པ་ལ་འཇུག་སྟེ། འཁོར་གྱིས་ཞུས་པ་ལ་ཀླགས་སྐབས་སུ་སྦྱིན་པའི་ཕྱིར་

རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་ནས་ཤེས་པར་བགྱི་ཞེས་པའི་བར་དུ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་འོད་གསལ་བ་ལ་འཇུག་ན་དཔལ་གསང་བ་འདུས་པ་རྡོ་རྗེ་སློབ་དཔོན་ཁྱོད་དང་བདག་ཅག་གིས་ཇི་ལྟར་ཤེས་པར་བྱ་ཞེས་བྱམས་པས་དེ་བཞིན་གཤེགས་པ་

རྣམས་ལ་འདྲི་བར་བྱས་སོ་ཞེས་བསྟན་ཏོ། །འདིར་འཇིག་རྟེན་གྱི་སྤྱོད་པ་ནི་དཀྱིལ་འཁོར་གྱི་ཆོ་ག་དང་སྦྱིན་སྲེག་དང་རབ་ཏུ་གནས་པ་དང་ཞི་བ་ལ་སོགས་པའི་སྤྱོད་པའོ། །འཇིག་རྟེན་ལས་འདས་པའི་སྤྱོད་པ་ནི་དམ་ཚིག་ལ་སོགས་པ་དང་རྫོགས་པའི་རིམ་པའི་སྤྱོད་པའོ། །

བྱམས་པས་བསྐུལ་བ་ཞེས་པ་ནི་འདྲི་བར་བྱས་པའོ། །སའི་སྙིང་པོ་ལ་སོགས་པ་གནས་ཀྱང་བྱམས་པས་བསྐུལ་བ་ནི་མ་འོངས་པའི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བྱེད་པའི་ཕྱིར་རོ། །སྟོན་པ་པོ་ཞེས་པ་ནི་འདིར་དབང་བསྐུར་བའི་རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེ་འཆང་ཆེན་པོ་དང་འདྲ་བ་

Vol. 33 · folio 135b

ཞེས་པ་ནི་འདྲ་བའི་སྒྲ་གཞན་གྱི་འབྲེལ་པ་དང་རྣམ་པར་གཅོད་པ་ཡིན་ཏེ། དེས་ན་རྡོ་རྗེ་སེམས་དཔའ་ཉིད་དེ་ཡིན་གྱི་དེ་བཞིན་གཤེགས་པ་གཞན་ནི་མ་ཡིན་ནོ། །ཁྱད་པར་གྱི་སྒོ་ནས་དམ་ཚིག་བསྟན་པའི་དོན་དུ་བཤད་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན་ཞེས་སྨོས་ཏེ། བྱང་ཆུབ་ཀྱི་སེམས་

ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ནི་རྡོ་རྗེ་འཆང་ངོ་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་དེ་བཤད་པ་ཡིན། །ཞེས་འབྱུང་ངོ་། །གཉིས་སུ་མེད་པའི་ཡེ་ཤེས་འཛིན་པས་ན་རྡོ་རྗེ་འཆང་ངོ་། །དེ་བཞིན་གཤེགས་ཐམས་ཅད་ཀྱི་གཙོ་བོ་

ཡིན་པས་ན་ཆེན་པོ་ཡང་ཡིན་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་པས་རྡོ་རྗེ་འཆང་ཡང་ཡིན་ཏེ་ཞེས་རྡོ་རྗེ་འཆང་ཆེན་པོའོ། །སློབ་དཔོན་ཞེས་བྱ་བ་ནི་དཔལ་འདུས་པ་ལས་དབང་བསྐུར་བའི་བླ་མའོ། །ཤེས་པ་དང་ཤེས་བྱའི་བག་ཆགས་ཀྱིས་མི་གཡོ་བས་ན་མི་

བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའ་ཉིད་དོ། །དེ་དག་ནི་རྡོ་རྗེ་འཆང་གི་རྣམ་གྲངས་ཁོ་ནའོ། །དབྱེར་མེད་པ་ནི་རྡོ་རྗེ་འཆང་དང་སློབ་དཔོན་ཐ་མི་དད་པའོ། །རྒྱུ་ནི་སློབ་དཔོན་ནོ། །འབྲས་བུ་ནི་རྡོ་རྗེ་འཆང་སྟེ། དེའི་དྲིན་གྱིས་དེའི་གོ་འཕང་ཐོབ་པའོ། །དེ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་

བུ་དེ་དག་དབྱེར་མེད་པར་བྱས་ནས་སློབ་དཔོན་དང་རྡོ་རྗེ་འཆང་ཉིད་འདྲ་བའོ། །རིགས་ཀྱི་བུ་ཞེས་པ་ནི་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་ཡུལ་ལས་འབྱུང་བའི་འགྲོ་བའི་སློབ་དཔོན་ནོ། །ཤར་ལ་སོགས་པའི་ཕྱོགས་ན་གནས་པ་ཞེས་པ་ནི་དེ་ལ་སྲིད་པའི་རྩེ་མོའི་ཤར་ཕྱོགས་

སུ། རྣམ་པར་སྣང་མཛད་ཀྱི་འཇིག་རྟེན་གྱི་ཁམས་འོག་མིན་ནོ། །དེའི་ལྷོ་ཕྱོགས་སུ་རིན་ཆེན་འབྱུང་གནས་ནི་རིན་ཆེན་འབྱུང་ལྡན་གྱི་འཇིག་རྟེན་གྱི་ཁམས་སོ། །དེའི་ནུབ་ཕྱོགས་སུ་བདེ་བ་ཅན་ཞེས་བྱ་བ་འོད་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སོ། །དེའི་བྱང་ཕྱོགས་

སུ་མེ་ཏོག་ཅན་ཞེས་བྱ་བ་དོན་ཡོད་གྲུབ་པའི་འཇིག་རྟེན་གྱི་ཁམས་སོ། །དེ་རྣམས་ཀྱི་དབུས་སུ་ནམ་མཁའ་ལ་མངོན་པར་དགའ་བ་ཞེས་བྱ་བ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་ངོ་། །དེ་དང་འདྲ་བ་ཡང་སྟོང་གསུམ་དང་སྟོང་ཆེན་པོ་ལ་སོགས་པ་ལ་ལྟོས་ནས་མཐའ་ཡས་པའི་

Vol. 33 · folio 136a

འཇིག་རྟེན་གྱི་ཁམས་སོ། །དེ་ཉིད་བསྟན་པའི་ཕྱིར། གྲངས་མེད་པ་ན་ཞེས་སྨོས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཞེས་བྱ་བ་ནི་རྫོགས་པ་དང་མ་རྫོགས་པའི་དབྱེ་བས་མཐའ་ཡས་པའོ། །ཆོས་ཀྱི་སྐུ་ཞེས་པ་ནི་ཁྱབ་པ་མེད་པའི་ཆོས་ཉིད་

ཀྱི་ངོ་བོས་སོ། །མི་གཡོ་བས་ན་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་རྟག་པས་སོ། །ལོངས་སྤྱོད་རྫོགས་པའི་སྐུས་ཞེས་པ་ནི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་སོ། །འོག་མིན་གྱི་གནས་ན་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། མངོན་པར་དགའ་བ་ལ་སོགས་པ་ལ་ཡང་ངོ་། །

སྟོན་པར་མཛད་པས་ཞེས་པ་ནི་ཆོས་ཀྱི་བདུད་རྩི་མྱང་བས་སོ། །རྒྱུན་མི་འཆད་པར་ཞེས་པ་ནི་ཚིམ་པར་བྱེད་པ་སྟེ། མི་འཇིགས་པའི་རྟག་པ་ཡིན་པའི་ཕྱིར་རོ། །སྤྲུལ་པའི་སྐུས་ཞེས་པ་ནི་སྤྲོས་པའི་འཁོར་གྱིས་སོ། །མཐོ་རིས་ནི་བདེ་འགྲོའོ། །ཐར་པ་ནི་གྲོལ་

བའོ། །དེ་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པས་ཐོབ་པར་མཛད་པ་ནི་སེམས་ཅན་རྣམས་ཐོབ་པར་འཇུག་པར་མཛད་པས་སོ། །རྒྱུན་གྱི་རྟག་པས་ན་སྤྲུལ་པའི་སྐུ་ནི་རྟག་པ་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ཞེས་པའི་བར་

དུ་ནི་དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔས་གསང་བ་འདུས་པའི་སློབ་དཔོན་ལ་ཕྱིའི་མཆོད་པ་དང་རང་གི་ནང་གི་མཆོད་པ་ལ་སོགས་པས་དུས་གསུམ་དུ་མཆོད་པར་མཛད་དོ། །ཞེས་བསྟན་ཏོ། །འདི་སྐད་དུ་ཞེས་བྱ་བ་ནས་གོ་སླའོ་ཞེས་པའི་བར་དུ་ནི་རྡོ་རྗེ་སློབ་དཔོན་འདི་

བདག་ཅག་གི་ཕ་འདི་བྱ་བ་སྟེ། སངས་རྒྱས་ཀྱི་ཐེག་པ་རྒྱུན་མ་ཆད་པར་བྱེད་པས་སོ་ཞེས་བྱ་བ་ལ་སོགས་པའི་བསྟོད་པའི་ཚིག་བརྗོད་ནས། ཡང་ལྡོག་ཅིང་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་སོ་ཞེས་བསྟན་ཏོ། །འཇིགས་ཤིང་ཞེས་བྱ་བ་ནས་མི་སྨྲ་བར་གྱུར་ཏོ་ཞེས་པའི་

བར་དུ་མཆོད་པར་བྱ་བ་ལ་ཐེ་ཚོམ་ཅི་དགོས་ཞེས་བྱ་བས་ངོ་ཚ་དང་བཅས་པའི་ཕྱིར་བྱམས་པ་ཅང་མི་སྨྲ་བར་གྱུར་ཏོ་ཞེས་བསྟན་ཏོ། །དེ་ལྟར་བྱམས་པ་ཞེས་བྱ་བ་ནས་བོས་སོ་ཞེས་པའི་བར་དུ་ནི་དཀྱིལ་འཁོར་གྱི་བདག་པོས་བརྒྱན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེ་

Vol. 33 · folio 136b

འཆང་ཆེན་པོའི་ངོ་བོ་ཁོང་དུ་ཆུད་ནས་དེ་བཞིན་གཤེགས་པ་རྣམས་སླར་ཡང་སྟོན་པར་མཛད་དེ་ཞེས་བསྟན་ཏོ། །དེ་བཞིན་གཤེགས་པའི་ཞེས་བྱ་བ་ནས་ཤེས་པར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་བར་དུ་ནི་བཅོམ་ལྡན་འདས་ཀྱིས་སྤྲུལ་པའི་སྐུ་གང་ཡིན་པ་དེ་ནི་གང་དུ་གནས་ཞེས་བྱང་ཆུབ་སེམས་

དཔའ་ཞུ་བར་བྱས་ནས་རྒྱུད་ཀྱི་དཀྱིལ་འཁོར་བདག་པོ་མི་བསྐྱོད་པ་གང་ཡིན་པ་དེའི་སྐུ་ལ་སོགས་པ་ལ་གནས་ཏེ། དེ་ཉིད་ལས་དེ་རྣམས་སྤྲོ་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་ལན་བཏབ་པ་དང་གཞན་ཡང་དཀྱིལ་འཁོར་གྱི་བདག་པོའི་སྐུ་ལ་སོགས་པ་གང་དུ་

གནས་ཞེས་ཞུས་པ་ལ་གང་དུ་ཡང་མི་གནས་སོ་ཞེས་ལན་བཏབ་པ་དང་། འོད་གསལ་བ་ཞེས་བརྗོད་པར་རིགས་ན་རང་གི་རིག་པ་ཡིན་པས་བརྗོད་པར་མི་ནུས་སོ་ཞེས་བྱ་བ་གང་དུ་ཡང་མི་གནས་སོ་ཞེས་བསྟན་ཏོ། །དེ་ནི་ཇི་ལྟར་ཐོབ་ཅེ་ན་བླ་མའི་མན་ངག་ལས་ཤེས་པར་བྱ་བའི་ཕྱིར་

རོ་ཞེས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་སུ་བླ་མའི་ཞལ་ལས་འོད་གསལ་བ་ཉིད་ཐོབ་པར་འགྱུར་རོ། །དེས་ནི་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་གང་གི་ཚེ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འོད་གསལ་བ་དང་ཕྱག་རྒྱ་ཆེན་པོའི་རྣམ་གྲངས་ཐོབ་ན་དེའི་ཚེ་རྒྱུ་དང་འབྲས་བུ་

དབྱེར་མེད་པས་དེ་ཉིད་རྡོ་རྗེ་འཆང་ཆེན་པོ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ཞེས་བྱ་བ་ནས་འདིའི་དོན་སྟོན་པ་ཡིན་ནོ་ཞེས་པའི་བར་དུ་ནི་བྱང་ཆུབ་སེམས་དཔའ་རྣམས་སྟོན་པ་རྡོ་རྗེ་སློབ་དཔོན་ལ་ངོ་མཚར་དུ་གྱུར་པ་དང་། རྡོ་རྗེ་འཆང་གི་གོ་འཕང་གི་དེ་རྒྱུར་གྱུར་པ་ལ་རྨད་དུ་གྱུར་པ་

དང་། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་སངས་རྒྱས་ལ་སོགས་པས་བསྙེན་བཀུར་དུ་བྱ་བ་ཉིད་དུ་བསྟན་ཏོ། །དེ་ཡང་འགྲེལ་པ་མཁན་གྱིས་གོ་སླ་བས་ན་མ་བཤད་དོ། །དོན་འདི་ཞེས་བྱ་བ་ལ་སོགས་པས་དཔལ་སྒྱུ་འཕྲུལ་དྲ་བའི་ཚད་མ་ཉིད་བསྟན་ཏོ། །སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་

ནོ། །དེ་ཇི་ལྟར་བལྟ་ཞེ་ན། ཞེས་པ་ནི་ཇི་ལྟར་ཤེས་པར་བྱ་སྟེ་ཞེས་འདྲི་བ་ལ་ལན་ནོ། །ཡོན་ཏན་གྱི་ཚོགས་དང་ལྡན་པས་ན་བླ་མའོ། །སངས་རྒྱས་ཐམས་ཅད་ཉེ་བར་སྡུད་པར་བྱེད་པས་ན་སངས་རྒྱས་ཐམས་ཅད་སྟེ་དེ་དང་མཚུངས་པའོ། །རྡོ་རྗེ་འཆང་ནི་མི་བསྐྱོད་པའོ། །ལས་

Vol. 33 · folio 137a

ཐམས་ཅད་པ་ཡིན་པས་ན། ཀུན་ནི་དོན་ཡོད་གྲུབ་པའོ། །རྒྱལ་པོ་ནི་འོད་དཔག་ཏུ་མེད་པའོ། །རིན་ཆེན་ཏོག་ནི་རིན་ཆེན་འབྱུང་ལྡན་ནོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པ་ལྔ་དང་ལྡན་པ་དྲུག་པ་རྡོ་རྗེ་འཆང་གི་

ངོ་བོ་རྡོ་རྗེ་སློབ་དཔོན་བསྟན་ཏོ། །དེ་ལྟར་གྱུར་པའི་སློབ་དཔོན་ནི་རྡོ་རྗེ་བླ་མའི་ཡོན་ཏན་ནི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་གཟུང་བར་བྱའོ། །སྐྱོན་ནི་གང་ཡང་རུང་བའི་སྤྱོད་པ་ངན་པ་གཟུང་བར་མི་བྱ་བའོ། །འབྲས་བུ་བསྟན་པའི་ཕྱིར། ཡོན་ཏན་གྱིས་ནི་དངོས་གྲུབ་ཅིང་། །ཞེས་

སྨྲོས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཏུ་འགྱུར་རོ། །སྐྱོན་ནི་ཡོད་པའམ་མེད་པ་བཟུང་བ་ན་སྔར་བཤད་པའི་དངོས་གྲུབ་ཉམས་པར་འགྱུར་རོ། །དེའི་ཕྱིར་ནི་རྒྱུ་དེ་ལས་སོ། །ཀུན་ནས་རབ་བསྒྲིམས་ཏེ། ཞེས་པ་ནི་ལུས་ངག་ཡིད་ཀྱིས་སོ། །སངས་རྒྱས་

ཉིད་ནི་འབྲས་བུ་སྟེ་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་འདོད་པ་ནི་དེ་དོན་དུ་གཉེར་བའི་སྐྱེས་བུ་རྣམས་ཀྱིས་སོ། །དད་པས་ནི་དད་པ་དང་ལྡན་པས་སོ། །དེ་ནི་རྡོ་རྗེ་སློབ་དཔོན་ནོ། །མཆོད་ཅིང་ནི་མཆོད་པར་བྱའོ། །གང་གི་ཕྱིར་བསམ་པས་འབྲས་བུ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་

མཚན་ཉིད་དོ། །སྨིན་བྱེད་པ་ནི་སྟེར་བར་བྱེད་པ་དེའི་ཕྱིར་མཆོད་པར་བྱའོ། །དེ་བཞིན་དུ་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པས་མདོ་སྡེ་ཚད་མ་ཉིད་དུ་བསྟན་ཏོ། །ཨུ་རྒྱན་གྱི་རི་ནི་བྱང་ཕྱོགས་ཀྱི་གནས་ཀྱི་རི་ལའོ། །བཅོམ་ལྡན་འདས་ལག་ན་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཆང་ཆེན་པོ་དེ་ལ་

བཞུགས་པར་གྱུར་ནས་འཁོར་རྣམས་ལ་འདི་སྐད་གསུངས་སོ། །རྡོ་རྗེ་ཐེག་པ་ལ་སློབ་པར་བྱེད་པ་ཞེས་པ་ནི་ཀྱེ་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་བཞིན་གཤེགས་པ་ནི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་རེ་ཞིག་ཡོངས་སུ་མྱ་ངན་ལས་

འདས་པས་སྟོན་པ་ནི་མི་མཐོང་ན་ཡང་མངོན་སུམ་དུ་མི་མཐོང་བའོ། །དེ་བས་ན་རྡོ་རྗེ་སློབ་དཔོན་ནི་འཇིག་རྟེན་པ་ལ་སྟོན་པར་འགྱུར་ཏེ། དེས་དེའི་ངོ་བོ་བསྟན་པའི་ཕྱིར་རོ། །རྗེ་བཙུན་སྟོང་ཕྲག་བརྒྱ་པ་ལས་ཀྱང་བྱ་བ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ལུང་ཚད་མ་ཉིད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words