གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ
Sanskrit title (Tibetan script, as in the text) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 40 · folio 229a
བསྐྱོད་འགྱུར། །གང་ཚེ་འཁོར་གཙོ་སངས་རྒྱས་འགྱུར། །ཕྱུང་བ་དེ་ནི་བསྟིམ་པར་བྱ། །བྱང་ཆུབ་སེམས་དཔའ་འཁོར་གཙོར་འགྱུར། །དེ་ཡི་རིགས་དག་བསྟིམ་པར་བྱ། །རྒྱལ་བ་ལས་གཞན་དཀྱིལ་འཁོར་པ། །གལ་ཏེ་འཁོར་ལོ་གཙོ་བོར་བྱེད། །དབུས་མ་དེ་ཡང་གཞན་ཉིད་
དེ། །རང་གནས་སུ་ཡང་གཞན་དེ་ཉིད། །ཚོགས་རྣམས་བསགས་པ་དེ་དག་ནི། །ཚེ་འདི་ཉིད་ལ་གྲུབ་ཕྱིར་རོ། །སྐྱེ་བོ་གཞན་དུ་གྲུབ་པའི་ཕྱིར། །ཅུང་ཟད་བཟླས་དང་བསྒོམ་པའང་བྱ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གང་
ཡིན་པ་དེ་རྣམས་ཀྱི་གསང་བ་ནི་དོན་དམ་པ་སྟེ་རྡོ་རྗེ་འཆང་ངོ་། །དེ་ལས་བྱུང་བ་ནི་གསང་བ་འདུས་པ་ཞེས་བྱ་བའི་རྒྱུད་གང་ཡིན་པ་དེ་ལ་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གང་ཡིན་གྱི། བྲིས་པའི་རང་བཞིན་ནི་མ་ཡིན་ནོ། །དེ་ལ་དཀྱིལ་འཁོར་
ནི་སྙིང་པོ་ཡིན་ལ་དེ་ལེན་ཅིང་འཛིན་པར་བྱེད་པས་ན་དཀྱིལ་འཁོར་ཏེ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་པ་ཞེས་བྱ་བའི་དོན་ཏོ། །དེ་བྱིན་གྱིས་བརླབས་པ་ནི་སྤྲུལ་པ་སྟེ་དེ་གསལ་བར་བྱེད་པའི་ལེའུ་ནི་སྒྲའི་ཚོགས་སོ། །དང་པོ་ཞེས་བྱ་བ་ནི་ཐོག་མའོ། །རྫོགས་སོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །
གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་དང་པོའོ།། །།དངོས་གྲུབ་མཆོག་ལ་ཐབས་ལས་བྱུང་བ་ནི་ལེའུ་དང་པོར་བསྟན་ལ། དེའི་ཐབས་ནི་བསྙེན་པ་དང་ཉེ་བའི་སྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྟེ་བཞིའོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ལེའུ་འདི་ནས་བཟུང་སྟེ་ཉེ་
བའི་སྒྲུབ་པ་དང་། བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའི་རིམ་གྱིས་ལེའུ་ལྔ་པའི་བར་དུ་གསུངས་ལ། དེ་བཞིན་དུ་བཞི་པ་གཞན་དག་ཏུ་ཡང་གསུངས་སོ། །དེ་བས་ན་མཐར་ཆགས་སུ་བཀླག་པའི་རིམ་གྱིས་ལེའུ་རྣམས་ཇི་ལྟ་བ་བཞིན་གྱི་རིམ་པར་བཞག་པ་དེའི་དོན་གཅིག་ཉེ་བར་
སྡུད་པ་ནི་རིམ་པ་བཞིན་ཡིན་ཏེ། གང་ཡང་ལེའུ་བཅོ་བརྒྱད་པ་ལས། །ལྔ་པ་དགུ་པ་ཉིད་དང་ནི། །བཅུ་གསུམ་པ་དང་བཅུ་བདུན་རྣམས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཉེ་བའི་སྒྲུབ་པ་ནི་ལེའུ་གཉིས་པ་དང་དྲུག་པ་དང་། བཅུ་པ་དང་། བཅུ་བཞི་པ་རྣམས་སུ་གཏོར་ཏེ་གནས་པ་
Vol. 40 · folio 229b
ལས་དེ་དག་གི་མངོན་པར་རྟོགས་པའི་ལེའུ་འདིར་དང་པོར་བསྡུས་ཏེ་བརྗོད་པར་བྱའོ། །འདིར་ཡན་ལག་དྲུག་གི་བསྙེན་པ་ནན་ཏན་དུ་བྱས་པའི་སྒྲུབ་པ་པོས། སྐྱེ་བོ་མེད་པའི་རིའི་ཕུག་པ་ལ་སོགས་པར་གནས་བཅས་ཏེ་ནང་པར་གྱི་དུས་སུ་བསམ་གཏན་གྱི་ཁང་པར་ཞུགས་ལ། ལམ་ལ་གནས་པའི་
བར་གྱི་ཆོ་ག་རྗེས་སུ་སྤྱད་ནས་སྙིང་རྗེ་ཆེན་པོ་བསྐྱེད་དེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྔགས་ཀྱིས་བྱིན་གྱིས་བརླབས་ནས་ཆོས་འབྱུང་བའི་ནང་དུ་ཆུད་པའི་སྣ་ཚོགས་པདྨའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་
གི་དབུས་མའི་སྟན་ལ་འདུག་པར་བདག་ཉིད་མོས་པར་བྱའོ། །གལ་ཏེ་དེ་མི་བསྐྱོད་པའི་རྣལ་འབྱོར་པའམ། དེའི་རིགས་ཀྱི་རྣལ་འབྱོར་པ་ཡིན་པ་དེའི་ཚེ། སྙིང་གའི་ཉི་མ་དང་རྡོ་རྗེའི་དབུས་སུ་རང་གི་སེམས་ཉིད་མི་བསྐྱོད་པའི་ཐུགས་དང་དེའི་སྔགས་ཀྱི་རྣམ་པར་བསམ་པར་བྱའོ། །སྔགས་
དེ་ཡང་ཡི་གེ་ཧཱུཾ་ཁ་དོག་སྔོ་བར་རེག་བྱ་ཚ་ཞིང་སྒྲ་རྩུབ་མོ་སྟེ་དེའི་རྣམ་པའི་སེམས་ཀྱིས་ལྷ་ཐམས་ཅད་མི་བསྐྱོད་པའི་དེ་ཁོ་ན་ཉིད་དུ་རྣམ་པར་བརྟགས་ཏེ། སེམས་ཀྱི་འོད་ཟེར་སྤྲོས་པ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་དེས་དེའི་ལྷའི་བཀོད་པ་རྣམས་ནམ་མཁའི་ངོས་ལ་ཁྱབ་པར་བལྟས་པ་ནི་
སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་འོད་ཟེར་དེས་འདི་དག་ཐམས་ཅད་སེམས་ཉིད་དོ་སྙམ་དུ་བསམས་ཏེ་ལྷའི་བཀོད་པ་དེ་རྣམས་བཀུག་ནས་སེམས་ལ་བཅུག་པ་ནི་སྔགས་ལ་དམིགས་པ་སྟེ། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཏོ། །དེ་ནས་གཟུང་བ་མེད་པས་
འཛིན་པ་ཡང་མེད་དོ་སྙམ་སྟེ། སེམས་དེ་ཡང་སེམས་མ་ཡིན་པར་ཤེས་པ་ནི་སེམས་ལ་དམིགས་པ་སྟེ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏོ། །དེ་ནས་སྔགས་ཡོངས་སུ་གྱུར་པ་ལས་བདག་ཉིད་མི་བསྐྱོད་པ་ནི་ངག་ལ་དམིགས་པ་སྟེ་མི་བསྐྱོད་པའི་བྱང་ཆུབ་པོ། །མི་བསྐྱོད་པའི་སྐུ་དེ་
ཡང་ཨིནྡྲ་ནཱི་ལ་ལྟ་བུ་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་ཁྲོ་བོ་རྡོ་རྗེ་སེམས་དཔས་བརྒྱན་པའི་རལ་པའི་ཅོད་པན་ཅན་ཉི་མའི་འོད་དང་ཟླ་བའི་གདན་ཅན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་རང་དང་འདྲ་བའི་རིག་མ་ལ་འཁྱུད་པ། ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ནོར་
Vol. 40 · folio 230a
བུ་དང་པདྨ་བསྣམས་པ་སྟེ། དེའི་འོག་ཏུ། དངོས་པོའི་འདི་དག་མ་སྐྱེས་པས། །ཆོས་རྣམས་མེད་ཅིང་ཆོས་ཉིད་མེད། །ནམ་མཁའ་ལྟ་བུར་བདག་མེད་པར། །བྱང་ཆུབ་ཚུལ་ནི་བསྟན་པའོ། །ཞེས་བྱ་བའི་ཚིགས་སུ་བཅད་པས་མི་བསྐྱོད་པའི་བྱང་ཆུབ་རྣམ་པར་
སྤྱད་པ་ནི་བྱང་ཆུབ་ཀྱི་སེམས་རགས་པའོ། །དེའི་རྗེས་ལ་སེམས་ཀྱི་གནས་དང་མགོ་དང་མགྲིན་པའི་ཟླ་བ་རྣམས་ལ་རྡོ་རྗེ་དང་འཁོར་ལོ་དང་པདྨ་རྣམས་བསམས་ཏེ། དེ་དག་གི་ལྟེ་བ་རྣམས་སུ་ཧཱུཾ་དང་རིག་སྔགས་དང་ཨཱཿརྣམས་བལྟའོ། །དེའི་འོག་ཏུ་སྙིང་གའི་ཉི་མ་ལ་རྡོ་རྗེའི་ལྟེ་བར་ཡི་གེ་ཧཱུཾ་དེའི་
ཐིག་ལེར་ཧཱུཾ་ཕྲ་མོ་ལས་ནས་ཀྱི་འབྲུ་ཚད་ཙམ་གྱི་རྡོ་རྗེ་སྔོན་པོ་ཅུང་ཟད་གདེངས་པ་བསམས་ཏེ། དེ་ཉིད་ལས་མཚན་མའི་སྤྲིན་སྤྲོས་ཏེ། རྒྱུ་བ་དང་མི་རྒྱུ་བའི་ཚོགས་དེའི་བདག་ཉིད་དུ་བྱས་ལ། སྣ་ཚོགས་དེ་དག་གོང་བུར་བྱས་ཏེ་ཤིན་ཏུ་ཕྲ་བའི་ཉི་མའི་དཀྱིལ་འཁོར་གྱི་རྣམ་པར་གྱུར་ནས་མཚན་
མའི་དབུས་སུ་བསྡུས་ལ། ཉི་མ་དེར་མི་བསྐྱོད་པའི་ས་བོན་མཆོག་ཏུ་ཕྲ་བ་བསམས་པ་འདི་ནི་སྔགས་ཀྱིས་བརྟག་པ་དང་ཏིང་ངེ་འཛིན་བྱང་ཆུབ་སྦྱོར་བ་སྟེ་ཕྲ་མོའི་བྱང་ཆུབ་ཀྱི་སེམས་སོ། །དེའི་འོག་ཏུ་སེམས་ཀྱི་གནས་དང་མགོ་དང་མགྲིན་པའི་ཟླ་བ་ལ་གནས་པའི་མཚན་མའི་ཡི་གེའི་
རྣམ་པ་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་རྣམས་སུ་དེའི་སྔགས་ཀྱིས་བྱིན་གྱིས་བརླབས་པར་བྱས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཱཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེའི་འོག་ཏུ་སྔགས་ཀྱི་དམ་ཚིག་དང་
དཀྱིལ་འཁོར་གྱི་དམ་ཚིག་དང་བྱང་ཆུབ་ཀྱི་དམ་ཚིག་ཅེས་བྱ་བའི་དགའ་བའི་མཆོད་པ་གསུམ་བྱས་ཏེ། དེ་ལ་སྙིང་ག་ན་གནས་པའི་མཚན་མ་ཕྲ་མོ་ལས་གཏི་མུག་དང་ཞེ་སྡང་དང་། འདོད་ཆགས་དང་རྡོ་རྗེ་རྣམས་མཚན་མ་ཕྲ་མོར་ནམ་མཁའ་ཁྱབ་པར་སྤྲོས་པ་ནི་སྔགས་ཀྱི་དམ་ཚིག་གོ། །དེ་དག་
བསྡུས་ནས་ཤིན་ཏུ་ཕྲ་བའི་རང་གི་སྔགས་ཀྱི་གདན་ལ་རིག་མའི་དབང་ཕྱུག་ཏུ་བཅུག་སྟེ། དེའི་སྟེང་དུ་རང་གི་སྔགས་ཀྱི་ཡི་གེ་ཆགས་པ་སྟེ་ཞེན་པས་རིག་མའི་དབང་ཕྱུག་དེ་ལ་ཆགས་པ་སྟེ། ཞེན་པས་བལྟ་བ་འདི་ནི་དཀྱིལ་འཁོར་གྱི་དམ་ཚིག་གོ། །དེ་ནས་རིག་པའི་དབང་ཕྱུག་ལས་རིག་པའི་
Vol. 40 · folio 230b
སྐུའི་སྤྲིན་ཐམས་ཅད་སྤྲོས་ཏེ་སླར་དེ་ཉིད་དུ་བསྡུས་ལ། དེའི་སྟེང་ན་གནས་པའི་སྔགས་ཀྱི་ཡི་གེ་ལས་དེ་བཞིན་གཤེགས་པའི་སྐུའི་སྤྲིན་ཐམས་ཅད་སྤྲོས་ཏེ། སླར་དེ་ཉིད་དུ་བསྡུས་པ་འདི་ནི་བྱང་ཆུབ་ཀྱི་དམ་ཚིག་གོ། །དེ་ནས་དགའ་བའི་མཆོག་དེ་ཉིད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་
ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་རྣམས་ལས་མཆོད་པའི་ལྷ་མོ་དྲུག་ཕྱུང་སྟེ། དེ་ལ་ལྷ་མོ་ལྔ་ལས་ནི་འདོད་པའི་ཡོན་ཏན་ལྔའི་སྤྲིན་སྤྲོའོ། །དྲུག་པ་ལས་ནི་མཆོད་པ་རྣམ་པ་ལྔའི་སྤྲིན་སྤྲུལ་ཏེ་དེ་བཞིན་གཤེགས་
པ་ཐམས་ཅད་ཡང་དག་པར་མཆོད་ལ། མཆོད་པ་དེ་ཉིད། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་བྱིན་གྱིས་བརླབ་པོ། །ལེའུ་འདིའི་དོན་གྱིས་གཙོ་བོ་ནི་ཉེ་བར་སྒྲུབ་པ་ཡིན་ཏེ། དེ་ལས་བྱང་ཆུབ་ཀྱི་སེམས་ཉིད་ཀྱི་སྐབས་དབྱེ་བའི་ཕྱིར། དེ་ནས་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། སྐུ་ལ་སོགས་པའི་བདག་པོ་ནི་རྣམ་པ་ཀུན་ནས་སྐུ་ལ་སོགས་པ་དབྱེ་བའི་ཕྱིར་རོ། །མཆོད་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ཡིན་ནོ། །འདི་སྐད་ཅེས་བྱ་བ་ནི་གསོལ་བ་འདེབས་པའི་ཚིག་སྟེ། ཀྱེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ།
ཞེས་བྱ་བར་འབྲེལ་ཏོ། །བྱང་ཆུབ་ལ་རྣམ་པར་སྤྱོད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །བླ་མ་ནི་ལྷག་མ་སྟེ་འདི་ལས་བླ་མར་གྱུར་པའི་ལྷག་པ་མེད་པས་བླ་ན་མེད་པའོ། །དེ་ཅི་ཞིག་ཅེ་ན། གསང་བ་སྟེ་སྐུ་ལ་སོགས་པའི་གསང་བའོ། །སུའི་ཞེ་ན། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་སྟེ་དཀྱིལ་འཁོར་གྱི་བདག་པོ་རྣམས་ཀྱིའོ། །ཇི་ལྟ་བུ་ཞིག་ཅེ་ན། སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་མཆོག་སྟེ། སྐུ་དང་། གསུང་དང་། ཐུགས་ནམ་མཁའ་དང་མཚུངས་པས་སྙིང་པོ་ཡིན་ལ། འཁོར་ལོས་སྒྱུར་བ་དྲུག་དང་འབྲེལ་པ་དེ་བས་ན། བྱང་ཆུབ་ཀྱི་
སེམས་འདི་ནི་རྣམ་པ་དྲུག་ཡིན་ལ་ཡང་རགས་པ་དང་ཕྲ་མོའི་དབྱེ་བས་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །འདིར་ཚིགས་སུ་བཅད་པ་ནི། བྱང་ཆུབ་རྣམ་སྤྱད་བྱང་ཆུབ་སེམས། །རྣམ་པ་བཅུ་གཉིས་དག་ཏུ་བརྗོད། །གཉིས་པ་ཡིས་ནི་རགས་པ་དྲུག །ཕྲ་མོ་དྲུག་ནི་དྲུག་
Vol. 40 · folio 231a
པས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་ནི་བསྡུས་པ་སྟེ། གསང་བ་འདུས་པ་ཞེས་བྱ་བའི་དོན་ཏོ། །མཁྱེན་ཞིང་ཞེས་བྱ་བ་ནི་ཐུགས་ལ་བཞག་ནས་སོ། །ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་ཀུན་དུ་ཚོལ་བའི་ཡིད་ཀྱིས་བརྗོད་པའོ། །རྣམ་པར་རྟོག་པ་མངའ་བས་ན་ཡོངས་སུ་
རྟོག་པ་སྟེ་ཚིག་ཏུ་མ་བརྗོད་པར་སེམས་ཀྱིས་རྟོག་པའོ། །དེ་མཁྱེན་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པས་མཁྱེན་པའོ། །རྣམ་པར་རྟོག་པ་དེ་ཡང་འདིར་རྣམ་པ་དྲུག་སྟེ་རྒྱུད་གཞན་དག་ལས་སྙིང་གར་ཟླ་བའི་མཚན་མའི་དབུས་སུ་སྔགས་བཀོད་པ་བྱང་ཆུབ་ཀྱི་
སེམས་ཡིན་པ་དེ་བཞིན་དུ་འདིར་ཡང་ཡིན་ནམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་པོའོ། །དེ་ལྟར་ན་ཁྱད་པར་ཅི་ཞིག་ཡོད་ནས་འདི་བླ་ན་མེད་པ་ཡིན་ཞེས་བྱ་བ་ནི་གཉིས་པའོ། །འཁོར་ལོས་སྒྱུར་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡིན་ན་ཇི་ལྟར་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཡིན་ཞེས་བྱ་བ་ནི་གསུམ་པའོ། །བྱང་ཆུབ་ཀྱི་སེམས་ནི་སེམས་ཉིད་ཡིན་ན་ཇི་ལྟར་སྐུ་དང་གསུང་དང་ཐུགས་ཉིད་ཡིན་ཞེས་བྱ་བ་ནི་བཞི་པའོ། །ཇི་སྟེ་སྔགས་ལས་སྐྱེས་པའི་སྐུ་གཟུང་བ་ཡིན་ན་ཡང་བྱང་ཆུབ་ཉིད་ཡིན་གྱི་བྱང་ཆུབ་ཀྱི་སེམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྔ་པའོ། །ཇི་སྟེ་ཡང་བྱང་
ཆུབ་ལ་རྣམ་པར་སྤྱོད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་བྱ་བར་འདོད་ན་དེ་ལྟར་ན་ཡང་སྐུ་དང་། གསུང་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་གསུང་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དྲུག་པའོ། །འདི་སྐད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་ཉེ་བར་བཤད་པ་འདིས་རྣམ་པར་རྟོག་པ་
རྣམས་བསལ་བའོ། །ཁྱེད་ཀྱིས་སྐྱེད་ཅིག་ཅེས་བྱ་བ་ལ། སེམས་ཞེས་བྱ་བ་ནི་ཇི་ལྟར་གྲགས་པ་བཞིན་དུ་སྙིང་གའི་ཟླ་བ་དང་མཚན་མའི་དབུས་སུ་སྔགས་ཀྱི་རྣམ་པའི་སེམས་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་རྣམ་པར་རྟོག་པ་དང་པོ་བསལ་ཏོ། །ལུས་ལྟ་བུ་ཞེས་བྱ་
ནི་ཆོས་གཙོ་བོར་གྱུར་པ་སྟེ། ལུས་ཀྱི་སྒྲས་ནི་ལུས་ཉིད་དང་ལྟ་བུ་ཞེས་བྱ་བའི་རྣམ་པ་སྟེ་དེ་དག་ཏུ་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །དེ་ལ་ནམ་མཁའི་གཏོས་ཁྱབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསུམ་བསྡུས་པའི་སྔགས་ཀྱི་ལྷའི་ཚོགས་ནི་ལུས་སོ། །
Vol. 40 · folio 231b
ལུས་ཉིད་ཀྱིས་ཏེ་ལུས་ཀྱི་རང་བཞིན་ཉིད་ཀྱིས་བསྐྱེད་པ་སྟེ། སེམས་ཀྱི་འོད་ཟེར་རྣམས་ཀྱིས་དེ་དག་བཀུག་ནས་སེམས་ལ་ལུས་རྣམས་བཅུག་པའོ། །འདི་ནི་སྔགས་ལ་དམིགས་པ་སྟེ་གཟུང་བ་མེད་པའི་ཡེ་ཤེས་ཡིན་ནོ། །དེ་ལ་སོགས་པའི་ཁྱད་པར་བསྟན་པས་གཉིས་པ་ཡང་
བསལ་ཏོ། །སེམས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དུ་མངོན་པར་བརྗོད་པས་དེ་དག་གི་ངག་དང་སྐུར་ཡང་དེ་འགྱུར་བའི་ཕྱིར་གསུམ་པ་ཡང་བསལ་བ་ཡིན་ནོ། །ལྟ་བུ་ནི་རང་བཞིན་ཏེ་སེམས་གཉིས་པོས་སྟོང་པའི་རང་བཞིན་དུ་སྐྱེད་ཅིག་
པའོ། །གཟུང་བ་མེད་པས་འཛིན་པ་ཡང་བཀག་པ་འདི་ནི་སེམས་ལ་དམིགས་པ་སྟེ་འཛིན་པ་མེད་པའི་ཡེ་ཤེས་སོ། །ལུས་སེམས་ཀྱི་རྣམ་པ་ལྟ་བུ་ཞེས་བྱ་བ་ལ་སེམས་དེ་ཉིད་ཀྱི་རྣམ་པ་སྔགས་གང་ཡིན་པ་དེ་ཡོངས་སུ་གྱུར་པ་ལས་སྐུ་དང་གསུང་དང་ཐུགས་རྣམས་ནམ་མཁའི་
བདག་ཉིད་ཅན་བྱང་ཆུབ་ཀྱི་མཚན་ཉིད་འཁོར་ལོས་སྒྱུར་བའི་སྐུར་སྐྱེད་ཅིག་ཅེས་བྱ་བའོ། །འདི་ནི་ངག་ལ་དམིགས་པའོ། །སེམས་ཚིག་ཏུ་བརྗོད་པ་ལྟ་བུར་ཞེས་བྱ་བ་ནི་མཚན་ཉིད་ཀྱི་གསུམ་པ་སྟེ། བྱང་ཆུབ་ཀྱི་ཚིགས་སུ་བཅད་པ་བརྗོད་ནས་དེའི་རྣམ་པ་ལྟ་བུའི་སེམས་ཀྱི་
བྱང་ཆུབ་རྣམ་པར་སྤྱད་པའི་སེམས་སྐྱེད་ཅིག་ཅེས་བྱ་བའི་དོན་ཏོ། །འདིས་ནི་བཞི་པ་དང་། ལྔ་པ་དང་། དྲུག་པ་ཡང་བསལ་ཏེ། འདི་ལྟར་འདིར་དམིགས་པ་རྣམ་པ་གསུམ་གྱིས་བསྒྲུབས་པའི་སྐུ་ནི་བྱང་ཆུབ་ཡིན་ལ། དེ་ལ་རྣམ་པར་སྤྱད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་
ཞེས་བྱ་བར་འདོད་པས་ལུས་ལ་དམིགས་པའི་སེམས་དང་ངག་གི་རྣམ་པ་དང་རྣམ་པར་སྤྱད་པའི་རང་བཞིན་དག་ཡིན་པའི་ཕྱིར་སྐུ་དང་གསུང་དང་ཐུགས་ཉིད་དོ། །ཡང་ན་བྱང་ཆུབ་དེ་ཉིད་སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུའི་མཚན་ཉིད་པས་སྐུ་དང་གསུང་དང་ཐུགས་ཡིན་ལ།
བྱང་ཆུབ་དེ་ལ་རྣམ་པར་སྤྱད་པའི་སེམས་ཀྱང་སྐུ་དང་གསུང་དང་ཐུགས་ཞེས་བྱའོ། །དེའི་ཕྱིར་རྣམ་པར་རྟོག་པ་བཞི་པ་བསལ་ཏོ། །སྔགས་ལས་སྐྱེས་པའི་སྐུ་ལ་བྱང་ཆུབ་སེམས་ཞེས་བྱ་བ་ནི་བྱང་ཆུབ་ཉིད་ཡིན་གྱི་སེམས་སུ་ནི་མི་འགྱུར་རོ་ཞེས་བྱ་བ་དང་ལུས་ཀྱི་སེམས་ལ་སྐུ་དང་།
Vol. 40 · folio 232a
གསུང་དང་། ཐུགས་སུ་འགྱུར་རོ་ཞེས་བྱ་བ་གཉི་ག་ཡང་མི་འདོད་པས་དེར་ཐར་བར་འགྱུར་བ་མེད་པས་རྣམ་པར་རྟོག་པ་ལྔ་པ་དང་དྲུག་པ་ཡང་བསལ་ཏོ། །དེ་ནས་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་འོག་ཏུའོ། །དེ་དག་ཅེས་བྱ་བ་ནི་གང་གི་སྔོན་དུ་རྣམ་པར་རྟོག་པ་སྐྱེས་པ་རྣམས་སོ། །
བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཡོད་པ་ནི་བྱང་ཆུབ་སེམས་དཔའ་སྟེ་སྙིང་གའི་ཟླ་བ་དང་མཚན་མའི་དབུས་སུ་སྔགས་ཀྱི་རྣམ་པའི་སེམས་བསྐྱེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྔགས་ཀྱི་ལྷ་ཐམས་ཅད་དོ། །དེ་རྣམས་ཀྱི་སྐུ་ལ་སོགས་པའི་
ནམ་མཁའ་ནི་སྐུ་ལ་སོགས་པའི་མི་དམིགས་པའོ། །དེ་རྣམས་དང་དེ་ལྟ་བུ་ཞེས་ཟླས་ཕྱེ་ལ་འཁོར་ལོས་སྒྱུར་བའི་སྐུ་བསྡུ་བའོ། །དེ་དག་གི་སྦྱོར་བ་ནི་སྙིང་གའི་མཚན་མར་ཆུད་པའི་སེམས་ལ་དམིགས་པ་གསུམ་གྱི་སྦྱོར་བའོ། །ཆེད་དུ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་དུ་བཟང་པོ་
ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ཀྱི་བདག་ཉིད་ཀྱི་སེམས་སོ། །སྐུ་ལ་སོགས་པའི་རྡོ་རྗེ་ནི་དམིགས་སུ་མེད་པ་སྟེ་དེ་དང་ལྡན་པས་རྡོ་རྗེ་ཅན་ནོ། །སྐྱེ་བ་མེད་པའི་སྦྱོར་བ་ནི་སྐྱེ་བ་མེད་པའི་རྣམ་པར་སེམས་པའི་བྱ་བས་སྦྱོར་བའོ། །རབ་ཏུ་བསྒྲགས་པ་ཞེས་བྱ་བ་ནི་ཚིགས་སུ་བཅད་པས་
རྣམ་པར་དཔྱོད་པའོ། །དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཐུན་མོང་དུ་རྣམ་པར་དཔྱོད་པའོ། །བྱང་ཆུབ་སེམས་ཀྱི་ཐུན་མོང་གི་མཚན་ཉིད་བསྟན་ནས། རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་དྲུག་ཅར་ལ་
ཡང་དང་པོའི་རྡོ་རྗེའི་སྒྲས་ནི་མཚན་མའི་དོན་ཏོ། །གཉིས་པ་ནི་མི་ཕྱེད་པའི་དོན་ཏོ། །གསུམ་པ་ནི་ཏིང་ངེ་འཛིན་གྱི་དོན་ཏོ། །གཤེགས་པའི་སྒྲ་དང་པོ་རྣམས་ནི་སྔགས་ཀྱི་ཚིག་སྟེ་སངས་རྒྱས་ཞེས་བྱ་བའི་སྒྲ་བཞིན་དེ་ཁོ་ན་ཉིད་རྟོགས་པའོ། །དྲུག་ཅར་ལ་ཡང་བཅོམ་ལྡན་
འདས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དེ་ལ་དང་པོར་རྡོ་རྗེ་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་རྡོ་རྗེ་འཛིན་པའོ། །དེའི་རྡོ་རྗེ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ།
Vol. 40 · folio 232b
སྙིང་གའི་ཟླ་བར་པདྨ་རཱ་ག་ལྟར་དམར་བའི་སྦྱོར་བས་སོ། །དེ་བཞིན་ཞེས་བྱ་བ་ནི་དེའི་རྡོ་རྗེ་ཇི་ལྟ་བ་དེ་བཞིན་དུ་གཤེགས་ཤིང་རྟོགས་པའི་སྔགས་འདི་ལ་ཡོད་པས་དེ་བཞིན་གཤེགས་པ་སྟེ་མཚན་མའི་དབུས་སུ་དེ་བཞིན་གཤེགས་པའི་སྔགས་བཀོད་པའོ། །སྔགས་དེ་ཡང་ཡི་གེ་ཧཱུྃ་
དཀར་བ་དང་བསིལ་བ་དང་སྙན་པའི་སྒྲ་དང་ལྡན་པ་དེ་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་ཙམ་ཡིན་པས་ཡི་གེ་གསུམ་སྟེ་ཤེས་བྱ་དང་ཤེས་པ་བསྡུས་ཏེ་གནས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་
ཀྱི་མངོན་པར་བྱང་ཆུབ་པའི་ཚུལ་དེ་ཁོ་ན་ཉིད་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་འཛིན་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའི་སྙོམས་པར་ཞུགས་པ་ནི་དམིགས་པ་གསུམ་
གྱིས་མངོན་དུ་བྱས་པ་སྟེ། སྔགས་ཀྱི་རྣམ་པའི་སེམས་དེ་ལས་ཀུན་དུ་འོད་ཟེར་སྤྲོས་པ་ནི་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཏོ། །འོད་ཟེར་དེ་ཉིད་ཀྱིས་ཕྱོགས་བཅུར་ཀུན་དུ་ཁྱབ་པར་བཞུགས་པའི་སྔགས་ཀྱི་ལྷ་རྣམས་ཀྱི་བཀོད་པ་མཐོང་བ་ནི་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་རྣམས་དེས་
བསྡུས་ནས་སེམས་ཀྱི་ནང་དུ་བཅུག་པ་ནི་སྔགས་ལ་དམིགས་པ་སྟེ། དེ་ཁོ་ན་ཉིད་ཕྱོགས་གཅིག་པའི་ཏིང་ངེ་འཛིན་ཏོ། །གཟུང་བ་མེད་པར་ཤེས་ནས་དེ་ལ་འཛིན་པ་ཡང་མེད་པར་ཤེས་པ་ནི་སེམས་ལས་དམིགས་པ་ཞེས་བྱ་བ་བར་ཆད་མེད་པའི་ཏིང་ངེ་འཛིན་ཏེ་འཇིག་རྟེན་ལས་འདས་
པའི་སེམས་སྐྱེ་བ་ལ་བར་དུ་གཅོད་པར་ནུས་པ་ནི་བར་ཆད་དེ་དེ་འདི་ལ་མེད་པས་ན་བར་ཆད་མེད་པའོ། །དེ་ནས་ངག་གི་བདག་ཉིད་ཀྱིས་སྔགས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པའི་སྐུར་བསྐྱེད་པ་ནི་ངག་ལ་དམིགས་པའོ། །དེ་ལྟར་དམིགས་པ་གསུམ་གྱིས་རྡོ་རྗེ་འཛིན་པ་ལ་དམིགས་
པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བྱང་ཆུབ་ཀྱི་སེམས་འདི་ཞེས་བྱ་བ་ལ་ངག་ལ་དམིགས་པའི་རྡོ་རྗེ་འཛིན་པ་ནི་བྱང་ཆུབ་ཡིན་ལ། དེ་ལ་ཉེ་བར་སྤྱོད་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །དངོས་པོ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་མེད་པ་ནི་ཆོས་ཀྱི་དབྱིངས་ཀྱི་
Vol. 40 · folio 233a
ཡུལ་ལོ། །བསྒོམ་པ་མེད་ཅེས་བྱ་བ་ལ་བསྒོམ་པ་ནི་དགའ་མ་རྣམས་ཀྱི་འཇུག་པ་སྟེ་དེ་མེད་པ་ནི་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །བསྒོམ་པར་བྱ་ཞེས་བྱ་བ་ནི་དགའ་མ་རྣམས་ཏེ་དེ་དག་ཀྱང་དེ་ལ་བསྒོམ་པ་མ་ཡིན་ཏེ་དེ་དག་ནི་དེའི་ཡུལ་ཅན་དུ་མེད་པའི་ཕྱིར་རོ། །
འདི་ལྟར་དེ་རྣམས་ནི་མངོན་པར་བརྗོད་པས་རོ་ཐ་དད་པ་ཡིན་ལ་དེའི་བརྗོད་དུ་མེད་པས་རོ་གཅིག་པའི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་བསྒོམ་པར་བྱ་བ་བསྒོམ་པ་མིན་པ་དང་། དེ་རྣམས་དེར་རོ་གཅིག་ཏུ་གྱུར་པའི་བདེ་བའི་རང་བཞིན་ནི་དེ་ཉམས་སུ་མྱོང་བ་ཡིན་པ་དེའི་ཕྱིར་དངོས་
པོ་བསྒོམ་པ་མིན་པ་དང་། བདེ་བ་ཆེན་པོའི་སེམས་བསྐྱེད་པ་དོན་དམ་པར་མ་སྐྱེས་པ་དང་བསྒོམས་པས་རྙེད་པ་མ་ཡིན་ཞིང་དམིགས་པར་གྱུར་པ་མ་ཡིན་ཏེ། བསྒོམ་པ་ཡང་དེར་བཀག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཉིད་ཀྱི་བྱང་ཆུབ་རྣམ་པར་དཔྱད་པ་སྟེ། བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ནི་ཏིང་ངེ་འཛིན་ཏེ་དེ་ལ་སྙོམས་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ཞེས་བྱ་བ་ནི་སྙོམས་པར་ཞུགས་པ་ཡིན་ལ་གཤེགས་པ་ཞེས་བྱ་བ་ནི་འཁོར་
རྣམས་ཀྱིས་དེ་བཞིན་དུ་རྟོགས་པའོ། །འདིར་ཚིགས་སུ་བཅད་པ་ནི། །དགའ་མ་རྣམས་ནི་བསྡུས་པ་ཡིས། །ཆོས་དབྱིངས་ཉམས་སུ་མྱོང་བ་བདེ། །དེ་ནི་སྐྱེ་མེད་རྙེད་མེད་དུ། །རྡོར་འཛིན་ཚིགས་སུ་བཅད་པ་ཤེས། །རྣམ་པར་སྣང་མཛད་ཀྱིས་གསུངས་པ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་བཤད་པ་ནི་རྡོ་རྗེ་འཛིན་གྱི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བྱེ་བྲག་ཏུ་གྱུར་པ་རྣམས་འདིར་བཤད་པར་བྱ་སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀའི་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་མཚན་མའི་ནང་དུ་རབ་
སྔགས་བཀོད་དེ། དེ་ཡང་གདོད་མ་ནས་མ་སྐྱེས་པའི་སྟོང་པ་ཉིད་ཀྱི་རང་བཞིན་གྱི་དོན་དུ་ཡི་གེ་གསུམ་པོ་འདིས་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མངོན་པར་རྟོགས་པ་ནི་མ་ལུས་པར་ཡང་དག་པར་ཐུགས་སུ་ཆུད་པ་སྟེ་བྱང་ཆུབ་ལས་མ་གཏོགས་པ་མེད་པས་མ་
Vol. 40 · folio 233b
ལུས་པར་ཐུགས་སུ་ཆུད་པ་ཡིན་ལ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་ཡང་དག་པ་སྟེ། གདོད་ནས་སྐྱེ་བ་མེད་པས་སོ། །དེས་ན་གདོད་ནས་སྐྱེ་བ་མེད་པས་སྟོང་པ་ཉིད་ཀྱི་རང་བཞིན་གྱི་ཡེ་ཤེས་ཙམ་ཞེས་བྱ་བའི་དོན་ཏོ། །རྣམ་པར་སྣང་མཛད་ཅེས་བྱ་བའི་བར་དུའོ། །དངོས་པོ་ཐམས་ཅད་ཅེས་
བྱ་བ་ལ་སོགས་པ་ལ་ཚིགས་སུ་བཅད་པ་འདི་ནི་རྐང་པ་དྲུག་པ་སྟེ། ཡི་གེ་བདུན་དང་བདུན་དང་བརྒྱད་དང་དགུ་དང་བརྒྱད་དང་དྲུག་གི་ཚིག་དག་གོ། །དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་ཕྱི་རོལ་གྱི་སྔགས་ཀྱི་ལྷ་རྣམས་སོ། །བྲལ་བ་ནི་མི་ལྡན་པའོ། །བསྟན་པ་འདིའི་ཉེ་བར་བཤད་པ་ནི་ཕུང་པོ་ཞེས་བྱ་
བ་ལ་སོགས་པ་ཡིན་ཏེ་ཕུང་པོ་ནི་སངས་རྒྱས་ལྔ་རྣམས་སོ། །ཁམས་ནི་སྤྱན་མ་ལ་སོགས་པ་ལྔའོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ་སའི་སྙིང་པོ་ལ་སོགས་པ་རྣམས་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་སོ། །མདོར་བསྡུས་ན་གཟུང་བ་ནི་གཟུགས་ཀྱི་ཕུང་པོའོ། །འཛིན་པ་ནི་ཚོར་བའི་ཕུང་པོ་ལ་
སོགས་པའོ། །རྣམ་པར་སྤངས་པ་ནི་རང་རིག་པ་ཙམ་གྱི་ཕྱིར་ཏེ་ཕུང་པོ་ལ་སོགས་པ་དེ་རྣམས་རང་གི་སེམས་ཡིན་པས་སོ། །གཉིས་ཀྱིས་སྟོང་པ་འདི་ལ་ཡོད་པས་ན་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་སྟོང་པ་ཉིད་ཀྱིས་ན་གདོད་མ་ཉིད་ནས་མ་སྐྱེས་པ་སྟེ་སྐྱེས་ནས་འགོག་པ་མ་ཡིན་པས་གདོད་ནས་སྐྱེ་བ་མེད་པ་
ཉིད་དོ། །ཆོས་བདག་མེད་པར་མཉམ་ཉིད་པ། །ཞེས་ཆོས་རྣམས་ནི་གཟུང་བ་དང་འཛིན་པ་རྣམས་སོ། །དེ་རྣམས་མེད་པ་ནི་བདག་མེད་པ་སྟེ། དུས་གསུམ་མཉམ་པ་ཉིད་དོ། །འདིར་ཚིགས་སུ་བཅད་པ་ནི། །སངས་རྒྱས་འཁོར་ལོ་འདིར་དོན་མེད། །དེ་རྣམས་སྟོང་པ་ཉིད་ཀྱི་བདག །གདོད་
ནས་སྐྱེ་མེད་ཉིད་ཡིན་ཞེས། །བརྟག་པའི་ཚིགས་སུ་བཅད་པ་ཤེས། །མི་བསྐྱོད་པ་ཡིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་བསྐྱོད་པའི་སྙིང་གར་ཉི་མ་ལ་མཚན་མ་རྡོ་རྗེ་ནག་པོ་ཡིད་ཙམ་གདེངས་པོར་འདུག་པའི་དབུས་སུ་དེའི་སྔགས་ཡི་གེ་ཧཱུྃ་ཁ་དོག་ནག་པོ་རེག་བྱ་ཚ་བ་སྐྲ་རྩུབ་མོ། །གཟུང་
བ་དང་འཛིན་པའི་སྟོང་པ་ཉིད་ཀྱི་ཡིད་ཡིན་པས་ཡི་གེ་གསུམ་པོ་འདི་ནི་ཤེས་བྱ་དང་ཤེས་པ་ཉེ་བར་བསྡུས་པས་རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མི་ཟད་པ་ཞེས་བྱ་བ་ནི་བསྡུས་པའི་མཐར་ཐུག་པར་བསམ་གཏན་ལྔ་པ་སྟེ་མི་བསྐྱོད་པ་ཞེས་བྱ་བའི་དོན་ཏོ། །དངོས་
Vol. 40 · folio 234a
པོ་འདི་རྣམས་ཞེས་བྱ་བ་ནི་མཐའ་ཡས་པའི་སྔགས་ཀྱི་ལྷ་རྣམས་ཀྱི་མ་སྐྱེས་པ་ཞེས་བྱ་བ་ནི་མཉམ་པར་གཞག་པའི་སེམས་ལ་མཐའ་ཡས་པའི་སྐྱེ་བ་མེད་པས་རྒྱ་ཆེ་བ་དང་བྲལ་ཏེ་བསྡུས་པས་སོ། །དེ་ལྟ་ན་ནི་ཆོས་དང་ཆོས་ཉིད་དུ་འགྱུར་ཏེ། སེམས་འཛིན་པས་ན་ཆོས་ཏེ་ཞི་གནས་སོ། །ཆོས་ཉིད་ཀྱི་
རྣམ་པ་དང་ལྡན་པས་ན་ཆོས་ཉིད་དེ་ལྷག་མཐོང་ངོ་། །དེ་དག་ཀྱང་བཟློག་པར་བྱ་སྟེ་དེ་ལ་ཆོས་གསུམ་པོ་བསམ་གཏན་དང་པོ་དང་། ཆོས་བཞི་པོ་བསམ་གཏན་གཉིས་པ་དང་ཆོས་ཉིད་བཞི་སྟེ་བསམ་གཏན་གསུམ་པོ་དག་གོ། །དེ་བས་ན་ཆོས་ཉིད་མེད་པ་ཞེས་བཟློག་པར་སྦྱོར་རོ། །ཆོས་ཉིད་ནི་དེ་དག་བསྡུས་པའི་སྔགས་ཀྱི་ཐིག་ལེ་
བསམ་གཏན་བཞི་པའོ། །ཆོས་དང་ཆོས་ཉིད་དེ་དག་མེད་པ་ནི་དེ་བསྡུས་པའི་སེམས་ཀྱི་ཐིག་ལེ་དང་སྔགས་ཀྱི་ཐིག་ལེ་གཅིག་ཏུ་གྱུར་པའི་བསམ་གཏན་ལྔ་པའོ། །ནམ་མཁའ་ལྟ་བུར་བདག་མེད་པ་ནི་སེམས་ཟད་པས་ནམ་མཁའ་ལྟ་བུའོ། །བྱང་ཆུབ་ཚུལ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ལ་རྣམ་པར་དཔྱད་པའོ། །བརྟན་པ་ནི་མི་ཕྱེད་པའོ། །
འདིར་ཚིགས་སུ་བཅད་པ་ནི། ཆོས་དང་བློ་ནི་མདོར་བསྡུས་པ། །མཁའ་དང་ནམ་མཁའ་གཉིས་སུ་མེད། །འདི་ནི་གསང་ཟད་ཟབ་མོ་སྟེ། །མི་བསྐྱོད་ཚིགས་སུ་བཅད་པས་ཤེས། །རིན་ཆེན་འབྱུང་ལྡན་གྱིས་གསུངས་པ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་དང་པོར་ཡང་རིན་ཆེན་དཔལ་གྱི་སྒྲའི་མཐར་རྡོ་རྗེའི་སྒྲ་ལྟ་
བུའོ། །ཇི་སྟེ་རྡོ་རྗེའི་སྒྲ་མེད་ན་ཡང་རིན་ཆེན་གྱི་སྒྲས་རིན་ཆེན་འབྱུང་ལྡན་བསྟན་ལ། དཔལ་གྱི་སྒྲས་མཚན་མ་བསྟན་ཏེ་སྙིང་གའི་ཉི་མ་ལ་ནོར་བུ་རིན་པོ་ཆེ་ལྗང་གུ་ཟུར་དགུ་པ་དེའི་དབུས་སུ་ཡི་གེ་སྭཱའི་སྔགས་ཏེ། ཐམས་ཅད་ཅེས་བྱ་བ་སྐུ་ཕྲ་མོ་དང་རྡོ་རྗེ་ཞེས་བྱ་བ་ཐུགས་ཕྲ་མོ་དང་དོན་གྱི་རྗེས་སུ་འགྲོ་བའི་གསུང་
ཕྲ་མོ་སྟེ། དེ་རྣམས་རོ་གཅིག་པར་གྱུར་པའི་བསྡུས་པའི་དོན་ནི་ཡི་གེ་གསུམ་མོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མེད་པ་ནི་རང་དང་སྤྱིའི་མཚན་ཉིད་མེད་པ་སྟེ་དེ་ལ་རང་གི་མཚན་ཉིད་ཕྲ་མོ་རྣམ་པ་གསུམ་མོ། །སྤྱིའི་མཚན་ཉིད་ནི་དེ་དག་བསྡུས་པའོ། །དེ་དག་མེད་པ་ནི་རོ་གཅིག་ཏུ་གྱུར་པ་སྟེ་རིན་
ཆེན་འབྱུང་ལྡན་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ཐམས་ཅད་ནི་མཐའ་ཡས་པའི་སྔགས་ཀྱི་ལྷ་རྣམས་སོ། །དེ་རྣམས་ནི་དངོས་པོ་མེད་པ་ཉིད་དེ་ཆོས་ཀྱི་མཚན་ཉིད་རྣམ་པར་སྤངས་པ་སྟེ་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དང་བྲལ་བའི་ཕྱིར་རོ། །ཆོས་བདག་
Vol. 40 · folio 234b
མེད་པ་ནི་ཕྲ་མོ་རྣམ་པ་གསུམ་མོ། །ཀུན་ཏུ་འབྱུང་བ་གཅིག་ཏུ་གྱུར་པའོ། །འདིར་ཚིགས་སུ་བཅད་པ་ནི། སྔགས་ཀྱི་ལྷ་རྣམས་རང་དང་ནི། །སྤྱི་ཡི་མཚན་ཉིད་ཡོངས་སུ་ཟད། །རིན་ཆེན་གསང་གསུམ་དམ་ཚིག་སྟེ། །རིག་འཛིན་ཚིགས་སུ་བཅད་པས་ཤེས། །སྣང་བ་མཐའ་ཡས་ཀྱིས་གསུངས་པ། །
དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་སྣང་བ་མཐའ་ཡས་ཀྱི་མཚན་མ་དམར་པོ་འདབ་མ་བརྒྱད་ཀྱི་དབུས་སུ་སྔགས་ཡི་གེ་ཨཱཿདགོད་དེ་ཐ་སྙད་ནམ་མཁའ་ལྟ་བུ་ཉིད་ནི་ཡི་གེ་གཉིས་ཀྱི་དོན་ཡིན་ནོ། །ཡེ་ཤེས་ནི་སྔགས་ཐམས་ཅད་དོ། །དེའི་འབར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རིན་པོ་ཆེའོ། །སྒྲོན་
མ་ནི་དེ་ལ་སོ་སོར་རྟོག་པ་སྟེ་སྣང་བ་མཐའ་ཡས་ཞེས་བྱ་བའི་དོན་ཏོ། །མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་རྣམས་ནི་སྔགས་ཐམས་ཅད་ཀྱི་གསང་བ་རྣམས་ཏེ་ནམ་མཁའ་དང་འདྲ་བ་མ་སྐྱེས་པའོ། །ངོ་བོ་མེད་དེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ་མཚོན་པར་བྱ་བའོ། །བསྒོམ་པ་མེད་ཅེས་བྱ་བ་ནི་དེའི་བསྒོམ་པའང་
མེད་དེ། མཚོན་པར་བྱ་བའི་ཕྱིར་རོ། །ནམ་མཁའི་གནས་སུ་སྦྱར་བ་ཡིས། །ཞེས་བྱ་བ་ལ་གསུམ་པོ་བསྡུས་པ་ནི་ནམ་མཁའ་ཡིན་ལ་བཞི་པོ་ཉེ་བར་བསྡུས་པ་ནི་གནས་དེ་དག་གི་སྦྱོར་བའོ། །དེ་ལྟར་ཞེས་པ་ནི་དེའི་ཕྱིར་ཞེས་པ་སྟེ་དངོས་པོ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །རབ་ཏུ་བསྒྲགས་ཞེས་བྱ་བ་ནི་སོ་
སོར་རྟོག་པའོ། །འདིར་ཚིགས་སུ་བཅད་པ་ནི། སྔགས་རྣམས་གསང་བ་མཁའ་ཡིན་པས། །མཚན་བྱ་མཚན་ཉིད་ག་ལ་ཡོད། །དེ་ལྟར་ཐ་སྙད་མཁར་བསྡུས་པས། །ངག་བདག་ཚིགས་སུ་བཅད་པས་ཤེས། །དོན་ཡོད་གྲུབ་པས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདིའི་འབྲས་བུ་དང་བཅས་པས་ན་དོན་
ཡོད་གྲུབ་པའོ། །དེའི་སྙིང་གར་ཉི་མ་ལ་མཚན་མ་རལ་གྲིའི་དབུས་སུ་གནས་པ་སྔགས་ཀྱི་ཡི་གེ་ཧཱ་བཀོད་པ་སྟེ་མགྱོགས་པར་འགྲོ་བ་དང་མི་གཡོ་བ་ནི་ཡི་གེ་གཉིས་ཀྱི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཟིལ་གྱིས་མནན་པ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པ་སྟེ། དོན་ཡོད་གྲུབ་
པ་ཞེས་བྱ་བའི་དོན་ཏོ། །ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་ལ་རང་བཞིན་འོད་གསལ་བ་ནི་ཆོས་རྣམས་རང་བཞིན་གྱིས་དེ་བཞིན་ཉིད་དེ་དེ་དྲི་མ་མེད་ཅིང་འོད་གསལ་བ་ཞེས་བྱ་བའི་དོན་ཏོ། །གདོད་ནས་ཞེས་བྱ་བ་ནི་དེ་ཉིད་གདོད་ནས་དག་པ་ཡིན་གྱི་གཉེན་པོའི་མཐུས་ཕྱིས་དག་པ་ནི་མ་ཡིན་ནོ། །ནམ་མཁའ་བཞིན་
Vol. 40 · folio 235a
ཞེས་བྱ་བ་ནི་འཁྲུལ་པའི་དྲི་མ་རྣམས་དེའི་རང་བཞིན་མ་ཡིན་ཏེ་གློ་བུར་བ་ཡིན་པའི་ཕྱིར་རོ། །རང་བཞིན་རྣམ་པར་དག་པ་སྟེ་ཇི་ལྟར་ནམ་མཁའ་དུད་པ་དང་ཁུག་རྣ་དང་རྡུལ་དང་སྤྲིན་ལ་སོགས་པའི་རང་བཞིན་མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱིས་ན་བྱང་ཆུབ་མེད་པ་སྟེ་དོན་དམ་པར་དེ་
རྣམས་སྦྱངས་པས་དག་པ་མ་ཡིན་པའི་ཕྱིར་རོ། །མངོན་པར་རྟོགས་པ་མེད་པ་ནི་དག་པར་བྱེད་པའི་ལམ་གྱི་འབྲས་བུ་མ་ཡིན་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི། འཇིག་རྟེན་རང་བཞིན་འོད་གསལ་བས། །ཐམས་ཅད་དུ་ནི་སངས་རྒྱས་དངོས། །བྱང་ཆུབ་མེད་ཅིང་ལམ་ཡང་མེད། །ཐོགས་
མེད་ཚིགས་སུ་བཅད་པས་ཤེས། །འདིར་བསྡུ་བའི་ཚིགས་སུ་བཅད་པར་གྱུར་པ་ནི། དང་པོའི་སྙིང་སྔགས་ལྷག་མོས་གནས། །དམིགས་པ་རྣམས་ཀྱིས་མངོན་དུ་བྱ། །ལུས་ཀྱི་ཕྱག་རྒྱ་དེ་ཉིད་གང་། །ཚིགས་བཅད་རྣམས་ཀྱིས་དེ་དཔྱད་བྱ། །ཕྱག་རྒྱ་ཆེ་དང་ཚིགས་བཅད་རྣམས། །བྱང་
ཆུབ་རགས་པའི་རྣམ་དཔྱད་ཡིན། །ཕྲ་མོ་གནས་དང་ས་བོན་ནི། །བྱང་ཆུབ་ཕྲ་མོའི་རྣམ་དཔྱད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་ཆོས་ཉིད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡི་གེ་རྣམས་ཐོབ་ནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་འཁོར་
ལོས་སྒྱུར་བ་དྲུག་གོ། །དེ་རྣམས་ཀྱི་སྐུ་ལ་སོགས་པའི་གསང་བ་སྟེ་དེ་ལ་དམིགས་པ་གསུམ་གྱིས་བསྒྲུབས་པའི་སྐུ་ནི་སྐུའི་གསང་བའོ། །སྔགས་ནི་གསུང་གི་གསང་བའོ། །སྔགས་ཀྱི་རྣམ་པ་ལ་དམིགས་པའི་སེམས་ནི་ཐུགས་ཀྱི་གསང་བའོ། །དེ་གསལ་བར་བྱེད་པའི་སྐུར་བསྟན་པ་ནི་
དེའི་ཆོས་སོ། །དེའི་དེ་ཁོ་ན་ཉིད་ཀྱི་ཡི་གེ་ནི་དེ་དག་སྟོན་པར་བྱེད་པའི་ཚིགས་སུ་བཅད་པའི་ཡི་གེ་སྟེ། ཐོས་པ་ནི་ངེས་པར་བཟུང་བའོ། །ངོ་མཚར་དུ་གྱུར་པ་ནི་མངོན་པར་རྟོགས་པ་ལའོ། །རྨད་དུ་གྱུར་པ་ནི་བྱང་ཆུབ་རྣམ་པར་བཅད་པའི་ཚིགས་སུ་བཅད་པ་ལའོ། །ཨེ་མའོ་སངས་རྒྱས་ཞེས་བྱ་བ་ནི་སྐུའི་གསང་
བའོ། །ཨེ་མ་ཧོ་ཆོས་ཞེས་བྱ་བ་ནི་གསུང་དང་ཐུགས་ཀྱི་གསང་བ་དབྱེར་མེད་པ་བསྟན་པ་སྟེ། གང་གི་ཕྱིར་འདིར་ལམ་གྱི་ཆོས་ཡིན་པས་ནའོ། །དེ་ཡང་གསུང་དང་ཐུགས་ཀྱི་གསང་བའོ། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཞེས་བྱ་བ་ཆོས་ནི་བྱང་ཆུབ་སྟེ་ཆོས་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་
Vol. 40 · folio 235b
བཤད་པ་ནི་བྱང་ཆུབ་ཀྱིས་མིས་ཚིགས་སུ་བཅད་པའོ། །དེ་བས་ན་གོ་རིམས་ཇི་ལྟ་བ་བཞིན་དུ་ངག་དང་དེ་ཉིད་དོན་དག་དོན་ཏེ། སྐུའི་གསང་བ་ནི་མིང་དང་མཚན་མའི་དྲི་མ་ནུབ་པ་ཡིན་པ་དང་ལམ་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡིན་པ་དང་ཚིགས་སུ་བཅད་པ་ནི་ཡང་དག་པར་རྟོགས་པར་བརྗོད་པའི་ཕྱིར་རོ། །སྐུའི་གསང་
བ་ལ་བསྟོད་པ་གསུངས་པ། བདག་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་བདག་མེད་པ་ལ་དམིགས་པའི་ལམ་ལ་དེ་སྐད་ཅེས་བྱའོ། །བྱུང་བ་ནི་དེ་ལས་སྐྱེས་པ་སྟེ་རྣམ་པར་རྟོག་པ་དང་བཅས་པའི་མི་དམིགས་པའི་ལམ་གྱིས་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པ་མ་ཡིན་པས། སངས་རྒྱས་བྱང་ཆུབ་རྫོགས་མཛད་
པ། །རྣམ་པར་མི་རྟོག་དམིགས་སུ་མེད། །ཅེས་བྱ་བ་གསུངས་སོ། །སྐུའི་གསང་བ་ནི་རྣམ་པར་མི་རྟོག་པ་དང་མི་དམིགས་པས་རྫོགས་པ་ཡིན་པའི་ཕྱིར་རོ། །གསུང་གི་གསང་བ་ལ་བསྟོད་པ་གསུངས་པ། ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལ་འདི་ཉིད་ནི་ཀུན་དུ་བཟང་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་
ས་བོན་དུ་གྱུར་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་དེ་ཉིད་ཀྱི་དོན་ཏེ་འདིའི་དོན་ཡིན་པས་ན་ཐམས་ཅད་དོན་ནོ། །ཟླ་བ་རྡོ་རྗེའི་སྦྱོར་བས་ས་བོན་བསྐྱེད་པ་ནི་བྱང་ཆུབ་སེམས་ཀྱི་འཇུག་པའོ། །དེ་ལས་སྒྲིབ་པ་ཐམས་ཅད་འཇོམས་པ་ནི་བྱང་ཆུབ་རྟོགས་པ་སྟེ་དེ་ཉིད་ཀྱི་ཕྱིར་གསུངས་པ། བྱང་ཆུབ་སེམས་
ནི་རབ་བསྐོར་བ། །བྱང་ཆུབ་སྤྱོད་པ་རྡོ་རྗེ་ཆེ། །ཞེས་སོ། །ཐུགས་ཀྱི་གསང་བ་ལ་བསྟོད་པ་གསུངས་པ། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་ཐུགས་ནི་དེ་བཞིན་ཉིད་རྟོགས་པས་གསལ་བ་ཙམ་སྟེ་དུས་གསུམ་གྱི་སངས་རྒྱས་ཀྱི་ཞེས་བྱ་བ་དང་འབྲེལ་ཏོ། །དག་པ་ནི་རང་བཞིན་ཏེ་དྲི་མ་རྣམས་གློ་བུར་བ་ཡིན་
པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བའི་ས་བོན་དང་བཅས་པའོ། །གཟུང་བ་རྣམས་ཐིམ་པས་ན་སྐུ་འཛིན་པའོ། །འཛིན་པ་རྣམས་ཐིམ་པས་ན་ཐུགས་འཛིན་པའོ། །གསུང་ཐིམ་པས་ན་གསུང་འཛིན་པའོ། །རྡོ་རྗེ་ཅན་དུ་གྱུར་པས་ན་རྡོ་རྗེ་འཛིན་པའོ། །དེ་ལྟ་བུའི་མངོན་པར་
རྟོགས་པའི་བྱང་ཆུབ་ཚིགས་སུ་བཅད་པས་སྟོན་པར་མཛད་པ་ན་སངས་རྒྱས་བྱང་ཆུབ་རབ་སྟོན་པའོ། །དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་ཀྱི་གནས་སྐབས་ཡིན་པས་དེ་བས་ན་ཚིགས་སུ་བཅད་པ་བཞི་ཆར་ལ་ཡང་བྱང་ཆུབ་སེམས་ཀྱི་སྒྲ་སྦྱར་བ་ཡིན་ནོ། །ཇི་སྟེ་གང་ཡང་ཐེག་པ་
Vol. 40 · folio 236a
ཆེན་པོ་དག་ལས་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་མཚན་མ་མེད་པ་དང་དོན་དམ་པ་དང་ཆོས་ཀྱི་དབྱིངས་དང་ཆོས་ཉིད་ལ་སོགས་པའི་སྒྲ་འདི་དག་གིས་བརྗོད་པའི་དོན་གང་ཡིན་ཞེ་ན། སྟོང་པ་ཉིད་ཡིན་ནོ། །དེ་ནི་འགྱུར་བ་མེད་པས་དེ་བཞིན་ཉིད་དུ་བརྗོད་དོ། །ཟས་སུ་ཆུ་ཟའོ་ཞེས་
བྱ་བ་དེ་བཞིན་དུ་དེ་བཞིན་གྱི་སྒྲས་ངེས་པར་གཟུང་བ་སྟོན་པས་རྟག་ཏུ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པ་ནི་དེ་ཁོ་ན་ཡིན་ཏེ་དེ་བཞིན་ཉིད་དོ། །མཐའ་ནི་མཆོག་སྟེ་དེ་ལས་ལྷག་པར་གྱུར་པའི་དེ་ཁོ་ན་གཞན་མེད་པས་འདི་ལ་ཡང་དག་པའི་མཐའ་ཞེས་བརྗོད་དོ། །མི་བདེན་པར་སྣང་བ་འཁྲུལ་པ་
ཡིན་ལ་དེ་ལ་གང་སྣང་བ་དེ་ནི་དེའི་མཚན་མ་ཡིན་ཏེ་དེས་ཡུལ་དུ་བྱས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་མཚན་མ་མེད་པ་སྟེ་འཁྲུལ་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་ནི་མཚན་མ་མེད་པ་ཞེས་བརྗོད་དོ། །དམ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། འདི་དེའི་ཡུལ་ཡིན་པའི་ཕྱིར་འདི་ལ་དོན་དམ་
པ་ཞེས་བརྗོད་དོ། །ཆོས་ནི་འཕགས་པ་རྣམས་ཀྱི་ཆོས་ཏེ། ཕུལ་དུ་བྱུང་བའི་ཕྱིར་རོ། །དེ་ཉིད་ལ་དམིགས་པས་དེ་རྣམས་སྐྱེ་བས་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་འདི་ནི་ཆོས་ཀྱི་དབྱིངས་སུ་བརྗོད་དོ། །དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཆོས་ཉིད་ཅེས་ཀྱང་བརྗོད་དོ། །དེ་ལྟར་ན་ནི་གང་
དུ་བརྟག་པའི་ཕྱིར་སེམས་ཀྱི་སྐྱེ་བ་ནི་གསལ་བར་སྣང་བ་ཙམ་ཡིན་ཏེ། དཔེར་ན་རྩིག་པ་ཞིག་པས་ནམ་མཁའ་ལ་སོགས་པའི་སྐྱེ་བ་བཞིན་ནོ་ཞེས་བྱ་བ་དེ་གང་ཞིག་ཅེ་ན་དེར་ཡང་སེམས་ཞེས་བྱ་བའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་སྟེ་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་
སོགས་པ་མདོར་བསྡུས་ཏེ་རྣམ་པར་གཞག་པ་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། སྟོང་ཉིད་ཆོས་རྣམས་ཐམས་ཅད་ཀྱི། །གཉིས་ཀྱི་སྟོང་པ་གང་ཡིན་པ་དེའོ། །གཉིས་པ་མེད་པའི་མཚན་ཉིད་པས། །དེ་ནི་ཐམས་ཅད་རོ་གཅིག་ཉིད། །སྟོང་པ་ཉིད་ཕྱིར་དངོས་པོ་འང་མིན། །དེ་རྣམས་དངོས་ཕྱིར་དངོས་མེད་
མིན། །ལུས་དངོས་ཡིན་ཕྱིར་གཞན་མ་ཡིན། །མཚན་ཉིད་ཀྱིས་ནི་གཞན་མ་མིན། །སེམས་ཀྱི་ཆོས་ཉིད་རྟག་པའི་ཕྱིར། །ནམ་མཁའི་བྱུང་བ་བཞིན་དེ་བརྗོད། །དེ་ཡི་བརྗོད་བྱས་བསྒོམས་པ་ལས། །ཉེ་བར་བརྗོད་པ་ཀུན་རྫོབ་ཡིན། །སྤྲོས་པ་མེད་པའི་ཡེ་ཤེས་ཀྱིས། །དྲི་མ་རྩ་ནས་བཏོན་གྱུར་པས། །གློ་
Vol. 40 · folio 236b
བུར་དྲི་མ་ཟད་པ་ན། །རང་བཞིན་དག་ཅེས་དག་པ་ཡིན། །གལ་ཏེ་ཕྱི་རོལ་དོན་མེད་ན། །སྔོན་པོ་ལ་སོགས་པ་འདི་དག་ཇི་ལྟར་སྣང་བར་འགྱུར་ཞེ་ན། །བག་ཆགས་ཀྱི་སྟོབས་ལས་སྐྱེས་པའི་མི་བདེན་པའི་དོན་གྱི་དོན་དུ་སྣང་སྟེ་རྨི་ལམ་གྱི་ཤེས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཇི་ལྟར་བྱིས་པས་རྣམ་
བརྟགས་པའི། །དོན་ཕྱིར་དེ་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་འགྱུར་བ་ཡིན། །ཞེས་གསུངས་ཏེ། བག་ཆགས་ཀྱིས་དཀྲུགས་པ་ནི་ཉམས་པར་བྱས་པའོ། །ཇི་སྟེ་འདི་དག་ཤེས་པ་ཉིད་ཡིན་གྱི་ཕྱི་རོལ་གྱི་དོན་མ་ཡིན་པར་ག་ལ་ཤེས་ཏེ། རྨི་ལམ་གྱི་ཤེས་
པ་ཉིད་དོན་དེ་དང་དེར་སྣང་བ་བཞིན་དུ་སད་པ་ཉིད་ན་ཡང་མ་ཡིན་ཏེ། སྔོན་པོ་ལ་སོགས་པའི་དོན་ཉིད་སྣང་བ་ཡིན་ལ་དཔེ་ཙམ་གྱི་དོན་གྲུབ་པ་མེད་དོ་ཞེ་ན། འདིར་བརྗོད་པར་བྱ་སྟེ་འདི་ལ་གསལ་བ་དང་སྣང་བ་མྱོང་བ་དང་། བེམས་པོ་མ་ཡིན་པ་དང་ལྐོག་ཏུ་གྱུར་པ་མ་ཡིན་པ་རྣམས་ནི་རྟོགས་པའི་
མཚན་ཉིད་ཡིན་ལ། སྔོན་པོ་ལ་སོགས་པ་རྣམས་ཀྱང་ཉམས་སུ་མྱོང་བ་ནི་མྱོང་བ་དེ་མ་གཏོགས་པ་མེད་དེ། དེ་བས་ན་སྔོན་པོ་ལ་སོགས་པ་ཡང་རྟོག་པའི་ངོ་བོར་གྲུབ་ལ་དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་ངོ་བོ་མ་ཡིན་པར་གྲུབ་སྟེ། བེམས་པོ་དང་སྣང་བ་དག་ལ་འགལ་བའི་ཕྱིར་རོ། །འདིར་དཔྱོད་པ་ཅན་དག་
ན་རེ་དོན་གྱི་ཆོས་གསལ་བ་ཅན་ཡིན་ཞེས་བྱ་བ་ནི་བདག་ཉིད་ཀྱིས་མྱོང་བས་བདེན་ན་དེ་ཡང་ཤེས་པས་བྱས་པ་ཡིན་གྱི་ཤེས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་བས་ན་དེ་ནི་དོན་གྱི་ཆོས་ཡིན་ལ་དེ་གསལ་བར་བྱེད་པའི་རྒྱུ་ཤེས་པ་ནི་སྐྱེས་བུའི་ཆོས་ཡིན་ནོ་ཞེས་ཟེར་ན། དེ་ཡང་མི་རིགས་ཏེ་དོན་གྱི་རང་
བཞིན་ནི་སྐྱེས་བུ་རྣམས་ཀྱི་ཐུན་མོང་མ་ཡིན་ཏེ། འདི་ལྟར་སྣམ་བུ་དམར་པོ་ཚོས་མཁན་ཉིད་ལ་དམར་པོར་སྣང་གི་གཞན་དག་ལ་དཀར་པོར་སྣང་བ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། སྐྱེས་བུ་ཐམས་ཅད་ཀྱི་དམར་པོ་ཡིན་པས་འདི་ལྟར་གང་ཞིག་གིས་དོན་གྱི་ཆོས་གསལ་བར་བྱས་པ་དེ་ཐམས་
ཅད་ཀྱིས་མཐོང་བར་འགྱུར་ཏེ་ཐམས་ཅད་ཀྱི་སྣང་བའི་ཆོས་ཡིན་པའི་ཕྱིར་རོ། །དེ་བས་ན་ཐམས་ཅད་ཀྱིས་མཐོང་བ་མེད་པ་མ་གཏོགས་པ་འབའ་ཞིག་གིས་དོན་འགའ་ཞིག་མཐོང་བ་དེ་ཐམས་ཅད་དུ་མཐོང་བར་འགྱུར་རོ། །གཞན་དག་ན་རེ་བེམས་པོ་མ་ཡིན་པ་དང་གསལ་བ་ནི་རིག་པའི་མཚན་
Vol. 40 · folio 237a
ཉིད་དེ་དེ་ཉིད་ནི་རྟོགས་པ་ཡིན་ལ། དེ་ཡང་སྐྱེས་བུའི་ཆོས་ཡིན་གྱི་ཆོས་མ་ཡིན་ཏེ། སྐྱེས་བུའི་ཤེས་པ་དེས་དོན་གྱི་ཕྱི་རོལ་དུ་རིག་ཅིང་གཟུང་བས་རྟོགས་པ་ཡིན་ནོ། །དེ་བས་ན་དོན་གསལ་བ་ཡིན་ཏེ། གསལ་བ་ནི་ཤེས་པས་གསལ་བར་བྱས་པའོ་ཞེ་ན། དེ་ཡང་
རིགས་པ་མ་ཡིན་ཏེ་འདི་ལྟར་གསལ་བའི་མཚན་ཉིད་སྔར་བཤད་པ་བཞིན་ཉམས་སུ་མྱོང་བ་ཡིན་ལ། དེ་ཡང་སྔོན་པོ་ལ་སོགས་པའི་ཆོས་མ་ཡིན། དེ་དང་གསལ་བ་མ་ཡིན་པས་གཞན་གྱིས་ཀྱང་ནུས་པ་མ་ཡིན་ཏེ་རང་གིས་གསལ་བ་མ་ཡིན་པ་ནི་གཞན་གྱིས་གསལ་བར་བྱ་བར་ནུས་པ་མ་ཡིན་ཏེ།
གསལ་བར་བྱས་པས་གསལ་བར་གྱུར་པ་དང་། གསལ་བ་མ་ཡིན་པ་ཡང་འགལ་བའི་ཕྱིར་རོ། །ཇི་སྟེ་བདག་ཉིད་ཀྱིས་མི་གསལ་བ་ཡང་གསལ་བ་པོས་གསལ་བར་བྱས་པ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ལྟ་ན་ཡང་གསལ་བར་གྱུར་པ་དོན་གྱི་ཆོས་ཉིད་དུ་འགྱུར་ཏེ། དེས་ན་དཔྱོད་པ་པའི་ལུགས་ཁས་བླངས་པ་
ཡིན་ལ་དེའི་སྐྱོན་ཡང་སྔར་བཤད་ཟིན་ཏོ། །དེ་ལྟར་ན་སྔོན་པོ་ལ་སོགས་པ་ནི་སྣང་བའི་བདག་ཉིད་ལ་སྣང་བ་ཡིན་པས་ན་གཟུང་བ་དང་འཛིན་པས་སྟོང་པའི་རྣམ་པར་ཤེས་པ་ཙམ་མོ་ཞེས་བྱ་བ་འདིས་གནས་པ་ཡིན་ནོ། །འདིར་ཚིགས་སུ་བཅད་པ་ནི། སྣང་བ་མིན་པ་སྣང་མི་འགྱུར། །གཞན་གྱིས་ཀྱང་ནི་སྣང་
མི་ནུས། །སྔོན་པོ་ལ་སོགས་སྣང་བ་སྟེ། །དེ་ཕྱིར་གཉིས་མེད་ཤེས་པ་ཡིན། །གཞན་ཡང་སྣམ་བུ་དང་རེ་ལྡེ་དང་རྩིག་པ་ལ་སོགས་པ་སྣང་བ་འདི་དག་གཅིག་གམ་དུ་མ་ཞིག་ཇི་སྟེ་གཅིག་ཡིན་ན་ཐོག་མ་དང་ཐ་མ་དང་དབུས་ཀྱི་ཆའི་བྱེ་བྲག་དམིགས་པར་མི་འགྱུར་ཏེ་བྱེ་བྲག་མེད་པ་ལ་འགལ་
བའི་ཕྱིར་རོ། །དེ་ལྟར་ཆ་ཤས་རྣམས་ཀྱང་སོ་སོར་གཅིག་ཏུ་མི་རུང་བས་ཆ་ཤས་མེད་པའི་རྡུལ་ཕྲ་རབ་འབའ་ཞིག་གནས་གྲང་། དེ་ཡང་ཡོངས་སུ་བསྐོར་བའི་རྡུལ་རྣམས་ཀྱིས་ཕྱོགས་གཅིག་ནས་སྦྱོར་དུ་མི་རུང་སྟེ། ཆ་ཤས་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱིས་ཀྱང་མི་རུང་སྟེ་རྡུལ་ཕྲ་མོ་
རྣམས་གཅིག་ལ་གཅིག་ཞུགས་པས་རི་ལ་སོགས་པ་ཡང་རྡུལ་ཕྲ་མོའི་ཚད་ཙམ་དུ་ཐལ་བར་འགྱུར་རོ། །དེས་ན་སྣམ་བུ་ལ་སོགས་པ་འདི་དག་གཅིག་ཀྱང་མ་ཡིན་ལ་དུ་མ་ཡང་མ་ཡིན་ཏེ་དེའི་ཕྱིར་སྔོན་པོ་ལ་སོགས་པ་འདི་དག་རྡུལ་ཕྲ་མོར་བཤིག་ན། ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ཏེ་
Vol. 40 · folio 237b
གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་གསུངས་སོ། །ཇི་ལྟར་སྔོན་པོ་ལ་སོགས་པ་ཕྱི་རོལ་དུ་ཁས་
བླངས་པ་ལ་སྐྱོན་བརྗོད་པ་འདི་དག་ནི་རྣམ་པར་ཤེས་པའི་བདག་ཉིད་ཀྱི་སྔོན་པོ་ལ་སོགས་པ་ལ་ཡང་མཚུངས་ཏེ། ཐལ་བར་གྱུར་པ་ལ་བྱེ་བྲག་མེད་པའི་ཕྱིར་རོ། །དོན་དང་རྣམ་པར་ཤེས་པ་བྱེ་བྲག་ཙམ་གྱིས་ནི་ཅིར་ཡང་མི་འགྱུར་རོ། །ཇི་སྟེ་དོན་གྱི་རྡུལ་ཕྲ་རབ་ནི་ཕྱོགས་དྲུག་ནས་བསྐོར་བ་ཡིན་ལ་རྣམ་པར་
ཤེས་པའི་རྡུལ་ཕྲ་མོ་ནི་ཕྱོགས་བཞི་པའོ་ཞེ་ན། ཆ་ཤས་དང་བཅས་པར་མཚུངས་པའི་ཕྱིར་དེས་ཀྱང་ཅིར་ཡང་མི་འགྱུར་རོ། །གཅིག་དང་དུ་མ་ལས་མ་གཏོགས་པའི་དངོས་པོ་ཕུང་པོ་གསུམ་པ་གཞན་དག་ཀྱང་མེད་པས་སྔོན་པོ་ལ་སོགས་པ་འདི་དག་ནི་ཕྱི་རོལ་གྱི་དངོས་པོ་དང་ནང་གི་དངོས་
པོར་མ་གྲུབ་པ་བརྫུན་པ་ཉིད་དོ། །གཞན་ཡང་འདི་ནི་སྔོན་པོ་ལ་སོགས་པ་འདི་དག་ཅིག་ཅར་ཉམས་སུ་མྱོང་བ་ཡིན་ལ། ཉམས་སུ་མྱོང་བ་དེ་ཡང་རིག་པ་དང་གསལ་བ་དང་སྣང་བ་ཞེས་བྱ་སྟེ། གསལ་བ་དེ་ནི་མྱོང་བ་དང་བདག་ཉིད་གཅིག་པ་ཉིད་ཡིན་ལ། གསལ་བ་དང་གསལ་བ་མ་ཡིན་པར་
འགལ་བའི་ཕྱིར་དང་གསལ་བ་ནི་གསལ་བ་ཁོ་ནའི་མཚན་ཉིད་ཡིན་པའི་ཕྱིར་རོ། །མྱོང་བའི་ངོ་བོ་ཉིད་ཡིན་ལ། དེ་ལྟར་གསལ་བ་ཙམ་ཡིན་ཡང་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་མེད་དུ་ཟིན་ཀྱང་གང་ཞིག་གིས་བདག་ཉིད་དུ་སྣང་སྟེ། བདག་ཉིད་དེ་དག་ནི་གོ་རིམས་བཞིན་དུ་གཞན་
གྱིས་མ་བཞག་པ་དང་། བཞག་པ་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ཡང་ཡིན་ཏེ། གསལ་བ་ནི་གཞན་གྱིས་བཞག་པ་མ་ཡིན་པའི་ཕྱིར་བརྫུན་པར་མི་རུང་ངོ་། །གསལ་བ་དེ་ཡང་གསལ་བ་གཞན་གྱིས་བཞག་པས་གསལ་བ་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་
ན་གསལ་བ་འདི་ནི་རང་གི་བདག་ཉིད་ཀྱི་མངོན་སུམ་གྱི་ཚད་མ་ཡིན་ཏེ་གཞན་གྱིས་བཞག་པ་ནི་ནམ་མཁའ་ལ་སྒྲའི་ཚོགས་སྣང་བ་བཞིན་འཁྲུལ་པས་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསལ་བ་ལ་གནོད་པར་བྱེད་པ་མེད་པ་དང་དེ་ལས་ལྷག་པའི་ཚད་མ་འཇིག་རྟེན་ན་མེད་པའི་ཕྱིར་རོ། །སྔོན་པོ་
Vol. 40 · folio 238a
ལ་སོགས་པ་ལ་ནི་གནོད་པ་ཡོད་པ་ཁོ་ན་སྟེ། འདི་ལྟར་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུ་ལ་སོགས་པའི་མཚན་ཉིད་ཕན་ཚུན་སྤངས་ཏེ་སྣང་བས་ན་གཅིག་མ་ཡིན་ལ་དེའི་བདག་ཉིད་སྣང་བ་གཅིག་དང་འགལ་བའི་ཕྱིར་དུ་མ་ཉིད་ཀྱང་མ་ཡིན་ནོ། །ཇི་སྟེ་དེའི་བདག་ཉིད་ཡིན་པའི་ཕྱིར་
དེ་དང་འདྲ་བར་གསལ་བ་ཡང་ཐ་དད་དོ་ཞེ་ན། དེ་དག་བདག་ཉིད་སོ་སོར་མྱོང་བའི་ཕྱིར་ལྷན་ཅིག་མྱོང་བ་མེད་པས་ཐམས་ཅད་ལ་གཅིག་ཏུ་མྱོང་བ་མེད་པར་ཐལ་བར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མ་དང་བྲལ་བས་བརྫུན་པ་ཡིན་ཏེ་ནམ་མཁའི་ངོས་ལ་སྣང་བའི་སྐྲའི་ཚོགས་
བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་དོན་འདི། །ཇི་ལྟར་མེ་ལོང་ལ་ནི་གཟུགས། །གཅིག་དང་གཞན་པ་རྣམས་སྤངས་པ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་རྣམས་ངོ་བོ་ཉིད། །ཅེས་གསུངས་སོ། །འདི་ལྟར་གཞན་པ་ཞེས་བྱ་བ་ནི་གཅིག་ལ་ལྟོས་པ་སྟེ་དུ་མའོ། །དངོས་རྣམས་ཞེས་
བྱ་བ་ནི་རྣམ་པར་རིག་པ་ཙམ་གྱི་བདག་ཉིད་ཀྱི་ཆོས་ཐམས་ཅད་དོ། །ངོ་བོ་ཉིད་ཅེས་བྱ་བ་ནི་དངོས་པོའི་མཚན་ཉིད་དེ་སྔོན་པོའི་ལམ་ལ་སོགས་པའོ། །གཞན་ཡང་སྔོན་པོ་ལ་སོགས་པ་གསལ་བ་ལས་ཐ་དད་དམ་འོན་ཏེ་ཐ་དད་པ་མ་ཡིན་ཇི་སྟེ་ཐ་དད་པ་ཡིན་ན་ནི་དེ་མི་སྣང་བར་འགྱུར་རོ། །གལ་ཏེ་ཐ་དད་པ་མ་ཡིན་
ན་ནི། དེ་རྣམས་གསལ་བའི་བདག་ཉིད་ཡིན་པས་གཅིག་ཏུ་གྱུར་པའམ་དེ་ཡང་དེ་རྣམས་དང་ཐ་མི་དད་པས་དུ་མར་གྱུར་པ་དེས་ན་ལྷན་ཅིག་མྱོང་བ་མེད་པར་འགྱུར་རོ། །དེ་བས་ན་སྔོན་པོ་ལ་སོགས་པ་གསལ་བ་ལས་ཐ་དད་པ་དང་། ཅིག་ཤོས་ཀྱི་རང་བཞིན་དང་བྲལ་བས་མེ་ལོང་གི་ནང་དུ་བྱུང་བའི་
གཟུགས་བརྙན་བཞིན་དུ་བརྫུན་པ་ཡིན་པའི་ཕྱིར་ཡང་། ཇི་ལྟར་མེ་ལོང་ལ་ནི་གཟུགས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱོགས་འདི་ལ་ནི་གཅིག་དང་གཞན་པ་ཞེས་བྱ་བ་ནི་ཐ་དད་པ་དང་ཐ་དད་པ་མ་ཡིན་པའོ། །ཇི་སྟེ་སྔོན་པོ་ལ་སོགས་པ་འདི་དག་ལྷན་ཅིག་མྱོང་བའི་ཕྱིར་གཅིག་ཡིན་ནོ་ཞེ་ན། མ་
ཡིན་ཏེ་ཐ་དད་པར་ཉམས་སུ་མྱོང་བའི་ཕྱིར་དང་ཐ་མི་དད་པར་ཉམས་སུ་མྱོང་བར་མི་ནུས་པས་སོ། །ཇི་སྟེ་ཡང་སྔོན་པོ་ལ་སོགས་པ་འདི་དག་ལྷན་ཅིག་ཉམས་སུ་མྱོང་བས་ཇི་ལྟར་ཉམས་སུ་མྱོང་བ་དེ་ལྟར་གཅིག་ཡིན་ནོ་ཞེ་ན། ཐ་དད་པ་ཉིད་ཐ་དད་པ་མ་ཡིན་ནོ་ཞེས་ལེགས་པར་སྨྲས་པར་འགྱུར་རོ། །ཇི་སྟེ་
Vol. 40 · folio 238b
བློའི་རྣམ་པ་ཡང་སྔོན་པོ་ལ་སོགས་པ་ནི་རང་ཉིད་ལ་འཁྲུལ་པ་མི་རིགས་པས་བརྫུན་པ་མ་ཡིན་ལ། རང་གི་སྣང་བ་ཕྱི་རོལ་གྱི་དོན་མ་ཡིན་པ་ལ་སྔོན་དུ་མངོན་པར་ཞེན་པས་བཞག་པའི་སྔོན་པོ་ལ་སོགས་པ་ནི་བརྫུན་པ་ཡིན་ནོ་ཞེ་ན། འོ་ན་ནི་རང་གི་སྣང་བ་ལ་མངོན་པར་ཞེན་པ་ཡིན་པས་དེ་རྣམ་པ་
ཐམས་ཅད་དུ་ཤེས་པ་ཉིད་དུ་ཞེན་པར་འགྱུར་གྱི་དོན་དུ་ནི་མ་ཡིན་ཏེ་དེ་དོན་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་ཡིན་ནོ་ཞེ་ན། འཁྲུལ་པ་དེ་ཉིད་དཔྱད་པར་བྱ་བ་ཡིན་ནོ། །ཇི་སྟེ་དོན་ལ་མངོན་པར་ཞེན་པ་ཡིན་ན་ནི་དེའི་དོན་རྣམ་པ་ཐམས་ཅད་དུ་ཡོད་པར་འགྱུར་བས་དོན་མེད་པ་བཞིན་དུ་ཞེན་པར་མི་
འགྱུར་རོ། །དེ་བས་ན་དོན་ལ་ཡང་ཞེན་པ་མ་ཡིན་ལ་ཤེས་པ་ལ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྣམ་པར་རྟོག་པའི་བློའི་སྣང་བ་ལྡོག་པའི་ལུས་གཙོ་བོར་གྱུར་པ་ཙམ་ནི་བརྫུན་པ་ཡིན་ནོ། །དེ་ཡང་ཉམས་སུ་མྱོང་བའི་ཕྱིར་དང་བློ་མེད་ན་མི་འབྱུང་བའི་ཕྱིར་དང་སོ་སོའི་བདག་ཉིད་དུ་མྱོང་བའི་
ཕྱིར་བློའི་བདག་ཉིད་ཡིན་ལ་དོན་མངོན་པར་ཞེན་པས་དོན་དུ་གྱུར་པ་ཡིན་གྱི་དོན་ཡོད་པས་ནི་མ་ཡིན་ཏེ། དོན་མེད་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལས་ཁ་ཅིག་ནི་དོན་རྣམ་པར་འཇོག་པ་ཡིན་ཏེ་དོན་དང་འབྲེལ་པའི་ཕྱིར་རོ། །དེ་བས་ན་གང་ཡང་སྒྲ་རྣམས་ནི་དངོས་སུ་དངོས་པོའི་དོན་ཅན་དུ་མི་རིགས་ཏེ་འགལ་
བའི་ཕྱིར་རོ། །བརྫུན་པའི་དོན་ཅན་དེ་ནི་ཇི་ལྟར་གྲགས་པ་བཞིན་རྣམ་པར་གཞག་པ་ཡིན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ། །དེ་ཡང་གསུངས་པ། དེ་ལ་ངོ་བོ་ཕྱི་རོལ་དང་། །གཅིག་ལྟ་གཞན་ལས་ལོག་ལྟ་བུར། །སྣང་བ་གང་ཡིན་བརྟག་པ་ཡི། །ཡན་ལག་མེད་ཕྱིར་དེ་ཉིད་མིན། །
ཡང་གསུངས་པ། སྒྲ་དོན་འདི་ནི་ཡོད་མིན་ཀྱང་། །ཇི་ལྟར་གྲགས་པ་བཞིན་དུ་བརྗོད། །ཡང་ཅིའི་ཕྱིར་བརྫུན་པར་སྣང་ཞེ་ན། །དེའི་བདག་ཉིད་ཀྱི་ཕྱིར་རོ། །འོ་ན་ཇི་ལྟར་བདེན་པ་དང་བརྫུན་པ་འགལ་བར་གྱུར་པ་དག །དེའི་བདག་ཉིད་དུ་རུང་། གསལ་བ་ལས་ཐ་མི་དད་པའི་ཕྱིར་རྣམ་པར་བརྫུན་པ་
ཡང་དངོས་པོར་གྱུར་པ་འམ་སྣང་བ་བརྫུན་པ་ལས་ཐ་མི་དད་པའི་ཕྱིར་གསལ་བ་ཡང་བརྫུན་དུ་འགྱུར་ཞེ་ན། གང་ཡང་ཇི་ལྟར་བདེན་པ་དང་། །བརྫུན་པ་འགལ་བར་གྱུར་པ་དག །དེའི་བདག་ཉིད་དུ་རུང་བ་ཞེས་བྱ་བ་ཡང་མི་རིགས་ཏེ། བདག་ཉིད་ཀྱི་དངོས་པོར་གྱུར་ན་འགལ་བར་འགྱུར་གྱི་བརྫུན་པ་ལ་ནི་མ་
Vol. 40 · folio 239a
ཡིན་ནོ། །དེ་བས་ན་བརྫུན་པའི་དབང་གིས་སྣང་བ་ཡང་བརྫུན་ཡིན་ལ། བརྫུན་པ་དེས་དེའི་བདག་ཉིད་ཀྱང་ཡིན་པ་ལ་འགལ་བ་ཅི་ཡོད་བརྫུན་པ་ཡང་ཇི་ལྟར་གྲགས་པ་བཞིན་དུ་རྣམ་པར་མི་གཞག་པ་ནི་མ་ཡིན་ནོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ་གཞན་དུ་འཁྲུལ་པ་རྒྱུན་
འཆད་པར་འགྱུར་རོ། །དེ་ནས་ངེས་པ་དང་འཇུག་པ་དང་ཕན་ཚུན་རྩོད་པ་དང་བཅིངས་པ་དང་གྲོལ་བ་ལ་སོགས་པ་མེད་པས་ཐལ་བར་འགྱུར་རོ། །དེ་བས་ན་གང་ཡང་གསལ་བ་ལས་ཐ་མི་དད་པའི་ཕྱིར་སྣང་བ་བརྫུན་ཡང་དངོས་པོར་འགྱུར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ལ། གལ་ཏེ་དངོས་པོའི་རང་
བཞིན་དུ་ཐ་མི་དད་དོ་ཞེ་ན། གཏན་ཚིགས་མ་གྲུབ་པར་འགྱུར་རོ། །འོན་ཏེ་ཐ་དད་པ་ཙམ་གཏན་ཚིགས་ཡིན་ན་ནི་མ་ངེས་པར་འགྱུར་ཏེ། གཟུང་བ་དང་འཛིན་པ་ཉིད་ལ་སོགས་པ་ལ་དེ་མེད་པར་གཏན་ཚིགས་ཡོད་པས་སོ། །དེ་ཉིད་ཀྱིས་གསལ་བ་ཡང་རྣམ་པར་བརྫུན་པ་དེ་ལ་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་
ལ་སོགས་པ་ཡང་བཤད་ཟིན་ཏོ། །ཡང་དབུ་མ་པས་སྨྲས་པ། ཁོ་བོའི་ལྟར་ན་ཐམས་ཅད་བརྫུན་ཡིན་པའི་ཕྱིར་དངོས་པོ་ཅུང་ཟད་ཀྱང་ཡིན་པས་གཏན་ཚིགས་འདི་བསྒྲུབ་བྱ་མེད་པར་ཡོད་པ་མ་ཡིན་ནོ་ཞེ་ན། དེ་དག་གི་ལྟར་ན་ཡང་བཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་མེད་པས་ལྡོག་པ་ཐེ་ཚོམ་ཟ་བའི་
མ་ངེས་པར་འགྱུར་རོ། །གཞན་ཡང་ཐམས་ཅད་བརྫུན་པ་ཉིད་ཡིན་ན། དེའི་ཚེ་གང་གིས་ཀྱང་ཅི་ལ་ཡང་སྒྲོ་བཏགས་པ་མེད་པར་འགྱུར་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེའི་ཕྱིར་འཁྲུལ་པ་རྒྱུན་ཆད་པར་འགྱུར་ལ། སྒྲོ་མ་བཏགས་པ་ལ་གནོད་པ་བྱེད་པ་མེད་པས་གང་གིས་ཀྱང་ཅི་ཡང་བརྫུན་པར་མ་
གྲུབ་པོ། །གཞན་ཡང་གལ་ཏེ་ཐམས་ཅད་སྟོང་པ་ཉིད་ཀྱང་བརྫུན་པ་ཡིན་ན་དོན་དམ་པར་བྱ་བ་གང་ལ་ཡོད་ན་ཅི་སྟེ་དེ་ནི་ཚད་མས་གྲུབ་པས་བརྫུན་པ་མ་ཡིན་ནོ་ཞེ་ན། འོ་ན་མི་གསལ་བ་ཡང་བརྫུན་དུ་མི་འགྱུར་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །འདི་ལྟར་སྔོན་པོ་ལ་སོགས་པའི་གསལ་བ་ནི་ཐམས་ཅད་ཀྱི་
ཉམས་སུ་མ་མྱོང་བས་གྲུབ་སྟེ། དེ་ཡང་རིག་པ་ལ་འཁྲུལ་པ་མི་དམིགས་པས་མངོན་སུམ་ཉིད་ཡིན་ནོ། །སྔོན་པོ་ལ་སོགས་པ་མྱོང་བ་ནི་འཁྲུལ་པ་ཡིན་ལ་དེ་དག་དེ་ལས་ངོ་བོ་གཞན་དུ་འགྱུར་ཏེ་ཇི་ལྟར་བསྟན་པའི་གནོད་པ་ཡོད་པའི་ཕྱིར་རོ། །སྔོན་པོ་དང་གསལ་བ་དག་ནི་ཤིན་ཏུ་དབྱེར་མེད་དེ་བྱེ་བྲག་
Vol. 40 · folio 239b
མི་དམིགས་པའི་ཕྱིར་རོ་ཞེ་ན། དེའི་ཚེ་ཐ་དད་པ་མེད་པ་ཙམ་དུ་སྒྲུབ་ན་ནི་འགྲུབ་པ་ཡིན་ནོ། །འོན་ཏེ་དངོས་པོ་ཉིད་ཀྱི་ཐ་དད་པ་མེད་པ་སྒྲུབ་ན་ནི་མ་ངེས་པར་འགྱུར་རོ། །དེ་བས་ན་གསལ་བའི་བདག་ཉིད་ཡང་དག་པ་ཡང་གཞན་ཡིན་ལ་སྔོན་པོ་ལ་སོགས་པ་བརྫུན་པ་ཡང་གཞན་ཡིན་ནོ། །
གཞན་ཡང་ཐམས་ཅད་བརྫུན་པ་ཉིད་ཡིན་ན། འཇིག་རྟེན་ལས་འདས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་ཡང་སྐྱེ་བར་མི་འགྱུར་ཏེ། རྟག་ཏུ་བརྫུན་པ་ཉམས་སུ་མྱོང་བའི་ཕྱིར་དང་བདེན་པ་ལས་སོ་སོར་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཁ་ཅིག་ན་རེ་སེམས་དང་སེམས་ལས་བྱུང་བ་
འགགས་པ་ནི་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཡེ་ཤེས་སོ་ཞེས་ཟེར་ན་དེ་ཡང་མི་བདེན་ཏེ། འདི་ལྟར་ཤེས་རབ་ལ་སོགས་པ་འགོག་པ་ན་ཤེས་པ་ཉིད་ཀྱང་འགགས་ན་ཡང་དག་པའི་ཡེ་ཤེས་ལྟ་སྨོས་ཀྱང་ཅི་དགོས། ཁོ་བོའི་ལྟར་ན་བརྫུན་པར་སྣང་བ་འགགས་ནས་གཉིས་སུ་མེད་པར་གསལ་
བར་མྱོང་བའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེ་བའི་ཕྱིར་ཉེས་པ་ཅི་ཡང་མེད་དོ། །དེའི་ཕྱིར་ཐམས་ཅད་བརྫུན་པར་སྨྲ་བ་ནི་རྩོད་པ་ལ་མཁས་པ་མ་ཡིན་ནོ། །འདིར་བརྫུན་པ་ནི་ངོ་བོ་མེད་པའི་ཕྱིར་བཏགས་པའི་ཡོད་པའོ། །གསལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རྫས་སུ་ཡོད་པའོ། །དེ་གཉིས་
ཀྱིས་སྟོང་པ་ནི་དོན་དམ་པར་ཡོད་པ་སྟེ་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ན་སྔོན་པོ་ལ་སོགས་པ་ནི་ངོ་བོ་ཉིད་མེད་པའི་ཕྱིར་སྐྱེ་བར་ཡང་མི་འགྱུར་ལ་འགག་པར་ཡང་མི་འགྱུར་ཏེ་འཁྲུལ་པའི་དུས་ན་ནི་སྣང་ལ་འཁྲུལ་པ་ལོག་ན་ནི་མི་སྣང་བར་ཟད་དོ། །དེ་སྐད་དུ་ཡང་
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །དངོས་རྣམས་སྐྱེ་བ་ཡོད་མེད་ཅིང་། །འགག་པ་གང་ན་ཡོད་མ་ཡིན། །རྐྱེན་ཉིད་འདི་རྣམས་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་བ་ཡིན། །འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུ། །ཡེ་ཤེས་ཀྱིས་ནི་དེ་བྲལ་ན། །ལོག་
པར་རྣམ་བརྟག་ཅིས་མ་ཡིན། །གལ་ཏེ་དེ་ལྟ་ན་རྣལ་འབྱོར་སྤྱོད་པ་དང་དེ་དག་ཏུ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། དབུ་མ་པ་ཁ་ཅིག་དག་ནི་གསལ་བའི་བདག་ཉིད་དེ་ཡང་དཔྱད་མི་བཟོད་པས་མེད་པར་ཁས་ལེན་ན། དེ་ནི་རིགས་པ་མ་ཡིན་ཏེ། སྒྲོ་མ་བཏགས་པར་མངོན་སུམ་གྱིས་གྲུབ་པར་གྱུར་པ། སྤྲོས་
Vol. 40 · folio 240a
པ་ཐམས་ཅད་ལོག་པར་གྱུར་ཡང་རྗེས་སུ་འབྲང་བའི་གསལ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔྱོད་པའི་རྒྱ་མཚོ་ལས་རྒལ་བ་ཅིག་ཏུ་དཔྱད་བཟོད་པའི་བདག་ཉིད་ཅན་ཡིན་ཏེ། གནོད་པ་ཐམས་ཅད་ནི་སྒྲོ་བཏགས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །གང་གིས་དེ་ལ་གནོད་པ་
བྱས་པར་གྱུར་ན་དེའི་རྩ་བ་ཅན་ཡིན་པའི་ཕྱིར་ཉམ་ཆུང་བར་འགྱུར་བའམ་དེས་གནོད་པར་འགྱུར་རོ། །ཡང་ཁོ་བོ་ནི་དངོས་པོ་ཐམས་ཅད་གསལ་བའི་བདག་ཉིད་ཀྱིས་བདེན་ལ། སྔོན་པོ་ལ་སོགས་པའི་བདག་ཉིད་ཀྱིས་མི་བདེན་པ་ནི་དབུ་མ་ཉིད་ཀྱི་ལམ་ཡིན་པར་སྨྲས་ཏེ། རྣལ་འབྱོར་སྤྱོད་པ་འདི་ལྟར་
འདོད་པ་ཇི་ལྟ་བ་དེ་བཞིན་དུ། ནཱ་ག་རྫུ་ནའི་ཞལ་སྔ་ནས་ཀྱང་བཞེད་དེ། གྲུབ་པའི་མཐའ་འདི་ནི་གཅིག་པ་ཡིན་ལ། ཐ་དད་པར་འདོད་པ་གཞན་དག་ནི་ཁ་ན་མ་ཐོ་བ་མེད་པ་མ་ཡིན་ནོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །འདི་ནི་ཐམས་ཅད་དུ་གནས་པར་གྱུར་པ་སྟེ། འདི་ལྟར་ཆོས་ཐམས་ཅད་སྣང་བ་
སེམས་བསྐྱེད་པ་གཟུང་བ་དང་འཛིན་པ་དག་དང་བྲལ་བས་ལུས་དང་ངག་བཞིན་དུ་སེམས་ཙམ་ཉིད་དུ་མོས་པར་བྱས་ལ་རྣམ་པ་དེ་དག་བརྫུན་པར་རིག་ནས་སྣང་བ་མེད་པར་རྟོགས་པའི་སྦྱོར་བས་སྤངས་ཏེ་སྣང་བ་མེད་པའི་ཞི་གནས་འདི་བསྐྱེད་ལ། དེ་ཉིད་གསལ་བར་མཐོང་བའི་ལྷག་མཐོང་དང་ཟུང་དུ་འཇུག་པའི་
བསྒོམ་པ་རྫོགས་པ་ན། ཞི་གནས་དང་ལྷག་མཐོང་གི་བདག་ཉིད་ཅན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྣང་བ་མེད་ཅིང་སྤྲོས་པ་ཐམས་ཅད་དང་བྲལ་བ་སྐྱེ་བར་འགྱུར་རོ། །འདིར་ཚིགས་སུ་བཅད་པ་གསུམ་ཡིན་ཏེ། བདེན་མིན་གཉིས་སུ་རྟོགས་པ་ཡིས། །འཇིག་རྟེན་ཤེས་པ་རྣམ་པར་བཅས། །རྣམ་
པ་དག་ནི་བརྫུན་པའི་ཕྱིར། །དེ་ནི་རྣམ་པ་མེད་པར་བརྗོད། །འཕགས་པ་བདེན་མིན་མི་རྟོག་པས། །ཡེ་ཤེས་གཉིས་མེད་རྣམ་པ་ཅན། །བདེན་མིན་རྣམ་པ་སྤངས་ནས་སུ། །མཉམ་ཉིད་ཏིང་འཛིན་ལྷག་མཐོང་བཅས། །འཇིག་རྟེན་ལས་འདས་ཡེ་ཤེས་ནི། །རྣམ་པ་དག་ནི་ནུབ་གྱུར་
ནས། །སྤྲོས་པ་མེད་པར་གཉིས་མེད་པས། །གཙོ་བོ་སྣང་བ་མེད་པ་སྐྱེ། །བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པའི་ལེའུ་ནི་བྱང་ཆུབ་སེམས་ཀྱི་ལེའུ་སྟེ། གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་གཉིས་པའོ།། །།མཆོག་གི་བསྙེན་པ་ནི་ལེའུ་གསུམ་
Vol. 40 · folio 240b
པ་དང་བདུན་པ་དང་བཅུ་གཅིག་པ་དང་བཅོ་ལྔ་པ་སྟེ་ལེའུ་བཞི་རྣམས་སུ་གཏོར་ཏེ་གནས་པ་ལས་དེའི་མངོན་པར་རྟོགས་པ་ནི་ལེའུ་གསུམ་པའི་དོན་ཡིན་ལ། དེ་བས་ན་འདིའི་དང་པོར་དེ་ཉིད་རེ་ཞིག་མདོར་བསྡུས་ཏེ་བརྗོད་པར་བྱའོ། །འདི་སྒྲུབ་ཐབས་ཀྱི་དབང་དུ་བྱས་པའི་སྔགས་པ་ཚོགས་བསགས་
པའི་མཚན་མ་ཐོབ་པས་མེ་ཏོག་དང་འབྲས་བུ་དྲི་ཞིམ་པོ་ཕུན་སུམ་ཚོགས་པ་གཙང་ཞིང་ཉེ་བར་འཚེ་བ་མེད་པའི་རི་སུལ་ལ་སོགས་པར་གནས་བཅས་ཏེ་སྒྲུབ་པའི་གྲོགས་བཟང་པོ་དང་ལྷན་ཅིག་ཏུ་མཆོག་གི་བསྙེན་པ་རྩོམ་པར་འདོད་པས་ཐོ་རངས་ཀྱི་དུས་སུ་ལངས་ལ། ལམ་ལ་བརྟེན་པའི་བར་གྱི་ཆོ་
ག་ནས་ཉམས་སུ་བླངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་བྱས་ནས་སྣང་བ་མེད་པའི་བྱང་ཆུབ་ཀྱི་སེམས་ལྷག་པར་མོས་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེའི་རྗེས་ལ་ཆོས་འབྱུང་བའི་ཕྱག་རྒྱའི་ནང་དུ་ཆུད་
པའི་ཁང་བུ་བརྩེགས་པ་བསྒོམས་པ། གལ་ཏེ་རྣམ་པར་སྣང་མཛད་དམ། དེའི་རིགས་ཀྱི་རྣལ་འབྱོར་པ་ཡིན་ན། །དེའི་དབུས་སུ་གདན་ཟླ་བའི་དཀྱིལ་འཁོར་ལ་རབ་བསྔགས་ཀྱི་ཡི་གེ་ཟླ་བ་ལྟར་དཀར་བ་བསམས་ལ། དེའི་འོད་ཟེར་གྱིས་ནམ་མཁའ་ཁྱབ་པའི་སྔགས་ཀྱི་ལྷ་རྣམས་བསྡུས་ཏེ་དེ་ཉིད་དུ་
བསྟིམས་པ་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱ་སྟེ། མདོག་དཀར་པོ་ནག་པོ་དམར་པོའི་ཞལ་ཅན། །རྩ་བའི་ཕྱག་གཉིས་ཀྱིས་རང་གི་འོད་ཟེར་གྱི་རིག་མ་ལ་འཁྱུད་ཅིང་མ་མཆུ་འཛིན་པ། ཕྱག་གཡས་གཉིས་ཀྱིས་འཁོར་ལོ་དང་རལ་གྲི་འཛིན་ཅིང་། གཡོན་གཉིས་
ཀྱིས་རིན་པོ་ཆེ་དང་པདྨ་བསྣམས་པ་ཟླ་བའི་གདན་དང་། ཟླ་བའི་འོད་ཅན། རྡོ་རྗེའི་སྐྱིལ་ཀྲུང་དང་། ཞི་བའི་ཉམས་དང་ལྡན་པ་རལ་པའི་ཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། མགོ་བོ་དང་། མགྲིན་པ་སྙིང་ག་རྣམས་སུ་ཟླ་བ་རབ་བསྔགས་དང་། ཨཱཿདང་ཧཱུཾ་གིས་བྱིན་གྱིས་བརླབ་ཅིང་འོད་ཟེར་
ཁ་དོག་སྣ་ལྔ་ལས་དེ་བཞིན་གཤེགས་པའི་ཚོགས་སྤྲོས་པས་ནམ་མཁའི་ངོས་གཡོགས་པར་བསམ་མོ། །དེའི་རྗེས་ལ་སྦྱོར་བའི་ཡན་ལག་དྲུག་པོ་བྱས་ཏེ། ཇི་སྐད་དུ་ལེའུ་བཅོ་བརྒྱད་པ་ལས། བསྙེན་པའི་ཡན་ལག་དྲུག་ཚུལ་དུ། །བྱས་པ་མཆོག་ནི་བསྒྲུབ་པར་བྱ། །གཞན་
Vol. 40 · folio 241a
དག་ཏུ་ནི་བསྒྲུབས་གྱུར་ན། །དངོས་གྲུབ་མཆོག་ཏུ་མི་འགྱུར་རོ། །སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་དང་། །སྦྱོར་བའི་ཡན་ལག་དྲུག་ཅེས་བྱ། །ཞེས་གསུངས་ཏེ། དེ་ལས་འབྱུང་བ་ཆེན་པོ་ལྔ་བསྡུས་
པ་ནི་ནམ་མཁའ་བསམས་ནས་དེའི་དབུས་སུ་འབྱུང་བ་ལས་གྱུར་པའི་དབང་པོ་ལྔ་བསྡུས་པའི་རྡོ་རྗེ་བསམ་མོ། །དེའི་ལྟེ་བར་ཆོས་ཀྱི་དབྱིངས་ཀྱི་ཟླ་བའི་གདན་ལ་གནས་པའི་སྣ་ཚོགས་པ་བསམས་ལ་ཤེས་པ་དང་ཤེས་བྱ་དེ་དག་ཐ་དད་ཀྱི་སྦྱོར་བ་དང་བྲལ་བས་གདན་སྣ་ཚོགས་པ་དག་
དབྱེར་མེད་པའི་ངེས་པར་བྱའོ། །དེའི་རྗེས་ལ་སྣ་ཚོགས་པའི་གདན་ཟླ་བ་ལས་ཟླ་བ་དང་ཉི་མའི་རྣམ་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་རིམ་བཞིན་དུ་རྡོ་རྗེ་ནོར་བུའི་སྒོ་ནས་བྱུང་བས་པདྨའི་ནང་དུ་དབུས་དང་། ཤར་དང་། ལྷོ་དང་ནུབ་དང་བྱང་གི་ཆ་རྣམས་སུ་བཀོད་ལ། སྣ་ཚོགས་
པ་ཉིད་ལ་སངས་རྒྱས་ལྔའི་སྔགས་ཀྱི་རྣམ་པ་ཨོཾ་ཧཱུཾ་སྭཱ་ཨཱཿཧཱ། ཞེས་བྱ་བ་རྣམས་སྤྲོས་ཏེ། །དེ་དག་ཏུ་བཀོད་ནས་རིམ་པ་ཇི་ལྟ་བ་བཞིན་དུ་རང་རང་ལ་རྟག་པ་དང་མི་བསྐྱོད་པ་དང་། རིན་ཆེན་དབང་པོ་དང་། ངག་གི་དབང་ཕྱུག་དང་། དོན་ཡོད་གྲུབ་པ་རྣམས་རང་གི་རིགས་མཐའ་ཡས་པ་དང་ལྷན་ཅིག་ཏུ་
འོངས་ཏེ་བསྟིམ་མོ། །དེ་ལྟར་དཀྱིལ་འཁོར་ལྔའི་བདག་ཉིད་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་མོ། །དེའི་རྗེས་ལ་སྣ་ཚོགས་པའི་རང་གི་གདན་ལ་སངས་རྒྱས་ལྔའི་གདན་ལྔ་བསྡུ། བདག་ཉིད་ལ་ནི་སངས་རྒྱས་ལྔ་པོ་བསྡུ་བ་འདི་ནི་སོ་སོར་སྡུད་པ་ཞེས་བྱ་བའི་ཡན་ལག་དང་པོའོ། །དེའི་རྗེས་ལ་སྣ་
ཚོགས་པ་ལས་པད་མོའི་ལྟེ་བའི་གྲྭ་གསུམ་དུ་འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་སྤྲོས་པ་ནི་བསམ་གཏན་དང་པོ་རྟོག་པ་ཞེས་བྱའོ། །དེ་རྣམས་ཀྱི་དབུས་སུ་རལ་གྲི་སྤྲོ་བ་ནི་བསམ་གཏན་གཉིས་པ་དཔྱོད་པ་ཞེས་བྱའོ། །མཚན་མ་བཞིའི་ལྟེ་བ་རྣམས་སུ། ཨོཾ་ཨཱཿཧཱུཾ་ཧཾ་ཞེས་བྱ་བའི་དགའ་མ་རྣམས་སྤྲོ་
བ་ནི་བསམ་གཏན་གསུམ་པ་དགའ་བ་ཞེས་བྱའོ། །དེའི་རྗེས་ལ་རལ་གྲིའི་སྙིང་པོའི་ལྟེ་བར་དགའ་མ་རྣམས་བསྡུས་པ་ལས་བྱུང་བའི་ཐིག་ལེ་ཕྲ་མོ་མུ་ཏིག་གི་རྡོག་མ་ལྟ་བུར་གང་བ་བསམ་པ་ནི་བསམ་གཏན་བཞི་པ་བདེ་བ་ཞེས་བྱ་བའོ། །དེའི་རྗེས་ལ་མཚན་མ་བསྡུས་པ་ལས་བྱུང་བའི་མེ་ནང་དུ་ཆུད་
Vol. 40 · folio 241b
པའི་སེམས་ཀྱི་ཐིག་ལེ་བསམ་པ་ནི་བསམ་གཏན་ལྔ་པ་སེམས་རྩེ་གཅིག་པ་ཞེས་བྱ་བ་སྟེ། འདི་ནི་བསམ་གཏན་ལྔ་པ་ཞེས་བྱ་བ་ཡན་ལག་གཉིས་པའོ། །དེའི་རྗེས་ལ་སྣ་ཚོགས་པ་གདན་དང་བཅས་པ་བྱུང་སྟེ་བདེ་བའི་ཐིག་ལེ་དང་སེམས་ཀྱི་ཐིག་ལེ་ནང་དུ་ཆུད་པའི་རིན་ཆེན་ཆེན་པོར་བསྡུས་པའི་
སྦྱོར་བ་ཡུངས་ཀར་ལྟར་ཕྲ་བ་བསྐྱེད་ལ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །དེ་ནས་གྱེན་དུ་དྲངས་ཏེ་སྣའི་རྩེ་མོར་བཞག་ལ་བསྒོམ་པ་འདི་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག་གསུམ་པའོ། །དེ་ནས་སྙིང་གར་ཟླ་བ་ལ་རང་གི་སྔགས་བསམས་
ལ་དེའི་ཐིག་ལེར་རིན་ཆེན་ཕྲ་མོ་ཕབ་སྟེ། དེ་ཉིད་དུ་ངེས་པ་བསྒོམས་ལ་དེ་ནས་རང་གི་སྔགས་ལ་རབ་བསྔགས་བསྟིམས་ཏེ་སྐུ་ཕྲ་མོའི་རིན་ཆེན་ཕྲ་མོ་ལ་བརྟག་པར་བྱའོ། །དེ་བཞིན་དུ་ཨཱཿབསྟིམས་པས་ནི་གསུང་གི་ཕྲ་མོ་ལའོ། །ཧཱུཾ་བསྟིམས་པས་ནི་ཐུགས་ཀྱི་ཕྲ་མོ་ལའོ། །དེའི་རྗེས་ལ་
རྡོ་རྗེ་གསུམ་པོ་དབྱེར་མེད་པའི་རང་གི་སྔགས་ཀྱི་གསང་བ་གསུམ་པོ་བསྡུས་པའི་རིན་ཆེན་ཕྲ་མོ་ལ་གཟུང་བར་བྱ་སྟེ། ཇི་སྲིད་དུ་དེ་ཉིད་དུ་སེམས་བརྟན་པར་གྱུར་གྱི་བར་དུ་གཟུང་བ་འདི་ནི་འཛིན་པ་ཞེས་བྱ་བ་ཡན་ལག་བཞི་པ་སྟེ། ཇི་སྲིད་དུ་ཙ་ན་ཀའི་འབྲུ་ཙམ་ལ་བརྟན་པར་མ་གྱུར་
གྱི་བར་དུ་ནི་ཡན་ལག་བཞི་པ་དེ་ཉིད་ཀྱི་སྦྱོར་བ་བྱ་ལ། བརྟན་པའི་མཚན་མ་ཉེ་བར་ཐོབ་ནས་ནི་ཡན་ལག་དྲུག་པ་རྫོགས་པར་བྱའོ། །ཅི་སྟེ་བརྟན་པར་གྱུར་ན་སེམས་ཀྱི་རིན་པོ་ཆེ་རྡོ་རྗེ་ནོར་བུར་ཕབ་ལ་དེ་ལས་བྱུང་བའི་འོད་ཀྱི་ཐིག་ལེ་པདྨའི་ནང་དུ་ཕྱུང་བ་ལས་འཁོར་ལོ་ཕྲ་མོར་སྤྲུལ་ཏེ་སྐུ་གཉིས་
དང་ནམ་མཁའི་ངོས་ཁྱབ་པའི་འཁོར་ལོ་ཕྲ་མོ་སྤྲོས་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །དེ་བཞིན་དུ་པདྨ་སྤྲོས་པ་ནི་ཆོས་རྗེས་སུ་དྲན་པའོ། །རྡོ་རྗེ་སྤྲོས་པ་ནི་རྡོ་རྗེ་རྗེས་སུ་དྲན་པའོ། །རལ་གྲི་སྤྲོས་པ་ནི་རིགས་རྗེས་སུ་དྲན་པའོ། །དེ་ནས་གཙུག་ཏོར་འཁོར་ལོས་སྒྱུར་བ་ཡིད་ཀྱིས་བཀུག་
སྟེ་བདག་ཉིད་ལ་བཅུག་ནས་རིན་པོ་ཆེར་བསྡུས་ཏེ། རིན་པོ་ཆེ་དེ་ཉིད་ལས་དེའི་འཁོར་ལོ་སྤྲོས་པ་ནི། ཁྲོ་བོ་རྗེས་སུ་དྲན་པའོ། །དེ་ཉིད་ལས་འོད་ཀྱི་ཐིག་ལེ་རྣམས་ལས་དེ་ཉིད་དུ་མཚན་མ་ལྔ་སྤྲོས་ཏེ། དབུས་སུ་ནི་འཁོར་ལོ་སེར་པོའོ། །ལྷག་མ་རྣམས་ནི་ངོས་བཞི་རུ་སྤྲུལ་ལ་དེ་རྣམས་
Vol. 40 · folio 242a
སྤྲོས་པ་ནི་དམ་ཚིག་རྗེས་སུ་དྲན་པ་སྟེ། འདི་ནི་རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ཡན་ལག་ལྔ་པའོ། །དེ་ནས་སེམས་ཀྱི་རིན་པོ་ཆེ་སྙིང་གའི་སྔགས་ཀྱི་ཐིག་ལེར་དྲངས་ཏེ་གཞག་ལ་ནམ་མཁར་སྤྲོས་པའི་མཚན་མ་རྣམས་འོད་ཀྱི་དཀྱིལ་འཁོར་གཅིག་ཏུ་བསྡུས་ཏེ། རིན་པོ་ཆེ་ཕྲ་
མོའི་ནང་དུ་འཁོར་ལོས་སྒྱུར་བའི་གདན་གྱི་རྣམ་པ་ལྟར་ཡུན་རིང་དུ་བསྒོམ་པ་འདི་ནི་ཏིང་ངེ་འཛིན་ཞེས་བྱ་བའི་ཡན་ལག་དྲུག་པའོ། །ལྡང་བའི་དུས་སུ་ནི་ཚིགས་སུ་བཅད་པ་འདི་ལྔས་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་ཏུ་གང་། །སངས་རྒྱས་སྐུ་
ཡི་རང་བཞིན་པས། །བདག་ཀྱང་དེ་དང་འདྲ་བར་ཤོག །རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །གསུང་དེ་ངེས་ཚིག་ཕུན་སུམ་ཚོགས། །བདག་གི་ངག་ཀྱང་དེ་འདྲ་བས། །ཆོས་འཛིན་པ་དང་མཚུངས་པར་ཤོག །ཀུན་དུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་དབང་པོའི་བློ་ལྡན་
པ། །བདག་གི་སེམས་ཀྱང་དེ་འདྲ་བས། །རྡོ་རྗེ་འཛིན་དང་མཚུངས་པར་ཤོག །སེམས་ཅན་ཀུན་གྱི་སེམས་གང་ཡིན། །སྐུ་དང་གསུང་དང་ཐུགས་ཀྱིས་མཚན། །བདག་གི་སེམས་ཀྱང་དེ་འདྲ་བས། །མཁའ་མཚུངས་སྙིང་པོ་ཅན་གྱུར་ཅིག །རྡོ་རྗེ་སྔགས་ཀྱི་སྐུ་གང་ཡིན། །
གསུང་གི་སྐུ་ནི་རྣམ་བསྒོམས་ཏེ། །བདག་ཀྱང་རྟག་ཏུ་དེ་འདྲ་བར། །སྔགས་འཛིན་པ་དང་མཚུངས་པར་ཤོག །དེ་ལྟར་དངོས་གྲུབ་མཆོག་གི་སྦྱོར་བའི་ཡན་ལག་དྲུག་གིས་བསྙེན་པ་དམ་ཚིག་ལས་མི་འདའ་བར་བྱའི། འདིར་བསྡུས་པའི་ཚིགས་སུ་བཅད་པ་ནི། འཁོར་ལོས་
སྒྱུར་བའི་རིག་པར་བཅས། །ཁང་བརྩེགས་ནང་དུ་བལྟས་ནས་སུ། །མཁའ་དང་རྡོ་རྗེ་གནས་ན་ཚོགས། །སྦྱོར་བའི་ཡན་ལག་དྲུག་རྫོགས་བྱེད། །སེམས་དཔའ་དེ་ཡི་ལོངས་སྤྱོད་དག །བསྡུས་གཉིས་ཕྲ་གསུམ་རིན་པོ་ཆེ། །རིན་ཆེན་བསྟན་ནས་ཁྱབ་པར་སྤྲོ། །དེ་ནས་རིན་པོ་
ཆེར་བསྡུ་བྱ། །ཞེས་བྱ་བ་སྟེ། བསྙེན་པའི་མངོན་པར་རྟོགས་པའོ། །འདི་ནི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་པས་སྦྱོར་བའི་ཡན་ལག་དྲུག་གི་རྣལ་འབྱོར་ལ་གནས་ཏེ། བསྙེན་པའི་མངོན་པར་རྟོགས་པ་བསྟན་པ་དེ་ལས་ཡན་ལག་དྲུག་པ་ནི་འབྲས་བུ་ཡིན་པའི་ཕྱིར་གཙོ་བོ་ཡིན་ལ།
Vol. 40 · folio 242b
དེ་ནི་རྡོ་རྗེ་བཀོད་པ་ཞེས་བྱ་སྟེ། དེས་ན་དེའི་ལེའུའི་དོན་གྱི་སྐབས་དབྱེ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་གསང་བ་ཡིན་ལ། དེ་རྣམས་ཀྱི་རྡོ་རྗེ་ནི་འདུས་པ་ཡིན་ཏེ་གསང་བ་འདུས་པ་ཞེས་བྱ་བའི་དོན་
ཏོ། །གསང་བ་དེ་དག་ཇི་ལྟ་བ་དེ་བཞིན་དུ་གསུངས་པས་ན་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་ཡང་དག་པར་རྟོགས་པ་སྟེ། འཁོར་ལོ་དང་པདྨ་དང་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱི་སྤྲིན་འཕྲོ་བ་ནི་དེ་རྣམས་ཀྱི་སྤྲིན་གྱིས་ནམ་མཁའ་ཁྱབ་
པར་གཡོགས་པའོ། །དེའི་བཀོད་པ་ནི་རྡོ་རྗེར་བསྡུས་པའོ། །དེ་ཉིད་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་དེ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའི་དོན་ཏོ། །རྡོ་རྗེ་བཀོད་པ་ནི་ཏིང་ངེ་
འཛིན་དེ་ཉིད་དོ། །དེ་སྟོན་པར་བྱེད་པ་ནི་རྡོ་རྗེ་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ། འདིར་སོ་སོར་སྡུད་པས་གྲུབ་པའི་སྐུ་ནི་གསང་བ་དང་བསམ་གཏན་གྱི་ཡན་ལག་གིས་གྲུབ་པའི་གསུང་དང་། ཐུགས་ཀྱི་ཕྲ་མོ་རྣམས་གོང་བུར་བྱས་པས་བསྐྱེད་པའི་ཡུངས་ཀར་ཕྲ་མོའི་སེམས་ཀྱི་
རིན་པོ་ཆེ་ནི་སྲོག་དང་རྩོལ་བ་སྟེ། དེ་སྙེད་འཛིན་པའི་ཡན་ལག་གིས་བརྟན་པར་བྱས་པ་ནི་རྡོ་རྗེ་ཞེས་བརྗོད་དེ་བྱེ་བྲག་ཏུ་རྟོགས་པའི་ཕྱིར་རོ། །ཇི་ལྟར་བྱེ་བྲག་ཏུ་འགྱུར་ཞེ་ན། དེར་རྡོ་རྗེ་སེམས་དཔའ་ཞུགས་པའི་ཕྱིར་རོ། །དེ་ཡང་ཇི་སྐད་དུ། འཛིན་པས་རྟག་ཏུ་སྟོབས་ལྡན་ཏེ། །རྡོ་རྗེ་
སེམས་དཔའ་ཡང་དག་འཇུག །ཅེས་གསུངས་སོ། །དེ་ཉིད་ལས་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་སྤྲིན་སྤྲོས་པ་ནི་རྗེས་སུ་དྲན་པའི་ཡན་ལག་གོ། །དེ་དག་ནི་རྡོ་རྗེ་དེ་ཉིད་དུ་བསྡུས་པའི་བཀོད་པ་སྟེ་དེ་ཉིད་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེ་བས་ན་རྡོ་རྗེ་བཀོད་པའི་ཚིག་གིས་ཡན་ལག་
དྲུག་པོ་རྫོགས་པར་བསྟན་པ་ཡིན་ལ། དེ་ཐམས་ཅད་ཀྱི་སྔོན་དུ་བྱ་བ་རྣམས་ཀྱང་འཕངས་པ་ཡིན་ཏེ། དེ་བས་ནང་པར་ལངས་ནས་ལམ་ལ་བརྟེན་པའི་བར་གྱི་ཆོ་ག་ཉམས་སུ་བླངས་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མངོན་དུ་བྱས་ཏེ། སྣང་བ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་
Vol. 40 · folio 243a
ལྷག་པར་མོས་པ་བྱས་ལ་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སྔགས་དེ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་པ། ཨོཾ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པར་ཤེས་པ་ནི་སྔགས་རྣམས་ཀྱི་རྒྱུ་ཡིན་ལ། དེ་ཉིད་ནི་རབ་སྔགས་
ཀྱི་དོན་ཡིན་ནོ། །དེ་བས་ན་རབ་སྔགས་ནི་སྔགས་རྣམས་ཀྱི་དང་པོར་གྱུར་པ་ཡིན་ནོ། །གཉིས་སུ་འཁྲུལ་པའི་མཚན་མ་ནུབ་པས། ཆོས་ཐམས་ཅད་གཉིས་ཀྱིས་སྟོང་ལ། གཅིག་ཏུ་མཐའ་ཡས་ཤིང་ནམ་མཁའ་དྲི་མ་མེད་པ་ལྟ་བུར་སྣང་བ་མེད་པ་ནི་སངས་རྒྱས་རྣམས་ཀྱི་ཤཱུ་ནྱ་ཏཱ་ཛྙཱ་ནའོ། །
དེ་ཉིད་ནི་བཛྲ་སྟེ་སྒྲིབ་པ་ཐམས་ཅད་འབིགས་པའི་ཕྱིར་རོ། །དེ་ཉིད་ནི་སྭ་བྷཱ་བ་སྟེ་སེམས་བསྐྱེད་པའོ། །དེ་ཉིད་ཨཱཏྨ་ཀོ྅ཧྃ་སྟེ་རང་བཞིན་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དེ་ནས་ཅི་ཞིག་བསྒོམ་པར་བྱ་ཞེ་ན། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ནམ་མཁའི་
དབྱིངས་ནི་ཆོས་འབྱུང་བའི་ཕྱག་རྒྱ་ཆེན་པོའོ། །དེས་དབུས་ནི་དེའི་ནང་ཁང་སྟོང་གི་འོག་ལོགས་ན་སྣ་ཚོགས་པདྨ་རྒྱ་ཆེ་བ་གྱེན་དུ་འཕགས་པའི་ལྟེ་བ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་གང་ཡིན་པ་དེ་ལ་གནས་པར་བསྒོམ་པ་ནིའོ། །སངས་རྒྱས་དཀྱིལ་འཁོར་ལ་སངས་རྒྱས་ནི་
ཡི་གེ་བྲུཾ་དེ་ཡོངས་སུ་གྱུར་པའི་གཞལ་ཡས་ཁང་ནི་དཀྱིལ་འཁོར་རོ། །གང་ལས་འོད་ཟེར་སྤྲིན་གྱི་ཚོགས་ཆེན་པོ་འཕྲོ་བ་དེ་ལ་དེ་སྐད་ཅེས་བྱའོ། །སངས་རྒྱས་ཉིད་འབར་བ་སྟེ། རྣམ་པར་འཕྲོ་བ་ཆེན་པོ་གང་ཡིན་པ་དང་། འོད་དེ་དང་མཉམ་པ་མེད་པ་སྟེ། དཔེ་མེད་པ་གང་ལ་ཡོད་
པ་དེ་ལ་དེ་སྐད་ཅེས་བྱའོ། །འོད་ཟེར་སྣ་ལྔས་ཀུན་དུ་ཁྱབ་པ་ནི་གང་གིས་ཀུན་དུ་སྟེ། ཐམས་ཅད་ཁྱབ་ཅིང་དཀྲིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། ཞེས་བྱ་བ་ནི་ནང་གི་རིམ་པ་ཟླུམ་པོར་གནས་པ་སྟེ། ཕྱི་རིམ་ནི་ཟུར་བཞི་པ་ཡིན་ནོ། །འདོད་པར་བྱ་བ་ཡིན་
པས་ན་འདོད་པ་སྟེ། གཟུགས་དང་སྒྲ་ལ་སོགས་པའོ། །དེ་ཉིད་ནི་ལྔའོ། །ཡོན་ཏན་དང་ལྡན་པས་ན་ཡོན་ཏན་ཏེ། ལོངས་སྤྱོད་གཅིག་ཏུ་དགེ་བ་དང་། གཅིག་ཏུ་བདེ་བ་དང་། གཅིག་ཏུ་ཁ་ན་མ་ཐོ་བ་མེད་པ་དང་། གཅིག་ཏུ་དབང་བསྒྱུར་བ་གང་ཡིན་པ་དེ་དག་གིས་ཁྱབ་པའོ། །མཆོད་
Vol. 40 · folio 243b
པ་ལྔ་ཡང་དེ་དང་འདྲ་བ་ཉིད་དེ། མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ལྷ་བཤོས་ཀྱི་ཁྱད་པར་ཏེ་དེ་རྣམས་ཀྱིས་བརྒྱན་པའོ། །དྲ་བ་དང་། རྟ་བབས་ཀྱིས་ཕུན་སུམ་ཚོགས་པ་ནི་གཞན་ལ་བལྟ་བར་བྱའོ། །དབུས་སུ་ཞེས་བྱ་བ་ནི་དབུས་མའི་གདན་ལའོ། །བསྒོམ་པར་བྱ་ཞེས་བྱ་བ་
ནི་འཁོར་ལོས་སྒྱུར་བའི་སྔགས་བསྒོམ་པའོ། །མདོར་བསྡུ་ན་ཞེས་བྱ་བ་ནི་སྔགས་ཀྱིས་ནམ་མཁའ་ཁྱབ་པའི་སྔགས་ཀྱི་ལྷའི་བཀོད་པ་རྣམས་སྔགས་ལ་བསྡུ་བའོ། །གཟུགས་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་གཟུགས་སུ་བསྒོམ་པའོ། །དེ་ཉིད་ཀྱི་ཁྱད་པར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ཏེ། རྣམ་པར་སྣང་མཛད་དེའི་ཡིད་ཀྱི་རང་བཞིན་ཅན་གྱི་སྐུ་གང་ཡིན་པ་དེ་ནི་ཕྱག་རྒྱ་ཆེན་པོའོ། །དེ་སྐད་དུ་ཡང་། ཡིད་ཀྱི་གཟུགས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཡིན་པར་བཤད། །ཅེས་གསུངས་པ་ཡིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་སོ། །དེ་ཡང་
སངས་རྒྱས་རྣམས་ཀྱིས་ཀྱང་འདའ་བར་མི་མཛད་པ་དང་། དེ་ཁོ་ནའི་དོན་གྱི་རྗེས་སུ་མཐུན་པའི་བརྡར་གྱུར་པ་དང་། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱི་གཟུགས་བརྙན་འཕྲོ་བའོ། །དེ་ལ་འདའ་བར་མི་བྱ་བ་འདི་ཡང་ཕྱག་རྒྱ་སྟེ། རྒྱལ་པོའི་ཕྱག་རྒྱ་བཞིན་ནོ། །བརྡའི་དོན་གྱིས་ཀྱང་
ཡིན་ཏེ། ཉོ་ཚོང་ལ་ལག་པའི་བརྡ་སྟོན་པ་ལྟ་བུའོ། །གཟུགས་བརྙན་འཕོ་བའི་དོན་གྱིས་ཀྱང་ཡིན་ཏེ། སྐྱེས་བུའི་ཡིད་དུ་འོང་བའི་གདུ་བུའི་རྒྱན་གྱི་རྫས་བཞིན་ནོ། །ཕྱག་རྒྱ་ཆེ་ནི་ཕྱག་རྒྱ་ཆེན་པོའོ། །ཇི་ལྟར་ན་ཆེ་བ་ཡིན་ཞེ་ན། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱིར་དང་རྒྱ་ཆེ་
བའི་ཕྱིར་དང་། དགའ་བ་ཆེན་པོར་གྱུར་པའི་ཕྱིར་དང་། དེ་ལས་གཞན་པའི་ཕྱག་རྒྱའི་རྟེན་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྐུ་གསུང་ཐུགས་ཀྱིས་མཚན་པའོ་ཞེས་བྱ་བ་ནི་སྙིང་ག་དང་། ལྐོག་མ་དང་། སྤྱི་བོར་ཡི་གེ་ཧཱུཾ་དང་། ཨཱཿདང་ཨོཾ། ཟླ་བའི་དཀྱིལ་འཁོར་ལ་ཉེ་བར་གནས་པས་མཚན་པའོ། །
དེ་ནས་བསྒོམ་བྱ་བ་ཞེས་བྱ་བ་ནི་གཞལ་ཡས་ཁང་བསྒོམས་པའི་རྗེས་ཐོགས་ལ་བསྒོམ་པར་བྱའོ། །ཚིག་གསུམ་པོ་འདི་དག་ནི་དྲུག་ཅར་ལ་ཡང་སྦྱར་བར་བྱའོ། །སྐུ་གསུང་ཐུགས་ནི་རྡོ་རྗེའི་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་རྡོ་རྗེ་འཆང་བ་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །
Vol. 40 · folio 244a
ལམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པའི་དོན་ཏེ་དྲུག་ཅར་ལ་ཡང་སྦྱར་བར་བྱའོ། །ཚོགས་གཉིས་ནི་ཤེས་རབ་དང་ཐབས་ཀྱི་སྐུ་གཉིས་ཏེ། དེ་དང་ལྡན་པ་ནི་ཞལ་བལྟས་ཏེ་བརྟན་པར་ཀུན་ཏུ་སྦྱོར་བ་དེ་དང་དེ་ཡིས་སོ། །དྲུག་ཅར་ལ་ཡང་འདི་སྦྱར་བར་བྱའོ། །མི་བསྐྱོད་པ་ཡི་རྒྱལ་
མཆོག་དང་། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ། །དཀོན་མཆོག་དཔལ་གྱི་རྒྱ་ཆེན་དང་། ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་ཆེན་པོའོ། །ཚེ་དཔག་མེད་ཅེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ཕྱག་རྒྱ་ཆེན་པོའོ། །འོད་བྱེད་པ་ནི་ནམ་མཁའ་ཁྱབ་པ་ཅན་གྱི་འོད་སྤྲོ་བར་མཛད་པའི་ཕྱིར་ཏེ་འདི་
ནི་དྲུག་ཅར་ལ་ཡང་སྦྱར་བར་བྱའོ། །འོ་ན་དེ་དག་གང་དུ་བསྒོམ་པར་བྱ་ཞེ་ན། སངས་རྒྱས་དཀྱིལ་འཁོར་ལ་བསྒོམ་བྱ། །ཞེས་གསུངས་ཏེ། སངས་རྒྱས་གང་གི་གདན་གྱི་དཀྱིལ་འཁོར་གང་ཡིན་པ་དེ་ལ་བསྒོམ་པར་བྱ་སྟེ། དང་པོའི་གཉིས་ཀྱིས་ནི་ཟླ་བའི་དཀྱིལ་འཁོར་ཡིན་ལ་ལྷག་མ་
རྣམས་ཀྱི་ནི་ཉི་མའི་དཀྱིལ་འཁོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར་སྐུ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་ལ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་སྐུ་དང་གསུང་དང་ཐུགས་སྣང་བ་མེད་པར་བྱེད་པ་སྟེ་མི་བསྐྱོད་པའོ། །འདི་
ལ་ཨིནྡྲ་ནཱི་ལའི་ཁ་དོག་སྟེ་མདངས་དེ་དང་འདྲ་བའི་ཁ་དོག་རྣམ་པ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སྔར་སྐུ་མདོག་ནག་པོ་ཅན་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །འདིས་ཁྱབ་པ་ཉིད་ཀྱི་ཕྱིར་རབ་དང་འབར་བ་སྟེ། འོད་འཕྲོ་བ་ཡོད་པ་ཉིད་ཀྱི་ཕྱིར་རབ་འབར་ཆེའོ། །འདིའི་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་
བསྣམས་པས་ན་རྡོ་རྗེ་བསྣམས་པའོ། །རྣམ་པར་གཙིགས་པ་ལ་འཇིགས་འཇིགས་ལྟ་བ་ནི་མཆེ་བ་ཅུང་ཟད་གཙིགས་པའི་ཕྱིར་དང་། ཁྲོ་བའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་དང་སྐྱེ་བོ་གདུག་པ་རྣམས་སྐྲག་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་དང་བའི་ཕྱིར་ཤེལ་དང་འདྲ་བ་དང་། དཀར་པོར་
སྣང་བ་ཉིད་ཀྱི་ཕྱིར་ཟླ་བའི་འོད་དང་འདྲ་བའི་སྐུ་མདོག་མངའ་བའི་ཕྱིར་དེ་སྐད་ཅེས་བྱ་སྟེ། རྣམ་པར་སྣང་མཛད་དེ་དེ་ཉིད་ནི་སྔར་དཀར་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །ཐོར་ཚུགས་ཅོད་པན་དག་གིས་བརྒྱན་པ་ནི་རལ་པས་སྤྲས་པའི་ཅོད་པན་དེས་བརྒྱན་པའོ། །འཁོར་ལོ་ནི་རྩིབས་བརྒྱད་པའོ། །སྣ་
Vol. 40 · folio 244b
ཚོགས་རྒྱན་ནི་ལྟའི་རྒྱན་དང་གོས་རྣམ་པ་སྣ་ཚོགས་པ་སྟེ་དེ་དག་གིས་མཛེས་པར་བརྒྱན་པའོ། །འཛམ་བུ་ཆུ་བོའི་གསེར་འོད་འདྲ། །ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་ཏེ། དེ་ཉིད་ནི་སྔར་སེར་པོར་བཤད་པ་ཉིད་ཀྱི་ཕྱིར་རོ། །སངས་རྒྱས་རིགས་ཀྱི་སྤྲིན་གྱིས་ཏེ་སྤྲིན་སྤྲོ་བའི་ཚོགས་
ཀྱིས་སོ། །ཀུན་དུ་དཀྲིགས་ཞེས་བྱ་བ་ནི་སྣ་ཚོགས་ཁྱབ་པ་ཡིན་པ་དེ་ལྟར་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་རྩེ་དགུ་སྟེ། ཆ་དགུ་པ་ཅན་གྱི་ཕྱག་མཚན་ཆེན་པོའོ། །དེ་ཉིད་ནི་འདིའི་ཕྱག་མཚན་ཡིན་ནོ། །ཁྱད་པར་ཡང་མརྒད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ནོར་བུ་རིན་
པོ་ཆེ་ལྗང་གུ་འོད་རྒྱུན་མི་འཆད་པས་བརྒྱན་པ་དེའི་ཕྱག་ཏུ་རྣམ་པར་བསྒོམས་ལ། སངས་རྒྱས་ཀྱི་རིགས་ཀྱི་སྤྲིན་གྱི་འོད་ཟེར་རྣམ་པར་འཁྲུག་པར་ཐམས་ཅད་དུ་བསྒོམ་པར་བྱའོ། །འདོད་ཆགས་འབར་ཞེས་བྱ་བ་ལ། འདོད་ཆགས་ནི་ཤེས་རབ་ལའོ། །ཁ་དོག་ལྔའི་འོད་ཟེར་འདི་ལ་མངའ་
བས་ན་འོད་ཟེར་སྣ་ལྔ་པའོ། །འོད་བྱེད་པས་ན་འོད་དེ་གཟི་བརྗིད་འབར་བའོ། །དེ་ཡང་སྐུ་མདོག་ལྗང་གུ་སྟེ་སྔར་དེ་སྐད་དུ་བཤད་པ་ཉིད་ཀྱི་ཕྱིར་རོ། །ཞི་བ་ཞེས་བྱ་བ་ནི་ཞི་བ་དང་། སྒེག་པའི་ཉམས་དང་ལྡན་པའོ། །ཕྱག་གིས་རལ་གྲི་བསྣམས་པ་ནི་ཕྱག་ན་རལ་གྲི་
བསྣམས་པའོ། །དེ་ལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སྣ་ཚོགས་རྒྱན་གྱིས་མཛེས་པར་བརྒྱན། །སངས་རྒྱས་སྤྲིན་གྱིས་ཀུན་ཏུ་དཀྲིགས། །རྣམ་པར་བསྒོམ་པ་ཞེས་བྱ་བ་དང་། དེ་བཞིན་དུ་འོད་ཟེར་སྣ་ལྔ་ཞེས་བྱ་བའི་སྒྲ་ལྔ་ཆར་ལ་ཡང་སྦྱར་བར་བྱའོ། །དེ་ལ་ཞི་བ་སྨོས་
པ་ནི་ཞི་བ་ལ་ཡང་སྟེ་མི་བསྐྱོད་པ་ནི་དྲག་པོའི་ཉམས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །རྡོ་རྗེ་འཛིན་པ་ནི་རལ་པའི་ཐོར་ཚུགས་ཀྱི་སྐབས་སུ་རིན་པོ་ཆེའི་ཅོད་པན་ཏེ་འདིར་བྱེ་བྲག་མ་སྨོས་པའི་ཕྱིར་རོ། །འདིར་ལྔ་པོའི་ཕྱག་མཚན་གསུངས་པ་ཡིན་གྱི་རྡོ་རྗེ་འཆང་བའི་ནི་མིང་ཉིད་ཀྱིས་བསྟན་པ་ཡིན་ནོ། །འདིའི་སྐུ་མདོག་
ནི་ལེའུ་བཅོ་ལྔ་པ་ལས། དེ་ནི་དེ་མ་ཐག་ཏུ་ཡང་། རྣམ་པར་སྣང་མཛད་འོད་འདྲ་ཞིང་། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །སངས་རྒྱས་སྐུ་གསུམ་རྡོ་རྗེ་འཛིན། །ཞེས་འཆད་པར་འགྱུར་རོ། །དེ་བས་ན་རྩ་བའི་ཕྱག་མཚན་ཡིན་ཏེ། དེ་དག་ནི་དེ་དག་གི་ཕྱག་གཡས་པའི་གཉིས་པ་ལ་བལྟ་བར་བྱའོ། །ཐམས་ཅད་
Vol. 40 · folio 245a
ཀྱང་ཕྱག་དྲུག་དང་ཕྱག་མཚན་ལྔ་དང་ལྡན་པ་ཡིན་ནོ། །དེ་ལ་སྐུ་མདོག་དང་ཕྱག་མཚན་གྱི་རིགས་པ་ནི་བདག་གིས་ལེའུ་དང་པོར་བཤད་པ་ཉིད་ཡིན་ནོ། །འདིར་ཡང་ཨིནྡྲ་ནཱི་ལ་ལ་སོགས་པའི་ཚིག་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྣང་བའོ། །རྡུལ་ཕྲ་རབ་ཀྱིས་
བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི་མཆོག་ཏུ་གསལ་བའི་ཕྲ་རབ་རང་བཞིན་དེའོ། །རྒྱལ་བ་རྣམས་ཀྱི་སྐུ་མཆོག་འབར་བ་གང་། །པདྨ་རཱ་ག་དང་ནི་མརྒད་གསེར་དང་ནི། །ཟླ་ཟེར་ཨིནྡྲ་ནཱི་ལའི་འོད་འགྱུར་གང་། །དེ་ཕྱིར་ནོར་བུའི་འོད་ཀྱི་དཔེ་བཅས་ཉིད། །མདོག་སོགས་རིགས་པ་དང་པོར་
འདུས་བྱས་ནས། །འདིར་ནི་ལྷ་རྣམས་ཀྱི་ནི་ཕོ་བྲང་དང་། །སྐུ་དང་རྒྱན་དང་ཕྱག་མཚན་དག་ཡིན་ནོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ། །སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་བྱ་བ་ནི། སྐུ་ལ་སོགས་པའི་ཚོགས་གཅིག་ཏུ་མཁྲེགས་པར་གྱུར་པ་སྟེ། དེ་མཛད་པ་དང་ལྡན་པའོ། །དེའི་ཚེ་བཅོམ་
ལྡན་འདས་ཉིད་རིག་པའི་སྐྱེས་བུའི་སྦྱོར་བས་ཞུགས་ཏེ། ནམ་མཁར་ཆུད་པའི་རྡོ་རྗེའི་ནང་དུ་འདོད་པའི་ཡོན་ཏན་དྲུག་པོའི་གདན་ལ་སྣ་ཚོགས་པ་བསམས་ནས། དེ་ལས་པདྨའི་ནང་དུ་འདོད་པ་ལྔའི་གདན་དང་། དེ་རྣམས་སུ་སྔགས་ལྔ་པོ་སྤྲོས་ཏེ་སྔགས་ཀྱི་འོད་ཟེར་གྱིས་ནམ་མཁའ་ཁྱབ་པའི་རིགས་
ལྔའི་སྤྲིན་སྔགས་ལ་བསྡུས་པ་ནི་སོ་སོར་སྡུད་པ་དང་པོའོ། །དེ་ནས་གདན་ལ་ནི་གདན་རྣམ་པ་སྣ་ཚོགས་པ་བསྔགས་རྣམས་བསྡུས་པ་ནི་གཉིས་པ་སྟེ། འདིར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་དེ་ལ་བསྡུས་པས་ན་སྐུ་རྡོ་རྗེའོ། །དེའི་རྗེས་ལ་སྣ་ཚོགས་པ་ལས་པདྨའི་ལྟེ་བའི་གྲྭ་གསུམ་དུ་
འཁོར་ལོ་དང་པདྨ་དང་རྡོ་རྗེ་རྣམས་ཕྱུང་བ་ནི་བསམ་གཏན་དང་པོའོ། །དེ་རྣམས་ཀྱི་དབུས་སུ་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་པའོ། །མཚན་མ་བཞིའི་ལྟེ་བར་ཡི་གེ་བཞི་ཕྱུང་སྟེ་དགོད་པ་ནི་བསམ་གཏན་གསུམ་པའོ། །རལ་གྲིའི་ལྟེ་བའི་སྙིང་པོར་ཡི་གེ་བཞི་བསྡུས་པ་ལས་བྱུང་
བའི་བདེ་བའི་ཐིག་ལེ་ནི་བསམ་གཏན་བཞི་པ་སྟེ་དེ་ནི་འདིར་གསུང་རྡོ་རྗེའོ། །དེའི་དབུས་སུ་མཚན་མ་བཞི་བསྡུས་པ་ལས་བྱུང་བའི་སེམས་ཀྱི་ཐིག་ལེ་ནི་བསམ་གཏན་ལྔ་པ་སྟེ་དེ་ནི་འདིར་ཐུགས་རྡོ་རྗེའོ། །དེ་དག་ཏུ་མཛད་པ་དང་ལྡན་པས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ། །དེ་བཞིན་
Vol. 40 · folio 245b
ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་དེ་ཉིད་དོ། །གཤེགས་པ་ཞེས་བྱ་བ་ནི་འཁོར་རྣམས་ཀྱིས་དེ་ལྟར་མཁྱེན་པའོ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་རྡོ་རྗེ་ཞེས་བྱ་བ་ལ་ཆོས་ནི་ཡི་གེ་ལྔའི་བདག་ཉིད་ཀྱི་བདེ་བའི་ཐིག་ལེ་གསུང་ཕྲ་མོའོ། །དེའི་དབྱིངས་ནི་ཡེ་ཤེས་ལྔའི་རང་བཞིན་སེམས་ཀྱི་ཐིག་ལེ་
ཐུགས་ཀྱི་ཕྲ་མོ་སྟེ། དེ་འཛིན་པའི་ཕྱིར་རོ། །ངོ་བོ་ནི་བདག་ཉིད་དེ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུར་སྣ་ཚོགས་པ་འདོད་པ་ཐམས་ཅད་ཀྱི་གདན་ལ་གནས་པ་གང་ཡིན་པ་སྟེ། དེ་ཉིད་རང་གི་གདན་དང་བཅས་ནས་སྐུའི་ནོར་བུའི་ཐིག་ལེར་བྱུང་བ་སྐུ་ཕྲ་མོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་
ཡིན་པས་སོ། །ཉིད་ཅེས་བྱ་བ་ནི་དེ་དག་གི་ངོ་བོ་ཉིད་དུ་གྱུར་པ་སྟེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་ནི་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྙོམས་པར་ཞུགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཞེས་བྱ་བར་སྦྱར་ཏེ། སྙོམས་པར་ཞུགས་པར་གྱུར་པ་དེ་ལྟ་
བུར་གྱུར་པ་དེ་བཞིན་དུ་མཁྱེན་པར་གྱུར་པའོ། །སྐུ་དང་གསུང་དང་ཐུགས་ནི་ཕྲ་མོ་རྣམ་པ་གསུམ་མོ། །བྱིན་གྱིས་རློབ་པ་ནི་དེའི་དོན་གྱི་སྔགས་སོ། །སྔགས་ཀྱི་དོན་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་བདག་ཉིད་ཡིན་ནོ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་སྔགས་ཀྱི་
སྔོན་རོལ་དུ་གསུངས་མོད་ཀྱི་དེ་ནི་སྔགས་ཀྱི་འོག་རོལ་དུ་བལྟ་བར་བྱ་སྟེ། དེ་ནས་འདི་ཡང་གསུངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྔགས་གསུངས་སོ་ཞེས་བྱ་བ་ནི། ཨོཾ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་འདི་ཡང་སྟེ་རིན་ཆེན་ཞེས་བྱ་བ་ལ་སོགས་པའོ། །ཁ་དོག་སྣ་ལྔ་པ་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པ་རྣམས་ཀྱི་སྔགས་གང་དུ་ཐིམ་པ་དེ་ནི་ཁ་དོག་སྣ་ལྔ་སྟེ། གདན་དྲུག་དང་བཅས་པའི་སྣ་ཚོགས་པའོ། །དེས་བྱས་པའི་རིན་པོ་ཆེ་གོང་བུ་ཡང་ཁ་དོག་སྣ་ལྔ་པ་སྟེ་བར་ན་ནིའི་སྔགས་ཀྱི་ཡི་གེའོ། །དེ་བཞིན་དུ་ཡང་ཁ་དོག་སྣ་ལྔ་པ་སྟེ་དགའ་མ་རྣམས་དང་བདེ་བ་དག་གང་དུ་གནས་པ་དེ་ནི་ཁ་
དོག་སྣ་ལྔ་སྟེ་བདེ་བའི་ཐིག་ལེའི་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེའོ། །དེ་དག་དང་ལྷན་ཅིག་ཏུ་གྱུར་པས་ན་ཁ་དོག་སྣ་ལྔའོ། །འདིར་བདེ་བའི་ཐིག་ལེ་ཇི་ལྟར་སྔགས་ཡིན་ཞེ་ན། སྔགས་རྣམས་བསྡུས་པས་ན་སྔགས་སོ། །དེ་བཞིན་དུ་རིམ་པ་བཞིན་དུ་ཡང་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱི་
Vol. 40 · folio 246a
ཁ་དོག་དང་བཅས་པས་ཀྱང་ཁ་དོག་སྣ་ལྔ་པ་སྟེ་རིན་ཆེན་ཆེན་པོའོ། །ཡུངས་ཀར་སྦོམ་པོའི་ཚད་ཙམ་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། སྣའི་རྩེ་མོ་ཞེས་བྱ་བ་ནི་བསྒོམ་ཞེས་བྱ་བ་དང་འབྲེལ་ཏོ། །ནན་ཏན་དུ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་སྔགས་ཀྱི་བྱིན་གྱི་རླབས་ཏེ། དེ་ནས་
བསླངས་ལ་སྣའི་རྩེ་མོར་གཞག་པའོ། །འདི་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་ཡན་ལག་གསུམ་པའོ། །སྦྱོར་བ་པ་ཡིས་རྟག་ཏུ་བསྒོམ། །ཞེས་བྱ་བ་ལ་སྦྱོར་བ་རྣམས་ནི་རིག་པ་རྣམས་དང་སྦྱོར་བ་སྟེ། སྙིང་གའི་གདན་ལ་རང་གི་སྔགས་བསམས་ཏེ་དེའི་ཐིག་ལེར་རིན་པོ་ཆེ་ཕབ་ལ་དེར་རིག་པ་རྣམས་
དང་སྦྱར་ནས་ངེས་པར་བསྒོམ་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་དུ་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱ་བ་སྟེ། འདི་ནི་འཛིན་པའི་ཡན་ལག་བཞི་པའོ། །རྗེས་སུ་དྲན་པ་ནི་སྤྲོ་བའོ། །རེ་ཞིག་དེའི་དུས་གསུངས་པ་རིན་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། ཕྲ་མོ་བརྟན་པའི་མཚན་
མ་ནི་ཀུན་དུ་སྣང་བའི་བྱེ་བྲག་དག་ཡིན་ན་སྣང་བའི་བྱེ་བྲག་དེ་དག་འདིར་ཅི་འདྲ་བ་ཞིག་སྣང་ན་མཚན་མ་སྤྲོ་བར་བྱ་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས་རྒྱས་ནི་སྟོང་པ་ཉིད་ཀྱི་ནམ་མཁའ་གསལ་བར་བྱེད་པ་ཡིན་ལ། སྲིན་བུ་མེ་ཁྱེར་ཡང་དེ་དང་འདྲ་བར་ནམ་མཁའ་གསལ་བར་
བྱེད་པས་དེ་སྐད་ཅེས་བྱའོ། །འབར་བ་འདྲ་བའི་འོད་ཅེས་བྱ་བ་ལ་མེ་མར་གྱི་རྩེ་མོ་ལྟ་བུ་སྟེ། ཀུན་དུ་འོད་འབར་བའི་ཕྱིར་རོ། །རབ་མཆོག་ཅེས་བྱ་བ་ནི་སྨིག་རྒྱུ་ལྟ་བུ་སྟེ་རབ་མཆོག་གི་ཆོས་ཅན་གྱི་ནོར་བུ་ལས་བྱུང་བའི་ཕྱིར་རོ། །སྤྲིན་ཞེས་བྱ་བ་ནི་སྤྲིན་དང་འདྲ་བ་སྟེ་དུ་བ་ལྟ་བུའོ། །འོད་ཅེས་བྱ་བ་ནི་འོད་
གསལ་བ་སྟེ། སྤྲིན་མེད་པའི་ནམ་མཁའ་ལྟར་སྣང་བ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་ཞེས་བྱ་བ་ནི་དེ་ནས་རིན་པོ་ཆེ་རྡོ་རྗེ་ནོར་བུར་ཕབ་སྟེ་བཞག་ལ་དེ་ལས་པདྨའི་ནང་དུ་འོད་ཀྱི་ཐིག་ལེ་ཕྱུང་བས་སྐུ་གཉིས་ཀྱི་ནང་དུ་ཁྱབ་པར་བྱས་ཏེ། བ་སྤུའི་བུ་ག་རྣམས་ནས་འཁོར་ལོ་ལ་སོགས་པར་
སྤྲུལ་ཏེ་སྤྲོ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་ཤུགས་ཅན་ཞེས་བྱ་བ་རལ་གྲི་དང་། མཚོན་མཆོག་སྟེ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་རྣམས་ཀྱི་སྤྲིན་དེ་དང་དེ་དག་ནི་སངས་རྒྱས་དང་རྡོ་རྗེ་དང་། ཆོས་དང་རིགས་དང་ཁྲོ་བོ་
Vol. 40 · folio 246b
རྗེས་སུ་དྲན་པ་སྟེ་ལྔའོ། །དྲུག་པ་ནི་དམ་ཚིག་རྗེས་སུ་དྲན་པའོ། །དེ་ཉིད་གསུངས་པ་བྱང་ཆུབ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ་བྱང་ཆུབ་ནི་གཙུག་ཏོར་གྱི་མཚན་མ་དབུས་ན་གནས་པའོ། །སེམས་དཔའ་ནི་བྱང་ཆུབ་དེའི་ངོས་བཞི་ན་གནས་པའི་མཚན་མ་རྣམས་སོ། །དེ་རྣམས་ཀྱི་ཚོགས་ནི་སྤྲིན་
ནོ། །སྤྲོ་བའི་བདག་ཉིད་ཅན་ཞེས་བྱ་བ་ནི་རིན་པོ་ཆེ་དང་དེ་ལས་སྤྲོས་པ་རྣམས་ཀྱང་རྣལ་འབྱོར་པའི་རང་གི་སེམས་ཀྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རྗེས་སུ་དྲན་པའི་རབ་ཏུ་དབྱེ་བ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསུངས་པ། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའི་དབྱིངས་ནི་
ནམ་མཁའ་ཇི་སྙེད་པའོ། །དེའི་དབུས་ན་གནས་པ་ནི་ནམ་མཁའ་ལས་ཆད་པའམ་ལྷག་པ་མེད་པར་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའི་སྟེ་མི་བསྐྱོད་པའི་རྣལ་འབྱོར་པས་འོད་ཀྱི་དཀྱིལ་འཁོར་བསྒོམ་པའོ། །བྲི་བར་བྱ་ཞེས་བྱ་བ་ནི་བསམ་པར་བྱ་བའོ། །བཟླས་དང་
བསྒོམ་པར་བྱ་ཞེས་བྱ་བ་ནི་སྤྲོ་བ་དང་བསྒོམ་པའོ། །རིན་ཆེན་བརྩོན་པ་ཞེས་བྱ་བ་ནི་རིན་ཆེན་ཕྲ་མོའི་དྲན་པ་མ་ཉམས་པས་སོ། །དེ་བཞིན་དུ་གསལ་བ་ནི་རྡོ་རྗེ་འཛིན་པའོ། །དེའི་དཀྱིལ་འཁོར་ནི་གསལ་བའི་དཀྱིལ་འཁོར་ཏེ་དབུས་གནས་ཞེས་བྱ་བ་ནི་ནམ་མཁའི་དབུས་ཏེ། དེའི་རྣལ་འབྱོར་པས་
སོ། །དེ་བཞིན་དུ་འཁོར་ལོ་ནི་རྣམ་པར་སྣང་མཛད་དོ། །དེའི་དཀྱིལ་འཁོར་ནི་དེའི་རྣལ་འབྱོར་པས་ནམ་མཁའ་ཁྱབ་པར་སྤྲོས་ཏེ་བསྒོམ་པའོ། །པདྨ་ནི་སྣང་བ་མཐའ་ཡས་སོ། །དཀྱིལ་འཁོར་འདྲ་བ་ནི་ཀུན་ཏུ་སྣང་བ་སྟེ་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རིན་པོ་ཆེའི་དཀྱིལ་འཁོར་
ནི་རིན་པོ་ཆེའོ། །སྦྱོར་བ་ནི་དོན་ཡོད་པར་གྲུབ་པ་སྟེ་འབྲས་བུར་ངེས་པར་སྦྱར་བས་སོ། །དཀྱིལ་འཁོར་འབྱུང་བ་བྲི་བ་ཞེས་བྱ་བ་ནི་དཀྱིལ་འཁོར་བསྐྱེད་པ་བསམ་པའོ། །ནམ་མཁའ་འདྲ་བའི་གཏེར་ཞེས་བྱ་བ་ནི་མ་ལུས་པའི་གཏེར་དུ་གྱུར་པས་སོ། །འདིར་རྡོ་རྗེ་འཛིན་པ་དང་རྣམ་པར་སྣང་
མཛད་དག་གི་འོད་ཀྱི་དཀྱིལ་འཁོར་ནི་ཟླ་བ་ལྟར་དཀར་བའོ། །གཞན་དག་གི་ནི་ཉི་མ་གཞོན་ནུ་ལྟར་དམར་བའོ། །དེ་ལྟར་རྗེས་སུ་དྲན་པའི་ཡན་ལག་བསྟན་ནས་ཏིང་ངེ་འཛིན་གྱི་ཡན་ལག་གསུངས་པ། འདི་དག་ཅེས་བྱ་བ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་དྲུག་གོ། །སངས་རྒྱས་རབ་ཀྱི་
Vol. 40 · folio 247a
མཆོག་ཅེས་བྱ་བ་ལ་ཁྱབ་པས་ན་རབ་མཆོག་སྟེ་རྟོགས་པའོ། །ཅིའི་ཕྱིར་ཞེ་ན། སྐུ་གསུང་ཐུགས་ནི་བསྒོམ་པ་ཡིས། ཞེས་བྱ་བ་སྟེ། གསང་བ་གསུམ་པོ་རྒྱུད་ཐམས་ཅད་ལ་ཁྱབ་པར་བལྟས་པའམ་བསྐྱེད་པའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་ལས་བྱུང་སྟེ་སེམས་ཀྱི་རིན་པོ་ཆེ་
བརྟན་པར་གྱུར་ནས་ནང་དུ་ཆུད་པར་གྱུར་པའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་འབད་པ་མེད་པར་ཐམས་ཅད་རྟོགས་ཤིང་རིགས་པས་ན་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་གཟུང་བའོ། །དེའི་ཚུལ་གང་ལ་ཡོད་པ་དེ་ནི་རྙེད་པ་སྟེ་དེ་འདི་རྣམས་ལ་ཡོད་པས་ན་ཐམས་ཅད་མཁྱེན་པའི་ཚུལ་རྙེད་
པའོ། །ཚུལ་དེ་ཡང་ཉི་མའམ་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་དཀྱིལ་འཁོར་གྱི་རྣམ་པ་སྟེ་འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡང་དག་པར་རྟོགས་པ་སྟེ། འཁོར་ལོ་དང་རྡོ་རྗེ་
དང་པདྨ་ལ་སོགས་པའོ། །དེ་རྣམས་ཀྱིས་ནམ་མཁའི་ཁམས་ཀུན་དུ་ཁྱབ་པར་སྤྲོས་པའི་དཀྱིལ་འཁོར་གྱི་སྣང་བ་རྣམས་བསྡུས་པ་ནི་རྡོ་རྗེ་བཀོད་པའོ། །དེ་ཉིད་ནི་ཏིང་ངེ་འཛིན་ཏེ་དེ་གསལ་བར་བྱེད་པའི་ལེའུ་ལ་སྟེ་དེ་སྐད་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་གསུམ་
པའོ།། །།དངོས་གྲུབ་མཆོག་གི་ཐབས་གསུམ་པ་ནི་སྒྲུབ་པ་ཡིན་ཏེ། དེའི་མཚན་ཉིད་ནི་སློབ་དཔོན་སྤྱིའི་ལས་དང་དངོས་གྲུབ་དང་བརྟུལ་ཞུགས་དང་སྡོམ་པ་རྣམས་སོ། །མཚན་ཉིད་དེ་བསྟན་པ་ཡང་སྒྲུབ་པའི་སྡོམ་པའོ་ཞེས་བསྙེན་པའི་ཚིགས་སུ་བཅད་པའི་མཐར་གསུངས་པ་ཡིན་ཏེ། ཆོས་
འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་གི་དབུས་ཀྱི་སྟན་ལ་རང་ཉིད་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་འཛིན་པར་བསྒྱུར་ཏེ། འདོད་ཆགས་ཆེན་པོའི་ཚུལ་ལ་སོགས་པའི་རིམ་གྱིས་པདྨའི་ནང་དུ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་སྤྲུལ་ཏེ་དེའི་དབུས་སུ་འཁོར་ལོ་དང་བཅས་པའི་རང་གི་ལྷའི་ཡེ་
ཤེས་སེམས་དཔའ་བཀོད་ལ། དེ་ལ་བྱང་ཆུབ་སེམས་དཔའ་རྣམ་ལྔས་དབང་བསྐུར་བ་རྣམ་པ་གསུམ་སྦྱིན་པ་ནི་སློབ་དཔོན་སྤྱིའི་ལས་སོ། །དེ་ནས་རང་གི་ལྷའི་ལུས་གཉིས་སུ་བསྐྱེད་པ་ལ་སོགས་པ་ནས་རིགས་ཀྱི་བདག་པོའི་དབང་བསྐུར་བའི་བར་དུ་ནི་དངོས་གྲུབ་པོ། །བརྟུལ་ཞུགས་ནི་རིག་པའི་
Vol. 40 · folio 247b
བརྟུལ་ཞུགས་སོ། །མཆོད་པ་དང་བསྟོད་པ་ལ་སོགས་པའི་ལས་ནི་སྡོམ་པའོ། །དེ་དག་ནི་སྒྲུབ་པའི་སྡོམ་པ་ཞེས་བྱ་སྟེ། མངོན་པར་རྟོགས་པའི་སྒྲུབ་པ་གཏན་ལ་ཕབ་པའོ། །སློབ་དཔོན་གྱི་ལས་ཐམས་ཅད་དང་དངོས་གྲུབ་ཐམས་ཅད་ཡོངས་སུ་ཤེས་པར་བྱ་བ་དང་རིག་པའི་བརྟུལ་
ཞུགས་བཟུང་བ་དང་། བཟའ་བ་དང་བསྲུང་བ་ལ་སོགས་པ་འདི་ཡང་སྒྲུབ་པའི་སྡོམ་པ་སྟེ། དམ་ཚིག་གི་སྒྲུབ་པའོ། །དེ་ལ་མངོན་པར་རྟོགས་པ་ནི་ལེའུ་དང་པོར་བསྟན་ལ་དམ་ཚིག་ནི་བཞི་པ་དང་བཅུ་དྲུག་པ་དང་བརྒྱད་པ་དང་བཅུ་གཉིས་པ་རྣམས་སུ་སྟོན་ཏོ། །དེ་གཉིས་ཀ་ལེའུ་གཞན་དག་ལས་ཀྱང་
ཞར་ལ་བྱུང་བས་སྟོན་པར་རྗེས་སུ་དཔག་པར་བྱའོ། །དེ་ལ་དཀྱིལ་འཁོར་བྲི་བ་ནི་སློབ་དཔོན་གྱི་ལས་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་། དཀྱིལ་འཁོར་དག་དང་མི་ལྡན་ཞིང་། །དམ་ཚིག་རྣམས་ནི་སྤངས་པ་དང་། །གསང་བའི་དེ་ཉིད་མི་ཤེས་པས། །བསྒྲུབས་ཀྱང་ཅི་ཡང་མི་
འགྲུབ་པོ། །ཞེས་གསུངས་པ་དང་། གཞན་ཡང་། དཀྱིལ་འཁོར་དག་ཏུ་མ་ཞུགས་ཤིང་། །དབང་བསྐུར་བ་ཡང་མ་ཐོབ་ལ། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་དང་། །མཚན་མ་རྣམ་པ་སྣ་ཚོགས་པ། །སྦྱིན་མི་བྱ་བར་གང་གསུངས་པ། །དེ་ཕྱིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་
གསུངས་པ་ཡིན་ནོ། །དེ་བས་ན་སྒྲུབ་པའི་དཀྱིལ་འཁོར་དང་དམ་ཚིག་གི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་ལེའུ་བཞི་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་གི་སྒྲ་ནི་ལེའུ་དང་པོར་གསུངས་པའི་འདུས་པ་ལ་ལྟོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་
གྱི་དབང་ཕྱུག་གོ། །དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་བདག་པོ་ནི་དེ་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་དག་པའི་ཡོན་ཏན་བརྗོད་པའི་ཕྱིར་བསྟོད་པའོ། །སྙིང་པོ་བསྡུ་བའི་དོན་ནི་དཀྱིལ་འཁོར་གྱི་དོན་ཏོ། །དེ་ལ་ཚིགས་སུ་བཅད་
པ་དང་པོས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་སྐུ་དང་གསུང་བསྡུས་པའི་དོན་གྱི་དཀྱིལ་འཁོར་ལ་བསྟོད་པ་ཡིན་ནོ། །ཚིགས་སུ་བཅད་པ་གསུམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པས་སྙིང་པོའི་དོན་དང་། ཕུན་སུམ་
Vol. 40 · folio 248a
ཚོགས་པ་དེ་དག་ཉིད་ཀྱིས་ཀུན་དུ་བཟང་པོའི་སྒྲ་རེ་རེས་བཅོམ་ལྡན་འདས་ལ་ཡང་བསྟོད་པ་ཡིན་ནོ། །བཤད་དུ་གསོལ་ཞེས་བྱ་བ་ནི་གསོལ་བ་གདབ་པའི་ཚིག་ཡིན་ཏེ། བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་གསང་
བ་འདུས་པའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཀུན་ཞི་བའི་རང་བཞིན་ཡིན་ཏེ། དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་རྣམ་པར་དག་པ་རྟག་པའི་སྐུ་ཡིན་ནོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས་ནི་ཆགས་པའི་གནས་ཏེ་ལྷ་མོ་བཞིའི་རང་བཞིན་ཡིན་
པས་ན་ཆོས་ཀྱི་ལོངས་སྤྱོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་ཆོས་ཀུན་ནོ། །དེ་རྣམས་ཀྱི་བདག་མེད་པ་མཆོག་ནི་ཁྲོ་བོ་བཞིའི་རང་བཞིན་ཡིན་པས་ན་ཤིན་ཏུ་སེམས་ཙམ་ཉིད་དེ་གཉིས་སུ་སྣང་བ་ཡོངས་སུ་ཟད་པའོ། །མཆོག་ནི་
མཆོད་པའི་ལྷ་མོ་དྲུག་གི་རང་བཞིན་གྱི་མཆོད་པར་བྱ་བ་ཉིད་ཡིན་པའི་ཕྱིར་མཆོག་སྟེ་དེ་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །མཚན་རྣམས་ནི་སྐུའི་ཡོན་ཏན་ཡང་དག་པར་རྫོགས་པའོ། །མཚན་མིན་ཐམས་ཅད་དེ་སྐུའི་ཉེས་པ་རྣམས་ཡང་དག་སྤངས་པའོ། །སྐུའི་ཡོན་ཏན་དེ་དག་ཉིད་
ཀྱིས་ཐམས་ཅད་དུ་བཟང་བ་ཉིད་ཀྱི་ཕྱིར་ཀུན་དུ་བཟང་པོའོ། །སྐུའི་མཆོག་ནི་སྐུའི་སྙིང་པོར་གྱུར་པ་སྟེ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཆོས་ནི་མཆོག་སྟེ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ལས་བྱུང་བ་ནི་དེའི་རྒྱུ་མཐུན་
པའོ། །ཡེ་ཤེས་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སྤྱོད་པའོ། །དེ་རྣམ་པར་སྦྱང་བ་ནི་དེ་རྣམ་པར་དག་པའི་ཕྱིར་དམིགས་པའོ། །གསུང་གི་ཡོན་ཏན་དེ་དག་ཉིད་ཀྱིས་ནི་ཀུན་དུ་བཟང་པོའོ། །གསུང་གི་མཆོག་འདི་གསུང་གི་སྙིང་པོ་སྟེ། ལྷ་མོ་བཞིའི་རང་བཞིན་ཡིན་
པས་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་དེ་བཞིན་ཉིད་དུ་རོ་གཅིག་པ་ཅན་སྣང་བ་མེད་པའི་སེམས་སོ། །གློ་བུར་བའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་ན་དག་པའོ། །རང་བཞིན་གྱིས་རྣམ་པར་དག་པ་ཡིན་པས་ན་རང་བཞིན་
Vol. 40 · folio 248b
དྲི་མ་མེད་པའོ། །ཐུགས་ཀྱི་ཡོན་ཏན་དེ་དག་ཉིད་ཀྱིས་ན་ཀུན་དུ་བཟང་པོའོ། །འདུལ་བར་འོས་པའི་སྐྱེས་བུ་རྣམས་ཡང་དག་པར་གདུལ་བར་མཛད་པས་ན་ཁ་ལོ་སྒྱུར་བའོ། །ཐུགས་ཀྱི་མཆོག་ནི་ཐུགས་ཀྱི་སྙིང་པོ་སྟེ་ཁྲོ་བོ་བཞིའི་རང་བཞིན་ཡིན་པས་ན་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་
དམ་པ་བཤད་དུ་གསོལ། །ཞེས་བྱ་བ་ནི་དཀྱིལ་འཁོར་གསུངས་ཤིག་ཅེས་བྱ་བའི་དོན་ཏོ། །འདི་དག་གིས་ནི་འདི་སྐད་དུ་ཡང་སྟོན་ཏེ། དབུས་ཀྱི་བདག་པོའི་རྣལ་འབྱོར་པ་སློབ་དཔོན་ལ་ཕྱོགས་ཀྱི་སངས་རྒྱས་ཀྱི་རྣལ་འབྱོར་པ་སློབ་མ་བཞིས་དཀྱིལ་འཁོར་བྲི་བའི་ཕྱིར་བསྟོད་པ་འདིས་
གསོལ་བ་གདབ་པོ་ཞེས་སྔོན་གྱི་སློབ་དཔོན་ཐམས་ཅད་བཞེད་དོ། །ལ་ལ་དག་ནི་བསམ་གཏན་གྱི་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར། ཡང་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱེད་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་ཕྱོགས་བཅུ་ནས་བྱོན་པའི་དེ་བཞིན་གཤེགས་
པ་རྣམས་ཀྱིས། འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྡོ་རྗེ་སྙིང་པོ་བསྡུས་པ་ཉིད། །དེ་ཉིད་བཅོམ་ལྡན་བཤད་དུ་གསོལ། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཅིག་གིས་གསོལ་བ་གདབ་པར་བྱ་ཞིང་དེ་ནས་འདི་ལྟར་དང་པོ་དང་བཅས་པའི་ཚིགས་
སུ་བཅད་པ་གསུམ་པོ་འདི་དག་གིས་རེ་རེ་ནས་འདུས་པའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཅན་དུ་བསྟོད་དོ་ཞེས་སྨྲའོ། །གཞན་དག་ན་རེ་དཀྱིལ་འཁོར་གསུམ་དང་པོ་དང་བཅས་པའི་ཚིགས་སུ་བཅད་པ་འདི་གསུམ་གྱིས་རེ་རེ་ནས་བསྟོད་པར་བྱའོ་ཞེས་སྨྲས་ཏེ། དེ་ནི་བདེན་པ་མ་ཡིན་
ནོ། །དེ་ལྟར་ན་ཚིགས་སུ་བཅད་པ་བཞིས་གསོལ་བ་གདབ་པས་དཀྱིལ་འཁོར་གསུམ་ཆར་ཡང་བྲི་བ་དང་། སྟོན་པ་ཐོབ་པར་འགྱུར་ཏེ། གསུམ་ཆར་ཡང་གསོལ་བ་འདེབས་པའི་ཚིག་དང་འབྲེལ་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་འདི་ལས་འཇིག་རྟེན་གསུམ་པའི་
སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར་འབྱུང་བས་ན་འཇིག་རྟེན་གསུམ་སྟེ། དེ་ཉིད་ཀྱི་ཚེ་རང་གི་སེམས་ལས་དཀྱིལ་འཁོར་ཆེན་པོ་སྤྲོས་པའི་ཕྱིར་རོ། །འདི་ལས་ཁམས་གསུམ་པོ་སྟེ་དེ་རྣམས་ཉིད་ཀྱི་ཁམས་འབྱུང་བས་ན་ཁམས་གསུམ་པ་སྟེ་དེ་ལས་དང་པོ་ཁོ་ནར་བྲི་བ་དང་འདྲ་བའི་རྟེན་གྱི་
Vol. 40 · folio 249a
དཀྱིལ་འཁོར་སྤྲུལ་པའི་ཕྱིར་རོ། །འཇིག་རྟེན་གསུམ་མཆོག་རྡོ་རྗེ་གཙོ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་པོ་དེ་དག་ཉིད་ནི་རྡོ་རྗེ་མཆོག་གི་ནང་ནས་མཆོག་རེ་རེ་ལ་བསྡུས་པའི་དེའི་རང་བཞིན་ཅན་གྱི་མཚན་མ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་མཆོག་སྟེ་བདག་ཉིད་
དབུས་མའི་གདན་ལ་མི་བསྐྱོད་པའི་མཚན་མའི་རྣམ་པར་བསྡུས་ནས་དེ་དག་གི་ཕྱག་མཚན་བསྡུས་པ་གནས་ཇི་ལྟ་བ་བཞིན་དུ་འཇོག་པའི་ཕྱིར་རོ། །དེ་ལྟར་མངོན་སུམ་དུ་བསྟན་པའི་འཇིག་རྟེན་གསུམ་གྱི་རྗེས་ལ་ལུས་ཐོབ་ནས་གསུང་གིས་སྟོན་པ་ནི་འཇིག་རྟེན་གསུམ་མཆོག་སྟོན་པས་
སོ། །དེ་བཞིན་གཤེགས་པ་ཀུན་གྱི་ཐུགས། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཐུགས་གང་ཡིན་པའི་ངོ་བོ་སྟེ་དེ་ཡང་མི་བསྐྱོད་པའོ། །མི་བསྐྱོད་པ་དེ་ཡང་བསམ་གཏན་གྱི་གནས་ལ་གནས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་པའོ། །དཀྱིལ་
འཁོར་ཞེས་བྱ་བ་ནི་གསང་བ་འདུས་པའོ། །དཀྱིལ་འཁོར་འདྲ་བ་ཞེས་པ་ནི་བྲིས་པའི་དཀྱིལ་འཁོར་འདྲ་བའོ། །དཀྱིལ་འཁོར་རབ་ཏུ་ཉམས་དགའ་བ། །ཞེས་བྱ་བ་ལ་ཞི་གནས་ཀྱི་ཆ་ཡིས་སྙིང་པོ་བསྡུས་པས་ན་དཀྱིལ་འཁོར་རོ། །ལྷག་མཐོང་གི་ཆ་ཡིས་དགའ་མ་བསྡུས་པས་ན་
ཉམས་དགའ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་འཆང་བས་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་ཉིད་དུའོ། །རབ་ཏུ་བཤད་པར་བྱ་བ་སྟེ་ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ། །དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་སློབ་དཔོན་གྱིས་དཀྱིལ་འཁོར་བྲིས་ལ་
དངོས་གྲུབ་བསྒྲུབ་པར་བྱ་བ་དང་། གཞན་རྗེས་སུ་གཟུང་བར་བྱ་བ་ཡིན་པ་དེའི་ཕྱིར་རོ། །ཐུགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་མི་བསྐྱོད་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་རོ། །འོ་ན་ཅིའི་ཕྱིར་དཀྱིལ་འཁོར་གཅིག་ཁོ་ན་འཆད་ཅེ་ན། དཀྱིལ་འཁོར་གཅིག་བྲི་བ་ལ་ཡང་ཚིགས་སུ་བཅད་པ་བཞིས་
གསོལ་བ་གདབ་པར་བསྟན་པའི་དོན་ཉིད་ཡིན་ནོ། །སྐུ་དང་གསུང་དང་ཐུགས་རྣམས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་གྱི་ངོ་བོ་ཉིད་དོ། །ཐུགས་ཀྱི་རྡོ་རྗེ་རབ་འདྲ་བ། །ཞེས་བྱ་བ་ནི་ཐུགས་ལས་བྱུང་བའི་རྡོ་རྗེ་གང་ཡིན་པ་དེ་བསྟན་པའི་ཕྱག་མཚན་གྱི་དཀྱིལ་འཁོར་ཏེ་དེ་དང་འདྲ་བ་ནི་
Vol. 40 · folio 249b
མཐུ་མཚུངས་པའི་ཕྱིར་རོ། །ཇི་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱི། །འཁོར་ལོ་མངོན་སུམ་མཐོང་བ་ལས། །བསོད་ནམས་རྟག་པ་ཅི་འདྲ་བར། །ཕྱིས་བྲིས་པ་ཡང་དེ་བཞིན་ནོ། །ཞེས་གསུངས་པ་ལྟ་བུའོ། །
ལུས་ངག་སེམས་ནི་བསྒོམས་པ་ཡིས། །ཞེས་བྱ་བ་ནི། ལུས་དང་ངག་དང་སེམས་མི་བསྐྱོད་པར་བདག་ཉིད་བསྒོམས་པའོ། །ཤེས་རབ་ཅན་གྱི་ཞེས་བྱ་བ་ནི་ཆོ་ག་མཐོང་ཞིང་ལས་རྣམས་ལ་མ་རྨོངས་པ་སྟེ་གཞན་དག་ལ་ཡང་འདི་སྦྱར་བར་བྱའོ། །ཐིག་སྐུད་སར་པ་ཞེས་བྱ་བ་ནི་གཞན་
དུ་ལོངས་སྤྱོད་པའོ། །ལེགས་བཀལ་བ་ཞེས་བྱ་བ་ནི་ཡང་དག་པར་བསྒྲིལ་བའོ། །ཚད་མ་ཞེས་བྱ་བ་ནི་ཆུར་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་ལ། སྦོམས་ནི་སྒོའི་ཉི་ཤུ་ཆའོ། །རབ་ཏུ་མཛེས་པ་ཡིས་ཞེས་བྱ་བ་ནི་མདུད་པ་ལ་སོགས་པའི་ཉེས་པ་དང་བྲལ་བས་སོ། །ཁྲུ་ནི་བཅུ་གཉིས་ཞེས་
བྱ་བ་ནི་ངོས་བཞི་འམ་ངོས་རེ་རེའོ། །སྒྲུབ་པའི་དཀྱིལ་འཁོར་ལ་ངེས་པ་ཡིན་གྱི་དམ་ཚིག་གི་དཀྱིལ་འཁོར་ལ་ནི་འབྱོར་པ་ཇི་ལྟ་བ་བཞིན་དུ་ཁྲུ་གང་ནས་བརྩམས་ཏེ་ཁྲུ་སྟོང་གི་བར་དུའོ། །ངོས་བཞི་ཞེས་བྱ་བ་ནི་ཕྱོགས་བཞིའི་རེ་ཁཱ་བཞིའོ། །གྲྭ་བཞིར་ལྡན་ཞེས་བྱ་བ་ནི་དེ་རྣམས་ཀྱི་གཉི་གའི་
མཐའ་ཕན་ཚུན་འབྲེལ་པའི་ཕྱིར་རོ། །སྒོ་བཞི་པ་ནི་ལོགས་སོ་སོའི་དབུས་སུ་སྒོ་དང་ལྡན་པའི་ཕྱིར་རོ། །རབ་ཏུ་བརྟག་ཅེས་བྱ་བ་ནི་བྲི་བར་བྱ་བའོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་བྲིས་ནས་དེའི་དབུས་སུ་འཁོར་ལོ་ནི་དཀྱིལ་འཁོར་ཏེ་བྲི་བར་བྱའོ། །རབ་ཏུ་ཟླུམ་པོ་ནི་ཀུན་ནས་ཟླུམ་
པའོ། །འདིས་ནི་འདི་སྐད་དུ། ཟུར་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་མཛེས། །ཐིག་བཞི་དང་ནི་ཡང་དག་ལྡན། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །གྲྭ་ཡི་མཚམས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་སུ་ཡང་། །རྡོ་རྗེ་རིན་ཆེན་སྤྲས་
པར་ནི། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་འདྲ་བ་ལ། །ཕྱི་ཡི་དཀྱིལ་འཁོར་ཕྱེད་ཀྱི་ཚད། །ཀུན་ནས་ཡོངས་སུ་ཟླུམ་པོར་བྱ། །ཀ་བའི་རྩེ་མོར་རྡོ་རྗེས་སྤྲས། །རྡོ་རྗེའི་ཕྲེང་བ་བཟང་པོས་བསྐོར། །དེ་ནས་ཧཱི་དང་ཁྲོ་བོ་
Vol. 40 · folio 250a
ཡི། །ལྟ་བས་སྒོ་ནི་རྣམ་པར་དབྱེ། །སྒོ་ནི་ཁ་ཁྱེར་མ་གཏོགས་པའི། །འཁོར་ལོའི་བརྒྱད་ཆར་བཤད་པ་ཡིན། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །དེ་བཞིན་ལྷ་ཡི་སྣམ་བུ་དང་། །ཀུན་ནས་ཁ་ཁྱེར་སྒོ་ཡི་ཕྱེད། །ལོགས་དང་འགྲམ་དང་དེ་བཞིན་ནོ། །རྩ་བའི་ཐིག་སའི་ཕྱི་
རོལ་དུ། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །ཁ་ཁྱེར་རེ་ཁཱ་ལ་བརྟེན་ནས། །རྟ་བབས་ཀ་བས་ཕྱིན་ཚད་དུའོ། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །དར་སོགས་སྣམ་བུའང་དེ་བཞིན་ནོ། །རྡོ་རྗེ་ལ་སོགས་ཀ་བའི་ཐིག །ས་ནི་ཚོན་གྱི་ཆ་དང་མཉམ། །བ་དན་གཡེར་ཁ་དང་ལྡན་པ། །རྟ་བབས་སྒོ་ཡི་
སུམ་འགྱུར་ཏེ། །གཡེར་བཅས་རླུང་གིས་བསྐྱོད་པ་ཡི། །བ་དན་ཕྱི་ཡི་མཚམས་སུ་བྱ། །གཞན་དག་འཁོར་ལོའི་རྗེས་མཐུན་པར། །ཇི་ལྟར་མཛེས་པར་རྣམ་པར་བརྟག །ཅེས་སྟོན་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གཞིའི་དཀྱིལ་འཁོར་བྲིས་
པའི་འོག་ཏུའོ། །ལས་ཀྱི་ཆོ་ག་མཐོང་བ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ་དང་དཔལ་མཆོག་དང་པོ་ལ་སོགས་པ་དང་། རྒྱུད་འདིའི་སྤྱི་དང་ཁྱད་པར་ལ་སོགས་པའི་ཚུལ་ནི་ཆོ་ག་ཡིན་ལ་ཆོ་ག་དེས་ངེས་པར་བྱས་པ་ནི་ལས་ཀྱི་ཆོ་ག་མཐོང་བའོ། །དོན་ནི་རྒྱུད་འདིར་ལས་ཀྱི་ཇི་
སྐད་གསུངས་པ་གང་ཡིན་པ་དེ་ནི་དེ་བཞིན་དུ་གཟུང་བར་བྱའོ། །མ་གསུངས་པ་གང་ཡིན་པ་དེ་ནི་རིགས་པ་ཇི་ལྟ་བ་བཞིན་དུ་རྒྱུད་གཞན་དག་ལས་གཟུང་བར་བྱའོ། །དེ་ལས་ཅུང་ཞིག་བླངས་པ་ཡང་གསང་བ་འདུས་པའི་དཀྱིལ་འཁོར་དང་རྗེས་སུ་མཐུན་པར་ཡོངས་སུ་བསྒྱུར་བར་བྱའོ་ཞེས་
བྱ་བ་ཡིན་ནོ། །འདི་དག་ཀྱང་ཐམས་ཅད་ལ་སྦྱར་བར་བྱའོ། །ལས་ཀྱི་ཆོ་ག་མཐོང་བ་དེ་ཡང་དཀྱིལ་འཁོར་གྱི་ཆོ་ག་ཤིན་ཏུ་རྒྱས་པར་བྱའོ། །ཕྱག་རྒྱ་དགོད་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱི་གཟུགས་བརྟན་པ་ཏིང་ངེ་འཛིན་ལས་བྱུང་བའི་སེམས་ཀྱི་རྣམ་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དབྱེ་བས་
ཕྱག་རྒྱ་སྣ་ཚོགས་ཡོད་མོད་ཀྱི་འདིར་ནི་ཕྱག་མཚན་གྱི་ཕྱག་རྒྱ་ཉིད་གཟུང་བར་བྱའོ། །དེའི་དགོད་པ་ནི་རང་གི་གནས་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་བྲི་བའོ། །དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ། །དབུས་ཞེས་བྱ་བ་ནི་ནང་གི་
Vol. 40 · folio 250b
དཀྱིལ་འཁོར་གྱི་དབུས་མའི་རེའུ་ཆའོ། །རྡོ་རྗེ་ནི་མི་བསྐྱོད་པའི་ཕྱག་མཚན་ནོ། །ཨིནྡྲ་ནཱི་ལ་ནི་སྔོ་བའོ། །རྩེ་ལྔ་པ་ནི་ཅུང་ཟད་ཁ་གྱེས་པ་རྩེ་མོ་ཤར་དུ་བལྟས་པའོ། །འཇིགས་པ་ནི་འཇིགས་པར་བྱེད་པའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཤར་དང་ལྷོ་དང་ནུབ་དང་བྱང་གི་རེའུ་
ཆ་རྣམས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པའི་མཚན་མ་རྩེ་མོ་ཤར་ལ་སོགས་པར་བལྟ་བར་བྱ་སྟེ། གོ་རིམས་བཞིན་དུ་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་། རིན་པོ་ཆེ་ཆ་དགུ་པ་ལྗང་གུ་དང་། པདྨ་འདབ་མ་བརྒྱད་པ་དམར་
པོ་དང་། རལ་གྲི་ནམ་མཁའ་ལྟར་སྔོ་བསངས་བྲི་བར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། ཕྱོགས་གང་གི་ནི་མཚན་མ་གང་། །དེ་ལྟར་དེ་ནི་བྲི་བར་བྱ། །དཀྱིལ་འཁོར་བདག་པོའི་མཚན་མ་ནི། །ཤར་དུ་ལྟ་བར་བྲི་བར་བྱ། །འདིར་ཡང་རྡོ་རྗེ་འབར་བ་ལ་སོགས་པའི་སྒྲས་ནི་འབར་བ་ཆེན་
པོ་ཉིད་སྟོན་ཏོ། །དབུས་ན་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་བཞིའི་ཕྱག་མཚན་བསྟན་པའི་ཕྱིར། ཤར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤར་ལ་སོགས་པའི་མཚམས་ལ་ཤར་ལ་སོགས་པ་ཐ་སྙད་དུ་བྱས་པ་ཡིན་ཏེ་ཤར་གྱི་མཚམས་ཡིན་པས་ཤར་གྱི་ཕྱོགས་སོ། །དེ་
བཞིན་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ཏེ་མེ་ལ་སོགས་པའི་མཚམས་ཞེས་བྱ་བའི་དོན་ཏོ། །སྤྱན་ཞེས་བྱ་བ་ནི་མིག་དཀར་པོ་ལ་མིག་འབྲས་ནག་པོ་ཡོད་པ་སྟེ། འདི་ལྟར། དབུས་ནི་སྤྲིན་དང་འདྲ་བའི་འོད། །ཅེས་གསུངས་པ་ཡིན་ཏེ། འདི་ལ་དབུས་ན་སྤྲིན་དང་འདྲ་བའི་འོད་དང་ལྡན་པས་ན་ཞེས་
བྱ་བ་ནི་འབྲུ་མང་པོ་པའོ། །ལྷོ་ཕྱོགས་ཀྱི་མཚམས་གང་ཡིན་པ་དེར་ནི་རྡོ་རྗེ་མཱ་མ་ཀཱིའི་རིགས་ཞེ་སྡང་ཡིན་ཏེ། དེ་ལས་བྱུང་བ་ནི་དེའི་རང་བཞིན་ཅན་ཡིན་ཏེ་རྩེ་ལྔ་པ་ནག་པོ་ཞེས་བྱ་བའི་དོན་ཏོ། །ཁ་བྱེ་བ་ཞེས་བྱ་བ་ནི་པདྨ་དམར་པོ་ཁ་རྒྱས་པའོ། །སྡོང་བུར་བཅས་ཞེས་བྱ་བ་ནི་ཡུ་བ་དང་
བཅས་པའོ། །མཐིང་གའི་སྤྲིན་དང་འདྲ་བར་བྲི། །ཞེས་བྱ་བ་ནི་སྒྲོལ་མའི་ཕྱག་མཚན་བྲི་བའི་དཀྱིལ་འཁོར་དུ་ནི་ཨུཏྤ་ལ་སྔོན་པོ་ཉིད་ཡིན་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་ནི་ཨུཏྤ་ལ་སེར་པོར་འཆད་པར་འགྱུར་རོ། །སྒོ་སྲུང་རྣམས་ཀྱི་ཕྱག་མཚན་ནི་ཐོ་བ་ཞེས་བྱ་བ་ལ་སོགས་པ་
Vol. 40 · folio 251a
གསུངས་ཏེ། རྡོ་རྗེ་ཐོ་བ་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ཐོ་བ་སྔོན་པོའོ། །འབར་བ་རྣམས་ཀྱི་འོད་གསལ་བ་ནི་འབར་བའི་འོད་གསལ་བའོ། །ལྷོ་ཕྱོགས་ཀྱི་སྒོ་གང་ཡིན་པ་དེར་ནི་བེ་ཅོན་དཀར་པོ་རྡོ་རྗེས་མཚན་པ་སྟེ། ཉོན་མོངས་པ་ལ་སོགས་པ་འཇིག་པར་བྱེད་པའི་འབར་བ་ནི་
རྡོ་རྗེ་འབར་བའོ། །སོགས་པའི་སྒྲས་ནི་རྡོ་རྗེ་མཚན་པ་སྟེ་དེས་འོད་བཟང་བའོ། །མ་དག་པ་གཅོད་པར་བྱེད་པའི་འབར་བ་ནི་རལ་གྲི་ལྟར་འབར་བ་སྟེ། དེས་འོད་བྱེད་པ་ནི་སྣང་བར་བྱེད་པའོ། །རྡོ་རྗེ་འཁྱིལ་པ་ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའོ། །དེ་ཉིད་ནི་རྡོ་རྗེ་ཅན་ཏེ་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་
པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རོ། །དེའི་རྡོ་རྗེ་ནི་སྔོན་པོ་སྟེ་རྩེ་ལྔ་པ་ཁ་གྱེས་པའོ། །མཆོད་པའི་ལྷ་མོ་རྣམས་ཀྱི་མཚན་མ་ནི་ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞི་དང་། རྩ་བའི་སྒོ་ལོགས་གཉིས་ལ་གོ་རིམས་བཞིན་དུ་མེ་ལོང་དང་པི་ཝང་དང་དྲིའི་སྣོད་ཀྱི་དུང་དང་རོའི་སྣོད་
དང་གོས་སྣ་ཚོགས་དང་ཆོས་འབྱུང་བ་བྲི་བར་བྱ་སྟེ། ལེའུ་བཅོ་བརྒྱད་པ་ལས། མེ་ལོང་པི་ཝང་དུང་ཆོས་དང་། །དེ་བཞིན་སྣོད་དང་སྣ་ཚོགས་རས། །ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག །རྡོ་རྗེའི་བདག་པོ་རྡོ་རྗེ་ཅན། ཞེས་གསུངས་པའི་ཕྱིར་རོ། །ཡོངས་སུ་གསལ་བར་ཞེས་བྱ་བ་ནི་ཡོངས་
སུ་རྫོགས་པ་དང་གསལ་བའོ། །ལུས་དང་ངག་སེམས་མཆོད་པ་ཡིས། །ཞེས་བྱ་བ་ནི་ལུས་ཀྱི་དང་ངག་གི་དང་སེམས་ཀྱི་མཆོད་པ་རྣམས་ཀྱིས་སོ། །བུད་མེད་ཅེས་བྱ་བ་ནི་འདོད་ཅན་མའོ། །འདི་ལ་མདངས་དང་ལྡན་པའི་ཁ་དོག་མཛེས་པ་ཡོད་པས་ན་རབ་ཏུ་མདངས་བཟང་བའོ། །
ལོ་གྲངས་བཅུ་དྲུག་ལོན་ཞེས་བྱ་བ་ནི་ལོ་བཅུ་དྲུག་ལོན་པའོ། །དྲི་དང་མེ་ཏོག་ཕྲེང་བརྒྱན་ཏེ། །ཞེས་པ་ནི་དྲི་དང་ཕྲེང་བ་མང་པོ་ནི་དགའ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོན་ཏན་སྐ་རགས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ལས་ནོར་བུའི་འོག་པག་བྱས་པར་མོས་པར་བྱའོ། །དེ་ཡང་ཅིའི་ཕྱིར་
ཞེ་ན། སངས་རྒྱས་ཀྱི་ཡོན་ཏན་རྣམས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བརྟེན་པ་ཉིད་ཀྱི་ཕྱིར་དང་རིན་པོ་ཆེར་གྱུར་པ་ཉིད་ཀྱི་ཕྱིར་རོ། །མཱ་མ་ཀཱིར་བྱིན་གྱིས་བརླབས་ལ་ཞེས་བྱ་བ་ནི་སྙིང་གར་ཟླ་བ་དང་། ཕྱག་མཚན་ལ་སོགས་པའི་རིམ་གྱིས་མཱ་མ་ཀཱིའི་གཟུགས་སུ་བསྐྱེད་པ་ལ་
Vol. 40 · folio 251b
སོགས་པ་དང་། མིག་ལ་སོགས་པ་དང་། སྐུ་ལ་སོགས་པ་དང་། རིགས་ཀྱི་བདག་པོས་བྱིན་གྱིས་བརླབས་པ་དང་། རིགས་ལྔའི་ཚོགས་ཅན་དུ་ཡང་བྱས་པའོ། །ཤེས་རབ་ཅན་གྱིས་ཞེས་བྱ་བ་ནི་བུད་མེད་ཀྱི་འདུ་ཤེས་སམ་བདག་གི་འདུ་ཤེས་སྐད་ཅིག་ཙམ་ཡང་མི་བྱེད་ཀྱི། འོན་
ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་བརྩོན་པ་དེས། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སུ་ཆུད་པའི་བྱ་བ་བསྡུས་པ་དང་ལྷའི་སྐུ་དང་ཆོས་ཀྱི་ལོངས་སྤྱོད་ལ་གནས་པ་ཤེས་པས་སོ། །དེ་ཡི་དབུས་སུ་མཉེས་པར་བྱ། །ཞེས་བྱ་བ་ནི་འཁོར་ལོའི་བདག་
པོའི་རྣལ་འབྱོར་པ་འཁོར་ལོའི་དབུས་སུ་གནས་པའི་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པར་མོས་པར་བྱས་ནས་དེ་ཡང་དག་པར་མཉེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྐུ་ལ་སོགས་པའི་གསང་བའི་མཆོད་པ་ཡིན་ནོ། །སངས་རྒྱས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་གྱི་སྒྲུབ་
པའི་གསང་བ་གསུངས་པ་ཡིན་ཏེ། ཞི་བ་ཞེས་བྱ་བ་ནི་ཟླ་བ་ཞུ་བ་བསྐྱེད་པ་བསྡུས་པ་ལས་བྱུང་བའི་མི་བསྐྱོད་པའི་ས་བོན་ཏེ་བྱེད་པ་པོའོ། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་བྱ་བ་ནི་རིགས་ཀྱི་མཆོག་རེ་རེ་སྤྲོས་པས་ནམ་མཁའ་ཐམས་ཅད་རྒྱན་ཅན་ནོ། །དེས་ཅི་ཞིག་བྱེད་ཅེ་ན། སངས་
རྒྱས་གནས་སྤྲོས་པ་ནི་མི་བསྐྱོད་པའི་དཀྱིལ་འཁོར་ཏེ། རིགས་ཀྱི་ཚོགས་སྤྲོ་བ་བསྡུས་པ་ལས་བདག་ཉིད་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་རང་རང་གི་ཕྱག་མཚན་གྱི་ལྟེ་བ་ལ་བསྐྱེད་པའི་ཕྱིར་རོ། །དེ་ཡང་གསལ་བས་ན་མ་གསུངས་སོ། །དེ་ནས་དེ་དག་གི་ཡེ་ཤེས་ཀྱི་དཀྱིལ་
འཁོར་དགུག་པ་དང་གཞུག་པ་དང་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་རིག་པའི་བརྟུལ་ཞུགས་དང་སྡོམ་པ་རྣམས་ཇི་ལྟར་རིགས་པར་བསམ་པར་བྱ་སྟེ། མ་གསུངས་ན་ཡང་གྲུབ་པ་ཡིན་ནོ། །གསང་བའི་ལྷ་བཤོས་ནི་བཤང་བ་ཞེས་བྱ་བ་ལ་
སོགས་པ་གསུངས་པ་ཡིན་ཏེ། རིག་མ་ལྔ་པོ་འབར་བ་དང་བསྲེག་པ་དང་གསལ་བའི་གཟུགས་སུ་བསམ་པ་དང་བདུད་རྩི་ཡང་དག་པར་བསྟིམ་པ་དང་། ཡེ་ཤེས་ལྔའི་བདུད་རྩིར་བྱས་ནས་དབུལ་བར་བྱའོ། །དེ་ཞེས་བྱ་བ་ནི་གང་ཅི་ཡང་རུང་བ་སྟེ་ཐམས་ཅད་ཅེས་བྱ་བའི་དོན་ཏོ། །དེ་ལ་
Vol. 40 · folio 252a
སངས་རྒྱས་ནི་ལྔ་པོ་འདི་དག་གིས་བསྡུས་པའོ། །བྱང་ཆུབ་སེམས་དཔའ་ནི་ལྷག་མ་རྣམས་སོ། །དེ་ལྟར་བྱས་ན་མཉེས་ཞེས་བྱ་བ་ནི་གསང་བའི་མཆོད་པ་དེ་དག་གིས་དགྱེས་པར་གྱུར་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་བཀའ་ལས་མི་འདའ་བའི་ཕྱིར་དང་ཟབ་མོའི་དེ་ཁོ་
ན་ཉིད་རྟོགས་པའི་ཕྱིར་རོ། །འདིར་ཚིགས་སུ་བཅད་པ་ནི། ཆོས་ཀྱི་ལོངས་སྤྱོད་དམ་པ་ནི། །གསང་བའི་མཆོད་པས་དབུལ་བར་བྱ། །བྱང་ཆུབ་སེམས་འབྱུང་འཁོར་ལོ་དེ། །དེ་ལྟར་དེས་ནི་སྒྲུབ་པར་བྱེད། །དེའི་སྐུ་གནས་ཕྱིར་རྟག་ཏུ་ནི། །བདུད་རྩི་ལྔ་ཕུལ་དེ་ཡི་ཕྱིར། །གུས་པ་དང་ནི་དེ་
ཉིད་ཤེས། །བསམ་པ་མཁྱེན་པས་རྒྱལ་བ་མཉེས། །ལུད་པ་ལ་སོགས་བདག་ཅག་གིས། །གཙང་དང་མི་གཙང་བརྟགས་པ་གང་། །རྣལ་འབྱོར་ཞེན་པས་དེ་རྣམས་ཉིད། །ཚངས་ལ་སོགས་པས་བསྒོམ་པར་བྱ། །ཐམས་ཅད་ཆོས་ཉིད་དུ་བསྒོམ་ཞིང་། །དེ་ཡང་རང་
བཞིན་དྲི་མ་མེད། །དེ་ཕྱིར་དེ་ཉིད་ཀུན་དག་སྟེ། །དེ་བཞིན་ཉིད་ཙམ་མཐོང་ཕྱིར་རོ། །དམ་ཚིག་གིས་ནི་སྔགས་འགྲུབ་ཅིང་། །སྐྱོབ་པའི་དམ་ཚིག་འདི་ཡིན་ལ། །སངས་རྒྱས་དངོས་པོའང་དག་པ་ཡིན། །ཐམས་ཅད་ཇི་བཞིན་སྒྲར་མི་གཟུང་། །གཞན་ཡང་སྔོན་དུ་བསྙེན་པ་བྱས་ཤིང་སེམས་
བརྟན་པར་བྱས་པ་ཅན་གྱིས་སྒྲུབ་པའི་དཀྱིལ་འཁོར་བྲི་བར་བྱ་སྟེ། དེའི་ཚེ་དེ་ལ་ཡང་བུད་མེད་ཀྱི་འདུ་ཤེས་མི་འབྱུང་བདག་གི་འདུ་ཤེས་མི་འབྱུང་འཁྲིག་པའི་འདུ་ཤེས་མི་འབྱུང་གི །འོན་ཀྱང་དེ་བཞིན་ཉིད་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང་གཉིས་སུ་མེད་པའི་འདུ་ཤེས་དང་།
ཆོས་ཀྱི་ལོངས་སྤྱོད་ཀྱི་འདུ་ཤེས་སུ་འགྱུར་བ་དེ་བས་ན་ཅིའི་ཕྱིར་དེ་སྡིག་པ་ཡིན། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་ཡང་མེད་དེ་སྤྲས་པའི་ཕྱིར། མ་བརྟགས་པའི་མཆོད་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ་ཉིད་ཀྱི་ཕྱིར་དང་ཡོངས་སུ་སྦྱོང་བར་བྱེད་པ་ཉིད་ཡིན་
པའི་ཕྱིར་ཏེ་དྲི་དང་ཕྲེང་བ་ལ་སོགས་པའི་མཆོད་པ་ལྟ་བུའོ། །བུད་མེད་ལས་བྱུང་བའི་ཕུང་ཁྲོལ་ཡང་ཡོད་པ་མ་ཡིན་ཏེ། ཡིད་བརྟན་དུ་རུང་བའི་ལྷ་དང་མི་དང་ཀླུ་ལ་སོགས་པའི་བུ་མོ་འགུགས་པ་ཡིན་པའི་ཕྱིར་རོ། །བདུད་རྩི་ལ་སོགས་པ་ཡང་རིགས་པ་འདི་ཉིད་ཡིན་ནོ། །དེ་ལ་དམ་ཚིག་
Vol. 40 · folio 252b
ལ་སྡང་བ་དང་ཆོ་ག་ཉམས་པ་ནི་དངོས་གྲུབ་ལས་ཉམས་པར་འདྲ་བ་ཡིན་ཏེ། དེ་སྐད་དུ། བཅོམ་ལྡན་འདས་ཀྱིས། །སངས་རྒྱས་སྐུ་ཡི་ཆོ་ག་ཤེས། །མངོན་སུམ་བཞིན་དུ་དེ་མཐོང་དང་། །རང་གི་གཟུགས་ནི་མི་ཤེས་ཤིང་། །སྒྲ་ཡང་ཐོས་པ་མེད་པའོ། །ཇི་ལྟར་རྟོགས་པར་མི་འགྱུར་བར། །
ཐམས་ཅད་གསང་སྟེ་བྱ་བ་ཡིན། །གལ་ཏེ་རྟོགས་པར་གྱུར་ན་ནི། །སངས་རྒྱས་ཀྱིས་ཀྱང་མི་འགྲུབ་པོ། །སེམས་ཅན་ཀུན་གྱི་སེམས་གང་ནི། །དག་ཅིང་ཞི་ལ་འོད་གསལ་བས། །དངོས་པོ་ཀུན་གྱིས་མི་གོས་པ། །སེམས་ཞེས་བྱ་བ་དེ་ཉིད་དངོས། །དེ་བཞིན་འདོད་པའི་ཆོ་ག་ཤེས། །དེ་
ཉིད་ཀྱིས་ན་ཉེ་བར་སྤྱོད། །གཞན་དུ་དགེ་བ་འབྱུང་བ་ཡི། །སྔགས་རྣམས་ཐམས་ཅད་འགྲུབ་མི་འགྱུར། །དེ་བས་སྔགས་པའི་ཁྱད་པར་གྱིས། །བུད་མེད་མཆོག་ནི་དགུག་པར་བྱ། །གཞན་དུ་རྡོ་རྗེ་སེམས་དཔའ་དང་། །དེ་ལས་བྱུང་བ་མཉེས་མི་འགྱུར། །དེ་བས་སྤྱད་བྱ་ཐམས་ཅད་ཀྱི། །
ལོངས་སྤྱོད་ཉམས་སུ་བླང་བར་བྱ། །གཞན་དུ་ན་ནི་རྨོངས་པའི་བདག །མནར་མེད་ངེས་པར་འཚེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །འོན་ཏེ་གང་གི་ཚེ་འདི་དག་ཐམས་ཅད་རྐྱེན་འགའ་ཞིག་གིས་བྱ་བ་མ་ལྕོགས་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། དེ་བདག་ཉིད་ཀྱིས་བསམས་ལ་
བྱའོ་ཞེས་སྔོན་གྱི་སློབ་དཔོན་དག་འདོད་དོ། །ལེའུ་བཅུ་གཉིས་པ་ལས་ཀྱང་། །ཤ་རྣམས་ཐམས་ཅད་མེད་ན་ཡང་། །ཐམས་ཅད་བསམས་པར་རྣམ་པར་བརྟག །ཞེས་འཆད་པར་འགྱུར་རོ། །ལེའུ་བཅུ་དྲུག་པ་ལས་ཀྱང་། བསམ་གཏན་ཡིག་གསུམ་རྡོ་རྗེ་ཅན། །རང་གི་ཕྱག་རྒྱའམ་
སེམས་ཀྱིས་བསམ། །དེ་ལྟར་སངས་རྒྱས་ཀུན་མཁྱེན་པ། །མཉེས་པར་འགྱུར་བ་གདོན་མི་ཟ། །ཞེས་འཆད་པར་འགྱུར་རོ། །གསང་བ་ཞེས་བྱ་བ་སྦ་བར་བྱ་བ་སྟེ། །ཇི་ལྟར་གཞན་གྱིས་ཤེས་པར་མི་འགྱུར་བར་བྱའོ། །རྟོགས་པར་མི་འགྱུར་བ་ནི། །གསང་མི་ཐུབ་པ་ལ་མི་བསྟན་པའོ། །ཡིད་
ཀྱི་རང་བཞིན་ལ་ནི་ཚངས་པར་སྤྱོད་པ་མ་ཡིན་པའི་དགོས་པ་ཡང་ཡོད་པ་མ་ཡིན་ཏེ། ལུས་ཀྱི་ལས་མེད་པའི་ཕྱིར་དང་རྣམ་པར་རིག་པ་ཙམ་ལ་མོས་པའི་སྟོབས་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་པའི་ཁ་ན་མ་ཐོ་བའི་དགོས་པ་ཡང་ཡོད་པ་མ་ཡིན་ཏེ། གང་གིས་སྟོན་པའི་བསྟན་པ་སུན་ཕྱུང་
Vol. 40 · folio 253a
བར་གྱུར་ན། གཞན་གྱི་སེམས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །གཞན་གྱི་སེམས་ཤེས་པས་ཀྱང་དེའི་ཐབས་ལ་མཁས་པ་མཐོང་བའི་ཕྱིར་མངོན་པར་དད་པ་ཉིད་དུ་འགྱུར་གྱི་སྨོད་པར་ནི་མི་བྱེད་དོ། །འདིར་ལ་ལ་དག་རྒོལ་ཏེ་འདིའི་ལེའུ་བདུན་པ་ལས་ནི་སྐུའི་རིགས་ལ་ལོ་བཅུ་དྲུག་
པ་དང་། ཐུགས་ཀྱི་རིགས་ལ་ལོ་བཅུ་གཉིས་པའི་བུ་མོ་གསུངས་ལ་ལེའུ་བཅོ་བརྒྱད་པ་ལས་ཀྱང་ལོ་གྲངས་ཉི་ཤུ་པ་གསུངས་ཏེ། དེ་ཡང་ལུས་པོའི་འབྲེལ་པས་གསུང་གི་རིགས་སུ་འགྱུར་རོ། །དེ་བས་ན་ཅིའི་ཕྱིར་ལེའུ་འདིར་ཐུགས་ཀྱི་རིགས་ཉིད་ལ་ལོ་གྲངས་བཅུ་དྲུག་པ་གསུངས་ཤེ་ན། ཉེས་པ་
དེ་ཡང་ཡོད་པ་མ་ཡིན་ཏེ། རིགས་གསུམ་ཆར་ལ་ཡང་ལོ་གྲངས་བཅུ་དྲུག་པ་ཉིད་ཅན་བཞེད་པའི་ཕྱིར་རོ། །དེ་སྐད་དུ། ལེའུ་བརྒྱད་པ་ལས། ན་ཆུང་གཞོན་ནུ་མིག་ཡངས་མ། །གཟུགས་བཟང་གཞོན་པས་བརྒྱན་པ་ནི། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །
ཅེས་འབྱུང་བ་གང་ཡིན་པ་དེ་ལ་དོན་ནི་འདི་ཡིན་ཏེ། བུ་མོ་ལོ་གྲངས་ཉི་ཤུ་པ་རྙེད་ནས་གསུང་གི་རིགས་ལ་མཆོད་པ་རབ་ཏུ་བརྟག་པར་བྱའོ། །རིགས་ལྷག་མ་རྣམས་ལ་ནི་ལོ་གྲངས་བཅུ་དྲུག་པ་དང་བཅུ་གཉིས་པ་ཡིན་གྱི་རིགས་རེ་རེ་ཞིང་བུ་མོ་གཅིག་ཉིད་ནི་གདོན་མི་ཟ་བར་མ་ཡིན་ནོ། །
འོ་ན་ཅི་ཡིན་ཞེ་ན། ལྔ་ཡིན་ནོ། །ཇི་ལྟར་བྱས་ནས་ཤེ་ན། བྱོལ་སོང་ལས་ཀྱང་སྟེ། ལོག་ལས་ཀྱང་ཞེས་བྱ་བའི་དོན་ཏོ། །དེ་ཡང་ལང་ཚོ་གཙོ་བོར་བྱས་ནས་གསུང་གི་རིགས་ལ་ནི་གཡོན་ལོགས་ནས་ཞེའོ། །ཐུགས་ཀྱི་རིགས་ལ་ནི་གཡས་ལོགས་ནས་སོ། །སྐུའི་རིགས་ལ་ནི་
ལོགས་གཉི་ག་ནས་སོ། །དེ་བས་ན་གསུང་གི་རིགས་ལ་ནི་ལོ་གྲངས་ཉི་ཤུ་པ་དང་། བཅུ་དགུ་པ་དང་བཅོ་བརྒྱད་པ་དང་བཅུ་བདུན་པ་དང་བཅུ་དྲུག་པ་དག་སྟེ་བུ་མོ་ལྔའོ། །ཐུགས་ཀྱི་རིགས་ལ་ནི་ལོ་གྲངས་བཅུ་གཉིས་པ་དང་བཅུ་གསུམ་པ་དང་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་སྟེ་ལྔའོ། །
སྐུའི་རིགས་ལ་ནི་ལོ་གྲངས་བཅུ་བཞི་པ་དང་བཅོ་ལྔ་པ་དང་བཅུ་དྲུག་པ་དང་བཅུ་བདུན་པ་དང་བཅོ་བརྒྱད་པ་སྟེ། བུ་མོ་ལྔ་ལྔར་འགྱུར་ཞེས་བྱ་བ་འདི་ཡིན་ནོ། །ཐུགས་ཀྱི་དཀྱིལ་འཁོར་སྟོན་པར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་
Vol. 40 · folio 253b
ལེའུ་བཞི་པའོ།། །།དངོས་གྲུབ་མཆོག་གི་ཐབས་བཞི་པ་ནི་སྒྲུབ་པ་ཆེན་པོ་སྟེ། དེའི་མཚན་ཉིད་ནི། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི། །བསྟན་པ་དག་ནི་སྒྲུབ་ཆེན་པོ། །ཞེས་བྱ་བ་སྟེ་དཀྱིལ་འཁོར་གྱི་བདག་པོས་དཀྱིལ་འཁོར་པ་རྣམས་བསྟན་ཅིང་ཕྱུང་བའི་མངོན་པར་རྟོགས་པ་ནི་
སྒྲུབ་པ་ཆེན་པོའོ། །དེ་ཡང་ལེའུ་དང་པོ་ལ་སོགས་པ་རྣམས་སུ་གསུངས་སོ། །འདིར་གཉིས་སུ་མེད་པའི་ཡེ་ཤེས་ནི་འདིར་བྱང་ཆུབ་བོ། །དེ་རྙེད་པ་ནི་སངས་རྒྱས་སོ། །དེ་ལ་མོས་པ་བརྟན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་བསྟན་པ་ནི་མཛད་པ་གང་ཡིན་པ་ཤིན་ཏུ་གསང་བའི་སྤྱོད་
པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དམ་ཚིག་གི་སྒྲུབ་པ་ཆེན་པོ་སྟེ་ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཡང་ལྔ་པ་དང་དགུ་པ་མཐའ་དག་དང་། །བཅུ་བདུན་པ་ལ་སོགས་པའི་ཕྱོགས་ཀྱིས་སྟོན་ཏེ། དེ་ལས་ལེའུ་འདིའི་དོན་ནི་ཀུན་དུ་སྤྱོད་པ་ཡིན་ཏེ། དེ་ཡང་ལེའུ་བཅོ་བརྒྱད་པ་ལས་གསུངས་
པ། ཤེས་རབ་ཐབས་ལས་བྱུང་བ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལུས། །ཞེས་བྱ་བ་ནས། ཐམས་ཅད་སེམས་ལ་གང་སྤྱོད་པ། །ཀུན་དུ་སྤྱོད་པར་བསྟན་པ་ཡིན། །ཞེས་བྱ་བའི་བར་དུའོ། །དེ་ཉིད་ཀྱི་སྐབས་དབྱེ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་
རྐང་པ་དྲུག་པའི་ཚིགས་སུ་བཅད་པ་འདིས་བཅོམ་ལྡན་འདས་ཀྱི་ཁྱད་པར་བསྟན་པའི་སྒོ་ནས་ལྷག་པར་མོས་པའི་སྤྱོད་པ་གང་ཡིན་པ་དེ་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་སངས་རྒྱས་རྣམས་ཀྱི་
སྐུ་ནི་རྡོ་རྗེ་འཛིན་པ་སྟེ། དེ་ཡང་ནམ་མཁའ་ཡིན་ནོ། །གསུང་ནི་དེ་ཉིད་རིག་པ་སྟེ་ནམ་མཁའི་ཁམས་སོ། །ཐམས་ཅད་དེ་དག་ལས་སྐྱེས་པ་ཉིད་གང་ཡིན་པ་དེར་ལྷག་པར་མོས་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐུགས་ནི་ཐོག་མ་མེད་པའི་སེམས་སོ། །སྐུ་ལ་སོགས་པ་ཐུགས་དེ་ལས་བྱུང་བ་
ནི་ཐུགས་ཀྱི་རྡོ་རྗེ་སྟེ། དེ་འཛིན་པ་ནི་དེ་བཞིན་དུ་ལྷག་པར་མོས་པས་ཐུགས་ཀྱི་རྡོ་རྗེ་འཛིན་པའོ། །རྒྱལ་པོ་ནི་དཀྱིལ་འཁོར་གྱི་དབང་ཕྱུག་གོ་ཞེས་བྱ་བ་ལ། ཕྱི་རོལ་གྱི་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་ལྷ་མོ་བཞིའོ། །གཞལ་ཡས་ཁང་དང་ཡུལ་དྲུག་གི །ལྷ་མོ་དྲུག་གི་ཡུལ་དེ་དག་ནི། །
Vol. 40 · folio 254a
གནས་ཏེ་དེའི་དབང་ཕྱུག་གོ། །དཀྱིལ་འཁོར་པ་གསུངས་པ། ཀུན་མཆོག་ཅེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་འདི་ལ་ཡོད་པ་སྟེ། སངས་རྒྱས་ཐམས་ཅད་ལ་བསྡུས་པའི་སངས་རྒྱས་ལྔ་ནི། འདིའི་ཕུང་པོ་ལྔ་རྣམས་སོ། །བྱང་ཆུབ་
སེམས་དཔའ་ཐམས་ཅད་བསྡུས་པའི་བྱང་ཆུབ་སེམས་དཔའ་དྲུག་ནི་འདིའི་མིག་ལ་སོགས་པ་སྐྱེ་མཆེད་དྲུག་ཡིན་པས་སོ། །སྤྱོད་པ་ཀུན་ནི་ཀུན་དུ་སྤྱོད་པ་སྟེ་དེ་ཉིད་མཆོག་གི་ཆོས་ཏེ་ལམ་གྱི་དམ་པ་ཡིན་པས་སོ། །དེ་ཉིད་ཉམས་སུ་བླང་བར་བྱ་བའི་དོན་ཡིན་པས་དེ་སྐད་ཅེས་བྱའོ། །སྤྱོད་པའི་
མཚན་ཉིད་ནི་ཀུན་དུ་སྤྱོད་པའི་རང་བཞིན་ཏེ། བཀའ་སྩལ་པ་ནི་གསུངས་པར་གྱུར་པའོ། །དེ་ཅི་ཞིག་ཅེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷའི་རང་བཞིན་ཡིན་པས་ན་རྣམ་པར་མི་རྟོག་པའོ། །དོན་ནི་
དངོས་པོ་ཐམས་ཅད་དོ། །དེ་ལས་བྱུང་བ་ནི་གང་དག་རྫོགས་པའི་ངོ་བོ་ཉིད་དུ་ལྷག་པར་མོས་པ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ནི་རྫོགས་པའི་རིམ་པའོ། །ཇི་སྟེ་དངོས་པོ་གང་ཞིག་གང་དུ་ལྷག་པར་མོས་པར་བྱ་ཞེ་ན། འདི་ལ་ཕ་དང་མ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུའོ། །
དེ་དག་གི་ཁུ་བ་ནི་སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་སུའོ། །བདག་ཉིད་ནི་དེ་ཡོངས་སུ་གྱུར་པའི་དཀྱིལ་འཁོར་གྱི་བདག་པོར་རོ། །རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ནི་དཀྱིལ་འཁོར་པ་རྣམས་སོ། །དེ་རྣམས་ཀྱི་ཆོས་ཉིད་ནི་དེ་རྣམས་ཀྱི་རིག་པ་རྣམས་སུའོ། །
གཟུགས་ལ་སོགས་པ་དྲུག་ནི་མཆོད་པའི་ལྷ་མོ་དྲུག་གི་རང་བཞིན་དུའོ། །ཕྱི་རོལ་ལ་སོགས་པ་རྣམས་ནི་ལྷ་མོ་བཞིའི་བདག་ཉིད་ཀྱི་གཞལ་ཡས་ཁང་ཆེན་པོའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་རིགས། །ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་
པ་རྣམས་ཀྱིས་ཁྱབ་པར་ཡང་དང་ཡང་དུ་མངོན་དུ་བྱས་ཏེ། དེ་ལ་བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་རྣམས་དང་རང་གི་རིག་མ་ལ་ཀུན་དུ་འཁྱུད་པར་མོས་པས་གཟུགས་ལ་སོགས་པ་འཛིན་པ་ནི་གཏི་མུག་གོ། །གཉིས་ཀྱི་རྣམ་པར་རྟོག་པ་རྣམས་ནུབ་པ་ནི་ཞེ་སྡང་ངོ་། །གཉིས་སུ་མེད་
Vol. 40 · folio 254b
པའི་བདེ་བའི་རོ་མྱོང་བ་ནི་འདོད་ཆགས་སོ། །དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་ནི་རབ་མཆོག་སྒྲུབ་པར་བྱེད་པ་སྟེ། སངས་རྒྱས་ཉིད་དུ་སྒྲུབ་པའོ། །དེ་ཅི་ཞིག་ཅེ་ན། ཐེག་པའི་མཆོག་ནི་བླ་ན་མེད་པ་སྟེ། སངས་རྒྱས་ཉིད་ཀྱི་བྱང་ཆུབ་ཀྱི་ལམ་དམ་པ་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །མཉམ་པར་
མ་བཞག་པའི་སེམས་ལ་ཀུན་དུ་སྤྱོད་པ་མ་ཡིན་ནམ། དེ་ཡང་དཀའ་བ་ཡིན་པ་དེ་བས་ན་འདིའི་ཕན་ཡོན་ཅི་ཡིན་ཞེ་ན། རིགས་ངན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་སྐྱེ་བ་གཅིག་གམ་སྐྱེ་བ་བརྒྱུད་པ་དེ་ནི་རིགས་ངན་ཡིན་ཏེ་གསད་བྱ་གསོད་པར་བྱེད་པའོ། །སྨྱིག་མ་མཁན་ནི་སྨྱིག་མའི་
ལས་བྱེད་པས་ན་མདའ་མཁན་དང་མདས་ལས་བྱེད་པ་སྟེ་རྔོན་པའོ། །སོགས་པའི་སྒྲས་ནི་ཉ་པ་ལ་སོགས་པ་འཚེ་བ་བྱེད་པ་གཞན་དག་ཀྱང་གཟུང་ངོ་། །བུད་མེད་རྣམས་ལ་ཆགས་ཤིང་བརྒྱལ་བ་ནི་བདག་ཉིད་གསོད་པ་ཡིན་ཏེ། དེ་དག་ལ་གསོད་པའི་དོན་གྱི་བྱ་བ་ཡོད་པས་གསོད་པའི་དོན་
ཅན་ཏེ། ཤིན་ཏུ་ཡང་ཆགས་པ་ཅན་ཞེས་བྱ་བའི་དོན་ཏོ། །དོན་ནི་ནོར་དང་བུ་ལ་སོགས་པའོ། །གང་ལ་དོན་ཉིད་ལ་སེམས་པ་ཡོད་པ་དེ་ནི་དོན་གཉེར་སེམས་པ་རྣམས་ཏེ། གཏི་མུག་ཆེན་པོ་རྨོངས་པ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲའི་དོན་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། རིགས་ངན་སྨྱིག་མ་
མཁན་ལ་སོགས་ཀྱང་སྟེ། །ཞེ་སྡང་དྲག་པ་དང་གསོད་དོན་དང་དོན་གཉེར་སེམས་པ་ཡང་སྟེ། འདོད་ཆགས་དང་གཏི་མུག་དྲག་པ་ཡང་གྲུབ་པར་འགྱུར་རོ། །ཐེག་ཆེན་བླ་ན་མེད་པ་སྟེ་སྒྲུབ་པ་ཆེན་པོའོ། །ཐེག་མཆོག་འདི་ལ་སྟེ། དཔལ་གསང་བ་འདུས་པ་ལ་ཀུན་དུ་སྤྱོད་པ་ཉིད་ཀྱིས་དེ་རྣམས་ཀྱི་ཉོན་
མོངས་པའི་སྒྲིབ་པ་ཟད་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །སེམས་ཅན་མཚམས་མེད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ན་འཕགས་པའི་ཆོས་རྣམས་ལ་སྒྲིབ་པ་ནི་གསུམ་སྟེ་དེ་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ཡང་ཉོན་མོངས་པའི་དབང་ཤིན་ཏུ་དྲག་པ་ནི་ཉོན་མོངས་པའི་སྒྲིབ་པའོ། །
མཚམས་མེད་པ་ལ་སོགས་པའི་ལས་ནི་ལས་ཀྱི་སྒྲིབ་པའོ། །དམྱལ་བ་ལ་སོགས་པར་སྐྱེ་བ་ནི་སྐྱེ་བའི་སྒྲིབ་པའོ། །མཚམས་མེད་པ་ནི་བར་དུ་གཅོད་པར་མི་ནུས་པ་ཡིན་ཏེ། འཆི་མ་ཐག་ཉིད་དུ་འབྱུང་བའི་ཕྱིར་རོ། །མཚམས་མེད་པ་དེ་ཡང་རྣམ་པ་ལྔ་སྟེ། ཕ་གསོད་པ་དང་། མ་གསོད་
Vol. 40 · folio 255a
པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ། །སོགས་པའི་སྒྲས་ནི་དམ་པའི་ཆོས་སྤང་བ་ལ་སོགས་པ་དང་། མཚམས་མེད་པ་དང་ཉེ་བ་རྣམ་པ་ལྔ་གཟུང་སྟེ་ཇི་སྐད་དུ། མ་དགྲ་
བཅོམ་མ་སུན་བྱས་དང་། །བྱང་ཆུབ་སེམས་དཔའ་ངེས་གནས་དང་། །སློབ་མ་གསོད་དང་དགེ་འདུན་གྱི། །འདུ་བའི་སྒོ་ནི་འཕྲོག་པ་དག །མཚམས་མེད་པ་དང་ཆ་འདྲ་སྟེ། །ལྔ་པ་མཆོད་རྟེན་འཇིག་པ་ཡིན། །ཞེས་བཤད་པ་ལྟ་བུའོ། །དེ་བྱེད་པའི་ཕྱིར་དེ་སྐད་ཐ་སྙད་འདོགས་སོ། །
མཚམས་མེད་པ་ལ་སོགས་པ་སྡིག་པ་ཆེན་པོ་བྱེད་པ་སྟེ། སྡིག་པ་ཆེན་པོ་བྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་གསང་བ་འདུས་པའི་སྒྲུབ་པ་ཆེན་པོ་འདི་ལ་འགྲུབ་པར་འགྱུར་ཏེ། ཀུན་དུ་སྤྱོད་པ་ཉིད་ཀྱིས་དེ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཟད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་
ཡང་། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་འང་ཚོགས་དང་དུས། །རྙེད་ནས་ལུས་ཅན་རྣམས་ལ་ནི། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གང་གསུངས་པ་དེ་ནི་འདི་ལྟ་བུའི་གཉེན་པོའི་ཕྱོགས་བསྒོམ་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །འདིས་ཀྱང་ཟད་པར་
མི་འགྱུར་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ལྕི་བ་གཅིག་ཉིད་ཡོད་པ་གང་ཡིན་པ་དེ་ནི། སྙིང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འོངས་ནས་སྤྱོད་པའི་ཕྱིར་སློབ་དཔོན་ཏེ། གསང་སྔགས་ཀྱི་ཐེག་པ་འདི་ལ་ཡང་དག་པར་དབང་བསྐུར་བ་དང་། རྗེས་སུ་གནང་བ་དང་ཡང་
དག་པ་གང་ཡིན་པ་དེ་ནི་སློབ་དཔོན་ནོ། །འདིར་གང་ལ་སྔགས་སམ་ཏིང་ངེ་འཛིན་ཡང་དག་པ་གཅིག་སྟོན་པ་གང་ཡིན་པ་དེ་ཡང་དེའི་སློབ་དཔོན་ཡིན་ནོ། །སློབ་དཔོན་དེ་ལ་ཡང་དང་ཡང་དུ་སྨོད་པར་བྱེད་པ་དང་དེས་ཀྱང་དགའ་བར་བྱེད་ཀྱི་འགྱོད་པར་ནི་མི་བྱེད་པ་དང་། ཆོས་བཞིན་དུ་ཕྱིར་
འཆོས་པར་མི་བྱེད་པ་གང་ཡིན་པ་དེ་ནི་སྙིང་ནས་སློབ་དཔོན་སྨོད་པ་སྟེ། དེ་ནི་སྒྲུབ་པ་གསུམ་ཆར་ལ་ཡང་འགྲུབ་པར་མི་འགྱུར་རོ། །འཕགས་པའི་ཆོས་འདི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཟད་པ་རྣམས་ལ་འཕགས་པའི་ཆོས་སྐྱེ་བར་འགྱུར་གྱི་མ་ཟད་པ་ལ་ནི་མ་ཡིན་ནམ།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words