གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ
Sanskrit title (Tibetan script, as in the text) ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 40 · folio 255b
འཕགས་པ་ཡང་སྒྲུབ་པ་དང་། ཉེ་བར་སྒྲུབ་པའི་འབྲས་བུ་ཡིན་ལ་དེ་དག་ཀྱང་རྟོགས་ནས་ཕྱིས་སྒྲུབ་པ་པོ་སྒྲུབ་པ་ཆེན་པོ་ལ་འཇུག་པར་བྱེད་པ་ཡིན་པ་དེའི་ཕྱིར་དེའི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཅིའི་ཕྱིར་ཀུན་དུ་སྤྱོད་པས་དེ་དག་ཟད་པ་ཡིན་ཞེས་སྨྲ་སྟེ་དེ་
ལྟར་ཡིན་མོད་ཀྱི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་པ་དེ་དག་ཉིད་ནི་སོ་སོའི་སྐྱེ་བོས་ཀྱང་ཚོགས་ཉེ་བར་བསགས་པར་བྱ་བའི་ཕྱིར་ནུས་པ་ཇི་ལྟ་བ་བཞིན་དུ་ཀུན་དུ་སྤྱོད་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་ཐབས་ཀྱི་ཕན་ཡོན་གསལ་བར་བྱེད་པ་ཡིན་པར་བལྟ་བར་བྱའོ། །འོ་ན་ཇི་ལྟར་ན་ཀུན་དུ་
སྤྱོད་པ་སྒྲུབ་པ་ཆེན་པོ་ཡིན་ཞེ་ན། ཐབས་ཆེན་པོ་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་ཤིན་ཏུ་གསང་བ་ཡིན་ཞེ་ན། བདག་ཉིད་ཀྱི་ནུས་པ་མི་ཤེས་པར་སྒྲ་ཇི་བཞིན་པར་འཛིན་པ་རྣམས་དོན་མེད་པར་བྱེད་པས་སོ། །དེ་ལྟར་ཡིད་ཀྱིས་ཀུན་དུ་སྤྱོད་པའི་ཉོན་མོངས་པ་རྣམས་མིང་གིས་བསྟན་ནས་ད་ནི་ལུས་དང་
ངག་གི་ཉེས་པ་ཀུན་དུ་སྤྱོད་པའི་མིང་གིས་བསྟན་པའི་ཕྱིར་སྲོག་གཅོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། །འདི་ནི་དམ་ཚིག་རྣམ་པ་བཞི་སྟོན་པ་ཡིན་ནོ། །དེ་ཡང་ཚིགས་སུ་བཅད་པ་གསུངས་པ། སྟོང་ཉིད་སྟོན་པ་བརྫུན་ཡིན་ཏེ། །གཞན་དག་ཀྱང་ནི་འདི་བརྗོད་པ། །རིག་པ་རྟེན་དང་
སེམས་ཞུ་དང་། །ཞུ་བ་དེ་ནས་ལེན་པའོ། །ཤིང་དང་བོང་བ་ལ་སོགས་པ་ལྷའི་བདག་པོ་ཉིད་དུ་རྣམ་པར་རྟོག་པས་མོས་པར་བྱས་ཏེ་སྣང་བ་མེད་པར་བྱས་པའི་ཕྱིར་སྲོག་གཅོད་པའོ། །རྣམ་པར་རྟོག་པའི་ངོ་བོ་ཉིད་ཀྱིས་བདེན་པ་མ་ཡིན་པའི་རྣམ་པར་རྟོག་པའི་དོན་ཡང་དག་གི་དོན་ཡིན་ནོ་ཞེས་
ཡང་དག་པར་ཤེས་པ་ལ་སྨྲ་བ་ཐམས་ཅད་ནི་བརྫུན་དུ་སྨྲ་བའོ། །དེ་ལ་དགའ་བ་ནི་མངོན་པར་བརྩོན་པའོ། །བདག་ཉིད་ཀྱི་ཕུང་པོ་དང་སྐྱེ་མཆེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔར་མོས་པར་བྱས་ཏེ་དེ་དག་ལ་ཕུལ་ནས་ལོངས་སྤྱོད་ཐམས་ཅད་ཉེ་བར་ལོངས་སྤྱོད་པའི་ཕྱིར་གཞན་གྱི་ནོར་ལ་ཆགས་པའོ། །
རིག་པ་ལ་ཉེ་བར་ལོངས་སྤྱོད་པ་ནི་འདོད་པར་སྤྱོད་པའོ། །བཤང་གཅི་ནི་བཤང་བ་ལ་སོགས་པ་ལྔའོ། །དེ་དག་ལ་དེ་དག་ཉིད་ཟ་བར་བྱེད་པའི་དོན་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། བཟའ་བར་བྱ་བ་ཐམས་ཅད་ལ་ལྔ་པོར་མོས་ལ་ཡེ་ཤེས་ལྔའི་བདུད་རྩི་ཉིད་དུ་མོས་པར་བྱས་ནས་ནང་གི་དཀྱིལ་འཁོར་
Vol. 40 · folio 256a
ལ་དེ་དག་སྦྱིན་སྲེག་བྱེད་པའི་ཕྱིར་རོ། །དེ་དག་ཅེས་བྱ་བ་ལ། དེ་དག་ཉིད་སྣོད་དུ་འགྱུར་བའི་སྒྲུབ་པའི་ཞེས་བྱ་བ་ནི་སངས་རྒྱས་ཉིད་དུ་གྲུབ་པ་ལ་སྐལ་བ་དང་ལྡན་པ་སྟེ། སྐད་ཅིག་མ་རེ་རེ་ལ་བསོད་ནམས་དང་ཡེ་ཤེས་མཐའ་ཡས་པ་ཉེ་བར་བསགས་པའི་ཕྱིར་དང་དམ་
ཚིག་ལས་མ་འདས་པའི་ཕྱིར་རོ། །དེ་ནས་འདོད་བྱ་དེ་གང་ཡིན་ཞེ་ན། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་མཆོག་དང་པོའི་རིག་མ་ནི་མའོ། །ལྷན་ཅིག་སྐྱེས་པའི་རིག་མ་ནི་སྲིང་མོའོ། །དཀྱིལ་འཁོར་དུ་སྤྲོས་པ་ནི་བུ་མོ་སྟེ། དེ་དག་ལ་མཉེས་པར་བྱ་སྟེ། དེའི་དེ་དག་གི་ཐབས་ཀྱི་ལྷ་ཉིད་དུ་
ང་རྒྱལ་བྱེད་ཅིང་རང་གི་རིག་མ་ལ་དེ་རྣམས་བཅུག་པའི་ཕྱིར་རོ། །ཐེག་ཆེན་མཆོག་གི་ཆོས་ཉིད་དེ། །ལམ་གྱི་མཆོག་སྒྲུབ་པ་པོ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། གསང་བ་འདུས་པའི་སྒྲུབ་པ་ཆེན་པོར་ཞུགས་པ་ཞེས་བྱ་བའི་དོན་ཏོ། །དངོས་གྲུབ་རྒྱ་ཆེན་ཞེས་བྱ་བ་ནི་བྱང་ཆུབ་ཆེན་
པོའོ། །ཐོབ་པ་ནི་རྙེད་པར་གྱུར་པའོ། །དེས་དེ་རྣམས་ཀྱི་ནང་དུ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམས་སོ། །དང་གི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་། །གཙོ་བོ་ཞེས་བྱ་བ་ནི་མཆོག་གི་བླ་མ་རྣམས་ཏེ་རིག་པའི་བརྟུལ་ཞུགས་དང་ལྡན་པའི་རིགས་ཀྱི་རིག་
པ་ཞེས་བྱ་བའི་དོན་ཏོ། །ཡུམ་དག་ལ་ཞེས་བྱ་བ་ནི་སྐྱེད་པར་མཛད་པ་ལའོ། །རྣམ་པར་མི་རྟོག་བློ་ཅན་གྱིས། །ཞེས་བྱ་བ་ནི་དེ་ཉིད་ཀྱི་རྣམ་པར་རྟོག་པ་ཟད་པའི་ཕྱིར་དང་ཡང་དག་པའི་ཡེ་ཤེས་ཉེ་བར་བསྔགས་པའི་ཕྱིར་རོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་དོ། །དེ་ལ་མཉེས་པར་བྱས་པ་
ནི་བསྒོམ་པ་ཉིད་ཡིན་པ་དེ་བས་ན་མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་དང་ཡང་དག་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །སྡིག་པ་རྣམས་ཀྱིས་ཀྱང་མི་གོས་ཏེ་དེ་ཉིད་ཀྱི་སྡིག་པ་ཐམས་ཅད་ཟད་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ནི་འདི་བསྟན་པའི་རྗེས་ཐོགས་ལའོ། །
སྒྲིབ་པ་ནི་འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། གཉིད་དང་། རྨུགས་པ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཚོམ་སྟེ་ལྔའོ། །དེ་དག་ཐམས་ཅད་རྣམ་པར་སེལ་བར་མཛད་པས་ན། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པའོ། །འདིར་
Vol. 40 · folio 256b
ངོ་མཚར་དང་རྨད་དུ་སྟོན་པའི་ཚིག་ཉིད་དུ་དེ་སྐད་ཅེས་བྱའོ། །དེར་གྱུར་པ་ནི་དེ་བརྗོད་པ་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱི་ཚིག་དེ་ཉིད་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་སླད་དུ་སྒྲ་ནི་ཐེ་ཚོམ་མོ། །ཚིག་ངན་པ་ནི་ཆོས་མ་ཡིན་པ་དང་ལྡན་པའོ། །གསུང་ནི་བཀའོ། །
གང་ལ་དེ་གསུངས་ཤིང་བརྗོད་པ་མངའ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་ཆོས་མ་ཡིན་པ་དེ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཅིའི་སླད་དུ་ཆོས་མ་ཡིན་པ་གསུངས་ཞེས་བྱ་བ་ནི་ངོ་མཚར་ཏེ། དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ཡང་ཅིའི་སླད་དུ་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་འཁོར་གྱི་ནང་དུ་གསུངས་ཞེས་བྱ་བ་ནི་རྨད་དུ་གྱུར་པ་སྟེ། དེ་ལྟ་བུ་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །དེ་ལ་སོ་སོའི་སྐྱེ་བོའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་པོ་ཐེ་ཚོམ་གྱི་རང་བཞིན་ཅན་གྱི་ངོ་མཚར་དང་རྨད་དུ་གྱུར་པ་སྟེ་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དེ་རྣམས་ཀྱི་ཐེ་ཚོམ་བསལ་བར་བྱ་
བའི་ཕྱིར་དེའི་བསམ་པ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་དུ་གསོལ་བ་ཡིན་གྱི་རང་ཉིད་དེ་དག་ལ་ཐེ་ཚོམ་ཡོད་པ་ཡང་མ་ཡིན་ལ། ངག་གི་ཉེས་པར་སྤྱོད་པ་ཡང་མ་ཡིན་ཏེ། འཕགས་པ་ཉིད་ཡིན་པའི་ཕྱིར་དང་ཡེ་ཤེས་ཀྱི་ཕ་རོལ་ཏུ་
ཕྱིན་པས་དགོངས་པ་ཅན་གྱི་ཆོས་ཀྱི་དོན་མཁྱེན་པའི་ཕྱིར་རོ། །ཅིའི་ཕྱིར་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པས་དེ་སྐད་ཅེས་གསོལ་ཞེ་ན། ཐེ་ཚོམ་རྣམ་པར་སེལ་བ་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་རོ། །རིགས་ཀྱི་བུ་རྣམས་ཞེས་བྱ་བ་ལ་དེ་བཞིན་གཤེགས་
པ་རྣམས་ཀྱི་རིགས་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེའི་རབ་ཏུ་དབྱེ་བ་ནི་གཏི་མུག་ལ་སོགས་པའོ། །དེ་ལས་སྐྱེས་པ་ནི་རིགས་ཀྱི་བུའོ། །ཐོང་ཞེས་བྱ་བ་ནི་བཟློག་པའོ། །འདི་ཉིད་ཀྱི་བཤད་པ་ནི་དེ་སྐད་མ་ཟེར་ཅིག་ཅེས་བྱ་བ་སྟེ། འདི་ནི་ཆོས་མ་ཡིན་ནོ་ཞེས་མ་སྨྲ་ཤིག་ཅེས་བྱ་བའི་དོན་ཏོ། །འོ་ན་འདི་
ཅི་ཡིན་ཞེ་ན། སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་ལམ་ཡིན་ལ་ཆོས་ཁོ་ན་ཉིད་དེ་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སྒྲུབ་པ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དེ་ཁོ་ན་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའ་ཏིང་འཛིན་ནི། །སངས་རྒྱས་ཆོས་ཉིད་དག་ཏུ་བཤད། །འདི་ལས་སངས་རྒྱས་
Vol. 40 · folio 257a
སངས་རྒྱས་ཉིད། །གཞན་ལས་སངས་རྒྱས་འགྱུར་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །མི་ཟད་པ་ཉིད་ཀྱི་ཕྱིར་སྙིང་པོ་ཡེ་ཤེས་ཅན་རྣམས་ཏེ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དེ་དང་ལྡན་པ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དག་པ་སྟེ་ཉོན་མོངས་པ་དང་ལས་ཀྱི་
སྒྲིབ་པ་ཟད་པར་བྱེད་པ་འདི་ཉིད་གང་ཡིན་པ་དེ་ནི་འདི་ལྟ་སྟེ་ཀུན་དུ་སྤྱོད་པའོ། །ཆོས་ནི་ལེའུ་ལྔ་པའོ། །དེའི་སྙིང་པོའི་དོན་ནི་ལྐོག་ཏུ་གྱུར་པ་སྟེ་དགོངས་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྔར་བཤད་པ་ཉིད་ཡིན་ནོ། །དེ་ལས་བྱུང་བ་ནི་གནས་པའོ། །དེ་བས་ན་ཆོས་ནི་བྱང་ཆུབ་སྤྱོད་པའི་གནས་འདི་
ཡིན་ཏེ། བྱང་ཆུབ་ཀྱི་སྤྱོད་པའི་གནས་ན་གནས་ཀྱི་གཙོ་བོ་ཡིན་ཏེ། སྒྲུབ་པ་ཆེན་པོ་ཉིད་ཡིན་པའི་ཕྱིར་ཀུན་དུ་སྤྱོད་པའོ་ཞེས་བྱ་བར་དགོངས་སོ། །ལེའུ་འདིའི་སྒྲ་ཇི་བཞིན་པའི་དོན་ཡང་ཅི་ཡིན་ན། གང་ཆོས་མ་ཡིན་པ་ཞེས་བརྗོད་ཅེ་ན། སྔགས་པ་བསོད་ནམས་དང་སྡིག་པ་ཐ་མི་དད་པར་ཞེན་
པས་རྣམ་པར་མི་རྟོག་པ་ཉོན་མོངས་པས་དཀྲུགས་པའི་མཚམས་མེད་པ་བྱེད་པ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འཁྲིག་པ་དང་། བརྫུན་དུ་སྨྲ་བ་ལ་དགའ་བ་དང་། བཟའ་བར་བྱ་བ་མ་ཡིན་པ་ཟ་བ་དང་། བགྲོད་པར་བྱ་བ་མ་ཡིན་པ་ལ་འགྲོ་བ་འགྲུབ་པར་འགྱུར་རོ་ཞེས་
བྱ་བ་འདི་ལ་བྱང་ཆུབ་སེམས་དཔའ་གང་གི་ས་འདི་ཆོས་མ་ཡིན་ནོ་ཞེས་ཐེ་ཚོམ་དུ་གྱུར་པ་འདིའི་སྒྲ་ཇི་བཞིན་པའི་དོན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཚིག་འདི་དང་སངས་རྒྱས་ཀྱི་བཀའ་འདི་དག་གིས་ཐོས་ནས་ཇི་ལྟར་གྱུར་པ་ན་དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཞེས་བྱ་བ་ནི་རང་གི་བྱང་ཆུབ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པར་བྱེད་པའི་ཕྱིར་རོ། །འཇིགས་པ་ནི་ཁ་ན་མ་ཐོ་བས་སོ། །སྐག་པ་ནི་ངན་འགྲོའི་དོགས་པས་སོ། །བརྒྱལ་བ་ནི་ཀུན་ནས་བརྒྱལ་བར་གྱུར་པ་སྟེ་ཀུན་ནས་སྐྲག་པའི་ཕྱིར་རོ། །བརྒྱལ་བ་
ནི་སེམས་སྟོར་བའོ། །སྐུ་ལ་སོགས་པའི་བདག་པོ་ནི་དེ་དག་དེ་ལ་རག་ལས་པ་ཉིད་ཀྱི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོ་ལ་སྨོན་ལམ་བཏབ་པ་ཅན་ནོ། །ནམ་མཁའ་ནི་རིག་པའི་པདྨའོ། །དེ་དང་མཉམ་པ་ནི་གཅིག་ཏུ་གྱུར་པའོ། །དེའི་གཉིས་སུ་
Vol. 40 · folio 257b
མེད་པའི་རྡོ་རྗེ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་དུ་ཞུ་བ་ནི་རྡོ་རྗེའོ། །གཉིས་སུ་མེད་པ་ནི་རྟེན་དང་བརྟེན་པའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་གཉིས་དེ་ཉིད་དུ་ཞུ་བའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །འོད་ཀྱིས་རེག་པ་ཙམ་གྱིས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་
རྩི་དེ་ཉིད་དེའི་རང་བཞིན་ཅན་གྱི་འོད་ཟེར་རྡུལ་ཕྲ་རབ་སོ་སོ་ལ་ཞུགས་ཏེ་ཡང་དག་པར་གསོས་ནས་ལུས་དང་སེམས་ཚིམ་པར་བྱས་པ་ནི་རེག་པ་འབའ་ཞིག་ཡིན་གྱི་བསྒོམ་པ་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཙམ་གྱི་སྒྲའི་དོན་ཏོ། །དེ་ནས་ཞེས་བྱ་བ་ནི་རིག་པ་ཙམ་གྱི་རྗེས་ཐོགས་ལའོ། །འཇིག་
རྟེན་ལས་འདས་པའི་བྱང་ཆུབ་ཀྱི་སེམས་ཐོབ་པས་ན་བྱང་ཆུབ་ཆེན་པོར་གྱུར་ཏེ། འཇིགས་པ་རྣམ་པ་ལྔ་ལས་འདས་པས་ན་རང་རང་གི་སྟན་ལ་ཇི་ལྟ་བ་བཞིན་དུ་གནས་པར་གྱུར་ཏོ། །ཚིགས་སུ་བཅད་པ་གསུངས་པའི་ཀུན་དུ་སྤྱོད་པའི་ཆེ་བའི་བདག་ཉིད་གང་ཐོས་པས་དེ་དག་བརྒྱལ་བ་ནི་ངོ་མཚར་དུ་གྱུར་པའོ། །
རྨད་དུ་གྱུར་པ་ནི་གང་ལ་འོད་ཀྱིས་རེག་པ་ཙམ་གྱིས་དེ་རྣམས་ཡང་དག་པར་གསོས་པ་དང་། འཕགས་པའི་ས་ལ་འཇུག་པའི་ཏིང་ངེ་འཛིན་ལའོ། །དགྱེས་པ་ནི་ཡིད་བདེ་བའོ། །ཁྱབ་པ་ནི་ལུས་ཀྱི་བདེ་བ་སྟེ་ལུས་ཡོངས་སུ་གང་བས་བ་སྤུ་ལངས་པའོ། །དེར་གྱུར་པ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཐབས་ཆེན་
པོ་མཐོང་བའི་ཕྱིར་རོ། །འདི་སྐད་ཅེས་བྱ་བ་ནི་འཆད་པར་འགྱུར་བའོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་འདི་ཉིད་བསྟོད་པའི་དབྱིངས་ཏེ་རྡོ་རྗེ་འཆང་བ་ཉིད་དུ་རྣལ་འབྱོར་པའི་ལུས་དང་ངག་དང་སེམས་དེ་བཞིན་དུ་ལྷག་པར་མོས་པས་ཀུན་དུ་སྤྱོད་པའི་ཕྱིར་རོ། །དེ་ཡང་དོན་དམ་པར་དེ་ལས་ཐ་དད་པ་མ་
ཡིན་ཏེ། བྱ་བ་དང་བྱེད་པ་པོ་ཐ་དད་པ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་ནི་ཐ་དད་པ་ཡིན་པས་དེ་བས་ན་འདིར་ཚིགས་སུ་བཅད་པ་གསུམ་གྱིས་སྐུ་ལ་སོགས་པའི་རང་བཞིན་དང་བཞི་པས་ནི་སྐུ་ལ་སོགས་པའི་ཕྲིན་ལས་ཀྱི་རང་བཞིན་དུ་བསྟོད་པར་བྱའོ། །དེ་ལ་དང་པོར་གསུང་གི་རང་བཞིན་དུ་བསྟོད་པ་ནི། ཨེ་
མའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་ཆོས་ཀྱི་སྒྲས་ནི་གསུང་གི་རང་བཞིན་གྱི་ཆོས་བཤད་པ་ཡིན་ནོ། །གཉིས་པས་ནི་བརྗོད་པར་བྱ་བའི་རང་བཞིན་ཡིན་ལ། གསུམ་པས་ནི་ཡེ་ཤེས་ཀྱི་རང་བཞིན་ཡིན་ནོ། །ཆོས་ཀྱི་ལམ་ཇི་ལྟར་བསྟན་པའི་དོན་ཡང་དག་པར་བྱུང་བ་ནི་ཆོས་ཀྱི་དོན་བྱུང་བ་སྟེ།
Vol. 40 · folio 258a
གསུམ་པ་འདི་ཡང་ངོ་མཚར་ཡིན་ནོ། །དེ་བས་ན་ཆོས་ཀྱི་རྒྱལ་པོ་ཞེས་གསུངས་ཏེ་གསུང་གི་རྒྱལ་པོའོ། །ཕྱག་འཚལ་འདུད་ཅེས་བྱ་བ་ལ་ཁྱེད་ལ་ཞེས་བྱ་བ་ནི་ལྷག་མའོ། །ཆོས་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །འདི་ལས་དག་པས་ན་ཆོས་དག་པས་སོ། །འདི་ལ་དོན་ཏེ་ཡུལ་
བདག་མེད་པ་ཡོད་པས་ན་དོན་བདག་མེད་པའོ། །འདིར་ཆོས་ཀྱི་རྒྱལ་པོའི་སྒྲས་ནི་ཐེག་པ་ཆེན་པོ་མ་ལུས་པ་འམ་རྡོ་རྗེ་ཐེག་པ་དང་གསང་བ་འདུས་པ་བརྗོད་པར་འདོད་དོ། །སྐུའི་རང་བཞིན་དུ་བསྟོད་པ་ནི་སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པ་ནི་
བརྗོད་བྱའི་རང་བཞིན་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་ཕྱིར་སྐུ་དང་གསུང་དང་ཐུགས་རབ་ཏུ་དག་པའོ། །ནམ་མཁའ་དང་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡང་དག་པར་སྦྱོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར། ནམ་མཁའ་དང་ནི་མཉམ་ཉིད་
གནས་སོ། །དེ་ཉིད་ཀྱིས་ན་དེ་བཞིན་ཉིད་དུ་རོ་གཅིག་པའི་ཕྱིར། རྣམ་པར་མི་འགྱུར་སྣང་བ་མེད། །ཅེས་བྱའོ། །རྡོ་རྗེའི་སྐུ་ནི་སྐུ་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ། །ཐུགས་ཀྱི་རང་བཞིན་དུ་བསྟོད་པ་ཐུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དེ་བཞིན་གཤེགས་པ་ཡིན་པས་ན་དེ་བཞིན་
གཤེགས་པའོ། །གཙོ་བོ་ནི་མཆོག་ཏུ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཅི་ཙམ་པ་ཡིན་ཞེ་ན། དུས་གསུམ་དག་གི་ལམ་དུ་བྱུང་བ་སྟེ་དུས་གསུམ་ནི་དུས་ཉིད་དོ། །དེ་ཉིད་ནི་ལམ་ཡིན་ཏེ་དེར་བྱུང་བའོ། །དེ་ཉིད་ཀྱིས་ནི་གོ་རིམས་བཞིན་དུ་ཆོས་ཀྱི་དབྱིངས་རྣམ་
པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དབྱིངས་སུ་གྱུར་པའོ། །ཐུགས་རྗེ་ཆེན་པོ་ནི་མཆོག་ཏུ་རྒྱས་པ་ཉིད་ཀྱི་ཕྱིར་རོ། །འདི་ནམ་མཁའ་དང་འདྲ་བའི་ལམ་མངའ་བས་ནམ་མཁའི་ལམ་སྟེ། རྟག་པ་ཞེས་བྱ་བའི་དོན་ཏོ། །སྐུ་ལ་སོགས་པ་ལས་ཐ་དད་པར་བྱས་ནས་དེའི་ཕྲིན་ལས་ཀྱི་ཚུལ་དུ་བསྟོད་
པ་ནི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ནམ་མཁའི་སྐུ་ནི་དེ་བཞིན་ཉིད་དུ་རོ་གཅིག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་སྐུའོ། །དེ་ལས་ཡང་དག་པར་བྱུང་བ་ནི་ཡང་དག་པར་སྐྱེས་པའོ། །བདག་མེད་པར་སྟོན་པའི་གསུང་ནི་ནམ་མཁའི་གསུང་ངོ་། །དེ་
Vol. 40 · folio 258b
རབ་ཏུ་འཇུག་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཐུགས་ནི་ནམ་མཁའི་ཐུགས་སོ། །དེར་ཆོས་ནི་ཡོངས་སུ་སྤྱོད་པའོ། །དེ་རྣམས་ཀྱི་མཆོག་སྟེ་དམ་པའོ། །སྤྱོད་པ་ནི་ཀུན་དུ་སྤྱོད་པའོ། །དེ་ཉིད་ནི་གཞི་དང་གནས་ཏེ་དེ་ཉིད་ལ་གནས་ནས་སངས་རྒྱས་ཉིད་དང་སྒྲུབ་པ་ཡིན་པའི་
ཕྱིར་རོ། །སེམས་ཀུན་ལ་སྤྱོད་པས་ན་ཀུན་དུ་སྤྱོད་པ་སྟེ། ལེའུ་བཅོ་བརྒྱད་པ་ལས། སེམས་ཀུན་ལ་ནི་སྤྱོད་པ་སྟེ། །ཀུན་དུ་སྤྱོད་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེའི་དོན་དུ་དེ་གཙོ་བོར་གྱུར་པ་ནི་ཀུན་དུ་སྤྱོད་པ་མཆོག་གི་ལེའུའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་
མེ་ཏོག་ལས་ལེའུ་ལྔ་པའོ།། །།དངོས་གྲུབ་མཆོག་གི་ཉེ་བའི་སྒྲུབ་པ་ནི་ལེའུ་འདིའི་དོན་ཡིན་ཏེ། དེའི་མཚན་ཉིད་ནི། དྲག་ཤུལ་རྗེས་སུ་ཆགས་པ་ནི། །ཉེ་བར་བསྒྲུབ་པའི་སྡོམ་པའོ། །ཞེས་བྱ་བས་བསྟན་ཏེ་ཉེ་བར་བསྒྲུབ་པ་གཏན་ལ་ཕབ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་
མངོན་པར་རྟོགས་པ་ལས་བྱིན་གྱིས་རློབ་པའི་སྔགས་ལྔ་ནི་རྗེས་སུ་ཆགས་པ་སྟེ་སེམས་དགའ་བར་བྱེད་པའི་ཕྱིར་རོ། །དེ་རྣམས་ཀྱིས་མངོན་དུ་བྱ་བའི་མངོན་པར་རྟོགས་པ་ནི་དྲག་ཤུལ་ཏེ། ཟབ་ཅིང་ཕྲ་བའི་དངོས་པོ་ལ་དྲག་ཤུལ་གྱིས་ཡིད་འཇུག་པར་བྱེད་པའི་ཕྱིར་རོ། །དྲག་ཤུལ་གྱི་
སྤྱོད་པ་ནི་དམ་ཚིག་གི་དྲག་ཤུལ་ལོ། །ཉེ་བའི་ལོངས་སྤྱོད་དང་དཀའ་སྤྱོད་དག་ནི་དམ་ཚིག་གི་རྗེས་སུ་ཆགས་པ་སྟེ་དེ་དག་གི་ལྷ་རྣམས་ཆགས་པར་བྱེད་པའི་ཕྱིར་རོ། །དེ་དག་ཐམས་ཅད་ལེའུ་བཞི་རྣམས་སུ་སྟོན་ཏོ། །དེ་ལ་མངོན་པར་རྟོགས་པ་ནི་གཙོ་བོ་ཡིན་ཏེ་དེའི་ཡན་ལག་དྲུག་
སྟེ། སྔགས་དགོད་པ་དང་། ཕྱག་རྒྱ་ཆེན་པོ་དང་། དེའི་སྤྱད་པ་དང་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམས་དང་ཕྲ་མོའི་རྣལ་འབྱོར་རྣམས་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་རྣམས་སོ། །ཡན་ལག་དྲུག་པོ་དེ་རྣམས་ལས་དྲུག་པོ་ནི་འབྲས་བུ་ཡིན་པའི་ཕྱིར་གཙོ་བོ་ཡིན་
ཏེ། དེ་བས་ན་དེའི་སྒོ་ནས་དེའི་དོན་སྟོན་པའི་མཐར་ལེའུའི་མིང་དང་། སྐུ་དང་གསུང་དང་ཐུགས་བྱིན་གྱིས་རློབ་པའི་ལེའུ་སྟེ་དྲུག་པའོ་ཞེས་བྱ་བ་བསྟན་ཏེ། རྡོ་རྗེ་བཀོད་པའི་ལེའུ་ཞེས་བྱ་བའི་དོན་ཏོ། །སྐུ་ལ་སོགས་པ་བྱིན་གྱིས་རློབ་པ་དེའི་ལེའུ་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་དང་པོར་བསྟན་གྱི་
Vol. 40 · folio 259a
མངོན་པར་རྟོགས་པའི་དང་པོ་ཡིན་པའི་ཕྱིར་ནི་མ་ཡིན་ཏེ། སྐུ་གསུང་ཐུགས་ཀྱིས་མཚན་པ་ཡི། །ཆོས་ཀྱི་ཚིག་རྣམས་རབ་ཏུ་བརྗོད། །ཅེས་བྱ་བས་མངོན་པར་རྟོགས་པའི་མཐར་གསུངས་པའི་ཕྱིར་མི་རིགས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་བཅོམ་
ལྡན་འདས་རྡོ་རྗེ་འཆང་བ་ཉིད་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཅན་གྱི་ཐུགས་རྡོ་རྗེ་ལ་སོགས་པའི་ང་རྒྱལ་སྟོན་པར་མཛད་པ་ལ་མི་བསྐྱོད་པ་ལ་སོགས་པའི་སྒྲར་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རྡོ་རྗེ་གསུམ་མི་ཕྱེད་པ་ནི་བཅོམ་ལྡན་
འདས་ཐུགས་རྡོ་རྗེ་སྟེ། དེས་ནི་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་མི་ཕྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ཐུགས་བྱིན་གྱིས་བརླབ་པ་ནི་རང་གི་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་བྱེད་པ་སྟེ་དེའི་དོན་གྱི་སྔགས་སོ། །དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཐུགས་དེ་ཉིད་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱིས་ཕན་ཚུན་དབྱེར་མི་ཕྱེད་པའི་ཕྱིར་རམ་མི་འཕྲོགས་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་སྐུ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྔགས་རྣམས་ལ་བལྟ་བར་བྱའོ། །རྡུལ་དང་བྲལ་བའི་གནས་
རྡོ་རྗེ། །ཞེས་བྱ་བ་ལ་རྡུལ་ནི་ཉོན་མོངས་པ་རྣམས་ཏེ་དེ་དང་བྲལ་བའི་ཕྱིར་རྡུལ་དང་བྲལ་བ་ནི་ཟག་པ་མེད་པའི་ཆོས་རྣམས་སོ། །དེ་དག་ཉིད་ཀྱི་གཞིར་གྱུར་པས་ན་གནས་ཏེ། དེའི་ས་བོན་གྱི་གཞིར་གྱུར་པ་ཡིན་པའི་ཕྱིར་རོ། །ཟག་པ་དང་བཅས་པ་རྣམས་ཀྱི་གནས་ནི་མ་ཡིན་ཏེ། དེའི་ས་བོན་དེ་
ཟད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་རྡུལ་དང་བྲལ་བའི་གནས་ནི་ཀུན་གཞི་རྣམ་པར་ཤེས་པར་གྱུར་པ་ལས་གྲུབ་པའི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་སྐུ་རྡོ་རྗེ་སྟེ་དེས་ཀྱང་སྐུ་བྱིན་གྱིས་བརླབ་པར་བྱའོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ནོར་བུ་ཕྲ་མོས་རིག་པར་བྱའོ། །དེ་གཉིས་སུ་མེད་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མི་དམིགས་པས་མཚོན་པ་ཉིད་དང་ཚིག་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མི་དམིགས་པའོ། །དེ་ཡང་བཅོམ་ལྡན་འདས་གསུང་
Vol. 40 · folio 259b
རྡོ་རྗེ་སྟེ། དེས་ཀྱང་གསུང་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པའི་གསང་བ་ཞེས་བྱ་བ་ནི་འདི་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་ཏེ་གོ་འཕང་དུ་དེ་རྣམས་བྱིན་གྱིས་བརླབས་པར་གྱུར་པས་བསྐྱོད་པར་བྱའོ། །གནས་
སུ་རྣམ་པར་བསྒོམ་ཞེས་པ་ལ། གནས་ནི་སྙིང་ག་དང་། མགོ་དང་། མགྲིན་པ་རྣམས་ཏེ། དེ་རྣམས་སུ་བསྒོམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་ཀྱི་མཚན་གྱིས་ཤིན་ཏུ་མཚན་བྱས་པ་སོ་སོར་གསུམ་དུ་སྦྱར་ཏེ། ཤིན་ཏུ་མཚན་པ་ནི་ཟླ་བའི་དཀྱིལ་འཁོར་རོ། །མཚན་
མ་ནི་དེའི་སྟེང་ན་གནས་པའི་མཚན་མར་གྱུར་པའོ། །སྔགས་ནི་དེའི་ལྟེ་བར་གནས་པའི་ཡི་གེའོ། །དེ་དག་ཀྱང་གོ་རིམས་བཞིན་དུ་རྡོ་རྗེ་དང་འཁོར་ལོ་དང་པདྨའི་མཚན་མ་རྣམས་ལ་ཡི་གེ་ཧཱུཾ་དང་རབ་སྔགས་དང་ཨཱཿརྣམས་སོ། །འདིས་ཞེས་བྱ་བ་ནི་བྱིན་གྱིས་རློབ་པའི་སྔགས་གསུམ་
གྱིས་སོ། །མཆོག་རབ་ཅེས་བྱ་བ་ནི་དམ་པ་སྟེ་དོན་ཡོད་པའི་ཕྱིར་རོ། །དེའི་རྗེས་ལ་ཕྲ་མོའི་རྣལ་འབྱོར་ལས་དགའ་བའི་མཆོད་པ་རྣམ་པ་གསུམ་ལེའུ་བཅུ་པ་ལས་གསུངས་པ་ནི་ཡེ་ཤེས་སྒྲོལ་མ་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །སྔགས་འདི་
ཞེས་བྱ་བ་ནི་དགའ་བའི་མཆོད་པ་དེ་དག་བྱིན་གྱིས་རློབ་པའི་སྔགས་སོ། །སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་ཞེས་བྱ་བ་ནི་དགའ་བའི་མཆོད་པ་གསུམ་སྟེ། སྭ་བྷཱ་བ་ཞེས་བྱ་བ་རིན་ཆེན་ཏོག་གི་རང་བཞིན་ནོ། །གྲུབ་པ་རྡོ་རྗེ་གདོན་མི་ཟ་བ་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པར་སྤྲོས་པའོ། །དེ་བཞིན་
གཤེགས་པ་རྣམས་ཀྱི་མཆོད་པ་སྟེ། དོན་ཡོད་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཏིང་ངེ་འཛིན་དེ་ལ་དམིགས་པ་དེ་ལ་དེ་སྐད་ཅེས་བྱའོ། །མཆོད་པ་དེ་ཉིད་ཀྱི་ཁྱད་པར་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་སྒོ་ལས་མཆོད་པའི་ལྷ་མོ་དྲུག་ཕྱུང་
ལ། ལྷ་མོ་ལྔའི་འོད་ཟེར་ལས་ནི་འདོད་པའི་ཡོན་ཏན་ལྔའི་སྤྲིན་སྤྲོའོ། །དྲུག་པའི་འོད་ཟེར་ལས་ནི་མཆོད་པ་རྣམ་པ་ལྔ་སྤྲོས་ཏེ་སངས་རྒྱས་ཐམས་ཅད་ལ་ཐམས་ཅད་ཀྱིས་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཕན་ཡོན་བསྟན་པའི་ཕྱིར་གསུངས་པ། མཆོད་པ་ཞེས་བྱ་བ་ལ་སོགས་
Vol. 40 · folio 260a
པ་སྟེ། དེ་ལྟར་སངས་རྒྱས་རྣམས་མཆོད་ནས་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་རྡོ་རྗེ་སྟེ་ནོར་བུ་དང་སྣ་ཚོགས་པ་ཡིན་ལ་དེ་རྣམས་ཀྱི་བདག་པོ་ནི་རྡོ་རྗེ་འཛིན་པ་སྟེ།
འདི་བཀའི་སྐུ་ལ་སོགས་པའི་བདག་ཉིད་དུ་བྱིན་གྱིས་བརླབ་པར་བྱེད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བདག་པོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ཚུལ་གྱིས་བྱེད་པ་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གོ། །དེ་རྣམས་
ཀྱི་སྔགས་ནི་ས་བོན་གྱི་ཡི་གེའོ། །དེའི་གསང་བའི་ཟླ་བ་དང་རྡོ་རྗེའི་སྦྱོར་བས་དེ་རྣམས་ཇི་ལྟ་བ་བཞིན་དུ་བསྐྱེད་པ་དང་། དམིགས་པ་གསུམ་གྱིས་དེ་རྣམས་ཀྱི་སྐུར་ཇི་ལྟ་བ་བཞིན་དུ་བསྐྱེད་པའོ། །སྔགས་ལ་དམིགས་པ་ཞེས་བྱ་བ་ནི་མཚན་བཞི་བསྟན་པའོ། །ལྷག་མས་ནི་མཚན་
ཉིད་བསྟན་པའོ། །ལུས་དང་ངག་གིས་ཡིད་ནི་བསྐུལ་ནས་སུ་ཞེས་བྱ་བ་ལ། ཡིད་ནི་ཞེས་བྱ་བ་ནི་གསུམ་པའི་དོན་གྱིས་བདུན་པའོ། །ངག་དང་ལུས་ནི་ཤེས་རབ་ཐབས་ཀྱི་བདག་ཉིད་དེ། དེ་དག་རྒྱུའི་རང་བཞིན་ནོ། །ཡིད་ནི་འབྲས་བུའི་རང་བཞིན་གྱིས་བསྐྱེད་ཅིང་རྫོགས་པའོ། །དེ་ལ་སྙིང་
གའི་ཟླ་བ་ནི་ཤེས་རབ་བོ། །དེའི་དབུས་སུ་གནས་པའི་མཚན་མ་ནི་ཐབས་སོ། །མཚན་མའི་དབུས་སུ་བཀོད་པའི་སྔགས་ཀྱི་རྣམ་པའི་སེམས་ནི་ཡོད་དོ། །རྣམ་པ་གསུམ་པོ་དེ་དག་ལས་བྱུང་བ་ནི་སེམས་བསྐྱེད་པའོ། །བསྒྲུབ་པར་བྱ་བ་ནི་ཞེས་བྱ་བ་ལ། ཅི་ཞིག་བསྒྲུབ་པར་བྱ་ཞེ་ན།
དངོས་གྲུབ་མཆོག་སྟེ་བྱང་ཆུབ་དམ་པའོ། །ནམ་མཁའི་ཁོངས་སུ་ཁྱབ་པའི་དཀྱིལ་འཁོར་པའི་ལྷའི་བཀོད་པ་མ་ལུས་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞིག་གིས་ཤེ་ན། ཡིད་ནི་དགའ་ཞིང་མགུ་བ་ཡིས། །ཞེས་བྱ་སྟེ་སེམས་ཀྱི་འོད་ཟེར་རྣམས་ཀྱིས་ལྷའི་བཀོད་པ་དེ་དག་སྣང་བར་
བྱས་ཏེ་བཀུག་ལ་སྔགས་ལ་བཅུག་སྟེ། འདི་དག་ཐམས་ཅད་ནི་སེམས་ཙམ་ཡིན་ནོ་ཞེས་བྱ་བའི་དོན་འདི་གང་ཡིན་པ་དེ་དགའ་ཞིང་མགུ་ལ་རངས་པར་བྱེད་པ་ཡིན་ཏེ། སྔགས་ཀྱི་ལྷ་ཐམས་ཅད་རང་གི་སེམས་ཙམ་དུ་བསྟན་པའི་རྣམ་པར་མཐོང་བ་གང་ཡིན་པ་ནི་སྔགས་ལ་
Vol. 40 · folio 260b
དམིགས་པ་ཞེས་བྱ་བའི་དོན་ཏོ། །སེམས་ལ་དམིགས་པ་ཞེས་བྱ་བ་ནི་མཚན་གཞིའོ། །བདག་མེད་པ་ཞེས་བྱ་བ་མཚན་ཉིད་དོ། །གཟུང་བ་མེད་ན་འཛིན་པ་ཡང་མེད་པ་དེ་ལྟ་བས་ན་སེམས་ནི་སེམས་མ་ཡིན་པ་ཉིད་དུ་མཐོང་བ་ནི་བདག་མེད་པ་མཐོང་བ་སྟེ། དེ་ནི་སེམས་ལ་དམིགས་པ་
ཞེས་བྱ་བའི་དོན་ཏོ། །ངག་དང་ལུས་ཀྱང་རྣམ་པར་བསྒོམ། །ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་སྦྱར་ཏེ། སེམས་ལ་དམིགས་པ་ཡང་སྟེ། ངག་དང་འབྲེལ་པའི་ཕྱིར་ཡང་དག་པར་ངེས་པ་ཡིན་གྱི། སྔགས་ཐམས་ཅད་ཀྱི་ཡང་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ལུས་སུ་
བདག་ལ་མཐོང་བ་ནི་མ་ཡིན་ནོ། །དེ་ཡང་གང་གི་ཚེ་སྔགས་ཀྱི་གཟུགས་ཀྱི་ངག་ཡོངས་སུ་གྱུར་ནས་འཁོར་ལོས་སྒྱུར་བའི་ལུས་བདག་ཉིད་མཐོང་བ་དེའི་ཚེ་ན་མཐོང་བར་འགྱུར་ཏེ། སྔགས་ཡོངས་སུ་གྱུར་པ་ལས་ལྷའི་ལུས་སུ་བསྒོམས་པ་གང་ཡིན་པ་འདི་ནི་ངག་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །
སྐུ་དེ་ཉིད་ནི་བྱང་ཆུབ་སྟེ་དེའི་རྣམ་པར་སྤྱད་པ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་ཕྱིར་གསུངས་པ། ནམ་མཁའ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྦྱོར་བ་རྣམ་པ་གསུམ་ནི་ལུས་དང་ངག་དང་སེམས་སྦྱོར་བས་འཁོར་ལོས་སྒྱུར་བའི་སྐུར་བྱ་བ་སྟེ། དེ་ཉིད་ནི་བྱང་ཆུབ་བོ། །བསྒྲུབ་པར་བྱ་ཞེས་བྱ་
བ་ནི་བྱང་ཆུབ་ཀྱི་ཚིགས་སུ་བཅད་པས་ངེས་པར་བྱ་བའོ། །ཇི་ལྟར་ངེས་པར་བྱ་ཞེ་ན། ནམ་མཁའ་བཞིན་དུ་མཉམ་པའི་གནས། །ཞེས་བྱ་བ་ལ། ནམ་མཁའ་ནི་སྟོང་པ་ཉིད་དོ། །དེའི་མཉམ་པ་ནི་གསུམ་པའོ། །དེས་ན་དེ་རྣམས་ཀྱི་གནས་ཏེ་གཅིག་ཏུ་འགྱུར་ཞིང་སྦྱར་བའོ། །དེ་ཉིད་ཀྱི་ཕྱིར་
གསུངས་པ། ལུས་དང་ཞེས་བྱ་བ་ལ་སོགས་པ་ལ། ལུས་དང་ངག་དང་སེམས་དམིགས་པ་ནི་སྟོང་པ་ཉིད་དོ། །དེ་དག་གི་ངོ་བོ་ནི་རང་གི་མཚན་ཉིད་དེ་སྟོང་པ་ཉིད་ཡིན་པའི་ཕྱིར་དམིགས་སུ་མེད་པའོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་ལུས་སུ་སྦྱོར་བ་ལ་བྱང་ཆུབ་མེད་པ་སྟེ། ནམ་མཁའ་ལྟ་བུ་
ཡིན་པའི་ཕྱིར་རོ། །དམིགས་པ་གཉིས་ཀྱིས་བྱང་ཆུབ་ཏུ་བསྒོམ་པ་གང་ཡིན་པ་དེ་ཡང་མེད་པ་སྟེ། གཉི་ག་དམིགས་སུ་མེད་པའི་ཕྱིར་རོ། །སྐུ་གསུང་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་དང་སྐུ་གསུང་ཐུགས་རྣམས་ཏེ། སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་དོན་
Vol. 40 · folio 261a
ཏོ། །ཇི་ལྟར་དེ་དག་གི་མཚན་ཉིད་རྣམ་པར་དཔྱད་ཅེ་ན། དེ་དག་མདོར་བསྡུས་ཏེ་སྐུ་ལ་སོགས་པ་དེ་དག་སོ་སོར་གདན་དང་མཚན་མ་དང་སྔགས་རྣམས་སུ་སྦྱོར་བས་ཞེས་བྱ་བའི་དོན་ཏོ། །དེའི་རྗེས་ལ་ཕྲ་མོའི་རྣལ་འབྱོར་ཡིན་ཏེ། དེའི་མཚན་ཉིད་ནི་ཚིགས་སུ་བཅད་པ་ཕྱེད་ལྷག་མ་
ཤོས་ཀྱིས་བསྟན་ཏོ། །ཏིང་ངེ་འཛིན་ནི་མཚན་མ་ཕྲ་མོ་སྟེ་དེ་བསྒོམ་པའོ། །བྱང་ཆུབ་ནི་ཟླ་བ་འམ་ཉི་མའི་དཀྱིལ་འཁོར་རོ། །དེའི་ནང་དུ་ཆུད་པའི་སྦྱོར་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔགས་ནི་བྱང་ཆུབ་ལ་གནས་པའི་ས་བོན་ནོ། །བརྟགས་པ་ནི་སྦྱོར་བའོ། །དེ་ལྟར་མཚན་
ཉིད་བསྟན་ནས། དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་དཔལ་ནི་ཡེ་ཤེས་ཀྱི་གདན་ནོ། །དེ་དང་ལྡན་པ་ནི་དེ་དང་སྦྱོར་བའི་མཚན་མ་སྟེ་དཔལ་ལྡན་ནོ། །དེ་བཞིན་གཤེགས་པ་ནི་སྔགས་སོ། །ཀུན་ནི་ཡེ་ཤེས་རྡོ་རྗེའོ། །དེས་མཆོད་པ་ནི་
སྔགས་ཏེ། མཚན་མའི་དབུས་སུ་བཀོད་པའོ། །སྔགས་དེ་ཉིད་ནི་སངས་རྒྱས་ཀུན་ཏེ་དེའི་མཆོག་ནི་ཐིག་ལེའོ། །དེ་ལ་ཐམས་ཅད་མཁྱེན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཐམས་ཅད་མཁྱེན་པ་དེ་ཅི་ཞིག་ཅེ་ན། མཚན་མ་ཕྲ་མོའི་ནང་གི་གདན་ལ་གནས་པའི་སྔགས་སོ། །དེ་ལྟར་
ཕྲ་མོ་ལ་སྙོམས་པར་ཞུགས་ནས་བཀའ་སྩལ་པ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་གསུངས་པའོ། །བསྒོམ་པའི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་བསྒོམ་པའི་མཆོག་ནི་ཕྲ་མོའི་རྣལ་འབྱོར་རོ། །ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་དབྱིངས་ནི་ཡེ་ཤེས་ཏེ། རྡོ་རྗེའི་སྔགས་ཀྱི་
ཐིག་ལེའོ། །དེའི་དབུས་གནས་པ་ནི་སངས་རྒྱས་ཀྱི་གཟུགས་ཏེ། རྡོ་རྗེ་འཛིན་པའི་སྐུ་མཚན་མ་ཕྲ་མོའོ། །བསྒོམས་ནས་ཞེས་བྱ་བ་ནི་བསྒོམ་པ་བྱས་ནས་སོ། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་མཚན་མ་དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་བསམས་ལ་ཕྲ་
མོའི་སྦྱོར་བ་སྟེ། རྡོ་རྗེ་འཛིན་པའི་ས་བོན་བསམ་པར་བྱ་སྟེ། བཀོད་ལ་ཡུན་རིང་དུ་བསམ་པར་བྱའོ། །དེ་ཡང་དམིགས་པ་གསུམ་གྱིས་བསྒྲུབས་པའི་བྱང་ཆུབ་ཚིགས་སུ་བཅད་པས་རྣམ་པར་སྤྱད་པའི་རྡོ་རྗེ་འཛིན་པའི་རྣལ་འབྱོར་ལ་གནས་ཏེ་བསྒོམ་པར་བྱའོ་ཞེས་བྱ་བར་སྐབས་ཀྱིས་ཤེས་
Vol. 40 · folio 261b
པར་བྱའོ། །གསལ་བར་བྱ་བའི་ཕྱིར་སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་རྩེ་ལས་བྱུང་བས་ན་སྣ་རྩེ་སྟེ་རྗེས་སུ་འགྲོ་བའི་དབྱིངས་ཞེས་བྱ་བའི་དོན་ཏོ། །སྣ་ཡང་ཡིན་ལ་རྩེ་མོ་ཡང་ཡིན་པས་ན་སྣ་རྩེ་སྟེ། ཡེ་ཤེས་རྡོ་རྗེའི་སྔགས་ཀྱི་སྟེང་གི་ཆར་གྱུར་པས་སོ། །ཡུངས་ཀར་ཞེས་
བྱ་བ་ནི་ཡུངས་ཀར་ལྟར་ཕྲ་བའི་ཡེ་ཤེས་ཀྱི་ཐིག་ལེ་ཟླ་བ་ལྟར་དཀར་བའོ། །ཇི་སྐད་དུ། ནམ་མཁའི་དབུས་སུ་དེ་ཉིད་མཆོག །བདུད་རྩི་ཐིག་ལེའི་རང་བཞིན་ཅན། །ཟླ་བ་ལྟར་དཀར་སྟོང་དེ་ཉིད། །མི་ཟད་མི་ཉམས་ཤིན་ཏུ་ཕྲ། །རྡོ་རྗེ་སེམས་དཔའ་མི་ཤིགས་པར། །བཤད་པ་རྣམ་པར་བསྒོམ་པར་
བྱ། །ཞེ་སྡང་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པ་ལྟ་བུའོ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །ཡེ་ཤེས་གནས་བསམ་ཞེས་བྱ་བ་ནི་ཡུངས་ཀར་ལས་མཚན་མ་སྤྲོས་ཏེ། རྒྱུ་བ་དང་མི་རྒྱུ་བ་སྣ་ཚོགས་མཚན་མའི་རང་བཞིན་དུ་བྱས་ནས་ཡུངས་ཀར་གྱི་ནང་དུ་བསྡུས་པ་དེ་ཉིད་ནི་ཡེ་
ཤེས་ཀྱི་གནས་ཏེ། དེ་བསྒོམ་པའོ། །ཡེ་ཤེས་ནི་འདིར་མཆོག་ཏུ་ཕྲ་བའི་དཔལ་མཆོག་དང་པོའི་ས་བོན་ནོ། །དེའི་གནས་ནི་རྟེན་ཏེ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ། །ཉམས་དགའ་བ་ནི་དགའ་མའི་རང་བཞིན་ཡིན་པའི་ཕྱིར་རོ། །གསང་བ་ནི་ཕྲ་བའི་ཕྱིར་རོ། །
ཡེ་ཤེས་ཀྱིས་བརྟགས་ཞེས་བྱ་བ་ནི་དཔལ་མཆོག་དང་པོའི་ཡི་གེ་དེ་ཉིད་ཀྱིས་མནན་པའི་ཕྱིར་རོ། །སངས་རྒྱས་སྐུ་ཡི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་སྔོན་པོ་རྩེ་མོ་ཅུང་ཟད་གྱེས་པ་མི་བསྐྱོད་པའི་རྣལ་འབྱོར་པས་སྣའི་རྩེ་མོར་བསམས་ལ་དེའི་དབུས་སུ་མཚན་མ་སྤྲོ་བ་དང་། བསྡུ་བ་ལས་
བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་གནས་པའི་སྟེ་མི་བསྐྱོད་པའི་ས་བོན་དགོད་པར་བྱའོ། །དེ་ཉིད་ནི་ཧཱུཾ་ཞེས་བྱ་བས་གསུངས་སོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ནི་འཁོར་ལོ་རྩིབས་བརྒྱད་པ་ཕྲ་མོའོ། །སྤྱན་
གྱི་ཚུལ་དུ་སྦྱོར་བ་ལ། ཞེས་བྱ་བ་ལ་མཚན་མ་སྤྲོ་བ་དང་བསྡུས་པ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ནི་སྤྱན་ཏེ་དབུས་ན་གནས་པ་དེའི་ཚུལ་དུ་སྟེ། མཚན་མ་ཕྲ་མོ་དེ་ཉིད་དུ་སྦྱོར་བ་རྣམ་པར་བསྒོམ་ཞེས་བྱ་བར་སྦྱར་རོ། །པདྨ་ཞེས་བྱ་བ་ནི་ཟླ་བ་དེ་ཉིད་ལའོ། །རྡོ་རྗེ་ཞེས་བྱ་བ་ནི་སངས་རྒྱས་ཏེ་རྣམ་
Vol. 40 · folio 262a
པར་སྣང་མཛད་ཀྱི་ས་བོན་ཞེས་བྱ་བའི་དོན་ཏོ། །རིན་ཆེན་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར་པས་རིན་པོ་ཆེ་ཕྲ་མོའོ། །དང་པོའི་སྦྱོར་བ་ཞེས་བྱ་བ་ལ་དང་པོ་ནི་ས་བོན་ཏེ་དེ་དང་སྦྱར་བའོ། །དེའི་སྟེང་དུ་ཞེས་བྱ་བ་ལ་དེའི་སྒྲ་ནི་བར་དུ་གཅོད་པ་
ཡིན་དུ་ཟིན་ཀྱང་། ཉི་མའི་དཀྱིལ་འཁོར་ལ་སྙེགས་ཀྱི་སྤྱན་ནི་མ་ཡིན་ནོ། །པདྨའི་དཀྱིལ་འཁོར་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་རྣལ་འབྱོར་པས་པདྨ་ཕྲ་མོའོ། །འདོད་ཆགས་རྡོ་རྗེ་ཅན་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་ས་བོན་ནོ། །དེའི་སྟེང་དུ་ཞེས་བྱ་བ་ནི་སྔ་མ་དང་འབྲེལ་
པའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུའོ། །འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ། འོད་ནི་དོན་ཡོད་པར་གྲུབ་པའོ། །དེའི་དཀྱིལ་འཁོར་ནི་མཚན་མ་སྟེ། དོན་ཡོད་པར་གྲུབ་པའི་རྣལ་འབྱོར་པས་རལ་གྲི་ཕྲ་མོའོ། །སངས་རྒྱས་ཚུལ་ནི་ཞི་བ་སྤྲོ། །ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་
ས་བོན་ནོ། །འཁོར་ལོ་ཞེས་བྱ་བ་ནི་ས་བོན་དེ་ཉིད་ཀྱི་གཞི་ནི་ཉི་མའི་དཀྱིལ་འཁོར་རོ། །ཁྱད་པར་དག་ཏུ་ཞེས་བྱ་བ་ནི་མཚན་མ་སྤྲོ་བ་དང་བསྡུ་བ་ལས་སོ། །མཚན་མ་ཕྲ་མོའི་ཚད་བསྟན་པར་བྱ་བའི་ཕྱིར་ཨུཏྤལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲ་བ་ཞེས་བྱ་བ་ནི་ཁ་དོག་གོ། །ནས་ཀྱི་
འབྲུ་ཙམ་ཞེས་བྱ་བ་ནི་ཆུར་ནས་འབྲུ་ཙམ་མོ། །ཁྱད་པར་དུ་ཞེས་བྱ་བ་ནི་དབྱེ་བ་དེ་ཉིད་ཀྱིས་ཏེ། མི་བསྐྱོད་པའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ། །འདབ་མ་བརྒྱད་པ་ཞེས་བྱ་བ་ནི་པདྨའོ། །ནས་ཞེས་བྱ་བ་ནི་བསྔགས་པའོ། །བྱང་ཆུབ་གཞོལ་བར་འགྱུར་ཞེས་བྱ་བ་ནི་འདི་ཕ་རོལ་ཏུ་སོན་པ་ཡོད་
པས་ན། དེ་སྐད་ཅེས་བྱ་སྟེ། བྱང་ཆུབ་དོན་དུ་གཉེར་བ་ཞེས་བྱ་བའི་དོན་ཏོ། །འདི་དག་ཉིད་བསྒྲེ་བར་བྱ་བའི་ཕྱིར་འཁོར་ལོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཁྱད་པར་དུ་ཞེས་བྱ་བ་ནི་དབྱིབས་ཀྱི་བྱེ་བྲག་གིས་སོ། །བརྟག་པར་བྱ་ཞེས་བྱ་བ་ནི་པདྨ་དང་རྡོ་རྗེ་དང་ཡུངས་ཀར་གྱི་
རྗེས་སུ་འབྲངས་ནས་དཔག་པར་བྱ་སྟེ། དེ་ལ་འཁོར་ལོ་ནི་ཀུན་ནས་ཟླུམ་པ་ཉིད་ཀྱིས་ཚད་པདྨ་དང་འདྲའོ། །རལ་གྲི་ནི་ཆུར་གནས་པ་ཉིད་ཀྱིས་རྡོ་རྗེ་འདྲའོ། །རིན་པོ་ཆེ་ནི་ཟླུམ་པ་ཉིད་ཀྱིས་ཡུངས་ཀར་གྱི་ཚད་ལ་ཟུར་དགུ་པ་སྟེ། གཅིག་ནི་སྟེང་ཡིན་ལ་བརྒྱད་ནི་ངོས་ཡིན་ནོ། །བསྒོམས་པའི་
Vol. 40 · folio 262b
ཕན་ཡོན་ནི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ཐམས་ཅད་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཡོན་ཏན་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་སོ། །དེ་རྣམས་ཀྱི་གནས་འདི་ལ་ཡོད་པས་ན་དེ་སྐད་ཅེས་བྱ་སྟེ། ཉམས་དགའ་བ་ནི་བླ་ན་མེད་པའི་བདེ་བ་ཉིད་ཡིན་པའི་ཕྱིར།
བྱང་ཆུབ་ཉིད་གནས་ཡིན་པས་ན་བྱང་ཆུབ་གནས་སོ། །འགྲུབ་འགྱུར་ནི་འགྲུབ་པར་བྱེད་པར་འགྱུར་བའོ། །སངས་རྒྱས་བྱང་ཆུབ་གནས་རྣམས་ནི། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་ལ་གནས་པའི་སངས་རྒྱས་རྣམས་ཀྱི་ས་བོན་ནོ། །དེ་རུ་མདོར་ན་སྤྲོ་བར་བྱ། །ཞེས་བྱ་བ་ནི་མཚན་མ་ཕྲ་མོ་དེ་རྣམས་
ལའོ། །འདི་དག་ནི་ཕྲ་མོའི་བྱང་ཆུབ་ཀྱི་སེམས་ཏེ་འདིས་བྱང་ཆུབ་ལ་རྣམ་པར་སྤྱོད་པས་སོ། །དེའི་འོག་ཏུ་སྔགས་ལྔས་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པར་བྱ་བ་ཡིན་པས། དེ་བསྟན་པའི་ཕྱིར་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱིས་མཚན་པ་ནི་སྐུ་ལ་
སོགས་པ་ཉེ་བར་མཚོན་པའོ། །ཆོས་ཀྱི་ཚིག་རྣམས་ནི་སྔགས་ཀྱི་ཚིག་གོ། །རབ་ཏུ་བརྗོད་ཅེས་བྱ་བ་ནི་བརྗོད་པར་བྱའོ། །ང་རྒྱལ་ལྔའི་མཚན་ཉིད་ནི་ཇི་སྐད་དུ། ལེའུ་དང་པོར་བཤད་པ་ལྟ་བུའོ། །ཉེ་བར་སྒྲུབ་པ་འདི་ནི་བཅོ་བརྒྱད་པ་ལས། སེམས་དེའི་སྙིང་གར་མཚོན་པར་བྱ། ཞེས་
བྱ་བ་ལ་སོགས་པས་བཤད་པར་བྱ་ཞིང་དེ་ལ་སྤྱོད་པ་ཡང་བཅོ་བརྒྱད་པ་ལས། ཇི་སྲིད་མཐོང་བ་དེ་སྲིད་དུ། །ཟླ་བ་དྲུག་ཏུ་གཉིས་སུ་བསྒོམ། །འདོད་པ་ཀུན་ལ་ལོངས་སྤྱོད་པས། །ཐམས་ཅད་དུ་ནི་རྟག་ཏུ་བྱ། །གལ་ཏེ་ཟླ་བ་དྲུག་གིས་ནི། །ཇི་སྐད་གསུངས་པ་མ་མཐོང་ན། །ཇི་སྐད་བཤད་
པའི་ས་བོན་དང་། །སྡོམ་པས་ལན་གསུམ་བརྩམ་པར་བྱ། །ཞེས་བཤད་པར་བྱའོ། །སྤྱོད་པ་དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པས་ན་དཔལ་ལྡན་ནོ། །མཚན་མ་ཕྲ་མོ་འཛིན་པར་མཛད་པས་ན་རྡོ་རྗེ་འཛིན་ནོ། །དེ་ཉིད་
ནི་རྡོ་རྗེ་འཛིན་པ་དེར་གྱུར་པའི་དོན་གང་ཡིན་པ་ཐམས་ཅད་སྟོན་པ་ནི། དེ་ཉིད་དོན་ཀུན་སྟོན་པའོ། །སྤྱོད་པ་ཀུན་མཆོག་ནི་དཀའ་སྤྱོད་དང་། །བདེ་བའི་སྤྱོད་པའོ། །དེས་ལེགས་དག་པ་ནི་ལས་ཀྱི་སྒྲིབ་པ་ལ་སོགས་པ་ཟད་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་སྤྱོད་པ་འདི་སྤྱད་
Vol. 40 · folio 263a
པ་སྟེ། འདིས་ནི་སྤྱོད་པ་ལ་གུས་པས་བསྐྱེད་པ་བསྟན་ཏོ། །གསང་བ་ཞེས་བྱ་བ་ནི་སྤྱོད་པའི་མཆོག་སྦ་བར་བྱའོ། །དམ་པ་ཞེས་བྱ་བ་ནི་དོན་ཡོད་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པ་དང་ལྡན་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཡུལ་ལ་ལོངས་སྤྱོད་པའོ། །གསང་བའི་དེ་ཉིད་ནི་
ཤེས་རབ་ཀྱི་ཡེ་ཤེས་ཏེ། དེ་ཉིད་མཆོད་པ་ཆེན་པོའོ། །དེ་ཡིས་ལེགས་པར་མཆོད་ནས་བསྒོམ་པར་བྱའོ། །མ་འོངས་པའི་དུས་ན་ཀ་ཏྭ་རྐྱེན་དུ་སྦྱར་ཏེ། ཁ་གདོངས་ནས་གཉིད་ལོག་ཅེས་བྱ་བ་ལྟ་བུ་སྟེ། དེ་བསྒོམས་ནས་ཀྱང་མཆོད་པར་བྱ་བ་ཡིན་གྱི། ངེས་པར་ཕྱིའི་ལུས་གཉིས་ཀྱིས་བྱས་ནས་ནི་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་ཕྱི་རོལ་གྱི་ལུས་གང་ཡིན་ཞེ་ན། ཐུན་མོང་གི་ལུས་ཀྱི་རྣམ་པར་སྣང་བའི་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་ལུས་ཡིན་ནོ། །ལེགས་པར་མཆོད་ནས་ཞེས་བྱ་བ་ནི་རང་གི་ལུས་དང་ངག་དང་སེམས་ཡང་དག་
པར་བསྡུས་པའི་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་སྤྱོད་པ་འདིས་བསྒྲུབ་པ་ལན་གསུམ་དུ་ཞུགས་སུ་ཟིན་ཀྱང་མ་གྲུབ་པ་དེའི་ཚེ་འདིའི་སྤྱོད་པ་གཞན་བསྟན་པའི་ཕྱིར་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་ནི་བྱང་ཆུབ་བོ། །དེ་ཉིད་ནི་འབྲས་
བུ་སྟེ་དེ་ཉིད་འདོད་པས་སོ། །བཤང་གཅི་ཞེས་བྱ་བ་ལ་སོགས་པས་ཟས་ཀྱི་བྱ་བ་བྱེད་པ་དེ་ཉིད་ཀྱི་ཕྱིར་དེ་བྱ་བ་ཡིན་ནོ། །ཅི་དེ་དེའི་ཚེ་སངས་རྒྱས་འགྲུབ་པར་འགྱུར་རམ་མི་འགྱུར་ཞེ་ན། སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་
ཀྱི་སེམས་སོ། །གཉིས་སུ་སྣང་བའི་དྲི་མ་ཟད་པས་ན་སྐྱོན་མེད་པའོ། །དོན་དམ་པ་ཉིད་ཡིན་པས་ན་ཡང་དག་པའོ། །འདི་ལས་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ། །གསང་བ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་རོ། །དངོས་གྲུབ་ཐམས་ཅད་ནི་འཁོར་ལོས་སྒྱུར་བ་དྲུག་གི་བྱང་
ཆུབ་རྣམས་སོ། །དམ་པ་ཞེས་བྱ་བ་ནི་མཆོག་གོ། །དེ་བཟའ་བར་བྱའི་གཞན་མི་བཟའོ། །ཟས་ནི་ཁ་ཟས་གཞན་ཏེ། གལ་ཏེ་མ་རྙེད་ན་ཟས་གཞན་ཡང་བཟའོ། །རྣམ་པའི་སྒྲ་ནི་སྨད་པ་ཡིན་ཏེ་བཤང་བ་ལ་སོགས་པའི་ཚུལ་དུ་མོས་པ་མེད་པ་དང་མ་སྦྱངས་པ་ནི་འདིར་སྨད་པ་ཡིན་ནོ། །སྤྱོད་པ་འདི་
Vol. 40 · folio 263b
ནི་འཇིག་རྟེན་པ་རྣམས་ལ་དཀའ་བ་ཡིན་གྱི། སྒྲུབ་པ་པོ་རྣམས་ལ་ནི་སླ་བ་ཉིད་དེ། ཡན་ལག་དྲུག་གི་བསྙེན་པས་ཏིང་ངེ་འཛིན་ལ་དབང་ཐོབ་པ་དེ་ཉིད་ཀྱིས་ནི་བདེ་བླག་ཏུ་འབར་བ་དང་བསྲེགས་པ་ལ་སོགས་པ་བྱེད་པའི་ཕྱིར་དང་གཅི་བ་ལ་སོགས་པ་འགུགས་པར་བྱེད་པའི་ཕྱིར་རོ། །བཤང་གཅི་ལ་
སོགས་པ་ཅི་དགར་གཟུང་བར་ནི་མི་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། བཤང་གཅི་ལ་སོགས་དྲངས་ནས་ནི། །ཟས་ཀྱི་དོན་དུ་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་སྤྱོད་པ་འདིས་འདི་ལ། བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །སངས་རྒྱས་རྣམས་ནི་མཉེས་པར་
འགྱུར་ཏེ། དེའི་བཀས་དཀའ་བ་སྤྱོད་པ་ཡིན་པའི་ཕྱིར་རོ། །དེ་ནས་ཅིར་འགྱུར་ཞེ་ན། འདི་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཁམས་དབང་ཕྱུག་ནི་ཕན་འདོགས་པ་དང་ཚར་གཅོད་པར་ནུས་པའོ། །གོ་འཕང་ནི་ངག་སྟེ་དེས་ཀྱང་ལས་བྱེད་པར་འགྱུར་རོ། །གང་དུ་ཞེ་ན། ལས་དེ་ཡང་
འཇིག་རྟེན་ཏེ། འདོད་པའི་ཁམས་སུའོ། །ལུས་ཀྱི་ཇི་ལྟར་ལས་བྱེད་པ་དེ་ནི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟི་ཆེན་ནི་ལུས་ཀྱི་གཟི་དང་ལྡན་པའོ། །སྟོབས་དང་ལྡན་ཞེས་བྱ་བ་ནི་ལུས་ཀྱི་སྟོབས་དང་ལྡན་པའོ། །མཐོང་ན་ཡིད་དུ་འོང་ཞེས་བྱ་བ་ནི་མཚན་ཕུན་སུམ་ཚོགས་པའོ། །
བསྐུལ་བ་ཡིས་ཞེས་བྱ་བ་ནི་བཏང་བ་ཡིས་སོ། །ཉེ་བར་བསྒྲུབ་པའི་དོན་མདོར་བསྡུས་པ་ནི། འདི་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་རྟོགས་ཤིང་མངོན་སུམ་དུ་བྱེད་པས་སངས་རྒྱས་ཐམས་ཅད་དེ་དམིགས་པ་གསུམ་ལས་གྲུབ་
པའི་འཁོར་ལོས་སྒྱུར་བ་རྣམས་སོ། །དེ་རྣམས་ཀྱི་གསང་བ་འདི་ནི་མཚན་མ་ཕྲ་མོའི་རྣམ་པས་ཕྲ་མོའི་ཡེ་ཤེས་སོ། །བྱང་ཆུབ་དམ་པ་ནི་ཤིན་ཏུ་ཕྲ་བའི་གདན་གྱི་རྣམ་པས་བྱང་ཆུབ་ཀྱི་མཆོག་གོ། །སྔགས་ཀྱི་གསང་བ་ནི་མཆོག་ཏུ་ཕྲ་བའི་ས་བོན་གྱི་རྣམ་པས་སོ། །དེ་ཉིད་འདི་ཞེས་བྱ་བ་ནི་ཡང་དག་
པའི་ཡེ་ཤེས་སོ། །སྐུ་དང་གསུང་དང་ཐུགས་ནི་ལུས་དང་ངག་དང་སེམས་སུ་སྣང་བ་རྣམས་དེ་ལས་འདས་པ་སྟེ། རྡོ་རྗེར་བྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་ནི་ཉེ་བར་སྒྲུབ་པའི་འབྲས་བུའོ། །དེའི་དོན་གྱི་ལེའུ་ལ་དེ་སྐད་ཅེས་བྱའོ། །དཔལ་གསང་བ་
Vol. 40 · folio 264a
འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་དྲུག་པའོ།། །།ལེའུ་འདིའི་དོན་ནི་མཆོག་གི་བསྙེན་པ་ཡིན་ཏེ། དེའི་མཚན་ཉིད་ནི་དངོས་གྲུབ་དང་ཞིང་དང་མཚན་མའི་བསྙེན་པའོ་ཞེས་བྱ་བས་བསྟན་ཏེ། དངོས་གྲུབ་ནི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་རོ། །ཞིང་ནི་སྦྱོར་བའི་ཡན་
ལག་དྲུག་སྟེ། དེ་རྣམས་ཀྱི་བདག་ཉིད་དངོས་གྲུབ་མཆོག་གི་ཞིང་དུ་བྱེད་པའི་ཕྱིར་རོ། །མཚན་མ་ནི་དམ་ཚིག་དང་རྨི་ལྟས་ཀྱི་ཁྱད་པར་ཏེ། དངོས་གྲུབ་ཀྱི་རྒྱུར་གྱུར་པ་དང་དངོས་གྲུབ་སྟོན་པར་བྱེད་པའི་ཕྱིར་རོ། །དེ་དག་ཉིད་ནི་བསྙེན་པ་སྟེ། དེ་ཐམས་ཅད་ལེའུ་བཞི་རྣམས་སུ་སྟོན་པ་དེ་བས་ན་སྐབས་
ཏེ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་ལ་སོགས་པའི་བདག་པོ་ནི་རྣམ་པ་ཐམས་ཅད་དུ་དེ་རྣམས་བསྐྱེད་པ་དང་བསྲུང་བ་དང་སྟོན་པར་བྱེད་པས་སོ། །སྔགས་ཞེས་བྱ་བ་ནི་སྦྱོར་བའི་ཡན་ལག་དྲུག་སྟེ། ཤེས་ཤིང་སྐྱོབ་པ་ཡིན་པའི་ཕྱིར་རོ། །ཡན་ལག་དྲུག་དང་རྗེས་སུ་མཐུན་
པའི་དམ་ཚིག་ནི་སྤྱོད་པ་སྟེ། སྔགས་དང་ལྷན་ཅིག་སྤྱོད་པ་ནི་སྔགས་ཀྱི་སྤྱོད་པའོ། །འདི་ལས་བྱང་ཆུབ་འོངས་པ་ན་དམ་ཚིག་སྟེ་རིགས་ལྔའོ། །དེ་རྣམས་ཀྱི་ཐུན་མོང་གི་མཚན་ཉིད་རྡོ་རྗེ་འཛིན་པ་ནི་དམ་ཚིག་ཆེན་པོའོ། །དྲུག་པོ་འདི་དག་ཉིད་ནི་དེ་ཁོ་ན་ཉིད་དེ་དེ་བས་ན་དམ་ཚིག་ཆེན་པོ་དེ་ཁོ་ན་
ཉིད་ཀྱང་ཡིན་ལ། སྔགས་སྤྱོད་པ་ཡང་ཡིན་པས་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་སྔགས་སྤྱོད་པའོ། །དེ་རྣམས་ཀྱི་མཆོག་ནི་ཐབས་ཀྱི་དང་པོ་སྟེ་བསྙེན་པ་ཞེས་བྱ་བའི་དོན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པ་ནི་དེ་དག་མ་ལུས་པར་ཡང་དག་པར་ཤེས་པ་སྟེ། དེའི་དོན་གྱི་ལེའུ་ལ་དེ་
སྐད་ཅེས་བྱའོ། །དེ་ལ་དང་པོའི་ཚིགས་སུ་བཅད་པ་གསུམ་གྱིས་ནི་བྱང་ཆུབ་མྱུར་དུ་སྒྲུབ་པའི་རྒྱུ་གསུམ་གྱི་སྤྱོད་པ་གསུངས་ཏེ། སངས་རྒྱས་ཀྱིས་རྗེས་སུ་གནང་བའི་ཕྱིར་དང་། སངས་རྒྱས་མཆོད་པའི་ཐབས་ཡིན་པའི་ཕྱིར་དང་། ཏིང་ངེ་འཛིན་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ཏེ་རིམ་བཞིན་ནོ། །
ལ་ཞེས་བྱ་བ་དང་། ནི་ཞེས་བྱ་བ་དང་། ཡང་ནི་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་བསྡུ་བ་དང་། ངེས་པར་གཟུང་བ་དང་། བྱེ་བྲག་ཏུ་སྟོན་པ་ཡིན་ནོ། །འདི་ལྟ་བུ་ཞེས་བྱ་བ་ནི། ནི་ཞེས་བྱ་བས་བསྡུས་པའི་ཡན་ལག་དྲུག་གོ། །མྱུར་དུ་ཞེས་བྱ་བ་ནི་མགྱོགས་པར་རོ། །འདོད་པ་ཐམས་ཅད་ཅེས་བྱ་བ་
Vol. 40 · folio 264b
ནི་འདོད་པ་དྲུག་སྟེ། དེ་རྣམས་ཀྱི་ལོངས་སྤྱོད་ལ་ཉེ་བར་སྤྱོད་པ་ཉིད་ཀྱིས་སོ། །ཇི་ལྟར་འདོད་པ་ཞེས་བྱ་བ་ལ། འདོད་པ་ནི་སྟོན་པའི་བཀས་གནང་བ་དེ་ལས་མི་འདའ་བ་སྟེ། ཇི་ལྟར་ན་སྡུག་བསྔལ་དང་ཡིད་མི་བདེ་བ་འཕེལ་བར་འགྱུར་བའི་དཀའ་བས་སྒྲུབ་པ་ལ་སོགས་པ་མ་ཡིན་པས་
ཞེས་བྱ་བའི་དོན་ཏོ། །རང་གི་ལྷ་ནི་རང་གི་རིགས་ཀྱི་འཁོར་ལོས་སྒྱུར་བའོ། །དེའི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །རང་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དེ་ཉིད་དོ། །གཞན་ཞེས་བྱ་བ་ནི་དེ་ཉིད་དུ་དུས་གསུམ་གྱི་སངས་རྒྱས་རྣམས་བསྡུས་པའོ། །དཀའ་ཐུབ་སྡོམ་པ་ཞེས་བྱ་བའི་རྒྱུད་ལས་
གསུངས་པའོ། །སྔོ་ཚོད་དང་། སྲེ་དང་། བསོད་སྙོམས་གཅིག་པ་དང་། བསོད་སྙོམས་ཀྱི་ཁ་ཟས་ལ་སོགས་པ་དང་། ཁྲུས་དང་མི་སྨྲ་བ་ལ་སོགས་པའི་ངེས་པ་སྟེ། ཤིན་ཏུ་སྡུག་བསྔལ་བའི་རྒྱུ་ཡིན་པའི་ཕྱིར་མི་བཟོད་པའོ། །བསྟེན་ཀྱང་གྲུབ་པར་མི་འགྱུར་ཞེས་བྱ་བ་ནི་དེ་དག་
གོམས་པར་བྱས་པས་ཏིང་ངེ་འཛིན་སྐྱེ་བར་མི་འགྱུར་བའོ། །དེ་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། །བཀའ་ཐུབ་སྡོམ་པ་མི་བཟད་པས། །ལུས་ནི་སྐམས་ཤིང་སྡུག་བསྔལ་འགྱུར། །སྡུག་བསྔལ་གྱིས་ནི་སེམས་གཡེངས་ཏེ། །གཡེངས་པས་དངོས་གྲུབ་
གཞན་དུ་འགྱུར། །བསྒོམས་ན་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ནི་ཞེས་བྱ་བའི་སྒྲ་ནི་འདི་ཉིད་ཀྱིས་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ་ཞེས་བྱེ་བྲག་ཏུ་ངེས་པར་གཟུང་བར་བྱ་སྟེ། །སེམས་བདེ་བ་ནི་ཏིང་ངེ་འཛིན་དུ་འགྱུར་ཞེས་གསུངས་པའི་ཕྱིར་རོ། །ལེའུ་འདིའི་
དོན་སྔགས་དང་སྤྱོད་པ་ལས་སྤྱོད་པ་ཅུང་ཟད་ཅིག་བསྟན་ཏེ། ཅུང་ཟད་ཅིག་ནི་འོག་ནས་སྟོན་ཏོ། །བར་དུ་སྔགས་གསུངས་པ། སློང་མོ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་རྩ་བའི་སྔགས་ཏེ། སྣ་ཚོགས་པའོ། །དེའི་བཟླ་བ་ནི་རྣལ་འབྱོར་པས་སྤྲོ་བ་དང་བསྡུ་བར་བྱའོ། །ཡན་
ལག་མ་ཉམས་པ་ཞེས་བྱ་བ་ནི་ཡན་ལག་འདི་ལ་དབང་པོ་བཅུ་པ་དབྱེར་མེད་པ་འདི་ལ་ཡོད་པས་ན་ཡན་ལག་མ་ཉམས་པ་སྟེ་འབྱུང་བའི་དབང་པོ་ལྔ་ནི་པདྨས་བསྡུས་པ་ལས་བྱུང་བ་ལས་གྱུར་པའི་དབང་པོ་རྣམས་ནི་རྡོ་རྗེ་སྟེ། དེ་དག་གིས་ཡང་དག་པར་སྦྱར་བས་སོ། །སློང་མོ་ཟ་ཞིང་
Vol. 40 · folio 265a
མི་བཟླ་སྟེ། །ཞེས་བྱ་བ་ལ་སློང་མོ་ནི་གང་གི་ཚེ་ཕྱི་རོལ་གྱི་ཡུལ་ལྔ་ལ་ཉེ་བར་སྤྱོད་པ་ནི་སྲིད་པའི་དབང་གིས་དེ་དང་དེ་དག་ཏུ་ཀུན་དུ་ཚོལ་ཞིང་རྒྱུག་པ་ཡིན་ལ་སློང་མོའི་ལོངས་སྤྱོད་དེ་དག་འདིར་མི་བྱའོ། །དེ་བས་ན་རྡོ་རྗེའི་ནང་དུ་ཆུད་པའི་ཆོས་ཀྱི་དབྱིངས་ལ་དེ་དོན་
བསྡུས་ཏེ་སྤྱད་དོ། །སློང་ལ་དགའ་བར་མི་བྱའོ། །ཞེས་བྱ་བ་ལ་བསླང་བར་བྱ་བ་རྣམས་བསྡུས་པ་ན་སློང་བ་སྟེ། ཆོས་ཀྱི་དབྱིངས་སོ། །དགའ་བ་ནི་མཚན་མ་སྣ་ཚོགས་སུ་འཛིན་པ་སྟེ་དེ་མི་བྱའོ། །འོ་ན་ཇི་ལྟར་བྱ་ཞེ་ན། དེར་རིག་བྱ་རྣམས་ཏེ་རིག་པ་རྣམས་བསྡུས་པའི་ཡིད་ཀྱི་སྐྱེ་
མཆེད་སྣ་ཚོགས་པའི་གཟུགས་སུ་བཞག་ནས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྒྱུད་དགོད་པར་བྱས་ནས། སྔགས་ཇི་ལྟར་བཟླ་ཞེ་ན། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་། །ཞེས་བྱ་བ་ལ། ཀུན་ནི་སྣ་ཚོགས་པའོ། །དེས་ཉེ་བར་སྤྱོད་པས་སོ་སོ་བ་མ་ལུས་པ་དང་བསྡུས་པ་ལོངས་
སྤྱོད་པ་སྟེ། ཉམས་སུ་མྱོང་བར་བྱེད་པའོ། །སྣ་ཚོགས་པ་ཉིད་ཀྱིས་དེ་རྣམས་སྤྲོ་བ་དང་། སྡུད་པར་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པ་གཅིག་གིས་བསྟན་པ་འདི་ཉིད་ཚིགས་སུ་བཅད་པ་གཉིས་ཀྱི་བར་དུ་ཆོད་པའི་ལྷག་མ་རྣམས་ཀྱིས་ཉེ་བར་བསྟན་པར་འགྱུར་ཏེ།
སོ་སོར་སྡུད་པ་ཞེས་བྱ་བའི་ཡན་ལག་དང་པོའོ། །བསམ་གཏན་གྱི་ཡན་ལག་ཚིགས་སུ་བཅད་པ་གཅིག་གིས་གསུངས་པ། ལུས་དང་ཞེས་བྱ་བ་ལ་སོགས་པ་ལ་ལུས་དང་ངག་དང་སེམས་རྣམས་པདྨའི་ཟེ་འབྲུ་གསུམ་ལ་འཁོར་ལོ་དང་པདྨ་དང་རྡོ་རྗེ་ཕྱུང་བ་སྟེ་བསམ་གཏན་དང་པོའོ། །
ཡང་ལུས་དང་ངག་དང་སེམས་ཏེ་དེ་རྣམས་ཀྱི་དབུས་སུ་རལ་གྲི་ཕྱུང་བ་ནི་བསམ་གཏན་གཉིས་པའོ། །དེ་ལྟར་ན་ལུས་དང་ངག་དང་སེམས་དང་ལུས་དང་ངག་དང་སེམས་རྣམས་ཏེ། གཅིག་ལུས་པའི་སྦྱོར་བ་བྱའོ། །ལུས་དང་ངག་དང་སེམས་ཀྱི་མཚན་མ་བཞིའི་ནང་དུ་བདེ་བར་གནས་པ་སྟེ།
དགའ་མ་རྣམས་བཀོད་པ་ནི་བསམ་གཏན་གསུམ་པའོ། །ལུས་དང་ངག་དང་སེམས་དང་བདེ་བར་གནས་པ་དག་ནི་ལུས་དང་ངག་དང་སེམས་བདེ་བར་གནས་པ་སྟེ་ཟླས་དབྱེ་བའི་བསྡུ་བའོ། །བྱང་ཆུབ་ཡང་དག་ཐོབ་ཅེས་བྱ་བ་ལ་དེ་ལྟར་བསམ་གཏན་གསུམ་ཐོབ་ནས་རལ་གྲིའི་ལྟེ་བར་
Vol. 40 · folio 265b
དགའ་མ་རྣམས་བསྡུས་པ་ལས་བྱུང་བའི་ཐིག་ལེ་ནི་ཐེག་པ་ཆེན་པོའི་དོན་ཡང་དག་པར་རྟོགས་པས་ན་བསམ་གཏན་བཞི་པའོ། །དེའི་ཡང་དག་པར་ཐོབ་པ་ནི་ཡང་དག་ཐོབ་སྟེ། མཚན་མ་བཞི་བསྡུས་པ་ལས་བྱུང་བའི་དགའ་བའི་ཐིག་ལེ་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེ་སྟེ་འདི་
ནི་བསམ་གཏན་ལྔ་པའོ། །དེ་ལྟར་ན་རལ་གྲིའི་ལྟེ་བར་བྱུང་བ་ཐིག་ལེ་དང་པོ་ནི་བྱང་ཆུབ་ཐོབ་པ་ཡིན་ལ། མཚན་མ་གསུམ་པར་རལ་གྲི་ལ་བསྡུས་ཏེ། དེ་ཡང་ཕྲ་མོར་གྱུར་པའི་ཐིག་ལེ་ནི་ཡང་དག་ཐོབ་པའོ། །དེ་བླ་ན་མེད་པའི་བྱང་ཆུབ་ཀྱང་ངེས་པར་རྙེད་པར་འགྱུར་ཏེ། བསམ་གཏན་
ལྔ་ཐོབ་པ་ནི་དངོས་ཀྱི་འབྲས་བུ་ཡིན་ལ། བརྒྱུད་པས་ཐོབ་པའི་བྱང་ཆུབ་ནི་བརྒྱུད་པའི་འབྲས་བུའོ། །འདིའི་ཕན་ཡོན་ཚིགས་སུ་བཅད་པ་ཕྱེད་ཕྱི་མས་གསུངས་པ་གཞན་དུ་ཞེས་བྱ་བ་ལ་སོགས་པ་ལ། དམྱལ་བ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའོ། །ངེས་པར་ཞེས་བྱ་བ་ནི་
གདོན་མི་ཟ་བ་སྟེ་བསམ་གཏན་ལྔ་པ་མ་ཐོབ་ན་དུས་མ་ཡིན་པའི་འཆི་བ་དང་ངན་འགྲོར་ལྟུང་བར་འགྱུར་ལ་ཐོབ་ན་ནི་དེར་ངེས་པར་འགྲོ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསམ་གཏན་ཞེས་བྱ་བའི་ཡན་ལག་གཉིས་པའོ། །ཡན་ལག་གཉིས་ཀྱི་དབང་དུ་བྱས་པའི་ཚིགས་སུ་བཅད་པ་
གསུངས་པ། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་སྣ་ཚོགས་པར་བསྡུས་པ་རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་སྣ་ཚོགས་ཡིན་པའི་གདན་ལའོ། །སྔགས་ཀྱི་སྤྱད་པ་ནི་སྐབས་ཀྱི་སྟོབས་ཀྱིས་ན་བདེ་བའི་ཐིག་ལེ་ནང་དུ་ཆུད་པའི་སེམས་ཀྱི་ཐིག་ལེའོ། །དེའི་སྤྱོད་པ་
ནི་དེ་དང་ལྷན་ཅིག་ཏུ་རྒྱུ་བ་སྟེ། གོང་བུའི་སྦྱོར་བས་ཕྲ་མོར་གྱུར་ནས་སྔ་མའི་ཐིག་ལེར་འགྲོ་བའོ། །དེའི་མཆོག་ནི་རྩེ་མོ་སྟེ། སྣའི་རྩེ་མོར་རྒྱུ་ཞིང་གནས་པ་སྟེ། སྲོག་དང་རྩོལ་བ་ཞེས་པ་ནི་ཡན་ལག་གསུམ་པའོ། །དེ་ལྟ་བུར་གྱུར་པ་དེ་ནི་ཆོས་མི་གཡོ་བ་བརྙེས་པ་སྟེ། ཆོས་ཀྱི་སྔགས་སུ་
བཤད་པ་ཡིན། །ཞེས་གསུངས་པས་ན་ཆོས་ཉིད་ཡི་གེ་སྟེ་ཉེ་བའི་སྟོབས་ཀྱིས་ན་རང་གི་སྙིང་གར་བསམ་པའི་སྔགས་ཀྱི་ཡི་གེ་ཞེས་བྱ་བའི་དོན་ཏོ། །དེའི་བརྙེས་པ་ནི་དེའི་ཐིག་ལེར་གཞག་པའི་རིན་པོ་ཆེ་ཉིད་ལ་ངེས་པར་གནས་པའོ། །མཆོག་ཅེས་བྱ་བ་ནི་དམ་པ་སྟེ། རང་གི་སྔགས་
Vol. 40 · folio 266a
དེ་ལ་རིན་པོ་ཆེ་གནས་པ་དེ་བཞིན་དུ་སྔགས་ཀྱི་ཡི་གེ་རབ་སྔགས་དང་། ཨཱཿདང་ཧཱུཾ་རྣམས་གཉིས་སུ་མེད་པར་བྱས་པ་སྟེ། འཛིན་པ་ཞེས་བྱ་བ་ནི་ཡན་ལག་བཞི་པའོ། །ཇི་སྟེ་ཕུན་སུམ་ཚོགས་པ་དེ་ལྟ་བུར་གྱུར་པའི་གཞི་གང་ཡིན་ཞེ་ན། འདོད་པ་ཐམས་ཅད་བསྟེན་
པས་སོ། །ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་སྣ་ཚོགས་པའོ། །འདོད་པ་བསྟེན་པ་ནི་དེས་སོ་སོ་བ་དང་མ་ལུས་པའི་འདོད་པ་ཉེ་བར་སྤྱོད་པ་སྟེ་དེའོ། །དེའི་བསྟན་པ་སློང་མོ་ཞེས་བྱ་བའི་ཚིག་བཤད་པ་ཡིན་ལ་དེའི་ཉེ་བར་བསྟན་པ་ནི་འོག་ནས་འབྱུང་བའི་ཚིགས་སུ་བཅད་པ་བརྒྱད་ཡིན་ཏེ།
དེ་ལས་གཅིག་གིས་ནི་ཚོགས་གཉིས་ཀྱི་རྒྱུ་བསྟན་ཏོ། །དེའི་འོག་མ་ལྔས་ནི་སོ་སོའི་ཉེ་བར་སྤྱོད་པ་ལྔ་བསྟན་ཏོ། །བདུན་པས་ནི་དེ་ཉིད་གསལ་བར་བྱེད་དོ། །བརྒྱད་པས་ནི་ཉེ་བའི་ལོངས་སྤྱོད་ཐམས་ཅད་སྟོན་ཏོ། །ཆགས་ཅན་ཞེས་བྱ་བ་ནི་རྣལ་འབྱོར་པའོ། །ཡེ་ཤེས་འདོད་པ་ཞེས་
བྱ་བ་ནི་བསམ་གཏན་ལྔ་པོ་དོན་དུ་གཉེར་བ་གང་ཡིན་པའོ། །རྟག་ཏུ་འདོད་པ་ལྔ་རྣམས་བསྟེན། །ཞེས་བྱ་བ་ལ་འདོད་པ་ཡང་ཡིན་ལ་རྣམ་པར་དག་པར་བྱེད་པས་ཡོན་ཏན་ཡང་སྟེ་དེ་བསྟེན་པ་ནི་བསྒོམ་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་གནས་པ་སྟེ་དེ་རྣམས་དེ་ལ་དགོད་པའི་ལས་ཀྱིས་
སོ། །མཉེས་པར་བྱ་བ་དང་ཆགས་པར་བྱ་བ་ནི་དོན་གཅིག་གོ། །དེས་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱུ་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ་གསལ་བའི་ལས་བྱེད་པས་ན་ཉི་མ་སྟེ། ཕྱོགས་དང་ཕྱོགས་རྣམས་ཡེ་ཤེས་ཀྱི་སྣང་བ་མཛད་པས་དེ་དག་ཆོས་མཐུན་པའི་
ཕྱིར་རོ། །དེར་སྦྱོར་བས་རྟོགས་པའི་སྔགས་རྣམས་ནི་བྱང་ཆུབ་ཉི་མ་སྟེ། སངས་རྒྱས་ཞེས་བྱ་བའི་དོན་ཏོ། །དེ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་བསྟན་ཏོ། །གཟུགས་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིས་མཆོད་པས་ན་མཆོད་པ་སྟེ། གཟུགས་ལ་སོགས་པའི་གདན་ནོ། །བདག་ཉིད་ཅེས་བྱ་
བ་ནི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ཞེས་བྱ་བའི་དོན་ཏོ། །མཆོད་པ་རྣམས་ཀྱི་བདག་ཉིད་གང་ལ་ཡོད་པ་ཆོས་ཀྱི་དབྱིངས་ཏེ། དེ་ཉིད་ལས་མཆོད་པ་རྣམས་སྤྲོས་པའི་ཕྱིར་རོ། །མཆོད་པའི་བདག་ཉིད་ཀྱི་རྣལ་འབྱོར་པས་སྤྲོས་ཏེ། མཆོད་པར་བྱ་ཞེས་པ་ནི་བྱང་ཆུབ་ཉི་མ་ཞེས་བྱ་བ་དང་
Vol. 40 · folio 266b
འབྲེལ་ཏོ། །དེས་ནི་རིགས་རྣམས་དང་རིགས་ཅན་གྱི་སངས་རྒྱས་རྣམས་ལ་མཆོད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་སྣང་མཛད་ཀྱི་རིགས་ཅན་ནི་འཁོར་ལོས་སྒྱུར་བ་མངའ་བའི་སངས་རྒྱས་རྣམས་ནི་རིགས་སོ། །ཇི་ལྟར་མཆོད་ཅེ་ན། གཟུགས་ལ་རྣམ་པ་གསུམ་ཤེས་བྱ་ལ། གཟུགས་ནི་གཟུགས་
ཀྱི་གདན་ནོ། །ཤེས་པར་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བ་སྟེ། ཇི་ལྟར་ཉམས་སུ་མྱོང་བར་བྱ་ཞེ་ན། སེམས་ཙམ་ཉིད་དང་ཆོས་ཀྱི་དབྱིངས་ལས་བྱུང་བ་ཉིད་དང་རྡོ་རྗེ་བུ་ག་ལས་བྱུང་བ་ཉིད་དང་པདྨའི་ནང་ན་གནས་པ་ཉིད་དུ་ཤེས་པར་བྱའོ། །རྣམ་པ་གསུམ་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་རྣལ་
འབྱོར་པ་དང་། འདོད་ཆགས་ཀྱི་རྣལ་འབྱོར་པ་གསུམ་པོ་དག་གིས་ནི་སིམ་པའི་རྒྱུར་ཇི་ལྟར་རིགས་པ་བཞིན་དུ་བསིལ་བ་དང་དམར་པོ་དག་ཏུའོ། །ཞེ་སྡང་གི་རྣལ་འབྱོར་པས་ནི་གདུང་བའི་རྒྱུར་དམར་པོ་དང་དྲོ་བར་འགྱུར་རོ། །གཏི་མུག་གི་རྣལ་འབྱོར་པས་ནི་བསིལ་བ་དང་དཀར་པོའོ། །
ཆོས་ཀྱི་དབྱིངས་ལས་དེ་དག་བསྐྱེད་ནས་ཇི་ལྟར་བྱ་ཞེ་ན། བཅོམ་ལྡན་འདས་ཞེས་བྱ་བ་སྨོས་ཏེ། བསྟེན་པར་བྱ་ཞིང་བསྙེན་པར་བྱ་བས་ན་བཅོམ་པ་སྟེ་ཡུལ་ལྔའོ། །དེ་འདི་ལ་ཡོད་པས་ན་བཅོམ་ལྡན་ཏེ། དེ་ཆོས་ཀྱི་དབྱིངས་སོ། །དེའི་ཕྱིར་དེ་ཉིད་དུ་བསྡུ་བར་བྱའོ། །འོ་ན་སྣ་ཚོགས་པ་
ཞེས་བྱ་བ་གསུངས་ཏེ། སྣ་ཚོགས་པ་ཞེས་བྱ་བ་དེ་ཉིད་ཅེས་བྱ་བ་དང་འབྲེལ་ཏོ། །ཆོས་ཀྱི་དབྱིངས་ཉིད་སྣ་ཚོགས་པ་ཡིན་ཏེ་རིག་པ་དང་རིག་བྱ་དབྱེར་མེད་པའི་སྦྱོར་བས་སོ། །འོ་ན་གང་ལ་མཆོད་ཅེ་ན། སངས་རྒྱས་ཞེས་བྱ་བ་སྨོས་ཏེ། སྣ་ཚོགས་པ་དེ་ཉིད་སངས་རྒྱས་ཏེ་དེ་ཉིད་ལས་སྔགས་
སྤྲོས་པས་ན་སྔགས་སོ། །སྔགས་གང་ཞིག་ཅེ་ན། རྣམ་པར་སྣང་མཛད་ཅེས་བྱ་བ་སྨོས་ཏེ་རབ་སྔགས་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུ་ཞེ་ན། གཙོ་བོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་སྣང་མཛད་ཀྱི་རིགས་མཐའ་ཡས་པའི་ཕྱོགས་སུ་ཁྱབ་པ་རྣམས་བཀུག་སྟེ། རབ་སྔགས་ལ་བསྟིམ་པས་
ན་རིགས་ཀྱི་དབང་པོ་ཡིན་པས་སོ། །རིན་ཆེན་འབྱུང་ལྡན་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ནི་དྲི་དང་རོ་དང་རེག་བྱ་དང་སྒྲ་རྣམས་དང་སྦྱར་ཏེ་གདོན་པར་བྱའོ། །དབུལ་བར་བྱ་ཞེས་བྱ་བ་ནི་མཆོད་པར་བྱ་བའོ། །ལྷ་རྣམས་ཞེས་བྱ་བ་ནི་རིགས་དང་རིགས་ཅན་རྣམས་ལའོ། །ཤེས་
Vol. 40 · folio 267a
པར་བྱ་བ་ནི་རྟོགས་པར་བྱའོ། །འདིར་ཚིགས་སུ་བཅད་པ་ནི། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ལ་གནས་པ། །རྟག་དང་མི་བསྐྱོད་རིན་ཆེན་དང་། །ངག་གི་བདག་པོ་ཐོགས་མེད་རྣམས། །དེ་བཞིན་གཤེགས་པ་ལྔ་དབུས་སུ། །རང་རང་
སྦྱོར་བས་གནས་པར་བྱ། །རྡོ་རྗེ་འཛིན་པའི་རྣལ་འབྱོར་པས། །དབུས་སུ་མི་བསྐྱོད་དགོད་པར་བྱ། །རྡོར་འཛིན་རྟག་པའི་རྣལ་འབྱོར་པས། །འདོད་པ་ལྔ་པོ་བཟླ་བར་བྱ། །འཁོར་ལོས་སྒྱུར་བ་ལྷག་མ་ཡིས། །ཉི་མའི་གཟུགས་དང་སྦྱར་བར་བྱ། །རིན་ཆེན་ཞེས་བྱ་བ་ནི་བྱང་
ཆུབ་སེམས་དཔའ་རྣམས་སོ། །དེའི་འབྱུང་གནས་ནི་དེའི་རིགས་ཀྱི་འབྱུང་གནས་སུ་གྱུར་པ་རིན་ཆེན་འབྱུང་ལྡན་གྱི་སྔགས་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ཆོས་ནི་ཤེས་རབ་ཀྱི་ཆོས་ཏེ་རིག་པའི་རྒྱལ་མོ་རྣམས་སོ། །དེས་ནི་རིགས་རྣམས་བསྟན་ལ་དེའི་འབྱུང་གནས་
ནི་སྣང་བ་མཐའ་ཡས་ཀྱི་སྔགས་ཞེས་བྱ་བའི་དོན་ཏོ། །ཐོགས་མེད་ཅེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྔགས་སོ། །ཐོགས་མེད་རྡོ་རྗེ་འཛིན་ཞེས་བྱ་བ་ལ། འདོད་པར་བྱ་བས་ན་རབ་སྟེ་འདོད་པ་རྣམས་སོ། །རྡོ་རྗེ་ནི་དེའི་རིགས་མཐའ་ཡས་པའི་ཕྱོགས་སུ་ཁྱབ་པ་
རྣམས་སོ། །དེ་བཀུག་སྟེ་གཟུང་བས་ན་ཐོགས་མེད་རྡོ་རྗེ་འཛིན་ནི་ཐོགས་མེད་དོ། །བཅོམ་ལྡན་ཞེས་བྱ་བ་ནི་སྣ་ཚོགས་པའོ། །རྡོ་རྗེ་ཅན་ཞེས་བྱ་བ་ནི་མི་བསྐྱོད་པའི་སྔགས་སོ། །མི་བསྐྱོད་པ་ཞེས་བྱ་བའི་ཁྲོ་བོའི་ཚུལ་ལོ། །བདག་ཉིད་མི་བསྐྱོད་པ་ཡིན་ན་གཞན་དག་ཀྱང་ཁྲོ་བོའི་
ཚུལ་དུ་བྱ་བའི་དོན་ཏོ། །དེ་མཉེས་པ་ནི་ཕྱོགས་བཅུར་ཁྱབ་པ་རྣམས་བཀུག་སྟེ་བསྟིམས་པའི་སྦྱོར་བས་མི་བསྐྱོད་པའི་སྦྱོར་བས་མཉེས་པའོ། །གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། རྟག་ཏུ་ཞེས་བྱ་བ་ནི་བསྟན་པ་སྟེ། ཟླ་བ་དང་ཉི་མའི་གདན་རྣམས་ལ་གནས་པས་སྦྱོར་བར་
གྱུར་པའོ། །སེམས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྔགས་སོ། །གསང་བ་ཞེས་བྱ་བ་ནི་སེམས་དེ་ཉིད་རྫས་ཆེན་པོར་གྱུར་པའི་གསང་བའོ། །སྙིང་པོ་ཞེས་བྱ་བ་ཡང་གསང་བ་དེ་ཉིད་སྟོན་པ་སྟེ། དབང་པོ་དང་བཅས་པའི་དཔག་ཏུ་མེད་པའི་རིགས་ཀྱི་སྙིང་པོར་གྱུར་པ་ཕུན་སུམ་
Vol. 40 · folio 267b
ཚོགས་པའོ། །བསྡུས་པ་ནི་བསགས་པ་སྟེ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་ཅི་ཞིག་བསྟན་པར་འགྱུར་ཞེ་ན། གཟུགས་ལ་སོགས་པའི་རང་བཞིན་ཟླ་བ་ལ་སོགས་པའི་གདན་ལ། སངས་རྒྱས་ཞེས་བྱ་བ་སངས་རྒྱས་རྣམས་ཀྱི་སྔགས་ཀྱི་རིགས་མཐའ་ཡས་
པའོ། །སྣོད་དུ་གྱུར་པས་གཙོ་བོར་གྱུར་པ་རྣམས་སྦྱོར་བ་ཞེས་པ་དེ་དག་ལ་བཀོད་པས་མཆོད་པ་བྱའོ། །གཟུགས་སྒྲ་དྲི་ལ་སོགས་ཞེས་བྱ་བ་ལ་ལྷ་ཉིད་ཅེས་བྱ་བ་ནི་སྣ་ཚོགས་པའོ། །བསྒོམ་ཞེས་བྱ་བ་ནི་མཉེས་པར་བྱའོ། །རྟག་ཏུ་ཞེས་བྱ་བ་ནི་དེ་ལ་དགོད་པའི་ལས་ཀྱི་སྟེ། སངས་རྒྱས་
རྣམས་དང་གདན་རྣམས་དང་སྣ་ཚོགས་པ་དང་གདན་ལ་བསྡུའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་དེ་ལ་བསྒོམ་པ་ནི་ཞེས་བྱ་བ་ནི་མཉེས་པར་བྱ་བའི་མཐར་རིགས་ཀྱིས་ཕྱེ་བའི་སྔགས་རྣམས་རྣམ་པར་བསྒོམ་པ་སྟེ། དེ་ལ་ཞེས་བྱ་བ་ནི་དེ་ཉིད་དུ་མངོན་དུ་བསྡུས་པའོ། །འདོད་པ་ལ་ཉེ་བར་སྤྱོད་
པའི་ཉེ་བར་བསྟན་པ་རྣམས་ཀྱི་མཐར་བརྗོད་པར་རིགས་ན་ཅིའི་ཕྱིར་འཛིན་པའི་མཐར་བསྟན་ཞེ་ན། སྦྱོར་བའི་ཡན་ལག་བཞི་པ་རྫོགས་པར་བྱ་བའི་ཕྱིར། སེམས་ཀྱི་རིན་པོ་ཆེ་ལ་བསྟན་པར་མ་གྱུར་གྱི་བར་དུ་དེ་ཉིད་ལ་གནས་པར་བྱ་བའི་ཕྱིར་རོ། །བརྟན་ནས་ནི་སྦྱོར་བའི་ཡན་
ལག་དྲུག་ཏུ་བྱས་ཏེ་དེ་ལ་ཡན་ལག་ལྔ་པ་རྗེས་སུ་དྲན་པ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་པའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་དྲན་པར་བྱེད་པས་ན་རྗེས་སུ་དྲན་པ་སྟེ་གསལ་བར་ཤེས་པའོ། །རྒྱུ་དང་ཡུལ་དང་དུས་ཀྱི་རྗེས་སུ་འགྲོ་
བའི་དྲན་པ་ནི་རྗེས་སུ་དྲན་པའོ། །རྒྱུ་ནི་རིན་པོ་ཆེ་བརྟན་པར་གྱུར་པ་སྟེ། དེའི་རྗེས་སུ་འགྲོ་བ་དེ་ནི་དེ་ལས་སྐྱེས་ཤིང་དེ་དང་འདྲ་བར་ཕྲ་བའོ། །ཡུལ་གྱི་རྗེས་སུ་འགྲོ་བ་ནི་སྤྲོ་བའི་སྦྱོར་བས་སྣ་ཚོགས་པར་ཁྱབ་པའོ། །དུས་ཀྱི་རྗེས་སུ་འགྲོ་བ་ནི་བརྟན་པར་གྱུར་པས་སོ། །
དེ་ཉིད་ནི་སྦྱོར་བ་སྟེ་རྒྱུན་ཏུ་སྦྱོར་བའོ། །བསྒོམས་པས་ནི་ཡང་དང་ཡང་གོམས་པར་བྱེད་པ་སྟེ། མང་པོ་རྣམས་ཀྱང་རིགས་ཀྱིས་ན་གཅིག་གི་ཚིག་ཡིན་ནོ། །སྦྱོར་བས་ཞེས་བྱ་བ་ནི་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །བསྒོམ་པས་ཞེས་བྱ་བ་ནི་བསྒོམ་པར་བྱ་
Vol. 40 · folio 268a
བས་སོ། །ཅི་སྟེ་རྗེས་སུ་དྲན་པས་བྱང་ཆུབ་གང་ཐོབ་ཅེ་ན། སྐུ་དང་གསུང་དང་ཐུགས་རྣམས་ཞེས་བྱ་བ་སྨོས་ཏེ་གང་གིས་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་མི་ཕྱེད་པའི་རྡོ་རྗེ་ཅན་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དྲན་པའི་སྔོན་དུ་ལྷག་པར་བྱ་བའི་རིག་མ་སྦྱར་བ་དང་དབང་པོ་གཉིས་
སྦྱང་བ་དང་འོད་ཀྱིས་བརྒྱན་པ་རྣམས་བསྟན་པར་བྱ་བའི་ཕྱིར་བུད་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལྡན་ཞེས་བྱ་བ་ནི་འོད་བཟང་པོ་དང་བཅས་པའི་དབྱིངས་ཕུན་སུམ་ཚོགས་པའོ། །མདངས་བཟང་ཞེས་བྱ་བ་ནི་ཁ་དོག་ཕུན་སུམ་ཚོགས་པ་སྟེ་དབྱིབས་དང་ཁ་
དོག་ཏུ་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱིན་གྱིས་བརླབ་པ་ནི་བསྐྱེད་པའོ། །དེའི་གནས་ནི་རྒྱུ་སྟེ་དེ་ཡང་འདིར་སྤྱན་མའི་ཚུལ་གྱི་རྣལ་འབྱོར་དང་། རིགས་ལྔས་དགང་བ་དང་པདྨ་དང་ནོར་བུ་སྦྱང་བའོ། །ཕྱོགས་གཞན་གསུངས་པ། དེ་བཞིན་གཤེགས་པའི་ཞེས་བྱ་བ་ལ་སོགས་པ་སྟེ།
རྣམ་པར་སྣང་མཛད་ཀྱི་བཙུན་མོའི་མཆོག་སྟེ་རིག་པ་ཆེན་མོ་སེམས་བརྟན་པར་གྱུར་པས་བསྒོམས་པའི་རིག་པ་དང་སྙོམས་པར་འཇུག་པ་སྟེ། དེ་ཡང་དེ་ལས་གཞན་དང་སྙོམས་པར་འཇུག་པ་དང་ཡོན་ཏན་མཚུངས་པའི་སྟེང་དུ་སྐྱོན་མེད་པའོ། །ཡི་གེ་ཧཱུཾ་དང་ཞེས་བྱ་བ་ལ། དང་གི་སྒྲས་ནི་
ཨཱཿཡང་གཟུང་བར་བྱ་སྟེ། དེ་ལ་ཧཱུཾ་གིས་པདྨ་དམར་པོ་འདབ་མ་བརྒྱད་པར་རོ། །ཨཱཿཡིས་ནི་དེའི་ཟེའུ་འབྲུ་གྲུ་གསུམ་མུ་ཏིག་གི་རྡོག་མ་ལྟ་བུ་ནོར་བུ་དང་འཚམ་པའི་བུ་ག་ཅན་ནོ། །ཡང་ཧཱུཾ་དེ་ཉིད་ཀྱིས་རྡོ་རྗེ་དམར་པོ་ཐམས་ཅད་རྩེ་མོ་ཤིན་ཏུ་འབར་བའོ། །དེའི་རྩེ་མོ་ནི་ནོར་བུ་མུ་
ཏིག་གི་རྡོག་མ་ལྟར་དཀར་བ་ཨོཾ་གྱིས་བསྒོམ་པར་བྱའོ། །ཕཊ་ནི་མདོག་སེར་པོ་སྟེ་གཉི་གའི་བུ་གར་ཁུ་བ་དགག་པའི་དོན་དུའོ། །འཁོར་ལོ་ལ་སོགས་པ་སྤྲོ་བའི་ཕྱིར་ནི་ཡེ་ཤེས་ཀྱི་ཁུ་བའོ། །འབར་བཅས་ཟླ་འོད་བཞིན་དུ་དཀར། །ཞེས་བྱ་བ་ནི་དཀར་ཞིང་བསིལ་བའི་འོད་དང་ལྡན་
པའོ། །དེ་ནས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་རྗེས་སུ་དྲན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་བཀར་བའི་བདུན་པ་སྟེ་རྗེས་སུ་དྲན་པ་དེ་ལས་སོ། །ཇི་ལྟར་ཞེས་བྱ་བ་ནི་བདག་ཉིད་ཀྱིས་དྲིས་ནས་བདག་ཉིད་ཀྱིས་ལན་སྟོན་པར་མཛད་པའོ། །འདིར་སངས་
Vol. 40 · folio 268b
རྒྱས་ལ་སོགས་པའི་ལྷ་རྣམས་ཀྱི་སྒྲ་ནི་མཚན་མ་ལ་གཟུང་བར་བྱའོ། །ཁ་ཅིག་ཏུ་ནི་ལྷ་ཉིད་དོ། །ཆོས་ཞེས་བྱ་བ་ནི་པདྨའོ། །རྡོ་རྗེ་ནི་རྡོ་རྗེ་ཉིད་དོ། །བདག་ནི་རྡོ་རྗེ་པདྨར་ལྡན། །ཞེས་འོག་ནས་འབྱུང་བ་དེ་འདི་དག་ཀུན་ལ་སྦྱར་བར་བྱ་སྟེ་པདྨ་དང་ལྡན་པའི་རྡོ་རྗེ་སྟེ་བདུན་པའི་དོན་གྱི་གཉིས་པ་ཡིན་ནོ། །
བྷ་ག་ནི་པདྨའི་ལྟེ་བའོ། །ལིང་ག་ནི་སེམས་ཀྱི་རིན་པོ་ཆེའོ། །གཞག་པ་ནི་དེ་ལ་བསྟན་པར་གྱུར་པའོ། །སངས་རྒྱས་གཟུགས་ནི་གཏི་མུག་གི་མཚན་མ་འཁོར་ལོ་ཕྲ་མོ་སྟེ། རིན་པོ་ཆེ་ལས་འཛེག་པའི་འོད་དུ་བསྒོམ་པར་བྱའོ། །དེ་ལས་སངས་རྒྱས་ཀྱི་སྤྲིན་ཏེ་སྤྲོ་བའི་རིམ་གྱིས་ལུས་གཉིས་འོད་
ཀྱིས་ཁྱབ་པར་བཀང་ལ་བ་སྤུའི་རྩེ་མོའི་ཚོགས་ཀྱི་བུ་ག་ལས་འཁོར་ལོའི་ཚོགས་ནམ་མཁའ་ཁྱབ་པར་སྤྲོ་བར་བྱ་ཞེས་བྱ་བའི་དོན་ཏོ། །ཆོས་ནི་འདོད་ཆགས་རྡོ་རྗེའོ། །དེ་ཉིད་རྡོ་རྗེ་ཆོས་ནི་དེའི་མཚན་མ་པདྨ་ཕྲ་མོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་སེམས་དཔའ་ནི་ཞེ་སྡང་རྡོ་རྗེ་སྟེ། རྡོ་རྗེ་ཕྲ་མོ་ཞེས་
བྱ་བའི་དོན་ཏོ། །རིགས་ནི་ཡེ་ཤེས་རྡོ་རྗེ་སྟེ། རིགས་གསུམ་པོ་བསྡུས་པའི་ཕྱིར་དེ་ཉིད་ནི་སངས་རྒྱས་ཏེ་ཡེ་ཤེས་ཡིན་པའི་ཕྱིར་རོ། །དེའི་གཟུགས་ནི་རལ་གྲི་ཕྲ་མོའོ། །ཁྲོ་བོ་ནི་གཙུག་ཏོར་ཆེན་པོའོ། །ཁྲོ་བོའི་དབང་པོ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་གཙུག་ཏོར་ཆེན་པོ་ཡིད་ཀྱིས་
བཀུག་ལ་བདག་ལ་བསྟིམས་ཏེ་སེམས་ཀྱི་རིན་པོ་ཆེ་བསྡུས་ལ་སེམས་ཀྱི་རིན་པོ་ཆེ་ལས་འཛག་པའི་འོད་ཟེར་སེར་པོ་ལས་འཁོར་ལོ་ཕྲ་མོ་རྣམ་པར་བསྒོམ་པའོ། །དམ་ཚིག་ནི་མཚན་མ་དེ་རྣམས་ཚོགས་པ་སྟེ་དེའི་རྗེས་སུ་དྲན་པ་ནི་སངས་རྒྱས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སངས་
རྒྱས་ནི་དབུས་ན་གནས་པ་གཙུག་ཏོར་གྱི་འཁོར་ལོའོ། །རྡོ་རྗེ་སེམས་དཔའ་ནི་ངོས་རྣམས་ནི་གནས་པའི་འཁོར་ལོ་དང་པདྨ་དང་རྡོ་རྗེ་དང་རལ་གྲིའི་མཚན་མ་རྣམས་སོ། །བསྒོམ་ཞེས་བྱ་བ་འདི་ནི་སྤྲོ་བར་བྱ་བའོ། །རྗེས་སུ་དྲན་པ་དྲུག་པོ་དེ་དག་ནི་རྗེས་སུ་དྲན་པའི་ཡན་ལག་གོ། །དེ་ལ་ཞེས་
བྱ་བ་ལ་སོགས་པ་ལ་འདི་ནས་བཟུང་སྟེ་དེ་ལ་ཞེས་བྱ་བ་རྣམས་ནི་ཉེ་བའི་དབང་དུ་བྱས་པའོ། །བདུན་པ་སྟེ་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དཀྱིལ་འཁོར་རྗེས་སུ་དྲན་པ་ཞེས་བྱ་བ་ལ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་དང་དབང་དུ་གྱུར་པའི་རྗེས་སུ་འགྲོ་བའི་དྲན་པ་ནི་རྗེས་སུ་དྲན་པ་སྟེ་གསལ་བར་
Vol. 40 · folio 269a
ཤེས་པའོ། །དེའི་བསྒོམ་པ་ནི་མཚན་མ་ཕྲ་མོའི་ལྟེ་བར་གདན་ཕྲ་མོའི་དཀྱིལ་འཁོར་ལ་རྒྱུན་གྱིས་འཇུག་པའི་བསྒོམ་པའོ། །དབང་པོ་གཉིས་ནི་ཞེས་པ་ལ་སོགས་པ་ལ་རང་གི་ཁུ་བ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁུ་བའོ། །ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ། །འབྱུང་ཞེས་བྱ་བ་ནི་བསྐྱེད་པ་
སྟེ། རྒྱུ་བ་དང་སྐྱེ་བ་ནི་དོན་གཅིག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཚུལ་ཞེས་བྱ་བ་ནི་བཟློག་ཅིང་བསྡུའོ་ཞེས་བྱའོ། །རྣལ་འབྱོར་པ་ཡིས་རྟག་ཏུ་ཞེས་བྱ་བ་ལ་རྟག་ཏུ་འཛིན་པ་ལ་མཉམ་པར་གཞག་པའི་སྟོབས་ཀྱིས་སོ། །མཁས་པ་ཞེས་བྱ་བ་འབད་པ་དང་བཅས་པས་རྗེས་སུ་དྲན་པ་ཐམས་ཅད་ཤེས་པའི་
སྟོབས་ཅན་དེ་ལྟ་བུར་གྱུར་པའི་སྔགས་པས་སོ། །དབང་པོ་གཉིས་མཉམ་པར་སྦྱར་ཏེ། ཞེས་བྱ་བ་ནི་སྙིང་གའི་སྔགས་ཀྱི་ཐིག་ལེ་ལ་ནོར་བུ་ཕྲ་མོ་ཡར་དྲངས་ཏེ་གཞག་ལ་ཡེ་ཤེས་ཀྱི་ཁུ་བ་དེ་ཉིད་ལས་དཀྱིལ་འཁོར་ཏེ། ནམ་མཁའ་ཁྱབ་པར་སྤྲོས་ནས་དེ་རྣམས་ཚུལ་ཞེས་བྱ་བ་ནོར་བུ་ཕྲ་མོར་བསྡུས་ཏེ་འབྱུང་
བ་ཞེས་བྱ་བ་ཟླ་བ་ཕྲ་མོ་འམ་ཉི་མའི་དཀྱིལ་འཁོར་ཕྲ་མོར་བསྐྱེད་པར་བྱ་བ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོན་ལམ་གྱི་རྗེས་སུ་དྲན་པ་ལྔ་པོ་འདི་དག་ནི་འཐོབ་པའི་རྗེས་སུ་མཐུན་པའི་སྨོན་ལམ་ནི་རྗེས་སུ་དྲན་པའོ། །སྐུ་གང་ཡིན་ཞེས་བྱ་བ་ལ་སྐུ་ཞེས་བྱ་བ་
ནི་སྣ་ཚོགས་པའོ། །ཕུང་པོ་ནི་སོ་སོའི་རིགས་ཀྱི་ཚོགས་ཀྱི་སྔགས་ལྔའོ། །དེས་རབ་ཏུ་རྒྱས་པ་ནི་བྱེ་བྲག་ཏུ་ཡོངས་སུ་གང་བའོ། །ཇི་ལྟར་བྱེ་བྲག་ཡིན་ཞེ་ན། དེ་དག་གི་གདན་རྣམས་སྣ་ཚོགས་པའི་གདན་གྱིས་བསྡུས་པའོ། །སངས་རྒྱས་སྐུ་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ། །དེ་དང་ཞེས་བྱ་བ་ནི་དེ་ཇི་
ལྟ་བ་བཞིན་དུའོ། །རྡོ་རྗེ་ཆོས་ཞེས་བྱ་བ་ནི་གསུང་རྡོ་རྗེའོ། །ངེས་ཚིག་ཅེས་བྱ་བ་ལ་ཚིག་ནི་མིང་དང་རྣམ་པར་རྟོག་པའོ། །ཕུན་སུམ་ཚོགས་པ་ནི་ནོར་བུ་ཕྲ་མོ་གསུམ་མོ། །ངེས་པ་ནི་དེ་དག་ལ་རྣམ་པར་གྲོལ་བ་སྟེ་དེ་དག་མི་དམིགས་པ་དེ་ནི་ངེས་ཚིག་ཕུན་སུམ་ཚོགས་པའོ། །ཆོས་འཛིན་
པ་དང་མཚུངས་པ་ཞེས་བྱ་བ་ནི་རྡོ་རྗེ་དང་མཚུངས་པའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་ཐུགས་རྡོ་རྗེའོ། །གསང་བ་བ་ཞེས་བྱ་བ་ནི་རིག་བྱའོ། །བློ་ཞེས་བྱ་བ་ནི་རིག་པའོ། །རྡོ་རྗེ་འཛིན་དང་མཚུངས་པ་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ལྟ་བུར་རོ། །སེམས་ཅན་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་ཐོབ་པའི་སེམས་
Vol. 40 · folio 269b
ཏེ་དེའི་རྗེས་སུ་དྲན་པའོ། །སེམས་ཅན་ཀུན་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིའོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་དེ་ཉིད་ནི་གསང་བ་རྣམས་མཉམ་པར་སྦྱོར་བའི་སྲོག་དང་རྩོལ་བའོ། །མཚན་ཞེས་བྱ་བ་ནི་འཛིན་པ་སྟེ་དེ་དག་འདིའི་ཡིན་པས་དེ་
སྐད་ཅེས་བྱའོ། །མཁའ་དང་མཚུངས་པ་ཞེས་བྱ་བ་ནི་རྗེས་སུ་དྲན་པ་སྟེ། དེས་ཐམས་ཅད་དུ་ཁྱབ་པའི་ཕྱིར་རོ། །སྤྱོད་གྱུར་ཅིག་ཅེས་བྱ་བ་ནི་སྙིང་པོ་བསྡུས་པ་སྟེ་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །གྱུར་ཅིག་ཅེས་བྱ་བ་ནི་དེ་དང་འདྲ་བར་གྱུར་ཅིག་ཅེས་བྱ་བའི་དོན་ཏོ། །སྔགས་ཐམས་ཅད་ཅེས་བྱ་
བ་ནི་ལྷ་ཐམས་ཅད་ཀྱི་སྔགས་རྣམས་སོ། །གཟུགས་ཞེས་བྱ་བ་ནི་བསགས་པ་སྟེ་ས་བོན་གྱིས་དེ་རྣམས་བསྡུས་པ་དེ་ནི་སྔགས་ཐམས་ཅད་ཀྱི་གཟུགས་སོ། །དེ་ཉིད་ནི་སྐུ་དང་གསུང་དང་ཐུགས་ཀྱང་ཡིན་ཏེ་སྔགས་དང་སྔགས་ཀྱི་རྣམ་པའི་སེམས་ནི་གསུང་དང་ཐུགས་ཡིན་ལ་དེ་ཡོངས་སུ་གྱུར་པའི་སྐུ་གང་
ཡིན་པ་དེ་ནི་སྐུའོ། །དེ་ལྟ་བུའི་སྐུ་དང་གསུང་དང་ཐུགས་འདི་ལ་ཡོད་པའོ། །དེའི་རྗེས་སུ་དྲན་པའོ། །སྔགས་འཛིན་པ་དང་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཀྱི་བདག་ཉིད་འཛིན་པ་གང་ཡིན་པ་སྟེ་དེ་དང་འདྲ་བ་ནི་དེ་ལྟ་བུར་གྱུར་ཅིག་པའོ། །དེ་ལྟར་རྗེས་སུ་དྲན་པ་བཅུ་གཉིས་ཀྱིས་ཡན་ལག་
དང་བཅས་པའི་མངོན་པར་རྟོགས་པ་བསྟན་ནས་གཞན་བཞིས་ནི་དེའི་དམ་ཚིག་སྟོན་པར་བྱེད་དེ་དམ་ཚིག་བཞི་ལས་བརྫུན་དུ་སྨྲ་བ་མ་གཏོགས་པའི་དམ་ཚིག་གོ། །དེའི་རྗེས་སུ་དྲན་པ་ནི་ཡིད་ལ་བྱེད་པའོ། །དེ་བས་ན་འདི་ནི་ཡིད་ཀྱི་དམ་ཚིག་གོ། །དམ་ཚིག་གིས་ཞེས་བྱ་བ་ནི་རིགས་ཀྱི་
རིག་མ་དང་ཡང་དག་པར་སྦྱར་བས་སོ། །ཁུ་བ་ཞེས་བྱ་བ་ནི་ལྷ་དག་གི་བདུད་རྩིའོ། །ཆོ་ག་བཞིན་ཞེས་བྱ་བ་ནི་ལྕེ་སྦྱང་བའི་རྩེ་མོར་རོལ་པས་སོ། །འབྲས་འདོད་པས་ཞེས་བྱ་བ་ནི་བྱང་ཆུབ་འདོད་པ་དང་ལྡན་པས་སོ། །བསད་ན་ཞེས་བྱ་བ་ནི་བཞུས་ནའོ། །འདིར་ཡང་། དང་པོར་འཁྲིག་
དགའི་བར་དུ་ནི། །བསད་དང་དེ་རྗེས་རྐུ་བ་སྟེ། །གསུམ་པོ་འང་ཡང་དག་མ་ཡིན་པར། །དེ་འདྲ་བརྗོད་ཕྱིར་དེ་སྐད་བརྗོད། །བརྫུན་དུ་སྨྲ་བ་ནི་དམ་ཚིག་བཞི་པ་སྟེ་དེ་ཡང་དེ་དང་འདྲ་བར་བརྗོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །སྨྲ་བ་དེ་ཡང་ཡིད་དང་འདྲ་བར་བརྗོད་པའོ། །དེ་ཡང་འཆད་པར་འགྱུར་བའི་རྗེས་
Vol. 40 · folio 270a
སུ་དྲན་པ་གཉིས་ཡིན་པ་དེ་གཉི་ག་བརྗོད་པའི་དམ་ཚིག་ཡིན་ནོ། །རྣམ་པར་རྟོག་པའི་ཕ་རོལ་དང་རྣམ་པར་དག་པའི་ཕ་རོལ་ཏུ་བྱོན་པའི་དེ་བཞིན་གཤེགས་པའི་ཤེས་རབ་གང་ཡིན་པ་དེ་ཉིད་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཟུང་ངོ་། །དེའི་དམ་ཚིག་ནི་
ཐམས་ཅད་ཁྱབ་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་གོ། །དེའི་རྗེས་སུ་དྲན་པ་ནི་སོ་སོར་རྟོག་པ་དང་དམ་ཚིག་གོ། །ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །རང་བཞིན་གྱིས་ནི་འོད་གསལ་བ་ཉིད་ནི་རང་བཞིན་གྱིས་གཉིས་ཀྱིས་སྟོང་པའི་མཚན་ཉིད་
ཅན་ཏེ་དྲི་མ་རྣམས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟ་བུ་ཡིན་ཞེ་ན། གང་གི་ཕྱིར་མ་སྐྱེས་པ་དང་ཟག་པ་མེད་པ་སྟེ་དེ་རྣམས་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ་རྟག་ཏུ་དེ་བཞིན་དུ་གནས་པའི་ཕྱིར་རོ། །དེ་བས་ན་དེས་དེ་རྣམས་མ་སྐྱེས་པ་ཡིན་ཏེ་གཉིས་ཀྱི་རྒྱུ་མཚན་དུ་སྣང་བའི་རྣམ་
པར་རྟོག་པའི་མཚན་ཉིད་དུ་མ་སྐྱེས་པའོ། །དེ་བས་ན་དེ་རྣམས་ཀྱི་རྒྱུ་མཚན་གྱི་དྲི་མ་མེད་པ་ཡིན་ནོ། །ཟག་པ་རྣམས་ཀྱི་དྲི་མ་ཡང་ཡོད་པ་མ་ཡིན་ཏེ། ཟག་པ་རྣམས་ཀྱི་རྣམ་པར་རྟོག་པའི་ཁྱད་པར་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སེམས་དང་སེམས་ལས་བྱུང་བ་
རྣམས་ཐོག་མ་མེད་པ་ནས་གྲུབ་པའི་རང་བཞིན་ནི་ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་བས་ན་རང་བཞིན་འདི་ལ་བྱང་ཆུབ་མེད་ཅིང་ཐོབ་པར་བྱ་བའི་ཁྱད་པར་མེད་པའི་ཕྱིར་བྱང་ཆུབ་མེད་ན་ཡང་མངོན་རྟོགས་ཀྱང་མེད་ཁམས་ཀྱང་མེད་ཅིང་འབྱུང་བ་ཡང་མེད་
པ་སྟེ་བྱང་ཆུབ་ཀྱི་ལམ་མེད་ཅིང་བྱང་ཆུབ་ཀྱི་རིགས་མེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དྲན་པ་འདིས་ནི་བྱང་ཆུབ་ཀྱི་ལམ་མ་ཡིན་པ་ཡང་ལམ་དུ་བྱེད་དོ། །སྐྱེས་པ་ནི་འཁོར་བའོ། །མ་སྐྱེས་པ་ནི་མྱ་ངན་ལས་འདས་པའོ། །དེ་རྗེས་སུ་དྲན་
པ་ནི་དུས་ཐམས་ཅད་དུ་རྗེས་སུ་འབྲང་བ་ཉིད་ཀྱི་སོ་སོར་རྟོག་པ་དང་ཚིག་གོ། །ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་རྣམས་སོ། །འོད་གསལ་བ་ཉིད་རང་བཞིན་ཡིན་ཏེ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་རང་བཞིན་ལ་ནི་ཀུན་ནས་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དེ་ཡང་ཅིའི་
Vol. 40 · folio 270b
ཕྱིར་ཞེ་ན། གང་གི་ཕྱིར་འདི་དག་ཐམས་ཅད་ནི་མཚན་མེད་མི་འགྱུར་ཏེ། སྟོང་པ་ཉིད་ལ་ནི་གཉིས་ཀྱི་རྒྱུ་མཚན་ནས་བརྗོད་པར་སྣང་བ་མེད་དེ། མཚན་ཉིད་ཇི་ལྟ་བ་བཞིན་དུ་ནི་བེམས་པོའི་ཕྱིར་དང་སྟོང་པ་ཉིད་ནི་དེར་སྣང་བའི་རྣམ་པར་རྟོག་པའི་མཚན་ཉིད་དུ་མ་སྐྱེས་པའི་ཕྱིར་རང་གི་མཚན་ཉིད་
ཀྱིས་རྟག་པའོ། །དེ་ལས་ཅིར་འགྱུར་ཞེ་ན། གཉིས་མེད་གཉིས་སུ་མེད་མིན་ཞེས་བྱ་བ་ནི་གང་ལས་རྣམ་པར་རྟོག་པའི་མཚན་ཉིད་ཅན་གྱི་ཀུན་ནས་ཉོན་མོངས་པ་འདིར་འགྱུར་བའི་གཉིས་སུ་སྣང་བ་ཐམས་ཅད་མེད་དོ། །གཉིས་སུ་སྣང་བའི་གཉེན་པོའི་ལམ་ཐམས་ཅད་མེད་དེ་གནོད་བྱ་མེད་
ན་གནོད་པ་ཅན་ཡང་མི་རུང་བའི་ཕྱིར་རོ། །འོ་ན་འདི་ཅི་ཡིན་ཞེ་ན། ཞི་ཞེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པ་རྣམས་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོན་ཀྱང་ཇི་སྲིད་ཞི་བ་མེད་པ་དེ་སྲིད་དུ་ཀུན་ནས་ཉོན་མོངས་པ་ལས་རང་བཞིན་
གྱིས་འོད་གསལ་བ་ཞེས་བྱ་བའི་ངེས་པར་མི་འགྲུབ་པོ་ཞེ་ན། ཤིན་ཏུ་དྲི་མེད་ཅེས་བྱ་བ་གསུངས་ཏེ། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ནི་ནམ་ཡང་མ་སྐྱེས་པ་དེ་ལྟར་ན་རྟག་ཏུ་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཤིན་ཏུ་དྲི་མ་མེད་པ་སྟེ་གཅིག་ཏུ་རྣམ་པར་བྱང་བ་ཡིན་ནོ། །དེ་བས་ན་ནམ་
མཁའ་བཞིན་ཏེ་ཇི་ལྟར་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་གྱི་སྔར་ཀུན་ནས་ཉོན་མོངས་པ་ཡིན་པ་ལས་ཕྱིས་རྣམ་པར་དག་པ་ནི་མ་ཡིན་པ་དེ་བཞིན་དུ་ཐམས་ཅད་རང་བཞིན་གྱིས་ཤེས་པའི་དོན་ཏོ། །རྗེས་སུ་དྲན་པ་འདིས་ནི་འཁོར་བ་ཡང་མྱ་ངན་ལས་འདས་པར་བྱེད་དོ། །
གལ་ཏེ་འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པ་དང་། མྱ་ངན་ལས་འདས་པ་རྟག་པ་ཡིན་ན་ཇི་ལྟར་སྔར་རྣམ་པར་རྟོག་པ་དང་། ཀུན་ནས་ཉོན་མོངས་པ་རྣམ་པར་གཞག་ཅེ་ན། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་བརྟེན་པ་ཡིན་གྱི་ཆོས་ཉིད་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཆོས་ཉིད་ལ་མ་ཡིན་
ཞེ་ན། དྲི་མ་རྣམས་ནི་དེའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་དེ་ལ་གློ་བུར་པ་ཉིད་ཡིན་པའི་ཕྱིར་ཏེ་ནམ་མཁའ་ལ་མུན་པ་དང་ཁུག་རྣ་ལ་སོགས་པ་ལྟ་བུའོ། །འདོད་པའི་ལོངས་སྤྱོད་ཐམས་ཅད་དང་མཆོད་པ་རྗེས་སུ་དྲན་པ་ཡང་བསྐུལ་བའི་དམ་ཚིག་གོ། །ལོ་གྲངས་བཅུ་གཉིས་ཞེས་བྱ་བ་ནི་ཞེ་
Vol. 40 · folio 271a
སྡང་གི་རིགས་ལ་སྟེ་དེ་ཉིད་ཐོས་པ་ཉིད་ཀྱི་ཕྱིར་རོ། །གཏི་མུག་གི་རིགས་ལ་ནི་ལོ་གྲངས་བཅུ་དྲུག་པར་སྔར་བཤད་པ་ཉིད་ཡིན་ནོ། །འདོད་ཆགས་ཀྱི་རིགས་ལ་ནི་ཉི་ཤུ་པ་ཡིན་པར་བརྒྱད་པ་ལས་འཆད་པར་འགྱུར་རོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སེམས་ནི་རབ་བརྟན་
པ་ཅེས་བྱ་བ་ནི་མཉམ་པར་གཞག་པའོ། །རིགས་རྣམས་ལ་སྦྱོར་བས་དེ་རྣམས་ཀྱི་དབྱེ་བ་སྟེ་ཞེ་སྡང་དགའ་མ་ལ་སོགས་པའི་སྦྱོར་བས་བསམས་ལ་ཞེས་བྱ་བའི་དོན་ཏོ། །རྙེད་ཅེས་བྱ་བ་ནི་འདིར་བསམ་གཏན་གྱིས་བྱས་པ་ཡང་རྙེད་པར་བཞེད་དེ་ཕྱིའི་རྙེད་པ་ཁོ་ནར་ངེས་པ་ནི་མ་ཡིན་ནོ། །ཕྱིའི་
རྙེད་པས་ཉེས་པ་མེད་པ་ལ་ནི་ངེས་པ་མེད་པའི་ཕྱིར་དང་དམ་ཚིག་ལས་འདའ་བར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཇི་སྟེ་མཆོག་གི་བསྙེན་པ་འབའ་ཞིག་གིས་ཅི་ཐོབ་ཅེ་ན། འདིས་ནི་ཞེས་བྱ་བ་སྟེ། བསྙེན་པ་ཉམས་སུ་བླངས་པས་སོ། །དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་བ་ནི་སྐུ་
རྡོ་རྗེའོ། །ཇི་སྟེ་བསྙེན་པའི་མཐར་ཐུག་པས་དམན་པའི་དངོས་གྲུབ་ཇི་ལྟར་འགྲུབ་ཅེ་ན། སྐུ་དང་གསུང་དང་ཐུགས་ཀྱང་འགྲུབ། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གཞན་ཞེས་བྱ་བ་ནི་སྐུ་ལ་སོགས་པ་བསྟན་མ་ཐག་པ་ལས་གཞན་གང་ཡིན་པ་རྣལ་འབྱོར་དམན་པ་ལས་འབྱུང་
བར་འགྱུར་བ་གང་ཡིན་པ་དེ་ནི་དམན་པ་ལས་འབྱུང་སྟེ་མི་སྣང་བའི་དངོས་གྲུབ་ལ་སོགས་པའོ། །བཤད་པ་རྣམས་ནི་གསུངས་པ་རྣམས་སོ། །འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་བསྙེན་པ་ནན་ཏན་དུ་བྱེད་པ་ཅན་ནོ། །ཇི་ལྟར་
འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་ཏེ། བཟླས་པ་ལེའུ་བཅུ་གསུམ་པ་ལས་འཆད་པར་འགྱུར་བ་གང་ཡིན་པ་དེས་འགྲུབ་པར་འགྱུར་རོ། །སྔགས་ཀྱི་སྤྱོད་པ་ཉིད་མཆོག་སྟེ་ཐབས་དང་པོ་ཡིན་ལ་དེ་གསལ་བར་བྱེད་པའི་ལེའུ་ནི་སྔགས་ཀྱི་སྤྱོད་པའི་མཆོག་གི་ལེའུའོ། །གསང་
བ་འདུས་པ་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བདུན་པའོ།། །།ཐབས་གསུམ་པོ་ནི་སྒྲུབ་པའོ། །དེ་ལ་མཆོད་པའི་ཆོ་ག་རྒྱས་པ་ཡང་དམ་ཚིག་ཡིན་ལ་དེ་ནི་ལེའུ་འདིའི་དོན་ཡིན་ནོ། །དེ་བརྩམ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་སངས་རྒྱས་ལ་མཆོད་
Vol. 40 · folio 271b
པ་ནི་སྦྱིན་པའི་མཆོག་ཡིན་ཏེ་དེ་ཡང་དབང་ཕྱུག་ལས་ཡིན་ནོ། །དེ་ལ་དབང་ཕྱུག་ནི་དཀོན་མཆོག་དཔལ་ལོ། །རྡོ་རྗེ་འཆང་བ་ནི་དབང་ཕྱུག་དམ་པའོ། །དེ་བས་ན་དེ་ཉིད་ལ་འདིར་གསོལ་བ་འདེབས་པ་ཡིན་ནོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་པོ་ཡིན་པ་དེ་
ཉིད་ཀྱི་ཕྱིར་དབང་ཕྱུག་དམ་པའོ། །དེ་ལ་འདིར་བསྟོད་པ་དང་པོ་ནི་རྒྱུ་ཉིད་ཡིན་ལ་གཉིས་པ་དང་གསུམ་པ་ནི་མ་ཡིན་ཏེ་འབྲས་བུ་ཉིད་ཀྱིས་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཚུལ་ཐ་དད་པའི་ཕྱིར་རོ། །བཞི་པ་ནི་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་སོ། །དེ་ལ་སངས་རྒྱས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་
སེམས་རྣམ་པ་ལྔ་སྟེ། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པའི་བྱང་ཆུབ་སེམས་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་དུ་བཟང་པོ་དང་མཆོད་པའི་མཆོག་གོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་རྡོ་རྗེ་ནི་བྱང་ཆུབ་སྟེ། དབྱེར་མི་ཕྱེད་པ་དང་རིན་པོ་ཆེ་ཉིད་ཀྱི་ཕྱིར་
རོ། །དེ་ལ་སེམས་དཔའ་ནི་དགོངས་པའོ། །ཐེག་པ་ཆེ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པས་འཇུག་པ་ཆེན་པོའོ། །ནམ་མཁའི་སྤྱོད་པ་རྣམ་པར་སྦྱོང་། །ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་སེམས་ཀྱི་སྤྱོད་པ་ནམ་མཁའི་མཐར་ཐུག་པ་རྣམ་པར་སྦྱོང་བའོ། །འདི་ལ་ཀུན་དུ་བཟང་པོ་
མངའ་བས་ན་ཀུན་དུ་བཟང་པོ་སྟེ། འདིའི་སྐུ་ཐམས་ཅད་སེམས་ཅན་གྱི་དོན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཆོད་པའི་མཆོག་ཅེས་བྱ་བ་ནི་འདི་ལས་སངས་རྒྱས་རྣམས་ཀྱི་མཆོད་པའི་མཆོག་ཡིན་པ་དེ་ལྟར་ན་མཆོད་པའི་མཆོག་གོ། །རྒྱལ་བ་རྣམས་ཀྱི་རྒྱུར་གྱུར་པ་ཉིད་ཀྱི་
ཕྱིར་རྒྱལ་མཆོག་གོ། །བཤད་པ་དང་གསུངས་པ་དང་བསྟན་པ་ཞེས་པ་ནི་བཤད་དུ་གསོལ་ཞེས་བྱ་བའི་དོན་ཏོ། །ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་ནི་བླ་ན་མེད་པའི་བྱང་ཆུབ་ཡིན་ཏེ། དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ཡང་སྐུ་དང་གསུང་དང་ཐུགས་ཀྱི་མཆོག་ཏུ་རྒྱ་ཆེ་བ་
དང་ཟབ་པ་ཡོངས་སུ་དག་པ་ཡིན་ནོ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། །ཞེས་བྱ་བ་ལ་ཆེ་ཞེས་བྱ་བའི་སྒྲ་ནི་ལྷན་ཅིག་སྤྱོད་པ་ཡིན་པའི་ཕྱིར་གསུམ་ཆར་ལ་ཡང་སྦྱར་བར་བྱའོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ཟད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་
Vol. 40 · folio 272a
ཅད་ཀྱི་བག་ཆགས་རྒྱས་པ་ཉིད་ཀྱི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པས་འབད་རྩོལ་མེད་པར་སྐུ་མཐའ་ཡས་པར་སྤྲུལ་པ་ནི་གཏི་མུག་ཆེན་པོའོ། །རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ཀྱི་ཐུགས་ལ་གློ་བུར་བའི་སྒྲིབ་པ་ཐམས་ཅད་ཟད་ཟིན་པ་ནི་ཞེ་སྡང་
ཆེན་པོའོ། །ཆོས་ཐམས་ཅད་རོ་གཅིག་པ་རྗེས་སུ་བསྟར་བ་དང་། དེའི་རྒྱུ་མཐུན་པ་རྣམ་པ་ཐམས་ཅད་ཡོངས་སུ་སྤྱོད་པ་དང་གསུང་དང་གཡོ་འགུལ་ནི་འདོད་ཆགས་ཆེན་པོ་སྟེ་འདི་ནི་རྒྱ་ཆེ་བའོ། །ཟབ་མོ་ནི། ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །ཅེས་བྱ་བ་གསུངས་ཏེ། ཆོས་ཀྱི་
དབྱིངས་ཤིན་ཏུ་རྣམ་པར་དག་པ་ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག་སྟེ། དམ་པར་གྱུར་པའི་སྐུ་དེ་འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །རྡོ་རྗེ་ཐེག་པ་ཇི་སྐད་དུ་
བཤད་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་ཉིད་རབ་ཏུ་སྟེར་བ་སྟེ། འདི་འབྲས་བུ་རབ་ཏུ་སྩོལ་བར་མཛད་པ་འདི་ལ་མངའ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་ཐེག་པ་རབ་ཏུ་སྟེར་བའོ། །གཞུང་ལ་ལ་ལས་ནི་རབ་ཏུ་འཇུག་པ་ཞེས་འབྱུང་སྟེ། དེ་ལ་ནི་རྡོ་རྗེ་ཐེག་པ་ལ་འཇུག་པར་མཛད་པ་མངའ་བས་ན་ཞེས་བྱ་བར་
ཚིག་རྣམ་པར་སྦྱར་རོ། །སངས་རྒྱས་ཀྱི་གནས་ཉིད་ཡིན་པས་ན་རྒྱལ་གཞིའོ། །གཞན་གྱི་དོན་ཕུན་སུམ་ཚོགས་པས་བསྟོད་པའི་ཕྱིར་ཐར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐར་པའི་ལམ་ནི་ཐེག་པ་གསུམ་གྱི་ལམ་ཡིན་ཏེ་བྱང་ཆུབ་རྣམ་པ་གསུམ་ནི་ཐེག་པ་གསུམ་ཡིན་ལ་དེ་ནི་
ཐར་པའོ། །དེའི་ལམ་ནི་ལམ་དུ་གྱུར་པའོ། །དེ་ཐོབ་པར་བྱེད་པའི་འཇིག་རྟེན་ལས་འདས་པའི་ཤེས་རབ་ནི་ལམ་དངོས་ཡིན་ལ་འདིར་ནི་ལམ་གསལ་བར་བྱེད་པའི་ཚིག་ལ་ལམ་ཞེས་བྱའོ། །དེ་རབ་ཏུ་སྟོན་པ་ནི་འབྱིན་པར་མཛད་པའོ། །ཐེག་པ་གསུམ་གྱི་ལམ་ལ་གནས། །ཞེས་
བྱ་བ་ནི་ལམ་དངོས་ལ་འཇིག་རྟེན་པ་འཇུག་པར་མཛད་པ་སྟེ་དེ་སྟོན་པར་མཛད་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཚུལ་དེ་སྐྱེ་བའི་ཕྱིར་རོ། །དེ་བས་ན་གདུལ་བྱ་རྣམས་ལ་སངས་རྒྱས་རྣམས་ཀྱི་སྐལ་བ་བཟང་པོ་སྟོན་པ་ལ་དགའ་བ་གང་ཡིན་པ་དེ་བྱེད་པ་ཉིད་ཀྱི་ཕྱིར་སངས་རྒྱས་སྐལ་མཆོག་
Vol. 40 · folio 272b
གོ། །དུལ་བ་དང་མ་དུལ་བ་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་མངའ་བས་ན་དག་པའི་བདག་གོ། །དེ་ལྟར་ན་སྐྱེས་བུ་དམ་པའི་བླ་ན་མེད་པའི་ཆོས་དང་ལྡན་པས་ན་མི་མཆོག་གོ། །བྱང་ཆུབ་སེམས་ཞེས་བྱ་བ་འདི་ནི་བརྡར་བཏགས་པའི་བྱང་ཆུབ་ཀྱི་སེམས་སོ། །རྒྱས་པའི་
སྤྱན་ཞེས་བྱ་བ་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་དེས་ཆོས་ཐམས་ཅད་དོན་དམ་པའི་ཚུལ་དུ་གཟིགས་པར་མཛད་པའི་ཕྱིར་རོ། །འདི་ཙམ་གྱིས་ནི་རྒྱུ་ཉིད་གསུངས་པ་ཡིན་ནོ། །ཆོས་ནི་ལམ་ཡིན་ལ་དེ་ཉིད་ནི་ཆོས་ཀྱི་འཁོར་ལོ་རབ་བསྐོར་བ་ཞེས་བྱ་བ་ཡིན་ཏེ། གདུལ་བྱ་
རྣམས་ཀྱི་རྒྱུད་ལ་འཕོ་བར་བྱེད་པའི་དོན་གྱིས་ན་དེ་ཉིད་ནི་འཁོར་ལོ་སྟེ་འཇིག་རྟེན་དུ་རབ་ཏུ་བསྐོར་བའོ། །འདི་ཙམ་གྱིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའོ། །འདི་ལ་སྐུ་དང་གསུང་དང་ཐུགས་རྣམ་པ་ཐམས་ཅད་དུ་དག་པ་མངའ་བས་ན་དེ་སྐད་ཅེས་བྱའོ། །འདི་ཙམ་གྱིས་ནི་རང་གི་
དོན་ཕུན་སུམ་ཚོགས་པའོ། །དེ་ལྟར་ན་སངས་རྒྱས་རྣམས་གང་གིས་གཤེགས་པ་དང་གང་དུ་གཤེགས་པའི་ལམ་དང་འབྲས་བུ་དེ་དག་ནི་ཐེག་པ་སྟེ་མི་ཟད་པའི་རིན་པོ་ཆེ་ཉིད་ཡིན་པས་ན་རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་ཡིན་པ་དེ་ལྟར་ན་རྡོ་རྗེ་ཐེག་པ་ལའོ། །དེ་ནས་ཞེས་བྱ་བ་ནི་གཉི་ག་
ལ་སྟེ། དེ་ནས་མཆོད་པ་བཤད་དོ་ཞེས་བྱ་བར་སྦྱར་རོ། །སུས་བཤད་ཅེ་ན། རྡོ་རྗེ་རིན་ཆེན་འཛིན་ཏེ་མཆོག་དང་པོའོ། །དེ་ཡང་འདིའི་རྡོ་རྗེ་ནི་དགའ་བ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རིན་པོ་ཆེའོ། །རྒྱལ་པོ་ཞེས་བྱ་བ་ལ་སོགས་པའི་ཚིག་དྲུག་ནི་འདི་ཉིད་ཀྱི་ཁྱད་པར་ཡིན་ནོ། །མཛེས་
པས་ན་རྒྱལ་པོ་སྟེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །མི་བསྐྱོད་པའི་རང་བཞིན་ཉིད་ཡིན་པས་ན་རྡོ་རྗེ་འཛིན་པའོ། །ནམ་མཁའ་ཐམས་ཅད་འདི་ལ་མངའ་བས་ན་ཐམས་ཅད་ནམ་མཁའ་སྟེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །ཤིན་ཏུ་མི་ཟད་
པས་ན་མི་འགྱུར་ཆེ་སྟེ་ཚེ་དཔག་ཏུ་མེད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འདི་ལས་ཐམས་ཅད་དབང་བསྐུར་བའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་རྣམས་ཀྱིས་ཐམས་ཅད་ཀྱི་དོན་འབྱུང་བ་དེ་ལྟར་ན་དབང་བསྐུར་གྱི་དོན་ཏེ། དོན་ཡོད་གྲུབ་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །
Vol. 40 · folio 273a
འདི་དག་ཐམས་ཅད་ཀྱི་བདག་ཉིད་འབའ་ཞིག་ཡིན་པར་མ་ཟད་ཀྱི། འོན་ཀྱང་རྒྱུར་གྱུར་པ་ཉིད་ཀྱི་དབང་ཕྱུག་ཀྱང་ཡིན་པས་ན་ཀུན་དབང་ངོ་། །འདིར་མཆོད་པའི་ཁྱད་པར་རྣམ་པ་ལྔ་གསུངས་པ་ལ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཞིང་གི་ཁྱད་པར་ཏེ་དེ་རྣམས་ལ་
འདིར་མཆོད་པ་ཉིད་ཡིན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་འདིར་རྒྱ་ཆེ་བའི་ཁྱད་པར་ཡིན་ཏེ། ཐམས་ཅད་ལས་དམ་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་མི་ཕྱེད་གསུམ་གནས་པ། ཞེས་བྱ་བ་ནི་ཟབ་པའི་ཁྱད་པར་ཡིན་ཏེ། འདིར་ནི་མཆོད་པའི་རྫས་ཐམས་ཅད་ནི་རྡོ་རྗེ་གསུམ་མི་ཕྱེད་
པ་སྟེ། སངས་རྒྱས་ཐམས་ཅད་བསྡུས་པར་གྱུར་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རོ་གཅིག་པའི་དེ་ཁོ་ན་ཉིད་དེ་བཞིན་དུ་བརྡར་བྱས་པའི་ཕྱིར་རོ། །དེ་ལ་གནས་པ་ནི་དེ་ལ་དམིགས་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །སྐུ་དང་གསུང་དང་ཐུགས་སྐལ་
མཆོག །ཅེས་བྱ་བའི་ལས་ཀྱི་ཁྱད་པར་ཏེ་འདི་ལས་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྐལ་བ་མཆོག་ཡོད་ཅིང་དེ་ཚིམ་པར་མཛད་པས་ན་དེ་སྐད་ཅེས་བྱའོ། །རྒྱལ་བ་འབྱུང་བར་གྱུར་པ་ཞེས་བྱ་བའི་རྒྱུའི་ཁྱད་པར་ཏེ་རྒྱལ་བ་རྣམས་ལས་འདི་འབྱུང་བ་ཡིན་ཞིང་དེ་རྣམས་ཉིད་ཀྱིས་
དེ་ལྟར་མཛད་པའི་དམ་ཚིག་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཡང་ན་འབྲས་བུའི་ཁྱད་པར་ཏེ། འདི་ལས་རྒྱལ་བ་རྣམས་འབྱུང་བ་ཡིན་པའི་ཕྱིར་རོ། །ན་ཆུང་ཞེས་བྱ་བ་ལ་སོགས་པ་མཆོད་པའི་གཙོ་བོའི་སྐབས་འབྱེད་པ་ཡིན་ཏེ། རབ་ཏུ་བརྟག་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། མཆོད་པ་ཞེས་
བྱ་བའི་སྐབས་དང་སྦྱར་རོ། །ན་ཆུང་གཞོན་ནུ་ཞེས་བྱ་བ་ནི་བུད་མེད་དེ། ལོ་གྲངས་ཉི་ཤུ་ཞེས་བྱ་བ་ནི་འདོད་ཆགས་ཀྱི་རིགས་ལ་ནི་ཉི་ཤུ་པའོ། །གཏི་མུག་གི་རིགས་ལ་ནི་ལོ་གྲངས་བཅུ་དྲུག་པ་དང་། ཞེ་སྡང་གི་རིགས་ལ་ལོ་གྲངས་བཅུ་གཉིས་པ་སྟེ། ལེའུ་བདུན་པ་ལས་དེ་སྐད་དུ་གསུངས་པ་ཉིད་ཀྱི་ཕྱིར་
རོ། །གཞོན་ནུ་སྨོས་པ་ནི་ན་ཚོད་གཙོ་བོར་བསྟན་པའི་དོན་ཏོ། །རིགས་རེ་རེ་ལ་རེ་རེ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ལྔ་ཞེས་བྱ་བ་གསུངས་ཏེ་དེའི་ཕྱིར་བྱོལ་སོང་ལས་ཀྱང་ལྔ་གཟུང་བར་བྱ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་རིགས་རེ་རེ་ལ་བུ་མོ་ལྔ་བླངས་ནས་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །
Vol. 40 · folio 273b
ན་ཆུང་གཞོན་ནུ་རྣམས་ཞེས་བྱ་བ་ནི་ཇི་ལྟར་ཡིན་ཞེ་ན། དོན་གྱི་ཚིག་རྣམ་པར་བསྒྲུབ་པའི་ཕྱིར་རོ། །རིགས་རེ་རེ་ཞེས་བྱ་བ་ཇི་ལྟར་ཡིན་ཞེ་ན། དུད་འགྲོ་ལས་ཀྱང་ཞེས་བྱ་བ་མང་པོ་པའི་ཚིག་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་ན་ཚོད་གཙོ་བོར་གྱུར་པའི་འདོད་ཆགས་ཀྱི་རིགས་ལ་བུ་མོ་ལོ་ཉི་ཤུ་པ་དང་། དེའི་ཡང་
གཡོན་གྱི་ལོགས་ལ་བཞི་སྟེ་ལོ་བཅུ་དྲུག་པའི་བར་དུའོ། །ཞེ་སྡང་གི་རིགས་ལ་ལོ་གྲངས་བཅུ་གཉིས་པ་དང་། དེའི་ཡང་གཡས་ཀྱི་ལོགས་ལ་བཞི་སྟེ་ལོ་བཅུ་དྲུག་པའི་བར་དུའོ། །གཏི་མུག་གི་རིགས་ལ་བུ་མོ་ལོ་བཅུ་དྲུག་པ་དང་། དེའི་ལོགས་གཉིས་ལ་བཅུ་
བཞི་པ་དང་བཅོ་ལྔ་པ་གཉིས་བཅུ་བདུན་པ་དང་བཅོ་བརྒྱད་པ་གཉིས་སོ། །དེ་ལྟར་བྱས་ན་རིགས་གསུམ་ལ་ལོ་གྲངས་བཅུ་དྲུག་པ་མཆོག་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐུགས་ཀྱི་དཀྱིལ་འཁོར་གྱི་ལེའུར་བཅུ་དྲུག་པ་གསུངས་པ་ཡིན་ནོ། །དང་པོར་གནས་དང་བདག་དང་རིག་པའི་སྦྱང་བ་
གསུངས་པས་ཕྱོགས་ཞེས་བྱ་བ་ནི་བསམ་གཏན་གྱི་གནས་སོ། །གཙང་ཞིང་ཞེས་བྱ་བ་ནི་སྦྱངས་པའོ། །རྣམ་པར་དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་མེད་པའོ། །རྒྱལ་བ་ཉིད་སྐྱེས་ཞེས་བྱ་བ་རྒྱལ་བ་རྣམས་ཀྱི་བདག་ཉིད་དེ་བཞིན་ཉིད་དེ་ལས་སྐྱེས་པ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་བདག་
ཉིད་ཐབས་ཀྱི་ལུས་ཞེས་བྱ་བའི་དོན་ཏོ། །ཞི་བ་དགེ་བའི་གནས་རྣམས་སུ། །ཞེས་བྱ་བ་ལ་རྣམ་པར་རྟོག་པ་དེ་རབ་ཏུ་ཞི་བའི་ཕྱིར་དང་། ཀུན་དུ་བཟང་པོ་ཉིད་ཡིན་པའི་ཕྱིར་ཞི་དགེ་སྟེ་བྱང་ཆུབ་ཀྱི་སེམས་སོ། །དེའི་གནས་ནི་དམིགས་པར་བྱ་བ་སྟེ། དེ་བཞིན་ཉིད་ཀྱི་བདག་ཉིད་
ཅན་གྱི་ཤེས་རབ་ཀྱི་ལུས་ཞེས་བྱ་བའི་དོན་ཏོ། །གསུམ་པོ་དེ་དག་ལ་བྱུག་པར་བྱའོ། །འམ་གྱི་སྒྲ་ནི་བྱུག་པའམ་མོས་པ་ཅི་རིགས་པར་རོ། །གང་གིས་ཤེ་ན། བཤང་གཅི་ལ་སོགས་པ་བསྲེས་པ་དག་གིས་སོ། །སོགས་པའི་སྒྲས་ནི་གཉི་ག་ལ་ཡང་སྦྱར་བར་བྱ་སྟེ། སྦྱངས་པའི་
བཤང་གཅི་ལ་སོགས་པ་ཉུང་ངུ་ནི་དམ་ཚིག་གི་དོན་ཡིན་ལ་ཆུ་དང་ཙནྡན་ལ་སོགས་པ་ཤིན་ཏུ་མང་བ་ནི་དྲི་ཞིམ་པའི་དོན་ཏོ། །རྟག་པར་ཞེས་བྱ་བ་ནི་ཉིན་རེ་རེའོ། །སྤྱན་ལ་སོགས་པར་བསྒོམས་པས་རིག་པ་བསྐྱེད་དེ་སྦྱང་བ་གང་ཡིན་པ་དེ་ནུ་མའི་དབུས་ཞེས་བྱ་བ་ལ་སོགས་པ་ལ་
Vol. 40 · folio 274a
རིགས་ལྔ་རྣམས་ནི་ཞེས་བྱ་བ་ནི་རིགས་ལྔ་པོ་རྣམས་ནའོ། །ཅི་སྐུའི་རང་བཞིན་ཡིན་ནམ་མ་ཡིན་ཞེ་ན། རྒྱལ་བའི་སྲས་ཞེས་བྱ་བ་གསུངས་ཏེ། རྒྱལ་བའི་བདག་ཉིད་རྣམས་ལ་ཡོད་པས་ན་རྒྱལ་བའི་སྲས་ཏེ་རྒྱལ་བའི་ས་བོན་ལས་ཞེས་བྱ་བའི་དོན་ཏོ། །ཆོ་ག་ཤེས་པ་ནི་
རིགས་པ་ཤེས་པའོ། །དེ་ལ་རིགས་པ་ནི་འདི་ཡིན་ཏེ་སྤྱི་གཙུག་གི་མཐའ་ནི་སྤྱི་བོའི་རྩེ་མོ་སྟེ་དེའི་དབུས་ནས་ནུ་མའི་དབུས་ཀྱི་བར་དུ་ཡི་གེ་ཨོཾ་སྤྲོ་བའི་ཚུལ་གྱིས་དགོད་པར་བྱའོ། །ནུ་མའི་དབུས་ནི་སྙིང་ག་སྟེ་དེའི་ཚུ་རོལ་ཐམས་ཅད་དུ་ཞེས་བྱ་བའི་དོན་ཏོ། །ནུ་མའི་དབུས་ནས་ལྟེ་བའི་བར་ལ་ཡི་
གེ་ཧཱུཾ་དགོད་པར་བྱའོ། །ལྟེ་བ་ནས་རྐེད་པ་དང་། གསང་བའི་བར་ལ་ཡི་གེ་སྭཱ་དགོད་པར་བྱའོ། །རྐེད་པ་དང་གསང་བ་ནས་རྐང་པའི་བར་ཚུན་ཆད་དུ་ཡི་གེ་ཨཱཿདགོད་པར་བྱའོ། །རྐང་པའི་བར་ཐམས་ཅད་ལ་ཡི་གེ་ཧཱུཾ་དགོད་པར་བྱའོ། །འདིར་རྐང་པའི་སྒྲས་ནི་རྐང་པའི་མཐིལ་ནས་བརླ་རྩའི་བར་གྱི་
ལུས་ཀྱི་ཡན་ལག་རྣམས་བཟུང་སྟེ་དཔེར་ན་རྐང་པ་གཡས་པ་བསྐུམ་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ལྟ་བུའོ། །རྐང་པ་ཉིད་ལས་བརྩམས་པའི་བར་ནི་མཐར་ཐུག་པ་སྟེ་རྐང་པའི་བར་རོ། །པདྨ་དང་ནོར་བུ་སྦྱང་བ་ནི་ལེའུ་གཞན་དག་ལས་ཤེས་པར་བྱའོ། །བྱུགས་པའི་རྗེས་ཐོགས་ཉིད་ལ་དོན་
དམ་པ་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱས་ལ་དེ་སྔགས་ཀྱིས་བྱིན་གྱིས་བརླབས་ནས་བྱ་བ་གང་ཡིན་པ་དེ་ནི་ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ནམ་མཁའི་དབྱིངས་ནི་ཆོས་འབྱུང་བའི་རྣམ་པའི་རྡོ་རྗེ་འཆང་ངོ་། །དེའི་དབུས་སུ་གནས་པ་ནི་ཁོང་སྟོང་ཐམས་ཅད་ཁྱབ་པའོ། །
ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་དང་རྡོ་རྗེ་སྟེ་མཚན་མ་བཞིའི་རྣམ་པའི་ཡེ་ཤེས་ཀྱི་འོད་ཟེར་བཀོད་པའོ། །དེ་ནས་ཡེ་ཤེས་ཀྱི་རྒྱ་མཚོ་སྤྲོ་བར་བྱ་བའི་ཕྱིར་ཅི་ཞིག་བསྒོམ་པར་བྱ་ཞེ་ན། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྙིང་གར་ཞེས་བྱ་བ་ནི་ཆོས་
འབྱུང་བར་ཏེ་ཆོས་འབྱུང་བའི་ནང་དུ་ཆུད་པའི་སྣ་ཚོགས་པདྨ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཞེས་བྱ་བའི་དོན་ཏོ། །བདག་ཉིད་ཅེས་བྱ་བ་ནི་ཡི་གེ་བྲུཾ་གྱི་དེ་ཉིད་ལས་ཡེ་ཤེས་ཀྱི་རྒྱ་མཚོ་སྤྲོ་བར་བྱའོ་ཞེས་བྱ་བར་དགོངས་སོ། །འདི་དག་ཐམས་ཅད་ནི་སེམས་ཙམ་ཡིན་ནོ་
Vol. 40 · folio 274b
ཞེས་རྟོགས་པས་ན་མཁས་པའོ། །བསྡུ་བ་དག་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རྒྱ་མཚོའི་བསྡུ་བའོ། །བསྡུ་བ་ཅི་འདྲ་བ་ཞིག་ཅེ་ན། ཞི་བ་རྡོ་རྗེ་འཛིན་འདོད་ན། །ཞེས་བྱ་བ་སྟེ་ནམ་མཁའི་དབྱིངས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་འཛིན་པའི་འདོད་པ་གང་ཡིན་པ་ནི་ས་ལ་སོགས་པའི་ཁམས་བཞིའི་ལྷ་མོའི་
རང་བཞིན་ཞེས་བྱ་བའི་དོན་ཏོ། །མཚན་མ་དེ་རྣམས་ལྷ་མོ་བཞིའི་དངོས་པོར་ཡོངས་སུ་བསྒྱུར་ནས། བསྡུ་བར་བྱ་སྟེ་གཞལ་ཡས་ཁང་གི་འབྱུང་བ་ཆེན་པོ་བཞིར་གྱུར་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་དེ་ལྟར་བསྡུས་པའི་ཡེ་ཤེས་ཀྱི་རྒྱ་མཚོའོ། །གནས་ཏེ་
བཞུགས་གནས་སུ་རྣམ་པར་བསམ་མོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྟེ་དེའི་དོན་གྱི་བཞི་པའོ། །མཆོད་རྟེན་ལ་ཞེས་བྱ་བ་ནི་གཞལ་ཡས་ཁང་ལའོ། །རིན་ཆེན་སྣ་བཞི་ཞེས་བྱ་བ་ནི་ལྷ་མོ་བཞིའི་རང་བཞིན་ནོ། །འོད་ཟེར་ཕྲེང་བ་ནི་ཁ་དོག་ལྔ་པ་སྟེ་ནོར་བུ་ཁ་དོག་སྣ་ལྔའི་
གཟུགས་སུ་ཡོངས་སུ་གྱུར་པ་འབྱུང་བ་བསྡུས་པའི་གཞལ་ཡས་ཁང་གི་རྣམ་པར་འཇོག་པའི་ཕྱིར་རོ། །བདག་གི་ནི་དཀྱིལ་འཁོར་གྱི་བདག་པོར་གྱུར་པའི་སྒྲུབ་པ་པོ་རང་ཉིད་ཀྱི་སྟེ་དེའི་བ་སྤུའི་འོ། །དེ་རྣམས་ཀྱི་ཚོགས་ནི་ཕུང་པོ་སྟེ་དེའི་བུ་ག་ནས་ཞེས་བྱ་བའི་དོན་ཏོ། །མཁས་
པས་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ། །མེ་ཏོག་གི་མཆོད་པ་ནི་མཁས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེ་ཏོག་ཅེས་བྱ་བའི་མིང་གིས་ནི་ལྷ་མོ་དགུའི་ནམ་མཁའི་དབྱིངས་སྟོན་པ་ཡིན་ཏེ། དེ་ནི་མེ་ཏོག་དང་འདྲ་བར་ཁ་བྱེ་བ་དང་ཟུམ་པ་དང་སྦྲང་རྩི་དང་རྡུལ་དང་དྲི་ཞིམ་
པ་དང་ཤིན་ཏུ་མཉེན་པ་དང་ལྡན་པའི་ཕྱིར་ཏེ་དེ་ལ། ལྷ་མོ་དགུ་ཡི་ནམ་མཁའི་དབྱིངས། །མེ་ཏོག་ཅེས་ནི་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ། །ཨུཏྤ་ལ་དག་དང་ཞེས་བྱ་བ་ནི་དགའ་མ་བཞི་པོ་གང་ཡིན་པའོ། །དེ་ཇི་ལྟར་ན་ཨུཏྤ་ལ་ཡིན་ཞེ་ན། སྐྱེས་པ་དེ་ཉིད་ཀྱིས་མཚོན་པར་བྱ་བ་
ཉིད་ཡིན་པའི་ཕྱིར་རོ། །པདྨ་རྣམ་པ་ལྔར་ཞེས་བྱ་བ་ནི་འདོད་པའི་ལྷ་མོ་གང་ཡིན་པའོ། །དེ་ཇི་ལྟར་ན་པདྨ་ཡིན་ཞེ་ན། གཏི་མུག་ལ་སོགས་པ་སྐྱེ་བའི་གནས་ཉིད་ཡིན་པའི་ཕྱིར་རོ། །གཟུགས་སྒྲ་ལ་སོགས་འདོད་པ་རྣམས། །བདེ་སྡུག་གཉིས་ཀྱི་བདག་ཉིད་ཅན། །རྟག་ཏུ་སྙིང་
Vol. 40 · folio 275a
ལ་སྐྱེ་བར་འགྱུར། །འདོད་ཆགས་ཞེ་སྡང་མུན་པ་འབྱུང་། །ཞེས་བྱ་བ་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ཤེས་བྱ་ཞེས་བྱ་བ་ནི་སྤྲུལ་ནས་སོ། །དེ་གཉི་ག་ལྷ་རྣམས་ལ་ནི་དབུལ་བར་བྱ་སྟེ། རིགས་ཀྱི་དབྱེ་བས་དབུལ་བར་བྱའོ། །མཁས་པས་
ཞེས་བྱ་བ་ནི་མེ་ཏོག་དང་ལྡན་པ་རྣམས་ཡང་དག་པར་སྦྱར་བས་ཡང་དག་པར་མེ་ཏོག་དབུལ་བའི་ཕྱིར་རོ། །ཛཱ་ཏི་ཞེས་བྱ་བ་ནི་པདྨ་ལྔ་པ་སྟེ་འདི་ལས་གཏི་མུག་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །རྣམ་གསུམ་བྱས་ན་ནི་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་བ་དང་གཉི་ག་བསྐྱེད་པ་ཉིད་ཀྱིས་
འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་རིགས་ལ་གོ་རིམས་བཞིན་དུ་དབུལ་བར་བྱའོ། །ཨུཏྤ་ལའི་གྲངས་མ་གསུངས་པ། དེ་ནི་མེ་ཏོག་ཀརྞི་ཀ་ནང་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་ང་ལ་ཞུ་བས་ན་མ་ལི་ཀ་ནི་མཱ་མ་ཀཱི་སྟེ་དེ་ནི་མེ་ཏོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེ་ཏོག་ལྷག་མ་
རྣམས་ནི་དགའ་མ་ལྷག་མ་རྣམས་ཀྱི་ཡིན་ཏེ་ཁ་དོག་མཐུན་པའི་ཕྱིར་རོ། །མཆོད་པའི་དཀྱིལ་འཁོར་འདི་ལ་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱི་ཕྱིར་ཚད་མདོར་བསྡུས་པ་དང་ལྷ་རྣམས་ཀྱི་དགོད་པ་བསྟན་པའི་ཕྱིར་དཔག་ཚད་བརྒྱའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ། །རིགས་རྣམས་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་ལྷག་མ་རྣམས་ཀྱིའོ། །རྟག་པར་ཞེས་བྱ་བ་ནི་འཁོར་གྱི་དངོས་པོར་རོ། །ནིའི་སྒྲ་ནི་ངེས་པར་བཟུང་བ་སྟེ་རིགས་ཉིད་ཅེས་བྱ་བའི་དོན་ཏོ། །རྡོ་རྗེ་
སེམས་དཔའི་དཀྱིལ་འཁོར་ལ་ཡང་འདི་ལྟར་དགའ་མ་ཉིད་དགོད་པར་མི་བྱ་བ་སྟེ་དེ་རྣམས་མཆོད་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །རྣམ་པར་མཁས་པས་ཞེས་བྱ་བ་ནི་ཐམས་ཅད་དགོད་པའི་གནས་ལ་མཁས་པའོ། །པདྨ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་ཞེས་བྱ་བ་ནི་འཁོར་ལོའི་དཀྱིལ་
འཁོར་དང་འདྲ་བར་ཚད་དང་ལྷ་རྣམས་དགོད་པའོ། །འདིར་པདྨ་ནི་འོད་དཔག་ཏུ་མེད་པའི་དཀྱིལ་འཁོར་རོ། །རྡོ་རྗེ་ནི་མི་བསྐྱོད་པའམ་རྡོ་རྗེ་འཆང་གིའོ། །རལ་གྲི་ནི་དོན་ཡོད་པར་གྲུབ་པའོ། །ཨུཏྤ་ལ་ནི་རིན་ཆེན་དཔལ་གྱི་སྟེ། རྡོ་རྗེའི་མཆོག་ནི་ཨུཏྤ་ལ་ཡིན་པའི་ཕྱིར་རོ། །རྒྱ་ཆེན་པོ་
Vol. 40 · folio 275b
འདོད་པ་རྣམས་ཀྱི་ཆེད་དུ་ཚད་གཞན་བསྟན་པའི་ཕྱིར་རོ། །དཔག་ཚད་བྱེ་བའི་ཁྱོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཆོད་རྟེན་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །མཆོད་པའི་ཕྱིར་ཞེས་བྱ་བ་ནི་མཆོད་པའི་དོན་དུའོ། །ལྷའི་དགོད་པ་དང་མཆོད་པ་ནི་སྔ་མ་དང་འདྲ་ཞིང་དཀྱིལ་འཁོར་
གཉི་ག་ལའང་དཀྱིལ་འཁོར་པ་དགོད་པ་ནི་འདྲ་བ་ཡིན་ཏེ་དེ་ཉིད་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་རོ། །གནས་ཡངས་པ་ཉིད་ནི་མཆོད་པ་རྒྱ་ཆེན་པོའི་གོ་སྐབས་བྱེད་པའི་དོན་ཏོ། །དེའི་རྣམ་པ་ནི་གྲྭ་བཞི་ཞེས་བྱ་བའི་དབྱིངས་སོ། །རིན་ཆེན་སྣ་བཞི་ཞེས་བྱ་བ་ནི་ལྷ་མོ་བཞིའི་རང་བཞིན་
ནོ། །གསལ་ཞིང་དྲི་མ་མེད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྒྱུ་མཐུན་པ་ཡིན་པའི་ཕྱིར་རོ། །རིགས་རྣམས་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་རྣམས་ལ་བླ་ན་ཡོད་པ་དང་བཅས་པའི་མཆོད་པ་བྱ་བའི་ཕྱིར་གནས་བསྒོམ་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེ་རྣམས་ཀྱི་མཆོད་པའི་རྒྱ་མཚོ་བརྩམ་པར་བྱའོ། །རིན་ཆེན་ནི་རིན་པོ་ཆེ་ལ་སོགས་པའོ། །སོགས་པའི་སྒྲས་ནི་གདུགས་དང་རྒྱལ་མཚན་ལ་སོགས་པ་ནམ་མཁའ་ཁྱབ་པས་མཆོད་པས་སོ། །བླ་ན་མེད་པའི་མཆོད་པ་བསྟན་པ་ནི་མཆོད་པ་ལྔ་
རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ན་ཆུང་ཞེས་བྱ་བ་ནི་ཕྱིའི་སྟེ་རིག་པའི་རྒྱལ་མོར་བྱས་པའོ། །རིན་ཆེན་འབྱུང་གནས་ཞེས་བྱ་བ་ནི་རིགས་ཀྱི་ཚོགས་ཅན་ཡིན་ནོ། །མཆོག་ཅེས་བྱ་བ་ནི་གཟུགས་ལ་སོགས་པས་སོ། །སྒྲུབ་ཚེ་ཞེས་བྱ་བ་ནི་སྒྲུབ་
པའི་ཐབས་སོ། །རབ་ཏུ་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་དངོས་གྲུབ་མཆོག་གི་ཕྱིར་རོ། །རིན་པོ་ཆེ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །ཞིང་འདིར་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །རིན་ཆེན་སྣ་བདུན་ནི་གསེར་དང་དངུལ་དང་བཻཌཱུརྱ་དང་མུ་ས་
ལ་གརྦྷ་དང་རྡོའི་སྙིང་པོ་དང་མུ་ཏིག་དམར་པོ་དང་བདུན་པ་ནི་ཀརྐེ་ཏའོ། །མཁས་པ་དག་གིས་ནི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞིང་གི་ཚོགས་ཉིད་དུ་ཤེས་པ་དག་གིས་སོ། །ཤེས་རབ་ཅན་ནི་ཐབས་ལ་མཁས་པའི་ཕྱིར་རོ། །རྣལ་འབྱོར་གང་ལ་གནས་ནས་
Vol. 40 · folio 276a
མཆོད་པ་དེ་ནི་བདག་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདག་པོའི་ཕྱག་རྒྱ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་སྟེ་རང་གི་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་ཆེན་པོའོ། །མཉམ་གཞག་ལ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སེམས་བརྟན་པོར་བྱས་པའོ། །རེག་
པའི་སྦྱོར་བ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཆོད་པ་རྣམས་ཀྱིས་བདེ་བ་དང་ལྡན་པའོ། །སངས་རྒྱས་ལ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྡུས་པར་གྱུར་པའི་དཀྱིལ་འཁོར་པ་རྣམས་ལའོ། །སངས་རྒྱས་རྣམས་ལ་མི་བདེ་བ་མི་མངའ་ཞིང་ཡིད་
མི་བདེ་བ་ཡང་མི་མངའ་ལ། དེ་ལ་འདོད་ཆགས་མི་མངའ་བ་ཡང་མ་ཡིན་ནམ། དེ་བས་ན་དེ་དག་ལ་མཆོད་པ་མེད་ཅིང་དེ་ལེན་པར་མཛད་པ་ཡང་མི་མངའོ་ཞེ་ན། དེའི་ཕྱིར་འདོད་ཆགས་བློ་ཅན་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་ཆོས་མཐུན་པའི་ཕྱིར་འདོད་ཆགས་ནི་སྙིང་རྗེ་
ཡིན་ལ་བློ་ནི་ཡེ་ཤེས་ཡིན་ཏེ་དེ་དག་ཕུལ་དུ་བྱུང་བ་མངའ་བའི་ཕྱིར་འདོད་ཆགས་བློ་ཅན་ནོ། །དེ་ལ་རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་བའི་དགོངས་པ་རབ་ཀྱི་མཐར་ཕྱིན་པ་ནི་ཐུགས་རྗེ་ཕུལ་དུ་བྱུང་བའོ། །ཤེས་བྱ་ཐམས་ཅད་ཀྱི་རྣམ་པ་ཐམས་
ཅད་ལ་ཤིན་ཏུ་རྣམ་པར་དག་པ་ཆགས་པ་མེད་པ་ཐོགས་པ་མེད་པ་འཇིག་རྟེན་ལས་འདས་པ་དང་དག་པ་འཇིག་རྟེན་པའི་ཡེ་ཤེས་ནི་བློ་ཕུལ་དུ་བྱུང་བའོ། །དེ་བས་ན་དེ་དག་གི་ཡེ་ཤེས་ཕུལ་དུ་བྱུང་བས་མཆོད་པར་བྱེད་པ་དང་མཆོད་པའི་དངོས་པོ་རྣམས་གཟིགས་ཤིང་ཐུགས་རྗེ་ཕུལ་དུ་བྱུང་
བས་ནི་འཇིག་རྟེན་ལས་འདས་པའི་བདེ་བ་དང་དུ་ལེན་པར་མཛད་ཅིང་སྟོབས་ཀྱིས་ཡིད་བདེ་བ་ཉམས་སུ་བསྟར་བར་འགྱུར་བ་དེ་ལྟར་ན་མཆོད་པ་ལེན་པར་མཛད་པ་གྲུབ་པ་ཡིན་ནོ། །བདག་པོའི་སྦྱོར་བ་འབའ་ཞིག་གིས་ཀྱང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱའོ་ཞེས་བྱ་བ་དེ་ནམ་
མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དཀྱིལ་འཁོར་བཀོད་པ་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །དེ་བཞིན་གཤེགས་པའི་བདག་ཅེས་བྱ་བ་ནི་རང་རང་གི་རིགས་ཀྱི་སྔགས་ཀྱི་མཆོག་བསྡུས་པ་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་དང་གཉིས་སུ་
Vol. 40 · folio 276b
མེད་པར་འགྱུར་བའོ། །བདག་གི་ལུས་ཞེས་བྱ་བ་ནི་དེའི་དབུས་མའི་གདན་ལ་གནས་པའི་རང་གི་ལུས་སོ། །བླ་མ་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི་གཟུགས་སོ། །བཤང་དང་གཅི་རྣམས་ཀྱིས་ཞེས་བྱ་བ་ནི་མང་པོའི་མིང་གིས་སོགས་པ་བསྡུས་ཏེ་བྱུག་པ་ལ་སོགས་པ་སྔར་བཤད་པའི་
བྱུག་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །ན་ཆུང་ཞེས་བྱ་བ་ནི་སྔར་བཤད་པའི་བུ་མོའོ། །དེ་ཉིད་མཆོད་པ་ནི་དགའ་བའི་མཆོད་པའོ། །བརྟན་པའི་བློ་ལྡན་པས་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བར་བསྒྲུབ་པ་དག་ལ་ཤེས་པ་བརྟན་པར་བྱ་བས་སོ། །བཟའ་
བར་བྱ་ཞེས་བྱ་བ་ནི་ཆོ་ག་བཞིན་དུའོ། །སྔགས་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམས་སོ། །ཡེ་ཤེས་རྡོ་རྗེ་ཅན་གྱི་གསང་། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་གསང་བའི་རྫས་སོ། །འདི་དག་གིས་ནི་སྣོད་མ་ཡིན་པ་རྣམས་ལ་དེ་གསང་བར་བྱའོ་ཞེས་སྟོན་ཏོ། །བཤང་
བ་ནི་འཇུག་པ་ཡིན་ལ་གཅི་བ་ནི་འཆིང་བ་སྟེ་སྒྲིབ་པའོ། །འདི་ལྟར་སྒྲུབ་པ་ལ་འཇུག་པ་ན་དངོས་གྲུབ་ལ་སྒྲིབ་པ་དེ་ལས་སྐྱོབ་པར་བྱེད་ན་བཤང་གཅིའོ། །དེ་ཡང་ཡིན་ལ་འདའ་བར་མི་བྱ་བ་ཉིད་ཀྱི་ཕྱིར་དམ་ཚིག་ཀྱང་ཡིན་པ་དེ་ལྟར་ན་ཇི་སྐད་དུ་བཤད་པའི་མཆོད་པའི་རྒྱུན་ནི་བཤང་
གཅིའི་དམ་ཚིག་ཡིན་ནོ། །དེ་གསལ་བར་བྱེད་པའི་ལེའུ་ལ་དེ་སྐད་ཅེས་བྱའོ། །གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ལས་ལེའུ་བརྒྱད་པའོ།། །།སྒྲུབ་པ་ཆེན་པོ་ལ་མཉམ་པར་གཞག་པའི་རྣལ་འབྱོར་གྱི་བདག་ཉིད་ཅན་གྱི་དམ་ཚིག་བསྟན་
པའི་ཕྱིར་ལེའུ་དགུ་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ་བཀའོ། །རྒྱལ་པོ་ཉིད་ཀྱི་བཀའ་ལས་ཀྱང་འདའ་བར་དཀའ་བ་ཡིན་པ་དེ་ལྟར་ན་རྒྱལ་པོ་ཞེས་གསུངས་སོ། །ཁྱད་པར་དུ་ཚར་གཅོད་པར་མཛད་པ་
ཡིན་པ་དེའི་ཕྱིར་རྡོ་རྗེ་འཛིན་པ་ཞེས་གསུངས་སོ། །དེའི་དམ་ཚིག་ལ་གནས་པ་ལ་ཡང་རང་གི་བྱང་ཆུབ་ལ་དེ་རྣམས་དབང་ཕྱུག་ཉིད་དུ་རང་དབང་དུ་གྱུར་པ་ཉིད་ཀྱིས་སངས་རྒྱས་རྣམས་ཀྱི་དངོས་གྲུབ་གདོན་མི་ཟ་བར་མི་སྩལ་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་དབང་ཕྱུག་དམ་པ་ཞེས་བྱ་བ་
Vol. 40 · folio 277a
གསུངས་ཏེ་སངས་རྒྱས་རྣམས་དབང་ཕྱུག་ཡིན་པ་དེ་བདེན་ཏེ་དེ་ནི་དེ་རྣམས་ཀྱི་ཡང་དབང་ཕྱུག་ཡིན་པས་ན་དབང་ཕྱུག་དམ་པ་སྟེ་དེ་བས་ན་དེའི་བཀའ་ནི་རྒྱལ་བ་རྣམས་ཀྱིས་ཀྱང་འདའ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་དབང་ཕྱུག་དམ་པ་ཡིན་ཞེ་ན། འདི་
ལྟར་ཀུན་དོན་ཏེ་འདི་ལས་དོན་ཐམས་ཅད་འབྱུང་བས་ན་ཀུན་ཏེ་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་དེ་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་དང་སྤྱོད་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །དེ་བས་ན་ཞེ་སྡང་གི་དམ་ཚིག་བརྗོད་པར་བྱ་བ་མ་ཡིན་ལ། བཅོམ་ལྡན་འདས་ཀྱི་སྤྱོད་
པའི་འབྲས་བུ་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དང་སྤྱོད་པ་ལ་རབ་ཏུ་འཇུག་པར་བྱེད་པ་ཉིད་ནི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་གསུངས་ཏེ། གསལ་བ་ཉིད་ནི་ཐམས་ཅད་ནམ་མཁའ་སྟེ། ཤེས་བྱ་ཡོངས་སུ་ཟད་པའི་ཕྱིར་རོ། །ཤེས་པ་ཡོངས་སུ་ཟད་པའི་མི་འགྱུར་ཆེ་སྟེ། ཆོས་ཀྱི་
དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཡིན་པའི་དོན་ཏོ། །འདི་ནི་ཞེ་སྡང་གི་རིགས་ཀྱི་འབྲས་བུ་སྟེ་དེ་རབ་ཏུ་སྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ལ་དེ་སྐད་ཅེས་བྱའོ། །ལུས་ལ་སོགས་པའི་རྒྱུ་མཚན་གྱི་དྲི་མ་ཐམས་ཅད་འཁྲུད་པར་མཛད་ཅིང་མི་སྣང་བར་མཛད་པ་ནི་
ཐམས་ཅད་དབང་བསྐུར་རོ། །དེ་ཉིད་ནི་སྤྱོད་པ་ཡིན་ལ་དེའི་མཆོག་ནི་དང་པོ་ཡིན་ཏེ་དེ་ལ་འཇུག་པར་བྱེད་པ་ནི་ཐམས་ཅད་དབང་བསྐུར་སྤྱོད་པའི་མཆོག་གོ། །སྤྱོད་པ་དེ་ཉིད་བསྟན་པའི་ཕྱིར་སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐུ་དང་གསུང་དང་ཐུགས་ལ་ལོངས་སྤྱོད་པ་ནི་
དམིགས་སུ་མེད་པར་རབ་ཏུ་བཤད་ཅེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞེ་ན། རྡོ་རྗེ་མི་ཕྱེད་པ་གསུམ་དཀྱིལ་འཁོར་ཏེ་སྐུ་ལ་སོགས་པའི་རྡོ་རྗེ་གསུམ་པོ་མི་ཕྱེད་ཅིང་རོ་གཅིག་པའི་དཀྱིལ་འཁོར་ནི་སྙིང་པོ་བསྡུས་པ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །གསང་
བ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་པའོ། །ཉམས་དགའ་བ་ནི་བླ་ན་མེད་པའི་བདེ་བ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །མཆོག་ནི་འཇིག་རྟེན་ལས་འདས་པ་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཞེ་ན། སངས་རྒྱས་ཡེ་ཤེས་ཅན་གྱི་སྟེ་མི་བསྐྱོད་པའི་ཡེ་ཤེས་དང་ལྡན་པའོ། །
Vol. 40 · folio 277b
ཇི་ལྟར་ཞེ་ན། ནམ་མཁའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་འབྱུང་བའི་ནང་དུ་ཆུད་པའི་གཞལ་ཡས་ཁང་ནི་འདིར་ནམ་མཁའི་དབྱིངས་ཏེ་དེའི་དབུས་སུ་བདག་ཉིད་རྡོ་རྗེ་མི་བསྐྱོད་པ་ཁྲོ་བ་དང་བཅས་པ་རབ་བསྒོམས་ནས་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དཀྱིལ་
འཁོར་བསྒོམ་པར་བྱ་བ་ནི་མི་བསྐྱོད་པའི་དཀྱིལ་འཁོར་པ་རྣམས་སོ། །ལག་ཏུ་ཞེས་བྱ་བ་ནི་ཐམས་ཅད་ཀྱིའོ། །རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་དྲག་པོའི་རྡོ་རྗེའོ། །འོད་འཕྲོ་ཞེས་བྱ་བ་ནི་འབར་བའོ། །བསྒོམས་ནས་ཞེས་བྱ་བ་ནི་
ནམ་མཁའི་ངོས་ལའོ། །ལོངས་སྤྱོད་ནི་ཚོགས་སོ། །བརླག་པ་ནི་མཐོང་བ་མེད་པ་སྟེ། སྣང་བ་མེད་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བསྒོམས་པ་ཡིས་ཞེས་བྱ་བ་ནི་མི་བསྐྱོད་པའི་རྣལ་འབྱོར་པས་སོ། །འབྲས་བུ་ནི་བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་གཏན་
མཆོག་འདིའོ། །ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ཏེ། མི་བསྐྱོད་པའི་ཡེ་ཤེས་སྒྲུབ་པའོ། །འདི་ནི་རྣལ་འབྱོར་འདིའི་མཆོག་གོ། །འཕྲལ་གྱི་འབྲས་བུ་བསྟན་པའི་ཕྱིར་རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བའི་རྡོ་རྗེ་ཞེས་བྱ་བ་ནི་གསང་བའི་ཏིང་ངེ་འཛིན་ཏོ། །
སེམས་ཅན་ཐམས་ཅད་བསད་ན་ནི། །ཞེས་བྱ་བ་ནི་འདོད་པ་ཙམ་གྱིས་གསོད་པར་ནུས་པར་འགྱུར་རོ། །དེ་དག་བསད་པས་ཅིར་འགྱུར་ཞེ་ན། མི་བསྐྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྒྱལ་བ་རྣམས་ཀྱི་ཐུགས་ནི་ཐུགས་ཏེ་ཆོས་ཀྱི་དབྱིངས་སོ། །དེ་ལ་དམིགས་པ་ན་
ཡེ་ཤེས་ཀྱི་ལུས་སུ་སྐྱེས་པ་ནི་རྒྱལ་བའི་ཐུགས་སྲས་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེ་སྡང་གི་རིགས་ཀྱི་དམ་ཚིག་ཅེས་བྱ་བ་ནི་ཉེ་བར་བསྡུ་བའོ། །འདིའི་རིགས་ཐམས་ཅད་ཀྱིས་བྱ་བ་ནི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རིགས་ཐམས་ཅད་
ཀྱི་རྒྱ་མཚོ་ནི་རྒྱ་མཚོ་ཆེན་པོ་སྟེ་ཆུའི་ཐིགས་པ་དང་འདྲ་བར་སྐྱེས་བུ་གྲངས་མེད་པ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་ཤེས་པར་བྱ་ཞེ་ན། རིགས་ཐམས་ཅད་ལ་ཡང་རིགས་ཀྱི་བདག་པོའི་དཀྱིལ་འཁོར་གྱི་དབང་ཕྱུག་ཁྲོ་བོའི་རྣལ་འབྱོར་ལ་གནས་ནས་ཕྱག་གིས་ཁྲོ་བོའི་དཀྱིལ་འཁོར་
Vol. 40 · folio 278a
དྲག་པོའི་རྡོ་རྗེ་འཕེན་པས་སྔ་མ་བཞིན་དུ་སངས་རྒྱས་ཐམས་ཅད་ཡང་དག་པར་ཕྱེ་མར་མཛད་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ནི་རང་གི་ལྷའི་རྣམ་པས་རྒྱས་བཏབ་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེའི་ཐར་པ་ནི་སྒྲིབ་པ་ཐམས་
ཅད་ལས་རྣམ་པར་གྲོལ་བའོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་བག་ཆགས་ཟད་པ་འདི་ནི་གཏི་མུག་གི་རིགས་ཀྱི་སྤྱོད་པའི་འབྲས་བུ་ཡིན་ནོ། །དེ་རབ་སྒྲུབ་པ་ནི་ཐོབ་པར་བྱེད་པའོ། །ངོ་བོ་ཉིད་ཀྱིས་དག་པ་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ཟད་པར་བྱེད་པ་ཉིད་
ཀྱི་ཕྱིར་གོས་པ་མེད་པ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་གྱི་ཕྱག་རྒྱའོ། །དེ་རྣམས་ཀྱི་བྱང་ཆུབ་ནི་ཐུགས་སུ་ཆུད་པ་སྟེ་དེ་ནི་སྤྱོད་པ་ཡིན་ལ། དེ་རབ་ཏུ་སྟོན་པ་སྟེ་འཇུག་པར་བྱེད་པས་སོ། །སངས་རྒྱས་བྱང་ཆུབ་ནི་རྣམ་
པར་སྣང་མཛད་ཀྱི་ཡེ་ཤེས་སོ། །ཡང་དག་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ལམ་མོ། །འཁོར་ལོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་པ་རྣམས་སོ། །སངས་རྒྱས་ཐམས་ཅད་རྣམ་པར་བསྒོམ། །ཞེས་བྱ་བ་ནམ་མཁའི་ངོས་ལའོ། །རིན་ཆེན་ཀུན་
གྱི་སྦྱོར་བ་ཡིས། །རབ་ཏུ་རྟོག་ཅེས་བྱ་བ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་དང་ལྡན་པར་བསྒོམ་པར་བྱའོ། །རྡོ་རྗེའི་གཟུགས་ནི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྐུའོ། །ནོར་རྣམས་ཐམས་ཅད་ཅེས་བྱ་བ་ནི་རྒྱན་ཐམས་ཅད་དོ། །རྡོ་རྗེ་གསུམ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ཀྱིས་
སོ། །འཕྲལ་གྱི་འབྲས་བུ་ནི་ནོར་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་འཕྲོག་པར་འདོད་པ་དེ་ནི་ནོར་གྱི་རྒྱ་མཚོ་གང་བར་འགྱུར་རོ། །འཕྲོགས་པར་གྱུར་པ་གང་ཡིན་པ་དེ་དག་ཤི་ནས་ཅིར་འགྱུར་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་
སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔར་འགྱུར་ཞེས་བྱ་བའི་དོན་ཏོ། །འབྲས་བུའི་མཆོག་ནི་ཐུབ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུབ་པའི་སྐྱེས་བུའི་མཆོག་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཅན་ནོ། །ལྷག་མ་ནི་སྔ་མའི་རྗེས་སུ་འབྲང་བར་བྱའོ། །དེ་བཞིན་དུ་དམ་ཚིག་
Vol. 40 · folio 278b
འོག་མ་རྣམས་ལ་ཡང་འབྲས་བུ་རྣམ་པ་གཉིས་དང་། གཞན་གྱི་དོན་ཐམས་ཅད་ལ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་འདོད་ཆགས་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེའི་ཐར་པ་ནི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བའོ། །འདི་ནི་འདོད་ཆགས་ཀྱི་
རིགས་ཀྱི་སྤྱོད་པའི་འབྲས་བུ་སྙེད་རབ་ཏུ་སྒྲུབ་པར་བྱེད་པའོ། །སྦ་བར་བྱ་བ་ཉིད་ཀྱི་ཕྱིར་གསང་བ་ཡང་དེ་ཡིན་ལ་ཉེས་པ་མེད་པ་ཉིད་ཀྱིས་ན་དག་པ་ཡང་ཡིན་ལ་དེ་བཞིན་ཉིད་ལ་དམིགས་པ་ཉིད་ཀྱིས་ན་དམིགས་པ་མེད་པ་ཡང་ཡིན་ཏེ། ལྷ་མོ་ཐམས་ཅད་འཕྲོག་པར་བྱེད་པའི་
མཚན་ཉིད་ཅན་གྱི་ལམ་མོ། །དེ་ལ་རབ་ཏུ་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་གསང་བ་དག་པ་དམིགས་པ་མེད་པས་སོ། །དཀྱིལ་འཁོར་ཞེས་བྱ་བ་ནི་སྙིང་པོ་བསྡུས་པའོ། །བུད་མེད་ལྟ་བུ་ནི་བུད་མེད་ཀྱི་རྣམ་པར་རོ། །དམ་ཚིག་བཞི་ཡི་སྦྱོར་བ་ཡིས། །ཞེས་བྱ་བ་ལ་དམ་ཚིག་
བཞི་ནི་དགའ་མ་བཞི་སྟེ། ཐམས་ཅད་ཀྱང་ལྷ་མོ་བཞིའི་སྦྱོར་བས་བྱའི་བུད་མེད་གཞན་གྱི་སྦྱོར་བས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་མེད་པ་རྣམས་ཉོན་མོངས་པ་མེད་པ་རྣམས་སུ་ཅིའི་ཕྱིར་ཡང་དག་པར་སྦྱོར་བའམ། དེ་ཡང་དག་པར་སྦྱོར་བར་བསྒོམས་ན་ཡང་
ཅིའི་ཕྱིར་སྡིག་པ་མ་ཡིན་ཞེ་ན། དེའི་ཕྱིར། འདི་ནི་རྡོ་རྗེ་ཚུལ་མཆོག་གོ། །ཞེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་ཐེག་པ་མཆོག་ཡིན་གྱི་གྲོང་བའི་ཆོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེའུ་བཅོ་བརྒྱད་པ་ལས། གཏི་མུག་ཞེ་སྡང་འདོད་ཆགས་དང་། །རྡོ་རྗེ་
ལ་དགའ་རྟག་པར་གནས། །དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེའི་ཐེག་པ་ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཉེ་བར་སྤྱོད་ཅེས་བྱ་བ་ནི་ཡིད་ཀྱིས་བཀུག་ནས་སོ། །ཉེ་བར་ལོངས་སྤྱོད་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་རྡོ་རྗེ་ཡིན་
ནོ། །བསྒོམས་པའི་འབྲས་བུ་ནི་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་རྡོ་རྗེ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིའོ། །མི་ཕྱེད་སྐུ་གསུམ་ནི་སྐུ་དང་གསུང་དང་ཐུགས་རོ་གཅིག་པར་རྣམ་པར་མི་རྟོག་པའི་བདེ་བ་བླ་ན་མེད་པའོ། །དེ་བསྒོམ་པ་ནི་དེ་ཐོབ་པར་བྱེད་པའི་
Vol. 40 · folio 279a
ལམ་གྱི་བདེན་པ་ཞེས་བྱ་བའི་དོན་ཏོ། །སྔགས་པ་རྣམས་ཀྱིས་ཞེས་བྱ་བ་ནི་རིགས་ཐམས་ཅད་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནི་དོན་ཡོད་པ་སྟེ། འབྲས་བུ་ལ་སྒྲིབ་པ་ཐམས་ཅད་འཇོམས་པའི་ཕྱིར་རོ། །དེའི་སྔགས་ནི་ཆོས་ཐམས་
ཅད་རང་བཞིན་གྱིས་འོད་གསལ་བའོ། །དེའི་དོན་ནི་འབྲས་བུ་སྟེ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདི་ནི་ལས་ཀྱི་རིགས་ཀྱི་སྤྱོད་པའི་འབྲས་བུ་སྟེ་འདིའི་སྒྲུབ་པར་བྱེད་པའོ། །ཡེ་ཤེས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་འབྱུང་བ་ནི་ཐམས་ཅད་དུ་ཡང་
དག་པར་འབྱུང་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འཕོ་བར་བྱེད་པའོ། །དེའི་བདག་ཉིད་མེད་པ་ནི་མེད་པ་སྟེ་དེ་སྟོན་པ་དེ་ཉིད་ནི་སྔགས་སོ། །བརྫུན་དུ་སྨྲ་བ་དང་འདྲ་བས་བརྫུན་དུ་སྨྲ་བ་སྟེ་འདི་ནི་སངས་རྒྱས་ཀྱི་རིགས་ཀྱི་སྤྱོད་པའོ། །དེ་ལ་འཇུག་པར་བྱེད་པའི་ཕྱིར་བཅོམ་ལྡན་འདས་
ལ་ཡང་དེ་སྐད་ཅེས་བྱའོ། །སངས་རྒྱས་དཀྱིལ་འཁོར་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་དཀྱིལ་འཁོར་པ་རྣམས་སོ། །སངས་རྒྱས་ཐམས་ཅད་ཅེས་བྱ་བ་ནི་ནམ་མཁའི་ངོས་ན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །སྔགས་དེ་ཉིད་བརྫུན་དུ་སྨྲ་བ་དང་ཆོས་
མཐུན་པས་ན་བརྫུན་ནོ། །དོན་དམ་པ་གསལ་བར་བྱེད་པས་ན། རྡོ་རྗེའི་ཚིག་གོ། །ཡང་དང་ཡང་དུ་ཟློས་པས་ན་མང་པོའི་ཚིག་སྟེ་ཐམས་ཅད་ཀྱིས་དེ་ཟློས་པར་མཚོན་པའོ། །གཟུགས་རྣམས་ཀུན་ཞེས་བྱ་བ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །རྒྱལ་བའི་གནས་ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའོ། །ཀུན་ཞེས་བྱ་བ་ནི་ནམ་མཁའི་ངོས་ལ་བསམས་པ་རྣམས་སོ། །བསླུ་བར་བྱ་ཞེས་བྱ་བ་ནི་བཟླས་པ་དེས་བསྒྱུར་བའོ། །འབྲས་བུ་ནི་འདི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ནམ་མཁའི་གསུང་སྟེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་གྱི་གསུང་སྟེ། དྲི་མ་
མེད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཡེ་ཤེས་བློ་ཅན་ནི་དག་པའི་ཡེ་ཤེས་ཀྱི་ཚུལ་དུ་ཆོས་ཐམས་ཅད་རྟོགས་པ་སྟེ་དེ་དང་ལྡན་པའོ། །གསང་བ་ནི་གསང་བའི་རྫས་སོ། །དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཅི་རིགས་པར་རོ། །
Vol. 40 · folio 279b
སྤྲོ་བར་བྱའོ་ཞེས་བྱ་བ་ནི་རིགས་ཐམས་ཅད་ལ་སྦྱར་བར་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་སྡུད་པར་བྱེད་པས་ན་རྡོ་རྗེ་མི་ཕྱེད་གསུམ་མོ། །འདིར་ཐིམ་པས་ན་གནས་ཏེ་བདེ་བའོ། །རྒྱལ་བའི་གནས་ཏེ་འདི་ལ་
ཡོད་པས་ན་རྒྱལ་གནས་ཏེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ། །འདི་ནི་ནོར་བུའི་རིགས་ཀྱི་སྤྱོད་པའི་འབྲས་བུའོ། །དེ་སྒྲུབ་པར་མཛད་པ་ཉིད་ཀྱི་ཕྱིར། བཅོམ་ལྡན་འདས་ལ་ཡང་དེ་སྐད་ཅེས་བྱའོ། །དངོས་གྲུབ་ནི་ཡེ་ཤེས་ཉིད་དོ། །དེའི་རྡོ་རྗེ་ནི་གསུམ་གྱི་བཟླས་པའོ། །
འདི་ནི་ནོར་བུའི་རིགས་ཀྱི་སྤྱོད་པའོ། །འདི་ནི་རབ་ཏུ་སྟོན་པ་ནི་རབ་ཏུ་འཇུག་པར་བྱེད་པའོ། །དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ནི་རིན་ཆེན་ཏོག་གི་དཀྱིལ་འཁོར་པ་རྣམས་སོ། །གཟུགས་རྣམས་ཀུན་གྱིས་འདི་དག་དགང་། ཞེས་བྱ་བ་ནི་ནམ་མཁའི་ངོས་སུ་སངས་རྒྱས་
ཐམས་ཅད་ཀྱིས་ཁྱབ་པར་དགང་བའོ། །བསྟེན་ན་ཞེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཧཱུཾ་ཨོཾ་ཨཱཿཞེས་བྱ་བའི་བཟླས་པ་ཡང་དང་ཡང་དུ་ཟློས་པའི་སྦྱོར་བ་བསྟེན་པའོ། །དེ་དག་ནི་གོ་རིམས་བཞིན་དུ་ཚིག་རྩུབ་མོ་དང་། ཕྲ་མ་དང་། འཁྱལ་པ་སྟེ་རྩུབ་པ་དང་འབྱེད་པ་དང་
བག་ཆགས་པ་ལས་སྐྱེས་པའི་ཕྱིར་རོ། །དེ་ལ་ཧཱུྃ་ཞེས་བྱ་བ་ནི་ཁྱེད་ཀྱི་ཐབས་ཀྱི་ཡི་གསད་པའོ། །ཨོཾ་ཞེས་བྱ་བ་ནི་འབྱུང་བ་རྣམས་ངའི་གན་དུ་བྱོན་ཅིག་པའོ། །ཨཱཿཞེས་བྱ་བ་ནི་མཆོག་ཏུ་བདེ་བ་མྱོང་ངོ་ཞེས་པ་སྟེ་དེ་ལྟ་བུའི་ཚིག་རྩུབ་ལ་སོགས་པ་བསྟན་ན་ཡེ་ཤེས་ཐོབ་པར་
འགྱུར་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་གསང་བ་རྣམས་སོ། །དེ་རྣམས་ཀྱི་བཀོད་པ་ནི་རང་གསང་བར་སྡུད་པའོ། །དེ་སྟོན་པ་པོ་ལ་ཡང་དེ་སྐད་ཅེས་བྱའོ། །འདི་ནི་ལྔ་པོ་འདི་དག་ཀྱང་བཟླས་པའི་རང་བཞིན་ཡིན་
ཏེ། དེ་ལ་དང་པོ་གསུམ་ནི་སྤྲོ་བ་དང་བསྡུས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཕྱི་མ་ནི་ངག་ཏུ་བཟླས་པ་ཡིན་པའི་ཕྱིར་རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་རྡོ་རྗེ་ནི་སྒྲིབ་པ་ཐམས་ཅད་འཇིག་པར་བྱེད་པའི་དམ་
Vol. 40 · folio 280a
ཚིག་གོ། །དེ་ཉིད་ནི་དཔལ་ཏེ་མཚན་མའོ། །དེའི་རྩེ་མོ་ཐོབ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་བཅོམ་ལྡན་འདས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ངོ་མཚར་དུ་གྱུར་པ་ནི་སྨད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་ཏེ་དམན་པ་མ་ཡིན་པ་
ཉིད་ཀྱིས་དེ་ཐོབ་པའོ། །དེ་རྣམས་ཀྱི་བདག་ཉིད་ངོ་མཚར་དང་རྨད་དུ་གྱུར་པའི་རྒྱུ་མཚན་བཅོས་མ་ཡང་དག་པར་སྟོན་པ་ཉིད་ཡིན་པའི་ཕྱིར་སྨྲས་པ་ཡིན་ཏེ། ཡུན་རིང་པོར་ཆོས་རྣམས་མངོན་སུམ་དུ་བྱས་པ་དེ་དག་ལ་ནི་ངོ་མཚར་དང་རྨད་དུ་གྱུར་པ་དག་མི་རུང་བའི་ཕྱིར་རོ། །
ཚིག་གི་ལམ་ནི་ཚིག་གི་རྒྱུན་ནོ། །དེ་རྡོ་རྗེའི་ཚིག་ནི་སྒྲ་གཅིག་ཉིད་ཡིན་པའི་ཕྱིར་དབྱེར་མི་ཕྱེད་པའི་སྒྲ་མང་པོ་སྟེ་དེ་སྨྲས་སོ། །ཅིའི་ཕྱིར་ཞེ་ན་དེ་ཉིད་བྱང་ཆུབ་སེམས་དཔའ་བྱིས་པ་ཤིན་ཏུ་མང་པོ་རྣམས་ཀྱི་ཐེ་ཚོམ་དེ་བཞིན་གཤེགས་པས་བཅད་པའི་ཕྱིར་རོ། །
ཅིའི་སླད་དུ་ཞེས་བྱ་བ་ནི་འདྲི་བ་ཡིན་ཏེ་རང་ཉིད་ལ་ཐེ་ཚོམ་མེད་ཀྱི་ཐེ་ཚོམ་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ལ་བརྟེན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཞུས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་གསོད་པ་དང་རྐུ་བ་
དང་སླུ་བ་དང་རྩུབ་མོ་ལ་སོགས་པའི་ཆོས་མ་ཡིན་པ་དེ་ཉིད་ཆོས་མ་ཡིན་པ་དེ་ཉིད་དུ་སྟོན་པར་མཛད་པ་མི་སྲིད་པ་ཉིད་ཀྱི་ཕྱིར་རྨད་དུ་གྱུར་པའོ། །རྨད་དུ་གྱུར་པ་ཡང་དེ་ཡིན་ལ་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ཚིག་གི་ལམ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །རྣམ་པར་
རྟོག་པ་ཙམ་ནི་གཟུང་བ་དང་འཛིན་པ་དང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པར་སྣང་བ་ཉིད་ཀྱི་ཕྱིར་དང་དེ་བཞིན་གཤེགས་པ་གསོད་པ་ལ་སོགས་པ་ཤིན་ཏུ་མི་སྲིད་པའི་ཕྱིར་རོ། །བྱང་ཆུབ་ལ་སྒྲིབ་པ་འཇིག་པར་བྱེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་ཡང་ཡིན་ལ་བྱང་ཆུབ་ཐོབ་པར་བྱེད་པ་ཉིད་
ཀྱི་ཕྱིར་ཚིག་སྟེ་དེས་ན་རྡོ་རྗེའི་ཚིག་སོ། །རྨད་དུ་གྱུར་པའི་ཚིག་གི་ལམ་ཡང་དེ་ཡིན་ལ་རྡོ་རྗེའི་ཚིག་ཀྱང་ཡིན་ཏེ། རྡོ་རྗེའི་ཚིག་ཉིད་ཀྱིས་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་དེ་སྐད་ཅེས་བྱའོ། །ཁམས་གསུམ་པོ་འདི་དག་འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ན་དད་པ་དང་ལྡན་
Vol. 40 · folio 280b
པ་རྣམས་ཀྱིས་ཉམས་སུ་བླང་བར་མི་ནུས་པ་ཉིད་ཀྱི་ཕྱིར་ཁམས་གསུམ་ལས་འདས་ཤིང་འཇིག་རྟེན་ཐམས་ཅད་ལས་འདས་པའོ། །གཞུང་ལ་ཡང་། ལས་ནི་འདས་ཤིང་འདས་པ་རྣམས། །ཞེས་འབྱུང་སྟེ། དེར་ནི་སྐབས་ཀྱིས་དམ་ཚིག་ལྔ་རྣམས་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་ལ་ཡང་ཚིག་
གི་སྒྲས་གཞི་མཐུན་པ་དང་རྟགས་དང་གྲངས་ཀྱི་དབྱེ་བ་ལ་ཡང་སྐྱོན་ཡོད་པ་མ་ཡིན་ཏེ། དཔེར་ན། གང་རྣམས་སྨད་པའི་གནས་མི་འགྱུར། །ཞེས་བྱ་བ་ལྟ་བུའོ། །དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་དེའི་སྒོ་ནས་ཐེ་ཚོམ་དུ་གྱུར་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དམན་
པའི་འདུ་ཤེས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཙམ་གྱི་འདུ་ཤེས་ཏེ། རྣམ་པར་རྟོག་པ་ཙམ་ནི་སངས་རྒྱས་ཀྱི་ཐེག་པ་མ་ཡིན་པའི་ཕྱིར་རོ། །སྨད་པའི་འདུ་ཤེས་ཞེས་བྱ་བ་ནི་ཆོས་མ་ཡིན་པའི་འདུ་ཤེས་སོ། །འདུ་ཤེས་གཉིས་པོའི་གཉེན་པོར་གོ་རིམས་བཞིན་དུ་སྤྱོད་པའི་མཆོག་དང་དེ་བཞིན་
གཤེགས་པའི་སྤྱོད་པའོ་ཞེས་གསུངས་སོ། །སྔགས་ཀྱི་སྤྱོད་པ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་ལ་སོགས་པའི་རྣམ་པ་སྟེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཐམས་ཅད་ནི་སྔགས་ཏེ་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པའི་ཕྱིར་དང་འགྲོ་བ་སྐྱོབ་པའི་ཕྱིར་རོ། །སྔགས་ཀྱི་སྤྱོད་པ་ནི་སྔགས་སྤྱོད་པའོ། །
དེ་ལ་ཤེས་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ཞིང་སྐྱོབ་པ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། ཚོགས་གཉིས་ཀྱི་སྤྱོད་པ་ཉིད་ནི་བྱང་ཆུབ་ཀྱི་སྤྱོད་པ་ཉིད་ཀྱང་མཆོག་ཡིན་པས་ན་དམན་པའི་འདུ་ཤེས་ནི་རིགས་པ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱོད་པ་ནི་མཛད་སྤྱོད་དོ། །འཕགས་
པ་གཞན་དག་ཀྱང་ཆོས་མ་ཡིན་པ་ལ་མི་སྤྱོད་ན་དེ་བཞིན་གཤེགས་པ་རྣམས་པ་ལྟ་སྨོས་ཀྱང་ཅི་དགོས་དེ་རྣམས་འདི་ལ་སྤྱོད་པར་མཛད་པའི་ཕྱིར་སྨད་པའི་འདུ་ཤེས་རིགས་པ་མ་ཡིན་ནོ། །གལ་ཏེ་འདིར་གསད་པར་བྱ་བ་དང་གསོད་པར་བྱེད་པ་དང་གསོད་པ་ལ་སོགས་པ་རྣམ་པར་རྟོག་པ་འབའ་
ཞིག་ཙམ་སྐྱེ་བར་འགྱུར་ན་ཤེས་པར་བྱེད་པ་ཡང་མ་ཡིན་ཞིང་སྐྱོབ་པར་བྱེད་པ་ཡང་མ་ཡིན་ནོ། །འདིར་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེས་སུ་སོང་བ་ཞེས་བྱ་བ་ནི་ཁྱད་པར་གནས་པའོ། །ཆོས་ཐམས་ཅད་ཀྱང་ཞེས་བྱ་བ་ནི་གཟུགས་ཅན་གྱི་རྫས་
Vol. 40 · folio 281a
ཐམས་ཅད་དེ་ནམ་མཁའ་ཉིད་ལ་དེ་དག་གི་གོ་སྐབས་ཡོད་པའི་ཕྱིར་ནམ་མཁའི་ཁམས་སུ་གཏོགས་པ་ནི་ཁྱབ་པའོ། །ཆོས་དེ་དག་ཅེས་བྱ་བ་ལ་སོགས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་དང་འབྱུང་བ་ཆེན་པོ་ས་དང་ཆུ་དང་མེ་དང་
རླུང་སྟེ། རེ་རེས་གཟུགས་ཅན་དེ་དག་ཐམས་ཅད་དུ་མི་གནས་ཏེ། འདི་དག་རེ་རེ་ལ་མ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་ནམ་མཁའ་ཉིད་ནི་ཐམས་ཅད་དུ་གནས་སོ། །དེ་ལྟར་ཞེས་བྱ་བ་ནི་གཟུགས་ཅན་ཐམས་ཅད་ནམ་མཁའི་ཁོངས་སུ་གཏོགས་པ་དང་ཆོས་མཐུན་པའི་ཕྱིར་རོ། །ཆོས་
ཐམས་ཅད་ཅེས་བྱ་བ་ནི་སྔགས་ཐམས་ཅད་དོ། །རྗེས་སུ་རིག་པར་བྱའོ་ཞེས་བྱ་བ་ནི་དཔག་པར་བྱ་སྟེ། འདི་ལྟར་དེ་རྣམས་ཀྱང་ནམ་མཁའ་ལྟ་བུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་དེ་བཞིན་ཉིད་ཡེ་ཤེས་ཀྱི་བདག་ཉིད་རྗེས་སུ་འགྲོ་བ་ཡིན་ཏེ། གསལ་བ་ནི་གསལ་བའི་བདག་ཉིད་དུ་
གྱུར་པ་ཉིད་ཀྱི་ཕྱིར་དང་རང་རིག་པ་གཉིས་ཀྱིས་སྟོང་པ་དེ་ཡང་ངོ་བོ་ཉིད་ཀྱི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ལ་གནས་པའི་མཐར་ཕྱིན་པ་སྟེ། དེ་ཉིད་ལ་དེ་རྣམས་སངས་རྒྱས་ཐམས་ཅད་ཀྱིས་བརྡར་མཛད་པ་ཉིད་ཀྱི་ཕྱིར་དང་། བརྡ་ཤེས་པའི་རྣལ་འབྱོར་པ་རྣམས་
ལ་དེ་རྣམས་དེ་ཁོ་ན་ཉིད་བཞིན་དུ་སྣང་བའི་ཕྱིར་རོ། །རྣམ་པ་རྣམས་ནི་བརྫུན་པ་ཉིད་དུ་སྣང་བའི་ཕྱིར་སངས་རྒྱས་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སམ་དེའི་གཞིར་གྱུར་པས་ས་དང་ཆུ་དང་མེ་དང་རླུང་གི་རྫས་རྣམས་ཀྱིས་དེ་དག་གནས་པ་ཡང་མ་ཡིན་ཏེ་དེ་རྣམས་ལ་དེ་དག་བརྡར་
མ་མཛད་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ནི་སྔགས་དེ་ཁོ་ན་ཉིད་གཞན་དུ་མི་འགྱུར་ཏེ། དེ་ཁོ་ན་ཉིད་ཀྱི་དོན་ཡོངས་སུ་མི་ཤེས་པའི་ཕྱིར་དང་འགྲོ་བ་སྐྱོབ་པའི་ནུས་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་སྔགས་མ་ཡིན་པ་དག་ཀྱང་སྔགས་ཀྱི་ཐེག་པ་རྣམ་པ་མང་དུ་སྟོན་པར་མཛད་
ན་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཡིན་ཞེ་ན། འདི་ལ་ཡང་དེ་བཞིན་གཤེགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་དོན་གྱི་དབང་ཞེས་བྱ་བ་ནི་དོན་གྱི་སྟོབས་དང་། དོན་གྱི་དེ་ཁོ་ན་ཉིད་དོ། །འདི་ལྟ་བུ་ཞེས་བྱ་བ་ནི་བསྟན་མ་ཐག་པའོ། །མཁྱེན་ཅིང་ཞེས་བྱ་བ་ནི་དགོངས་པའོ། །
Vol. 40 · folio 281b
གང་དང་གང་གི་ཞེས་བྱ་བ་ནི་ཟློས་པ་སྟེ། བསམ་པར་བྱ་བ་དང་བཟླ་བར་བྱ་བ་ལ་སོགས་པའི་ཆོས་གང་འཆད་པར་མཛད་པ་དེ་དང་དེ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཉིད་ལ་དེ་ལྟ་བུར་དགོངས་ནས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་གྱི་དེ་ཁོ་ན་ཉིད་གཅིག་པ་ཡིན་ན། ཅིའི་ཕྱིར་སྣ་ཚོགས་པའི་ཆོས་
སྟོན་པར་མཛད་ཅེ་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་ནས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ནི་གདུལ་བྱ་རྣམས་ཏེ། དེ་ཡང་བསམ་པ་སྣ་ཚོགས་པར་རོ། །དེ་བས་ན་དམ་ཚིག་ཇི་ལྟ་བུ་བཞིན་དུ་ཆོས་སྟོན་པར་མཛད་དོ། །གལ་ཏེ་འགྱུར་བ་བླ་སྟེ། དེ་ལྟ་ན་ཡང་
དམ་ཚིག་ལྔ་པོ་ཉིད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེ་ན། འདིར་རིགས་ཀྱི་བུ་ཞེས་བྱ་བ་གསུངས་ཏེ། འདི་ལ་ནམ་མཁའ་ལ་གནས་པ་ཡོད་པས་ན་ནམ་མཁའི་ཚིག་སྟེ། སྟོང་པ་ཉིད་ལ་གནས་པ་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔའོ། །དེའི་ངེས་པ་བརྗོད་པ་ནི་རྡོ་རྗེ་
དམ་ཚིག་སྟོན་པའི་ཚུལ་དུ་བརྗོད་པའོ། །དེས་ན་དེ་དག་སྟེ་རྡོ་རྗེའི་དམ་ཚིག་ལྔ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་དངོས་སུ་རྡོ་རྗེ་གསུམ་རོ་གཅིག་པའི་སེམས་ཉིད་ནི་ཞེ་སྡང་གི་དམ་ཚིག་གོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་ཙམ་ཉིད་དུ་རྟོགས་
པ་ནི་གཏི་མུག་གི་དམ་ཚིག་གོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི་འདོད་ཆགས་ཀྱི་དམ་ཚིག་གོ། །རང་བཞིན་གྱིས་འོད་གསལ་བ་ཉིད་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་དང་ཡང་དག་པར་སྦྱོར་བ་ནི་ལས་ཀྱི་དམ་ཚིག་གོ། །སངས་
རྒྱས་ཐམས་ཅད་དང་བདག་ཉིད་མཉམ་པ་ཉིད་དུ་རྟོགས་པ་ནི་རིན་པོ་ཆེའི་དམ་ཚིག་གོ། །འདིར་སངས་རྒྱས་རྣམས་ཀྱི་བྱོན་པ་དང་བཞུད་པ་དང་གསོད་པ་དང་རྐུ་བ་ལ་སོགས་པ་ཡོད་པ་མ་ཡིན་ནམ་དེ་དག་མེད་ན་ནི་དེར་སྣང་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་དམན་པའི་འདུ་ཤེས་ནི་རིགས་
པ་ཉིད་ཡིན་ལ། གལ་ཏེ་རྡོ་རྗེའི་དམ་ཚིག་བརྫུན་པར་སྣང་བ་དེའི་ཚེ་དེ་དག་གི་ལོག་པའི་རྣམ་པར་རྟོག་པ་ཡིན་པ་དེ་ལྟར་ན། དེ་དག་ལས་མེ་ལོང་ལྟ་བུ་ལ་སོགས་པའི་ཡང་དག་པའི་ཡེ་ཤེས་སྐྱེ་བར་མི་འགྱུར་བ་དེ་ལྟ་ན་ཡང་དམན་པའི་འདུ་ཤེས་རིགས་པ་ཉིད་ཡིན་ནོ་ཞེ་ན། འདིར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words